འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱཱ་མོ་གྷ་བཱ་ཤ་ཀལྤ་རཱ་ཛཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๓ · หน้า 29b

ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མཉྫུ་ཥ་ཀ་དང་། ཟླ་བ་མཛེས་པ་དང་། དྲི་མ་མེད་པ་སྟེ་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་ཆར་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། སྐམ་ལས་སྐྱེས་པའི་མེ་ཏོག །སཱ་ལ་དང་།

ཏ་མཱ་ལ་དང་། ཙམ་པ་ཀ་དང་། མྱ་ངན་འཚང་དང་། ཨ་ཏི་མུཀྟཀ་དང་། སྐྱ་སྣར་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཀ་དམ་པ་དང་། དོང་ཀ་དང་། སིན་དྷུ་བཱ་རི་ཀའི་མེ་ཏོག་དང་། སྣ་མའི་མེ་ཏོག་དང་། ཡཱུ་ཐི་ཀ་དང་། མཱ་ལི་ཀ་གསར་པ་དང་། ཏ་ར་ཎ་དང་། ཀུ་པྱ་ཀ་དང་། མ་རུ་བ་ཀའི་མེ་

ཏོག་གི་ཆར་འབབ་པར་འགྱུར་རོ། །ལྷ་རྫས་སྣ་ཚོགས་པ་རྣམས་དང་། ཀུ་མུ་དའི་རིགས་རྣམས་དང་། གཟུགས་དང་། ཁ་དོག་སྣ་ཚོགས་པ་དང་། རི་དང་ཆུ་དང་། དགོན་དུང་དང་། ཐིབས་པོ་དང་། ཆུ་རླབས་དང་། ནགས་དང་། ནགས་འདབ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། ལྟེང་ཀ་དང་། རྫིང་

བུ་དང་། ཨ་སཱ་ཧི་ཏ་དང་། ཕུག་དང་། དགོན་པར་འབབ་པའི་ས་ལས་སྐྱེས་པའི་མེ་ཏོག་དང་། དྲི་མ་མེད་པའི་ལྷ་རྫས་དང་། ལྷ་རྫས་ཀྱི་དྲི་བཟང་དང་། ཡིད་དུ་འོང་བའི་གཟུགས་དང་། ཁ་དོག་དང་། ཤིན་ཏུ་གཞོན་ཤ་ཆགས་པ་དང་། རབ་ཏུ་སིམ་པར་བྱེད་པའི་རེག་པ་ལས་སྐྱེས་པའི་ཆར་འབབ་པར་བྱེད་

དོ། །མེ་ཏོག་ཆེན་པོ་དང་། མེ་ཏོག་སྐྱེས་པ་རྣམས་ཀྱི་ཕུང་པོ་ཆེན་པོ་གཅལ་དུ་བཀྲམ་པ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་དྲན་པ་དང་བསམས་པ་ཙམ་གྱིས་མེ་ཏོག་གི་མཆོད་པ་ཆེན་པོ་བྱེད་དོ། །འདི་ལྟ་སྟེ། དྲན་པ་དང་བསམས་པ་ཙམ་གྱིས་གོས་དང་

རྒྱན་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བའི་མཆོད་པའི་སྤྲིན་ཆེན་པོ་ཕྱོགས་བཅུ་ཀུན་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པར་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། དོ་ཤལ་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། གསེར་སྐུད་དང་། མུ་ཏིག་གི་དྲ་བ་དང་། རྐེད་ཆིངས་དང་།

ཉིས་སྐོར་དང་། སུམ་སྐོར་དང་། སྐར་མའི་ཕྲེང་བ་དང་། གཙུག་ཏོར་འཆིང་བ་དང་། ཟླ་བ་ཕྱེད་པ་ཅན་དང་། གསེར་ཕྱེད་པ་དང་། གདུ་བུ་རྒྱན་ཅན་ཟླ་བ་ཕྱེད་པ་དང་། ཤང་ཤང་ཏེའུ་ཅན་དང་། དབུ་རྒྱན་དང་། ཅོད་པན་གྱི་དྲ་བ་དང་། གསེར་གྱི་དྲ་བ་དང་། ཨཾ་བི་ཀ་དང་། ཀརྞཱ་ཕ་ལ་ཀ་དང་།

เล่ม ๙๓ · หน้า 30a

བྲེ་ཙ་ཀ་དང་། ཏཱམྤའི་སྐུད་པ་དང་། མཆོད་ཕྱིར་ཐོགས་དང་། ཀསྥའི་ཕྲེང་བ་དང་། གསེར་གྱི་ཕྲེང་བ་དང་། རིན་པོ་ཆེས་སྤྲས་པའི་ཕྲེང་བ་དང་། རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་དང་། རྣ་བ་གང་བ་དང་། གཙུག་ཏོར་འཆིང་བ་དང་། ཡོངས་སུ་དཀྲི་བ་དང་། གཙུག་གི་ནོར་བུའི་ཆར་རབ་ཏུ་

འབབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་རྣམས་ཀྱི་མཆོད་པའི་སྤྲིན་ཆེན་པོར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་རྣམས་ཀྱི་མཆོད་པའི་སྤྲིན་ཆེན་པོར་གྱུར་

ནས། རང་རང་གི་གཞལ་མེད་ཁང་གི་འབྱོར་པར་རབ་ཏུ་འགྱུར་རོ། །ཆར་དང་། ཚོན་སྣ་ཚོགས་སུ་བཙོས་པའི་ཕྱོགས་བྲལ་གྱི་གོས་སྣ་ཚོགས་པའི་མཆོད་པའི་སྤྲིན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་རྣམས་ཀྱི་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་དང་རྗེས་སུ་མཐུན་པའི་རི་མོའི་གོས་དང་། རི་མོའི་གཞལ་མེད་ཁང་གི་མཆོད་པའི་སྤྲིན་གྱི་ཆར་འབེབས་སོ། །འདི་ལྟ་སྟེ། ཡུལ་ཀ་ཤི་ཀའི་གོས་ཚོན་སྣ་ཚོགས་སུ་བཙོས་པ་དང་། གོས་ཀྱི་གཞལ་མེད་ཁང་དང་། དར་གོས་རྣམས་ཀྱི་ཆར་འབེབས་སོ། །

འདི་ལྟ་སྟེ། ཉི་མའི་འོད་དང་། ཟླ་བ་དང་། སེང་གེ་སྐྱེས་དང་། དར་ཐོད་དང་། ཀ་ཤི་ཀ་དང་། ཀོ་ས་ལ་པའི་མིའི་དབང་པོ་དང་། ཉི་མ་དང་། ཟླ་བའི་སྣང་བ་དང་། པདྨོ་དང་། ཨུཏྤ་ལ་ཅན་གྱི་ཁ་དོག་དང་། ཀོ་དྲི་ཀཱ་དང་། གསེར་གྱི་གདུ་བུ་དང་། མུ་ཏིག་གི་འབྲས་བུ་དང་། ཀླུའི་གོ་ཆ་དང་། རྣམ་པར་

སྣང་བ་དང་། ལྷའི་རྒྱན་དང་། མེ་ཏོག་སྣ་མ་དང་། ཀོ་ཤ་དང་། ཙམ་པ་ཀ་དང་། ཁ་དོག་ཅན་དང་། དར་ཐོད་ཅན་དང་། ཀནྟ་རའི་ཚོགས་དང་། ཟླ་བའི་རྒྱན་ཅན་དང་། དོང་ཀའི་མེ་ཏོག་ཅན་དང་། པདྨ་དཀར་པོ་ཅན་ཞེས་བྱ་བ་དང་། བ་མ་ལཾ་ཀ་དང་། ཀོ་ཤཱ་ཏ་ཀི་དང་། རྫོགས་པར་འཕེལ་

བར་བྱེད་པ་ཅན་དང་། སྔོན་གྱི་ཡུལ་དང་གླིང་དང་ལྡན་པ་ཀུན་ནས་འོད་གསལ་བ་དང་། གདུ་བུ་རིང་པོ་དང་། དགའ་བ་འཁྱིལ་བ་དང་། རྒྱན་བསྐོར་བ་དང་། སྣ་མའི་མེ་ཏོག་གི་ཁ་དོག་ཅན་དང་། ཀན་དའི་འདབ་མ་ཅན་དང་། དཀྵི་ཎཱ་ཀཾ་དང་། ཀཉྩི་ནཱ་སའི་ཁ་དོག་ཅན་ནམ་བསྐོར་བ་དང་། གསེར་

เล่ม ๙๓ · หน้า 30b

མདོག་དང་། རིན་པོ་ཆེའི་མདོག་དང་། ཟླ་བའི་ཁ་དོག་གི་ལག་པ་དང་། མེའི་ཁ་དོག་ཅན་དང་། བཻ་ཌཱུརྱའི་ཁ་དོག་ཅན་དང་། ནམ་མཁའི་ཁ་དོག་ཅན་དང་། ཀ་ནགྣི་ཤུ་ཀཾ་དང་། ཀུན་ནས་འཁྱིལ་ཞིང་ཡིད་བདེ་བའི་བ་སྤུ་རྣམ་པར་སྣང་ཞིང་རྣམ་པར་གསལ་པ་ཙན་དང་། ཀུན་ནས་འོད་

གསལ་ཞིང་དྲི་མ་མེད་པའི་རིག་སྔགས་འཆང་གི་ཅོད་པན་ཅན་ཡང་ངོ་ཞེས་སོ། །གོས་རྣམ་པ་སྣ་ཚོགས་པ་གཞལ་དུ་མེད་པའི་ཆར་འབེབས་ཏེ། བཅོམ་ལྡན་འདས་རྣམས་གཞལ་དུ་མེད་པའི་མཆོད་སྤྲིན་དང་བཅས་པའི་ཆར་འབེབས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་

འཁོར་དུ་གནས་པའི་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། རྡོ་རྗེ་འཆང་དང་། རིག་སྔགས་འཆང་གི་དབང་པོ་རིག་སྔགས་འཆང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་མཆོད་པའི་སྤྲིན་དུ་འགྱུར་རོ། །དེ་ལྟར་རིག་སྔགས་དྲན་པ་ཙམ་གྱིས་དེ་བཞིན་དུ་རྣམ་

པ་སྣ་ཚོགས་པའི་མཆོད་པར་འགྱུར་རོ། །དྲི་སྣ་ཚོགས་པའི་ཆུ་གཞལ་དུ་མེད་པ་དང་། དྲིའི་ཕྱེ་མ་གཞལ་དུ་མེད་པ་དང་། བདུག་པ་གཞལ་དུ་མེད་པའི་མཆོད་པར་འགྱུར་རོ། །འདི་ལྟ་སྟེ། ཙནྡན་གོ་ཤིརྵ་དང་། ཏ་མ་ལའི་འདབ་མ་དང་། ཙནྡན་དང་། ཙནྡན་དམར་པོ་དང་། པདྨ་ཅན་དང་། དྲི་ཞིམ་

པ་དང་། སར་ལམ་དང་། གུར་གུམ་དང་། གོས་དང་ལྡན་པ་དང་། དྲི་དང་ལྡན་པ་དང་། པུ་ཤེལ་ཙི་དང་། རྒྱ་སྤོས་དང་། ཏུ་རུཥྐ་དང་། སྤྲྀཀ་དང་། བོ་ལ་དང་། སྲ་རྩི་པོག་དང་། ན་མེ་རུ་དང་། ཤྲཱི་བེཥྚཱ་ཀ་དང་། པོག་དང་། སལླ་ཀི་དང་། གུ་གུལ་གྱི་བདུག་པ་དང་། ཧྭགས་དང་། སྦྲང་རྩི་དང་།

ལྔ་བསྐོར་བ་དང་། ཀ་ཛོ་ཀ་དང་། བལླི་ཀའི་ཤིང་དང་། བལླི་ཀ་དང་། ག་པུར་དང་། གླ་རྩི་དང་། རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བའི་བདུག་པ་གཞན་སྦྱར་བ་རྣམས་དང་། དྲི་ཡི་ཆུའི་རྣམ་པ་རྣམས་དང་། རྣམ་པ་སྣ་ཚོགས་པས་བསྒོས་པའི་ཕྱེ་མ་དང་ལྡན་པ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་མཆོད་

སྤྲིན་གྱི་ཆར་འབེབས་སོ། །སྒྲོན་མའི་ཤིང་སྣ་ཚོགས་པ། སྦར་བ་གཞལ་དུ་མེད་པས་སྣང་བར་བྱེད་བཞིན་པ་འབར་བར་བྱེད་དོ། །ཕྱོགས་བཅུ་རྣམས་སུ་ཀུན་ནས་སྒྲོན་མའི་ཤིང་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དང་མཉམ་པའི་སྒྲོན་མའི་ཤིང་རབ་ཏུ་འབྱུང་ངོ་། །འདི་ལྟ་སྟེ། ཏུ་རུཥྐའི་

เล่ม ๙๓ · หน้า 31a

ཏིལ་མར་དང་། ཙམ་པ་ཀའི་ཏིལ་མར་དང་། ཨུཏྤ་ལའི་ཏིལ་མར་དང་། སྣ་མའི་ཏིལ་མར་དང་། བརྵི་ཀའི་ཏིལ་མར་དང་། ཀོནྟའི་ཏིལ་མར་དང་། ཨ་ཏི་མུཀྟ་ཀའི་ཏལ་མར་དང་། པ་ལ་ཤའི་ཏིལ་མར་དང་། ཙནྡན་གྱི་ཏིལ་མར་དང་། ཛཱ་ཏིའི་འབྲས་བུའི་ཏིལ་མར་དང་། བལླའི་ཏིལ་

མར་དང་། ཨ་ཤོ་གནྡྷ་ལ་སོགས་པའི་ཏིལ་མར་ལ་སྒྲོན་མེ་རབ་ཏུ་བྱེད་དེ། དེ་བཞིན་གཤེགས་པ་མཆོད་པའི་སྤྲིན་དུ་འགྱུར་རོ། །འདི་ལྟ་སྟེ། རོ་བརྒྱ་པའི་ཁ་ཟས་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་དང་དུས་སུ་ཉེ་བར་བཞུགས་པ་

རྣམས་ཀྱི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པའི་གཟུགས་དང་། རྣམ་པ་དང་། ཞིམ་ཞིང་མངར་བ་མྱང་བར་འོས་པ་དགའ་བར་བྱ་བ་ཡིད་དགའ་བ། ཙོ་ལེ་ཛྱ་དང་ཚིམ་པར་འོས་པ་དང་། དྲིའི་རིགས་ལྷ་རྫས་རྣམ་པ་སྣ་ཚོགས་པས་དུས་

གསུམ་དུ་གཤེགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་གྱི་ཚོགས་དང་བཅས་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་འཁོར་དང་བཅས་པ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་དང་བཅས་པ་རྣམས་ཀུན་ཏུ་ཚིམ་པར་བྱེད་

པའི་འབྲས་བུ་རྣམ་པ་སྣ་ཚོགས་པ་དང་། རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པ་དང་། སྦྲང་རྩི་མངར་པོའི་རོ་མྱོང་བ་དང་ལྡན་པ་བཅོམ་ལྡན་འདས་འཁོར་གྱི་ཚོགས་དང་བཅས་པའི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱེད་པའི་མཆོད་པའི་སྤྲིན་ཆེན་

པོར་འགྱུར་རོ། །འདི་ལྟ་སྟེ་ལྷ་རྫས་ཀྱི་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་པ། དགའ་བར་འོས་པའི་རོལ་མོའི་ཕེག་རྡོབ་པ་རྣམས་དང་། འདི་ལྟ་སྟེ། དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པའི་མིའམ་ཅི་དང་། དྲི་ཟའི་གླུ་དབྱངས་རྣམ་པ་སྣ་ཚོགས་པ་དང་བཅས་པ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་

གྱི་བུ་མོ་དང་། ལྷའི་བུ་མོ་དང་། ཆུ་ལས་བྱུང་བའི་བུ་མོ་རྣམས་ཀྱིས་རྣམ་པ་ཐ་དད་རྣམ་པ་སྣ་ཚོགས་པའི་གསང་སྔགས་ཀྱི་གླུ་དབྱངས་ཀྱི་རོལ་མོའི་སྒྲ་རབ་ཏུ་འཁྲོལ་བཞིན་པ་རྣམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་དུས་གསུམ་པའི་རོལ་མོ་ཆེན་པོའི་མཆོད་

เล่ม ๙๓ · หน้า 31b

པའི་སྤྲིན་དུ་འགྱུར་རོ། །རྣམ་པ་སྣ་ཚོགས་པར་མཛེས་པའི་བསྟོད་པའི་རྣམ་པས་རོལ་མོའི་ཆོ་ག་ཞིབ་མོ་ཇི་ལྟ་བ་བཞིན་དུ་གསང་བའི་ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་དང་། རྗེས་སུ་མཐུན་པས་ཡང་དག་པར་བསྟོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་རིག་

སྔགས་ཀྱི་ལྷ་དང་། དཀྱིལ་འཁོར་གྱི་ལྷས་རྗེས་སུ་འཛིན་པར་འགྱུར་རོ། །ཡང་དག་པར་བསྟོད་པ་རྣམས་ཀྱང་མཚན་སྨོས་པས་ཡང་དག་པར་བསྟོད་པ་བྱས་པར་འགྱུར་རོ། །དེ་བཞིན་དུ་ཡངས་པ་དང་ལྡན་པའི་གཟུངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། མཆོག་

ཐམས་ཅད་དུ་མཆོད་པའི་སྤྲིན་དུ་གྱུར་པ། བླ་ན་མེད་པ་དཔག་བསམ་གྱི་ཤིང་ལྟ་བུའོ། །སྣ་ཚོགས་པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བྱིན་གྱིས་རློབ་པའི་རྣམ་པར་འཕྲུལ་པས་རིག་སྔགས་འཆང་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་མཆོག་གི་དངོས་གྲུབ་སྟེར་བར་བྱེད་

པའོ། །སེམས་ཅན་ཐམས་ཅད་ཀྱི་མ་དང་ཕར་གྱུར་པའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་གྱུར་པའོ། །གསང་སྔགས་འཛིན་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་དང་། བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། ཉོན་མོངས་པ་

དང་། སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པའོ། །ནད་ཐམས་ཅད་སེལ་བར་བྱེད་པའོ། །སྡུག་བསྔལ་མི་བཟད་པ་གདུག་པ་ཐམས་ཅད་འཇོམས་པར་བྱེད་པའོ། །བཀྲ་ཤིས་པ་དང་། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཡང་དག་པར་སྐུལ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབུགས་འབྱིན་པར་བྱེད་པའོ། །རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་འདྲེན་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྣམས་སྟོན་པར་བྱེད་པའོ། །ཀླུ་ཐམས་ཅད་འགུགས་

པར་བྱེད་པའོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་ལྡོག་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་སྦྱིན་པར་བྱེད་པའོ། །དབུགས་མ་ཕྱིན་པ་རྣམས་ཀྱི་དབུགས་འབྱིན་པར་བྱེད་པའོ། །མ་གྲོལ་

เล่ม ๙๓ · หน้า 32a

བ་རྣམས་གྲོལ་བར་བྱེད་པའོ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས་སོ། །དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་ནོ། །མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་པའོ། །འཁྲ་ས་མེད་པ་རྣམས་ཀྱི་འཁྲ་སའོ། །བསྙེན་གནས་མ་བྱས་པ་རྣམས་ལ་བསྙེན་གནས་སྦྱིན་པའོ། །གཙང་སྦྲ་མ་

བྱས་པ་རྣམས་ལ་གཙང་སྦྲར་སྤྱོད་པའོ། །མི་ཚངས་པར་སྤྱོད་པའི་གནས་ལ་ཞེན་པ་རྣམས་ལ་ཚངས་པར་སྤྱོད་པའི་གནས་སྦྱིན་པའོ། །ཐུབ་པའི་བརྟུལ་ཞུགས་མ་བྱས་པ་རྣམས་ལ་ཐུབ་པའི་བརྟུལ་ཞུགས་སྦྱིན་པའོ། །ཆོས་མ་ཡིན་པ་ལ་སྤྱོད་པ་རྣམས་ཆོས་ལ་སྦྱོར་བའོ། །མི་དགེ་བའི་ལས་ཀྱི་

ལམ་ལ་སྤྱོད་པ་རྣམས་དགེ་བའི་ཆོས་ལ་སྦྱོར་བའོ། །འཇིགས་པས་ཉམ་ཐག་པ་རྣམས་ལ་མི་འཇིགས་པ་སྦྱིན་པའོ། །དབུལ་པོ་རྣམས་ལ་ནོར་སྦྱིན་པའོ། །འབྲུ་དང་བཟའ་བ་དང་བྲལ་བ་རྣམས་ལ་འབྲུ་འཕེལ་བ་ཆེན་པོ་སྦྱིན་པའོ། །མུ་གེས་ཉམས་ཐག་པ་རྣམས་ལ་སྐྱ་རྒྱལ་གྱི་ཚོགས་པ་ལ་ངེས་པར་

སྦྱོར་བར་བྱེད་པའོ། །ལམ་ཉམས་པ་རྣམས་ཀྱི་ལམ་སྟོན་པར་བྱེད་པའོ། །དུས་མ་ཡིན་པར་འཆི་བར་འགྱུར་བ་རྣམས་ཀྱི་དུས་མ་ཡིན་པའི་འཆི་བ་སོ་སོར་འགོག་པའོ། །ལོང་བ་རྣམས་ཀྱི་མིག་སྦྱིན་པར་བྱེད་པའོ། །འོན་པ་རྣམས་རྣ་བ་སྦྱིན་པར་བྱེད་པའོ། །སྣ་ཉམས་པ་རྣམས་ཀྱི་སྣ་རྣམ་པར་

སྦྱོང་བར་བྱེད་པའོ། །རེག་པ་མེད་པ་རྣམས་ཀྱི་བདེ་བའི་རེག་པ་ལ་ངེས་པར་སྦྱོར་བར་བྱེད་པའོ། །ལོངས་སྤྱོད་ཀྱིས་ཉམ་ཐག་པ་རྣམས་ཀྱི་ལོངས་སྤྱོད་སྦྱིན་པར་བྱེད་པའོ། །དྲན་པ་ཉམས་པ་རྣམས་ཀྱི་དྲན་པ་ཡོངས་སུ་སྦྱོང་བར་བྱེད་པའོ། །བསམ་པ་ཉམས་པ་རྣམས་ཀྱི་བསམ་པ་ཡོངས་སུ་

དག་པར་བྱེད་པའོ། །ཚུལ་ཁྲིམས་ཉམས་པ་རྣམས་ཀྱི་ཚུལ་ཁྲིམས་སྦྱིན་པའོ། །སྦྱིན་པ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའོ། །བརྩོན་འགྲུས་ཉམས་པ་རྣམས་ལ་སྟོབས་དང་བརྩོན་འགྲུས་ཀྱི་མཆོག་སྦྱིན་པའོ། །བཟོད་པ་དང་བྲལ་བ་རྣམས་

ལ་བཟོད་པ་དང་ཞི་བ་སྦྱིན་པའོ། །བསམ་གཏན་ཉམས་པ་རྣམས་ལ་བསམ་གཏན་དང་ཏིང་ངེ་འཛིན་ནི་ཡོངས་སུ་རྫོགས་པར་བྱེད་པའོ། །ཤེས་རབ་ཉམས་པ་རྣམས་ལ་ཤེས་རབ་ཀུན་ཏུ་སྣང་བ་དང་། བློ་གསལ་བ་དང་། ཤེས་རབ་ཆེན་པོའི་སྣང་བ་ཡོངས་སུ་རྫོགས་པར་བྱེད་དོ། །དམ་ཚིག་མི་

เล่ม ๙๓ · หน้า 32b

ཤེས་པ་རྣམས་ལ་དམ་ཚིག་སྦྱིན་པའོ། །ཕྱག་རྒྱ་དང་བྲལ་བ་རྣམས་ཀྱི་ཕྱག་རྒྱ་ཡོངས་སུ་སྦྱོར་བར་བྱེད་པའོ། །རིག་སྔགས་དང་། གསང་སྔགས་ལ་མི་མཁས་པ་རྣམས་ལ་རིག་སྔགས་དང་གསང་སྔགས་རབ་ཏུ་སྦྱིན་པའོ། །མུ་སྟེགས་རྣམས་ལ་མུ་སྟེགས་སྨྲ་བ་དང་། འཇུག་ངོགས་བཟང་པོ་

དང་ལམ་རབ་ཏུ་སྒྲུབ་པར་བྱེད་པའོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ལ། སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་མཆོག་སྦྱིན་པའོ། །འཁོར་བ་ལས་མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད་པའོ། །མུན་པས་ལོང་བར་བྱེད་ཅིང་བསྒྲིབས་པ་རྣམས་ལ། མྱོས་པའི་མུན་པ་སེལ་བ་སྦྱིན་

པར་བྱེད་པའོ། །སྒྲིབ་པར་བྱ་བ་རྣམས་ཀྱི་སྒྲིབ་པ་དང་བྲལ་བར་བྱེད་པའོ། །མཚམས་མེད་པ་ལྔའི་འགྲོ་བ་རྣམས་ཀྱི་མཚམས་མེད་པ་ལྔ་སྦྱོང་བར་བྱེད་པའོ། །ངག་ཉམས་པ་རྣམས་ཀྱི་ངག་རྣམ་པར་དག་པར་བྱེད་པའོ། །མ་གྲུབ་པ་རྣམས་ལ་མཆོག་གི་དངོས་གྲུབ་སྦྱིན་པའོ། །

ཐུན་ཚགས་དང་བཅས་པ་རྣམས་ཀྱི་ཐུན་ཚགས་དང་བྲལ་ཞིང་ཡོངས་སུ་དག་པར་བྱེད་པའོ། །ངན་པ་རྣམས་ལ་མཆོག་སྦྱིན་པའོ། །མྱ་ངན་ལས་མ་འདས་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་མཆོག་གོ། །བརྡ་མི་ཕྲད་པ་རྣམས་ལ་བརྡ་སྤྲོད་པར་བྱེད་པའོ། །ཀུན་ནས་འཁྲུགས་པ་

རྣམས་ཀྱི་སེམས་གནས་པའི་མཆོག་གོ། །མཆོག་མེད་པ་རྣམས་ལ་མཆོག་སྦྱིན་པའོ། །རྨི་ལམ་ངན་པ་མཐོང་བ་རྣམས་ལ་རྨི་ལམ་ཆེན་པོའི་མཆོག་སྟོན་པའོ། །བཀྲེས་པ་རྣམས་ལ་ཁ་ཟས་ཀྱི་མཆོག་སྦྱིན་པའོ། །སྐོམ་པ་རྣམས་བཏུང་བ་ཆེན་པོའི་རོ་ལ་ཡོངས་སུ་ལོངས་སྤྱོད་པར་

བྱེད་པའོ། །གཅེར་བུ་རྣམས་ཀྱིས་གོས་དང་བགོ་བ་སོ་སོར་ཐོབ་ཅིང་གྲུབ་པའོ། །མཛེ་ཅན་རྣམས་ཀྱི་མཛེ་དང་བྲལ་བར་བྱེད་པའོ། །ཤ་བཀྲ་ཅན་རྣམས་ཀྱི་ཤ་བཀྲ་ཡོངས་སུ་སྦྱོང་བར་བྱེད་པའོ། །རིམས་ཀྱིས་བཏབ་པ་རྣམས་ཀྱི་རིམས་དང་བྲལ་བར་བྱེད་པའོ། །གདོན་གྱིས་ཟིན་པ་

རྣམས་ཀྱི་གདོན་དང་གཤེད་བྱེད་དང་། གདུལ་དཀའ་བ་རྣམས་འདུལ་བར་བྱེད་པའོ། །དགྲ་བོ་ཕྱིན་ཅི་ལོག་པ་རྣམས་ཀྱི་དགྲ་རྣམས་དང་བྲལ་བར་བྱེད་པའོ། །དབུལ་པོ་རྣམས་ལ་ནོར་སྦྱིན་པར་འགྱུར་རོ། །བུ་བཟའ་ཅན་རྣམས་ཀྱི་བུ་བཟའ་ཆེར་འཕེལ་བར་འགྱུར་རོ། །མུན་པས་ལོང་

เล่ม ๙๓ · หน้า 33a

བར་བྱས་པ་ཐམས་ཅད་ཀྱི་སྒྲོན་མའི་ཤིང་དང་། ཉི་མའི་འོད་ཟེར་སྟོང་གིས་ཀུན་ཏུ་སྣང་བའོ། །རྒྱལ་པོས་བཅོམ་པ་རྣམས་ལ་ལོངས་སྤྱོད་རྒྱ་ཆེན་པོ་ཆེར་བྱིན་པའོ། །འཁོན་པ་རྣམས་གཅིག་ཏུ་བྱེད་པའོ། །སེར་སྣ་ཅན་རྣམས་ཀྱི་སེར་སྣ་ཤིན་ཏུ་འཇོམས་པའོ། །འདོད་ཆགས་

ལ་ཆགས་པ་རྣམས་ཀྱི་འདོད་ཆགས་རབ་ཏུ་འཇོམས་པའོ། །རྨོངས་པ་ཆུང་བ་མ་ཡིན་པ་རྣམས་ཀྱི་རྨོངས་པ་དང་བྲལ་བར་འགྱུར་རོ། །མི་དགེ་བའི་ལམ་གྱིས་རབ་ཏུ་ཉམས་པ་རྣམས་ཀྱི་དགེ་བའི་ལམ་གྱི་ཡིད་ཆོས་ཀྱི་ནང་དུ་ཆུད་པར་འགྱུར་རོ། །གཞན་གྱི་དབང་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་འཇིགས་

པ་མེད་པར་འགྱུར་ཞིང་ཡིད་ཆོས་ཀྱི་ནང་དུ་ཆུད་པར་འགྱུར་རོ། །ལོག་པར་ལྟུང་བ་རྣམས་ཀྱིས་ཤེས་རབ་དང་། བློ་དང་། ཤེས་བཞིན་དང་། བརྐམ་པ་རྣམས་ཀྱི་བློ་བསྙེན་པར་འགྱུར་རོ། །སངས་རྒྱས་མ་མཐོང་བ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འདོད་པར་འགྱུར་རོ། །ཆོས་

ཐོས་པ་དང་བྲལ་བ་རྣམས་ཀྱི། ཆོས་ཆེན་པོའི་རོ་རྒྱ་ཆེན་པོ་ཐོས་པར་འགྱུར་རོ། །དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་བྲལ་བ་རྣམས་ཀྱི་ལྷ་དང་། ཉན་ཐོས་ཀྱི་དག་འདུན་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །དབང་པོ་ཉམས་པ་རྣམས་ཀྱི། དབང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །

ཡན་ལག་རྣམ་པར་ཉམས་པའི་སེམས་ཅན་རྣམས་ཀྱི་སོ་སོའི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མཐོང་བ་དང་བྲལ་བ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་མཐོང་བར་འགྱུར་རོ། །ལྷས་ཡོངས་སུ་སྤངས་པ་རྣམས་ཀྱི་ལྷའི་ཚོགས་ཐམས་ཅད་ཀྱིས་

ཡང་དག་པར་འཛིན་པར་འགྱུར་རོ། །ཉོན་མོངས་པ་དང་སྒྲིབ་པས་དཀྲིས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་སྤྱན་རས་གཟིགས་དབང་ཕྱུག་གིས་

གསུངས་པ་ནི་དེ་ལྟར་རྫུ་འཕྲུལ་ཆེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་པའི་སྤྲིན་གྱི་ཆར་འབེབས་པ་སངས་རྒྱས་ཀྱི་ཞིང་གི་དེ་བཞིན་གཤེགས་

เล่ม ๙๓ · หน้า 33b

པ་ཐམས་ཅད་དང་མཚུངས་པར་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་རྣམས་ཀྱི་དཔག་བསམ་གྱི་ཤིང་ཆེན་པོའི་མཆོད་པའི་སྤྲིན་གྱི་ཆར་འབེབས་པར་བྱེད་པའི་མཆོད་སྤྲིན་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་རིག་སྔགས་ཀྱི་དཀྱིལ་འཁོར་

གྱི་དེ་ཁོ་ན་ཉིད་སྒྲུབ་པར་བྱེད་པ། རྨད་དུ་བྱུང་བའི་དངོས་གྲུབ་ཡང་དག་པར་སྟོན་པར་བྱེད་པའོ། །རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་། རིག་པའི་རྒྱལ་པོའི་ལྷ་རྣམས་དང་། གསང་སྔགས་ཀྱི་ལྷ་ཐམས་ཅད་སྤྱན་འདྲེན་ཞིང་འགུགས་པར་བྱེད་པའོ། །འདི་ནི་ཕ་རོལ་ཏུ་

ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའོ། །འདི་ནི་ཐམས་ཅད་དུ་གསང་བའི་སྒོ་སྟོན་པར་བྱེད་པའོ། །ལག་ན་རྡོ་རྗེ་དོན་ཡོད་པའི་མཆོད་པའི་སྙིང་པོའི་གཟུངས་འདི་ནི་དུས་མ་ཡིན་པའི་ཆར་དང་། མུ་གེ་དང་། དུས་ཀྱི་ཆུ་རྣམ་པར་ཉམས་པ་ལ་སོ་སོར་བསྐྱེད་པའོ། །དེ་ནས་རིག་སྔགས་

འཆང་གཙང་མས་ཁྲུས་བྱས་གོས་གཙང་བ་བགོས་ཏེ། ཡིད་རྩེ་གཅིག་ཏུ་བྱས་ན་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བ་དང་བྱམས་པའི་སེམས་བསྒོམ་པར་བྱའོ། །མཆོད་རྟེན་གྱི་ཡན་ལག་དང་ཉེ་བའམ། ཁང་སྟོང་ངམ། རི་བོའམ། ནགས་ཐིབས་པོ་དང་། དགོན་པ་དང་། སྐྱེད་མོས་ཚལ་ལམ།

དགེ་འདུན་གྱི་ཀུན་དགའ་ར་བའམ། ཆུ་ཀླུང་ངམ། མཚེའུའམ། རྫིང་བུའམ། ཀླུ་གནས་པའི་མཚོའམ། ལྷའི་གནས་སམ། རྒྱལ་པོའི་ཕོ་བྲང་ཡང་རུང་སྟེ། དེར་རིག་སྔགས་འཆང་གཙང་མར་གནས་པས་ས་གཞི་ཡོངས་སུ་བརྟགས་པ་ཆ་མཉམ་པ་མཛེས་པར་ཁྲུ་གཉིས་ཀྱི་ཚད་ཀྱི་དཀྱིལ་འཁོར་

བྱས་ལ་ས་དང་བ་བྱུང་དུ་ལྡན་པས། གྲུ་བཞི་པར་ཆ་གཞལ་ཏེ། ལེགས་པར་བྱི་དོར་བྱས་ལ་ཤིན་ཏུ་འཇམ་པར་བྱའོ། །དེར་དེའི་སྟེང་དུ་ཙནྡན་དང་། དྲིའི་ཆུས་བྱུག་པར་བྱའོ། །གུར་གུམ་གྱིས་རྣམ་པ་སྣ་ཚོགས་པའི་མཚན་མ་དང་ཕྱག་རྒྱ་རྣམས་རི་མོར་བྲིའོ། །དེ་ལ་དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་

པོ། །ཀླུ་མགོ་བོ་དགུ་པ་སྐྱིལ་མོ་ཀྲུང་གིས་འདུག་པ་བྲིའོ། །གྲྭ་བཞིའི་ནང་དུ་ཆུད་པར་དོན་ཡོད་ཞགས་པ་བྲིའོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཁོར་ཡུག་ཏུ་ཇི་ལྟར་ཐོབ་པའི་ཕྱག་རྒྱ་དང་། གསང་སྔགས་རྣམས་བྲི་བར་བྱའོ། །སྒོ་བཞི་རྣམ་པར་དབྱེ་བར་བྱ་སྟེ། ཇི་ལྟར་འབྱོར་པའི་གཏོར་མ་

เล่ม ๙๓ · หน้า 34a

སྣ་ཚོགས་པའི་རོའི་གཏོར་མ་དཀར་པོ་དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་། གང་བའི་བུམ་པ་དང་། གཏོར་མ་དང་། བདུག་པའི་པོག་ཕོར་གྱིས་ཉེ་བར་མཛེས་པར་བྱའོ། །རིག་སྔགས་འཆང་གིས་ཆེས་མངོན་དུ། དོན་ཡོད་ཞགས་པ་ལན་བདུན་བཟླས་བར་

བྱའོ། །ཁྲོ་བོའི་རྒྱལ་པོ་ལ་ལན་ཅིག་བཟླས་པས་མངོན་པར་དབང་བསྐུར་བར་བྱའོ། །དོན་ཡོད་པའི་ལྕགས་ཀྱུ་དང་། ཁྲོ་བོ་ལྕགས་ཀྱུ་དུས་གཅིག་ཏུ་བརྗོད་དོ། །རིག་སྔགས་ཀྱི་རྒྱལ་པོ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ་བཟླས་

པའི་ཆོ་ག་བྱའོ། །དོན་ཡོད་པའི་མཆོད་པ་ནོར་བུའི་སྙིང་པོ་ལན་སྟོང་རྩ་བརྒྱད་དུ་བཟླས་བརྗོད་བྱའོ། །ནཱ་ག་གེ་སར་དང་། ན་ལ་དི་ན་དང་། རྒྱ་སྤོས་དང་། གུར་གུམ་དང་། ཙནྡན་དང་། ཡུངས་ཀར་དང་། ལི་ཁ་ར་མཉམ་པར་སྦྱར་བའི་བདུག་པ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། ཀླུའི་དཀྱིལ་འཁོར་དུ་

བདུག་པ་དབུལ་བར་བྱའོ། །ཀླུའི་ལྟེ་བའི་སྟེང་དུ་བདུག་སྤོས་ཀྱི་པོག་ཕོར་གང་བ་གཞག་པར་བྱའོ། །ལན་སྟོང་རྩ་བརྒྱད་དུ་བཟླས་པའི་མོད་ཉིད་ལ། ཀླུའི་ཞགས་པ་ཆེན་པོ་ལས་ཆར་གྱི་རྒྱུན་ཆེན་པོ་འབྱིན་ཏེ་ཇི་སྲིད་འདོད་པའི་བར་དུ་ཆར་འབེབས་སོ། །ཀླུའི་རྒྱལ་པོའི་མིང་ནས་བཟུང་སྟེ་བཟླས་པར་བྱའོ། །

ཀླུའི་རྒྱལ་པོ་རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། ནོར་རྒྱས་ཀྱི་བུ་དང་། འཇོག་པོ་དང་། ཧུ་ལུ་དང་། ཨུ་ལ་མ་བུ་ལ་དང་། ཆུ་ལྷ་དང་། ཡིད་ལྡན་དང་། ཨེ་ལའི་འདབ་མ་དང་། ཀླུའི་རྒྱལ་པོ་ཀུན་ནས་འཁོར་བའི་གདུགས་ཏེ། ཀླུའི་རྒྱལ་པོ་རྣམས་ལས་ཅིག་སྨོས་པར་བྱ་སྟེ། ཀླུའི་རྒྱལ་པོ་

དེ་རྣམས་ཀྱི་བདེན་པར་དམ་བཅས་པས་རྣམ་པར་གཞག་པའི་མོད་ཉིད་ལ་ཆར་གྱི་རྒྱུན་འབྱིན་པར་བྱེད་དེ་ཇི་སྲིད་འདོད་ཀྱི་བར་དུ་ཀུན་ནས་སྦྱོར་བས་ཆར་སྟོང་ཕྲག་འབེབས་སོ། །ཡང་ན། ཡུངས་ཀར་ལ་སྟོང་རྩ་བརྒྱད་དུ་བཟླས་པས། ཀླུའི་རྒྱལ་པོའི་སྙིང་གའི་སྟེང་དུ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་བྱས་

པ་ཙམ་གྱི་མོད་ལ་འཕྲལ་ཉིད་དུ་སྟོང་ཕྲག་དུ་མར་ཨ་བི་རཱ་ཡ་ཆར་གྱི་རྒྱུན་འབྱིན་པར་བྱེད་དོ། །སྤར་མོ་གང་གིས་ཉིན་མཚན་གཅིག་ཏུ་རྒྱུན་མི་འཆད་པར་ཆར་འབེབས་སོ། །སྦར་མོ་གསུམ་གྱིས་ཉིན་མཚན་གསུམ་དུ་འབེབས་སོ། །སྤར་མོ་བདུན་གྱིས་ཉིན་མཚན་བདུན་དུ་ཆར་གྱི་རྒྱུན་ཆེན་པོ་ཀླུའི་རྒྱལ་

เล่ม ๙๓ · หน้า 34b

པོས་འབྱིན་པར་བྱེད་དོ། །ཡང་དག་པ་ཁོ་ནར་ཆར་གྱི་རྒྱུན་ལྟུང་ངོ་། །ཡང་ན། ཀླུའི་རས་རིས་བྱ་སྟེ། ཁྲུ་གང་གི་ཚད་ལ་ཀུན་ནས་གྲུ་བཞི་པའི་ཚད་ཀྱི་རས་ལ་རི་མོར་བྱའོ། །དེའི་དབུས་སུ་རིག་པའི་རྒྱལ་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱ་སྟེ། སྐྱིལ་མོ་ཀྲུང་གིས་འདུག་པ། ཕྱག་

བཞི་པ། རལ་གྲི་དང་། རྩེ་གསུམ་དང་། ཞགས་པ་དང་། པདྨ་ཐོགས་པར་བྱའོ། །ཞལ་ཁྲོ་གཉེར་ཅན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རལ་པའི་ཅོད་པན་གྱིས་སྤུད་པ། འོད་དཔག་མེད་ཀྱི་ཅོད་པན་ཅན་རལ་པ་ཟླ་བ་ཕྱེད་པས་ཉེ་བར་མཛེས་པ། འོད་འདོམ་གང་བས་ཡང་དག་པར་བརྒྱན་

པ། ཆུ་དང་བཅས་པའི་པདྨའི་གདན་བྱའོ། །ཀླུའི་རྒྱལ་པོ་དེ་དག །པུས་མོ་གཡས་དང་གཡོན་པ་བཙུགས་པ་བྱའོ། །ཀླུའི་གདེངས་ཀ་དང་བཅས་པ། ཐལ་མོ་འཆང་བས་སྐྱབས་སུ་འགྲོ་བར་བྱེད་པར་བྱའོ། །དེ་ནས་རིག་སྔགས་དེས་རས་རིས་དེ་ལ་མངོན་དུ་ཕྱོགས་ཏེ་སྨྲ་བ་བཅད་

ནས་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་སྟོང་རྩ་བརྒྱད་དུ་བཟླས་པར་བྱ་སྟེ། ཡུངས་ཀར་ལ་ལན་སྟོང་རྩ་བརྒྱད་བཟླས་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བསྣུན་པར་བྱའོ། །སྟོང་རྩ་བརྒྱད་རྫོགས་པ་དང་། ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བྱེད་དོ། །གལ་ཏེ་ལོ་སྟོང་དུ་ཆར་མི་

འབབ་པར་འགྱུར་བ་ལས་འཕྲལ་ཉིད་དུ་ལྷས་ཆར་འབེབས་པར་བྱེད་པར་ཐེ་ཙོམ་མེད་དོ། །རླུང་དང་། སད་དང་། སེར་བའི་དུས་སུ། དེའི་རས་རིས་ཁང་པའི་སྟེང་དུ་བཞག་སྟེ། རླུང་དང་སད་དང་སེར་བ་ཐམས་ཅད་ཕྱིར་ཞིང་མི་འབྱུང་ངོ་། །ཕྱོགས་གང་དུ་རས་རིས་རྣམ་པར་ལྟ་བར་བྱེད་པ་

དེའི་ཕྱོགས་ཀྱི་གནས་སུ། རླུང་དང་། སད་དང་། སེར་བ་མི་འབབ་སྟེ། རིའམ། དགོན་དུང་འཁྲིགས་པར་ཡང་མི་འབབ་བོ། །ཡང་ན་རིག་སྔགས་འཆང་གིས་རས་རིས་དེ་བཟུང་ནས། ཀླུའི་གནས་ཀྱི་མཚོར་སོང་ནས། གནས་ཀྱི་མཚོ་དེར་གཞག་པར་བྱའོ། །དོན་ཡོད་ཞགས་པའི་མཆོད་

པའི་ནོར་བུའི་སྙིང་པོའི་གཟུངས་སྟོང་རྩ་བརྒྱད་དུ་ཆུ་ལ་བཟླས་ཏེ་གནས་པའི་མཚོ་རུ་འཕང་བར་བྱའོ། །འཕངས་པ་ཙམ་གྱི་མོད་ལ། གནས་དེར་གནས་པའི་ཀླུ་ཁྱེའུའི་གཟུགས་ཀྱིས་ལུས་ཕྱེད་གནས་དེ་ནས་འཐོན་ཏེ། རས་རིས་དེ་ལ་ཕྱག་འཚལ་བར་བྱེད་དོ། །རིག་སྔགས་འཆང་བ་ལ་

เล่ม ๙๓ · หน้า 35a

སྨྲས་པ། རིག་སྔགས་འཆང་གིས་བཀའ་བསྒོ་བ་ཅི་ཡིན་པ་བདག་གིས་བགྱིའོ་ཞེས་སོ། །རིག་སྔགས་འཆང་གིས་སྨྲ་བར་བྱ་སྟེ། ཀླུ་ཆེན་པོ་འཛམ་བུའི་གླིང་ཀུན་ཏུ་ལྟ་བར་གྱིས་ཤིག །ཁྱེའུ་དེ་ཡང་ཕྱོགས་བཞི་ཀུན་ཏུ་རྣམ་པར་ལྟ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མཚན་མ་མཐོང་བ་དེ་ལྟ་དེ་ལྟར་

རིག་སྔགས་འཆང་ལ་མཚན་མ་སྨྲ་བར་འགྱུར་ཏེ། ལེགས་པར་བྱས་པའམ། ཉེས་པར་བྱས་པ་དེ་ཐམས་ཅད་སྨྲ་བར་བྱེད་དོ། །དེ་ནས་རིག་སྔགས་འཆང་གིས་བརྗོད་པར་བྱ་སྟེ། ཀླུ་ཆེན་པོ་ཆར་ཕོབ་ལ་ཚིམ་པར་གྱིས་ཤིག་འཛམ་བུའི་གླིང་པའི་རྩྭ་དང་ནགས་ཀྱི་བདག་པོ་དང་། རི་དང་ཚང་ཚིང་དང་དགོན་པ་

དང་། ཞིང་དང་ཀུན་དགའ་ར་བ་རྣམས་ཐམས་ཅད་དུ། ཆར་གྱི་རྒྱུན་འབྱིན་པར་གྱིས་ཤིག །ལྷའི་ཆུས་ཀུན་ནས་ཆར་ཕོབ་ཅིག །སེམས་ཅན་ཐམས་ཅད་ཀྱི་ལྷའི་ཆུའི་ཆར་གྱི་རྒྱུན་ཆེན་པོ་ཕོབ་ཅིག །ཀླུའི་ཁྱེའུ་ལ་སྨྲས་པ། ཀྱེ་བཅུད་ལེན་མཆོག་ཏུ་གྱ་ནོམ་པའི་རིག་སྔགས་ཀྱི་གཞི་བྱིན་ཅིག་ཅེས།

རིག་སྔགས་འཆང་གིས་བརྗོད་པར་བྱའོ། །ཀླུའི་ཁྱེའུ་བདུད་རྩི་བཅུད་ཀྱིས་ལེན་གྱི་མཆོག་ཟུང་ཤིག་ཞེས་སོ། །དེ་ནས་ཀླུའི་ཁྱེའུ་དེ། རིག་སྔགས་འཆང་ལ་མངོན་དུ་ཕྱོགས་ཏེ་ཐལ་མོ་སྦྱར་ནས་ཉེ་བར་འདུག་གོ། །རིག་སྔགས་འཆང་གིས་ཀླུ་ཆེན་པོ་ཉོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་རིག་

སྔགས་འཆང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པར་བྱ། འཕགས་པའི་བདེན་པ་བཞི་པོ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་པར་བྱའོ། །དོན་ཡོད་ཞགས་པའི་མདོ་ཡང་བསྟན་པར་བྱའོ། །གང་གི་ཚེ་རིག་

སྔགས་འཆང་དེ་ལྟ་བུའི་དེ་བཞིན་གཤེགས་པའི་ཆོས་སྟོན་བཞིན་པ་ན། ཀླུའི་ལུས་ལ་བདུག་པ་འཁྲིགས་པའི་སྤྲིན་ཆེན་པོ་ངེས་པར་འཐོན་ཏེ། ནམ་མཁའི་དཀྱིལ་དུ་གཡོགས་པར་བྱེད་ཅིང་གནས་སོ། །ཆོས་སྟོན་པའི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ། ཆར་གྱི་རྒྱུན་ཆེན་པོ་འབབ་པར་བྱེད་དེ།

སའི་མཚོ་དེར་ཆར་པ་འབབ་པ་མ་ཡིན་ནོ། །རིག་སྔགས་འཆང་དང་། རས་རིས་ཀྱི་སྟེང་དུ། ཀླུའི་ཁྱེའུ་དེ་རས་རིས་དེ་ལ་མཆོད་པ་བྱེད་དེ། རིག་སྔགས་འཆང་དེ་ལ་ཡོན་དང་བཅས་པས་ཆོས་ལ་མཆོད་པ་འབུལ་བར་བྱེད་དེ། རིག་སྔགས་འཆང་གིས་སྨྲས་པ། རིག་སྔགས་འཆང་གི་

เล่ม ๙๓ · หน้า 35b

སར་ཁྱོད་ཞུགས་ཤིག །དེ་རྣམས་འདི་སྐད་ཅེས་རིག་སྔགས་འཆང་རང་གི་ཁྱིམ་གྱིས་མཆོག་གོ། །རིག་སྔགས་འཆང་གིས་སྨྲ་བར་བྱ་སྟེ། གལ་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་འཁོར་དང་བཅས་པ། ཡང་དག་པར་ལེན་པར་བྱེད་ན། དེའི་ཚེ་ང་ཁྱོད་ཀྱི་གནས་མཆོག་ཏུ་འཇུག་པར་བྱའོ།

གལ་ཏེ་མི་བྱེད་ན་འཇུག་པར་མི་བྱའོ་ཞེས་སོ། །དེ་ནས་ཁྱེའུ་དེ། གལ་ཏེ་བྱེད་ན། དགེ་བ་སྟོན་པ་མཐོང་བ་དེའི་ཚེ་རང་གི་གཟུགས་ཀྱིས་གནས་པར་བྱེད་དེ། ལྷ་རྫས་ཀྱི་རྣ་རྒྱན་དྲི་མ་མེད་པ་གཡོ་བ་སྐྲའི་ཅོད་པན་འཆང་བ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །གལ་ཏེ་མི་བྱེད་ན་ཁྱེའུ་

དེའི་གཟུགས་མི་སྣང་བར་འགྱུར་ཏེ། སླར་ཡང་མི་མཐོང་ངོ་། །ཡང་ན་རྫུ་འཕྲུལ་ཆེན་པོ་ཅན་གྱི་ཀླུའི་རྒྱལ་པོ་མཐོང་བར་འདོད་པའི་རིག་སྔགས་འཆང་དེས། ཟངས་ཀྱི་འདབ་མ་ལ་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་དེའི་སྟེང་དུ་བྲི་བར་བྱ་སྟེ་སྦྲང་རྩིས་བྱུག་པར་བྱའོ། །

ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་ཏེ་གཏོར་བར་བྱ་སྟེ། གནས་པའི་མཚོ་དེར་འཕང་བར་བྱའོ། །གུ་གུལ་ཞོ་གཅིག་ཚད་ཀྱིས་མཆོད་ནས་བདུག་པ་སྦྱིན་པར་བྱའོ། །ཇི་སྲིད་དུ་གུ་གུལ་ཕྱེད་ཀྱི་ཆ་ཤས་ཀྱི་ལྷག་མ་ལས་ཀྱི་བར་དུ་བསྲེག་པར་བྱའོ། །སྐད་ཅིག་ཡུད་ཙམ་

ཐང་ཅིག་དེ་ལ་ཀླུའི་རྒྱལ་པོ་རྒྱ་མཚོ་བྲམ་ཟེའི་གཟུགས་ཀྱིས་ཀླུའི་མཚོར་ཉེ་བར་འདུག་སྟེ། རིག་སྔགས་འཆང་ལ་ཤིས་པ་རྗོད་པར་བྱེད་དོ། །རིག་སྔགས་འཆང་གིས་ཀྱང་། ནད་མེད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །ཀྱེ་ཆོས་ཀྱི་དོན་གྱི་ཚིག་ཉོན་ཅིག །ཆོས་དང་འཇིག་རྟེན་

མང་པོ་ཡང་སྐྱོངས་ཤིག་ཅེས་སོ། །བྲམ་ཟེ་དེ་ཡང་དགའ་སྟེ། རིག་སྔགས་འཆང་ཅི་འདོད་པའི་དོན་གང་ཡིན་པའི་དོན་དེ་སྨྲོས་ཤིག་དང་། ཐམས་ཅད་སྨྲ་བར་འགྱུར་རོ། །ཞེས་རྗོད་པར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་ཆེན་པོ་བདུན་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་བདུན་དང་།

ཉན་ཐོས་ཆེན་པོ་བཞིའི་མཚན་ནས་སྨོས་པར་བྱའོ། །དེ་ནས་བྲམ་ཟེ་དེ་རྣམ་པ་དེ་ལྟ་བུའི་ཚིག་གི་སྒྲ་ཐོས་ནས། ཡིད་རབ་ཏུ་དགའ་སྟེ། སྙིང་མགུ་བ་ཆེན་པོར་གྱུར་ནས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བའི་སྒྲ་རྗོད་པར་བྱེད་དེ། ལེགས་སོ་ལེགས་སོ་ཞེས་སྒྲ་འབྱིན་པར་བྱེད་དོ། །

เล่ม ๙๓ · หน้า 36a

མཚན་ཤིན་ཏུ་བསྔགས་པ་གང་ཡིན་པ་དེ། ཁྱོད་ཀྱིས་ཡོངས་སུ་འཛིན་པ་དང་། ལེགས་པར་ཡོངས་སུ་གྲགས་པའི་མཚན་ཤིན་ཏུ་མཉན་པར་འོས་པ་མཆོག་ཏུ་རྙེད་པར་དཀའ་བ་སྟེ། མཚན་ཁྱོད་ཀྱི་ཡོངས་སུ་བསྒྲགས་པ་མཆོག་ཏུ་རྙེད་པར་དཀའ་བ་ཉིད་རིག་སྔགས་འཆང་གང་

གིས། འདི་ལྟ་སྟེ། སེམས་ཅན་དེ་རིན་པོ་ཆེ། དོན་ཡོད་པ་ཆེན་པོའི་རྣམ་པར་འཕྲུལ་པའི་མཚན་འཛིན་པར་བྱེད་པ་སེམས་ཅན་རྣམས་ཀྱི་མཆོག་ཐོས་པར་བྱེད་དོ་ཞེས་སོ། །དེ་ནས་བྲམ་ཟེ་དེ་བྲམ་ཟེའི་གཟུགས་ཀྱི་ཆ་བྱད་དེ་མི་སྣང་བར་བྱས་ནས། ཀླུའི་རྒྱལ་པོ་རྒྱ་མཚོའི་གཟུགས་ཀྱི་ཆ་བྱད་དང་། རྟགས་

ཀྱིས་ཇི་ལྟ་བ་བཞིན་དུ། རིག་སྔགས་འཆང་གི་མདུན་དུ་འདུག་སྟེ་སྨྲ་བར་ཡང་བྱེད་དོ། །རིག་སྔགས་འཆང་མཆོག་ཇི་ལྟར་མངོན་པར་འདོད་པ་སྨྲོས་ཤིག་དེ་ཐམས་ཅད་རྗེས་སུ་སྩལ་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་མངོན་པར་འདོད་པའི་མཆོག་ཐམས་ཅད་བརྗོད་པ་དེ་སྟེར་བར་

འགྱུར་རོ། །ཡང་ན་མཆོག་ཏུ་འཇུག་པར་བྱེད་དོ། །ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དབང་དུ་གྱུར་ནས་ཉེ་བར་གནས་སོ། །ལས་ཐམས་ཅད་བཀའ་བསྒོ་བ་ཙམ་གྱིས་བྱེད་པར་འགྱུར་ཏེ། འདི་ལ་དོགས་པ་དང་། ཡིད་གཉིས་བསྐྱེད་པར་མི་བྱའོ། །སྦྱར་བ་ཙམ་གྱི་མོད་ལ། བྱ་བ་འདི་རྣམས་

ཐམས་ཅད་འགྲུབ་པར་འགྱུར། དེ་ནས་རས་རིས་བླངས་ཏེ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པར་བྱས་ནས། ཞིང་དང་ཀུན་དགའ་ར་བ་ཐམས་ཅད་ལ་གཡས་ཕྱོགས་སུ་བསྐོར་བར་བྱ་སྟེ། རླུང་དང་། ཚད་པ་དང་། སད་དང་། སེར་བ་དང་། སྦྲང་བུ་དང་། སྦྲང་བུ་མཆུ་རིངས་དང་། ཆ་ག་པ་དང་། བྱི་བ་

དང་། ནེ་ལེ་དང་། ཁྱི་དང་། ཅེ་སྤྱང་དང་། གྲོག་སྦུར་དང་། སྤྲུལ་གོ་ཎ་ས་དང་། སྡིག་པ་དང་། སྦྲང་བུ་ཏྲེ་མ་བུ་ག་དང་། སྦྲང་བུ་ཏྲི་ལ་ཊ་དང་། སྦྲུལ་གདུག་པ་དང་། དུག་གི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། འཕྲལ་ཉིད་དུ་ཡོངས་སུ་གྲོལ་བར་འགྱུར་རོ། །ལོ་ཐོག་དང་། མེ་ཏོག་དང་། འབྲས་བུ་

རྣམས་ལེགས་པར་ཡོངས་སུ་སྨིན་པར་འགྱུར་རོ། །རོ་བཟང་བ་དང་། ལེགས་པར་སྨིན་པར་འགྱུར་རོ། །དོན་ཡོད་པའི་ནོར་བུ་མཆོད་པའི་སྙིང་པོའི་ཀླུའི་ཆར་འབེབས་པའི་ཆོ་གའོ། །དེ་ནས་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕ་རོལ་གྱི་དམག་ཚོགས་དང་། འབྲོག་དགོན་པའི་

เล่ม ๙๓ · หน้า 36b

འཇིགས་པ་རབ་ཏུ་ཞི་བར་འདོད་པའི་རིག་སྔགས་འཆང་དེས་རིག་པའི་རྒྱལ་པོ་འབའ་ཞིག་རས་ལ་བྲི་བར་བྱ་སྟེ། དཔལ་ལྷ་མོའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་དཔག་མེད་ཀྱི་ཅོད་པན་འཆང་བའི་རྒྱལ་པོ་ཆེན་

པོ་བཞི་བྲི་བར་བྱའོ། །ཚོན་སྣ་ཚོགས་པ་རྣམ་པར་བཀྲ་བའི་རྒྱལ་མཚན་གྱི་མཆོག་གདགས་པར་བྱའོ། །ཀླུའི་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་བྱའོ། །དོན་ཡོད་པའི་ཞགས་པའི་ནོར་བུའི་སྙིང་པོའི་གཟུངས་འདི་ཡང་བརྗོད་པར་བྱ་ཞིང་འཇུག་པར་བྱ་སྟེ། དང་པོར་རྒྱལ་མཚན་གྱི་མཆོག་མཐོང་བ་

ཙམ་གྱི་མོད་ལ་བུད་མེད་དང་སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱི་ནད་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་། ནད་ཐམས་ཅད་ཡོངས་སུ་གྲོལ་ལོ། །ཉེས་པར་བྱས་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་གྲོལ་ལོ། །

དུག་དང་བྱད་སྟེམས་དང་། ཕྱེ་མའི་སྦྱོར་བའི་དུག་དང་། དུག་གི་འཇིགས་པ་ཐམས་ཅད་ཡོངས་སུ་གྲོལ་ལོ། །དགྲའི་འཇིགས་པ་ཐམས་ཅད་ཡོངས་སུ་གྲོལ་ལོ། །སྡིག་པ་ཐམས་ཅད་ཡོངས་སུ་གྲོལ་ལོ། །རྒྱལ་མཚན་གྱི་མཆོག་ལ་བཏགས་པ་མཐོང་ནས་མཐོང་བ་ཙམ་གྱི་མོད་ཁོ་ན་ལ། སྔོན་གྱི་

སྡིག་པ་དང་། སྒྲིབ་པ་དང་། མཚམས་མེད་པ་ལྔའི་འགྲོ་བ་རྣམས་ལས་ཡོངས་སུ་གྲོལ་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང་། ཡིད་གཉིས་བསྐྱེད་པར་མི་བྱའོ། །དང་པོར་གྲོང་ཁྱེར་གྱི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་མཚན་གྱི་མཆོག་འདི་ཞུགས་པ་ཙམ་གྱི་མོད་ལ་མི་ངས་དང་། མུ་གེ་དང་།

ཡམས་ཀྱི་ནད་དང་། འབྲོག་དགོན་པའི་ཉེ་བར་འཚེ་བ་དང་། འགོ་བའི་ནད་དང་། འཁྲུག་པ་ཐམས་ཅད་དང་། གདོན་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲིབ་གནོན་དང་། བརྗེད་བྱེད་ཐམས་ཅད་དང་། ལོག་པར་འདྲེན་པའི་འཇིགས་པ་མི་བཟད་པ་

ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ཆོམ་རྐུན་དང་། གཡོན་ཅན་དང་། རྐུན་མོའི་འཇིགས་

เล่ม ๙๓ · หน้า 37a

པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །རྨི་ལམ་ངན་པ་དང་། མཚན་མ་ངན་པ། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ཡུལ་དང་། གྲོང་དང་། དགོན་པ་པ་དང་། ནགས་ཚང་ཚིང་དང་། གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་རྣམས་ཐམས་ཅད་དུ་ཡང་།

བདེ་བ་བྱེད་པར་འགྱུར་རོ། །ལོ་ལེགས་པ་དང་། དགའ་བར་འོས་པ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚེ་བ་མེད་པ་དང་། ནད་མེད་པར་འགྱུར་རོ། །སེམས་ཅན་དེ་རྣམས་ཐམས་ཅད་དུ་ཡང་། ཕན་ཚུན་དུ་དགའ་བ་དང་། རབ་ཏུ་མགུ་བ་ཆེན་པོས་ཕན་ཚུན་བྱམས་པའི་སེམས་སུ་འགྱུར་རོ། །དོན་ཡོད་པའི་

མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་འདི་ཡིད་རྩེ་གཅིག་པས་ཚེས་བཅོ་ལྔའི་ཉ་ལ་ཉིན་མཚན་ཐོག་ཐག་ཏུ་སྨྱུང་བར་གནས་པས་གཙང་མ་གོས་གཙང་མ་བགོ་བར་བྱའོ། །འབྱུང་ལྔའི་ཉེ་རེག་གིས་གཙང་སྦྲ་དང་། ཁྲུས་དང་། དྲིའི་ཆུ་ཙམ་གྱིས་རྗེས་སུ་མཐུན་པའི་བྱུག་པ་བྱས་ཏེ། སྐྱིལ་མོ་ཀྲུང་དུ་འདུག་

ནས་རིག་པའི་རྒྱལ་པོ་ལ་མངོན་དུ་ཕྱོགས་ནས་བཟླས་བརྗོད་བྱའོ། །མཚན་ཐོག་ཐག་ཏུ་མཆོད་པ་ཆེན་པོ་རྒྱུན་མི་འཆད་པར་བསྒྲུབ་པར་བྱའོ། །དྲིའི་ཏིལ་མར་གྱི་མེ་དབུལ་བར་བྱ་ཞིང་། བགྲང་ཕྲེང་དཔག་ཏུ་མེད་པ་བྱས་པའི་བཟླས་བརྗོད་དབུལ་བར་བྱའོ། །ལན་རེ་རེ་བཟླས་པས་ལན་བརྒྱ་སྟོང་

ཕྲག་ཡོངས་སུ་བཟླས་པར་འགྱུར་རོ། །ཇི་སྲིད་དུ་རིག་པའི་རྒྱལ་པོའི་བྲིས་སྐུ་འབར་བར་བྱེད་དོ། །འདི་ལྟ་སྟེ། འོད་ཟེར་སྣ་ཚོགས་པ་འབྱིན་པར་བྱེད་དོ། །རིག་སྔགས་འཆང་དགའ་བར་བྱེད་ཅིང་། སྤྱི་བོའི་གཙུག་ནས་འབར་བར་བྱེད་དོ། །ནམ་མཁའ་ནས་རིག་སྔགས་འཆང་ཁྱོད་ཀྱིས་བཟླས་བརྗོད་ཀྱི་

ཆོ་ག་མཆོག་ཏུ་བྱས་པ་ལེགས་སོ་ལེགས་སོ་ཞེས་སྒྲ་འབྱིན་པར་བྱེད་དོ། །འདི་ནི་རིག་སྔགས་འཆང་རྣམས་ཀྱི་མཆོག་གི་བཟླས་པའི་ཆོ་ག་སྟེ། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་པར་གྲུབ་

བོ། །ཁྱོད་ཀྱིས་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོའི་གཟུངས་ཀྱི་དངོས་གྲུབ་ཀྱང་གྲུབ་བོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཐུན་མོང་གི་སྙིང་པོ་དང་གཟུངས་སྨྲས་པས། རིག་པ་འཛིན་པའི་མཆོག་དེ་ཐམས་

เล่ม ๙๓ · หน้า 37b

ཅད་རྗེས་སུ་མཐུན་པར་སྩོལ་བར་འགྱུར་རོ། །འདི་ལྟ་སྟེ་གསང་སྔགས་ཀྱི་དངོས་གྲུབ་བམ། གཟུངས་ཀྱི་དངོས་གྲུབ་བམ། ཆོ་ག་ཞིབ་མོའི་དངོས་གྲུབ་བམ། རིགས་ཐུན་མོང་བའི་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པའི་དངོས་གྲུབ་བམ། ཕྱག་རྒྱའི་དམ་ཚིག་གི་དངོས་གྲུབ་བམ། ནམ་མཁའ་ལ་འགྲོ་བའམ། མི་

སྣང་བའམ། གཟུགས་སྣ་ཚོགས་སུ་བསྒྱུར་བའམ། མིག་འཕྲུལ་ལམ། རྫུ་འཕྲུལ་སྟོན་པའམ། ཀླུའི་གཞལ་མེད་ཁང་ངམ། ལྷའི་གཞལ་མེད་ཁང་ངམ། གནོད་སྦྱིན་གྱི་གཞལ་མེད་ཁང་ངམ། དྲི་ཟའི་གཞལ་མེད་ཁང་ངམ། ལྷ་མ་ཡིན་གྱི་གཞལ་མེད་ཁང་ངམ། ནམ་མཁའ་ལྡིང་གི་གཞལ་མེད་ཁང་ངམ།

མིའམ་ཅིའི་གཞལ་མེད་ཁང་ངམ་ལྟོ་འཕྱེ་ཆེན་པོའི་གཞལ་མེད་ཁང་ངམ། ཉི་མའི་གཞལ་མེད་ཁང་ངམ། ཟླ་བའི་གཞལ་མེད་ཁང་ངམ། སྐར་མའི་ཚོགས་ཀྱི་གཞལ་མེད་ཁང་ངམ། རྒྱུ་སྐར་གྱི་གཞལ་མེད་ཁང་ངམ། སྲིན་པོའི་གཞལ་མེད་ཁང་ངམ། འདོད་པའི་གཟུགས་ཀྱི་གཞལ་མེད་ཁང་ཡང་རུང་སྟེ་དེ་

ཐམས་ཅད་རྗེས་སུ་འཛིན་ནོ། །འདི་ནི་ཁྱོད་ཀྱིས་བྱ་བ་ཐམས་ཅད་བཀླགས་པས་འགྲུབ་ཅིང་བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ཀྱེ་རིག་སྔགས་འཆང་བྱ་བ་རྣམ་པ་སྣ་ཚོགས་པ་དེ་རྣམས་རྗེས་སུ་འཛིན་ནོ། །འདི་ལྟ་སྟེ། ནོར་སྒྱུར་བར་སྨྲ་བ་དང་། ཞིང་སྨྲ་བ་དང་། ནོར་བུ་སྨྲ་བ་དང་། ཞགས་པའི་དངོས་

གྲུབ་དང་། མིག་སྨན་སྒྲུབ་པ་དང་། ཐིག་ལེ་སྒྲུབ་པ་དང་། དབང་ཕྱུག་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་ཉིད་དང་། སྟོབས་ཆེ་བ་ཉིད་དང་། ལོངས་སྤྱོད་ལ་དམིགས་པ་དང་། ཡུལ་གྱི་བདག་པོ་ཉིད་དང་། དབང་ཕྱུག་དང་། ནོར་འཕེལ་བ་དང་། གཏེར་གཡོ་བ་དང་། ཉོ་ཚོང་གི་གྲོགས་

བྱེད་པ་དང་། འགུགས་པ་དང་། ཁུང་དུ་འཇུག་པ་དང་། རི་ལ་འཇུག་པ་དང་། ནགས་སུ་འཇུག་པ་དང་། མེ་ལ་འཇུག་པ་དང་། ས་འོག་ཏུ་འཇུག་པ་དང་། ཀླུའི་ཆར་འབེབས་པ་དང་། ཆར་གྱི་རྒྱུན་དང་། སེར་བའི་རྒྱུན་དང་། སེར་བ་འབེབས་པ་དང་། གྲོང་ལྟ་བ་དང་། གཡུལ་དུ་འཇུག་པ་དང་། རིག་སྔགས་

འཆང་ཉིད་དང་། སངས་རྒྱས་ཀྱི་ཞིང་མཐོང་བ་ཉིད་དང་། ལྡོང་རོས་ཀྱི་མིག་སྨན་སྒྲུབ་པ་དང་། རལ་གྲི་སྒྲུབ་པ་དང་། རྡོ་རྗེ་སྒྲུབ་པ་དང་། རྩེ་གསུམ་སྒྲུབ་པ་དང་། འཁོར་ལོ་སྒྲུབ་པ་དང་། དུང་སྒྲུབ་པ་དང་། གཏུན་ཤིང་སྒྲུབ་པ་དང་། དགྲ་སྟ་སྒྲུབ་པ་དང་། མདའ་བོ་ཆེ་སྒྲུབ་པ་དང་། ཐོ་བ་སྒྲུབ་པ་དང་། དྲིལ་བུ་སྒྲུབ་པ་དང་། རྫས་སྒྲུབ་པ་

เล่ม ๙๓ · หน้า 38a

དང་། སྨན་སྒྲུབ་པ་དང་། བཅུད་ཀྱིས་ལེན་སྒྲུབ་པ་དང་། རོ་ལངས་སློང་བར་བྱེད་པ་དང་། རང་གི་གནས་འབེབས་པ་དང་། གོས་འབེབས་པ་དང་། རིམས་འབེབས་པ་དང་། ཤི་བ་སློང་བར་བྱེད་པ་དང་། གདོན་ཐམས་ཅད་འབེབས་པ་དང་། ཐོད་པ་འབེབས་པ་དང་། བུམ་པ་འབེབས་པ་དང་།

བུམ་བུ་འབེབས་པ་དང་། ལྟེང་ཀ་འབེབས་པ་དང་། དྲིལ་བུ་འབེབས་པ་དང་། ཐོ་བ་འབེབས་པ་དང་། རལ་གྲི་འབེབས་པ་དང་། མེ་ལོང་འབེབས་པ་དང་། པདྨ་འབེབས་པ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་འབེབས་པ་དང་། མཛེས་པར་བྱེད་པ་དང་། གར་བྱེད་པ་དེ་རྣམས་ཐམས་ཅད་བཀླགས་

པས་གྲུབ་པ་དང་བཟླས་པས་འགྲུབ་པས་རིག་སྔགས་འཆང་རྗེས་སུ་འཛིན་ཏེ། དོན་མཐའ་ཡས་ཤིང་དོན་མཐའ་ཡས་པ་དེ་རྣམས་ཐམས་ཅད་གྲུབ་པའི་ཆེད་དུ་གྱིས་ཤིག་ཅེས་སོ། །དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། རིག་སྔགས་འཆང་ཁྱོད་དགེ་བ་འགྲུབ་ཅིང་རིག་པ་སྟེ། རིག་སྔགས་

འཆང་གྲུབ་པ་ཁྱོད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་བྱེད་པར་འགྱུར་རོ། །རིག་སྔགས་འཆང་ཁྱོད་ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོའོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱོད་ཕྱིར་མི་ལྡོག་པར་ལུང་བསྟན་ནོ། །འདི་ནི་སྐྱེ་བ་ཐ་མ་སྟེ།

མངལ་གྱི་དྲི་མས་མ་གོས་པར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེ་བའི་སྐྱེ་བ་དྲན་པར་ཡང་འགྱུར་རོ། །ཁྱོད་དགེ་བའི་རྩ་བ་ཐམས་ཅད་ལ་མངོན་པར་ཕྱོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་དང་། གཟུངས་ཀྱི་རིམ་པར་

ཕྱེ་བ་དང་། ཆོ་ག་ཞིབ་མོ་ལ་ཇི་སྲིད་བྱང་ཆུབ་ལ་མཐར་ཐུག་པའི་བར་དུ་མངོན་དུ་ཕྱོགས་པར་འགྱུར་རོ། །དེ་བཞིན་དུ་སྒྲ་ཡིས་ལུང་སྟོན་པར་བྱེད་པ་སྨྲས་ནས་མི་སྣང་བར་འགྱུར་རོ། །དེ་ནས་རིག་པའི་རྒྱལ་པོའི་རས་རིས་དེའི་སྨིན་མའི་བར་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་རྣམ་པར་བཀྲ་ཞིང་བཀྲ་བ་འབྱིན་པར་

བྱེད་དེ། དེ་མ་ཐག་ཏུ་ཀུན་ནས་སྣང་བར་བྱེད་དོ། །ཀུན་ནས་སྣང་བར་བྱས་ནས་ཀྱང་། རིག་སྔགས་འཆང་གི་ལུས་ལ་བབ་སྟེ་མི་སྣང་བར་འགྱུར་རོ། །མི་སྣང་བར་གྱུར་པའི་དེ་མ་ཐག་ཏུ་རིག་སྔགས་འཆང་དེས་ཏིང་ངེ་འཛིན་སྟོང་ཕྲག་བརྒྱ་ཐོབ་པར་འགྱུར་རོ། །འདི་ལྟ་སྟེ་ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་དང་།

เล่ม ๙๓ · หน้า 38b

རྣམ་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་དང་། ཀུན་ནས་སྒོའི་ཏིང་ངེ་འཛིན་དང་། ཀུན་ནས་འོད་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་དང་། འོད་ཡངས་པའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་དང་། དོན་ཡོད་པ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་དང་། དོན་ཡོད་པ་མཆོད་པའི་ནོར་བུའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་

ནོར་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དངོས་གྲུབ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་རིམ་པར་ཕྱེ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་གསང་བའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་གཟུངས་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་གཟིགས་པའི་ནོར་

བུའི་རྒྱལ་པོའི་ཏིང་ངེ་འཛིན་དང་། དུས་ཀྱི་རྗེས་སུ་འབྲང་བའི་ཏིང་ངེ་འཛིན་དང་། པདྨ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། པདྨ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞགས་པ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟག་པར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་

བའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུ་སྐར་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དངོས་གྲུབ་ཀྱི་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ནོར་བུའི་གཟི་བརྗིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དབང་ཕྱུག་གི་མཐུ་སྟོབས་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་

དང་། འོད་ཟེར་ཀུན་ནས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བློ་ཡང་དག་པར་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གསལ་བར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཀུན་ཏུ་གཟིགས་པའི་པདྨ་ཞེས་བྱ་བའི་ཏིང་ངེ་འཛིན་

དང་། རྟག་པར་ཆར་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དངོས་གྲུབ་ཡངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ཀུན་ཏུ་རྣམ་པར་

སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྕེའི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུ་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡངས་པར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་

เล่ม ๙๓ · หน้า 39a

འཛིན་དང་། བློ་འགུགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་མངོན་པར་བཀྲམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་འཕྲུལ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་རྣམ་པར་དག་ཅིང་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡན་ལག་ཅེས་བྱ་

བའི་ཏིང་ངེ་འཛིན་དང་། ཐམས་ཅད་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ། །མདོར་བསྡུ་ན་ཏིང་ངེ་འཛིན་འདི་རྣམས་བཀླགས་པ་ཙམ་དང་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་སྒྲུབ་པའི་དངོས་གྲུབ་སོ་སོར་ཐོབ་བོ། །གང་ཞིག་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་ཏིང་ངེ་འཛིན་དང་། གསང་

སྔགས་དང་རྣམ་པར་འཕྲུལ་པ་རྣམས་སོ་སོར་ཐོབ་བོ། །ཏིང་ངེ་འཛིན་གཞན་དེ་རྣམས་ནི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་དངོས་གྲུབ་སོ་སོར་ཐོབ་བོ། །ལག་ན་རྡོ་རྗེ་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གཞན་ཡང་བཀླགས་པས་གྲུབ་པ་དང་། བཟླས་པ་ཙམ་ལས་སོ་སོར་ཐོབ་བོ། །གང་གིས་འཇིག་

རྟེན་ལས་འདས་པའི་དངོས་གྲུབ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། ཕྱག་རྒྱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཐུན་མོང་བར་གྱུར་པ་མཐོང་བའི་དངོས་གྲུབ་སོ་སོར་ཐོབ་བོ། །ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་གང་གིས་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱིས་དུས་གསུམ་པའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་གྱི་གསང་བ་དང་། གསང་སྔགས་དང་། ཕྱག་རྒྱ་དང་། སྤྱི་གཙུག་ཀུན་ཏུ་གཟིགས་པར་འགྱུར་རོ། །ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་གང་ཡིན་པ་དེ་རྣམས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་རྒྱལ་མཚན་གྱི་མཆོག་ཏུ་ཀུན་ཏུ་གནས་སོ། །གང་གིས་སྐྱེ་བ་བརྗེས་པའི་མོད་དང་། བསྒོམས་པའི་མོད་ལ་རྒྱལ་མཚན་གྱི་མཆོག་དང་ལྡན་པའི་སྒོ་མཆོག་ཏུ་གནས་སོ། །འདི་ལྟ་སྟེ། དོན་ཡོད་པའི་ཡེ་ཤེས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་

བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་གཙང་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་ཀུན་ཏུ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རྩེ་

เล่ม ๙๓ · หน้า 39b

བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་འབར་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་

དང་། དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ནོར་བུ་རིན་པོ་ཆེ་ཆེན་པོའི་ཆར་འབེབས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པ་དྲི་མ་མེད་པའི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པ་ཟབ་མོའི་སྒྲ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་

དངོས་གྲུབ་ཀྱི་ཞགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡིད་བཞིན་གྱི་ནོར་བུའི་འོད་ཀྱི་སྣང་བ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། འདི་རྣམས་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་རྣམས་སོ་སོར་ཐོབ་ཅིང་ཏིང་ངེ་འཛིན་གཞན། འཇིག་རྟེན་ལས་

འདས་པ་བརྒྱ་སྟོང་ཕྲག་བཀླགས་པ་དང་། བཟླས་པ་ཙམ་གྱིས་གྲུབ་པར་འགྱུར་རོ། །རིག་པའི་རྒྱལ་པོའི་གཟུངས་ཀྱི་སྙིང་པོ་འདི་ཡོན་ཏན་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཆེ་བ་སྟེ། དོན་ཡོད་པ་ལྕགས་ཀྱུའི་ཆོ་ག་ཞིབ་མོ་ལ། དོན་ཡོད་པ་ནོར་བུའི་མཆོད་པ་

ཞེས་བྱ་བའི་གཟུངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་ཞགས་པའི་སྙིང་པོའི་གཟུངས་གསུངས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་རྗེས་སུ་འབྲང་བ། དགེ་བའི་རྩ་བ་ཐམས་ཅད་སྐྱེ་བར་བྱེད་པ། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། གཟུངས་ཀྱི་

ཚིག་གི་སྙིང་པོ་གང་ཞིག་བཀླགས་པ་ཙམ་དང་བཟླས་པ་ཙམ་གྱིས་འདི་རྣམས་བྱེད་པའི་དངོས་གྲུབ་སོ་སོར་ཐོབ་པའོ། །སྒྲུབ་པ་འདི་རྣམས་ཐམས་ཅད་ནི་ལས་ཀྱི་རྣམ་པར་འཕྲུལ་དུ་འགྱུར་བ་མ་ཡིན་ནོ། །དེ་ནས་རིག་སྔགས་འཆང་དེ་སྨྱུང་བར་གནས་ཏེ། བཟླས་པ་གཅིག་དང་བཀླགས་པའི་དངོས་

གྲུབ་ཀྱིས་དེ་ལྟ་བུའི་རྒྱས་ཤིང་གསལ་བ་ཐོབ་བོ། །དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཡང་སོ་སོར་ཐོབ་སྟེ། དོན་རྒྱ་ཆེ་བ་དང་། ལོངས་སྤྱོད་དང་ལྡན་པ་དང་། གཟུངས་ཀྱི་དངོས་གྲུབ་ཆེན་པོ་སོ་སོར་ཐོབ་བོ། །བཀོད་པ་ཡངས་པ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་གསང་བ་སོ་སོར་

เล่ม ๙๓ · หน้า 40a

ཐོབ་པོ། །དཔག་བསམ་གྱི་ཤིང་ཡང་དག་པར་གང་བའི་ཆར་འབེབས་པ་དང་། གཟུངས་ཀྱི་རྣམ་པར་འཕྲུལ་པའི་བཀོད་པ་སོ་སོར་ཐོབ་བོ། །ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱ་མཚོ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་པ་དང་། ཀུན་ནས་ཀུན་ཏུ་གཟིགས་པའི་རྒྱལ་མཚན་གྱི་གཟུངས་

ཀྱི་གསང་བའི་ཆར་འབེབས་པའི་དངོས་གྲུབ་སོ་སོར་ཐོབ་བོ། །ཀུན་ནས་གསེར་གྱི་རྒྱལ་མཚན་གྱི་ཆར་འབེབས་པའི་གཟུངས་ཀྱི་བཀོད་པ་རྣམ་པར་བལྟས་པ་དང་། དོན་ཡོད་པའི་བཀོད་པ་རབ་འབྱམ་གྱི་དངོས་གྲུབ་རབ་ཏུ་ཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་ལྟ་བའི་རྒྱལ་

མཚན་གྱི་གཟུངས་ཀྱི་རྣམ་པར་འཕྲུལ་པ་སོ་སོར་ཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དང་། དཀྱིལ་འཁོར་རྣམ་པར་ལྟ་བའི་དངོས་གྲུབ་སོ་སོར་ཐོབ་བོ། །རྣམ་པར་ཐར་པའི་དཀྱིལ་འཁོར་ཡངས་པ་ཐམས་ཅད་སོ་སོར་ཐོབ་བོ། །ཕན་ཡོན་ཆེན་པོ་དང་། རྣམ་པར་འཕྲུལ་

པ་ཆེན་པོ་བྱིན་གྱིས་བརླབས་པ་འདི་རྣམས་སོ་སོར་ཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པས་བྱིན་གྱིས་བརླབས་པས་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་གང་བཀླགས་པ་ཙམ་གྱིས་ཡོན་ཏན་དང་ཕན་ཡོན་རྗེས་སུ་བསྔགས་པ་དང་། རྣམ་པར་འཕྲུལ་པ་ཆེན་པོ་སོ་

སོར་ཐོབ་བོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་མཆོག་ཏུ་དགའ་བ་སྐྱེས་ཤིང་མཆོག་ཏུ་སྐྱི་བུང་ཞེས་བྱེད་པ་སྐྱེས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་ལ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་

དབང་ཕྱུག་གིས་གསུངས་པའི་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་གང་ཡིན་པ་འདི་མཆོག་ཏུ་རྙེད་པར་དཀའོ། །ཡིད་བཞིན་གྱི་ནོར་བུར་གྱུར་པའི་སྙིང་པོ་གཟུངས་གང་ཡིན་པ་ནི་མཆོག་ཏུ་རྙེད་པར་དཀའོ། །མཐུ་ཆེན་པོ་དང་། ཕན་ཡོན་ཆེན་པོ་དང་། ཡོན་ཏན་ཆེན་པོ་སྐྱེད་པ་དང་མཐུན་པ་

རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེ་བར་བལྟ་བར་བྱའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། བུད་མེད་དམ།

เล่ม ๙๓ · หน้า 40b

སྐྱེས་པའམ། ཁྱེའུའམ་བུ་མོ་ཡང་རུང་སྟེ། ལན་ཅིག་བཟླས་པ་དང་། དྲན་པ་ཙམ་དང་བཀླགས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དང་། དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་སྡིག་པ་ཐམས་ཅད་ཟད་པར་གྱུར་པ་དེ་ཅི་ལགས། བཅོམ་ལྡན་འདས་འཇིག་རྟེན་པ་རྣམས་གྲུབ་པར་

འགྱུར་བཅི་ལགས། འཇིག་རྟེན་ལས་འདས་པའི་ལམ་ཡོངས་སུ་དག་པར་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་པར་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྟག་ཏུ་མཆོག་སྩོལ་བ་དེ་ཅི་ལགས། བཅོམ་ལྡན་

འདས་བདག་ལ་དེའི་སྐབས་དབྱེ་བར་མཛད་དུ་གསོལ། དེ་ལྟ་བུའི་ཕན་ཡོན་ཕུལ་དུ་བྱུང་བ་ནི་བཅོམ་ལྡན་འདས་མཆོག་ཏུ་ངོ་མཚར་བར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་མཆོག་ཏུ་རྙེད་པར་དཀའ་བའི་དྲི་བ་དྲིས་པ་དེ་ངས་ཇི་ལྟ་

བ་བཞིན་དུ་ད་ལྟ་བཤད་པར་བྱ་ཡི་ཉོན་ཅིག །ལག་ན་རྡོ་རྗེ་འདི་ནི་བཀླགས་པ་ཙམ་གྱི་མོད་དང་། བརྗོད་པ་ཙམ་གྱི་མོད་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་དགའ་བ་དང་བཅས་པས་ཕྱག་གཡས་པ་སྤྱི་བོར་འཇོག་པར་བྱེད་དོ། །མངོན་སུམ་དུ་རང་གི་

གཟུགས་ཀྱིས་མདུན་ན་ཉེ་བར་གནས་ཏེ་དབུགས་འབྱིན་པར་ཡང་བྱེད་དོ། །དེ་ཅི་ལྟར་ཞེ་ན། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་བཞིན་གྱིས་ལུས་ཡོངས་སུ་དག་པ་གཟུང་བའི་གཟུངས་ཀྱི་སྙིང་པོའོ། །འདི་ནི་དོན་ཡོད་པའི་རང་བཞིན་གྱི་སྙིང་པོའོ། །འདི་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་

འཛིན་དང་གཟུངས་ཀྱི་རྣམ་པར་འཕྲུལ་པའོ། །འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་བཞིན་མཐོང་བའོ། །འདི་ནི་བཅུ་གཅིག་ཞལ་མཐོང་བའོ། །འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྣ་ཚོགས་པའི་གཟུགས་མཐོང་བའོ། །འདི་ནི་འཕགས་པ་སྤྱན་རས་གཟིགས་

དབང་ཕྱུག་གི་སྤྲུལ་པའི་སྤྲིན་མཐོང་བའོ། །འདི་ནི་མགྲིན་པ་སྔོན་པོ་དང་། སྲེད་མེད་ཀྱི་བུའི་གཟུགས་མཐོང་བའོ། །འདི་ནི་འཇིག་རྟེན་གསུམ་མཐོང་བའོ། །རྟ་མགྲིན་མཐོང་བའོ། །འདི་ནི་པདྨོ་ཡངས་པའི་གསང་བའི་དཀྱིལ་འཁོར་མཐོང་བའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་

เล่ม ๙๓ · หน้า 41a

པའི་སྤྲིན་གྱི་རྣམ་པར་འཕྲུལ་པའོ། །འདི་ནི་རྡོ་རྗེའི་སྙིང་པ་ཆེན་པོ་མཐོང་བའོ། །འདི་ནི་མགོའི་སྙིང་པོ་ཆེན་པོའོ། །འདི་ནི་སྣ་ཚོགས་པའི་གཟུགས་ཀྱི་རང་བཞིན་མཐོང་བའོ། །འདི་ནི་དོན་ཡོད་པའི་གཟུགས་དང་དོན་ཡོད་པའི་དངོས་གྲུབ་ཀྱི་རྣམ་པར་འཕྲུལ་པའོ། །འདི་ནི་དེས་

ཐམས་ཅད་དུ་འགུགས་པས་ན་ཞགས་པར་བརྗོད་པར་བྱའོ། །དོན་ཡོད་པ་ཡིད་བཞིན་གྱི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་སུ་བརྗོད་པར་བྱ་སྟེ། དོན་ཡོད་ཞགས་པའི་སྙིང་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དམ་པར་གྱུར་པའི་ངོ་བོ་ཉིད་ཀྱི་སྐུ་གཞན་དུ་གྱུར་པ་མཐོང་བ་མཚུངས་

པ་སྟེ། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདི་དག་མཐོང་བ་དང་མཚུངས་པར་འགྱུར་རོ། །བཀླགས་པ་དང་བརྗོད་པ་ཙམ་གྱི་མོད་ལ་དུས་གསུམ་དུ་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག་པུར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་

ཡོངས་སུ་དག་པའི་སྐུ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་པ་དང་མཉམ་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་སྐུར་ཡང་འགྱུར་རོ། །དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པར་ལུང་སྟོན་ཅིང་། བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་

པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་རྟག་ཏུ་རྒྱུན་མི་འཆད་པར་མཐོང་བར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ། །བདུད་ལ་སོགས་པ་དང་། གདུག་པའི་རྨི་ལམ་དང་། ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད་པར་བྱས་པར་འགྱུར་རོ། །

བཅིང་བ་ལྔས་བཅིངས་ཤིང་གཟིར་བ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། བརྗེད་བྱེད་དང་། ཚངས་པའི་སྲིན་པོ་རྣམས་ཐམས་ཅད་རིང་དུ་འབྲོས་པར་འགྱུར་རོ། །རིམས་ཐམས་ཅད་དང་། ནད་ཐམས་ཅད་དང་། འབྲས་དང་། ཕོལ་

མིག་དང་། རྩོག་ཤུ་དང་། ལྷོག་པ་དང་། མཚན་བར་རྡོལ་བ་དང་། གཡན་པ་དང་། མཛེ་དང་། རྐང་ཤུ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ལུས་ཀྱི་གཟེར་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །ཇི་ལྟར་ཤེལ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པར་

เล่ม ๙๓ · หน้า 41b

འགྱུར་རོ། །ཚིག་བཙན་པར་ཡང་འགྱུར་རོ། །གསང་སྔགས་དང་། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ། །འཇིག་རྟེན་ཐམས་ཅད་དགའ་བར་ཡང་འགྱུར་རོ། །རྒྱལ་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་གིས་ཆེར་མཆོད་པར་བྱ་བར་འགྱུར་རོ། །སེམས་

ཅན་ཐམས་ཅད་ཀྱི་མཆོད་པར་འོས་པ་གཅིག་པུར་འགྱུར་རོ། །ནོར་དང་འབྲུ་འཕེལ་བར་ཡང་འགྱུར་རོ། །བསམ་པ་དང་ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། །ཆོམ་རྐུན་དང་། གཡོ་ཅན་དང་། རྐུན་པོས་རྣམ་པར་སྐྲག་པ་དང་། གཅན་གཟན་ཁྲོ་བོ་དང་། གཡང་ས་དང་། ཁྱིམ་

རྡིབ་པ་དང་། གསོད་པ་དང་། འཆི་བ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་རྣམས་ཐམས་ཅད་འབྱུང་བར་མི་འགྱུར་རོ། །མེ་དང་ཆུས་དུས་བྱེད་པ་དང་། རླུང་དང་། ཚང་པ་དང་། སད་དང་། སེར་བ་རྣམས་ཀྱིས་མི་ཚུགས་སོ། །དགྲ་ཐམས་ཅད་ཀྱིས་འཇིགས་པར་མི་འགྱུར་རོ། །ཐམས་ཅད་

བྱམས་པའི་ཡིད་དུ་འགྱུར་རོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་དབང་དུ་གྱུར་པར་བྱེད་དོ། །འདི་ནི་བཀླགས་པ་ཙམ་གྱིས་འཇིག་རྟེན་པ་རྣམས་ཀྱི་ཡོན་ཏན་ཆེན་པོ་བསྐྱེད་པ་དང་། རྣམ་པར་འཕྲུལ་པར་འགྱུར་རོ། །དེ་འཆི་འཕོ་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་བྱེ་བ་

ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་མངོན་སུམ་དུ་མཐོང་བར་འགྱུར་ཏེ། རིགས་ཀྱི་བུ་ཚུར་ཤོག །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་དང་། ཁྱོད་ཀྱིས་ལམ་ཡོངས་སུ་དག་པར་བྱས་པའོ། །འཆི་བའི་དུས་སུ་གྱུར་པ་ན་བསམས་པ་ཉིད་ཀྱི་མོད་ལ་པདྨ་ལས་བརྫུས་ཏེ་སྐྱེ་བར་

འགྱུར་རོ། །རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། ཚེ་རབས་དྲན་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་མངོན་སུམ་དུ་མཐོང་བ་ཙམ་གྱིས་ཕྱིར་མི་ལྡོག་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །རྣམ་པར་ཐར་པའི་

དཀྱིལ་འཁོར་དང་པདྨོ་ཡངས་པའི་གསང་བ་མཐའ་དག་རྫོགས་པ་དང་། དོན་ཡོད་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་མངོན་དུ་འགྱུར་ཞིང་ཁ་ཏོན་དུ་ཀུན་ཏུ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་རྗེས་སུ་དྲན་པར་བྱེད་དོ། །ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་དེ་བཞིན་

เล่ม ๙๓ · หน้า 42a

གཤེགས་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཚུངས་པར་ལྷན་ཅིག་ལུང་སྟོན་པ་སོ་སོར་ཐོབ་སྟེ། ནམ་དུ་ཡང་ཕྱིར་ཞིང་རྣམ་པར་གྲོལ་བར་འགྱུར་བ་དང་། ཇི་སྲིད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བསྟན་པའི་བར་དང་། ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ལུས་སུ་གྱུར་གྱི་བར་དུ་འཇིག་

རྟེན་ལས་འདས་པའི་ཕན་ཡོན་དང་། རྣམ་པར་འཕྲུལ་པ་བཀླགས་པས་གྲུབ་པར་འགྱུར་རོ། །དེ་ནས་བཟླས་པ་ཙམ་གྱིས་དངོས་གྲུབ་བཤད་པར་བྱ་སྟེ། སྔ་དྲོ་གཅིག་བཟླས་པ་ཙམ་གྱི་མོད་ལ་མཚམས་མེད་པ་ལྔའི་སྡིག་པ་དང་། མནར་མེད་པའི་མཐར་གཏུགས་པའི་སྡིག་པ་དང་། རི་རབ་ལྷུན་པོ་

ཆེན་པོ་བདུན་གྱི་ཚད་ཙམ་བ་སྤུའི་ཁུང་བུ་རེ་རེར་སྒྲིབ་པ་བསགས་པ་དང་། བསྐལ་པ་སྟོང་ཕྲག་ཏུ་བསགས་པའི་སྔོན་གྱི་སྡིག་པ་དང་སྒྲིབ་པ་དེ་རྣམས་ཐམས་ཅད་སྔ་དྲོ་གཅིག་བཟླས་པ་ཙམ་གྱིས་སྡིག་པ་དང་ལས་ཀྱི་སྒྲིབ་པ་རྣམ་པར་ཉམས་པར་བྱེད་དེ། ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ། །

དམྱལ་བའི་འགྲོ་བ་ཆེན་པོ་བཅུ་དྲུག་ཏུ་གཞོལ་བ་དེ་རྣམས་ཐམས་ཅད་སྐད་ཅིག་གཅིག་གིས་ཡོངས་སུ་གྲོལ་ལོ། །སྨྱུང་བར་གནས་པ་གཅིག་གིས་བཟླས་པས་དུས་གསུམ་པའི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཀུན་ཏུ་བཟང་པོ་ཆེན་པོ་ཉིད་ཐོབ་བོ། །གང་ཡང་དེ་བཞིན་གཤེགས་པའི་

རིགས་དང་། པདྨོ་ཡངས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། དོན་ཡོད་ཞགས་པའི་སྙིང་པོ་ཐམས་ཅད་དུ་དངོས་སུ་རྗེས་སུ་འཇུག་པར་བྱེད་དོ། །ཐམས་ཅད་དུ་དམ་ཚིག་ཆེན་པོ་ཡང་དག་པར་འཛིན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་དངོས་

སུ་མཐོང་བ་སྦྱིན་པར་བྱེད་དོ། །དུས་གསུམ་པའི་དེ་བཞིན་གཤེགས་པ་རྣམས་རང་གི་གཟུགས་ཀྱིས་དངོས་སུ་མཐོང་བར་ཉེ་བར་གནས་པར་བྱེད་དོ། །དཀྱིལ་འཁོར་པའི་ལྷ་ཐམས་ཅད་དངོས་སུ་རྗེས་སུ་འབྲང་ཞིང་གནས་ཏེ། རྟག་ཏུ་རྣམ་པར་ལྟ་བར་འགྱུར་ཞིང་ཆེར་བཅིངས་པར་འགྱུར་རོ། །རིག་

པའི་རྒྱལ་པོ་ཐམས་ཅད་ཀྱང་རྟག་ཏུ་རྗེས་སུ་འབྲང་ཞིང་དངོས་སུ་མཐོང་བར་གནས་པར་བྱེད་དོ། །བརྒྱ་སྟོང་ཕྲག་བཟླས་པ་ཙམ་གྱིས་ལྕེ་རྡོ་རྗེ་ལྟར་བརྟན་པར་འགྱུར་ཞིང་། རྡོ་རྗེའི་སྙིང་པོ་དང་མཉམ་ཞིང་མཚུངས་པ་དང་། པདྨའི་འདབ་མ་ལྟ་བུའི་ཁ་དོག་དང་འདྲ་བར་འགྱུར་ཏེ། ཕྱིར་ཞིང་དེའི་ལུས་ལ་རེག་པ་

เล่ม ๙๓ · หน้า 42b

ངན་པ་འབྱུང་བར་མི་འགྱུར་རོ། །ཕྱིར་ཞིང་ལུས་འཕོ་བར་ཡང་མི་ནུས་ཤིང་། ཡོངས་སུ་དག་ཅིང་དྲི་མ་མེད་པའི་ལུས་སུ་འགྱུར་རོ། །ལུས་པདྨ་དཀར་པོའི་ཁ་དོག་དང་མཚུངས་པར་ཡང་འགྱུར་རོ། །གདུག་པ་ཐམས་ཅད་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་དང་།

འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། བགེགས་དང་། ལོག་པར་འདྲེན་པ་རྣམས་དང་། ཀླུ་མ་རུངས་པ་མི་བཟད་པ་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་ལུས་དང་ཕུང་པོ་ལ་བཟའ་བར་མི་འགྱུར་རོ། །ལུས་པདྨ་དཀར་པོའི་ཁ་དོག་དང་མཚུངས་

པར་འགྱུར་ཏེ། ལྷ་རྣམས་ལྷན་ཅིག་ཏུ་རྗེས་སུ་རྒྱུ་བར་བྱེད་དོ། །ཁ་ནས་ལྷ་རྫས་ཀྱི་ཨུཏྤ་ལ་སྔོན་པོའི་དྲི་འབྱུང་བར་འགྱུར་རོ། །ལུས་ལ་ལྷ་རྫས་ཀྱི་ཙནྡན་གྱི་དྲིས་བསྒོས་པར་འགྱུར་རོ། །རྐང་པ་དང་ལག་པ་གཞོན་ཤ་ཅན་དུ་འགྱུར་རོ། །མིག་གིས་ལེགས་པར་མཐོང་བར་འགྱུར་རོ། །

བཞིན་གྱི་དཀྱིལ་འཁོར་ཡོངས་སུ་རྒྱས་པར་འགྱུར་རོ། །སྙན་པ་ཐོས་པར་ཡང་འགྱུར་ཞིང་ལྷ་རྫས་ཀྱི་དྲི་ཚོར་བར་ཡང་འགྱུར་རོ། །བཟང་པོ་ལ་རེག་པའི་ལུས་སུ་ཡང་འགྱུར་རོ། །སྐྲ་བུང་བ་དང་མཚུངས་པ་ལ་ཞིང་འཁྱིལ་བའི་སྐྲ་རུ་འགྱུར་རོ། །ནམ་ཡང་ཕྱིར་ཞིང་ལུས་ཀྱི་ནང་གི་རླུང་

གི་ལས་དང་། དྲི་ངན་པས་བསྒོས་པར་མི་འགྱུར་རོ། །དྲི་མ་ཐམས་ཅད་བསལ་བར་འགྱུར་རོ། །འཇམ་པ་དང་། སྙན་པ་དང་། མཉེན་པའི་ངག་ཏུ་ཡང་འགྱུར་རོ། །ལྷའི་ང་རོ་དང་། ང་རོ་བཟང་བ་དང་། ང་རོ་ཟབ་སྙན་ཅིང་མཉེན་པ་དང་། མིའམ་ཅིའི་སྒྲ་ལྟ་བུ་དང་། ཀ་ལ་པིང་ཀའི་

སྒྲ་དབྱངས་སུ་འགྱུར་རོ། །མཛེས་པར་འགྲོ་བ་དང་། ཟབ་པར་འགྲོ་བར་ཡང་འགྱུར་རོ། །ལག་མཐིལ་གཏན་དུ་འཇམ་པ་དང་། སོར་མོ་རིང་བ་དང་། ལག་པའི་རི་མོ་ཤིན་ཏུ་རྣམ་པར་བཀྲ་བར་ཡང་འགྱུར་རོ། །སེང་གེའི་འགྲོས་དང་རྩལ་གྱིས་འགྲོ་བར་འགྱུར་རོ། །ཐམས་ཅད་དུ་ཐོགས་

པ་མེད་པའི་འགྲོས་སུ་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་གཅིག་པུར་མཆོད་པའི་འོས་སུ་ཡང་འགྱུར་རོ། །དཔལ་རྣམ་ཐོས་སྲས་རྗེས་སུ་མཐུན་པར་རྗེས་སུ་འབྲང་བར་འགྱུར་རོ། །ཚིག་མི་མཐུན་པ་ཡང་རྗེས་སུ་མཐུན་པར་འགྱུར་རོ། །ཐམས་ཅད་དུ་ངག་རྣམ་པར་དག་པར་ཡང་

เล่ม ๙๓ · หน้า 43a

འགྱུར་རོ། །འཇིག་རྟེན་པའི་བཟླས་པའི་དངོས་གྲུབ་བོ། །འཇིག་རྟེན་ལས་འདས་པ་ནི་སྐྱེ་བ་བརྗེས་ནས། པགས་པ་གསེར་གྱི་ཁ་དོག་ལྟ་བུ་དང་། བསམས་པ་ཉིད་ཀྱི་མོད་ལ་སྐྱེ་བར་འགྱུར་ཏེ། འོད་དཔག་མེད་ཀྱི་སྤྱན་སྔར་མདུན་གྱི་པདྨའི་སྙིང་པོ་ལས་བརྫུས་ཏེ་སྐྱེ་བར་

འགྱུར་ཞིང་། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། ཚེ་རབས་དྲན་པར་ཡང་འགྱུར་རོ། །དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ་དང་། མངོན་པར་དབང་བསྐུར་བའི་མཆོག་བྱང་ཆུབ་ཏུ་ལུང་སྟོན་པ་དང་མངོན་པར་དབང་

བསྐུར་རོ། །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་བྱིན་གྱིས་རློབ་པས་ཀྱང་བྱིན་གྱིས་བརླབས་སོ་ཞེས་པ་འཇིག་རྟེན་ལས་འདས་པའི་བཟླས་པའི་ཆོ་གའི་དངོས་གྲུབ་བོ། །དེ་ནས་བསོད་ནམས་ཀྱི་ཕུང་པོ་བརྗོད་པར་བྱ་སྟེ། འདི་བཟླས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དང་དགེ་བའི་

རྩ་བ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཡང་རུང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་བདུན་གྱིས་ཡོངས་སུ་བཀང་བར་བྱས་

པ་དང་། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་གིས་ཡོངས་སུ་བཀང་ནས། དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉི་མ་རེ་རེ་ཞིང་དེ་བཞིན་གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་བདུན་དང་།

གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་གིས་བཀང་ནས་ཕུལ་བ་དེ་བས་ཀྱང་། དགེ་བ་དང་བསོད་ནམས་ཀྱི་ཕུང་པོ་ཆེས་མང་བར་བསྐྱེད་དོ། །གང་ཞིག་དུས་གསུམ་པའི་དེ་བཞིན་གཤེགས་པ་མཆོད་ཅིང་། ཉི་མ་རེ་རེ་ཞིང་དེ་བཞིན་གཤེགས་པ་མཆོད་པ་དེ་ཁོ་ན་བཞིན་དུ་འདི་བཟླས་པ་ཙམ་གྱིས་

དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་རྣམས་གང་གིས་ནོར་བུ་རིན་པོ་ཆེ་ཆེན་པོ་བྱིན་པས་དེ་རྣམས་ཀྱི་དགེ་བ་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་བཞིན་དུ་བསོད་ནམས་ཀྱི་ཕུང་པོ་དང་། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ་ཞེས་སོ། །འཇིག་རྟེན་

เล่ม ๙๓ · หน้า 43b

པའི་ཆོ་ག་སྣ་ཚོགས་པའི་ཚོགས་དང་། འཇིག་རྟེན་ལས་འདས་ལ་བསོད་ནམས་ཀྱི་ཕུང་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་ཕྲག་རྣམས་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་བདུན་གྱིས་བཀང་བ། རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་། གསེར་དང་། དངུལ་གྱི་མེ་ཏོག་གིས་བཀང་བ་

རྣམས་ཀྱིས་དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ། དེ་བཞིན་གཤེགས་པ་རེ་རེ་ཞིང་ལ་ཡང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བཀང་ནས་ཕུལ་བར་འགྱུར་རོ། །མཆོད་པའི་སྤྲིན་ཆེན་པོར་འགྱུར་ཏེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཐར་ཐུག་གི་བར་དུ་མི་ཟད་དེ་

དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་ཞིང་། བསོད་ནམས་ཀྱི་ཕུང་པོ་ཆེན་པོར་ཡང་འགྱུར་ཏེ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་ཡང་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཟླས་པའི་དངོས་གྲུབ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་

ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་ཕན་ཡོན་ཆེན་པོ་དང་། རྣམ་པར་འཕྲུལ་བ་ཆེན་པོ་དང་། སྦྱིན་པ་ཡོངས་སུ་གཏོང་བ་ཆེན་པོ་གང་ཡིན་པ་དང་། བཟླས་པའི་ཆོ་ག་ཆེན་པོ་དང་། མཆོད་པའི་སྤྲིན་ཆེན་པོར་འགྱུར་རོ། །དེ་བཞིན་དུ་ཡོན་ཏན་བསྐྱེད་པ་དང་། རྣམ་པར་འཕྲུལ་པའི་ཆོ་

གའི་ཁྱད་པར་སོ་སོར་ཐོབ་བོ། །དུས་རྟག་པར་རྒྱུན་དུ་བཟླས་པའི་ཆོ་ག་དང་ལྡན་པར་འགྱུར་བར་བྱའོ། །རྟག་ཏུ་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་འདོད་པར་འགྱུར་རོ། །རྟག་ཏུ་ཡང་དགེ་བའི་རྩ་བ་དང་ཡང་དག་པར་འགྲོགས་པར་འགྱུར་རོ། །ལག་ན་རྡོ་རྗེ་གང་ཡང་རིག་པའི་རྒྱལ་པོའི་

ཆོ་ག་ཞིབ་མོ་འདི་དོན་ཡོད་པའི་མཆོད་པའི་ནོར་བུའི་སྙིང་པོ་འདི་ཐ་ན་སྒྲ་ཙམ་ཡང་རྣ་བའི་བུ་གར་ལྟུང་བར་འགྱུར་བ་དང་། བྲིས་པ་རྣམས་བལྟ་བ་དང་། པོ་ཏིའམ། ཡི་གེའམ། རྩིག་པའམ་གྱང་ལ་བྲིས་པ་ལྟ་བར་བྱེད་པ་དེ་མཚམས་མེད་པ་ལྔའི་སྡིག་པ་ཐམས་ཅད་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་

པར་འགྱུར་རོ། །སྔོན་བསགས་པའི་མནར་མེད་པར་གཞོལ་བའི་སྡིག་པ་དང་། སྒྲིབ་པ་དེ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ཡོངས་སུ་གཏུགས་པར་འགྱུར་རོ། །ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ནམ་ཡང་ཕྱིས་མངལ་

เล่ม ๙๓ · หน้า 44a

དུ་གནས་པའི་དྲི་མས་གོས་པར་མི་འགྱུར་རོ། །ཇི་སྲིད་དུ་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་པདྨ་ལས་སྐྱེ་བར་འགྱུར་ཞིང་ཚེ་རབས་དྲན་པར་ཡང་འགྱུར་རོ། །ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་

ཅི་ལྟར་ཆོ་ག་ཞིབ་མོའི་རྒྱལ་པོ་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདི་བྲི་བར་བྱ། བཅོམ་ལྡན་འདས་འདྲི་བཞིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བསྐྱེད་པ་ཅི་ལགས། དགེ་བའི་རྩ་བ་ཅི་དང་ཡང་དག་པར་ལྡན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་འདིའི་

ཡོན་ཏན་དང་ཕན་ཡོན་དཔག་ཏུ་མེད་དེ། དོན་ཡོད་པའི་ལྕགས་ཀྱུའི་རིག་པའི་རྒྱལ་པོ་འདིའི་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདྲི་བཞིན་པའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་སྐྱེ་སྟེ། ཕན་ཡོན་དཔག་ཏུ་མེད་པ་དང་ཡོན་ཏན་དཔག་ཏུ་མེད་པ་ལས་བྱུང་བའི་རྣམ་པར་འཕྲུལ་པ་སོ་

སོར་ཐོབ་བོ། །གང་ཡང་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་རིག་པའི་རྒྱལ་པོ་དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་འདི་འདྲི་བར་འགྱུར་བ་ཉོན་ཅིག །ལག་ན་རྡོ་རྗེ་རྒྱ་མཚོ་ཆེན་པོའི་འོག་ཏུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བ་ཆུ་དང་ཞེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པ་

དེ་ལས་ཆུའི་ཐིགས་པའི་ཚད་ཀྱི་ཐིགས་པ་རེ་རེའི་གྲངས་སུ་བྱེད་འདོད་པའམ། དེ་ལྟ་བུའི་ཚད་ཀྱི་ངོས་གཉིས་པར་མཚོ་ཆེན་པོ་ལས་ཐིགས་པ་རེ་རེ་ནས་བཅུ་བར་བྱ་སྟེ། དེ་ལ་ཐིགས་པ་རེ་རེ་ནས་བགྲངས་ཏེ་གཏོར་བར་བྱའོ། །དེ་ནས་རྒྱ་མཚོ་ཆེན་པོ་ཆུའི་ཐིགས་པའི་གྲངས་ཀྱིས་ཟད་པར་འགྱུར་ཞིང་ཆུ་

སྐམ་པར་བྱེད་དོ། །མཚོ་ཆེན་པོ་གཉིས་པ་ལས་ཆུས་ཡོངས་སུ་གང་བར་འགྱུར་གྱི། དོན་ཡོད་པའི་ལྕགས་ཀྱུ་རིག་པའི་རྒྱལ་པོ་འདི་དང་། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་ཆོ་ག་ཞིབ་མོ་དེ་འདྲི་བཞིན་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་གཟུང་བར་ནུས་པ་མ་ཡིན་ནོ། །དེ་

ལྟར་རྒྱ་ཆེ་བ། དེ་ལྟར་ཟབ་པ། དེ་ལྟར་ཡངས་པའི་ཡོན་ཏན་བསྐྱེད་པར་བྱ་བ་ནི། དོན་ཡོད་པ་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་ཆོ་ག་ཞིབ་མོའི་ཆོ་གའི་རྒྱལ་པོའོ། །ལག་ན་རྡོ་རྗེ་འོན་ཀྱང་རིའི་རྒྱལ་པོ་རི་རབ་ཆེན་པོ་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འོག་ཏུ་རྒྱ་མཚོ་ཆེན་པོའི་ནང་དུ་ནུབ་བོ། །

เล่ม ๙๓ · หน้า 44b

དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེང་ཉིད་དུ་གནས་སོ། །སྐྱེས་བུ་སྟོབས་ཆེན་པོ་དང་ལྡན་པར་གྱུར་པ་གང་ལ་ལ་རིའི་རྒྱལ་པོ་རི་རབ་ཆེན་པོ་གང་ཡིན་པ་ཡང་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་དུ་བྱེད་པ་དང་། ངོས་གཉིས་པར་རྒྱ་མཚོ་ཆེན་པོའི་རིའི་རྒྱལ་པོ་རི་རབ་ཆེན་པོ་ཆོ་ག་དེ་ལྟ་བུས་

ཡུངས་ཀར་གྱི་འབྲས་བུ་ཙམ་དུ་བྱས་པ་ལས་སླར་ཡང་རིའི་རྒྱལ་པོ་རི་རབ་དུ་གནས་པར་བྱེད་པར་ནུས་ཀྱི་ཆོ་ག་ཞིབ་མོའི་རྒྱལ་པོ་གང་ཡིན་པ་འདི་འདྲི་བཞིན་པའི་བསོད་ནམས་ཀྱི་ཕུང་པོའི་དགེ་བའི་རྩ་བ་ནི་མི་ནུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྱན་དང་། དེའི་གསུང་གི་ཚད་གཟུང་

བར་མི་ནུས་སོ། །དེ་བཞིན་དུ་ཡོན་ཏན་དང་། ཕན་ཡོན་རྒྱ་ཆེ་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་ཏེ། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་བྱིན་གྱིས་བརླབས་པར་འགྱུར་རོ་ཞེས་སོ། །རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་འདས་རིག་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་དང་།

ཕྱག་རྒྱ་འདི་ཅི་ལྟར་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་

རིགས་སམ། དམངས་རིགས་སམ། བུད་མེད་དམ། སྐྱེས་པའམ། ཁྱེའུའམ། བུ་མོ་གང་ལ་ལ་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་འདྲི་བར་བྱེད་པ་དེ། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་གྱི་ལས་དང་། ཡོ་བྱད་དང་བཅས་པའི་ཆོ་གས་དོན་ཡོད་པའི་ནོར་བུའི་པདྨ་

ཞགས་པའི་སྙིང་པོའི་གཟུངས། དོན་ཡོད་ཞགས་པའི་སྙིང་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པའི་འཁོར་ལོ་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཆེན་པོའི་ཀླུའི་ཞགས་པའི་རྣམ་པར་འཕྲུལ་པ་འདི་འདྲི་བར་བྱེད་དོ། །དེས་ཡོངས་སུ་དག་པའི་ངག་

དང་ཡིད་ཀྱིས་དང་། ལྷག་པའི་བསམ་པ་དང་། གུས་པ་དང་བཅས་པ་དང་། ཡིད་དེར་གྱུར་པ་དང་། མཆོད་པའི་མཆོག་དང་། གུས་པ་ལ་སོགས་པའི་འདྲི་མཁན་གྱིས་བྲི་བར་བྱའོ། །མཆོག་ཏུ་གུས་པ་དང་། ཞེ་ས་དང་བཅས་པས་ཁ་ཟས་མི་མཐུན་པ་སྤངས་ཏེ། ལེགས་པར་ཡོངས་སུ་རྫོགས་པའི་ཁ་

เล่ม ๙๓ · หน้า 45a

ཟས་རོ་བྲོ་བའི་མཆོག་དང་། ལེགས་པར་འདུས་བྱས་ཤིང་ཡིད་དགའ་བའི་མེ་ཏོག་དང་འབྲས་བུའི་བཏུང་བ་གུས་པ་དང་བཅས་པས། གནས་སུ་གི་ཝང་གི་དཀྱིལ་འཁོར་དང་། མེ་ཏོག་གཅལ་དུ་བཀྲམ་ནས་དྲི་ཡིས་བདུགས་ཏེ། དར་གྱིས་སྤྲས་པའི་ཆོས་ཀྱི་སྟན་ལ་འདུག་

པས་བྲི་བར་བྱའོ། །ལེགས་པར་ཁྲུས་བྱས་ཤིང་མགོ་ལ་དྲིས་བྱུག །ལུས་ལ་གོས་བགོས་ལ་མཆོད་པ་བྱའོ། །ཚེས་བརྒྱད་དམ་བཅོ་ལྔ་ལ་སོ་སོའི་ཆ་ཤས་དང་བཅས་པའི་དཀྱིལ་འཁོར་རྣམ་པར་ཕྱེ་ནས་གཏོར་མ་དང་། ཉེ་བར་སྤྱོད་པ་དབུལ་བར་བྱའོ། །མཆོག་ཏུ་དགའ་བའི་ཡིད་ཀྱིས་བྱ་

སྟེ། ཡོན་དང་བཅས་པས་གསེར་གྱི་རྣ་རྒྱན་སྦྱིན་པར་བྱའོ། །བྲི་བར་བྱ་བ་ཡོངས་སུ་མ་སྤངས་པར་དོན་ཡོད་པར་བྱའོ། །ལག་པ་བརྐྱང་བས་བྱའོ། །ལེགས་པར་སྦྱང་བ་བྱས་པས་བྱའོ། །འདི་ཡི་ཆོ་གས་འདྲི་བར་བྱེད་པ་གང་ཡིན་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་

གསང་བའི་དམ་ཚིག་དང་། དཀྱིལ་འཁོར་དང་ཕྱག་རྒྱ་རིམ་པར་ཕྱེ་བ་དང་། གསང་བ་བྲིས་པར་འགྱུར་རོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་གང་ཅི་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་

སྙིང་པོའི་དཀྱིལ་འཁོར་ཆེན་པོ་དེ་ཐམས་ཅད་འདྲི་བར་འགྱུར་རོ། །འདི་ལྟ་སྟེ། ཆུ་གང་ཡིན་པ་ཐམས་ཅད་ཆུ་གང་ཆེན་པོ་དང་། རྒྱ་མཚོ་ཆེན་པོའི་རྗེས་སུ་ཞུགས་ནས་རོ་གཅིག་ཏུ་འགྱུར་རོ། །འདི་ལྟ་སྟེ་ཉི་མ་ཤར་བ་ན་མུན་པས་ལྡོངས་པ་ཐམས་ཅད་ཀུན་ཏུ་སྣང་བར་བྱེད་དོ། །དེ་ཁོ་ན་བཞིན་དུ་དོན་

ཡོད་པའི་ལྕགས་ཀྱུའི་རིག་པའི་རྒྱལ་པོའི་སྙིང་པོ་འདི་དང་། དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོ་འདི་དང་། དོན་ཡོད་པའི་ཞགས་པའི་ནོར་བུ་པདྨའི་སྙིང་པོའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དང་། རྣམ་པར་འཕྲུལ་པ་དང་། དཀྱིལ་འཁོར་དང་། དཀྱིལ་འཁོར་ཆེན་

པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་པའི་ཀླུའི་ཞགས་པའི་རྣམ་པར་འཕྲུལ་པ་འདི་ཐམས་ཅད་དུ་མཚུངས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྗེས་སུ་འཇུག་གོ། །དམ་ཚིག་དང་། ཕྱག་རྒྱ་དང་། སྙིང་པོ་རྣམས་མཚུངས་པར་དུས་གསུམ་པའི་དེ་བཞིན་གཤེགས་པའི་རིགས་སུ་རབ་

เล่ม ๙๓ · หน้า 45b

ཏུ་སྐྱེས་པའོ། །ཐམས་ཅད་དུ་མཚུངས་པར་མཆོད་པའི་སྤྲིན་གྱི་རྣམ་པར་འཕྲུལ་པའོ། །གང་ཡང་དུས་གསུམ་པའི་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་དང་ལྷན་ཅིག་པའི་དེ་བཞིན་གཤེགས་པའི་གསུང་གི་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ཡང་དག་པའི་སྙིང་པོའོ། །དོན་ཡོད་པ་ནོར་བུ་མཆོད་པའི་སྙིང་

པོའི་གཟུངས་དང་། དོན་ཡོད་པ་ནོར་བུ་པདྨའི་ཞགས་པའི་སྙིང་པོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དང་། གཟུངས་ཀྱི་རྣམ་པར་འཕྲུལ་པ་དང་། འཁོར་ལོ་དང་། དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱའི་དཀྱིལ་འཁོར་པ་དང་། ཀླུའི་ཞགས་པའི་རྣམ་པར་འཕྲུལ་བ་

དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་དེ་ཐམས་ཅད་གསང་བའི་དམ་ཚིག་གཅིག་ཏུ་བྱིན་གྱིས་བརླབས་སོ། །རྒྱུ་དེའི་ཕྱིར་འདི་ནི་དོན་ཡོད་ཞགས་པའི་དོན་ཡོད་པའི་ལས་སྒྲུབ་པར་བྱེད་པའི་མཐུ་སྟོབས་ཀྱི་དངོས་གྲུབ་སྟེ། དོན་ཡོད་ཞགས་པའི་སྙིང་པོ་དང་། །དོན་ཡོད་

ཞགས་པའི་རྣམ་པར་འཕྲུལ་པའོ། །ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་འདྲི་བཞིན་པའི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དང་། མཚུངས་པ་གཅིག་གིས་མཚུངས་པའོ། །དོན་ཡོད་

པའི་ཞགས་པའི་ལྕགས་ཀྱུའི་སྙིང་པོའི་ཆོ་ག་ཞིབ་མོར་བྱིན་གྱིས་བརླབས་སོ། །འདྲི་བར་བྱེད་པ་དང་། འདོན་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། བཟླས་པ་ནི་མཆོད་པའི་སྤྲིན་དུ་བྱིན་གྱིས་བརླབས་སོ། །དེའི་ཕྱིར་འདི་ནི་རིག་སྔགས་འཆང་གིས་ལེགས་པར་རབ་ཏུ་དང་བ་དང་ལས་

ལ་སྤྲོ་ཞིང་བརྩོན་པས་བྱའོ། །ཤིན་ཏུ་གསལ་བ་དང་། སྤྲོ་བ་དང་། མཆོག་ཏུ་དགའ་བ་དང་། དད་པས་བྲི་བར་བྱའོ། །ཤིན་ཏུ་འབད་པས་ཕྱག་རྒྱ་དང་གསང་སྔགས་ཀྱི་སྙིང་པོ་དང་། གསུང་དང་། ཕྱག་རྒྱའི་དཀྱིལ་འཁོར་དང་། ཀླུའི་ཞགས་པའི་རྣམ་པར་འཕྲུལ་པ་བྲི་བར་བྱ།

བཀླག་པར་བྱ། མཉན་པར་བྱའོ། །མཐུ་སྟོབས་ཀྱིས་མཉན་པར་བྱའོ། །མཐུ་སྟོབས་ཀྱིས་བྲི་བར་བྱ། །མཐུ་སྟོབས་ཀྱིས་མཆོད་པ་དང་བསྙེན་བཀུར་བྱའོ། །མཐུ་སྟོབས་ཀྱིས་དམ་པའི་ཆོས་མཆོད་པ་དང་། གུས་པས་འདྲི་བར་བྱེད་པ་པོ་དང་། འདྲི་བཞིན་པ་ལ་བསྙེན་བཀུར་དང་།

เล่ม ๙๓ · หน้า 46a

བླ་མ་ལ་སྲི་ཞུ་བྱེད་པར་བྱའོ། །འདི་ནི་མཆོག་ཏུ་གསང་བའོ། །དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་གསང་བའོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གཟུངས་ཀྱི་

གསང་བ་བྱིན་གྱིས་བརླབས་པ་ནི་གཉིས་ཏེ། གཅིག་ནི་དོན་ཡོད་པའི་མཆོད་པའི་སྙིང་པོའི་གཟུངས་སོ། །གཉིས་པ་ནི་དོན་ཡོད་པའི་ནོར་བུའི་པདྨ་ཞགས་པའི་སྙིང་པོའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རྣམ་པར་འཕྲུལ་པ་དང་། འཁོར་ལོ་དང་། དཀྱིལ་འཁོར་

ཆེན་པོའི་སྙིང་པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཆེན་པོའི་ཀླུའི་ཞགས་པས་རྣམ་པར་འཕྲུལ་པས་སྤྲུལ་པའོ། །འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོར་འགྱུར་བ་སྟེ། དོན་ཡོད་པའི་དཔག་བསམ་གྱི་ཤིང་གི་མཆོད་པ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དོན་ཡོད་པའི་

ཞགས་པའི་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དམ་པར་གྱུར་པའི་སྙིང་པོ་དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུ་སྟེ། འདི་ནི་གཉིས་པར་རིག་སྔགས་འཆང་རྣམས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ། དོན་ཡོད་པའི་རྣམ་

པར་འཕྲུལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རིག་སྔགས་འཆང་ཐམས་ཅད་ཀྱི་དབང་པོ་དུ་མ་རིག་སྔགས་འཆང་བརྒྱ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ་དང་། རིག་པའི་རྒྱལ་པོའི་ལྷ་བརྒྱ་སྟོང་ཕྲག་དུ་མ་དང་། དཀྱིལ་འཁོར་གྱི་ལྷ་བརྒྱ་སྟོང་ཕྲག

དུ་མ་དང་། དབང་པོ་དང་། ལྷའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཙང་མའི་གནས་ཀྱི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་ཕྲག་རྣམས་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་

མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་སྟོང་ཕྲག་རྣམས་ཀྱིས་དེ་ལྟ་བུའི་གསུང་གི་སྒྲ་དབྱངས་ཐོས་ནས། དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་མགུ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །དེ་བཞིན་དུ་གཉིས་པར་ནོར་བུ་རིན་པོ་ཆེ་ཆེན་པོ་

เล่ม ๙๓ · หน้า 46b

ཉན་པ་ལ་དེ་རྣམས་ཐམས་ཅད་ལྷན་ཅིག་ཏུ་མཐུན་པར་རྒྱལ་པོ་ཆེན་པོ་བཞི་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། རོལ་མོ་དང་། ཕེག་རྡོབ་པ་སྣ་ཚོགས་པས་མཆོད་པ་བྱེད་པར་

གྱུར་ཏོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཡང་མཆོད་པ་བྱེད་པར་གྱུར་ཅིག །རིག་པའི་རྒྱལ་པོ་དེ་ལ་ཡང་མཆོད་པར་བྱེད་དོ། །བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་ཕྲག་དུ་མས་བསྐོར་བ་བྱས་ནས་ལེགས་སོ་ཞེས་རྗོད་པར་བྱེད་དེ། བཅོམ་ལྡན་འདས་ལེགས་སོ་ལེགས་

སོ། །བཅོམ་ལྡན་འདས་མཆོག་ཏུ་རྙེད་པར་དཀའ་བ་གང་ཡིན་པ་དང་། བཅོམ་ལྡན་འདས་གཉིས་པར་ནོར་བུ་རིན་པོ་ཆེ་ཆེན་པོ་དོན་ཡོད་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་འཛམ་བུའི་གླིང་དུ་རབ་ཏུ་བཞག་གོ་ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱིན་གྱིས་བརླབས་སོ། །

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོར་གྱུར་པ་ཐུན་མོང་བར་མཚུངས་པའོ། །ཐམས་ཅད་དུ་གསང་བ་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་གྱི་རྣམ་པར་འཕྲུལ་པ་མཆོག་ཏུ་རྙེད་པར་དཀའ་བར་གསུངས་པའོ། །བཅོམ་ལྡན་འདས་བདག་དེ་དག་ཐམས་ཅད་མཐུན་པར་གྱུར་པས་ལྷན་ཅིག་པ་ཁོ་ནར་རྟག་ཏུ་རྗེས་སུ་འབྲང་ཞིང་། རིག་པའི་རྒྱལ་པོ་འདི་ཡང་དག་པར་རྗེས་སུ་འབྲང་བར་བགྱིའོ། །

འདི་ཡོངས་སུ་བསྲུང་བར་བགྱིའོ། །འདི་ལྟ་སྟེ། འཛིན་པ་དང་། འདོན་པ་དང་། མཆོད་པ་དང་། བསྙེན་བཀུར་བྱེད་པ་དང་། བྲི་བ་དང་། འདྲིར་འཇུག་པ་དང་། ཉན་པ་དང་། བཟླས་པའི་ལས་སུ་འགྱུར་བར་བགྱིའོ། །རིག་སྔགས་འཆང་དེ་ལ་ཡང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་

དང་། སྦ་བར་བགྱིའོ། །དངོས་གྲུབ་ཀྱང་སྩལ་བར་བགྱིའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། བུད་མེད་དམ། སྐྱེས་པའམ། ཁྱེའུའམ། བུ་མོ་

เล่ม ๙๓ · หน้า 47a

གང་ཡིན་པ་དེ་ཡང་ཆོ་ག་ཞིབ་མོའི་རྒྱལ་པོ་འདིའི་མིང་ཐོས་པ་ཙམ་གྱིས་ཀྱང་། དེ་ལ་བདག་ཅག་ཐམས་ཅད་མཐུན་པར་རྟག་ཏུ་རྗེས་སུ་འབྲང་བར་བགྱི། བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། སྟོབས་དང་། བརྩོན་འགྲུས་དང་། མདངས་དང་། དགའ་བ་

བསྒྲུབ་པར་བགྱི། སྡིག་པ་དང་། སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་བར་བགྱི། ནད་ཐམས་ཅད་བསལ་བར་བགྱི། འཇིགས་པ་དང་། ཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱི། ཡམས་དང་། ཉེ་བར་འཚེ་བ་དང་། ནད་འགོ་

བ་དང་། འཁྲུག་པ་དང་། མུ་གེ་དང་། མི་ངས་དང་། འབྲོག་དགོན་པའི་འཇིགས་པ་ཐམས་ཅད་སོ་སོར་ཕྱིར་བཟློག་པར་བགྱི། བདེ་བ་ལ་ཡང་དག་པར་རེག་པ་དང་། མཆོག་ཏུ་དགའ་བ་བསྒྲུབ་པར་བགྱི། བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། དོན་མེད་པ་ཡང་སོ་

སོར་བཟློག་པར་བགྱི། དོན་ལ་ཡང་ཡང་དག་པར་སྦྱར་བར་བགྱི། དོན་ཐམས་ཅད་རྗེས་སུ་སྩལ་བར་བགྱི། རྟག་ཏུ་མཆོག་སྩལ་བར་བགྱིའོ། །བཅོམ་ལྡན་འདས་ཤིན་ཏུ་རྒྱས་པའི་ཆོ་ག་ཆོ་ག་ཞིབ་མོའི་ཡོ་བྱད་དུ་དགོངས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་སྔོན་དུ་

འགྲོ་བས་རྒྱལ་པོ་ཆེན་པོ་བཞི་དང་། རིགས་པའི་རྒྱལ་པོའི་ལྷ་དེ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་དྲང་སྲོང་ཆེན་པོ་དེ་ལྟ་བུ་བྱེད་པ་དེ་རྣམས་

ཡོངས་སུ་བསྐྱང་བར་བྱ། བསྲུང་བར་བྱ། དངོས་གྲུབ་ཀྱང་སྦྱིན་པར་བྱའོ། །ངས་ཆོ་ག་ཞིབ་མོའི་རྒྱལ་པོ་རྒྱ་མཚོའི་དཀྱིལ་འཁོར་དང་། གསང་སྔགས་དང་། དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་འདི་ཡོངས་སུ་སྲུང་བའི་ཆེད་དང་། སེམས་ཅན་དེ་རྣམས་ཐམས་ཅད་ཡོངས་སུ་སྲུང་བའི་ཆེད་

དང་། སེམས་ཅན་ཐམས་ཅད་སྲུང་བའི་ཆེད་དང་། ཡོངས་སུ་བསྐྱང་བའི་ཆེད་དུ་གྲོགས་པོ་རྣམས་ལ་རྗེས་སུ་གཏད་དོ། །འདི་ཡང་བསྲུང་བར་བྱའོ་ཞེས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་རྒྱ་དང་དཀྱིལ་

เล่ม ๙๓ · หน้า 47b

འཁོར་གྱི་རིམ་པར་ཕྱེ་བའི་ཆོ་ག་སྨྲོས་ཤིག །དོན་ཡོད་པའི་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་གསང་བ་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་སྙིང་པོའི་གསང་བ་མཆོག་གི་དངོས་གྲུབ་འདི་ཐམས་ཅད་དུ་ཐུན་མོང་བའི་སྙིང་པོ་གྲུབ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་གིས་དོན་ཡོད་པ་ལྕགས་ཀྱུའི་ཆོ་ག་ཞིབ་མོའི་རྒྱལ་པོའི་རིག་པའི་རྒྱལ་པོ་དོན་ཡོད་པ་ནོར་བུ་མཆོད་པའི་སྙིང་པོའི་གཟུངས་ཀྱི་ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། རས་རིས་རྣམས་གསུངས་པ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱའོ། །དོན་

ཡོད་པ་མཆོད་པའི་ནོར་བུའི་སྙིང་པོ་བླ་ན་མེད་པ་ནི་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ཀུན་ནས་ཤིན་ཏུ་རྣམ་པར་ཕྱེ་བ་ས་དང་བ་བྱུང་གིས་ལེགས་པར་བྱུགས་ཤིང་ཤིན་ཏུ་འཇམ་པ་ལ། ཚོན་སྣ་ཚོགས་པས་བཀྲ་བའི་སྲད་བུས་ཆར་གཞལ་ཅིང་བཅད་ལ་དཀྱིལ་འཁོར་བླ་ན་མེད་པའི་དབུས་ཀྱི་དཀྱིལ་

འཁོར་གྱི་སྙིང་པོར་བདག་གི་ཁྲུའི་ཚད་ཀྱིས་ཀུན་ནས་ཁྲུ་བཞི་པ་སྒོ་བཞི་རྣམ་པར་ཕྱེ་བ་བྱའོ། །ཐམས་ཅད་དུ་གསང་བ་ཐུན་མོང་བའི་དཀྱིལ་འཁོར་དང་། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་བོར་ཡང་པདྨ་བྱ་སྟེ། པདྨ་སྟོང་ཕྲག་གིས་ཤིན་ཏུ་མཛེས་པ་ལྔ་ལྔའོ། །པདྨ་དཀར་པོ་བླ་ན་མེད་པ་ལ་ཟེ་འབྲུ་དང་།

གེ་སར་གྱི་ཚད་ལ་བབ་པ། ཡིད་བཞིན་གྱི་ནོར་བུའི་གེ་སར་དང་། ཟེ་འབྲུ་བཀྲ་བའི་དྲ་བའི་སྙིང་པོ་ལུས་དང་ལག་ཏུ་འཆང་ཞིང་ལག་པའི་ཕྱག་རྒྱ་གཡོན་པ་དང་གཡས་པས་བྱའོ། །དར་དཔྱངས་དང་འཁྱིལ་པས་སྤ་བ། ཟུར་ཟུར་དུ་དཔག་བསམ་གྱི་ཤིང་ཤིན་ཏུ་ཚད་ལ་བབ་པ་ཆོ་ག་ཇི་ལྟ་བ་བཞིན་དུ་

བྱེད་དུ་གཞུག་གོ། །སྙིང་པོའི་འཁོར་གྱི་རེ་ཁཱ་ཡང་ཆོ་ག་ཇི་ལྟ་བ་བཞིན་དུ་ཤིན་ཏུ་ཚད་དང་ལྡན་པར་བྱའོ། །མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་བྱ་ཞིང་དེ་ནས་མེ་ཏོག་གི་བར་དུ་རེ་ཁཱ་བྱའོ། །རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། གོས་སྣ་ཚོགས་པས་མཛེས་པའོ། །སྣ་ཚོགས་པའི་རྒྱན་གྱི་ཕྱི་

རོལ་ཏུ་པདྨ་དང་། ཨུཏྤ་ལ་སྔོན་པོའི་ཕྲེང་བའི་རི་མོའོ། །ཨུཏྤ་ལ་སྔོན་པོའི་ཕྱི་རོལ་ཏུ་ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་རྣམ་པར་བཀྲ་བའི་རི་མོ་འབར་བའི་ཕྲེང་བས་མཛེས་པའོ། །མེ་ཏོག་སྣ་མ་དང་། ཙམ་པ་ཀའི་ཕྲེང་བ་དག་ལ་སྔགས་ཀྱི་ནོར་བུའི་རི་མོ་ཡང་བྱའོ། །དེའི་ཕྱི་རོལ་གྱི་ཁོར་ཡུག་ཏུ་སྣམ་

เล่ม ๙๓ · หน้า 48a

བུའི་རྣམ་པ་བྱའོ། །རི་བོ་ལ་སྣ་ཚོགས་པའི་ལྗོན་ཤིང་དང་ལྕུག་མ་བཀྲམ་པ་དང་མེ་ཏོག་སྣ་ཚོགས་ཀྱིས་ཉེ་བར་མཛེས་པའོ། །ཁོར་ཡུག་ཏུ་ཆུ་འབབ་པའི་སྙིང་པོའི་དཀྱིལ་འཁོར་འདི་བྲི་ཞིང་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུའང་བྲི་བར་བྱ་སྟེ། དཀྱིལ་འཁོར་བླ་ན་མེད་པ་ཕྱག་རྒྱ་སྣ་ཚོགས་

དང་། མེ་ཏོག་སྣ་ཚོགས་དང་། བུམ་པ་དང་མཆོད་པའི་རིན་པོ་ཆེའི་སྣོད་སྣ་ཚོགས་པ་དང་། གང་བའི་བུམ་པ་སྣ་ཚོགས་པ་བྲིའོ། །མཚན་མ་དང་། ཕྱག་རྒྱ་དང་། རིན་པོ་ཆེ་སྣ་ཚོགས་པའི་ཡལ་ག་དང་། པདྨ་དང་། ཨུཏྤལ་འཆང་བ་གོས་དང་རྒྱན་སྣ་ཚོགས་པ་ཐོགས་པ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཁོར་

ཡུག་ཏུ་མེ་ཏོག་སྣ་ཚོགས་པ་ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་དང་། ཨ་ཏི་མུཀྟ་ཀ་དང་། ཝཱརྵི་ཀ་དང་། ཙམ་པ་ཀ་དང་། ཨུཏྤ་ལ་སྔོན་པོ་དང་། སྣ་མ་དང་། སྐྱ་སྣར་དང་། ཡཱུ་ཐི་ཀ་དང་། ཀ་དམ་པའི་མེ་ཏོག་གི་ཕྲེང་བས་མཛེས་པར་བྱའོ། །སྒོ་བཞིའི་གནས་སུ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་

བྱ་སྟེ། རིན་པོ་ཆེའི་ལྕུག་མ་སྣ་ཚོགས་པ་དང་། བུམ་པ་གང་བ་ཐོགས་པར་བྱའོ། །དཀྱིལ་འཁོར་གྱི་སྙིང་པོར་བ་དན་གྱིས་བརྒྱན་པར་བྱའོ། །གང་བའི་བུམ་པ་ཡོངས་སུ་བསགས་པ་དང་། མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་དང་། སྣ་ཚོགས་པའི་གཟུགས་དང་བཟའ་བའི་ཁ་ཟས་རོ་བྲོ་བའི་མཆོག་གཞག་པར་

བྱ། སྣ་ཚོགས་པའི་བདུག་པས་བདུགས་ལ། བདུག་པའི་བོག་ཕོར་ཡོངས་སུ་བཤམ་པར་བྱའོ། །རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱ་ལེགས་པར་ཁྲུས་བྱས་ཤིང་དྲི་བཟང་པོའི་དྲིས་བསྒོས་ཏེ། རྣམ་པ་སྣ་ཚོགས་པའི་བདུག་པས་བདུགས་ལ། འབྱུང་ལྔས་ཉེ་རེག་བྱ་སྟེ་དོན་ཡོད་པ་ནོར་བུའི་མཆོད་

པའི་སྙིང་པོའི་གཟུངས་འདི་ལན་སྟོང་རྩ་བརྒྱད་དུ་བཟླས་པར་བྱའ། །དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཡིད་ལ་བྱ། མཆོད་པའི་སྤྲིན་ཆེན་པོ་ཡིད་ལ་བྱ་ཞིང་བཟླ་སྟེ་ཕྱོགས་བཅུ་ཀུན་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་སངས་རྒྱས་བཅོམ་ལྡན་

འདས་རྣམས་སངས་རྒྱས་ཀྱི་ཞིང་རེ་རེའི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་རྣམས་དེ་བཞིན་གཤེགས་པའི་མཆོད་པའི་སྤྲིན་གྱིས་ཇི་ལྟར་དཀྱིལ་འཁོར་དུ་ཡོངས་སུ་བསགས་ཤིང་རྣམ་པ་སྣ་ཚོགས་སུ་གཞལ་དུ་མེད་པས་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསགས་པའི་དེ་བཞིན་གཤེགས་པ་རེ་རེ་ཡང་དཀྱིལ་

เล่ม ๙๓ · หน้า 48b

འཁོར་ཆེན་པོ་གཞལ་དུ་མེད་པ་བརྒྱ་སྟོང་ཕྲག་ཡོངས་སུ་བསགས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་ཆེན་པོ་བྱེད་དོ། །སྣ་ཚོགས་པའི་གོས་དང་། སྣ་ཚོགས་པའི་རྒྱན་དང་། ལྷབ་ལྷུབ་དང་། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་དྲི་སྣ་ཚོགས་པ་དང་། ལྷ་རྫས་ཀྱི་བདུག་སྤོས་སྣ་ཚོགས་པ་དང་།

ལྷ་རྫས་ཀྱི་འབྲས་བུ་དང་། མེ་ཏོག་སྣ་ཚོགས་པ་དང་། རོ་བརྒྱ་པའི་ཁ་ཟས་ཀྱི་མཆོག་རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་པ་དང་། སྒྲོན་མའི་ཤིང་སྣ་ཚོགས་པ་བརྒྱ་སྟོང་ཕྲག་རྣམས་ཀྱིས་དེ་བཞིན་གཤེགས་པ་རེ་རེའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པའི་སྤྲིན་ཆེན་པོ་བྱེད་དོ། །ཡན་ལག་ལྔ་དང་ལྡན་པའི་

ལྷ་རྫས་ཀྱི་རོལ་མོའི་སྒྲ་རྣམས་ཀྱི་མཆོད་པའི་སྤྲིན་བྱེད་དོ། །དེ་ལྟ་བུའི་ཆོ་ག་རྣམས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་རེ་རེའི་དེ་བཞིན་གཤེགས་པ་རེ་རེའི་མཆོད་པའི་སྤྲིན་ཆེན་པོས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་ཀྱི་གྲངས་རྣམས་མཆོད་པར་འགྱུར་ཏེ། འཁོར་གྱི་དཀྱིལ་འཁོར་དང་

བཅས་པ་ཐམས་ཅད་དུ་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་གཞལ་དུ་མེད་པའི་མཆོད་པའི་སྤྲིན་གྱིས་མཆོད་པར་བྱེད་དོ། །གང་ཡང་དཀྱིལ་འཁོར་ཆེན་པོ་དེར་རྗེས་སུ་ཞུགས་པའི་སེམས་ཅན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་

མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་ཡིན་པ་དེ་རྣམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་མཐོང་བར་འདོད་པ་དང་། རྗེས་སུ་ཡི་རང་བ་དང་། ལྷན་ཅིག་འགྲོ་བའམ། ཐ་ན་ཐོས་པ་ཙམ་གང་ཡིན་པ་དེ་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་

རྫོགས་པར་འགྱུར་རོ། །སྦྱིན་པ་ཆེན་པོ་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་དང་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །སེམས་ཅན་རེ་རེའི་ཡང་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་ཕྲག་དགུ་བཅུ་རྩ་དགུ་དང་མཉམ་པ་དེའི་དྲུང་དུ་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་

ཕུང་པོ་བསྐྱེད་པར་འགྱུར་རོ། །དཀྱིལ་འཁོར་མཐོང་བ་ཙམ་གྱི་མོད་ལ། རྗེས་སུ་ཡི་རང་བ་ཙམ་གྱི་མོད་ལ་འཕྲལ་ཉིད་དུ་མཚམས་མེད་པ་ལྔའི་སྡིག་པ་ཡོངས་སུ་ཟད་པར་འགྱུར་རོ། །ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་ཡང་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བླ་མ་གཅིག་པུར་འགྱུར་རོ། །འཆི་འཕོ་ཞིང་

เล่ม ๙๓ · หน้า 49a

སྐྱེ་བ་བརྗེས་པའི་དུས་སུ་སོན་ཏེ་འཆི་བའི་མཐར་ཐུག་པ་ན། དེ་བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་མངོན་སུམ་དུ་སྟོན་ཞིང་སྣང་བར་འགྱུར་རོ། །ལམ་ཉེ་བར་སྟོན་པར་བྱེད་ཅིང་དབུགས་འབྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་སྐལ་བ་མཉམ་

པ་ཉིད་ཀྱི་སྐྱེ་བར་བྱེད་དེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེས་པ་ཙམ་གྱི་མོད་ལ། སྐྱེ་བ་ཐམས་ཅད་རྗེས་སུ་དྲན་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་

མོ་དང་། དོན་ཡོད་ཞགས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་མཐའ་དག་རྫོགས་པར་ཁ་ཏོན་དུ་གནས་པར་བྱེད་དོ། །ཇི་སྲིད་སངས་རྒྱས་ཀྱི་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་ཐམས་ཅད་རྒྱལ་མཚན་གྱི་རྩེ་མོར་བཅིངས་ཏེ་གནས་བར་བྱེད་དོ་ཞེས་སོ། །འདི་ནི་སྐྱེ་བའི་ཐ་མར་འགྱུར་ཏེ། མཆོད་

པ་དང་། དཀྱིལ་འཁོར་གྱི་ཆོ་ག་འདི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་རི་དགས་དང་བྱ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། མིར་གྱུར་པ་རྣམས་ཀྱི་ལྟ་ཅི་སྨོས་སོ། །དེ་ལྟར་ཡོན་ཏན་དང་ཕན་ཡོན་ཆེན་པོའི་མཆོད་པ་ཆེན་པོ་དང་། དཀྱིལ་

འཁོར་གྱི་ཆོ་གའོ། །དོན་ཡོད་པ་ནོར་བུའི་མཆོད་པའི་སྙིང་པོའི་གཟུངས་ཀྱི་རྣམ་པར་འཕྲུལ་པ་དང་ཕན་ཡོན་གྱི་ཆོ་གའི་སྒྲུབ་ཐབས་སོ།། །།དེ་ནས་རིག་པའི་རྒྱལ་པོའི་རས་རིས་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་སྡིག་པ་ཐམས་ཅད་སེལ་བ་འཕྲལ་དུ་ནད་ཐམས་ཅད་ཟློག་པར་བྱེད་

པ་དངོས་གྲུབ་ཐམས་ཅད་བྱེད་པའི་གནས་མཆོག་ཐམས་ཅད་སྦྱིན་པ་བཤད་པར་བྱའོ། །རས་སམ་གོས་གཞན་ནམ། རྒྱ་དར་ལ་ཀུན་ནས་ཁྲུ་བཞི་པ་ལ་གཙང་མས་གཙང་མའི་གནས་སུ་རི་མོ་མཁན་གཙང་མ་ཉིད་ཀྱིས་ཁྲུས་བྱས་གོས་གཙང་མ་བགོས་ཏེ། དྲི་སྣ་ཚོགས་པས་བདུགས་ལ་མཚོན་སྣ་ཚོགས་པ་རྣམ་པར་

བཀྲ་ཞིང་ལྷག་མ་མ་ཡིན་པ་སྣོད་གསར་པར་བཞག་པས་རས་རིས་བླ་ན་མེད་པ་བྲི་བར་བྱའོ། །དབུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྱ་སྟེ། གཞལ་ཡས་ཁང་གི་ཁང་པ་བརྩེགས་པར་སེང་གེའི་ཁྲི་ལ་པདྨའི་རྫིང་བུར་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དང་བཅས་པས་བཅོམ་ལྡན་འདས་ལ་མེ་ཏོག་འཐོར་བར་བྱེད་བཞིན་པའོ། །

เล่ม ๙๓ · หน้า 49b

གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱ་སྟེ། དོན་ཡོད་ཞགས་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་རལ་བའི་ཅོད་པན་གྱིས་བརྒྱན་པ་ཚངས་པའི་ཆ་བྱད་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་དཔག་མེད་ཀྱི་ཅོད་པན་ཅན། ཕྱག་བཞི་པ། སྤྱན་གསུམ་པ། མདུང་རྩེ་གསུམ་འཛིན་པ་པདྨ་འཛིན་པ་

དང་། ཞགས་པ་འཛིན་པ་དང་། ནོར་བུ་རིན་པོ་ཆེ་འཛིན་པ། བཅོམ་ལྡན་འདས་ལ་ཉེ་བར་འདུད་པར་བྱེད་བཞིན་པའོ། །གཡས་སུ་རིག་པའི་རྒྱལ་པོ་བྱ་སྟེ། ཕྱག་བཞི་པ་འཕགས་མ་སྒྲོལ་མའི་ཆ་བྱད་འཆང་བ་འོད་དཔག་མེད་ཀྱི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྣ་ཚོགས་པའི་གོས་འཛིན་པ།

པདྨ་དང་ཞགས་པ་དང་། རལ་གྲི་འཆང་ཞིང་ནོར་བུ་རིན་པོ་ཆེ་ཆེན་པོའི་རྒྱལ་མཚན་ཐོགས་ཏེ། བཅོམ་ལྡན་འདས་ལ་ཉེ་བར་འདུད་པར་བྱེད་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱབ་ཏུ་ལྷ་མོ་སྒྲོལ་མ་བྱ་སྟེ། ཐལ་མོ་སྦྱར་བ་སྨད་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །

ལྷ་མོ་སྒྲོལ་མའི་རྒྱབ་ཏུ་གོས་དཀར་མོ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་རབ་ཏུ་བཞད་ཅིང་སྨིན་མ་དཔྲལ་བར་གཡོ་ཞིང་། བཅོམ་ལྡན་འདས་ལ་ཟུར་མིག་གིས་ལྟ་བར་བྱེད་པ་བྱའོ། །རིག་པའི་རྒྱལ་པོའི་རྒྱབ་ཏུ་འཕགས་པ་དཔལ་མཛེས་པ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། བཅོམ་

ལྡན་འདས་ལ་ལྟ་བར་བྱེད་བཞིན་པ་སྣ་ཚོགས་པའི་མེ་ཏོག་གི་ཕུར་མ་འཆང་བར་བྱེད་པའོ། །ཐམས་ཅད་ལ་པདྨའི་གདན་བྱ་སྟེ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱའོ། །གོས་དཀར་མོའི་རྒྱབ་ཏུ་ཁྲོ་བོ་ཆེན་པོ་ལྕགས་ཀྱུ་བྱའོ། །དཀར་པོའི་གཞོགས་སུ་དོན་ཡོད་པའི་ལྕགས་ཀྱུ་བྱའོ། །རིག་པའི་

རྒྱལ་པོའི་འོག་ཏུ་རལ་པ་གཅིག་མ་བྱ་སྟེ། ཕྱག་བརྒྱད་པ། ཞལ་མཆེ་བ་གཙིགས་པ། རལ་པ་གྱེན་དུ་བརྫེས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ་སྟེ། རལ་གྲི་དང་། དགྲ་སྟ་དང་། ཞགས་པ་དང་། རལ་གྲི་དང་། མདུང་རྩེ་གསུམ་དང་།

རྡོ་རྗེ་དང་། པདྨ་འཆང་བ་བྱ་ཞིང་སྡིགས་མཛུབ་བྱེད་པ་བྱའོ། །སྟེང་དུ་ཕྱོགས་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པའོ། །ཁང་པ་བརྩེགས་པའི་སྟེང་དུ། དེ་བཞིན་གཤེགས་པ་བདུན་བྱ་སྟེ། འོད་དཔག་མེད་ཀྱང་དབུས་སུ་བྱའོ། །ལྷས་མཆོད་པ་བྱེད་བཞིན་པ་བྱའོ། །ཕྱག་

เล่ม ๙๓ · หน้า 50a

གཡོན་དང་གཡས་སུ་རྡོ་རྗེ་འཛིན་པ། བཅོམ་ལྡན་འདས་ལ་ཟས་གསར་པ་འདྲེན་པར་བྱེད་བཞིན་པའོ། །གཞོགས་གཡས་དང་གཡོན་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཆང་བ་བྱའོ། །འོག་གི་གཞོགས་གཡས་སུ་རྒྱལ་པོ་ཆེན་པོ་བཞི་བྱའོ། །གཞོགས་གཡོན་

དུ། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་རྣམས་རང་རང་གི་མཚོན་ཆ་འཛིན་པ་བྱ་སྟེ། ཐམས་ཅད་གླུ་ལེན་བཞིན་པ་བྱའོ། །བཅོམ་ལྡན་འདས་འོག་ཕྱོགས་ཀྱི་རྫིང་བུའི་གཡས་ལོགས་སུ་རིག་སྔགས་འཆང་པུས་མོ་བཙུགས་པ་བྱ་སྟེ། བདུག་པའི་པོག་ཕོར་དང་།

མེ་ཏོག་འཛིན་ཅིང་བགྲང་ཕྲེང་ཐོགས་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པ་བྱའོ། །རས་རིས་ཀྱི་ཁོ་ར་ཁོར་ཡུག་ཏུ་རི་བོ་བྲི་བར་བྱ་སྟེ། སྣ་ཚོགས་མེ་ཏོག་གི་མགོ་ལྕོགས་བཀྲམ་ཞིང་། རིན་པོ་ཆེའི་ཤིང་ལྗོན་སྣ་ཚོགས་པས་བརྒྱན་པ། ཆུ་བོ་འབབ་ཅིང་རྗེས་སུ་སྤྱོད་པ། རི་

དགས་དང་། བྱས་ཡང་དག་པར་བརྒྱན་པ་བྱའོ། །སྣ་ཚོགས་པའི་རིའི་ལྷ་དང་། ཤང་ཤང་ཏེ་འུས་ཀུན་ཏུ་ཁྱབ་པ། རྣམ་པ་སྣ་ཚོགས་པའི་ཀླུའི་གདེངས་ཀ་དང་མཚུངས་པ་གནས་སུ་གནས་པ་བྱའོ། །དེ་ནས་ཡོངས་སུ་སྦྱང་བ་བྱས་ཏེ་ཟིན་པ་དང་། རས་རིས་ལ་ཚོན་སྣ་ཚོགས་པས་བཀྲ་

བར་བྱའོ། །དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱའོ། །ལེགས་པར་ཁྲུས་བྱ་སྟེ། སྐྱིལ་མོ་ཀྲུང་གིས་འདུག་སྟེ། སྨྲ་བ་བཅད་ལ། དོན་ཡོད་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་དང་། རིག་པའི་རྒྱལ་པོའི་གཟུངས་ལན་བརྒྱ་རྩ་བརྒྱད་དུ་བཟླས་སོ། །དེའི་

ཚེ་རས་རིས་འབར་བར་འགྱུར་རོ། །འོད་ཟེར་ཁ་དོག་སྣ་ཚོགས་པ་འབྱིན་པར་བྱེད་དེ། ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱེད་དོ། །རིག་སྔགས་འཆང་དགའ་ཞིང་འདོད་པར་འགྱུར་ཏེ། རིག་སྔགས་འཆང་གིས་བདག་གི་དོན་ཡོད་ཞགས་པའི་སྙིང་པོ་དང་། དོན་ཡོད་ཞགས་པའི་ལྕགས་ཀྱུ་

དང་། རིག་པའི་རྒྱལ་པོའི་སྙིང་པོ་འདིའི་དངོས་གྲུབ་ཏུ་ཤེས་པར་བྱའོ། །དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་འགྲུབ་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་

เล่ม ๙๓ · หน้า 50b

བསྙེན་ནམ། དགེ་བསྙེན་མའམ། རྒྱལ་པོ་འམ། བློན་པོ་འམ། བྲམ་ཟེ་འམ། རྒྱལ་རིགས་སམ། ཁྱིམ་བདག་གམ། དགེ་བསྙེན་ནམ། དགེ་བསྙེན་མའམ། བུད་མེད་དམ། སྐྱེས་པའམ། ཁྱེའུ་འམ། བུ་མོ་གང་རས་རིས་ཆེན་པོ་འདི་མཐོང་ནས། མཐོང་བ་ཙམ་གྱི་མོད་ལ་མཚམས་

མེད་པ་ལྔའི་སྡིག་པ་རྣམ་པར་སྦྱངས་ཤིང་ཐུན་ཚགས་སུ་འགྱུར་རོ། །མནར་མེད་པའི་སྡིག་པ་དང་སྒྲིབ་པ་རྣམས་འཕྲལ་དུ་ཡོངས་སུ་གྲོལ་ལོ། །བསོད་ནམས་ཀྱི་ཚོགས་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་འདོད་པ་ཐམས་ཅད་དང་ཡིད་ཀྱི་ཤིང་

རྟ་དང་། འདོད་པའི་དངོས་གྲུབ་ཐམས་ཅད་དང་། རིགས་ཐུན་མོང་པ་ལ་འཇུག་པའི་ཐམས་ཅད་ཐུན་མོང་བའི་དམ་ཚིག་དང་། དེ་ཁོ་ན་ཉིད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་དང་། ཐམས་ཅད་དུ་དངོས་གྲུབ་བྱེད་པའི་གནས། རྡོ་རྗེའི་གདན་གྱི་དཀྱིལ་འཁོར་

མཆོག་བྱང་ཆུབ་ཀྱི་སྙིང་པོ་ཉེ་བར་བགྲོད་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པའི་དཀྱིལ་འཁོར་ཕྱིར་མི་ལྡོག་པར་འཇུག་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར། གནས་ཐམས་ཅད་དུ་སོན་པའི་དངོས་གྲུབ། ཆོ་ག་ཞིབ་མོའི་

དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་བྱེད་པ། ཕྱག་རྒྱ་ཐམས་ཅད་འགུགས་པར་བྱེད་པའི་ཕྱག་རྒྱ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རབ་ཏུ་འཇུག་པར་བྱེད་པ་བཤད་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་གནས་ཡོངས་སུ་བརྟགས་ཏེ། སའི་ཆ་མཛེས་པར། གཙུག་ལག་

ཁང་ངམ། དགོན་པའམ། གནས་གཉིས་སམ། རི་ཕུག་གམ། ཚང་ཚིང་ངམ། རྒྱལ་པོའི་གནས་སམ། ལམ་གྱི་བཞི་མདོ་འམ། གཞན་ཡང་བྲང་སའམ། དགེ་འདུན་གྱི་ཀུན་དགའ་ར་བའམ། སྐྱེད་མོས་ཚལ་ལམ། ནགས་འདབ་ཉིད་དང་། ཀུན་དགའ་ར་བའམ། ཆུ་

ཀླུང་ངམ། ལྟེང་ཀའམ། འབབ་ཆུའི་དངོའམ། མཚོ་བྲན་ནམ། མཚེའུ་དག་དང་། རྫིང་བུ་རྣམ་པར་བཀྲ་བའམ། དེ་བཞིན་གཤེགས་པའི་ཚོན་ནམ། ནེའུ་གསིང་སྔོན་པོའམ། མེ་ཏོག་སྐྱེས་པའི་གནས་སམ། ཐམས་ཅད་དུ་རྗེས་སུ་མཐུན་པར་བརྟག་པར་བྱའོ། །གནས་

เล่ม ๙๓ · หน้า 51a

གཙང་མར་མ་ཉམས་པའི་མོད་ལ། དཀྱིལ་འཁོར་དེར་དགོད་པར་བྱ་སྟེ། ས་དང་། བ་བྱུང་དང་། ཡང་དག་པར་ལྡན་པའི་དཀྱིལ་འཁོར་གྲུ་བཞི་བྱའོ། །ཁོར་ཡུག་ཏུ་ཁྲུ་བཞི་པ། ལེགས་པར་བྱུགས་ཤིང་ཤིན་ཏུ་འཇམ་པ། བཻ་ཌཱུརྱའི་ཁ་དོག་ཏུ་བྱའོ། །དཀྱིལ་

འཁོར་ལ་ཚོན་སྣ་ཚོགས་པ་མཛེས་པས་ཕྱེ་བའི་ཐིག་གདབ་སྟེ། ཆ་མཉམ་པར་ཕྱེ་ནས་ཟུར་བཞི་པ་ལོགས་བཞི་པ། སྒོ་བཞི་རྣམ་པར་ཕྱེ་བའི་དཀྱིལ་འཁོར་མཆོག་གི་ཐིག་གདབ་བོ། །དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་ཡང་། དཀྱིལ་འཁོར་ཁྲུའི་ཚད་ལ་རེ་ཁཱ་ལྔ་བྱས་པ་སྣ་ཚོགས་

པའི་གཟུགས་མཛེས་པས་ཐིག་གདབ་བོ། །པདྨའི་རི་མོ་དང་། མདུང་རྩེ་གསུམ་པ་དང་། རྡོ་རྗེའི་རི་མོ་གསུམ་པ་དག་གོ། །ཨུཏྤ་ལ་བཞི་པའམ། ནོར་བུ་རིན་པོ་ཆེ་ཆེན་པོ་ནི་ལྔ་པར་བཤད་དོ། །སྙིང་པོའི་དཀྱིལ་འཁོར་གྱི་འཁོར་ཡུག་ཏུ་འབར་བའི་ཕྲེང་བ་བྱེད་དུ་གཞུག་གོ། །དབུས་

ཀྱི་དཀྱིལ་འཁོར་གྱི་གནས་སོ། །པདྨ་དཀར་པོ་ཞེས་བྱ་བ་འདབ་མ་སུམ་ཅུ་རྩ་གཉིས་པ། གེ་སར་དང་། ཟེའུ་འབྲུ་དང་བཅས་པའི་པདྨ་བྱ་སྟེ། དེ་ལ་རིག་པའི་ལྷ་མོ་གཟུགས་ཇི་ལྟར་མཛེས་པ་དགོད་པར་བྱའོ། །ཇི་ལྟར་རས་རིས་འདི་ལ། གཟུགས་པདྨ་དཀར་པོ་ཞེས་བྱ་བ་དེ་ལྟ་བུ་

བྲིས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མཛེས་པ་དང་། ཞི་བ་དང་། ཁྲོ་གཉེར་ཅན་མ། དྲག་པོ་སྣ་ཚོགས་པའི་གཟུགས་འཆང་བ། མཚོན་ཆ་སྣ་ཚོགས་ཐོགས་པ་དཀྱིལ་འཁོར་གྱི་ཚད་ཇི་ལྟ་བ་བཞིན་དུའོ། །རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གོས་སྣ་ཚོགས་པ་འཆང་བ་སྐྱེས་

པ་ལོ་བཅུ་དྲུག་པའི་གཟུགས་དང་། བུ་མོ་ལོ་བཅུ་དྲུག་པའི་གཟུགས་འཛིན་པ་བསྲེས་པ་རྟག་ཏུ་བྲིས་ནས། པདྨའི་གདན་གྱིས་བརྒྱན་ཅིང་། ཐམས་ཅད་པདྨ་འཆང་བ་བྱེད་དུ་གཞུག་གོ། །སྙིང་པོའི་དཀྱིལ་འཁོར་གྱི་གྲྭ་བཞི་རུ་རྒྱལ་པོ་ཆེན་པོ་བཞི་བྱེད་དུ་གཞུག་སྟེ། གོ་ཆ་དང་ཡ་

ལད་བགོས་པ། དྲག་པོའི་གཟུགས་འཇིགས་པར་བྱེད་པའོ། །ཕྱིའི་དཀྱིལ་འཁོར་རྣམ་པར་ཕྱེ་བ་བྱ་སྟེ། ཁོར་ཡུག་ཏུ་མཚན་མའི་ཕྱག་རྒྱ་ཐམས་ཅད་ལ་པདྨའི་གདན་འཆང་བའོ། །སྒོ་བཞིའི་གནས་རྣམས་སུ་དཀྱིལ་འཁོར་གྱི་ལྷ་བྱའོ། །གང་གཱ་དང་། ཤཱི་ཏྲ་དང་། འཇིགས་

เล่ม ๙๓ · หน้า 51b

མ་དང་། དཔེ་མེད་མ་དང་། ནོར་བུ་བཟང་པོ་དང་། ཀི་ལཱི་ཀི་ལ་དང་། གཙིགས་ཞལ་མ་སྟེ། དཀྱིལ་འཁོར་གྱི་ལྷ་འདི་རྣམས་བྲི་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རི་བོའི་ཕྲེང་བ་དག་ལ་མེ་ཏོག་དང་། ལྗོན་ཤིང་སྣ་ཚོགས་པའི་ལྕུག་མས་ཁྱབ་ཅིང་། ཚོན་སྣ་

ཚོགས་པས་རྣམ་པར་མཛེས་པ་བྲི་བར་བྱའོ། །དཀྱིལ་འཁོར་གྱི་བྱ་བ་ལེགས་པར་མཐར་ཕྱིན་པ་དང་། དེ་ནས་དཀྱིལ་འཁོར་གྱི་རྒྱན་ལ་ཁོ་ར་ཁོར་ཡུག་ཏུ་ཚོན་སྣ་ལྔས་མཛེས་པའི་བ་དན་བརྒྱ་དང་། སྣ་ཚོགས་པའི་གཟུགས་མཛེས་པ་དང་། རྣམ་པར་བཀྲ་བའི་བུམ་པ་གང་

བ་དང་། གཏོར་མ་དང་། དྲིལ་བུ་མཛེས་པ་དང་། གང་བའི་བུམ་པ་དང་། བུམ་བུ་དང་། དྲི་སྣ་ཚོགས་ཀྱི་ཆུས་ཡོངས་སུ་གང་བ་དང་། རོ་སྣ་ཚོགས་པའི་གཏོར་མ་བཞག་ནས། ཁམ་ཕོར་དང་། རིལ་བ་གང་བ་དང་། དྲི་སྣ་ཚོགས་ཀྱིས་བྱུག་པ་དང་། བདུག་པ་སྣ་ཚོགས་པས་

མཛེས་པ་དང་། མེ་ཏོག་གི་ཕྲེང་བ་གཅལ་དུ་བཀྲམ་པ་དང་། འབྲས་ཡོས་དང་། ཡུངས་ཀར་ཉིད་དང་། སྣ་ཚོགས་པའི་འབྲས་བུ་རྣམས་དང་། བཟའ་བའི་རྣམ་པ་གཟུགས་སྣ་ཚོགས་པ་བཞག་ནས། འབྲས་བུ་སྣ་ཚོགས་མཛེས་པ་རྣམས་བཞག་སྟེ། ཁོར་ཡུག་ཏུ་མར་མེའི་ཕྲེང་

བ་དང་། གསེར་དང་། དངུལ་ལས་བྱུང་བའི་སྣོད་དྲིས་གང་བ་རྣམས་བཞག་གོ། །ཐམས་ཅད་ཇི་ལྟར་འབྱོར་པ་བྱ་སྟེ། དཀྱིལ་འཁོར་གཞལ་དུ་མེད་པ་ལས་དམན་པ་ཉིད་དུ་མི་བྱའི་ལྷག་པ་ཉིད་བྱེད་དུ་གཞུག་གོ། །དཀྱིལ་འཁོར་གྱི་ལས་རྣམས་ཇི་ལྟ་བ་བཞིན་དུ་གུས་པ་དང་།

སྟོབས་དང་བརྩོན་འགྲུས་ཀྱིས་བྱའོ། །རིག་སྔགས་འཆང་གིས་གཙང་བར་གྱུར་ནས། ལེགས་པར་ཁྲུས་བྱས་ཏེ་གོས་གཙང་མ་བགོས་ནས། སྲུང་བའི་ཆོ་གས་ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བ་དང་། སྲུང་བ་ཆེན་པོ་ཡང་བྱེད་དུ་གཞུག་

གོ། །དེ་ནས་གསང་སྔགས་ཀྱི་ལས་དང་། ཕྱག་རྒྱའི་ལས་བླ་ན་མེད་པར་བྱའོ། །དེ་ནས་སེམས་ཅན་གཞུག་པར་བྱ་སྟེ། དཀྱིལ་འཁོར་གང་འདོད་པར་བཅུག་ནས་ཐམས་ཅད་ཀྱི་དམ་ཚིག་དང་། ཕྱག་རྒྱ་སྦྱིན་དུ་གཞུག་གོ། །ཕྱག་བྱ་བ་དང་། བསྐོར་བ་ལ་ཐམས་ཅད་བཅུག་

เล่ม ๙๓ · หน้า 52a

ནས། སྙན་གསན་དབབ་པ་དང་སྤྱན་དྲང་བར་བྱ། ལས་ཀྱི་ཆོ་གས་གཏོར་མ་སྦྱིན་པར་བྱ། མེ་ཏོག་དང་བདུག་པ་དབུལ་བར་བྱ། བཟླས་པའི་ལས་རྣམས་དང་། ལས་ཐམས་ཅད་མདོར་བསྡུས་པ་བྱས་ནས། གཤེགས་སུ་གསོལ་བ་འདིར་བྱའོ། །དཀྱིལ་འཁོར་

ན་གནས་པའི་ལྷ་རྣམས་ལ་གཏོར་མའི་ལས་ཀྱི་ཆོ་ག་དང་། དེ་བཞིན་དུ་མེ་ཏོག་དང་བདུག་པ་ཕུལ་བ་ནས་དཀྱིལ་འཁོར་ན་གནས་པ་རྣམས་གཤེགས་སུ་གསོལ་ལོ། །གང་གི་ཚེ། གསང་སྔགས་རྣམས་དང་། ཆོ་ག་ཞིབ་མོ་ཆེན་པོའི་གཟུངས་རབ་ཏུ་འཇུག་པ་ན་སའི་མཐིལ་དུ་

རས་རིས་འབར་བའི་མོད་ལ་འོད་ཟེར་འབྱིན་པར་བྱེད་དེ། དཀྱིལ་འཁོར་མཐོང་ཞིང་གསང་སྔགས་འཆང་ཡང་བར་སྣང་ལ་གནས་སོ། །དེའི་སྐད་ཅིག་ལ་ཏིང་ངེ་འཛིན་ཐོབ་སྟེ། དཀྱིལ་འཁོར་དུ་ཞུགས་པའི་མོད་ལ། ཆོ་ག་ཞིབ་མོའི་དངོས་གྲུབ་བླ་ན་མེད་པ་དང་། དངོས་གྲུབ་

ཐམས་ཅད་རྟག་ཏུ་མྱུར་དུ་འབྱུང་ལ་རིག་པའི་རྒྱལ་པོའི་དཀྱིལ་འཁོར་གྱི་དབུས་ནས་ལེགས་སོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །རིག་པའི་རྒྱལ་པོའི་དངོས་གྲུབ་བླ་ན་མེད་པ་དང་དོན་ཡོད་ཞགས་པའི་དངོས་གྲུབ་བརྗོད་དོ། །ཇི་ལྟར་ཡིད་ལ་བྱེད་པ་ཐམས་ཅད་མྱུར་དུ་འཛིན་ནོ། །

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་སྟེ་འདི་ལ་ཐེ་ཙོམ་མེད་དོ། །སེམས་ཅན་དཀྱིལ་འཁོར་དུ་ཞུགས་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ཕྱིར་མི་ལྡོག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ཡང་འགྱུར་རོ། །བྱང་ཆུབ་ཀྱི་

སྙིང་པོར་འདུག་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། །སེམས་ཅན་གང་དཀྱིལ་འཁོར་དེ་མཐོང་ནས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་ལ་སོགས་པ་རྣམས་དང་། མནར་མེད་པར་གཞོལ་བ་དེ་ཐམས་ཅད་རྣམ་པར་ཉམས་པར་བྱེད་ཅིང་བདེ་བླག་ཏུ་སངས་

རྒྱས་ཉིད་དུ་འགྲོའོ།། །།དེ་ནས་དོན་ཡོད་པའི་ལྕགས་ཀྱུའི་ཆོ་ག་ཞིབ་མོ་ཆེན་པོ་དང་། ཁྲོ་བོ་ལྕགས་ཀྱུ་དང་། རིག་པའི་རྒྱལ་པོ་དང་། དོན་ཡོད་ཞགས་པའི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་རུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཐུན་མོང་པའི་ཕྱག་རྒྱ་དགེ་བའི་ལས་

เล่ม ๙๓ · หน้า 52b

ཐམས་ཅད་བྱེད་པ། འབྱུང་པོ་ཐམས་ཅད་སྐྲག་པར་བྱེད་པ། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་འབྲོས་པར་བྱེད་པ། བགེགས་ཐམས་ཅད་རྣམ་པར་སྐྲག་པར་བྱེད་པ། འདོད་པའི་རིག་རྣམས་སྲེག་པར་བྱེད་པ། གདུག་པའི་ཀླུ་རྣམས་འཁྲུག་པར་བྱེད་པ། སའི་མཐིལ་

གཡོ་བར་བྱེད་པ། ལྷའི་མེ་ཏོག་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པ་དང་། ལྷའི་གོས་དང་ལྷབ་ལྷུབ་ཀྱི་ཆར་འབེབས་པར་བྱེད་པ། དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ཡང་དག་པར་སྐུལ་བར་བྱེད་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙན་

གསན་འབེབས་པར་བྱེད་པ། སུམ་ཅུ་རྩ་གསུམ་གྱི་གནས་ན་གནས་པའི་ལྷ་ཐམས་ཅད་སྤྱན་འདྲེན་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབུགས་འབྱིན་པར་བྱེད་པ། རིག་པའི་རྒྱལ་པོ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འགུགས་པར་བྱེད་པ། བདེ་བ་ཐམས་

ཅད་དང་ཕྱིར་མི་ལྡོག་པའི་གནས་ཐོབ་པར་བྱེད་པ། བླ་ན་མེད་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱེད་པ། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པ། ཆོས་ཀྱི་སྒྲོན་མ་འབར་བར་བྱེད་པ། ཆོས་ཀྱི་དུང་འབུད་པར་བྱེད་པ། ཕྱག་རྒྱ་དང་། ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད་པ། ཆོ་ག་ཞིབ་མོ་དང་།

གསང་སྔགས་བླ་ན་མེད་པ་ཐམས་ཅད་གྲུབ་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཕྱག་རྒྱ་དང་། མཆོག་ཐམས་ཅད་སྦྱིན་པར་བྱེད་པ། གསང་སྔགས་ཐམས་ཅད་འཆང་བ། གཟུངས་རྣམས་ཀྱི་ཁྱད་པར་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་གསང་བའི་དཀྱིལ་

འཁོར་ཐམས་ཅད་དུ་འཇུག་པར་བྱེད་པ། གང་གིས་རྣམ་པར་སྣང་མཛད་དང་། ཐུབ་པ་བརྒྱད་པའི་དམ་ཚིག་གི་གནས་ཐམས་ཅད་ལ་གནས་པ། སྡིག་པ་ཐམས་ཅད་ཉམས་པར་བྱེད་པ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ། ཀུན་ནས་ཉོན་མོངས་པ་རྣམས་སྲེག་པར་

བྱེད་པ། རྟག་ཏུ་འཁོར་བ་ལས་འདོན་པར་བྱེད་པ། བདུད་དང་མ་རུངས་པ་རྣམས་ལས་སྒྲོལ་བ་པོ། རྟག་ཏུ་ཆོས་ཀྱི་ཟམ་སྟེགས་མཆོག །རྒ་བ་དང་། སྐྱེ་བ་དང་། འཆི་བ་ལས་གྲོལ་བར་བྱེད་པ། སྲིད་པ་མི་བཟད་པ་སྟོན་པར་ནུས་པ། ཚུལ་ཁྲིམས་དང་། གཏོང་བ་དང་། བརྩོན་

เล่ม ๙๓ · หน้า 53a

འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཏིང་ངེ་འཛིན་རྣམས་ཀྱི་དྲི་ཞིམ་པོ་སྦྱིན་ཞིང་སྲུང་བར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ། སྦྱིན་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོ་རྟག་ཏུ་སྦྱིན་པ། རིན་པོ་ཆེའི་ཕུང་པོ་རྟག་

ཏུ་སྦྱིན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་ཐམས་ཅད་ལ་མཆོད་པ་བྱེད་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བྱིན་གྱིས་རློབ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་འཕྲུལ་བ་

ཐམས་ཅད་སྟོན་པར་བྱེད་པ། གཟུགས་སྣ་ཚོགས་དང་། རྫུ་འཕྲུལ་སྣ་ཚོགས་ཀྱི་རྣམ་པར་འཕྲུལ་པ་མཐོང་བར་བྱེད་པ། རྫུ་འཕྲུལ་ཡོངས་སུ་རྫོགས་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་རབ་ཏུ་སྟོན་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་འདི་ལ་གནས་པར་

བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་བ། མ་རུངས་པ་ཐམས་ཅད་དང་། གདོན་དང་ནད་ཐམས་ཅད་རྟག་ཏུ་རྣམ་པར་འཇིག་པར་བྱེད་པ། ཕྱིར་རྒོལ་བ་དང་། དགྲ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཟློག་པར་བྱེད་པ། སྒྲུབ་

པར་བྱེད་པའོ། །འཇིགས་པ་རྣམས་ཐམས་ཅད་དང་། འཇིགས་པ་མི་བཟད་པ་བརྒྱད་པོ་རྣམས་ཀྱིས་འཇིགས་པ་མེད་པའོ། །དུག་དང་། བྱད་སྟེམས་དང་། ཕྱེ་མའི་སྦྱོར་བ་ཐམས་ཅད་ཉམས་པར་བྱེད་པར་ཐེ་ཙོམ་མེད་པ་ཞེས་བྱ་བ་བཤད་པར་བྱའོ། །ལག་པ་

གཉིས་བཟློག་ནས། ལག་པ་གཉིས་ཀྱི་མཐེ་བོའི་སོར་མོ་དང་། སྡིགས་མཛུབ་གཉིས་བསྐུམས་ལ་སོར་མོ་གསུམ་བརྐྱང་ལ་སྙིང་གའི་གནས་སུ་གཞག་པར་བྱ་སྟེ། འདི་ནི་དོན་ཡོད་པའི་ལྕགས་ཀྱུའི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་དང་མཉམ་པར་མཆོག་སྦྱིན་པ་སྟེ།

ཕྱག་རྒྱ་བརྒྱ་སྟོང་ཕྲག་བྱེ་བ་གཉིས་ཙམ་དུ་བཅིངས་པར་འགྱུར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་དང་། པདྨ་ཡངས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་གང་ཡིན་པ་དང་། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་གང་ཡིན་པ་དང་། ནོར་བུའི་རིགས་ཀྱི་ཕྱག་

เล่ม ๙๓ · หน้า 53b

རྒྱ་གང་ཡིན་པས་ཏེ། ཕྱག་རྒྱ་སོ་སོ་སོ་སོ་བ་འདི་རྣམས་ཐམས་ཅད་ཕྱག་རྒྱ་བྱེ་བ་བརྒྱ་སྟོང་ཕྲག་རྣམས་སུ་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བྱེད་དོ། །ཕྱག་རྒྱ་འདི་ནི་ཡིད་བཞིན་གྱི་ནོར་བུའི་མཆོག་སྦྱིན་པ་པོ་འཇིག་རྟེན་དབང་ཕྱུག་མགོན་པོ་དོན་ཡོད་པའི་

སྙིང་པོའོ། །ཤིན་ཏུ་གསང་བའི་ལས་ཐམས་ཅད་དུ་དོན་ཡོད་པའོ། །དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པ་དང་། རིགས་ཐུན་མོང་བའི་གསང་བ་དང་། དམ་ཚིག་ཐམས་ཅད་དུ་མཐོང་བའོ། །ཕྱག་རྒྱ་འདིའི་ད་ལྟར་པའི་འདོད་

པ་ཐམས་ཅད་དང་། ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་འགྱུར་བའོ། །མཆོག་ཐམས་ཅད་སྦྱིན་པར་འགྱུར་བའོ། །ཕྱག་རྒྱ་འདི་ཉིད་ཀྱིས། གུང་མོའི་སོར་མོས་མཐེ་བོང་གི་སོར་མོ་བསྐུམས་ལ། སྡིགས་མཛུབ་ཀྱིས་བསྡིགས་པར་བྱ། མིང་མེད་

དང་། མཐེ་ཆུང་དག་གཅིག་ཏུ་བརྐྱང་ལ། སེན་མོས་སེན་མོ་མཉམ་པར་བཞག་ནས། སྙིང་གའི་གནས་སུ་བཞག་སྟེ། ཁྲོ་བོའི་ལྟ་བ་དང་མཚུངས་པར་བཞག་པས་ཧཱུཾ་ཡིག་གིས་བཙིར་བར་བྱའོ། །འདི་ནི་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་ཁྲོ་བོ་ཐམས་ཅད་ཀྱི་

མཆོག་དང་གཙོ་བོར་བརྗོད་པར་བྱ་སྟེ། རིགས་བྱེ་བ་སྟོང་ཕྲག་རྣམས་ཀྱི་ཐུན་མོང་བའི་ཕྱག་རྒྱ་ཐམས་ཅད་རབ་ཏུ་འཇུག་པར་འགྱུར་རོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་ཁྲོ་བོའི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པའི་རིགས་སུ་བརྗོད་པ་དང་། དེ་བཞིན་དུ་པདྨའི་

རིགས་གང་ཡིན་པ་དང་། རྡོ་རྗེའི་རིགས་སུ་བརྗོད་པ་གང་ཡིན་པ་དང་། ཁྲོ་བོའི་རྡོ་རྗེ་དྲག་པོས་འཇིགས་པར་བྱེད་དོ། །ཁྲོ་བོའི་རྒྱལ་པོ་འདི་ནི་ཐམས་ཅད་དུ་ཁྲོ་བོའི་རྒྱལ་པོར་བརྗོད་པར་བྱ་སྟེ། ནོར་བུའི་རིགས་གང་ཡིན་པའི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་རྣམས་

གདུག་པ་རྣམས་འཇིགས་པ་སྦྱིན་པའོ། །ཐམས་ཅད་དུ་ཕྱག་རྒྱའི་གཙོ་བོ་ཞེས་བྱ་བ། ཁྲོ་བོའི་རྒྱལ་པོ་བླ་ན་མེད་པའོ། །དེ་བཞིན་དུ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་འདི་འཆིང་བཞིན་པ། རི་རབ་ལྷུན་པོ་བརྒྱ་སྟོང་ཕྲག་དང་། རྒྱ་མཚོ་ཡང་སྐེམས་པར་བྱེད་དོ། །

เล่ม ๙๓ · หน้า 54a

རི་རབ་ལྷུན་པོའི་རི་ནི་རྡུལ་ཕྲ་རབ་ཇི་ལྟ་བར་རྣམ་པར་འཐོར་བར་བྱེད་དོ། །རྒྱ་མཚོ་ཐམས་ཅད་ཀྱང་སྐེམས་པར་བྱེད་དོ། །རི་དང་རི་བོ་ཡང་ཉམས་པར་བྱེད་དོ། །ལྷ་མ་ཡིན་མ་རུངས་པ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་།

དེའི་གནས་ཀྱི་ཀླུ་མ་རུངས་པ་རྣམས་སྲེག་པར་བྱེད་དོ། །དེ་བཞིན་དུ་གནོད་སྦྱིན་དང་། སྲིན་པོ་དང་། །འབྱུང་པོ་དང་། གདོན་མ་རུངས་པ་དང་། །བགེགས་བྱེད་པའི་ལྷ་མ་རུངས་པ་གང་ཡིན་པ་དང་། བདུད་ཀྱི་རིགས་རྣམས་གཅིག་ཏུ་འབར་བར་འགྱུར་ལ། ཕྱག་

རྒྱ་འཛིན་པ་ཙམ་གྱིས་དེ་རྣམས་ཐམས་ཅད་རྟག་ཏུ་ཉམས་པར་བྱེད་ཅིང་། སྐད་ཅིག་དེ་ལ་འཇིག་པར་བྱེད་དོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་ཕྱིར་རྒོལ་བ་དང་། དགྲ་དང་། དེ་བཞིན་དུ་མ་རུངས་པའི་སེམས་ཅན་འཇིགས་པར་བྱེད་པ་དེ་རྣམས་ཐམས་ཅད་

སྐྱབས་སུ་འགྲོ་བར་བྱེད་དོ། །ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ཐམས་ཅད་དུ། བྱ་བ་ཐམས་ཅད་འགྲུབ་པར་བྱེད་དོ། །ཐམས་ཅད་འགྲུབ་པ་དོན་ཡོད་ཅིང་དགེ་བ་ཐམས་ཅད་འགྲུབ་པར་བྱེད་དོ། །ཕྱག་རྒྱ་འདི་ཉིད་ལས་སྡིགས་མཛུབ་གཉིས་

རྡོ་རྗེའི་རྣམ་པར་བསྐུམས་ལ། གུང་མོ་ཡུད་ཙམ་བསྐུམས་ཏེ། མིང་མེད་དང་། མཐེ་བོང་གིས་སོར་མོའི་སེན་མོས་སེན་མོ་མཉམ་གཞག་སྟེ། མཐེའུ་ཆུང་བརྐྱང་ནས་སྙིང་གའི་གནས་སུ་བཞག་པ་འདི་ནི་རིག་པའི་ཕྱག་རྒྱ་ཆེན་པོ་དོན་ཡོད་པའི་ཕྱག་རྒྱ་རྨད་དུ་

བྱུང་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དུ་རིགས་ཐུན་མོང་བའི་ཕྱག་རྒྱ་རིག་པའི་རྒྱལ་པོ་ཐམས་ཅད་ཀྱི་བླ་ན་མེད་པ་འཇིག་རྟེན་གྱི་ཁམས་མགོན་པོས་སྙན་པར་བརྗོད་ཅིང་ལུང་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་

རིགས་ཀྱི་གཙོ་བོ་ཞེས་བརྗོད་པ། དེ་བཞིན་དུ་པདྨའི་རིགས་ཀྱི་གཙོ་བོ་དང་། རྡོ་རྗེའི་རིགས་ཀྱི་གཙོ་བོ་ཞེས་བརྗོད་པ་དང་། དེ་བཞིན་དུ་ནོར་བུའི་རིགས་ཀྱི་གཙོ་བོ་དང་། རིག་པའི་རྒྱལ་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ཐམས་

เล่ม ๙๓ · หน้า 54b

ཅད་དུ་གཙོ་བོ་སྟེ། གང་གིས་ཕྱག་རྒྱ་འདི་འཆིང་བ་དེ། གངྒཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་གི་ཕྱག་རྒྱ་རྣམས་ཇི་ལྟ་བ་བཞིན་དུ་བཅིངས་པར་འགྱུར་རོ། །སྡིག་པ་དང་། ཉོན་མོངས་པ་མི་བཟད་པ་དང་། གདུག་པ་ཐམས་ཅད་རྣམ་པར་ཉམས་པར་

བྱེད་དོ། །བསོད་ནམས་ཀྱི་ཕུང་པོ་བརྒྱ་སྟོང་ཕྲག་བསྐྱེད་པར་འགྱུར་རོ། །དགེ་བའི་རྩ་བ་རྣམས་ཀུན་ནས་བསྐྱེད་པར་འགྱུར་རོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་གཟིགས་པར་བྱེད་ཅིང་དགོངས་པར་བྱེད་དེ་ཐེ་ཙོམ་

མེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་མཆོག་སྦྱིན་པར་འགྱུར་རོ། །ལྷ་རྣམས་ཀྱིས་རྟག་པར་རྒྱུན་དུ་སྲུང་བར་བྱེད་དོ། །ཕྱག་རྒྱ་འདིའི་ཕན་ཡོན་སྔར་བརྗོད་པས་གཞལ་དུ་མེད་ཅིང་གྲངས་མེད་ལ་ཚད་མེད་པར་རབ་ཏུ་བསྒྲགས་ཤིང་ཐེ་ཙོམ་

མེད་དོ། །ཕྱག་རྒྱ་འདི་མཐོང་བ་དང་། བཅིངས་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བསྐྱེད་དོ། །ལག་པ་གཡས་པའི་མཐིལ་དུ་གཅིག་བརྐྱངས་ལ། དཔུང་པ་བསྐུམས་ཏེ། མིང་མེད་དང་། མཐེ་བོང་གི་སོར་མོ་འདུད་ལ་མཐེ་ཆུང་བསྐུམ་པར་བྱའོ། །

མིང་མེད་ཀྱི་མཐར་རེག་ལ། གུང་མོ་བསྐུམས་ལ་སྡིགས་མཛུབ་རབ་ཏུ་བརྐྱངས་ཏེ། སྙིང་གའི་གནས་སུ་འདི་གཡོ་བ་ཙམ་མོ། །མེ་ཏོག་གམ། དྲི་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། གོས་སམ། རྒྱན་དང་། སྤུད་པ་རྣམས་ཀྱང་ལག་པ་

གཡོན་དུ་བཟུང་ནས་དབུལ་བར་བྱ་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་རྣམས་དང་། དེ་བཞིན་དུ་རིག་པའི་རྒྱལ་པོ་རྣམས་དང་། དེ་བཞིན་དུ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་དེ་རྣམས་ཐམས་ཅད་མཆོད་པར་འགྱུར་རོ། །

ལྷ་རྫས་ཀྱི་མཆོད་པ་བླ་ན་མེད་པ་དང་། མཆོག་དང་། རབ་མཆོག་དང་། གྱ་ནོམ་པའི་མཆོད་པ་འདི་རྣམས་བྱེད་དེ། རོ་སྣ་ཚོགས་པའི་བཟའ་བ་རྣམས་དང་། རོ་བརྒྱ་བའི་འབྲས་བུ་རྣམ་པ་སྣ་ཚོགས་པ་དང་། བཏུང་བ་རྣམ་པ་སྣ་ཚོགས་པ་བདུད་རྩི་བཅུད་

เล่ม ๙๓ · หน้า 55a

ཀྱིས་ལེན་གྱི་མཆོད་པ་འདི་རྣམས་བྱེད་དོ། །ཕྱོགས་བཅུ་རྣམས་སུ་ཀུན་ནས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབྱུང་ངོ་། །གསེར་དང་དངུལ་གྱི་མེ་ཏོག་བླ་ན་མེད་པ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བ་ཉི་མ་དང་གཟི་བརྗིད་མཚུངས་པས་འབར་

བར་བྱེད་དོ། །ཕྱག་རྒྱ་འཛིན་པ་ཙམ་གྱིས་དོན་ཡོད་པ་མཆོད་པའི་ནོར་བུའི་ཞེས་བྱ་བ་འདི་ཡིད་བཞིན་གྱི་ནོར་བུ་སྟེ། རྟག་ཏུ་ཕྱག་རྒྱའི་གསང་བ་དང་། གསང་སྔགས་རྣམས་ཡིད་ཀྱིས་བསམས་པས་དེ་རྣམས་ཐམས་ཅད་འབྱུང་བར་འགྱུར་རོ། །དཔག་བསམ་

གྱི་ཤིང་དང་མཉམ་ཤིང་མཚུངས་པར་ཇི་ལྟར་ཡིད་ལ་བསམས་པ་བཞིན་དུ་མཆོད་པ་ཐམས་ཅད་བྱེད་དེ། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་སྟོང་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེའི་དུས་གསུམ་པའི་དེ་བཞིན་གཤེགས་པ་རྣམས་ཕྱག་རྒྱ་འདིའི་

མཐུས་བླ་ན་མེད་པའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱེད་དོ། །དེའི་ཕྱིར་ཕྱག་རྒྱ་འདི་རྟག་ཏུ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱག་རྒྱ་བཟུང་བཞིན་པ་ནི། མཆོད་པ་བླ་ན་མེད་པ་དང་། ཚེགས་ཆུང་ངུས་མཆོད་པ་ཆུང་ངུ་ཡང་ཚད་

མེད་པར་རབ་ཏུ་འགྱུར་རོ། །སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་པ་བྱེད་དོ། །རི་རབ་ལྷུན་པོ་བྱེ་བ་བརྒྱ་སྟོང་ཕྲག་རྣམས་དང་། རིན་པོ་ཆེ་སྣ་བདུན་གྱི་ཕུང་པོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཀང་སྟེ། དེ་

བཞིན་གཤེགས་པ་རེ་རེ་ལ་ཕུལ་བ་དེ་བཞིན་དུ། ཕྱག་རྒྱ་འཛིན་བཞིན་པས། དེ་བཞིན་གཤེགས་པ་རེ་རེ་ལ་དེ་ལྟ་བུའི་མཆོད་པའི་ཆོ་ག་བྱེད་དོ། །དེ་ལྟ་བུའི་ཕྱག་རྒྱའི་ཆོ་གའི་རྣམ་པར་འཕྲུལ་པ་ནི། འདྲེན་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པའོ། །ཕྱག་

རྒྱ་འདི་ཉིད་ལས་སྡིགས་མཛུབ་གུང་མོ་ལ་རེག་པ་ནི། དཀྱིལ་འཁོར་དུ་དབང་བསྐུར་བ་དང་། མཚམས་བཅིང་བ་དང་། སྤྱན་དྲང་བ་དང་། དམ་ཚིག་ལ་འཇུག་པ་དང་། སྐོར་བ་བྱེད་པ་དང་། མེ་ཏོག་དང་། བདུག་པ་དང་། དེ་བཞིན་དུ་དྲི་དང་། མར་མེ་དང་། ཕྲེང་བ་

เล่ม ๙๓ · หน้า 55b

དང་། བྱུག་པ་དང་། གཏོར་མ་འབུལ་བར་བྱེད་པ་དང་། དེ་བཞིན་དུ་ཁྲུས་དང་། ཉེ་རེག་ཉིད་དང་། གོས་བགོ་བ་དང་། གཙུག་ཏོར་བཅིང་བ་དང་། སྲུང་བ་དང་། གཞན་སྲུང་བ་དང་། དེ་བཞིན་ཉིད་དུ་གྲོགས་སྲུང་བ་དང་། བཟླས་བཞིན་པ་དང་མཉམ་པ་ཉིད་དང་། སྐྱིལ་

མོ་ཀྲུང་བཅིང་བ་དང་། སྦྱིན་སྲེག་གི་ལས་དང་། གཞན་སྤྱན་དྲང་བ་ཉིད་དང་། གསང་སྔགས་སྤྱན་དྲང་བ་ཉིད་དང་། དངོས་གྲུབ་སྒྲུབ་པ་ཉིད་དང་། ཐམས་ཅད་ནས་ཐམས་ཅད་དུ་བྱ་བ་ཐམས་ཅད་ཕྱག་རྒྱ་འདིས་བྱེད་དེ། གནས་ཐམས་ཅད་དུ་སོང་བ་དང་། གནས་གྲུབ་

པ་དང་། བྱ་བ་ཐམས་ཅད་ལེགས་པར་བསྔགས་པ་དང་། ཐམས་ཅད་དུ་མཆོག་གི་ཕྱག་རྒྱ་དོན་ཡོད་པའི་ལས་རབ་ཏུ་གྲུབ་པ་དང་། ཡོན་ཏན་ཐམས་ཅད་བསྐྱེད་པ་དང་། ཐམས་ཅད་དུ་རིགས་ཐུན་མོང་བའི་དཀྱིལ་འཁོར་དུ། དོན་ཡོད་པ་སྒྲུབ་པ་པོའི་ཕྱག་རྒྱ་དོན་

ཡོད་པའི་ཆོ་ག་ཞིབ་མོ་སྒྲུབ་པར་བྱེད་པའོ། །དོན་ཡོད་པའི་ལས་ཞེས་བྱ་བའི་ཕྱག་རྒྱ་འདི། དོན་ཡོད་པའི་མཆོག་སྦྱིན་པ་ཞེས་བྱ་བ་བརྗོད་པར་བྱའོ། །ཕྱག་རྒྱ་ཆེན་པོ་ལྔ་པོ་འདི་རྣམས་རྨད་དུ་བྱུང་བའི་དེ་ཁོ་ན་ཉིད་མཐོང་བ་དང་། དོན་ཡོད་པ་ཐོས་པ་ཉིད་དང་། དོན་

ཡོད་པའི་འབྲས་བུ་མཐོང་བ་དང་། དོན་ཡོད་པའི་བསོད་ནམས་བསགས་པའི་དེ་ཁོ་ན་ཉིད་དང་། དོན་ཡོད་པར་སྡིག་པ་ཉམས་པ་དང་། སྒྲིབ་པ་ཐམས་ཅད་ཟད་པ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པའི་ཕྱག་རྒྱ་དང་། དོན་ཡོད་པར་སངས་

རྒྱས་རྣམས་མཐོང་བ་དང་། དོན་ཡོད་པར་སངས་རྒྱས་ཀྱི་ཞིང་མཐོང་བ་དང་། དོན་ཡོད་པར་ཚེ་འཕེལ་བར་བྱེད་པའི་ཕྱག་རྒྱ་དང་། དོན་ཡོད་པར་དངོས་གྲུབ་ཀྱི་མཆོག་སྦྱིན་པར་བྱེད་པ་མཆོག་ཏུ་གྱུར་པའོ། །སྙིང་པོ་དང་། ཕྱག་རྒྱ་འདི་འཇིག་རྟེན་དབང་ཕྱུག་གིས་སེམས་

ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བསྒྲགས་པའོ། །རིག་སྔགས་འཆང་རྣམས་ཀྱིས་ཁྱད་པར་དུ། ཉིན་མཚན་དུ་དང་། ཐུན་མཚམས་སུ་ཡང་། ཕྱག་རྒྱ་འདི་འཆིང་ན། བཀྲ་ཤིས་པའི་མཆོག །བསོད་ནམས་དང་། དག་པ་དང་། སྡིག་པ་ཉམས་པ་དང་། དོན་

เล่ม ๙๓ · หน้า 56a

ཡོད་པའི་དངོས་གྲུབ་དམ་པར་གྱུར་པའི་མཆོག་སྦྱིན་པར་བྱེད་དོ། །འདི་ནི་ཐར་པ་མཆོག་གི་གནས་མྱ་ངན་ལས་འདས་པ་མཆོག་ཏུ་དགེ་བའོ། །ཕྱག་རྒྱའི་གསང་སྔགས་རྣམས་སུ་འགྱུར་ཏེ། ཨོཾ་ཨ་མོ་གྷཱཾ་ཀུ་ཤ་ཛྭཱ་ལཾ་ཧཱུཾ། ཨོཾ་ཨ་མོ་

གྷ་ཀྲོ་དྷ་དཾ་ཥྚེ་ཧཱུཾ། ཨོཾ་བིདྱཱ་རཱ་ཛ་པདྨེ་ཛྭ་ལཾ་ཧཱུཾ། ཨོཾ་ཨ་མོ་གྷ་བི་བི་དྷ་ཨ་མོ་གྷ་ཙིནྟཱ་མ་ཎི་པྲ་བརྟྷ་ཡ་ཧཱུཾ། ཨོཾ་ཨ་མོ་གྷ་སརྦ་ཏྲ་སཱ་དྷ་ཡ་ཤི་བེ་ཧཱུཾ། ཕྱག་རྒྱ་འཛིན་པའི་སྔགས་སོ། །དེ་ནས་དགེ་བའི་ལས་ཐམས་ཅད་བྱེད་པའི་གསང་སྔགས་ཐམས་ཅད་དུ་སྒྲུབ་པའི་

ཐབས་ཀྱི་དེ་ཁོ་ན་ཉིད་ཀྱི་གནས་ཐམས་ཅད་ལ་འཇུག་པར་བྱེད་པ་བཤད་པར་བྱ་སྟེ། ཨོཾ་ཨ་མོ་གྷ་མཎྜ་ལེ་ཧཱུཾ། དཀྱིལ་འཁོར་བཅིང་བའོ། །ཨོཾ་སམནྟ་ཤུ་བྷི་པྲི་ཐི་བཱི་ས་ཧཱ་ཧཱུཾ། ས་ཡོངས་སུ་སྦྱོང་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་པ་རི་ཤོ་དྷ་ནི་ཧཱུཾ། དཀྱིལ་

འཁོར་ཡོངས་སུ་སྦྱོང་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་པྲི་ཐི་བཱི་ས་ར་སྠ་ལེ་ཧཱུཾ། ས་དང་བ་བྱུང་གི་སྔགས་སོ། །ཨོཾ་ཨ་མོ་གྷ་ཛ་ལཿཤྲ་བ་ཎེ་ཧཱུཾ། ཆུའི་སྔགས་སོ། །ཨོཾ་ཨ་མོ་གྷ་ཨ་མྲྀ་ཏ་བ་རེ་སྭཱ་ཧཱ། དབང་བསྐུར་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་བི་

བྷཀྟ་བྷ་བ་ན་བ་རེ་ཧཱུཾ། ཐིག་རྣམ་པར་དབྱེ་བའི་སྔགས་སོ། །ཨོཾ་ནཱ་ནཱ་ར་ཏྣ་བ་རེ་ཛྭ་ལ་ཧཱུཾ། ཚོན་རྩིའི་རི་མོའི་སྔགས་སོ། །ཨོཾ་ཛྭ་ལ་བི་མ་ལེ་ཨ་མོ་གྷ་ཤུདྡྷེ་ཧཱུཾ། ཁྲུས་ཀྱི་སྔགས་སོ། །ཨོཾ་སིདྡྷི་ཛ་ལེ་ཨ་མོ་གྷ་བུདྡྷི་ཧཱུཾ། ཉེ་རེག་གི་སྔགས་སོ། །ཨོཾ་ཨ་མོ་གྷ་བསྟྲེ་

ཙྪཱེ་ད་ཧཱུཾ། གོས་བགོ་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་མ་ཎི་ཧཱུཾ། གཙུག་ཏོར་བཅིང་བའི་སྔགས་སོ། །ཨོཾ་ཨ་མོ་གྷ་ར་ཀྵ་ཎ་བ་ར་ད་ཧཱུཾ། བདག་སྲུང་བའི་སྔགས་སོ། །ཨོཾ་སཏྭ་རཀྵ་ཎི་ཨ་མོ་གྷ་དཾཥྚེ་ཧཱུཾ། ཐམས་ཅད་དུ་གཞན་སྲུང་ཞིང་བདེ་བའི་ཆེད་དུ་སྲུང་བའི་

སྔགས་སོ། །ཨོཾ་ཨ་མོ་གྷ་པྲ་བི་ཤ་བྷུ་བ་ནེ་ཧཱུཾ། གནས་སུ་འཇུག་པའི་སྔགས་སོ། །ཨོཾ་ན་མོ་ཨ་མོ་གྷ་བ་ཏི་ཧཱུཾ། ཕྱག་བྱེད་པའི་སྔགས་སོ། །ཨོཾ་ཨ་མོ་གྷ་ཙཀྲེ་ཧཱུཾ། བསྐོར་བའི་སྔགས་སོ། །ཨོཾ་ས་མ་ཡ་སིདྡྷེ་ཨ་མོ་གྷ་བ་ཏི་ཧཱུཾ། དམ་ཚིག་གི་སྔགས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด