འདུལ་བ་གཞུང་དམ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཨུད་ཏ་ར་གྲན་ཐ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓ · หน้า 121b

ཡུགས་ཤིག །ཇི་ལྟར་ལྡོང་རོས་ཀྱིས་བྱུག་པ་དེ་བཞིན་དུ་ཙན་དན་གྱིས་བྱུག་པ་ཡང་རྒྱ་ཆེར་བྱོས་ཤིག །གླེང་གཞིའི་ནང་ནས་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཅུ་པ་སྟེ། གླེང་གཞིའི་ནང་ནས་སྒོ་གསུམ་པ་རྫོགས་སྷོ།། །།མདོར་བསྡུས་པར་ན། སྒོ་ལེབ་

དང་ཡང་དེ་ལྟར་དབྱར། །དྲུག་སྡེ་དག་དང་བཙོ་བླག་མཁན། །གཞོང་པ་གཏན་པ་དེ་བཞིན་ཏེ། །ཀུན་ཏུ་རྒྱུ་དང་སྐྱིན་པོ་དང་། །ཆག་ཆག་བཏབ་པ་རུང་བ་དང་། །དེ་བཞིན་མདོ་རྣམས་བསྡུས་པར་བརྗོད།། །།མདོར་ན། སྒོ་ལེབ་དང་ནི་པུས་འཁྱུད་དང་། །དྲ་བ་དང་

ཡང་གཟུགས་འཁོར་དང་། །ཞིང་དང་འབྲས་དང་སྐྱེ་བ་དང་། །ནོར་ལས་སྐྱེས་དང་གོས་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་

དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སྒོ་ལེབ་ལ་ལག་གཟུངས་བྱོས་ཤིག་ཅེས་གསུངས་ན་ཅི་འདྲ་བ་ལས་བགྱི། ཨུ་པཱ་ལི་རིན་པོ་ཆེ་མ་གཏོགས་པའོ། །ཡང་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བུས་འཁྱུད་ཆོངས་

ཤིག་ཅེས་གསུངས་ན། ཇི་ལྟར་བཅང་བར་བགྱི། ཨུ་པཱ་ལི་སྐུད་པ་སྣ་བདུན་ཏེ། བལ་གྱི་དང་། ལྡུམ་བུ་ཤ་ན་ཀའི་དང་། རས་ཀྱི་སྐུད་པ་དང་། ཟར་མའི་དང་། རྩྭ་དུ་གུ་ལའི་དང་། ཀོ་ཏམ་བ་ཀའི་དང་། སྲིན་བལ་རྣམས་སོ། །ཡང་གསོལ་པ། བཙུན་པ་བཅོམ་

ལྡན་འདས་ཀྱིས་དྲ་བ་བྱོས་ཤིག་ཅེས་གསུངས་ན་ཇི་ལྟ་བུ་ལས་བགྱི། ཨུ་པཱ་ལི་རྣམ་པ་བཞི་སྟེ། རྩྭ་མུན་ཛའི་དང་། བལ་བ་ཛ་དང་། ཟར་མའི་དང་། རས་ཀྱི་སྐུད་པ་ལས་སོ། །ཡང་གསོལ་བ། བཙུན་པ་བཅོམ་ལྡན་འདས་ཀྱིས་དྲ་བའི་གཟུགས་འཁོར་བྱོས་ཤིག་

ཅེས་གསུངས་ན། ཇི་ལྟ་བུ་ལས་བགྱི། ཨུ་པཱ་ལི་རིན་པོ་ཆེ་མ་གཏོགས་པའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་དད་ཅིང་དེས་ལ་དགེ་བར་སེམས་པ་ཞིག་འདུག་སྟེ། དེ་ན་གཅེར་བུ་པའི་དགེ་བསྙེན་པའི་

เล่ม ๑๓ · หน้า 122a

བུ་མོ་ཆུང་མར་བླངས་ཏེ་དེས་དེ་ལ་བཟང་མོ་སངས་རྒྱས་ནི་སྟོན་པ། ཆོས་ནི་རྒྱལ་མཚན། དགེ་སློང་ནི་ཡོན་གནས་ཏེ། དེ་དག་ལ་བྱ་བ་བྱོས་ཤིག་ཅེས་བསྒོ་བ་དང་། དེ་གཡོས་ཀུན་ཏུ་སྤྱོད་དེ་གཡོ་མེད་པ་ལྟར་ཇོ་བོའི་སྲས་ལེགས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་པ་དང་།

ཁྱིམ་བདག་དེའི་ཁྱིམ་དུ་ཉིན་གཅིག་བཞིན་དགེ་འདུན་གྱིས་བསྐོས་པའི་དགེ་སློང་རྣམས་བཤོས་གསོལ་ལོ། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་དེ་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་དོན་ཅུང་ཟད་ཅིག་ཡོད་པར་གྱུར་ཏེ། དེས་ཆུང་མ་དེ་ལ་བསྒོ་བ། བཟང་མོ་ཁོ་བོ་ཡུལ་འདི་ཞེས་བྱ་བའི་རི་དྲུང་གི་གྲོང་

དུ་དོན་ཅུང་ཟད་ཅིག་ཡོད་པར་གྱུར་ཏེ་དེར་འགྲོས། ཁྱོད་ཀྱིས་དེ་བཞིན་དུ་སྦྱིན་གནས་རྣམས་ལ་བཤོས་གསོལ་ཅིག་ཅེས་བྱས་པ་དང་། དེ་གཡོས་ཀུན་ཏུ་སྤྱོད་དེ། གཡོ་མེད་པ་ལྟར་ཇོ་བོའི་སྲས་ལེགས་ཀྱིས་བཤོས་གསོལ་ལོ་ཞེས་སྨྲས་སོ། །དེ་སོང་ནས་བདག་གིས་ཆུང་མ་ལ་བསྒོ་ཟིན་ན་

དགེ་སློང་ལ་ཡང་བསྒོའོ་སྙམ་དུ་སེམས་ཏེ་དེ་གཙུག་ལག་ཁང་དུ་སོང་ནས། དགེ་སྐོས་ཀྱི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་བདག་ཡུལ་འདི་ཞེས་བྱ་བའི་རི་བྲགས་ཀྱི་གྲོང་དེར་དོན་ཅུང་ཟད་ཅིག་མཆིས་པར་གྱུར་ཏེ་བདག་དེར་མཆིས་ཁྱོད་ཀྱིས་དེ་བཞིན་དུ་དགེ་འདུན་གྱིས་བསྐོས་པའི་

དགེ་སློང་གཏང་བར་གསོལ། དེས་ཁྱིམ་བདག་དེ་བཞིན་དུ་ལེགས་ཀྱིས་གཏང་ངོ་ཞེས་སྨྲས་སོ། །དེ་ནས་ཁྱིམ་བདག་དེས་སྟོན་པ་དང་། ཆོས་དང་། དགེ་འདུན་ལ་ཕྱག་བྱས་ཏེ་རི་བྲགས་ཀྱི་གྲོང་དེར་སོང་ངོ་། །དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་ཕན་ཚུན་ཚེ་དང་ལྡན་པ་ཁྱིམ་

བདག་དེའི་ཆུང་མ་མ་དད་པས་གདུགས་ཚོད་ལས་སྔ་ཟད་དུ་འདོང་ངོ་ཞེས་གཏམ་བྱས་ན་དེ་དག་གདུགས་ཚོད་ལས་སྔར་དོང་བ་དང་། ཁྱིམ་བདག་དེའི་ཆུང་མས་མཐོང་ནས་འཕགས་པ་ཁྱེད་ཧ་ཅང་སྔར་བྱོན་ཏེ་ཅི་དེ་དག་གི་སུག་ལས་གཞན་མ་མཆིས་སམ་ཞེས་ཉེས་པ་ངོར་བརྗོད་པ་དང་།

དེ་དག་སྤ་གོང་ནས་ཅང་མི་ཟེར་བར་གདུགས་ཚོད་བབ་ཀྱི་བར་དུ་འཁོད་ནས་ཟན་ཟོས་ཏེ་དོང་ངོ་། །དེས་ཕྱི་དེ་ཉིན་མོ་ཟས་དག་སྔ་ཟད་དུ་སྦྱར་ཏེ་སྟན་བཏིང་ནས་བྱ་ར་བྱེད་ཅིང་འདུག་གོ། །དགེ་སློང་དག་གདུགས་ཚོད་བབ་ཁར་དོང་བ་དང་། དེས་མཐོང་ནས་དཔྱས་པ་དང་། དགེ་སློང་དག་

เล่ม ๑๓ · หน้า 122b

གཅིག་ལ་གཅིག་ཚེ་དང་ལྡན་པ་གཉིས་ཀར་ཡང་འཕྱས། ཇི་ལྟ་བུ་ཡང་རུང་ཟོས་ལ་དོང་ནས་ཚངས་པ་མཚུངས་པར་སྤྱོད་པ་ལ་བསྒོ་སྟེ་ཕྱིན་ཆད་འདིར་ནི་དགེ་སློང་དག་ཀྱང་མི་འདོང་བར་བྱའོ་ཞེས་སྨྲས་ནས་ཟན་ཟོས་ཏེ་གཙུག་ལག་ཁང་དུ་དོང་ངོ་། །དགེ་སློང་དེ་དག་གིས་ཇི་ལྟ་བུར་གྱུར་པ་

བཟླས་པ་དང་། དགེ་སློང་དག་ཕྱིས་དེར་མི་འདོང་བར་གྱུར་ཏོ། །ཇི་ཙམ་ན་ཁྱིམ་བདག་དེ་སླར་འོངས་ནས་བཟང་མོ་ཡོན་གནས་དག་བསྒོ་བ་བཞིན་དུ་བཤོས་གསོལ་ཏམ་ཞེས་དྲིས་པ་དང་། དེས་ཇོ་བོའི་སྲས་ཉི་མ་གཉིས་ཤིག །གཤེགས་ཏེ་བཤོས་གསོལ་ནས་མ་གཤེགས་

པར་གྱུར་ཏོ་ཞེས་སྨྲས་པ་དང་། དེ་སྐད་ཐོས་ནས་གཙུག་ལག་ཁང་དུ་སོང་སྟེ། འཕགས་པ་ཅིའི་སླད་དུ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་རྣམས་མ་བཏང་ཞེས་སྨྲས་པ་དང་། དེ་དག་གིས་ཇི་ལྟར་གྱུར་པ་ཐམས་ཅད་བཟླས་སོ། །དེས་འཕགས་པ་དེ་ལྟར་ན་བདག་གི་ཞིང་ལས་སྐྱེ་བའི་

འབྲས་དེ་འཕགས་པ་རྣམས་ལ་དབུལ་གྱིས་ཁྱེད་འདིར་གསོལ་ཅིག་ཅེས་སྨྲས་པ་དང་། དེས་ཁྱིམ་བདག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། མ་བཙོས་པའི་འབྲུ་ལེན་པར་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་

དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་འདུན་གྱི་ཕྱིར་འབྲས་ལོང་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་གང་ཟག་གཞན་

ཞིག་གི་ཕྱིར་གནས་ཁང་ཞིག་བརྩིགས་ཏེ་བཞག་ནས་དེའི་ནང་དུ་མལ་སྟན་དག་ཀྱང་མང་དུ་ཕུལ་ཏེ་བཞག་པ་དང་། དགེ་སློང་དག་གིས་མཛོད་ཆེན་པོའི་ནང་དུ་གཅིག་ཏུ་བསྡུས་ཏེ་བཞག་གོ། །དགེ་སློང་དེས་ཁྱིམ་བདག་དེ་ལ་སྨྲས་པ་དང་། དེས་འཕྱས་འདོགས་སོ། །དེ་ལྟར་གྱུར་

པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དེ་འཕྱ་བ་ནི་ཡུས་ཏེ། དེ་བས་ན་མལ་སྟན་ཇི་ལྟར་བསྔོས་པ་བཞིན་དུ་སྤྱད་པར་བྱ་སྟེ། དེར་གང་དག་གནས་པ་དེ་ཉིད་དབང་ངོ་། །དེ་ནས་ཡང་ཁྱིམ་

เล่ม ๑๓ · หน้า 123a

བདག་དེས་གནས་ཁང་དེར་གོས་ཀྱི་རྙེད་པ་མང་ཞིག་ཕུལ་བ་དང་། དེ་ལ་མལ་སྟན་འགེད་པས་དགེ་འདུན་གྱི་རྙེད་པའི་ནང་དུ་བྲུབས་པ་དང་། དགེ་སློང་དེས་ཁྱིམ་བདག་དེ་ལ་སྨྲས་སོ། །དེ་ཡང་འཕྱས་འདོགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དེ་འཕྱ་བ་ནི་ཡུས་ཏེ། ཡོན་བདག་གི་དབང་དུ་བྱས་ལོང་ལ་དགེ་སློང་དག་ཁྱིམ་གྱི་རྙེད་པ་དེ་ནི་དེར་གང་གནས་པ་དེ་དག་ཉིད་དབང་ངོ་། །དེ་དག་གིས་དགེ་སློང་དེ་ལ་འཐོབ་པ་གཞན་དག་མ་བྱིན་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་དགེ་འདུན་གྱིར་གཏོགས་པའི་རྙེད་པ་དེ་དག་ལས་ཀྱང་བྱིན་ཅིག །དེས་ཀྱང་དེ་ལ་ལོངས་སྤྱོད་དུ་གྱིས་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།འདུལ་བ་གཞུང་དམ་

པ། བམ་པོ་སུམ་བཅུ་རྩ་དྲུག་པ། མདོར་ན། གང་ཞིག་གང་དུ་གནས་པ་དང་། །དགེ་སློང་དེས་ཀྱང་དེ་རུང་བ། །ལས་ཀྱང་སར་པའི་ཡོ་བྱད་དག །ཟས་དང་མར་མེ་རུང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་གཙུག་ལག་ཁང་དུ་གནས་ཁང་དག་བརྩིགས་ནས་དེར་མལ་སྟན་ཀྱང་ཕུལ། རྙེད་པ་དག་ཀྱང་བཅས་པ་དང་། དགེ་སློང་དག་མལ་སྟན་དེ་དག་ཀྱང་དགེ་འདུན་གྱི་ནང་དུ་བྲུབས་ཏེ་རྙེད་པ་ཡང་སྤྱིར་བགོས་སོ། །དེ་ལྟར་གྱུར་

པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་ངེས་པར་འགྱུར་བ་ལ་མ་བསྐྱོད་ཅིག །དེ་ན་ངེས་པར་གནས་པ་གང་ཡིན་པ་དེ་དག་གིས་སྤྱད་པར་བྱ་སྟེ། རྙེད་པ་ཡང་བདག་གིར་བྱོས་ཤིག །དགེ་སློང་དག་གིས་དེ་

ལ་རྙེད་པ་གཞན་མ་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉི་ག་ཡང་བྱིན་ལ་ཅི་བདེར་སྤྱོད་པར་བྱ་སྟེ། འོན་ཀྱང་དགེ་སློང་རྣམས་ལ་ཇི་ལྟར་རྒན་རིམས་སུ་བསྐོ་བར་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་

เล่ม ๑๓ · หน้า 123b

འདུག་པ་དེའི་དྲུང་དུ་བསོད་སྙོམས་པ་གཞན་ཞིག་དེར་སོང་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་ལ་བཞག་གོ། །དུས་ཕྱི་ཞིག་ན་ཡང་ནོར་ལས་བསོད་ནམས་སུ་བྱ་བའི་དངོས་པོ་བདུན་པོའི་ཡོན་ཏན་བརྗོད་པ་དང་། ཁྱིམ་བདག་དེ་རབ་ཏུ་དད་པར་གྱུར་ནས། འཕགས་པ་བདག་

གིས་ཀྱང་ནོར་ལས་བྱས་པའི་བསོད་ནམས་ཀྱི་དངོས་པོ་ཅུང་ཟད་ཅིག་བགྱིའོ་ཞེས་སྨྲས་པ་དང་། བསོད་སྙོམས་པ་དེས། ཁྱིམ་བདག་དེ་བཞིན་དུ་བྱོས་ཤིག་ཅེས་སྨྲས་པ་དང་། འཕགས་པ་ཅི་ཞིག་བགྱི། དགེ་འདུན་གྱི་གཙུག་ལག་ཁང་བྱོས་ཤིག །འཕགས་པ་བདག་ལ་ཀཱར་ཥཱ་པ་

ཎ་ནི་མཆིས་ན། བསོད་ནམས་བྱ་བའི་གྲོགས་དག་མ་མཆིས་སོ། །ཁྱིམ་བདག་ཀཱར་ཥཱ་པ་ཎ་ཁྱེར་ཏེ་ཤོག་ཤིག །ངས་ཁྱོད་ཀྱི་བསོད་ནམས་ཀྱི་གྲོགས་བྱའོ་ཞེས་སྨྲས་པ་དང་། དེས་ཀཱར་ཥཱ་པ་ཎ་རྣམས་བྱིན་ནས་ལས་སར་པ་བྱེད་པ་ཡང་བསྐོས་སོ། །དེས་ཀཱར་ཥཱ་པ་ཎ་རྣམས་

གནས་ཁང་གི་ནང་དུ་བཅུག་སྟེ་བཞག་ནས་ལས་ཅུང་ཟད་ཙམ་ཡང་མ་བརྩམས་སོ། །ཁྱིམ་བདག་དེས་འདི་སྙམ་དུ་བདག་གི་གཙུག་ལག་ཁང་ཅི་ཙམ་ཞིག་བྱས་པ་ལྟར་འགྲོའོ་ཞེས་བསམས་ནས་དེ་དེར་འོངས་ན། ཅུང་ཟད་ཙམ་ཡང་མ་བྱས་པར་མཐོང་ངོ་། །དེས་བསོད་སྙོམས་པ་ལ་

འཕགས་པ་ཅིའི་ཕྱིར་ལས་དག་མ་བརྩམས་ཞེས་དྲིས་པ་དང་། ལས་སར་པ་བྱེད་པས་འདིར་ཡོ་བྱད་དག་དགོས་སོ་ཞེས་སྨྲས་པ་དང་། ཁྱིམ་བདག་གིས་བདག་གིས་ཀཱར་ཥཱ་པ་ཎ་ཕུལ་བ་དེ་ལ་ལས་སར་པ་བྱ་བའི་ཡོ་བྱད་དག་ཅིའི་ཕྱིར་མི་སྦྱར། དེས་སྨྲས་པ། ཁྱིམ་བདག་ངས་ཕྱོགས་

བཞིའི་དགེ་འདུན་གྱི་རྫས་མ་རུང་བར་ཇི་ལྟར་བྱ་ཞེས་སྨྲས་པ་དང་། འཕགས་པ་དེ་ལ་ནོངས་པ་མ་མཆིས་ཀྱིས་གྱིས་ཤིག །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཁྱིམ་བདག་གིས་བསྒོ་ན་ལས་

སར་པའི་ཡོ་བྱད་དེ་དག་ལས་སྦྱོར་ཅིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དེས་དེ་ལས་སར་པའི་ཡོ་བྱད་སྦྱར་ཏེ། བསོད་སྙོམས་པ་དེས་ལས་སར་པ་ཡང་བྱས་ནས་བསོད་སྙོམས་སློང་དུ་སོང་བ་དང་། ཁྱིམ་བདག་དེས་མཐོང་ནས་འཕགས་པ་ཁྱོད་ནི་བསོད་སྙོམས་སྤྱོད་ན་བདག་གི་གཙུག་

เล่ม ๑๓ · หน้า 124a

ལག་ཁང་གི་ལས་སར་པ་སུ་བགྱིད་ཅེས་སྨྲས་པ་དང་། ཁྱིམ་བདག་སེམས་ཅན་ཐམས་ཅད་ནི་ཟས་ལ་གནས་ན་ཅིང་ལྟོགས་བཞིན་དུ་ཁྱོད་ཀྱི་གཙུག་ལག་ཁང་གི་ལས་སར་པ་བྱེད་དམ། ལོས་ཀྱང་བསོད་སྙོམས་ལ་འཇུག་མོད་ཅེས་སྨྲས་པ་དང་། དེས་འཕགས་

པ་དེ་ལྟ་ན་ལས་སར་པའི་རྒྱུ་དེ་ལས་བཤོས་སུ་མཛོད་ཅེས་སྨྲས་པ་དང་། དེས་ཅིའི་ཕྱིར་ན་ངས་ཕྱོགས་བཞིའི་དགེ་འདུན་གྱིར་བསྔོས་པ་བཟའ་ཞེས་སྨྲས་པ་དང་། དེས་འཕགས་པ་དེ་ལ་གནོད་པ་མེད་ཀྱིས་ཟོ་ཤིག་ཅེས་སྨྲས་ནས། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཁྱིམ་བདག་གིས་བསྒོ་ན་དེ་ཉིད་ལ་ཟན་དུ་ཟོ་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་པར་བཟའ་བར་གྱིས་ཤིག །དེ་ནས་བསོད་སྙོམས་པ་དེ་ཟས་མི་བཟང་བ་ཟོས་པས་གྲམ་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་

ཟས་ངན་པ་མ་ཟ་ཤིག་ཅེས་གསུངས་པ་དང་། ཟས་བཟང་དུ་ཟ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་བཟང་པོར་ཡང་མ་ཟ་བར་ཇི་ལྟར་གཙུག་ལག་ཁང་གཞན་གྱི་བཟའ་བའི་ཐང་དེ་བཞིན་དུ་ཟོ་ཤིག །སྣུམ་བག་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཇི་ལྟར་གཙུག་ལག་ཁང་གཞན་ན་སྣུམ་བག་རྙེད་པ་དེ་ལྟར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །བསོད་སྙོམས་པ་དེས་ལས་སར་པའི་ཡོ་བྱད་དག་བལྟ་བའི་ཕྱིར་འབྲུ་མར་བསོད་སྙོམས་སུ་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་སར་པའི་རྒྱུ་

ལས་འབྲུ་མར་ཉོས་ཤིག །ཡོ་བྱད་གཞན་རྣམས་ཇི་དགོས་པ་ཡང་དེ་ལས་སྦྱར་བར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། དགེ་འདུན་རྣམས་ཀྱི་མལ་སྟན་ནི། །བླ་གབ་མེད་པར་མི་བགོ་

དང་། །ཚོན་དང་ལྷུང་བཟེད་ལས་བྱེད་མི་བགོ་སྟེ། །སྲོད་འདས་མཚན་མོ་མལ་སྟན་བགོ་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་མལ་སྟན་བགོས་ནས་ཚོན་

เล่ม ๑๓ · หน้า 124b

གྱི་ལས་བྱེད་གོས་འཁྲུ་འཚེད། ལྷུང་བཟེད་ཀྱི་ལས་བྱེད་པས་གོས་རྣམས་མེས་ཚིག །དྲི་མ་ཅན་དུ་ཡང་གྱུར་ཅིང་། ཚོན་གྱིས་ཀྱང་མ་རུང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

འདུན་གྱི་གོས་གྱོན་ལ་ཚོན་གྱི་ལས་མ་བྱེད་ཅིག །ལྷུང་བཟེད་ཀྱི་ལས་དང་། གཞན་ཡང་ཤིང་གཤེག་པའི་ལས་དག་མ་བྱེད་ཅིག །བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཡང་དྲུག་སྡེ་དག་གིས་དགེ་འདུན་གྱི་གོས་རྣམས་གྱོན་ནས་

བླ་གབ་མེད་པར་ཚོན་རྩིའི་ལས་བྱེད་ཅིང་ཆར་བབ་བཞིན་དུ་འདུག་ནས་གོས་མ་རུང་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གོས་རྣམས་གྱོན་ལ་བླ་གབ་མེད་པར་ཆར་བབ་བཞིན་དུ་མ་

འདུག་ཤིག །འདུག་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་གཞོངས་སྤྱད་པ་སྤྱོད་པ་ལས་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་མཚན་མོ་སྲོད་འདས་ཏེ་ཕྱིན་པ་དང་། རི་བྲགས་ཀྱི་གྲོང་དེ་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་འོངས་ནས་དགེ་

སློང་དག་གིས་སོ་སོར་བཤེས་པའི་གནས་སུ་ངལ་བསོ་བ་ལ་ཞུགས་སོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ངལ་བསོ་བ་ནི་ཕྱིས་བྱས། མལ་སྟན་བགེད་པ་བོས་ལ་རྒན་རིམས་བཞིན་དུ་མལ་སྟན་དང་། གནས་ཁང་བགོས་ཤིག །དེ་དག་གིས་ཚེ་དང་ལྡན་པ་དགེ་སློང་ཁ་ཅིག་

ཉལ་ནས་སྲོད་ཀྱང་འཁོར་ན་གནོད་པར་བྱས་ཏེ་ཅི་རུང་གིས། གང་དུ་བཤེས་པའི་གནས་སུ་ཉོལ་ཅིག་དང་། སང་ནམ་ལངས་ནས་གནས་ཁང་དང་མལ་སྟན་བགོ་བར་བྱའོ་ཞེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་སྟོན་པ་བཞུགས་བཞིན་དུ་ཁྱེད་ཀྱིས་བསྟན་པ་དག་ཞིག་

པར་བྱའམ། གནས་ཁང་དང་མལ་སྟན་དག་ངེད་ཅག་དང་རྒན་རིམས་སུ་བགོས་ཤིག་ཅེས་སྨྲས་པ་དང་། མལ་སྟན་འགེད་པས་གནས་ཁང་དང་མལ་སྟན་དག་འགེད་པ་ལ་ཞུགས་ནས་གསར་བུ་རྣམས་ལ་མ་བགོས་པར་ནམ་ནངས་ནས་དྲུག་སྡེ་དག་ཅུང་ཟད་ཅིག་ཉལ་ནས། ནང་པར་

เล่ม ๑๓ · หน้า 125a

སྔར་ལངས་ཏེ་མལ་སྟན་དག་སླར་ཕུལ་ནས་དོང་བ་དང་། དགེ་སློང་དག་གིས་ཅིའི་ཕྱིར་ན་མལ་སྟན་དག་སླར་ཕུལ། དེ་དག་གིས་ཚེ་དང་ལྡན་པ་དག་ངེད་ཅག་མཆོད་རྟེན་ལ་ཕྱག་འཚལ་དུ་འོངས་ཏེ་ད་ནི་སླར་འདོང་ངོ་ཞེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་

དེ་ལྟར་ན་ཁྱེད་ཅག་གིས་མཚན་རངས་དགེ་སློང་དག་གཙེས་ཏེ་ཅི་བྱ་ཞེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་བསྟན་པ་བརྟན་པར་བྱ་བའི་ཕྱིར་བྱས་ཀྱི། ངེད་ལ་ཉེས་པ་ཅི་ཡོད་ཅེས་སྨྲས་པ་དང་། དགེ་སློང་དག་གིས་དཔྱས་བཏགས་སོ། །དེ་ལྟར་གྱུར་པ་དེ་དགེ་སློང་དག་གིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་མཚན་མོ་སྲོད་འཁོར་ཕན་ཆད་སྟན་དག་མ་བགོ་ཤིག །དེ་སྟེ་གློ་བུར་དུ་ནུབ་མོ་འོངས་ན་གང་མཛའ་བའི་གནས་སུ་འདུག་ལ། དེ་སྟེ་ནམ་ལངས་ནས་ཀྱང་འདུག་པར་གྱུར་ན་གནས་ཁང་ཡང་

བགོས་ཤིག །མལ་སྟན་ཡང་བྱིན་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་གཞོངས་སྤྱད་པ་སྤྱོད་ཅིང་དོང་ནས་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ནས་རི་བྲགས་ཀྱི་གྲོང་དེ་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་ཕྱིན་ནས་དགེ་སློང་དག་གིས་གང་མཛའ་བའི་གནས་སུ་

བཞག་སྟེ། དེ་ནས་མལ་སྟན་བགོ་བར་བྱེད་པ་ན་རྒན་རིམས་ཀྱི་ཁྲིའུའི་སྟེང་དུ་དེ་དག་ནན་གྱིས་འདུག་ནས་དེ་དག་ལ་རྒན་རིམས་ཀྱིས་ཀྱང་བསླང་བར་མ་ནུས་སོ། །གང་གི་ཚེ་མལ་སྟན་དག་བགོས་པ་དང་། དེའི་ཚེ་རྒན་རིམས་ཀྱི་ཁྲིའུ་དེ་དག་ལྷན་ཅིག་སྤྱོད་པ་དང་། ཉེ་གནས་རྣམས་ལ་

བྱིན་ནས་མལ་སྟན་མ་ཐོབ་པ་རྣམས་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་གསར་བུ་རྣམས་འཕྱ་བ་ཡུས་ཏེ། དེ་བས་ན་རྒན་རིམས་ཀྱི་ཁྲིའུ་དག་དང་། ཆུང་ངུ་

ན་སྟན་དག་ཀྱང་རྒན་རིམས་སུ་བགོས་ཤིག །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། སྣམ་ཕྱི་ས་དང་བཀྲུ་བའི་ས། །གཅི་བའི་ས་དང་རྐང་པ་བཀྲུས། །ཕྱི་བ་སྣོད་དང་གཟར་བུ་དང་། །རྣམ་པ་སྣ་ཚོགས་དེ་བཞིན་ནོ། །སངས་རྒྱས་

เล่ม ๑๓ · หน้า 125b

བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་སྣམ་ཕྱི་སའི་སྒོ་ན་འཆག་ཅིང་གཏམ་ཟེར་ཞིང་འདུག་ནས། དགེ་སློང་དག་ལ་གནོད་པར་བྱེད་དེ། ཚེ་དང་ལྡན་པ་དག་སྐད་ཅིག་སྡོད་ཅིག །ངེད་ཅག་རྒན་རིམས་སུ་

བྱའོ་ཞེས་སྨྲས་ནས་དེ་དག་གིས་དེའི་ཉེ་འཁོར་དུ་སྟོན་ཅིང་ཁ་ཏོན་ཡང་བྱེད། བཙོ་བླག་གི་ལས་ཀྱང་བྱེད་ནས། དགེ་སློང་དག་སྣམ་ཕྱི་སར་འདོང་དུ་ཡང་ངོ་ཚ་ནས་བཤང་གཅི་ལ་སོགས་པ་ཡང་བག་ཡངས་སུ་བྱར་མེད། ཇི་ལྟར་འོངས་པ་བཞིན་ནང་དུ་འཇུག་ཏུ་ཡང་མེད་པར་དེ་དག་གིས་

བགགས་པ་དང་། དེ་དག་ཐམས་ཅད་ནད་དུ་གྱུར་ཏེ་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་སྣམ་ཕྱི་སར་སོང་ནས་གཏམ་ཟེར་ཞིང་མ་འདུག་ཤིག །དེའི་ཉེན་ཀོར་དུ་སྟོན་

པར་ཡང་མ་བྱེད་ཅིག །ཀློག་པར་ཡང་མ་བྱེད་ཅིག །ཁ་ཏོན་ཡང་མ་བྱེད་ཅིག །བཙོ་བླག་གི་ཡས་ཀྱང་མ་བྱེད་ཅིག །དགེ་སློང་དག་གིས་སྣམ་ཕྱིས་ན་གཏམ་ཟེར་ཞིང་འདུག་གམ། རིམ་བཞིན་དུ་བྱེད་དམ། དེའི་ཉེན་ཀོར་དུ་སྟོན་ཏམ། ཁ་ཏོན་བྱེད་དམ། ཀློག་གམ། བཙོ་བླག་

གི་ལས་བྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་བཀྲུས་ན་འཁྲུ་ཞིང་འདུག་པ་མ་ཟིན་པར་དྲུག་སྡེ་དག་གིས་ངེད་རྒན་ནོ་ཞེས་ཟེར་ནས་བསླང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

སློང་དག་གིས་བཀྲུ་སར་དགེ་སློང་བཀྲུ་བ་མ་ཟིན་པ་མ་བསླང་ཤིག །བསླང་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་གཅི་སར་སོང་བ་དང་། ཕྱིས་དྲུག་སྡེ་དག་དེར་འོངས་ཏེ། ངེད་ཅག་རྒན་གྱིས་ཇི་ལྟར་རྒན་རིམས་སུ་འཇུག་གོ་ཞེས་སྨྲས་པ་དང་། དེ་དག་འཕྱ་བར་གྱུར་

ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒན་རིམས་སུ་གཅི་སར་མ་འཇུག་པར་ཇི་ལྟར་འོངས་པའི་རིམ་བཞིན་དུ་ཞུགས་ཤིག །དགེ་སློང་དག་གིས་ཇི་ལྟར་རྒན་རིམས་བཞིན་དུ་འཇུག་

เล่ม ๑๓ · หน้า 126a

ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་རྐང་པ་འཁྲུ་ཞིང་འདུག་པ་ལ། བཀྲུ་མ་ཟིན་པར་རྐང་པ་འཁྲུ་བའི་འོག་གཞི་རྒན་རིམས་སུ་བྱའོ་ཞེས་ཏེ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་

གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་རྐང་པ་བཀྲུ་མ་ཟིན་པར་རྐང་པ་བཀྲུ་བའི་གཞི་ཇི་ལྟར་རྒན་རིམས་བཞིན་དུ་མ་བཀུར་ཅིག །དགེ་སློང་གིས་དགེ་སློང་གི་རྐང་པ་བཀྲུ་བ་མ་ཟིན་པར་

རྐང་པ་བཀྲུ་བའི་གཞི་རྒན་རིམས་བཞིན་དུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གདོང་ཕྱི་བས་གདོང་ཕྱིས་མ་ཟིན་པར་རྒན་རིམས་སུ་བྱའོ་ཞེས་ཟེར་ནས་གདོང་ཕྱི་བ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་

གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་གདོང་ཕྱི་བ་མ་ཟིན་པར་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་གིས་དགེ་སློང་དག་གི་གདོང་ཕྱི་བ་མ་ཟིན་པར་གདོང་ཕྱི་བ་རྒན་རིམས་སུ་ཁྱེར་ན་འདས་པ་

དང་བཅས་པར་འགྱུར་རོ། །དེ་བཞིན་དུ་སྣོད་དང་། གཟར་བུ་དང་། ཁ་གཟར་ལ་སོགས་པ་ཡང་རྒྱས་པར་སྦྱར་བར་བྱའོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། བུམ་པ་དང་ནི་གཞོང་ཁུང་དང་། །ལྷུང་བཟེད་ནག་པོ་བཏུང་

ཕོར་དང་། །སྤུ་གྲིའི་བདར་དང་སེན་བཅད་པ། །སྨང་ཚེར་དང་ནི་རྐང་རྟེན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་དགེ་སློང་དག་བཙོ་བླག་གི་ལས་བྱེད་པ་མ་ཟིན་པར་དགེ་འདུན་

གྱི་ཚོན་གྱི་བུམ་པ་རྒན་རིམས་བཞིན་དུ་བྱའོ་ཞེས་ཟེར་ཏེ་ཁྱེར་བ་དང་དེ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བཙོ་བླག་གི་ལས་བྱེད་པ་མ་ཟིན་པར་དགེ་

เล่ม ๑๓ · หน้า 126b

འདུན་གྱི་ཚོན་གྱི་བུམ་པ་དག་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་གིས་དགེ་སློང་དག་གི་བཙོ་བླག་གི་ལས་བྱེད་པ་མ་ཟིན་པར་དགེ་འདུན་གྱི་ཚོན་གྱི་བུམ་པ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །བུམ་པ་ལ་ཇི་ལྟ་བ་དེ་བཞིན་དུ་གཞོང་ཁུང་ལ་ཡང་དེ་བཞིན་ནོ། །

དྲུག་སྡེ་དག་གིས་དགེ་སློང་དག་ཟས་ཟ་བ་མ་ཟིན་པར་ལྷུང་བཟེད་ནག་པོ་རྒན་རིམས་སུ་བྱའོ་ཞེས་ཟེར་ནས་ཁྱེར་བ་དང་དེ་དག་འཕྱ་བར་གྱུར་ནས། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་ཟན་

བཟའ་བ་མ་ཟིན་པར་ལྷུང་བཟེད་ནག་པོ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་གིས་དགེ་སློང་དག་ཟན་བཟའ་བ་མ་ཟིན་པར་ལྷུང་བཟེད་ནག་པོ་རྒན་རིམས་སུ་ཁྱེར་ན་དེ་དག་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་ཟན་ཟ་ཞིང་སྐོམ་ཕྱེད་ཙམ་འཐུངས་

པ་དང་། བཏུང་བའི་ཕོར་བུ་རྒན་རིམས་སུ་བྱའོ་ཞེས་ཟེར་ནས་ཁྱེར་ཏེ་དེ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་ཟན་ཟ་ཞིང་སྐོམ་ཕྱེད་ཙམ་

འཐུངས་པ་ལ་བཏུང་བའི་ཕོར་བུ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་དག་ཟན་ཟ་ཞིང་སྐོམ་ཕྱེད་ཙམ་འཐུངས་པ་ལ་ཕོར་བུ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སྐྲ་ཕྱེད་ཙམ་བྲེགས་པ་དང་། སྤུ་གྲི་ཡང་

རྒན་རིམས་སུ་བྱའོ་ཞེས་ཟེར་ཏེ་ཁྱེར་རོ། །དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་སྐྲ་དང་ཁ་སྤུ་ཕྱེད་ཙམ་བྲེགས་པ་ལ་སྤུ་གྲི་རྒན་རིམས་སུ་མ་བཀུར་

ཅིག །དགེ་སློང་དག་གིས་དགེ་སློང་དག་སྐྲ་དང་ཁ་སྤུ་ཕྱེད་ཙམ་བྲེགས་པ་དང་སྤུ་གྲི་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སྐྲ་དང་ཁ་སྤུ་འབྲེག་པའི་སྤུ་གྲི་རྣོན་པོར་བྱ་བའི་བདར་ལ་ཕྱེད་ཙམ་བདར་བ་དང་། བདར་རྒན་རིམས་སུ་

เล่ม ๑๓ · หน้า 127a

བྱའོ་ཞེས་ཟེར་ཏེ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་སྐྲ་དང་ཁ་སྤུ་འབྲེག་པ་བདར་ལ་ཕྱེད་ཙམ་

བདར་ནས་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་དག་སྐྲ་དང་ཁ་སྤུ་འབྲེག་པའི་སྤུ་གྲི་བདར་ལ་ཕྱེད་ཙམ་བདར་བ་ལ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སེན་མོ་ཕྱེད་ཙམ་བཅད་པ་དང་། སེན་མོ་བཅད་པ་རྒན་

རིམས་སུ་བྱའོ་ཞེས་ཟེར་ནས་ཁྱེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་སེན་མོ་ཕྱེད་ཙམ་བཅད་པ་ལ་སེན་མོ་གཅོད་པ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་གིས་དགེ་

སློང་དག་གི་སེན་མོ་ཕྱེད་ཙམ་བཅད་པ་ལས་སེན་མོ་གཅོད་པ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སྣ་སྤུ་ཕྱེད་ཙམ་བཏོགས་པ་དང་། སྣ་སྤུ་བཏོག་པའི་སྨང་ཚེར་རྒན་རིམས་སུ་བྱའོ་ཞེས་ཟེར་ཏེ་ཁྱེར་རོ། །དེ་ལྟར་གྱུར་

པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྣ་སྤུ་ཕྱེད་ཙམ་བཏོགས་པ་ལ་སྣ་སྤུ་བཏོག་པའི་སྨང་ཚེར་རྒན་རིམས་སུ་མ་བཀུར་ཅིག །ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་

དགེ་སློང་དག་དགེ་འདུན་གྱི་ཁྲི་རྐང་རྟེན་དུ་བཅས་པ་ལ་ཉལ་ཞིང་འདུག་པ་དང་། རྒན་རིམས་སུ་བྱའོ་ཞེས་ཟེར་ཏེ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་

དགེ་འདུན་གྱི་ཁྲི་རྐང་རྟེན་ཅན་གྱི་སྟེང་དུ་ཉལ་བ་ལ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་དག་ཁྲི་རྐང་རྟེན་ཅན་གྱི་སྟེང་དུ་ཉལ་ཞིང་འདུག་པ་ལ་རྐང་རྟེན་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་

เล่ม ๑๓ · หน้า 127b

སུ་བཅད་པ་ལྔ་པའོ།། །།མདོར་ན། གཏན་པ་སྐུད་པ་གཉིས་པ་དང་། །གྲི་དང་ཁབ་དང་བླང་བ་དང་། །གཞན་ཡང་འདི་ལྟར་མ་ཟིན་པར། །བསླང་བར་བྱ་བ་མ་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་

ན་བཞུགས་སོ། །དྲུག་སྡེ་དག་གིས་ཤིང་ལེབ་ཀྱི་སྟེང་དུ་སྦྱར་མ་དང་། སྟོད་གཡོགས་དང་། མཐང་གོས་དག་དགེ་འདུན་གྱི་ཤིང་ལེབ་ཀྱི་སྟེང་དུ་ཕྱེད་ཙམ་བཏིང་བ་དང་། རྒན་རིམས་སུ་བྱའོ་ཞེས་ཟེར་ཏེ་ཁྱེར་རོ། །དེ་དག་འཕྱ་བར་གྱུར་ནས། དགེ་སློང་དག་གིས་བཅོམ་ལྡན་

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱི་ཤིང་ལེབ་ཀྱི་སྟེང་དུ་སྦྱར་མ་དང་སྟོད་གཡོགས་དང་། མཐང་གོས་དག་ཕྱེད་ཙམ་བཏིང་བ་ལ་དགེ་འདུན་གྱི་ཤིང་ལེབ་དེ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་

གི་དགེ་འདུན་གྱི་ཤིང་ལེབ་ཀྱི་སྟེང་དུ་སྦྱར་མ་དང་། སྟོད་གཡོགས་དང་མཐང་གོས་དག་ཕྱེད་ཙམ་བཏིང་བ་ལ་དགེ་འདུན་གྱི་ཤིང་ལེབ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་སྐུད་པས་ཕྱེད་ཙམ་དྲུབས་པ་

དང་རྒན་རིམས་སུ་བྱའོ་ཞེས་ཟེར་ནས་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་སྐུད་པས་ཕྱེད་ཙམ་བཙེམས་པ་

ལས་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་སྐུད་པས་ཕྱེད་ཙམ་བཙེམས་པ་ལས་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གི་ཆོས་གོས་དག་ཚོན་ལས་ཕྱེད་ཙམ་བཙོ་

བླག་བྱས་ཏེ། དགེ་འདུན་གྱི་བཙོ་བླག་གི་སྲད་བུ་ལ་བྲེས་པ་དང་། རྒན་རིམས་བཞིན་བྱའོ་ཞེས་ཟེར་ཏེ་ཁྱེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་

เล่ม ๑๓ · หน้า 128a

གོས་ཕྱེད་ཙམ་བཙོ་བླག་བྱས་ནས། དགེ་འདུན་གྱི་བཙོ་བླག་གི་སྲད་བུ་ལ་བྲེས་པ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་དག་གི་གོས་ཕྱེད་ཙམ་བཙོ་བླག་བྱས་པ་དགེ་འདུན་གྱི་བཙོ་བླག་གི་སྲད་བུ་ལ་བྲེས་པ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་

པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་གྲིས་ཕྱེད་ཙམ་དྲས་པ་དང་། རྒན་རིམས་སུ་བྱའོ་ཞེས་ཟེར་ཏེ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་གྲིས་ཆོས་གོས་ཕྱེད་ཙམ་དྲས་པ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་གི་ཆོས་གོས་དགེ་འདུན་གྱི་གྲིས་ཕྱེད་ཙམ་དྲས་པ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་

སློང་དག་ཆོས་གོས་དགེ་འདུན་གྱི་ཁབ་ཀྱིས་ཕྱེད་ཙམ་དྲུབས་པ་ལ་རྒན་རིམས་བཞིན་བྱའོ་ཞེས་ཟེར་ནས་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་

དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་ཁབ་ཀྱིས་ཕྱེད་ཙམ་དྲུབས་པ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་གི་ཆོས་གོས་དགེ་འདུན་གྱི་ཁབ་ཀྱིས་ཕྱེད་ཙམ་དྲུབས་པ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་

སྐྲ་ཕྱེད་ཙམ་བྲེགས་པ་དང་། དགེ་འདུན་གྱི་སྐྲ་བཟེད་པའི་རས་རྒན་རིམས་བཞིན་བྱའོ་ཞེས་ཟེར་ཏེ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་

སློང་དག་སྐྲ་ཕྱེད་ཙམ་བྲེགས་པ་དང་། དགེ་འདུན་གྱི་སྐྲ་བཟེད་པའི་རས་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་དག་སྐྲ་ཕྱེད་ཙམ་བྲེགས་པ་དང་། དགེ་འདུན་གྱི་སྐྲ་བཟེད་པའི་རས་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་

เล่ม ๑๓ · หน้า 128b

གང་ཡང་རུང་བའི་གནས་སུ་གཞན་དང་གཞན་གྱི་ལས་མ་ཟིན་པར་དགེ་འདུན་གྱི་སྟན་གྱི་སྟེང་ན་འདུག་པ་དང་། རྒན་རིམས་བཞིན་བྱའོ་ཞེས་ཟེར་ནས་བསླང་སྟེ་བཏང་ནས་དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དག་གིས་གང་ཡང་རུང་བའི་གནས་སུ་གཞན་དང་གཞན་གྱི་ལས་མ་ཟིན་པར་དགེ་འདུན་གྱི་སྟན་གྱི་སྟེང་དུ་འདུག་པ་ལ་རྒན་རིམས་སུ་བྱའོ་ཞེས་མ་བསླང་ཤིག །དགེ་སློང་དག་གིས་དགེ་སློང་དག་གང་ཡང་རུང་བའི་གནས་

སུ་གཞན་དང་གཞན་གྱི་ལས་མ་ཟིན་བཞིན་དུ་དགེ་འདུན་གྱི་སྟན་གྱི་སྟེང་ན་འདུག་པ་ལ་རྒན་རིམས་སུ་བྱའོ་ཞེས་བསླང་སྟེ་བཏང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། མུ་སྟེགས་ཀུན་ཏུ་རྒྱུ་བ་

དང་། །མངོན་མཚན་བདག་ཤི་བྱིན་པ་མེད། །ཡིད་ཆེས་པར་ནི་གཟུང་བ་ལྔ། །གཉེར་ཕྱིར་ཉེ་སྤྱོད་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་གང་གི་ཚེ་ཡུལ་མཉམ་དཀའི་རྒྱལ་

པོ་གཟུགས་ཅན་སྙིང་པོ་མཁས་པ་ཅན་ལྷ་སྟོང་ཕྲག་བརྒྱད་བཅུ་དང་། ཡུལ་མཉམ་དཀའི་བྲམ་ཟེ་དང་། ཁྱིམ་བདག་བརྒྱ་ཕྲག་སྟོང་དང་བཅས་ཏེ་བཅོམ་ལྡན་འདས་ཀྱིས་བདེན་པ་ལ་བཀོད་པ་དེའི་ཚེ་ན་རྒྱལ་པོའི་ཁབ་ཏུ་འདི་ལྟར་ཀྱེ་ཁྱེད་ཅག་རྒྱལ་པོའི་ཁབ་ན་གནས་པ་དང་། ཡུལ་

སོ་སོ་ནས་ལྷགས་པའི་སྐྱེ་བོ་མང་པོ་དག་ཉོན་ཅིག །རྒྱལ་པོ་ངའི་ཡུལ་ན་སུ་ཡང་རྐུན་པོ་མ་བྱེད་ཅིག །གང་གིས་བྱས་པ་དེ་ངས་ཡུལ་དང་ཕྲལ་ཏེ་གཏང་ངོ་། །ནོར་བདག་ལ་ནི་ང་ཉིད་ཀྱི་མཛོད་དང་བང་བ་ནས་སྦྱིན་ནོ་ཞེས་དྲིལ་ཆེན་བསྒྲགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་

ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དར་ལ་བབ་པ་ལྟ་བུའི་མདོ་སྡེས་བཏུལ་བ་དེའི་ཚེ་ན་དེས་ཀྱང་མཉན་དུ་ཡོད་པར་འདི་ལྟར་རྒྱལ་པོ་ངའི་ཡུལ་ན་སུ་ཡང་རྐུན་པོ་མ་བྱེད་ཅིག །གང་གིས་ངའི་ཡུལ་དུ་རྐུན་པོ་བྱས་པ་དེ་ཆད་པ་གསད་པས་བཅད་ལ། ནོར་བདག་ལ་ནི་ང་ཉིད་ཀྱི་བང་བ་དང་

เล่ม ๑๓ · หน้า 129a

མཛོད་ནས་སྦྱིན་ནོ་ཞེས་དྲིལ་ཆེན་བསྒྲགས་སོ། །དེའི་ཚེ་ན་གང་ཡུལ་མཉམ་དཀའ་ན་གནས་པའི་རྐུན་པོ་རྣམས་དང་གང་ཡུལ་ཀོ་ས་ལ་ན་གནས་པའི་རྣམས་དེའི་ས་མཚམས་ཀྱི་བར་དུ་དོང་ནས་འཁོད་དོ། །ཡུལ་མཉམ་དཀའ་ན་གནས་པའི་རྐུན་པོ་རྣམས་

དང་། ཡུལ་ཀོ་ས་ལ་ན་གནས་པའི་རྣམས་ཐམས་ཅད་ས་མཚམས་ཀྱི་བར་དུ་དོང་སྟེ་འཁོད་ནས། འགྲོན་པ་མང་པོ་དག་འཛོམས་སོ་ཞེས་དེ་སྐད་ཀྱི་སྒྲ་ཀུན་དུ་གྲགས་སོ། །དེ་དག་གིས་ཐོས་ནས་ཡུལ་མཉམ་དཀའི་འགྲོན་པ་མང་པོ་བསེལ་དང་ལྷན་ཅིག་ཡུལ་ཀོ་ས་ལར་འདོང་ངོ་། །

ཡུལ་ཀོ་ས་ལ་ནས་ཀྱང་ཡུལ་མཉམ་དཀར་དེ་བཞིན་དུ་འདོང་སྟེ། ཇི་ཙམ་དུ་དུས་ཕྱི་ཞིག་ན་ཡུལ་མཉམ་དཀའ་ནས་འགྲོན་པ་མང་པོ་བསེལ་དང་བཅས་ཏེ། ཡུལ་ཀོ་ས་ལར་དོང་བ་དང་། དེ་དག་གང་གི་ཚེ་མཚམས་ལས་འདས་ནས་ཡུལ་ཀོ་ས་ལར་ཕྱིན་པ་དེའི་ཚེ་དེ་ནས་དེད་དཔོན་གྱིས་

སྨྲས་པ། ཀྱེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ནི་མི་སྲུན་ལ་གཏུམ་ཞིང་ཁྲོ་སྟེ་དཔའ་ཞིང་མཐུ་དང་ལྡན་ནོ་ཞེས་གྲག་གིས། གལ་ཏེ་འགྲོན་པ་མང་པོ་དང་བདག་ཅག་རྣམས་བཅོམ་ན་ཡང་བསབ་པར་ནུས་ཀྱིས། བསེལ་བ་དེ་དག་སླར་ཁྱེ་ཤིག་ཅེས་སྨྲས་པ་དང་། འགྲོན་པ་མང་

པོ་དག་གིས་སྨྲས་པ། དེ་ལྟར་ན་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས་བསེལ་དེ་དག་སླར་བཀྱེའོ། །རྐུན་པོ་རྣམས་ཀྱིས་བྱ་ར་བཙུགས་ཏེ་བསྡད་པ་དང་། བྱ་ར་བས་བསེལ་བ་སླར་ལོག་པ་མཐོང་ནས། དེས་ཀྱེ་བསེལ་བ་རྣམས་སླར་ལོག་གིས་འགྲོན་པ་མང་པོ་གཞོམ་མོ་ཞེས་

སྨྲས་ནས་འགྲོན་པ་མང་པོ་དེ་དག་ཤིང་སཱ་ལའི་དགོན་པར་ཕྱིན་པ་དང་། བཅོམ་མོ། །དེ་ལ་ཚོང་པ་ཁ་ཅིག་ནི་བསད། ཁ་ཅིག་ནི་བྲོས་སོ། །དེ་ལ་བྲོས་པས་མགོ་རྡུལ་གྱིས་གང་བར་བྱས་ཏེ་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་སོང་ནས། ལྷ་ལ་བདག་ཅག་ནི་ཚོང་པ་ལགས་ན། ཁྱེད་ཀྱི་

ཡུལ་དུ་ཕྱིན་ན་ཚོང་པ་མ་ལགས་པར་གྱུར་ཏོ། །ཅི་བྱས། ལྷ་བདག་ཅག་ནི་རྐུན་པོས་བཅོམ་མོ། །རྒྱལ་པོ་གསལ་རྒྱལ་གྱིས་འཕགས་སྐྱེས་པོ་ལ་བཀའ་སྩལ་པ། གཞོན་ནུ་མྱུར་དུ་རིངས་པར་སོང་ལ་རྐུན་པོ་དང་ནོར་རྣམས་ཟུང་ལ་འོན་ཅིག་ཅེས་བསྒོ་བ་དང་། ལྷ་དེ་བཞིན་དུ་བགྱིའོ་

เล่ม ๑๓ · หน้า 129b

ཞེས་ནས་དམག་དཔོན་འཕགས་སྐྱེས་པོས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ཏེ། དཔུང་གི་ཚོགས་ཡན་ལག་བཞི་པ་བལ་གླང་གི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་བསྐོན་ཏེ་མྱུར་བར་རིངས་སུ་ཤིང་སཱ་ལའི་

དགོན་པར་དོང་བ་དང་། རྐུན་པོ་དག་དེའི་བར་དགོན་པ་ན་ཤིང་སཱ་ལ་སྟུག་པོའི་ནང་དུ་ཞུགས་ཏེ་བག་ཡངས་སུ་ནོར་བགོད་ཅིང་འཁོད་པ་དང་། འཕགས་སྐྱེས་པོས་དེའི་སྟེང་དུ་བརྫིས་ཏེ། དེ་དག་གིས་རྐུན་པོ་ཁ་ཅིག་ནི་བསད། ཁ་ཅིག་ནི་བྲོས། ཁ་ཅིག་ནི་གསོན་པོར་བཟུང་ངོ་། །

དེ་ནས་རྐུན་པོའི་གཡུལ་ལས་རྒྱལ་ཏེ། རྐུན་པོ་དང་བཅོམ་པའི་ནོར་རྫས་དག་ཁྱེར་ཏེ། རྒྱལ་པོའི་དྲུང་དུ་སོང་སྟེ། རྐང་པ་ལ་གཏུགས་ནས། ལྷ་འདི་དག་ནི་རྐུན་པོའི་ནོར་རོ་ཞེས་སྨྲས་པ་དང་། རྒྱལ་པོས་ཚོང་པ་དག་ལ་ཀྱེ་དེ་དག་བདག་བདག་གི་ནོར་དག་ངོ་ཤེས་པར་བྱོས་ལ་སླར་

ཁྱེར་ཅིག་ཅེས་བསྒོ་བ་དང་། དེ་ན་མུ་སྟེགས་ཀུན་དུ་རྒྱུ་བ་དང་། དགེ་སློང་དག་ཀྱང་བཅོམ་པའི་ནང་དུ་གཏོགས་ནས་རྒྱལ་པོས་དེ་ཐམས་ཅད་ཕྲོགས་པའི་ནོར་རྫས་སླར་བྱིན་པ་དང་། ཀུན་དུ་རྒྱུ་བའི་རང་གི་གོས་བཙག་གི་ནང་དུ་བཅོས་པ་དང་། དགེ་སློང་དག་གི་ཡང་ཁྱེར་རོ། །དགེ་

སློང་དག་གིས་བདག་ཅག་གི་གོས་བཙག་གི་ནང་དུ་བཙོས་པ་ངོ་མ་ཤེས་ནས་དེ་དག་རྐུན་དུ་རྒྱུ་བ་དང་། ལྷན་ཅིག་ཏུ་ཐབ་མོ་བྱུང་བ་དང་། ཀུན་དུ་རྒྱུ་བ་མང་པོ་དེ་དག་གིས་དེ་དག་ཁྱེར་བ་དང་། རྒྱལ་པོའི་དྲུང་དུ་སོང་སྟེ། ལྷ་བདག་ཅག་གི་གོས་བཙག་གི་ནང་དུ་བཙོས་པ་མུ་

སྟེགས་ཅན་ཀུན་དུ་རྒྱུ་བས་འཚལ་ཏེ་སླར་མི་སྟེར་ཏོ་ཞེས་སྨྲས་པ་དང་། རྒྱལ་པོས་མུ་སྟེགས་ཀུན་དུ་རྒྱུ་བ་དེ་དག་བཀུག་སྟེ། ཀྭའི་འཕགས་པ་དག་གི་གོས་དག་ཅིའི་ཕྱིར་བཀུར་གྱིས་སླར་ཕུལ་ཅིག་ཅེས་བསྒོ་བ་དང་། དེ་དག་གིས་ལྷ་བཙག་གི་ནང་དུ་བཙོས་པ་འདི་དག་ནི་

བདག་ཅག་གི་གོས་སོ་ཞེས་སྨྲས་པ་དང་། རྒྱལ་པོས་འཕགས་པ་དག་ཁྱེད་ཀྱི་གང་ཡིན་པ་ཤེས་པར་གྱིས་ལ་ཁྱེར་ཅིག་ཅེས་སྨྲས་སོ། །དགེ་སློང་དག་གིས་གཅིག་ནས་གཅིག་ཏུ་ཕྱུང་སྟེ་བལྟས་པ་དང་། ཁ་ཅིག་ངོ་ཤེས་ཏེ་ལྷ་འདི་དག་ནི་བདག་ཅག་གི་གོས་སོ་ཞེས་སྨྲས་པ་

เล่ม ๑๓ · หน้า 130a

དང་། རྒྱལ་པོས་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་དག་ལ་ཨེ་མའོ་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་འཇབ་བུར་རྐུ་བ་རྐུན་མ་ཡིན་ན། ཁྱེད་ཅག་ནི་རྐུན་པོ་ཆེན་པོ་ཡིན་ནོ་ཞེས་སྨྲས་པ་དང་། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །རྒྱལ་པོས་སྨྲས་པ། ཀྱེ་འཕགས་

པ་ཁྱེད་ཅག་གིས་ད་ཕན་ཆད་ཆོས་གོས་ལ་མངོན་མཚན་བྱ་བའི་རིགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་དེ་སྐད་ཟེར་བ་ཡུས་ཏེ། དེ་བས་ན་ཆོས་གོས་དག་མངོན་

མཚན་ཐོབ་ཤིག །ཁ་ཆག་དང་འོར་ཐབས་སུ་དྲུབས་ཤིག །སྒྲོ་གུ་ཡང་ཐོགས་ཤིག །བཅོམ་ལྡན་འདས་ཀྱིས་མངོན་མཚན་ཐོབ་ཤིག་ཅེས་གསུངས་ན། དགེ་སློང་དག་གིས་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཀྱི་མཐར་སྣག་ཚའི་

ཐིག་ལེ་བྱོས་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་དེའི་རིགས་མཉམ་པ་ཞིག་ལས་ཆུང་མ་ཞིག་བླངས་ནས། དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་དེ་

དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་། བུ་ཁྱེའུ་ཞིག་བཙས་ཏེ་ཞག་བདུན་གསུམ་ཉི་ཤུ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་བྱས་སོ། །དེ་རིགས་དང་མཐུན་པར་མིང་ཡང་བཏགས་ནས་དེ་བསྲིངས་

བསྐྱེད་དེ་ཆེར་གྱུར་པ་དང་། དུས་ཕྱི་ཞིག་ན་དེའི་མ་དུས་ལས་འདས་སོ། །ཁྱིམ་བདག་དེས་ཀྱང་ཆུང་མ་ཞིག་བླངས་ནས་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །རྩེ་དགའ་ཡོངས་སུ་སྤྱད་པ་ལས་དུས་ཕྱི་ཞིག་བུ་ཕོ་གསུམ་ཞིག་བཙས་ཏེ། དེ་དག་ཀྱང་རིགས་དང་མཐུན་

པར་མིང་བཏགས་སོ། །འདི་ལྟར་དགྲའི་ནང་ན་ཆེན་ཆུན་འཐབ་པ་གཅུགས་ཆེ་སྟེ། མོས་མ་ཤི་བའི་བུ་ཁྱེའུ་ཆེན་པོ་དེ་ལ་རྟག་པར་གཙེས་པ་དང་། དེ་མ་དྲན་ནས་ཡི་ཆད་དེ་ཡུལ་གཞན་དུ་སོང་བ་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་ནས་དུས་

เล่ม ๑๓ · หน้า 130b

ཕྱི་ཞིག་ན་ཁྱིམ་བདག་དེ་ན་བར་གྱུར་ནས། དེ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་གིས་སྨན་བྱས་ཀྱང་དེའི་ནད་ཐ་གི་བར་མ་གྱུར་ནས། དེ་ན་བའི་སྡུག་བསྔལ་གྱིས་རིང་པོ་མི་ཐོགས་པར་དུས་འདའ་བར་ཤེས་ནས། དེས་ཁྱིམ་ཚེས་དག་བསོགས་ཏེ་

འདུས་ནས་དེའི་ནང་དུ་བུ་ལ་སྨྲས་པ་བུ་དག་ཁྱེད་ཅག་གི་ཕུ་བོ་ཆེན་པོ་དགེ་སྦྱོང་ཤཱཀྱའི་སྲས་ཀྱི་ནང་དུ་རབ་ཏུ་བྱུང་བ་དེ་ཡང་ཁྱེད་ཀྱིས་ནོར་སྐལ་བྱིན་ཅེས་སྨྲས་ནས། བསགས་པ་ཀུན་མཐའ་ཟད་པར་འགྱུར། །མཐོ་བའི་མཐའ་ནི་འཇིག་པར་འགྱུར། །འདུས་པའི་མཐའ་ནི་འགྱེས་པར་འགྱུར། །

ཆོས་ཀྱི་མཐའ་ནི་ཞི་བར་འགྱུར། །དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེའི་བུ་ལྗོངས་སྤྱོད་ཅིང་འདུག་པ་དེས་བདག་གི་ཕ་དུས་འདས་སོ་ཞེས་ཐོས་ཏེ། དེ་ཡང་འདི་སྙམ་དུ་བདག་སོང་ལ་མ་ཡར་མོ་དང་ནུ་བོ་དག་གི་མྱ་ངན་བསང་གིས་ཆོས་བཤད་དུ་འགྲོའོ་སྙམ་དུ་སེམས་ནས། དེ་ཇི་ཙམ་

དགའ་བའི་བར་དུ་གཞོངས་སྤྱད་དེ། མཉན་དུ་ཡོད་པ་གང་ན་བ་དེ་ལོགས་སུ་གཞོངས་སྤྱོད་ཅིང་སོང་ངོ་། །རིམ་བཞིན་དུ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་ནས་ལམ་གྱི་ངལ་བསོས་ཏེ་བདག་གི་ཁྱིམ་དུ་འོངས་པ་དང་། ནང་གི་སྐྱེ་བོ་དག་གིས་མཐོང་ནས་ངུས་ཏེ་ངུ་བའི་སྒྲ་དག་ཁྱིམ་ཚེས་དག་

གིས་ཐོས་ནས་དེ་དག་འདུས་ཏེ་ཁ་ཅིག་ནི་སྐད་ཕྱུང་སྟེ་ངུ་། ཁ་ཅིག་ནི་མིག་མཆི་མས་གང་ཞིང་འདུག་ནས། སོ་སོའི་སྐྱེ་བོ་དག་ནི་འདོད་ཆགས་དང་ལྡན་པས་གཉེན་དང་བྲལ་བར་གྱུར་པས་མྱ་ངན་གྱིས་མིག་མཆི་མས་གང་ངོ་། །དེ་ཡང་ངུ་ག་ཁྱེར་ཞིང་འདུག་གོ། །དེ་ན་རྒན་མོ་གཞན་

ཞིག་གིས་བུ་ཁྱོད་ཀྱི་ཕས་ནི་ནོར་སྐལ་བྱིན་པར་ངེད་ཀུན་གྱིས་ཀྱང་ཐོས་ན་མ་ངུ་ཤིག །སྐྱེ་བ་ཡོད་ན་འཆི་བར་འགྱུར་རོ་ཞེས་སྨྲས་པ་དང་། དེས་ཅུང་ཟད་ཙམ་ཞིག་གི་བར་དུ་སེམས་ཤིང་འདུག་ནས། དེས་མ་ཡར་མོ་དང་ནུ་བོ་དག་ལ་ཆོས་བཤད་དོ། །དེ་དག་མྱ་ངན་ཅུང་ཟད་སངས་ནས།

དེ་དག་གིས་ཁྱོད་ཀྱི་ནོར་སྐལ་དག་ལོང་ཤིག་ཅེས་སྨྲས་པ་དང་། དེས་བསམས་པ། བཅོམ་ལྡན་འདས་ཀྱིས་ང་འདས་ནས་བྱིན་པ་ནི་མེད་དོ་ཞེས་གསུངས་ན། ཇི་ལྟར་བླང་སྙམ་དུ་བསམས་ནས། ཚེ་དང་ལྡན་པ་དག་ང་ནི་རབ་ཏུ་བྱུང་བ་ལ་ནོར་རྫས་ཀྱིས་བྱར་མེད་པའི་སྟེང་དུ་བཅོམ་ལྡན་

เล่ม ๑๓ · หน้า 131a

འདས་ཀྱིས་ཀྱང་ང་འདས་ནས་བྱིན་པ་མེད་དོ་ཞེས་གསུངས་ཀྱིས། ཁྱེད་ཅག་ཉིད་ཁྱེར་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་ཉེས་པ་ངོར་བརྗོད་པ། འཕགས་པ་ལོང་ལ་སྦྱིན་པ་ཡང་བྱིན་ཅིག །བསོད་ནམས་ཀྱང་བྱོས་ཤིག །དེ་ལ་ཉེས་པ་ཅི་ཞིག་ཡོད་ཅེས་

སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་ལ་ནི་རེ་བ་ཡོད། རབ་ཏུ་བྱུང་བ་ལ་ནི་རེ་བ་མེད་པའི་ཕྱིར་ཏེ། ཁྱིམ་པ་དག་ལ་ནི་ང་འདས་ན་བྱིན་ཅིག་

པ་ནི་ཁྱིམ་བདག་གི་སྟེ་བརྩན་ནོ། །རབ་ཏུ་བྱུང་བ་ལ་ནི་དེ་ལྟ་བུ་མེད་དོ། །དེ་བས་ན་ཁྱིམ་པས་དེ་བུར་བསམས་ཏེ་བྱིན་པ་ལོང་ཤིག །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བའི་ཕྱིར་ཏེ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྕི་བའི་རི་ལུ་དང་།

སོ་ཤིང་དང་། བཀྲུ་བའི་ཡོ་བྱད་དང་། བ་ལང་གི་ལྕི་བ་རྣམས་འཆག་ས་དང་ཁྱམས་དང་སྒོ་ཁང་དག་ཏུ་བོར་ནས་ལྗོངས་སྤྱད་པ་སྤྱོད་དུ་འདོང་ངོ་། །དེ་དག་ལ་དགེ་སློང་དག་གིས་ཐེ་ཚོམ་སྐྱེས་ནས་མ་སྤྱད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་གཅུགས་པ་རྣམ་པ་ལྔ་ལས་ནི་ལོང་ཤིག །མཛའ་བ་དང་། ཡིད་འདྲེས་པ་དང་། བླ་མ་དང་། མི་འགྱུར་བ་དང་། ཐོས་ན་དགའ་བར་འགྱུར་བའི་སྟེ། ཡིད་གཅུགས་པ་རྣམ་པ་དེ་ལྔ་ལ་ནི་སྤྱད་པར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་

གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ནས། དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱད་པ་ལས་དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་

གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་། བུ་མོ་ཞིག་བཙས་ནས་དེ་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། དེ་བསྲིངས་བསྐྱེད་དེ་ཆེར་གྱུར་པ་དང་། ཁྱིམ་བདག་གཞན་ཞིག་གིས་

เล่ม ๑๓ · หน้า 131b

དེ་བསླངས་ཏེ། དེ་རྫངས་ལ་སོགས་པ་བརྫངས་ཏེ་བཏང་ངོ་། །དུས་ཕྱི་ཞིག་ན་ཁྱིམ་པ་དེ་དུས་འདས་ནས་དེ་ཁྱོ་དང་བྲལ་བའི་མྱ་ངན་གྱིས་གདུངས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་དུས་ཕྱི་ཞིག་ན་མུ་གེ་བྱུང་ནས་བསོད་སྙོམས་སློང་ཞིང་འདུག་པ་

དང་། དེ་བསོད་སྙོམས་སྤྱོད་པ་ལས་སྲང་ཞིག་ཏུ་དེའི་ཕས་མཐོང་ནས། དེས་སྨྲས་པ། བུ་མོ་ད་ལྟར་གང་ན་ཇི་ལྟར་འཚོ་ཞིང་འདུག་ཅེས་སྨྲས་པ་དང་། དེས་ཕ་མུ་གེ་བྱུང་ནས་བདག་རབ་ཏུ་བཀྲེས་ཤིང་འདུག་གོ་ཞེས་སྨྲས་པ་དང་། དེས་བུ་མོ་དེ་ལྟར་ན་ཁྱོད་རབ་ཏུ་མ་བྱུང་ན་ནི་ངས་ཁྱེད་

ལ་མི་འདོད་བཞིན་དུ་སྦྱིན་ན། ད་བསོད་སྙོམས་མ་བྱེད་པར་བདག་གི་ཁྱིམ་དུ་ཟན་ཟ་ཞིང་དབྱར་མོ་ཁང་དུ་སོང་ཞིག །དེས་ཁས་བླངས་ནས་དེ་གྲོགས་གཅིག་དང་གཉིས་ཀྱིས་ཟོས་ཤིང་དབྱར་མོ་ཁང་དུ་སོང་ངོ་། །ཞག་དུ་མ་ཞིག་གི་བར་དུ་དེར་ཟོས་ནས། བུ་བསོད་སྙོམས་པ་གཉིས་ནི་ཟས་

སྦྱིན་པར་མི་ནུས་ཀྱིས། ཁྱོད་གཅིག་པུ་འདིར་ཟན་ཟོས་ཤིང་སོང་ཤིག་ཅེས་སྨྲས་པ་དང་། དེས་ཕ་བཅོམ་ལྡན་འདས་ཀྱིས་གཅིག་པུར་གྲོང་དུ་འགྲོ་བར་མ་གནང་ངོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་ལ་སྨྲས་པ་དང་། དགེ་སློང་མ་དག་

གིས་དགེ་སློང་ལ་སྨྲས་ནས། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་ངས་གནང་གིས་དུས་འདི་འདྲ་བ་ལ་ནི་དགེ་སློང་མས་དགེ་སློང་མའི་དགེ་འདུན་ལ་གཉེན་དང་། ལྷན་ཅིག་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་

ཅིག །གསོལ་པ་ནི་འདི་ལྟར་གྱིས་ཤིག །སྟན་བཏིང་བ་ལ་གཎྜཱི་བརྡུངས་ཏེ། དགེ་སློང་མའི་དགེ་འདུན་དག་འདུས་ཤིང་འཁོད་པ་དང་། ཇི་ལྟར་རྒན་རིམས་སུ་ཕྱག་བྱོས་ལ། རྒན་རིམས་ཀྱི་མདུན་དུ་ཕ་གུའམ་སྟན་ནང་ཚངས་ཅན་གྱི་སྟེང་དུ་འདུག་ནས་ཐལ་མོ་སྦྱོར་ལ་ཚིག་

འདི་སྐད་ཅེས་སྨྲོས་ཤིག །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས་བདག་མིང་འདི་ཞེས་བགྱི་བས། འདི་འདྲ་བའི་མུ་གེའི་དུས་ལ་བབ་ནས་བསོད་སྙོམས་བསླང་བ་ཡང་མི་ནུས་ན། འཕགས་མའི་དགེ་འདུན་མ་ལ་བདག་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་མ་

เล่ม ๑๓ · หน้า 132a

ལས་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་མ་དག་གིས་བདག་མིང་འདི་ཞེས་བགྱི་བ་ལ་གཉེན་དང་ལྷན་ཅིག་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ཅིག །བརྩེ་བ་ཅན་བརྩེ་བའི་ཕྱིར་རོ། །དེ་ལྟར་ལན་གཉིས་

ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་གྱིས་ལ་ལས་བྱོས་ཤིག །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་འདི་ལྟར་མུ་གེའི་དུས་ལ་བབ་སྟེ། འཕགས་མའི་དགེ་འདུན་མ་དག་ལས་གཉེན་

དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ན། དེ་སྟེ་འཕགས་མའི་དགེ་འདུན་མ་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གནོང་ལ། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་

སྤྱོད་ཀྱི་སྡོམ་པ་སྩོལ་ཅིག །འདི་ནི་གསོལ་བའོ། །ལས་ཀྱང་འདི་བཞིན་དུ་བྱའོ། །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་འདི་ལྟར་མུ་གེའི་དུས་ལ་བབ་སྟེ། འཕགས་མའི་དགེ་འདུན་མ་རྣམས་ལ་གཉེན་དང་ལྷན་ཅིག་འདྲེ་བར་ཉེ་སྤྱོད་

ཀྱི་སྡོམ་པ་གསོལ་ཏེ། དེ་ལས་འཕགས་མའི་དགེ་འདུན་མ་རྣམས་ཀྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་འདི་ལྟར་མུ་གེའི་དུས་ལ་བབ་ན་གཉེན་དང་ལྷན་ཅིག་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ན། འཕགས་མ་རྣམས་ལས་གང་ལ་དགེ་སློང་མ་མིང་འདི་ཞེས་བགྱི་བ་མུ་གེའི་དུས་

ལ་བབ་སྟེ། གཉེན་འདུན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་སྩལ་བར་བཟོད་པ་ནི་ཅང་མ་གསུང་ཤིག །མི་བཟོད་པ་ནི་སྨྲོས་ཤིག །འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བས་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་སྩལ་ཏེ་དེ་དེ་བཞིན་དུ་

འཛིན་ཏོ། །དགེ་སློང་མས་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་དགེ་འདུན་མ་དག་གིས་བྱིན་པར་གྱུར་ན། གཅིག་པུ་གཉེན་གྱི་ཁྱིམ་དུ་ཟས་ཟ་བར་གྱིས་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །ནམ་མུ་གེའི་ཚེ་ནི་རྗེས་སུ་གནང་ངོ་། །དེ་མ་ཡིན་པར་མ་གནས་ཤིག །མུ་གེ་མ་

เล่ม ๑๓ · หน้า 132b

བྱུང་བར་གནས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། བསྐྱི་བ་ལ་ནི་རྣམ་པ་གཉིས། །རས་ལ་ཡང་ནི་རྣམ་གསུམ་སྟེ། །ཉོ་བར་ཡང་ནི་འདོད་པ་དང་། །སྡེར་བསྡུས་པར་ནི་གྱུར་པའོ། །

སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གཞན་ཞིག་གིས་ཁྱིམ་བདག་ཅིག་ལས་ཀཱར་ཥཱ་པ་ཎ་ཞིག་བསྐྱིས་པ་དང་། དེ་དུས་ཀྱི་མཐའ་ཞིག་ཏུ་ཅི་ཞིག་གིས་དུས་འདས་ནས། དགེ་སློང་དེ་ཇི་ལྟར་དུས་

འདས་པ་ཁྱིམ་བདག་དེས་ཐོས་སོ། །དགེ་སློང་དེ་ཇི་ལྟར་དུས་འདས་པ་ཁྱིམ་བདག་དེས་ཐོས་ནས་གཙུག་ལག་ཁང་དུ་སོང་སྟེ་ཤེས་བཞིན་དུ་དགེ་སློང་དག་ལ་དྲིས་པ། འཕགས་པ་འདི་ཞེས་བགྱི་བའི་དགེ་སློང་དེ་གང་ན་མཆིས། དེ་དག་གིས་སྨྲས་པ། བཞིན་བཟངས་དུས་འདས་

སོ། །འཕགས་པ་དེས་བདག་གི་ཀཱར་ཥཱ་པ་ཎ་ཞིག་བསྐྱིས་ཏེ་འཚལ་ཏོ། །བཞིན་བཟངས་དེ་ནི་དུར་ཁྲོད་དུ་བསྐྱལ་གྱིས་དེར་སོང་སྟེ་དོས་ཤིག །འཕགས་པ་ཁྱེད་ཀྱིས་དེའི་ལྷུང་བཟེད་དང་། ཆོས་གོས་བགོས་ན་བདག་གིས་ཇི་ལྟར་དུར་ཁྲོད་དུ་སོང་སྟེ་བདའ། ཁྱོད་ཀྱིས་སྩོལ་ཅིག་

ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དེས་ནི་ལེགས་པར་སྨྲས་ཏེ། དེའི་ནོར་ལས་བསྐྱིས་པ་དགེ་སློང་དག་གིས་བྱིན་ཅིག །དེ་དག་གིས་གང་ནས་སྦྱིན་

པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ལྷུང་བཟེད་དང་ཆོས་གོས་ཡོད་པ་ལས་བྱིན་ཅིག །དགེ་སློང་དེ་དག་གིས་ལྷུང་བཟེད་དང་ཆོས་གོས་དེ་དག་བྱིན་པ་དང་། ལྷུང་བཟེད་དང་ཆོས་གོས་དེ་དག་མ་འདོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཚོངས་ལ་བྱིན་ཅིག །དགེ་སློང་དག་གིས་དེ་དག་ཐམས་ཅད་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་བླངས་པ་དེ་ཙམ་དུ་བྱིན་ལ་ལྷག་མ་བགོས་ཤིག །མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་གིས་ཁྱིམ་བདག་ཅིག་ལས་ཀཱར་ཥཱ་པ་ཎ་ཞིག་བསྐྱིས་པ་

เล่ม ๑๓ · หน้า 133a

དང་། དེ་དུས་ཀྱི་མཐའ་ཞིག་ཏུ་ཅི་ཞིག་གིས་འདས་པ་དང་། དགེ་སློང་དེ་དག་གིས་སྔ་མ་བཞིན་དུ་ལྷུང་བཟེད་དང་ཆོས་གོས་བཙོངས་ནས་དེ་ལ་བྱིན་ནོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་དེར་བདག་ལས་འདི་ཙམ་ཞིག་འཚལ་ཏེ། བདག་ལ་ནི་འདི་ལས་

མ་སྩལ་གྱིས། གཞན་ཡང་སྩོལ་ཅིག་ཅེས་སྨྲས་པ་དང་། དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་དེའི་ལྷུང་བཟེད་དང་ཆོས་གོས་ནི་འདི་ལས་མེད་དོ་ཞེས་སྒོ་ཤིག །དེ་སྟེ་ཡིད་མི་ཆེས་ན་

གོ་བར་གྱིས་ཤིག །གོ་བར་བསྒོ་ཡང་མི་བཏུབ་ན་དེ་ལ་དགེ་འདུན་གྱིའམ། གང་ཟག་གཞན་གྱི་ལས་ནི་མ་སྦྱིན་ཅིག །རིགས་ཀྱི་གཟུ་བོ་རྣམས་ཀྱིས་གོ་བར་བསྒོ་ལ་ཐོང་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན། དགེ་སློང་ཞིག་གིས་གོས་འཚོང་བ་ལས་རས་ཤིག་རིན་མ་

བྱིན་པར་བླངས་པ་ལས་དགེ་སློང་དེ་དུས་འདས་ནས། དགེ་སློང་དེ་དུས་འདས་སོ་ཞེས་གོས་ཀྱི་བདག་པོ་དེས་ཐོས་ནས། དེ་གཙུག་ལག་ཁང་དུ་འོངས་ཏེ་ཤེས་བཞིན་དུ་དགེ་སློང་རྣམས་ལ་འཕགས་པ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ག་ལ་མཆིས་ཞེས་དྲིས་པ་དང་། དེ་དག་གིས་

སྨྲས་པ། བཞིན་བཟངས་དུས་འདས་སོ། །འཕགས་པ་དེས་བདག་ལས་རས་ཤིག་རིན་སྦྱིན་པར་བྱས་ཏེ་ཁྱེར་རོ། །བཞིན་བཟངས་དེ་དུར་ཁྲོད་དུ་བསྐྱལ་གྱིས་དེར་སོང་ལ་དོས་ཤིག །འཕགས་པ་དེའི་ཆོས་གོས་དང་ལྷུང་བཟེད་ནི་ཁྱེད་རྣམས་ཀྱིས་བགོས་ན། བདག་ཅིའི་ཕྱིར་དུར་

ཁྲོད་དུ་སོང་སྟེ་བདའ། ཁྱེད་རྣམས་ཀྱིས་བྱིན་ཅིག་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་གོས་འཚོང་བ་འདི་སྨྲ་བ་ནི་བདེན་གྱིས་དེ་ནི་བྱིན་ཅིག །དགེ་སློང་རྣམས་ཀྱིས་དེའི་རས་ཉིད་བྱིན་པ་

དང་དེས་འཕགས་པ་རྣམས་བདག་ལ་དེས་རིན་ཐང་འདི་ཙམ་དུ་འཚལ་ཏོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ཉིད་ཚོངས་ལ་བྱིན་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་དེ་བཙོང་བར་བརྩམས་པ་དང་སྔ་མའི་རིན་ཐང་དུ་མ་ལོན་ནས། བཅོམ་ལྡན་འདས་ཀྱིས་

เล่ม ๑๓ · หน้า 133b

བཀའ་སྩལ་པ། ལྷག་མ་ནི་ཆོས་གོས་དང་ལྷུང་བཟེད་རྣམས་ཚོངས་ལ་བྱིན་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན། དགེ་སློང་ཞིག་གིས་ཐ་ག་པ་ལ་རས་འཐག་པའི་ཕྱིར་སྐུད་པ་དང་རྔན་པ་བྱིན་པ་ལས། དགེ་སློང་དེ་དུས་འདས་པ་དང་། དགེ་སློང་རྣམས་ཀྱིས་ཐ་ག་པ་ལ་

བོས་ཏེ་བཞིན་བཟངས་ཁྱོད་ལ་དགེ་སློང་མིང་འདི་ཞེས་བྱ་བས་རས་འཐག་པའི་ཕྱིར་སྐུད་པ་དང་རྔན་པ་བྱིན་པ་དེ་སླར་ཕུལ་ཅིག་ཅེས་སྨྲས་པ་དང་། དེས་འཕགས་པ་རྣམས་བདག་གིས་དེ་ལ་རས་སྦྱིན་པར་བྱས་ཀྱི། སྐུད་པ་དང་རྔན་པ་ནི་མ་ལགས་སོ་ཞེས་སྨྲས་པ་དང་། དགེ་སློང་རྣམས་

ཀྱིས་དེ་ཇི་ལྟར་བྱ་བ་མ་ཤེས་ནས། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཐ་ག་པ་སྨྲ་བ་ནི་བདེན་གྱིས་རས་སུ་ལོང་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་ཕྲ་མོ་ལས་

བཀུག་པ་དང་། དེ་ལ་འཕགས་པ་རྣམས་བདག་གིས་དེ་ལ་སྦོམ་པོ་སྦྱིན་པར་བྱས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ནི་དུས་འདས་ཀྱིས་ཇི་ལྟར་བྱིན་པ་དེ་ལྟ་བུ་ལོང་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཞིག་གིས་གོས་

འཚོང་བ་ལ་ཀཱར་ཥཱ་པ་ཎ་བྱིན་ཏེ། རས་ཤིག་བྱིན་ཅིག་ཅེས་སྨྲས་པ་དང་། དགེ་སློང་དེ་དུས་འདས་ནས་དགེ་སློང་རྣམས་ཀྱིས་གོས་འཚོང་བ་ལ་བོས་ཏེ། བཞིན་བཟངས་ཁྱོད་ལ་དགེ་སློང་མིང་འདི་ཞེས་བྱ་བས་རས་ཀྱི་རིན་ཞིག་བྱིན་པ་དེ་འོན་ཅིག་ཅེས་སྨྲས་པ་དང་། དེས་འཕགས་པ་

རྣམས་དེ་ལ་རས་སུ་སྦྱིན་པར་བགྱིས་སོ་ཞེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་ཇི་ལྟར་བྱ་བ་མི་ཤེས་སོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་གོས་འཚོང་བ་དེ་སྨྲ་བ་ནི་བདེན་གྱིས། རས་

སུ་ལོང་ཤིག་ཅེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་ཕྲ་མོ་བཀུག་ནས་དེས་འཕགས་པ་རྣམས་བདག་གིས་དེ་ལ་སྦོམ་པོ་དབུལ་བར་བགྱིས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ནི་དུས་འདས་ན། ཇི་ལྟ་བུ་བྱིན་པ་དེ་བཞིན་

เล่ม ๑๓ · หน้า 134a

ལོང་ཤིག། །།འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་བདུན་པ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་འཇིག་རྟེན་པ་ལ་གྲགས་པར་གྱུར་ཏེ། གང་སུ་ཡང་རུང་ཉོ་བ་དང་། བཙོང་བ་དེ་དག་དེ་དག་གི་དྲུང་དུ་དོང་ནས།

འཕགས་པ་དངོས་པོ་འདིས་ཅི་རི་ཞེས་འདྲིའོ། །དེ་ནས་མཉན་དུ་ཡོད་པ་ན་ཁྱིམ་བདག་གཉིས་ཤིག་གཅིག་ནི་གོས་ཉོ། གཅིག་ནི་འཚོང་སྟེ། དེ་གཉིས་རིན་ཐང་གི་གཏམ་སྨྲ་ཞིང་འཁོད་པའི་སྟེང་དུ་ཉེ་དགའ་བོ་ཕྱོགས་དེར་འོངས་པ་དང་། དེ་གཉིས་ཀྱིས་འཕགས་པ་ཉེ་དགའ་བོས་

བཅད་པ་བརྩན་ནོ། །གཅིག་ན་རེ་ཡང་དེ་བཞིན་དུ་བརྩན་པར་བྱའོ་ཞེས་སྨྲས་ནས། དེ་གཉིས་ཀྱིས་ཚེ་དང་ལྡན་པ་ཉེ་དགའ་བོ་ལ་འཕགས་པ་གོས་འདིའི་རིན་ཇི་ཙམ་ཞེས་སྨྲས་པ་དང་། དེས་གཅིག་ལ་གསང་སྟེ་བཞིན་བཟངས་ཁྱོད་ཉོ་བའམ་འོན་ཏེ་འཚོང་བ་ཞེས་དྲིས་སོ། །དེས་

བདག་ནི་ཉོ་བའོ་ཞེས་སྨྲས་པ་དང་། ཉེ་དགའ་བོས་འདི་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་རིའོ་ཞེས་སྨྲས་ནས། གཉིས་པ་ལ་ཡང་གསང་སྟེ། བཞིན་བཟངས་ཅི་ཁྱོད་ཉོ་བའམ་འོན་ཏེ་འཚོང་བ་ཞེས་དྲིས་པ་དང་། དེས་འཕགས་པ་བདག་ནི་འཚོང་བ་ཞེས་སྨྲས་པ་དང་། ཉེ་དགའ་བོས་འདི་ནི་ཀཱར་ཥཱ་

པ་ཎ་བཞི་བཅུ་རིའོ་ཞེས་སྨྲས་པ་དང་། དེ་གཉིས་གསང་སྟེ་བསླུས་ནས་ཡང་གཉི་གའི་མངོན་སུམ་དུ་ཁྱེད་ཅག་ཇི་ལྟ་བུར་ལེགས་པ་དེ་ལྟ་བུར་བྱོས་ཤིག་ཅེས་སྨྲས་སོ། །དེ་ལ་གང་འཚོང་བ་དེས་འདི་ནི་ཀཱར་ཥཱ་པ་ཎ་བཞི་བཅུ་རིའོ་ཞེས་སྨྲས་པ་དང་། གང་ཉོ་བ་དེས་བདག་གིས་དད་པ་དང་

ཡིད་ཆེས་པ་ལས་འདི་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་རིའོ་ཞེས་སྨྲས་པ་དང་། དེས་སྨྲས་པ། ཁྱོད་ཀྱིས་དད་པ་དང་ཡིད་ཆེས་པ་སུ་ཡིན། འཕགས་པ་ཉེ་དགའ་བོ་ཡིན་ནོ། །བདག་ཅག་གཉིས་ལ་དེས་ཤེས་བཞིན་དུ་གཙེས་ཏེ། བདག་ལ་དེས་ཀཱར་ཥཱ་པ་ཎ་བཞི་བཅུ་རིའོ་ཞེས་སྨྲས་སོ། །

དེས་སྨྲས་པ། བདག་ལ་ཡང་དེས་ཤེས་བཞིན་དུ་གཉིས་ཀ་ལ་སླུ་བའི་ཕྱིར་མདོར་ན་དེས་གནས་ངན་ལེན་ལ་མཚུངས་པར་སྤྱོད་ཀྱིས་ཕྱིན་ཆད་དགོས་པ་ཡོད་ན་ཡང་དེ་ལ་མི་འདྲིའོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་

เล่ม ๑๓ · หน้า 134b

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཁྱིམ་བདག་དེ་གཉིས་འཕྱ་བ་ནི་ཡུས་ཀྱིས། དེ་བས་ན་དགེ་སློང་རྣམས་ཀྱིས་དངོས་པོ་གང་ལ་ཡང་རིན་ཐང་མ་གཅོད་ཅིག །ཁྱིམ་པ་རྩོད་པའི་དྲུང་ན་མ་འདུག་ཤིག །དགེ་སློང་གང་གིས་དངོས་པོ་ལ་གང་ཡང་རིན་བཅད་དམ།

ཁྱིམ་པ་རྩོད་པའི་དྲུང་ན་འདུག་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དངོས་པོ་གང་ལ་ཡང་དགེ་སློང་གིས་རིན་ཐང་མ་གཅོད་ཅིག་ཅེས་གསུངས་ན། དགེ་སློང་གིས་ཆོས་གོས་དང་། གོས་ཉོ་བར་འདོད་པའི་ཕྱིར་ཚོང་དུས་སུ་སོང་སྟེ། དེར་ཁྱིམ་པ་དང་ལྷན་

ཅིག་ཏུ་ཀཱར་ཥཱ་པ་ཎའམ། པ་ཎ་གཅིག་གམ། པ་ཎ་བཞིའམ། བཞི་ཆའི་ཕྱེད་དམ། བཞི་ཆའི་ཕྱེད་ཀྱི་ཕྱེད་བསྐྱོད་པ་དང་། དེས་ཁྲོས་ཏེ་འཕགས་པ་བདག་ཅག་ནི་སྤོགས་པ་ཡིན་ན། ཁྱེད་ཅག་ཀྱང་ལྷག་པར་སྤོགས་བྱེད་པ་ཆེན་པོའོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་

དག་གིས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་དེ་དག་དེ་སྐད་ཟེར་བ་ནི་ཡུས་ཀྱིས། དེ་ལྟ་བས་ན་དགེ་སློང་རང་གིས་ཉོ་བར་མ་བྱེད་ཅིག་བཅོམ་ལྡན་འདས་ཀྱིས་དགེ་སློང་རང་གིས་ཉོ་བར་མ་བྱེད་ཅིག་ཅེས་གསུངས་པ་དང་། དགེ་སློང་

རྣམས་ཀྱིས་ཇི་ལྟར་ཉོ་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་ན་གནས་པའི་དགེ་བསྙེན་ཕ་ལ་ཚོལ་ཅིག །གཙུག་ལག་ཁང་ན་གནས་པའམ། དགེ་བསྙེན་དད་པ་མེད་ལ་ངེས་པར་ཉོ་བར་འདོད་པར་གྱུར་ན། གཏན་ལ་བབ་པའི་ཚིག་ལན་

གཉིས་ལན་གསུམ་དུ་སྨྲ་བར་བྱ་སྟེ། ཀཱར་ཥཱ་པ་ཎ་ལ་སོགས་པའི་ཚུལ་གྱིས་བསྐྱེད་པར་མི་བྱའོ། །དགེ་སློང་གིས་ཉོ་བར་འདོད་ཀྱང་རུང་ཉོ་བར་མི་འདོད་ཀྱང་རུང་སྟེ། ཀཱར་ཥཱ་པ་ཎ་ལ་སོགས་པའི་ཚུལ་གྱིས་ཚིག་ལན་གཉིས་ལན་གསུམ་དུ་འདས་པར་བསྐྱེད་ཅིང་སྨྲ་ན་འདས་པ་དང་བཅས་

པར་འགྱུར་རོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཕྱིར་རིན་ཐང་བསྐྱེད་ཀྱང་ཉེས་པ་མེད་དོ། །གླེང་གཞིའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། རྩ་བས་འཚོ་བ་ལས་པར་མི་བྱ་སྟེ། །རྣམ་པ་བཞི་ནི་མི་བགོ་སྟེ། །བསྲུང་བ་དང་ཡང་

เล่ม ๑๓ · หน้า 135a

མང་དུ་བྱ། །ཅ་ཅོ་མང་པོ་འབྱིན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་དགེ་སློང་གི་དགེ་འདུན་རྣམས་ལ་བཟའ་ཤིང་དྲུང་སྟོང་དང་ལྡན་པའི་

ཀུན་དགའི་ར་བ་ཞིག་ཕུལ་བ་དེའི་ཚེ་ན། དགེ་སློང་རྣམས་ཀྱིས་འབྲས་བུ་ཟོས་ནས་ཕྱལ་བར་བོར་བས་ན་མདའ་ལྟ་བུའི་ནགས་སུ་གྱུར་ཏོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་ལམ་དེ་ཕྱོགས་སུ་ཕྱིན་པ་དང་། དེས་དེ་དག་མཐོང་ནས། དེས་བློན་པོ་རྣམས་ལ་མདའ་ལྟ་བུའི་ནགས་སུ་

གྱུར་པའི་ཀུན་དགའི་ར་བ་འདི་སུའི་ཞེས་སྨྲས་པ་དང་། བློན་པོས་ལྷ་བཟའ་ཤིང་དྲུང་སྟོང་དང་ལྡན་པའི་ཀུན་དགའ་ར་བ་དག་ལྷས་འཕགས་པ་རྣམས་ལ་ཕུལ་བ་དེ་ཉིད་འདི་ལགས་ཏེ། དེ་དག་གིས་འབྲས་བུ་ཟོས་ནས་ཕྱལ་བར་བོར་བས་ན་ད་ནི་མདའ་ལྟ་བུའི་ནགས་སུ་གྱུར་ཏོ་ཞེས་

སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཀྱེ་འཕགས་པ་དེ་དག་འདི་ལ་ཞལ་ཏ་དང་ལས་མི་བྱེད་དམ། དེས་ལྷ་དེ་དག་བསམ་གཏན་དང་ཁ་ཏོན་ལ་ཞུགས་པས་འདིའི་སུག་ལས་དང་ཞལ་ཏ་མི་བགྱིད་དོ་ཞེས་སྨྲས་པ་དང་རྒྱལ་པོ་ཅང་མི་སྨྲ་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྩ་བས་འཚོ་བ་ལ་ཕྱལ་བར་མ་དོར་བར་ལས་གྱིས་ཤིག །དགེ་སློང་རྣམས་ཀྱིས་སུས་ལས་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་

འཆའ་བ་རྣམས་ཀྱིས་བྱོས་ཤིག །དེ་རྒ་བས་ན་དེ་དག་གིས་ལས་བྱ་བར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ཐམས་ཅད་ཀྱིས་ལས་བྱོས་ཤིག །དེ་ལས་ཁ་ཅིག་ནི་རིད་རྒས་འཁོགས། ཁ་ཅིག་ནི་ན་བས་ལས་བྱེད་མི་ནུས། དྲུག་སྡེ་རྣམས་

ནི་བྱེད་དུ་མི་བཏུབ་པས་ན་ལས་མ་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་རྣམ་པར་དབྱེ་བས་འཁོར་རྣམ་པར་ཕྱེ་ལ་སྐལ་སྐལ་དུ་གོས་ཏེ་ལས་བྱོས་ཤིག །དགེ་སློང་རྣམས་ལུང་ནོད་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་

เล่ม ๑๓ · หน้า 135b

བྱེད་པ་རྣམས་དང་སྡེ་དེ་ལ་ཞུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་འབའ་ཞིག་ལ་ཡང་འཇུག་པར་མི་བྱ་སྟེ། ལ་ལར་སོ་ཤིང་བཟའ་བར་བྱ། ལ་ལར་གདོང་བཀྲུ་བར་བྱ། ལ་ལར་ནི་རྐང་པ་བཀྲུ་བར་བྱ། དགེ་སློང་དེ་དག་གིས་དེ་བཞིན་དུ་ལས་བྱས་

ནས་འབྲས་བུ་རྒྱལ་ཏེ་སྨིན་པར་གྱུར་པ་དང་། ཇི་ཙམ་ན་དགེ་སློང་དག་ཅིག་གློ་བུར་དུ་འོངས་པ་དང་། དེ་དག་གིས་འབྲས་བུ་རྒྱལ་ཞིང་སྨིན་པ་དེ་དག་མཐོང་ནས། དེ་དག་གིས་ཚེ་དང་ལྡན་པའི་རྣམས་བདག་ཅག་ཀྱང་ཨ་མྲ་སྨིན་པའི་འབྲས་བུ་བཟའ་བར་བགྱི་ན་ཁོ་བོ་ཅག་ཀྱང་

དབང་ངམ་ཞེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་འདི་དག་ནི་བདག་ཅག་གིས་སྔར་བགོས་ན་བཟར་ག་ལ་ཡོད་ཅེས་སྨྲས་པ་དང་། དེ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། གློ་བུར་དུ་འོངས་པ་རྣམས་ལ་ཡང་བྱིན་ཅིག །དགེ་སློང་རྣམས་ཀྱིས་བགོས་པའི་ལྷག་མ་ལ་བྱིན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་རྣམ་པ་འདི་བཞི་ནི་མི་བགོ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱོགས་བཞིའི་དགེ་འདུན་ཐམས་

ཅད་དབང་བ་དང་། མཆོད་རྟེན་ཐམས་ཅད་དབང་བ་དང་། ནད་པ་ཐམས་ཅད་ཀྱི་རུང་བ་དང་། རིན་ཐང་ནར་མར་བཟའ་བ་ཐམས་ཅད་དོ། །དེ་བས་ན་དགེ་སློང་རྣམས་ཀྱིས་རྩ་བས་འཚོ་བ་རྙེད་དམ། འབྲས་བུའམ། མེ་ཏོག་ལ་སོགས་པ་གང་ཟག་རྣམས་ཀྱིས་ཡོངས་སུ་སྤྱོད་

པ་བཞིན་དུ་ཡོངས་སུ་སྤྱོད་ཅིག །དེ་དག་མངོན་སུམ་དུ་དབང་བ་ཡིན་པས་ན་ཞལ་ཏ་བྱོས་ལ་མེ་ཏོག་དང་འབྲས་བུ་རྣམས་ནི་དགེ་འདུན་ལ་བྲིམས་ཤིག །བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་དབང་བ་ཡིན་པས་སོ་སོར་ཞལ་ཏ་བྱོས་ལ་མེ་ཏོག་དང་འབྲས་བུ་རྣམས་དགེ་འདུན་ལ་བྲིམས་

ཤིག་ཅེས་གསུངས་པ་དང་། དགེ་སློང་རྣམས་ཀྱིས་དེ་དག་ཞལ་ཏ་བྱས་པས་མེ་ཏོག་དང་འབྲས་བུ་སྨིན་པ་དང་། དེ་དག་ཡལ་བར་བོར་ནས་མེ་ཏོག་དང་འབྲས་བུ་རྣམས་རྐུན་པོ་རྣམས་ཀྱིས་ཁྱེར་བ་དང་། བཅོམ་ལྡན་འདས་ཀྱིས་སྲུང་མ་ཞོག་ཤིག་ཅེས་གསུངས་ནས། དགེ་

เล่ม ๑๓ · หน้า 136a

སློང་རྣམས་ཀྱིས་ཉུང་ངུ་ཞིག་བཞག་སྟེ། དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མང་དུ་འཁོར་ལ་དེ་དག་ལས་ཕྱེད་ནི་སྔར་ཟན་ཟོ་ཞིག །བཅོམ་ལྡན་འདས་ཀྱིས་ཤིང་ཐོག་ཨ་མྲའི་འབྲས་བུ་སྨིན་པ་དགེ་འདུན་ལ་

བྲིམས་ཤིག་ཅེས་གསུངས་པ་དང་། གང་གི་ཚེ་སྨིན་པར་གྱུར་པ་དེའི་ཚེ་སྲིན་བུས་ཟོས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཆའ་བ་རྣམས་ཀྱིས་སོ་སོར་བརྟག་པར་བྱོས་ཤིག་སོ་སོར་བརྟག་པར་བྱེད་པ་དེ་དག་ཅ་ཅོ་ཆེ་ནས་དགེ་སློང་རྣམས་ཀྱིས་དེ་

ལས་བཟློག་ཀྱང་དེ་དག་མི་བཏུབ་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པའི་མི་སྨྲ་བས་སོ་སོར་བརྟག་པར་བྱ་སྟེ་ཅ་ཅོ་མ་སྨྲ་ཤིག །སྨྲ་ན་འདས་པ་དང་བཅས་པར་འགྱུར་རོ། །

གླེང་གཞིའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། རུང་བར་བྱ་དང་དགེ་ཚུལ་ཕ། །བདག་གིས་བྱིན་གྱིས་བརླབས་པ་དང་། །བླངས་ཤིང་བྱིན་ལེན་བྱེད་པ་དང་། །ཡང་ན་དེ་ལྟར་བསྟན་པ་དང་། །མཚམས་བཅིང་བ་དང་སྟོང་པ་དང་། །ཐབ་མོ་དང་ནི་

རྫོགས་པའོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཤིང་ཐོག་ཨ་མྲའི་འབྲས་བུ་བྲིམས་ཤིག་ཅེས་གསུངས་པ་དགེ་སློང་རྣམས་སུས་བྲིམ་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རུང་བར་བྱེད་པས་བྲིམས་ཤིག །རུང་བར་བྱེད་པ་མེད་ན་དགེ་ཚུལ་ཕས་བྱོས་ཤིག །དགེ་ཚུལ་ཕ་མེད་ན་དགེ་སློང་རང་གིས་ལག་པ་བཀྲུས་ཏེ་བྱིན་ལེན་བྱོས་ལ་སོ་སོར་རུང་བར་གྱིས་ཏེ་བྲིམ་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་རང་གི་ལག་པ་ཁྲུས་ལ་བྱིན་ལེན་བྱོས་ཏེ་སོ་སོར་

རུང་བར་བྱོས་ལ་བྲིམས་ཤིག་ཅེས་བཀའ་སྩལ་པ་དང་། འབྲས་བུ་མང་པོས་གང་བའི་སྐོན་བུ་གཅིག་པུས་མ་ཐེག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པས་ཀྱང་གྲོགས་བྱོས་ལ་གཉི་གས་བྲིམ་པར་བྱ་སྟེ། གང་ཁྱིམ་པས་བྲིམས་པ་དེ་ནི་བྱིན་ལེན་དུ་བྱའོ། །

เล่ม ๑๓ · หน้า 136b

གང་དགེ་སློང་གིས་བྲིམས་པ་དེ་ནི་བྱིན་ལེན་བྱ་མི་དགོས་སོ། །ཨ་མྲ་གཞན་ཞིམ་པོར་གྲགས་པ་ཞིག་ཡོད་ན། དེ་དག་བསྲེས་ལ་རིམ་ལ་བྲིམས་པ་དང་། ཐམས་ཅད་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་དེ་དག་སོ་སོར་བྲིམས་ཤིག་ཅེས་གསུངས་སོ། །བཅོམ་ལྡན་འདས་

ཀྱིས་ཨ་མྲ་གང་ཞིམ་པོར་གྲགས་པ་སོ་སོར་བྲིམས་ཤིག་ཅེས་གསུངས་པ་དང་། དྲུག་སྡེ་རྣམས་ཀུན་དགའི་ར་བར་དོང་ནས་དེ་དག་གིས་ཨ་མྲ་ཞིམ་པོར་གྲགས་པ་དེ་རང་གིས་བླངས་ནས། གཙུག་ལག་ཁང་དུ་འོངས་ཏེ་བྱིན་ལེན་བྱས་ཤིང་ཟོས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ།

ཚེ་དང་ལྡན་པ་དག་ཨ་མྲ་ཞིམ་པོ་དེ་དག་མ་བྲིམས་ན་ཅིའི་ཕྱིར་ཟད་དམ་ཞེས་དྲིས་པ་དང་། སྲུང་མ་རྣམས་ཀྱིས་དེ་དག་བྲིམ་དུ་ག་ལ་མཆིས། དྲུག་སྡེ་རྣམས་ཀྱིས་བླངས་ཏེ་གཙུག་ལག་ཁང་དུ་དོང་ནས་བྱིན་ལེན་བྱས་ཏེ་ཟོས་སོ་ཞེས་སྨྲས་པ་དང་། དགེ་སློང་རྣམས་འཕྱའོ། །དེ་ལྟར་

གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་རྣམས་གང་སུ་ཞིག་སྔར་བླངས་ལ་ཕྱིས་བྱིན་ལེན་བྱེད་ན་ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན་དགེ་སློང་གིས་སྔར་བླངས་པ་ལས་ཕྱིས་བྱིན་ལེན་མི་བྱའོ་སྙམ་དུ་

མཁྱེན་ནས། དགེ་སློང་དག་དྲུག་སྡེ་རྣམས་ཀྱིས་ནི་མི་རིགས་པར་བྱས་ཀྱིས་དེ་བས་ན་དགེ་སློང་རྣམས་སྔར་བླངས་པ་ལས་ཕྱིས་བྱིན་ལེན་མ་བྱེད་ཅིག །སྔར་བླངས་པ་ཕྱིས་བྱིན་ལེན་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་

རྣམས་མེ་ཏོག་དང་། འབྲས་བུ་དང་། བཅའ་བ་དང་། གཞན་ཡང་བཟའ་བ་དང་། བཏུང་བ་འབྲིམ་པ་ལ་མཛུབ་མོས་བསྟན་ཅིང་འདི་བྱིན་ཅིག །འདི་དག་བྱིན་ཅིག་ཅེས་སྨྲ། དེ་ཡོངས་སུ་ཟོས་པ་དང་། བྲིམ་པ་མ་སྙོམས་པར་གྱུར་ནས། འདོད་ཆགས་དང་མ་བྲལ་

བའི་དགེ་སློང་ཁ་ཅིག་གིས་དཔྱས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འཕྱ་བ་ནི་ཡུས་ཏེ། དེ་བས་ན་དགེ་སློང་གིས་མཛུབ་མོས་འདི་བྱིན་ཅིག །འདི་དག་བྱིན་ཅིག་

เล่ม ๑๓ · หน้า 137a

ཅེས་བསྟན་ཅིང་བཟའ་བར་མི་བྱའོ། །དགེ་སློང་གིས་མཛུབ་མོས་འདི་བྱིན་ཅིག་འདི་དག་བྱིན་ཅིག་ཅེས་བསྟན་ཅིང་ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །བཏུང་བ་མེད་པ་ནི་དྲོད་ཆུང་བས་སྨིན་པ་འདོད་པ་དང་། དྲོད་ཆེ་བས་མ་སྨིན་པ་འདོད་པའོ། །

གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་ལྗོངས་སྤྱད་པ་སྤྱོད་པ་ན་རི་བྲགས་ཀྱི་གྲོང་གཞན་ཞིག་གི་གཙུག་ལག་ཁང་ཞིག་ཏུ་ཕྱིན་ན་དེའི་དགེ་སློང་དག་ཉིན་པར་སྤྱོད་པའི་ཕྱིར་དོང་སྟེ། གཙུག་ལག་ཁང་དེ་སྟོང་པར་ལུས་པ་དང་། དྲུག་སྡེ་པོ་རྣམས་དགའ་བོ་དང་ཉེ་

དགའ་བོ་གཙུག་ལག་ཁང་སྟོང་པ་མཚམས་མ་བཅད་པ་འདིར་བདག་ཅག་རྣམས་ཀྱིས་འདིར་གནས་ན་ཇི་ལྟར་གནས་པར་བྱ། མཚམས་བཅད་ཀྱིས་ཚུར་ཤོག་ཅེས་སྨྲས་ནས། དེ་དག་གིས་ལེགས་ཀྱིས་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས། དེ་དག་གིས་མཚམས་བཅད་མ་

ཐག་ཏུ་སྔ་ན་གནས་པའི་དགེ་སློང་དག་ལྷགས་པ་དང་། དྲུག་སྡེ་པོ་རྣམས་ཀྱིས་དེ་ལ་ངལ་སོ་ཤིག་ཅེས་བྱས་ན། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་རྣམས་འདི་ལྟར་ཁྱེད་ཅག་ནི་གློ་བུར་དུ་ལྷགས་པའོ། །ངེད་ནི་སྔ་ནས་གནས་པས་ན་ཁྱེད་ཅག་ལ་བདག་ཅག་གིས་ངལ་སོ་

ཤིག་ཅེས་བྱ་བའི་རིགས་སོ་ཞེས་པ་དང་། དྲུག་སྡེ་པོ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་ཀྱང་མཚམས་བཅད་དོ། །དེ་དག་གིས་སྨྲས་པ། བདག་ཅག་གིས་ཀྱང་སྔར་མཚམས་བཅད་དོ་ཞེས་སྨྲས་ནས། དགེ་སློང་དེ་དག་ཅི་མཚམས་སྔ་མ་བརྩན་

ནམ། འོན་ཏེ་ཕྱི་མ་བརྩན་ཞེས་ཏེ་ཐེ་ཚོམ་སྐྱེས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གློ་བུར་བ་རྣམས་གཙུག་ལག་ཁང་དུ་ཞུགས་མ་ཐག་ཏུ་སྟོང་པར་མཐོང་ན་ཡང་མཚམས་

གཅད་པར་མི་བྱའོ། །ལམ་གྱིས་ངལ་བསོ་སྟེ་ཤིན་ཏུ་བརྟགས་ནས་སྔ་ན་གནས་པ་མེད་ན་གདོད་མཚམས་གཅད་པར་བྱའོ། །གཞན་དུ་ན་གཅད་པར་མི་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཛེ་ཏའི་ཚལ་གྱི་སྒོར་ཁྱིམ་པ་གཉིས་ཤིག་ཐབ་མོ་བྱུང་སྟེ། དེ་ན་དགེ་སློང་

เล่ม ๑๓ · หน้า 137b

གཅིག་འདུས་པ་དེ་ལ་གཅིག་གིས་དབང་བཅུགས་ནས། དེས་དེ་ལ་རྒྱལ་པོའི་ཕོ་བྲང་དུ་ཆེ་བཞི་བྱས་ཏེ་ཅིག་ཤོས་པོ་ཆད་པས་བཅད་པ་དང་། དེས་དེ་ལ་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། དགེ་སློང་དག་ཁྱིམ་པ་དེ་འཕྱ་བ་ནི་ཡུས་ཀྱིས། དེ་བས་ན་དགེ་སློང་རྣམས་ཐབ་མོ་བྱེད་པའི་དྲུང་ན་མ་འདུག་པར་ཆེ་བཞི་ཡང་མ་བྱེད་པར་བྱོལ་ཏེ་སོང་ཤིག །དགེ་སློང་ཐབ་མོ་བྱེད་པའི་དྲུང་ན་འདུག་ཅིང་ཆེ་བཞི་བྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་སྒོ་བཞི་

པའི་མདོའི་ཚིགས་སུ་བཅད་པ་བཅུ་པའོ། །གླེང་གཞིའི་སྒོ་བཞི་པ་རྫོགས་སོ།། །།མདོར་བསྡུས་པའོ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་དང་། །ཡུལ་བསྐོར་དང་ནི་ཡོན་གྱི་སྣོད། །ཀུན་འདུས་པ་དང་སྟེགས་བུ་དང་། །རྔ་ཆེན་འཁོར་ལོ་ཐ་མའོ། །མདོར་ན།

དྲང་སྲོང་ཆེན་པོས་གནང་བར་གསུངས་པ་ནི། །བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང་། །སྟེགས་བུ་དང་ནི་རྒྱལ་མཚན་དང་། །བ་དན་ལྕགས་ཀྱི་ཀ་བའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་གནང་ན། བདག་

གིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་བྱོས་ཤིག །བཅོམ་ལྡན་འདས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ལ་རྒྱལ་

མཚན་གྱིས་བསྐོར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྐོར་ཅིག །བཅོམ་ལྡན་འདས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་གཟུགས་སྟེགས་བུས་བསྐོར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྟེགས་བུས་བསྐོར་ཅིག །ཡང་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་གཟུགས་ལ་ལྕགས་ཀྱི་ཀ་བས་བསྐོར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྐོར་ཅིག །ཡང་

เล่ม ๑๓ · หน้า 138a

དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་ལྕགས་ཀྱི་ཀ་བའི་སྟེང་དུ་བ་དན་གདགས་པར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་ཐོགས་ཤིག །གླེང་གཞིའི་སྒོ་ལྔ་པའི་མདོའི་

ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བྱང་ཆུབ་སེམས་དཔའི་ཡུལ་བསྐོར་དང་། །དེ་བཞིན་རྒྱན་དང་བྱུག་པ་དང་། །ཁྱོགས་དང་ཤིང་རྟ་བ་དན་དང་། །གདུགས་དང་རྒྱལ་མཚན་སྙན་གྱི་རྒྱན། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཡུལ་བསྐོར་བར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཁྱིམ་བདག་གནང་གིས་སྐོར་ཅིག །བྱང་ཆུབ་སེམས་དཔའི་རྒྱན་མེད་དེ་མི་མཛེས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ལ་རྒྱན་འབུལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་ཕུལ་ལ་རྐང་པའི་རྒྱན་དང་རྣ་བའི་རྒྱན་ལ་སོགས་པ་ཡང་ཕུལ་ཅིག །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ལ་དྲིའི་རྒྱན་གྱིས་བརྒྱན་པར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་བརྒྱན་པར་བྱོས་ཤིག །བྱང་ཆུབ་སེམས་དཔའི་གཟུགས་གྲོང་ཁྱེར་དུ་རྐང་པས་ཁྱེར་བ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་

ཁྱོགས་ལས་གྲོང་ཁྱེར་དུ་བཀུར་བར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་ཁྱེར་ཅིག །ཁྱོགས་ལས་ཁྱེར་ཡང་མི་མཛེས་པར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་

เล่ม ๑๓ · หน้า 138b

བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཤིང་རྟ་ལས་བཀུར་བར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་དེ་བཞིན་དུ་བྱོས་ཤིག །ཤིང་རྟ་ཡང་བ་དན་དང་གདུགས་མེད་པས་མི་མཛེས་པར་གྱུར་ནས། ཁྱིམ་

བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་ཤིང་རྟའི་སྟེང་དུ་བ་དན་དང་གདུགས་དང་རྒྱལ་མཚན་ལ་སོགས་པས་བརྒྱན་པར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་བརྒྱན་པར་བྱོས་ཤིག །

བྱང་ཆུབ་སེམས་དཔའི་གཟུགས་ལ་མེ་ཏོག་གིས་སྙན་གྱི་གོང་མ་བརྒྱན་ན་མི་མཛེས་པར་གྱུར་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་དབུའི་སྙན་གྱི་གོང་དུ་མེ་ཏོག་གི་རྒྱན་དབུལ་ལོ་ཞེས་གསོལ་

པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་ཕུལ་ཅིག །གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། ཡོན་ཕུལ་བ་དང་ཡོན་དབུལ་བ། །དེ་བཞིན་ཕྲེང་བའི་སྣོད་རྣམས་དང་། །རོལ་མོ་རྣམས་ཀྱང་མི་

དགག་ཅིང་། །རྒྱན་ཚོགས་རྣམས་ཀྱང་མི་གཞིག་གོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བྱང་ཆུབ་

སེམས་དཔའི་གཟུགས་ཀྱི་ཞབས་ལ་ཡོན་དབུལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་ཕུལ་ཅིག །དེའི་མཆོད་སྟོན་གྱི་ཚེ་ཡུལ་སྣ་ཚོགས་ན་གནས་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། གཞན་

ཡང་བལྟ་བར་འདོད་པའི་ཕྱིར་ཕལ་མོ་ཆེ་ལྷགས་པ་རྣམས་ཀྱིས་དེ་ལ་ཡོན་དབུལ་བ་མངས་པས་རྙེད་པ་དེ་སུས་བཀུར་བ་དགེ་སློང་རྣམས་ཀྱིས་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་བཀུར་བར་བྱའོ་ཞེས་པ་དང་། དགེ་སློང་གནས་བརྟན་དག་གིས་

เล่ม ๑๓ · หน้า 139a

ཁྱེར་བ་དང་མི་དགའ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་བཅའ་བར་བྱེད་པ་དང་། གཞན་ཡང་གཞོན་པ་དང་རྒན་པ་རྣམས་ཀྱིས་བཀུར་བར་བྱའོ། །དགེ་སློང་གནས་བརྟན་དང་། གནས་བརྟན་དག་གིས་ནི་བསྲུང་བར་བྱོས་

ཤིག །ཡོན་ཕུལ་བ་དང་། མེ་ཏོག་དང་། གོས་ལ་སོགས་པ་ཤིང་རྟའི་ཐོག་ཏུ་བཞག་པ་དང་། ཁ་ཅིག་ལྷུང་བ་མ་བྱིན་པར་ལེན་པ་དག་གིས་ཐུགས་ཐུབ་ཏུ་ཁྱེར་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་ཤིང་རྟའི་སྟེང་དུ་ཕྲེང་

བའི་སྣོད་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་བྱོས་ཤིག །དགེ་སློང་རྣམས་ཀྱིས་རོལ་མོ་རྣམས་ཀྱང་མ་ཞི། སྐྱེ་བོ་རྣམས་ཀྱང་སོ་སོར་མ་གྱེས་པར་གཟུགས་ཀྱི་རྒྱན་རྣམས་སྦས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་

པ་དག་གིས་འཕགས་པ་དག་བདག་ཅག་ཇི་ལྟར་དད་པ་དེ་བཞིན་དུ་མ་དད་པ་ཡང་སྐྱེས་ཏེ། ཀྱེ་མའོ་ཁྱེད་ཀྱིས་རོལ་མོ་རྣམས་ཀྱང་ཞི་ལ། སྐྱེ་བོ་མང་པོ་ཡང་སོ་སོར་གྱེས་ནས་གཟུགས་ཀྱི་རྒྱན་རྣམས་བཀྲོལ་ན་ཅི་ཉེས་ཞེས་དཔྱས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཏེ། དེ་བས་ན་རོལ་མོ་རྣམས་ཀྱང་མ་ཞི། སྐྱེ་བོ་མང་པོ་ཡང་སོ་སོར་མ་གྱེས་པར་དགེ་སློང་རྣམས་ཀྱིས་གཟུགས་ཀྱི་རྒྱན་མ་རྟུལ་ཅིག །བརྟུལ་ན་

འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། ཀུན་འདུས་པ་དང་དུས་སྟོན་དང་། །དཔྱིད་ཟླ་ཐ་ཆུངས་ཞལ་བསྲོ་དང་། །ལོ་ལྔ་དང་ནི་དྲུག་བྱས་ལ། །མཆོད་སྟོན་ཆེན་པོ་ཐ་མའོ། །སངས་རྒྱས་བཅོམ་

ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཡུལ་སོ་སོ་ན་གནས་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་མཐོང་བ་དང་། ཡིད་དགའ་བ་

เล่ม ๑๓ · หน้า 139b

སྐྱེས་ནས་དེས་བསམས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་འདི་ལྟར་དུས་སུ་སྦྱིན་པ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། གློ་བུར་དུ་འོངས་པ་དང་། འདོད་པ་རྣམས་ལ་སྦྱིན་པ་བྱིན་པ་འདི་ནི་སྦྱིན་པའི་དུས་དང་པོའོ། །ནད་པ་དང་ནད་གཡོག་ལ་སྦྱིན་པ་

བྱིན་པ་འདི་ནི་སྦྱིན་པའི་དུས་གཉིས་པའོ། །ལོ་ཉེས་ཤིང་ཕོངས་བྲེལ་བ་ལ་སྦྱིན་པ་བྱིན་པ་འདི་ནི་སྦྱིན་པའི་དུས་གསུམ་པའོ། །གང་སུ་ལ་ཡང་རུང་སྟེ་ལོ་ཐོག་གསར་པ་དང་། འབྲས་བུ་གསར་པ་དང་། གསར་ཐོག་དེ་དག་དེས་ཐོག་མར་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་

ལ་བྱིན་ཞིང་། དེའི་འོག་ཏུ་བདག་ཟ་བ་འདི་ནི་སྦྱིན་པའི་དུས་བཞི་པའོ། །གང་སུ་ཡང་རུང་སྟེ། རླུང་ལྡང་བའམ། ཡུལ་རྨུགས་པའམ། ཆར་འབབ་པའམ། གྲང་བ་ལ་སོགས་པ་དེ་ལྟ་བུའི་རྣམ་པས་རླུང་ལྡང་བ་དང་། ཡུལ་རྨུགས་པ་དང་། ཆར་འབབ་པ་དང་། གྲང་བ་ལ་ཟན་

ནམ། སྐྱོ་མའམ། ཐུག་པའམ། སྐོམ་ལ་སོགས་པ་དེ་དག་ཕྱིར་བྱུང་སྟེ། དགེ་འདུན་ལ་འབུལ་ཞིང་འཕགས་པ་འདི་ཟོས་ན་ལུས་ཀྱང་མི་གཤེར། ཆོས་གོས་ལ་ཡང་ཆར་གྱིས་མི་ཕོག་སྟེ་བདེ་བ་ལ་རེག་ཅིང་གནས་པར་འགྱུར་རོ་ཞེས་སྦྱིན་པ་འདི་ནི་སྦྱིན་པའི་དུས་ལྔ་པའོ། །

དེ་ལྟར་ན་འདི་ནི་ཡུལ་སོ་སོ་ན་གནས་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་ལམ་གྱི་ངལ་བ་རྣམས་ལ་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་དེ་དག་འདུས་པའི་ཟས་སྦྱར་རོ་སྙམ་དུ་བསམས་ཏེ། བཅོམ་ལྡན་འདས་

ག་ལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གློ་བུར་དུ་མཆི་བ་ཡུལ་སོ་སོ་ན་གནས་

པ་ལ་སྦྱིན་པ་བྱིན་པ་འདི་ནི་སྦྱིན་པའི་དུས་དང་པོ་ཞེས་བྱ་བ་ནས། སྔ་མ་ལྟར་བདེ་བ་ལ་རེག་པར་གནས་པར་བྱ་བ་འདི་ནི་དུས་ཀྱི་སྦྱིན་པ་ལྔ་པའོ་ཞེས་བྱ་བའི་བར་དུ་སྦྱིན་པའི་དུས་ལྔར་གསུངས་ན། ད་འདིར་བྱང་ཆུབ་སེམས་དཔའི་མཆོད་པ་ཆེན་པོ་ལ་ཡུལ་སོ་སོ་ནས་མཆིས་པའི་དགེ་

เล่ม ๑๓ · หน้า 140a

སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་གློ་བུར་དུ་མཆིས་པ་ལམ་གྱིས་ཡོངས་སུ་གདུངས་པ་དེ་རྣམས་ལ་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་འདུས་པ་དེ་དག་གི་ཟས་སྦྱར་རོ་ཞེས་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྦྱོར་ཅིག །བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དཔྱིད་ཟླ་ཐ་ཆུངས་ལ་

བཙས་སོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བཅོམ་ལྡན་འདས་ཀྱི་ཕོ་བྲང་གི་ཞལ་བསྲོ་བར་སྦྱར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྦྱོར་ཅིག །ཡང་བཅོམ་ལྡན་འདས་ལོ་དུ་ལགས་ནས་དབུ་སྐྲ་བྲེགས་

ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལོ་ལྔ་ལོན་པ་ནའོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་བཅོམ་ལྡན་འདས་ལ་ལོ་ལྔ་ཞིང་ལན་གཅིག་མཆོད་སྟོན་སྦྱར་རོ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྦྱོར་ཅིག །ཡང་བཅོམ་ལྡན་འདས་ཀྱིས་གཙུག་ཕུད་ལོ་དུ་ལགས་ནས་བཞག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལོ་དྲུག་ནའོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་

གཙུག་ཕུད་ཀྱི་མཆོད་སྟོན་སྦྱར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྦྱོར་ཅིག །ཡང་ཟླ་བ་གང་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་མངོན་དུ་ཆུད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཁྱིམ་བདག་དཔྱིད་ཟླ་ཐ་ཆུངས་ལའོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་བཅོམ་ལྡན་འདས་འཛམ་བུའི་གྲིབ་མ་ལ་གཟུགས་བཞུགས་པ་ལ་མཆོད་སྟོན་ཆེན་པོ་སྦྱར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་སྦྱོར་ཅིག །གླེང་

เล่ม ๑๓ · หน้า 140b

གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། རྩྭ་སྟན་དང་ནི་ཐེ་ཚོམ་དང་། །སྔ་ཕྱི་དག་ཏུ་འདུག་པ་དང་། །ཅ་ཅོ་དག་དང་ལམ་རྣམས་དང་། །གཎྜཱི་དུང་དང་རྔ་རྡུང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་

མེད་ཟས་སྦྱིན་གྱི་ཀུན་དགའི་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་འདུས་པའི་ཟས་སྦྱོར་ཅིག་ཅེས་གསུངས་པ་དང་། དགེ་སློང་མང་པོ་རྣམས་སྟན་མེད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩྭའི་སྟན་སྦྱར་ཏེ་དེར་འདུག་ལ་བཟའ་བར་བྱའོ། །

བཅོམ་ལྡན་འདས་ཀྱིས་རྩྭའི་སྟན་ལ་འདུག་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་རྣམས་ཟན་ཟོས་པ་དང་ཐེ་ཚོམ་སྐྱེས་ནས་རྩྭ་སྟན་ཏེ་ཁྱེར་ཏེ་དོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ཁྱེར་ཏེ་མ་འདོང་བར་ཕུང་པོར་བྱོས་ཏེ་ཞོག་ལ། གང་གི་ཚེ་དུས་སྟོན་ཡོངས་

སུ་རྫོགས་པར་གྱུར་པ་དེའི་ཚེ་ཐམས་ཅད་འོར་ཅིག །དགེ་སློང་རྣམས་སྟོན་མོའི་དུས་ལ་སྔ་ཕྱིར་འདུག་པས་གཞན་ཟན་ཟོས་ཏེ་སོང་བར་གྱུར། གཞན་གདོད་འོངས་པ་མ་ཐོབ་སྟེ་བྲེལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་གོ་རིམས་ཇི་ལྟ་བ་བཞིན་དུ་འདུག་ཤིག་ཅེས་གསུངས་སོ། །

དགེ་སློང་མང་པོ་འདུས་པ་དང་ཅ་ཅོར་གྱུར་པས་དུས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་དུས་བརྗོད་པར་བྱོས་ཤིག་ཅེས་གསུངས་པ་དང་། དེ་དག་དེ་ཉིད་དུ་དུས་ལ་བབ་བོ། །དུས་ལ་བབ་བོ་ཞེས་བརྗོད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཎྜཱི་བརྡུང་བར་བྱོས་ཤིག །

དེ་ལྟར་ཡང་གཞན་དག་ལ་གསལ་བར་མ་གྱུར་ནས། དེ་ལ་བཅོམ་ལྡན་འདས་ཀྱིས་སྔར་ནི་གཎྜཱི་ཆུང་ངུ་རྡུངས་ལ། ཕྱིས་གཎྜཱི་རྡུངས་ཤིག་ཅེས་གསུངས་སོ། །དེ་ལྟར་ཡང་གཞན་ཉིན་པར་གནས་པར་སོང་བ་རྣམས་ཀྱིས་མ་ཐོས་ནས། བཅོམ་ལྡན་འདས་ཀྱིས་དུང་ཁ་བསྡོམས་ཏེ་

བུས་ལ་རྔ་ཡང་རྡུངས་ཤིག་ཅེས་གསུངས་སོ། །གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། དེར་ནི་རྔ་ཡང་བརྡུང་བར་བྱ། །དེ་ནས་ཤིང་རྟ་དབྱུང་བ་དང་། །དངོས་པོ་བྱུང་དང་རྙེད་པ་དང་། །ཇི་ལྟར་ཚུལ་བཞིན་བསྒོ་བར་བྱའོ། །སངས་རྒྱས་

เล่ม ๑๓ · หน้า 141a

བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ན་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་གཎྜཱི་དང་དུང་ཁ་བསྡོམས་པ་དང་རྔ་རྡུངས་ཤིག་ཅེས་བཀའ་སྩལ་ན། དེ་དག་གིས་གཎྜཱི་བརྡུངས་པའི་རྗེས་བཞིན་བརྡུངས་པ་དང་།

ནད་པ་དང་ལས་ལ་གཏོགས་པ་རྣམས་ལ་གནོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་ནད་པ་རྣམས་ཟས་མནོས་ཟིན་པར་གྱུར་ལ། ལས་བྱེད་པ་རྣམས་ཀྱང་ཟས་ཟོས་ཟིན་པ་དེའི་ཚེ་ན་གཎྜཱི་དང་དུང་ཁ་བསྡོམས་པ་དང་། རྔ་རྡུངས་ཤིག །མཆོད་སྟོན་

ཟིན་ཀྱང་སོ་སོ་ན་གནས་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་སོ་སོར་མ་དོང་བ་དང་། བཅོམ་ལྡན་འདས་ཀྱིས་ཤིང་རྟ་ཕྱུང་ཤིག་དང་དེ་དོང་ནས་རང་འདོང་ངོ་ཞེས་གསུངས་པ་དང་། མཆོད་སྟོན་དེའི་ཚེ་དགེ་སློང་རྣམས་ཀྱིས་རྙེད་

པ་གྲུབ་པ་དེ་ཇི་ལྟར་བགོ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་རྒན་རིམས་སུ་མཉམ་པར་གོས་ཤིག །དགེ་སློང་མང་པོ་འདུས་པ་དེ་དག་ཅ་ཅོ་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུ་ཞིང་གཅིག་ཏུ་བགོ་བར་བྱའོ། །བརྒྱ་ཞིང་

གཅིག་ཏུའོ། །དེའི་འོག་ཏུ་སྟོང་ཞིང་གཅིག་ཏུ་རྙེད་པ་བགོ་བར་བྱོས་ཤིག །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་གལ་ཏེ་བཅུའི་ནང་ནས་གཅིག་དུས་ལས་འདས་ན་གུམ་པའི་ཡོ་བྱད་སུ་དབང་ཞེས་ཞུས་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དེ་སྟེ་བགོ་བའི་ཚེ་དུས་འདས་ན་ཤི་བའི་ཡོ་བྱད་དགེ་འདུན་འདུས་པ་དབང་གིས་སྤྱིར་གོས་ཤིག །འོན་ཏེ་བགོས་ནས་དུས་འདས་ན་ནི་དགུ་པོ་རྣམས་ཀྱིས་འཐོབ་བོ། །དེ་བཞིན་དུ་བརྒྱད་སྟོང་སྡེ་རྣམས་ལ་ཡང་སྦྱར་བར་བྱའོ། །གླེང་གཞིའི་སྒོ་

ལྔ་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།གླེང་གཞིའི་སྒོ་ལྔ་པ་རྫོགས་ཏེ། གླེང་གཞི་རྣམས་རྫོགས་སྷོ།། །།རྐྱང་པའི་སྒོའི་མདོར་ན། ཕྱག་ནི་ཐོག་མར་བྱ་བ་དང་། །གཉིས་པའི་སྣོད་རྣམས་མ་ངེས་པ། །གསུམ་དུ་ཡོ་བྱད་རྣམས་ཀྱང་སྟེ། །དེ་ནི་རྐྱང་

เล่ม ๑๓ · หน้า 141b

བར་བཏགས་པའོ། །མདོར་བསྡུས་པ་ན། ཕྱག་འཚལ་བ་དང་གསིང་མ་དང་། །དེ་བཞིན་འཇོག་དང་ཉལ་དང་ཁྱི། །དེ་བཞིན་བཏུང་ཕོར་བུ་རམ་ཤིང་། །དེ་བཞིན་མར་དང་རྩ་བ་སྡོང་པོ་རྣམས། །མདོ་རྣམས་བསྡུས་པར་གསུངས་པའོ། །སངས་རྒྱས་བཅོམ་ལྡན་

འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་གཉིས་ཤིག་རྣམ་པར་གདོན་མི་ཟ་བའི་གཏམ་སྨྲ་བ་ལས་གཅིག་ལ་གཅིག་ཚིག་རྩུབ་པོ་སྨྲས་ནས་དེ་ལ་གཞོན་ནུས་རྒན་པོ་ལ་རབ་ཏུ་སྤྱོས་ཏེ། དེ་གནས་ཁང་

དུ་ཞུགས་ཏེ་འདུག་པ་དང་། གཞོན་ནུས་བདག་གིས་རྒན་པ་ལ་རབ་ཏུ་སྤྱོས་ཀྱིས་སོང་སྟེ་བཟོད་པར་གསོལ་ལོ་སྙམ་བསམས་ནས། དེས་དེའི་གནས་ཁང་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ནས་བཙུན་པ་བདག་གིས་ཁྱོད་ལ་རབ་ཏུ་སྤྱོས་པ་བཟོད་པར་མཛོད་ཅིག་ཅེས་

བཟོད་པ་གསོལ་བར་བྱེད་པ་དང་། དེ་ཆེར་ཁྲོས་ནས་གཙེས་ཏེ་གནོད་པ་བྱས་སོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་ཐོས་ནས་བརྒྱུགས་ཏེ་ཚེ་དང་ལྡན་པ་ཅིའི་ཕྱིར་འོ་དོད་འབོད་ཅེས་དྲིས་པ་དང་། དེས་སྨྲས་པ། ཚེ་དང་ལྡན་པ་འདི་འདི་ལྟར་བདག་གི་གནས་ཁང་དུ་

འོངས་ཏེ་གནོད་པ་བྱེད་པ་ལ་ལྟོས། དེ་དག་གིས་དེ་ལ་ཚེ་དང་ལྡན་པ་ཅིའི་ཕྱིར་ཁྱོད་ཀྱིས་དགེ་སློང་རྒན་པ་འདི་ལ་གཙེས་ཞེས་སྨྲས་པ་དང་། དེས་ཀྱང་ཇི་ལྟར་གྱུར་པ་སྨྲས་ནས་དེ་དག་ཅང་མི་སྨྲ་བར་འདུག་གོ། །དེས་བསམས་པ་དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་ཕྱག་བྱོས་

ཤིག་པར་གསུངས་ཏེ། ཇི་ནས་ངའི་ཉན་ཐོས་རྣམས་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། བརྩེ་བའི་སེམས་ཀྱིས་རང་གི་དོན་སྒྲུབ་པར་འགྱུར་རོ་ཞེས་གསུངས་ན་འདི་ལྟར་འདི་ནི་བདག་མཐོང་ནས་མི་དགའ་བ་དང་། ཁྲོས་པར་གྱུར་ན་བདག་གིས་འདི་ལ་བཟོད་

པར་བྱས་ཏེ་ཅི་རུང་གིས་འགྲོའོ་སྙམ་བསམས་ནས་དེ་སོང་ནས་ཕྱིས་དེ་ལ་ཕྱག་ཀྱང་མི་བྱེད་ན་བཟོད་པར་བྱེད་པ་ལྟ་ཅི་སྨོས། དེ་ནས་དུས་ཕྱི་ཞིག་ན་དགེ་སློང་རྒན་པ་དེ་དགེ་སློང་གཞན་ཞིག་དང་ལྷན་ཅིག་འཆག་ཅིང་གཏམ་ཟེར་ཞིང་འཁོད་པ་དང་། དགེ་སློང་དེ་ཡང་དགེ་སློང་

เล่ม ๑๓ · หน้า 142a

དག་ལ་ཕྱག་འཚལ་བ་ལས་ཕྱོགས་དེར་འོངས་པ་དང་། འཆག་པའི་གྲོགས་ཀྱི་དགེ་སློང་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འདི་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་ལ་ཅིའི་ཕྱིར་བཟོད་པར་མ་བྱས། རྒན་པ་དེས་འདི་ནི་འདི་ལྟར་སྡིག་པའི་སེམས་

ཁྲོ་བ་ཅན་ཏེ། ལྟོས་ཤིག་དང་ད་ཡང་ཁྱོད་ལ་ཕྱག་བྱེད་ཀྱི་ང་ལ་མི་བྱེད་དོ་ཞེས་སྨྲས་པ་དང་། དེ་བཞིན་དེས་ཕྱག་བྱས་པ་དང་། དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་སྡིག་པའི་སེམས་ཅན་དེ་མཐོང་ངམ། ཚེ་དང་ལྡན་པ་མཐོང་ངོ་། །དེ་ནས་དེས་དེ་ལ་ཚེ་དང་ལྡན་པ་བདག་

གིས་གཞན་དུ་ཐོས་ན་གཞན་དུ་མཐོང་སྟེ། ཁྱོད་ནི་ངོ་ཚ་ཞེས་འགྱོད་པ་ཅན་བསླབ་པ་ལ་མོས་པའོ་ཞེས་ཐོས་ན། ཁྱོད་ཅིའི་ཕྱིར་དེ་ལྟར་མ་ཡིན་ཞེས་སྨྲས་པ་དང་། དེས་བཙུན་པ་བདག་གིས་ཇི་ལྟར་བགྱི། ཚེ་དང་ལྡན་པ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་ལྟ་བུ་ལ་ཁྱོད་ཀྱིས་

ཅིའི་ཕྱིར་བཟོད་པ་མི་བྱ་ཞེས་སྨྲས་པ་དང་། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། དེ་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་དགེ་སློང་དེ་འཕྱ་བ་ནི་ཡུས་ཀྱིས།

གང་རྣམ་པར་འཁོན་པ་དེ་བཟོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་འཁོན་པ་དེ་བཟོད་པར་བྱའོ་ཞེས་གསུངས་པ་དང་། གཞན་ཞིག་གིས་བཟོད་པར་བྱས་ཀྱང་མ་བཟོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མི་སྤྱོད་པ་དེ་ཉེ་སྤྱོད་དུ་ཕྱིན་པ་དང་ཕྱག་བྱོས་ཤིག །དེས་

ཀྱང་ནད་མེད་ཅིག་ཅེས་སྨྲའམ་ཡང་ན་ཕྱག་བྱོས་ཤིག །དེ་ལྟར་མི་བྱེད་ན་གཉིས་ཀ་ལ་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འཁོན་པའི་དགེ་སློང་ལ་བཟོད་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་གཉིས་ཤིག་རྣམ་པར་གདོན་མི་ཟ་བའི་གཏམ་སྨྲ་

བ་ལས་འཁྲུགས་པ་དང་། མཚང་འདྲུ་བ་དང་། འཐབ་པ་དང་། རྩོད་པར་གྱུར་ཏེ། དེ་གཉིས་ལས་དགེ་སློང་གཞོན་པས་དགེ་སློང་རྒན་པ་ལ་ཚིག་དྲག་པོ་མི་སྙན་པས་བློང་ཞིང་ཁྲོས་ཏེ་སྨྲས་པ་དང་། རབ་ཏུ་ཁྲོས་ནས་གནས་ཁང་དུ་ཞུགས་ཏེ་སྒོ་བཅད་ནས་དེས་ངན་

เล่ม ๑๓ · หน้า 142b

དུ་སྨྲས་པའི་ཚིག་དེ་ལྟ་བུ་སྒོམ་ཞིང་འདུག་གོ། །དེའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་ཆུད་པ་དང་། རྣམ་པར་མི་མཁྱེན་པ་མེད་དེ་སངས་རྒྱས་བཅོམ་ལྡན་འདས་དག་ནི་ཆོས་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་ཅན་འཇིག་རྟེན་

ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པུ་དཔའ་བ། གཅིག་པུ་ཞི་གནས་དང་ལྷག་མཐོང་ལ་གནས་པ། གདུལ་བའི་དངོས་པོ་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་མཐིལ་ལ་རབ་ཏུ་བརྟན་པ། མི་འཇིགས་པ་

བཞིས་འཇིགས་པ་མེད་པ། ཡན་ལག་ལྔ་རབ་ཏུ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་

བརྒྱན་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་ཤིང་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པར་གྲགས་པ། བརྒྱ་ཕྲག་བཅུ་ལས་དབང་སྒྱུར་བའི་མཆོག་ཏུ་བྱུང་བས་གང་འགྲིབས། གང་

འཕེལ། གང་སྡུག་བསྔལ་དུ་གྱུར། གང་དོག་པར་གྱུར། གང་གནོད་པར་གྱུར། གང་སྡུག་བསྔལ་དང་དོག་པ་དང་གནོད་པར་གྱུར། གང་ངན་སོང་ལ་གཞོལ། གང་ངན་སོང་ལ་འབབ། གང་ངན་སོང་ལ་རབ་ཏུ་བསྟན། གང་ངས་ངན་སོང་ལས་བཏོན་ཏེ་མཐོ་

རིས་སུ་ཐར་པའི་འབྲས་བུ་ལ་སོ་སོར་དགོད་པར་བྱ། གང་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་བསྐྱེད་པར་བྱ། གང་གིས་བསྐྱེད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱ། གང་ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་དགྲོལ་བར་བྱའོ་ཞེས་ཉིན་ལན་གསུམ་མཚན་ལན་གསུམ་

དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཤིང་ཡེ་ཤེས་སྣང་བ་ལ་འཇུག་གོ། །ཡང་གསུངས་པ། ཆུ་སྲིན་གནས་པའི་རྒྱ་མཚོ་ནི། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་བུ་རྣམས་ལ། །སངས་རྒྱས་དུས་འདའ་མི་སྲིད་དོ། །དེ་ནས་

เล่ม ๑๓ · หน้า 143a

བཅོམ་ལྡན་འདས་གནས་གཞན་ཞིག་ཏུ་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ན་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ལ་སོགས་པ་བྱུང་

སྟེ། ལ་ལ་ནི་འོག་ཏུ་འགྲོའོ། །ལ་ལ་ནི་སྟེང་དུ་འགྲོ་སྟེ། དེ་ལ་གང་འོག་ཏུ་སོང་བ་དེས་ནི་ཡང་འཚོ་བ་དང་། ཐིག་ནག་པོ་དང་། འདུས་པ་དང་། འོ་དོད་འབོད་པ་དང་། འོ་དོད་འབོད་པ་ཆེན་པོ་དང་། གདུང་བ་དང་། རབ་ཏུ་གདུང་བ་དང་། བསྟིར་མེད་པ་དང་། ཆུ་བུར་དང་།

རྒྱུན་དུ་ཆུ་བུར་དང་། ཨ་ཊ་ཊ་དང་། ཧ་ཧ་བ་དང་། ཧུ་ཧུ་བ་དང་། ཨུཏྤལ་དང་། པད་མོ་དང་། པད་མོ་ཆེན་པོ་ལ་སོགས་པའི་སེམས་ཅན་དམྱལ་བར་སོང་སྟེ། གང་ཚ་བའི་སེམས་ཅན་དམྱལ་བ་ལ་དེས་བབ་པ་ནི་བསིལ་བར་གྱུར། གང་གྲང་བའི་སེམས་ཅན་དམྱལ་བ་

དེ་ལ་བབ་པ་ནི་དྲོ་བར་གྱུར་ཏེ། དེས་སེམས་ཅན་དེ་དག་དེ་ལྟ་བུས་གཟིར་བའི་ཁྱད་པར་དེ་དག་བདེ་བར་བྱས་པ་དང་། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་རྣམས་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་ཞེས་བསམས་ན། དེ་དག་ལ་རབ་ཏུ་དད་པ་བསྐྱེད་པའི་ཕྱིར་

བཅོམ་ལྡན་འདས་ཀྱིས་སྤྲུལ་པ་བཏང་ནས་དེ་དག་གིས་སྤྲུལ་པ་མཐོང་བ་དང་། འདི་སྙམ་དུ་ཀྱེ་བདག་ཅག་རྣམས་འདི་ནས་ཤི་འཕོས་པར་གྱུར་པ་ཡང་མེད། གཞན་དུ་སྐྱེས་པ་ཡང་མེད་ཀྱིས། སྔོན་མ་བྱུང་བའི་སེམས་ཅན་འདི་མཐོང་བའི་མཐུས་ན་བདག་ཅག་གཟིར་བའི་

ཁྱད་པར་རྣམས་བདེ་བར་གྱུར་ཏོ་སྙམ་དུ་བསམས་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་པ་དང་། དམྱལ་བས་གཟིར་བའི་ལས་ཟད་པར་བྱས་ཏེ་གང་དུ་བདེན་པར་གྱུར་པའི་སྣོད་དུ་དེར་ལྷ་དང་མིའི་མཚམས་འཛིན་ཏོ། །གང་སྟེང་དུ་སོང་བ་དེས་ནི་རྒྱལ་ཆེན་

བཞིའི་རིས་ཀྱི་ལྷ་དང་། སུམ་བཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་ཆེན་དང་། ཆུང་སྣང་དང་། ཚད་མེད་སྣང་དང་། ཀུན་སྣང་དང་། དགེ་

เล่ม ๑๓ · หน้า 143b

བ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་

དང་། སྟོང་པ་ཉིད་དང་། བདག་མེད་པ་རྣམས་བསྒྲགས་ཏེ་ཚིགས་སུ་བཅད་པ་གཉིས་ཀྱང་བརྗོད་དོ། །འབྱུང་བར་བྱ་ཕྱིར་བརྩམ་པར་བྱོས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱོས། །

གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །དེ་ནས་འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་

འབྲང་ངོ་། །དེ་དག་གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལ་ལུང་སྟོན་བཞེད་པར་གྱུར་ན་བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ནུབ་བོ། །མ་འོངས་པའི་དུས་ལ་ལུང་སྟོན་པར་བཞེད་པར་གྱུར་ན་མདུན་དུ་ནུབ་བོ། །དམྱལ་བར་ལུང་སྟོན་པར་བཞེད་པར་གྱུར་ན་ཞབས་ཀྱི་

མཐིལ་དུ་ནུབ་བོ། །བྱོལ་སོང་དུ་སྐྱེ་བར་ལུང་སྟོན་པར་བཞེད་པར་གྱུར་ན་རྟིང་པར་ནུབ་བོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་པར་གྱུར་ན་ཞབས་ཀྱི་མཐེ་བོར་ནུབ་བོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་པར་གྱུར་ན་པུས་མོར་ནུབ་བོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་

རྒྱལ་པོར་ལུང་སྟོན་བཞེད་པར་གྱུར་ན་ཕྱག་གཡོན་པའི་མཐིལ་དུ་ནུབ་བོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་བཞེད་པར་གྱུར་ན་ཕྱག་གཡས་པའི་མཐིལ་དུ་ནུབ་བོ། །ལྷར་སྐྱེ་བར་ལུང་སྟོན་བཞེད་པར་གྱུར་ན་ལྟེ་བར་ནུབ་བོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་བཞེད་པར་

གྱུར་ན་ཞལ་དུ་ནུབ་བོ། །རང་བྱང་ཆུབ་ཏུ་ལུང་སྟོན་བཞེད་པར་གྱུར་ན་སྨིན་མཚམས་སུ་ནུབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་བཞེད་པར་གྱུར་ན་སྤྱི་བོའི་གཙུག་ཏུ་ནུབ་བོ། །དེ་ནས་འོད་ཟེར་དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་

เล่ม ๑๓ · หน้า 144a

ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་རྟིང་བར་ནུབ་པ་དང་། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཞུས་པ། ཇི་ལྟར་སྣང་བར་བྱེད་པ་ཤར་བ་བཞིན། །ཞལ་གྱི་ནང་ནས་བྱུང་བ་མང་པོ་ནི། །ཁ་དོག་རྣམ་པ་སྣ་ཚོགས་སྟོང་

ལྡན་པ། །གང་གིས་ཕྱོགས་བཅུ་ཀུན་ཏུ་སྣང་གྱུར་པའོ། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་པ་ཞུམ་རྒྱགས་སྤངས་ནས་བྲལ་གྱུར་པ། །སྐྱེ་བོ་རྣམས་ཀྱི་རྒྱུར་གྱུར་སངས་རྒྱས་ཏེ། །རྒྱལ་བ་དགྲ་རྒྱལ་དུང་དང་པད་མོ་བཞིན་དཀར་བ། །རྒྱུ་མེད་འཛུམ་པ་ཉེ་བར་

སྟོན་མི་མཛད། །བརྟན་པའི་ཐུགས་མངའ་དེ་དུས་རང་གིས་མཁྱེན་མཛོད་ཅིག །རྒྱལ་བའི་དབང་ལ་ཐོས་འཚལ་ཉན་རྣམས་ལ། །བརྟན་ཞིང་ཐུབ་པའི་ཁྱུ་མཆོག་དམ་པ་ཡིས། །ཐེ་ཚོམ་བྱུང་བ་དགེ་བས་རྣམ་པར་བསོལ། །དོན་མེད་པར་ནི་རྒྱ་མཚོ་རི་རྒྱལ་བསྟན། །རྫོགས་

པའི་སངས་རྒྱས་འཛུམ་པ་མི་སྟོན་ཏེ། །བརྟན་པས་གང་ཕྱིར་འཛུམ་པ་བསྟན་པ་དེ། །སྐྱེ་བོ་མང་པོ་འདི་དག་ཐོས་པར་མོས། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་གང་དགེ་སློང་གཞོན་པ་དེས་དགེ་སློང་ལ་ཚིག་ངན་པས་མཚང་བྲུས་ཤིང་སྨྲས་པས་ཁྲོས་པ་མཐོང་ངམ། བཅོམ་ལྡན་འདས་མཐོང་ངོ་། །དེ་གནས་ཁང་དུ་ཞུགས་ཏེ་སྒོ་

བཅད་ནས་དེའི་ཚིག་ངན་དུ་སྨྲས་པ་དེ་ཕྱི་ཕྱིར་སྒོམ་ཞིང་འདུག་གོ། །དེ་ཁྲོས་པས་ཀུན་ཏུ་ཁེབས་ནས་ཕྱི་ཕྱིར་བསྒོམས་པས་ན་ཞེ་སྡང་གི་ས་བཅུ་རབ་ཏུ་བྱུང་སྟེ། དེ་དུས་འདས་ཏེ་ཤི་འཕོས་ནས་དེའི་གནས་ཁང་དེ་ཉིད་དུ་སྦྲུལ་གདུག་པར་སྐྱེ་བར་འགྱུར་རོ།། །།

འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་བརྒྱད་པ། དེ་ལྟར་བཅོམ་ལྡན་འདས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷན་ཅིག་གཏམ་གསུང་བའི་བར་དུ་དགེ་སློང་དེ་ཡང་ཚིག་ངན་དུ་སྨྲས་པ་དེ་ལན་མང་དུ་བསྒོམས་ཤིང་ཤིན་ཏུ་ཁྲོ་བས་ཀུན་ཏུ་ཁེབས་ཏེ་མང་དུ་བྱས་

เล่ม ๑๓ · หน้า 144b

པས་ཞེ་སྡང་གི་ས་བཅུ་པོ་ཐོབ་པས་ན་དེ་འཆི་འཕོས་དུས་འདས་ཏེ་དེའི་གནས་ཁང་ཉིད་དུ་སྦྲུལ་གདུག་པར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྐྱེས་བུ་གཏི་མུག་ཅན་དེ་ནི་གནས་ཁང་དེ་ཉིད་དུ་སྦྲུལ་གདུག་

པར་སྐྱེས་ཀྱིས་དེར་སོང་ལ་དྲུང་དུ་ཕྱིན་ན་ངའི་ཚིག་གིས་ནད་མེད་ཅིག་ཅེས་བྱོས་ལ། འདི་སྐད་དུ་འདི་ལྟར་ཁྱོད་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགེ་སྦྱོང་གི་འབྲས་བུ་བཞི་ལས་གང་ཡང་རུང་དགེ་སྦྱོང་གི་འབྲས་བུ་རྟོགས་པར་འགྱུར་བ་ལས་ད་ཁྱོད་ཁྲོས་པའི་དབང་གིས་

ན་འདིར་སྦྲུལ་གདུག་པར་སྐྱེས་ཀྱིས་དགེ་སློང་དེ་ལ་བཟོད་པར་བྱོས་ཤིག །འདི་ལས་ཡང་དུས་འདས་ན་སེམས་ཅན་དམྱལ་བར་སྐྱེས་ས་རེ་ཞེས་སྒོ་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ནས་དགེ་

སློང་དེ་ཁྲིད་དེ་དགེ་སློང་དེའི་གནས་ཁང་དུ་སོང་ནས་སྒོ་ལ་དལ་ནས་བགས་ཀྱིས་བརྡུངས་ཏེ་སྨྲས་པ། བཞིན་བཟངས་ཁྱོད་ལ་བཅོམ་ལྡན་འདས་ནད་མེད་ཅིག་ཅེས་གསུངས་ཏེ། འདི་ལྟར་ཁྱོད་ངའི་བསྟན་པ་ལ་རབ་ཏུ་བྱུང་ལ་དགེ་སྦྱོང་གི་འབྲས་བུ་བཞི་ལས་གང་

ཡང་རུང་དགེ་སྦྱོང་གི་འབྲས་བུ་རྟོགས་པར་འགྱུར་བ་ལས་ད་ཁྱོད་ཁྲོས་པའི་དབང་གིས་ན་འདིར་སྦྲུལ་གདུག་པར་སྐྱེས་ཀྱིས་དགེ་སློང་འདི་ལ་བཟོད་པར་བྱོས་ཤིག །འདི་ནས་དུས་བྱས་ནས་ཀྱང་སེམས་ཅན་དམྱལ་བར་སྐྱེས་ས་རེ་ཞེས་གསུང་ངོ་། །དེ་ནས་དེ་ཉིད་དུ་

ཁྲོས་པའི་དུག་བཏང་ནས་གནས་ཁང་ནས་ཕྱིར་མ་བྱུང་ཞིང་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་མཽད་གལ་གྱི་བུ་ཚུར་ཤོག །ཁྱོད་ཀྱིས་སྦྲུལ་གདུག་པ་གང་ན་བ་དེར་སོང་ལ་ཕྱིན་པ་དང་། འདི་སྐད་དུ་དགེ་སློང་དེ་

ལ་བཟོད་པར་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དེས་ཀྱང་དེར་སོང་སྟེ་སྨྲས་པ་དང་། དེ་ལྡེ་མིག་ཀྱོག་པོའི་བུ་ག་ནས་མགོ་ཙམ་བསྟན་ཏེ་ཕྱིར་ནང་དུ་ཞུགས་སོ། །དགེ་སློང་གིས་དགེ་སློང་ལ་སེམས་ཀྱིས་གནོད་པར་བྱས་པས་རང་གི་གནས་ཁང་དུ་སྦྲུལ་དུ་སྐྱེས་

เล่ม ๑๓ · หน้า 145a

སོ་ཞེས་སྒྲ་དེ་ལྟ་བུ་མཉན་དུ་ཡོད་པར་ཀུན་དུ་གྲགས་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ནང་གི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། གཞོངས་སུ་བཅས་པས་གང་སྒྲ་དེ་ཐོས་པ་དང་ལྟད་མོ་ལྟ་འདོད་པས་དེའི་ཡིད་བསྐྱོད་

ནས་ཛེ་ཏའི་ཚལ་དུ་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱང་ཉན་ཐོས་ཆེན་པོ་ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། འོད་སྣང་དང་། ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པས་བསྐོར་ཏེ་

རྒྱལ་པོ་གསལ་རྒྱལ་དང་དེའི་གནས་ཁང་དུ་བཞུད་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་སྐད་དུ་གསུངས་པ་དང་། དེ་རྟབས་བཞིན་དུ་གནས་ཁང་ནས་ཕྱིར་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཁྲིད་ནས་གཙུག་ལག་ཁང་ནས་ཕྱིར་ཕྱུང་སྟེ་ཛེ་ཏའི་ཚལ་གྱི་སྒོར་འཁོར་བརྒྱ་ཕྲག་

དུ་མ་དང་། དགེ་སློང་གི་དགེ་འདུན་གྱི་མདུན་ན་གདན་བཏིང་བ་དེ་ལ་བཞུགས་པ་དང་། དེ་ནས་སྦྲུལ་གདུག་པ་དེ་ཕན་ཚུན་ཀུན་དུ་སྐྱེ་བོ་མང་པོ་ལ་བལྟས་ཏེ་སྐྲག་ནས་བཅོམ་ལྡན་འདས་ཀྱི་གདན་ལོགས་སུ་རྒན་རིམས་ཀྱི་མཐར་བཅོམ་ལྡན་འདས་ལ་ལྟ་བཞིན་དུ་འཁྱིལ་ཏེ་

འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བཞིན་བཟངས་འདི་ལྟར་ཁྱོད་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སྦྱོང་གི་འབྲས་བུ་བཞི་ལས་གང་ཡང་རུང་དགེ་སྦྱོང་གི་འབྲས་བུ་རྟོགས་པར་འགྱུར་བ་ལས་ད་ཁྱོད་འདིར་ཤིན་ཏུ་ཁྲོ་བས་ཀུན་ཏུ་ཁེབས་ནས་ལན་མང་དུ་

བསྒོམས་ལ་དགེ་སློང་ལ་ཡང་སེམས་གདུག་པ་བསྐྱེད་པས་ད་ལྟར་སྦྲུལ་གདུག་པར་སྐྱེས་ཏེ། འཚེ་བ་དང་གསོད་པ་ལ་ཆགས་ཤིང་གཞན་གྱི་སྲོག་འཕྲོག་ཅིང་གཞན་འཚོ་བ་དང་ཕྲལ་ནས་འཚོ་བར་བྱེད་དེ་འདི་ནས་ཤི་འཕོས་ན་རྒྱུད་གང་དུ་སྐྱེ། གང་དུ་སྐྱེ་བར་འགྱུར། གང་དུ་

མངོན་པར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གང་གི་ཚེ་དེའི་རིགས་དྲན་པར་བྱས་པ་དེའི་ཚེ་ངུ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་གསུངས་པ། ཁྱོད་ནི་བྱོལ་སོང་སྐྱེ་གནས་གྱུར། །མི་དལ་བར་ཡང་སྐྱེས་གྱུར་ན། །དོན་མེད་པར་

เล่ม ๑๓ · หน้า 145b

ནི་ཅི་ཕྱིར་ངུ་། །ད་ནི་ཅི་ཞིག་བྱར་ཡོད་ཀྱིས། །རྒྱལ་བ་ཐུགས་རྗེ་ལྡན་མངའ་ལ། །སེམས་ཀྱིས་ལེགས་པར་དད་སྐྱེས་དང་། །བྱོལ་སོང་སྐྱེ་གནས་འདི་སྤངས་ཏེ། །དེ་ནས་མཐོ་རིས་འགྲོ་བར་འགྱུར། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཆུད་མི་ཟོས་པས་

དེའི་ཀུན་དུ་གནས་པ་དེ་དང་བྲལ་བར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ཚུར་ཤོག་དགེ་སློང་ཁྱོད་ཀྱིས་སྦྲུལ་གདུག་པ་དེ་ལ་བཟོད་པ་བྱོས་ཤིག །བཅོམ་ལྡན་འདས་བདག་གིས་ཇི་ལྟར་བཟོད་པར་བགྱི། ཅི་དེའི་རྐང་པ་ལ་གཏུག་པར་

བགྱིའམ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་ཇི་ལྟར་སྔོན་གྱི་དགེ་སློང་ཡིན་པར་མངོན་དུ་བྱས་ཏེ་ཐེ་ཚོམ་དུ་མི་བྱ་བར་བྱ། གཏུག་པར་བྱའོ་ཞེས་བཀའ་སྩལ་པ་དང་། སྟོན་པའི་བཀའ་བཞིན་དེས་རྐང་པ་ལ་གཏུགས་པ་དང་། དེས་དེའི་མགོ་བོ་ལ་རེག་པར་བྱས་

པ་དང་། དེ་གཉིས་སྐྱེ་བོ་མང་པོས་མཐོང་བ་དང་རབ་ཏུ་ངོ་མཚར་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་དེ་དག་ལ་དེའི་ཕྱིར་དེ་ལྟ་བུའི་ཚུལ་དུ་ཆོས་བཤད་དེ། དེ་ཐོས་པས་ན་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱིས་ནི་ཁྱད་པར་ཆེན་པོ་རྟོགས་པར་གྱུར་ཏོ། །སྦྲུལ་གདུག་

པ་དེ་ཡང་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་ནས་དེ་དུས་འདས་པ་དང་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་བཟང་པོར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་བས་ན་དགེ་སློང་རྣམས་འདི་དང་གཞན་དག་ཀྱང་ཁྲོ་བས་ཀུན་

ཏུ་ཁེབས་ན་ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན་དགེ་སློང་གིས་ཁྲོས་པའི་དགེ་སློང་ལ་ཇི་ལྟར་དེའི་ཁྲོས་པས་ཁེབས་པར་གནས་པ། རྣམ་པར་བྱང་བར་གནས་པ་དེ་ལྟ་དེ་ལྟ་བུར་གསོལ་ལོ། །དེས་ཀྱང་སེམས་ཀྱིས་བཟོད་པར་བྱོས་ཤིག །གང་སྔ་དྲོ་ཁྲོས་

པ་ལ་དེས་ཕྱི་དྲོ་བཟོད་པར་གསོལ་ཅིག །གང་ཕྱི་དྲོ་ཁྲོས་པ་ལ་ནི་དེས་ནུབ་མོའོ། །གང་ནུབ་མོ་ཁྲོས་པ་ལ་ནི་དེས་ཕྱི་དེ་ཉིན་མོ་བཟོད་པར་གསོལ་ཅིག་ཅེས་གསུངས་ནས། བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་ནང་དུ་ཡང་དག་འཇོག་ལ་འཇུག་པའི་ཕྱིར་གཙུག་

เล่ม ๑๓ · หน้า 146a

ལག་ཁང་དུ་གཤེགས་སོ། །ཆོས་ཉིད་ཀྱིས་ལྷའི་བུའམ་ལྷའི་བུ་མོ་ཡང་རུང་སྐྱེས་ནས་རིང་པོ་མ་ལོན་པར་གང་ནས་ཤི་འཕོས་གང་དུ་སྐྱེས། ལས་གང་ཡིན་ཞེས་སེམས་པ་རྣམ་པ་འདི་གསུམ་སྐྱེས་ཏེ། སྦྲུལ་གདུག་པ་ལས་ཤི་འཕོས་ནས། སུམ་

བཅུ་རྩ་གསུམ་གྱི་ལྷའི་རིས་བཟང་པོར་སྐྱེས་ཏེ་བཅོམ་ལྡན་འདས་ལ་སེམས་མངོན་དུ་དད་པ་བསྐྱེད་པར་མཐོང་ངོ་། །དེ་ནས་སྔོན་གྱི་སྦྲུལ་གདུག་པ་ལྷའི་བུ་དེས་འདི་སྙམ་དུ་བདག་འདིར་ཞག་ལོན་ཏེ། བཅོམ་ལྡན་འདས་ལྟར་འགྲོ་བར་མི་རིགས་ཀྱི། བདག་འདིར་ཞག་མ་ལོན་

པར་བཅོམ་ལྡན་འདས་ལ་ལྟར་འགྲོའོ་སྙམ་དུ་བསམས་ནས། དེ་ནས་ལྷའི་བུ་སྔོན་སྦྲུལ་གདུག་པ་དེ་དྲི་མ་མེད་པའི་རྣ་ཚ་འཕྱང་བཞིན་དུ་ཐོགས་ཤིང་དོ་ཤལ་དང་། སེ་མོ་དོས་ལུས་བརྒྱན་ཏེ། དེ་ཉིད་ཀྱི་ནུབ་མོ་ལྷའི་མེ་ཏོག་ཨུཏྤལ་དང་། པད་མོ་དང་། ཀུ་མུ་ད་དང་། པུཎྜ་

རཱི་ཀ་དང་། མན་དཱ་ར་བ་ལ་སོགས་པས་པང་བ་བཀང་སྟེ་སྣང་བ་ཆེན་པོས་ཛེ་ཏའི་ཚལ་ཐམས་ཅད་དུ་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་

དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་འདྲ་བའི་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བའི་ཆོས་བསྟན་ནས་ལྷའི་བུ་སྔོན་གྱི་སྦྲུལ་གདུག་པ་དེས་ཐོས་པ་དང་། འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་

རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་བས་དགའ་བའི་ཚིག་གསུམ་སྨྲས་ཏེ། བཙུན་པས་ཕན་བཏགས་པ་འདི་ལྟ་བུ་ནི་མས་ཀྱང་མ་བགྱིས། ཕས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷས་ཀྱང་མ་

བགྱིས། སྡུག་པས་ཀྱང་མ་བགྱིས། བདག་གི་གཉེན་མང་པོས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེས་ཀྱང་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་

เล่ม ๑๓ · หน้า 146b

ལས་ནི་བརྒལ། ངན་སོང་གི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་ནི་ཕྱེ་ནས་ལྷ་དང་མིའི་གནས་སུ་བཞག་གོ། །ཁྱོད་མཐུས་ཤིན་ཏུ་མི་བཟད་ངན་སོང་གི། །ཉེས་པ་མང་དུ་ལྡན་པའི་ལམ་རྣམས་བཅད། །མཐོ་རིས་འགྲོ་བའི་ལམ་ཕྱིར་བསོད་ནམས་མཆོག །

མྱ་ངན་འདའ་ལམ་བདག་གིས་དེ་རིང་ཐོབ། །ཁྱོད་ལ་བརྟེན་པས་ཉེས་པ་མེད་པ་ཡི། །བདག་དེང་ཤིན་ཏུ་གཙང་བ་རྣམ་དག་མིག །འཕགས་པའི་ཡིད་དུ་འོང་བའི་ཞི་གནས་ཐོབ། །བདག་གིས་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །སྐྱེ་བོ་ལྷ་དང་ལྷ་མིན་མི་ཡིས་མཆོད། །

སྐྱེ་རྒ་ན་དང་འཆི་ལས་རྣམ་པར་བྲལ། །སྲིད་པ་སྟོང་དུའང་མཐོང་བར་ཤིན་ཏུ་དཀའ། །ཐུབ་ཁྱོད་དེང་བདག་མཐོང་བས་འབྲས་བུར་བཅས། །དེ་ནས་སེ་མོ་དོ་ནི་འཕྱང་བཞིན་དུ། །ཞབས་གཉིས་ལ་ནི་ཕྱག་བྱས་དགའ་བ་སྐྱེས། །དགྲ་ཐུལ་དེ་ལ་གཡས་སུ་བསྐོར་ནས་ནི། །ལྷ་ཡི་

འཇིག་རྟེན་ལྷ་ཡི་ཡུལ་དེར་སོང་། །དེ་ནས་ལྷའི་བུ་སྔོན་སྦྲུལ་གདུག་པ་དེ་ཚོང་པ་ཁེ་ཐོབ་པ་ལྟར། རྣ་ཆུན་པ་ལོ་ལེགས་པ་ལྟར། དཔའ་བོ་གཡུལ་ལས་རྒྱལ་བ་ལྟར། ནད་པ་ནད་ཐམས་ཅད་ལས་ཐར་བ་ལྟར། ཇི་ལྟ་བུའི་ལོངས་སྤྱོད་དང་། བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་

པ་དེ་ལྟ་བུའི་ལོངས་སྤྱོད་དང་། རང་གི་གནས་སུ་སོང་བ་དང་། དགེ་སློང་དག་སྲོད་དང་ཐོ་རངས་ལ་མི་ཉལ་བར་ཐུབ་པར་བརྩོན་པར་སྤྱོད་པ་རྣམས་ཀྱིས་མཐོང་བ་བཅོམ་ལྡན་འདས་ཀྱི་དྲུང་ན་རྒྱ་ཆེར་སྣང་བ་མཐོང་ནས་ཐེ་ཚོམ་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་བཅོམ་ལྡན་

འདས་ཅི་མདང་མཚན་མོ་བཅོམ་ལྡན་འདས་ལ་ཚངས་པ་འཁོར་གྱི་བདག་པོ་ལྟར་མཆིས་སམ། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དག་བལྟ་བའི་ཕྱིར་མཆིས་སམ་ཞེས་ཞུས་པ་དང་། དགེ་སློང་རྣམས་ཚངས་པའི་འཁོར་གྱི་བདག་པོ་ཡང་མ་ཡིན། ལྷའི་

དབང་པོ་བརྒྱ་བྱིན་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པས་ང་ལ་བལྟ་བའི་ཕྱིར་འོངས་པ་ཡང་མ་ཡིན་གྱི། གང་སྦྲུལ་གདུག་པ་དགེ་སློང་གིས་བཟོད་པར་བྱས་པ་དེ་ང་ལ་སེམས་མངོན་དུ་དད་ནས་དུས་ལས་འདས་པ་དང་། སུམ་བཅུ་རྩ་གསུམ་རིས་ཀྱི་ལྷའི་

เล่ม ๑๓ · หน้า 147a

གནས་བཟར་པོར་སྐྱེས་ནས་དེ་འདི་ལྟར་མདང་ངའི་དྲུང་དུ་འོངས་ཏེ་ངས་དེ་ལ་ཆོས་བསྟན་པ་དང་། བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ་། །དེ་བས་ན་དགེ་སློང་རྣམས་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། གང་གིས་བཟོད་པར་བྱ་བ་དང་། བཟོད་

པའི་ཡོན་ཏན་བརྗོད་པར་བྱ་བ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡིད་མགུ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བསྙེན་པར་རྫོགས་པར་བགྱིད་ན་ཚེ་དང་ལྡན་པ་རྣམས་བདག་ལ་བསྙེན་པར་རྫོགས་པར་མ་བྱེད་ཅིག་ཅེས་མཆི་བཞིན་དགེ་སློང་རྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་

པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་རྫོགས་པ་ཞེས་མི་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པར་འགྱུར་རོ། །ཨུ་པཱ་ལི་དེ་ཅིའི་ཕྱིར་ཞེ་ན། བསྙེན་པར་རྫོགས་པ་ཉིད་ཀྱང་བསླབ་པ་འབུལ་ན་བསྙེན་པར་མ་རྫོགས་ཞེས་བྱ་ན་

བསྙེན་པར་རྫོགས་པར་བྱེད་པའི་ཚེ་ལྟ་ཅི་སྨོས། ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ཕ་རྣམས་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་བྱོས་ཤིག་ཅེས་གསུངས་ན། དགེ་ཚུལ་ཕ་གཞན་དག་བདག་གི་ལོ་

གྲངས་ནི་མ་འཚལ། དེ་ལུས་བོང་ནི་ཆེ་སྟེ། དེ་དགེ་སློང་རྣམས་ཀྱིས་ལོ་གྲངས་མ་རྟོགས་པས་ཐེ་ཚོམ་སྐྱེས་ཏེ་བསྙེན་པར་རྫོགས་པར་མི་བགྱིད་ན་དེ་དག་ལ་ཇི་ལྟར་ནན་ཏན་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དེ་ལྟ་བུ་ནི་མཚན་ལས་

སོ་སོར་རྟོགས་ལ་བསྙེན་པར་རྫོགས་པར་བྱོས་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་དེ་ལྟར་མཚན་ལས་རྟོགས་ལ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་གསུངས་པ་དང་། དགེ་སློང་རྣམས་ཀྱིས་དེ་གཅེར་བུར་ཕྱུང་སྟེ་མཚན་རྟོག་པ་ལ་ཞུགས་

เล่ม ๑๓ · หน้า 147b

པ་དང་། དེ་ཤིན་ཏུ་ངོ་ཚ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅེར་བུར་མ་དབྱུང་བར་བ་སོའམ་གོས་ཀྱི་གདང་ལ་ལྷུང་བཟེད་དམ་ཆོས་གོས་ཀྱི་སྣོད་ཞོག་ལ་འདི་ཕོབ་ཤིག་ཅེས་སྨྲོས་ལ། དེ་ནི་མཆན་ཁུང་དང་མཆན་ལ་རྟོགས་ཏེ་དེ་སྟེ་ཡོད་ན་བསྙེན་པར་རྫོགས་

པར་བྱའོ། །དེ་སྟེ་མེད་ན་བསྙེན་པར་རྫོགས་པར་མི་བྱའོ། །ཡང་ཞུས་པ། བཙུན་པ་དགེ་སློང་རྣམས་ཀྱིས་དགེ་སློང་ལ་དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་

བསྙེན་པར་རྫོགས་པ་ཞེས་ནི་བྱ་སྟེ་བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་དགེ་སློང་མ་ལ་དགེ་སློང་དང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་གི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་

བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། དགེ་འདུན་གཉི་ག་ཡང་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་ཐོག་མའོ།། །།མདོར་ན། གསིང་མ་གྲོང་དང་བསྡུས་པ་དང་། །སེམས་

བསྐྱེད་པས་ནི་གསོ་སྦྱིན་དང་། །གསད་པ་གསུམ་ཡང་དེ་བཞིན་ཏེ། །རྣམ་འབྱེད་དགེ་འདུན་ལྷག་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་ཅིག་འགྲོན་པ་མང་པོ་

དང་ལྷན་ཅིག་ལྗོངས་སྤྱོད་དུ་དོང་བ་དང་། དེ་དག་དེའི་ཚེ་གསོ་སྦྱིན་ལ་བབ་ནས་དེ་དག་གིས་ས་གསིང་མའི་ཕྱོགས་ཤིག་མཐོང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཚུར་ཤེག །ས་གསིང་མའི་ཕྱོགས་ཕ་བི་ལ་གསོ་སྦྱིན་བྱའོ་ཞེས་དེར་དེ་དག་གསོ་སྦྱིན་བྱེད་པ་

ལ་ཞུགས་པ་དང་། འགྲོན་པ་མང་པོ་དག་འདས་ནས་དེ་དག་ཀྱང་ཕྱི་བཞིན་འདོང་བ་ལས་བར་དུ་རྐུན་པོས་བཅོམ་སྟེ་གཙུག་ལག་ཁང་དུ་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་མཐོང་སྟེ་བདེ་བར་འོངས་སམ། ཚེ་དང་ལྡན་པ་དག་བདེ་བར་འོངས་སམ། ཅི་བདེ་བར་སྤྱད་དམ་

เล่ม ๑๓ · หน้า 148a

ཞེས་སྨྲས་པ་དང་། བདེ་བར་ག་ལ་སྤྱད། ཅི་ཉེས། བདག་ཅག་ནི་རྐུན་པོས་བཅོམ་མོ། །དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། གསིང་མ་ལ་ཆགས་པའི་ཕྱིར་གསོ་སྦྱིན་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་གྲོང་དང་ཉེ་བའི་འཁོར་དུ་གསོ་སྦྱིན་བྱོས་ཤིག་ཅེས་གསུངས་པ་དང་། དེ་ལས་དགེ་སློང་ཕྱེད་ནི་གྲོང་དུ་ཞུགས་ཕྱེད་ནི་ཕྱི་རོལ་དུ་འཁོད་པས་དེ་དག་མ་འདུས་པར་གྱུར་ནས་གསོ་སྦྱིན་མ་

བྱས་ཏེ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གྲོང་ན་གནས་པ་རྣམས་ནི་གྲོང་དུ་གསོ་སྦྱིན་བྱོས་ཤིག །དེ་བཞིན་དུ་དགེ་སློང་རྣམས་གསོ་སྦྱིན་བྱ་སྟེ་གསོ་སྦྱིན་ལ་མ་སྡོད་ཅིག །སྡོད་

ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་ཅིག་ཚོང་པའི་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་ལམ་དུ་ཞུགས་པ་དང་། དགེ་སློང་གིས་ཚོང་པ་ལ་བཞིན་བཟངས་བདག་ཅག་གསོ་སྦྱིན་བྱེད་ཀྱིས་དེའི་བར་དུ་སྐད་ཅིག་སྡོད་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་འཕགས་

པ་རྣམས་འདི་ཕྱོགས་ན་རྐུན་པོས་འཇིགས་ཀྱིས་ཕྱི་བཞིན་སྤྱོན་ཅིག་བསྡད་དོ་ཞེས་སྨྲས་པ་དང་། དེར་སྡོད་གྲང་དེར་སྡོད་གྲང་སྙམ་ནས་དགེ་སློང་རྣམས་ཕྱི་བཞིན་དུ་འབྲང་ཞིང་དེ་དག་དོང་བ་ལས་ནམ་ནངས་སོ། །དགེ་སློང་རྣམས་ཀྱིས་དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་

གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་གསོ་སྦྱིན་གྱི་ཚེ་གསོ་སྦྱིན་མ་བྱས་པར་མ་འགྲོ་ཤིག །ཡང་ན་འགྲོ་བཞིན་དུ་གསོ་སྦྱིན་བྱོས་ཤིག །དགེ་སློང་དག་གིས་འགྲོ་བཞིན་དུ་གསོ་སྦྱིན་བྱེད་པ་ལ་ཞུགས་པ་དང་། ཚོང་པ་རྣམས་ཀྱིས་

འཕགས་པ་བདག་ཅག་ནི་རྐུན་པོས་འཇིགས་པས་ཅང་མི་སྨྲ་བར་འགྲོ་ན་ཁྱེད་ཅིའི་ཕྱིར་ཅ་ཅོ་བྱེད་ཅེས་སྨྲས་ནས། དེ་ལྟར་གྱུར་པ་དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོ་སྦྱིན་རྒྱས་པར་མ་བྱེད་པར་

เล่ม ๑๓ · หน้า 148b

མདོར་བྱོས་ཤིག །དགེ་སློང་རྣམས་ཀྱིས་མདོར་བྱེད་པ་ལ་ཞུགས་པ་དང་། འོན་ཀྱང་ཚོང་པ་དེ་དག་གིས་དཔྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་བསྐྱེད་པ་ཙམ་གྱིས་བྱིན་གྱིས་རློབས་ཤིག །དེ་བས་ན་དགེ་སློང་རྣམས་ཆོས་གོས་བྱིན་གྱིས་བརླབ་

པ་དང་། གོས་བསྔོ་བ་དང་། གསོ་སྦྱིན་དང་། ཚུལ་ནས་བྱུང་བ་འདི་བཞི་ནི་སེམས་བསྐྱེད་པ་ཙམ་གྱིས་འགྲུབ་བོ། །དེ་ཡང་འདི་ལྟར་བྱ་སྟེ། སངས་རྒྱས་ལ་དམིགས་པའི་དྲན་པ་ཉེ་བར་བཞག་སྟེ། སེམས་བསྐྱེད་པར་བྱོས་ལ་གསོ་སྦྱིན་བྱིན་གྱིས་རློབས་ཤིག །དེ་ནས་

ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། དེང་དགེ་འདུན་རྣམས་ཀྱི་བཅོ་ལྔའི་གསོ་སྦྱིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཡང་བཅོ་ལྔའི་གསོ་སྦྱིན་ཏེ། བདག་མིང་འདི་ཞེས་བྱ་བའི་བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་རང་གིས་བརྗོད་དེ་གསོ་སྦྱིན་བྱིན་གྱིས་

བརླབས་ལ། གང་གི་ཚེ་དགེ་འདུན་འདུས་པ་ཕྲད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱའོ། །དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུ་བརྗོད་དེ་གསོ་སྦྱིན་དེ་ལྟར་བྱའོ། །གསོ་སྦྱིན་མི་བྱ་བ་ནི་མ་ཡིན་ནོ། །མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །

གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ཅིག་གཞོངས་སྤྱད་པ་སྤྱོད་པ་ན་རྐུན་པོས་ཟིན་ནས་དེ་དག་གིས་ཀྱེ་བསམ་རླག་ཏུ་འཁོད་དེ་ཅི་བྱེད་ཀྱིས། མགོ་རེག་འདི་དག་གསད་དོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་བསམས་པ། བདག་ཅག་ནི་གསད་པར་

ཆད་པར་ལྟ་སྙམ་ནས་དེ་དག་གིས་རྐུན་པོ་ལ་ཀྱེ་ཅིའི་ཕྱིར་ངེད་གསད་ཅེས་སྨྲས་པ་དང་། རྐུན་པོས་སྨྲས་པ། ཁྱེད་ལ་རྒྱལ་པོ་དང་། ཕྱུག་པོ་དང་། ཚོང་དཔོན་དང་། དེད་དཔོན་རྣམས་རབ་ཏུ་དད་པས་ཁྱེད་ཀྱིས་དེ་དག་ལ་སྨྲས་པ་དང་། དེ་དག་གིས་ངེད་ལ་གནོད་པར་བྱེད་དོ་ཞེས་

སྨྲས་པ་དང་། དེ་ན་དགེ་སློང་གཞོན་ནུ་ཅིག་གིས་བརྫུན་དུ་སྨྲས་པ་ལས་བྱུང་བའི་ཉེས་པ་ལྟུང་བ་བྱུང་སྟེ། དེས་ཚེ་དང་ལྡན་པ་རྣམས་བདག་གིས་ལྟུང་བ་བྱུང་བ་བཤགས་པ་དེའི་བར་དུ་བསྡད་པར་ཅི་གནང་ཞེས་སྨྲས་པ་དང་། དེ་དག་གིས་དེ་ལྟར་ན་གནས་འདི་ཉིད་དུ་ཤོགས་

เล่ม ๑๓ · หน้า 149a

ཤིག་ཅེས་སྨྲས་པ་དང་། དེས་དགེ་སློང་གི་མདུན་དུ་འཆགས་པ་ལ་ཞུགས་ཏེ། དགོངས་ཤིག་ཚེ་དང་ལྡན་པ་རྣམས། བདག་མིང་འདི་ཞེས་བགྱི་བ་ཤེས་བཞིན་གྱི་བརྫུན་སྨྲས་པ་ལས་བྱུང་བའི་ལྟུང་བའི་ཉེས་པ་མཆིས་ཏེ། བདག་གིས་ཚེ་དང་ལྡན་པའི་

མདུན་དུ་བཤགས་སོ། །མཐོལ་ལོ། །མི་འཆབ་བོ། །བཤགས་ཤིང་མཐོལ་ན་བདག་ལ་བདེ་བར་འགྱུར་གྱི། མ་བཤགས་མ་མཐོལ་ན་ནི་མ་ཡིན་ནོ། །དེས་སྨྲས་པ། ཉེ་བར་མཐོང་ངམ། མཐོང་ངོ་། །ཕྱིན་ཆད་སྡོམ་པར་དམ་འཆའམ་དམ་འཆའོ། །དེ་ལྟར་ལན་

གཉིས་ལན་གསུམ་དུ་སྨྲས་པ་དང་། རྐུན་པོ་དེ་ཐམས་ཅད་ཀྱིས་ཐོས་ནས་དེ་དག་གིས་སྨྲས་པ། འཕགས་པ་ཁྱེད་རྣམས་བརྫུན་མི་སྨྲའམ། བཞིན་བཟངས་མི་སྨྲའོ་ཞེས་སྨྲས་པ་དང་། དེ་དག་མངོན་དུ་དད་ནས་འཕགས་པ་རྣམས་དེ་ལྟར་ན། དེང་ལ་སུ་ལ་ཡང་མ་སྨྲ་ཤིག་

ཅེས་སྨྲས་པ་དང་། ནད་མེད་ཅིག་སུ་ལ་ཡང་མི་སྨྲའོ་ཞེས་སྨྲས་ཏེ་དོང་ནས་དེ་དག་གཙུག་ལག་ཁང་དུ་ལྷགས་པ་དང་། ཐེ་ཚོམ་སྐྱེས་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་

ནགས་ཚལ་གྱི་དབང་པོ་རྐུན་པོའི་དྲུང་དུ་བཤགས་པ་ཡིན་གྱིས་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ལྗོངས་སྤྱད་པ་སྤྱོད་པ་ལ་རྐུན་པོས་ཟིན་ནས་དེ་དག་གིས་བསམ་རླག་ཏུ་འཁོད་དེ་ཅི་བྱེད་ཀྱིས་མགོ་རེག་འདི་དག་གསད་

དོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་བསམས་པ། བདག་ཅག་ནི་གསད་པར་ཆད་པར་ལྟ་སྙམ་ནས་དེ་དག་གིས་རྐུན་པོ་ལ་ཀྱེ་ཅིའི་ཕྱིར་ངེད་གསད་ཅེས་སྨྲས་པ་དང་། རྐུན་པོས་སྨྲས་པ། ཁྱེད་ལ་རྒྱལ་པོ་དང་། ཕྱུག་པོ་དང་། ཚོང་དཔོན་དང་། དེད་དཔོན་རྣམས་

མངོན་པར་དད་པས་ན་ཁྱེད་ཀྱིས་དེ་དག་ལ་སྨྲས་པ་དང་། དེ་དག་གིས་ངེད་ལ་དོན་མེད་པར་བྱེད་དོ་ཞེས་སྨྲས་ནས། དགེ་སློང་རྣམས་ཀྱིས་སྨྲས་པ། ཐོང་ཤིག་དང་སུ་ལ་ཡང་མི་སྨྲའོ། །དེ་དག་གིས་དེ་སྟེ་ཁྱེད་ཀྱིས་བཅོ་ལྔའི་དུས་ན་གཅིག་ཏུ་འདུས་ཤིང་འདོན་པ་དེ་ངེད་ཅག་ལ་

เล่ม ๑๓ · หน้า 149b

རྒྱས་པར་སྨྲ་བར་དམ་འཆའ་ན་གཏང་ངོ་ཞེས་སྨྲས་པ་དང་། དེ་ན་དགེ་སློང་ཅིག་གཞུང་ཁ་དོན་དུ་ལོབས་པས་དེ་བསད་ཀྱིས་འཇིགས་པས་སྐྲག་པས་སོ་སོར་ཐར་པ་མྱུར་དུ་བཏོན་པ་དང་། དེ་དག་མངོན་པར་དད་ནས་འཕགས་པ་ཁྱེད་ཀྱིས་དེ་ཐམས་ཅད་ཡང་དག་པར་བཟུང་

སྟེ་སྲུང་ངམ། ཞེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་འདི་ནི་སྟོན་པའི་བཀའ་ཡིན་ན་ཅིའི་ཕྱིར་ཡང་དག་པར་འཛིན་ཅིང་མི་སྲུང་ཞེས་སྨྲས་པ་དང་། དེ་དག་གིས་འཕགས་པ་རྣམས་ལེགས་ཀྱིས་བཞུད་ལ་སུ་ལ་ཡང་མ་གསུངས་ཤིག་ཅེས་སྨྲས་པ་དང་། ནད་

མེད་ཅིག་མི་སྨྲའོ་ཞེས་སྨྲས་ཏེ་དོང་ནས་དེ་དག་གཙུག་ལག་ཁང་དུ་ཕྱིན་པ་དང་། དེ་དག་ཐེ་ཚོམ་སྐྱེས་ཏེ་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ནགས་ཚལ་གྱི་དབང་པོ་རྐུན་

པོའི་དྲུང་དུ་ཁ་ཐོན་བཀླགས་པ་ནི་ལེགས་པར་བཀླགས་པ་ཡིན་གྱིས་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ཅིག་ཡུལ་བེའུ་ཞེས་བྱ་བ་ནས་ལྗོངས་སྤྱད་པ་སྤྱོད་ཅིང་དོང་བ་དང་། རྐུན་པོས་ཟིན་ནས་དེ་དག་གིས་ཀྱེ་བསམ་རླག་

ཏུ་འཁོད་དེ་ཅི་བྱེད་ཀྱིས་མགོ་རེག་འདི་དག་གསད་དོ་ཞེས་སྨྲས་པ་དང་། དེ་ལ་རྐུན་པོ་ཅིག་དགེ་སློང་གི་རྒྱུས་ཤེས་པས་དེས་དེ་དག་མཐོང་བ་དང་། སྙིང་རྗེ་སྐྱེས་ནས་དེས་དེ་དག་ཐར་པར་བྱ་ནི་མ་ནུས་ཀྱི་སྙིང་བརྩེ་བའི་ཕྱིར་ཀྱེ་འདི་དག་གསད་དེ་ཅི་རུང་གིས་རྩྭ་མ་བརྔས་པ་ལ་

བཅིངས་ཏེ་རྫས་ཕྲོགས་ལ་དོང་དང་དེ་ཉིད་རང་བཀྲེས་ཤིང་ཉམ་ཆུང་བས་གདུངས་ཏེ་སྲོག་དང་བྲལ་གྲང་ཞེས་སྨྲས་པ་དང་། དེའི་ནང་ནས་གཅིག་གིས་སྨྲས་པ། ཀྱེ་འདི་དེ་སྐད་སྨྲ་ན་ཇི་ལྟར་བྱ་ཞེས་སྨྲས་པ་དང་། ཁ་ཅིག་གིས་སྨྲས་པ། དེ་ལྟར་བྱ་བ་ནི་ལེགས་སོ་ཞེས་

ནས་དེ་དག་གིས་དེ་ལ་ཕྲོགས་ནས་རྩྭ་མ་བརྔས་པ་ལ་བཅིངས་ཏེ་དོང་ངོ་། །ཡུལ་བེའུ་ཞེས་བྱ་བའི་རྒྱལ་པོ་འཆར་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་རི་དགས་ཤོར་བའི་ཕྱིར་དོང་བ་དང་། དེ་དག་གིས་དེ་དག་རྒྱང་རིང་པོ་ནས་མཐོང་ནས་དེས་བློན་པོ་ལ་ཀྱེ་སྣང་བ་ཕ་བི་

เล่ม ๑๓ · หน้า 150a

རི་དགས་མ་ཡིན་ནམ་ཞེས་དྲིས་པ་དང་། དེས་ལྷ་མ་འཚལ་ཏོ་ཞེས་སྨྲས་ནས་རྒྱལ་པོ་དེར་ཉེ་བར་སོང་ནས་མི་ཡིན་པར་མཐོང་བ་དང་། དེས་ཀྱེ་མུ་སྟེགས་གཅེར་བུ་པ་ཡིན་ནམ་ཅི་ཞེས་སྨྲས་པ་དང་། དེ་དག་ལས་གཅིག་གིས་ལྷ་དེ་བཞིན་ནོ་ཞེས་སྨྲས་

པ་དང་། དེ་དག་ལ་དགེ་སློང་གི་རྒྱུས་ཤེས་པ་ཞིག་གིས་སྨྲས་པ། ལྷ་དེ་ནི་མུ་སྟེགས་གཅེར་བུ་པ་མ་ལགས་ཀྱིས། ལྷ་ཤཱཀྱའི་བུའི་དགེ་སློང་ངོ་། །ཇི་ལྟར་ཤེས། ལྷ་དེ་ལྟར་ལོགས་གཅིག་ནི་གནག །གཉིས་པ་ནི་དཀར་རོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོས་དེ་ལ་

དྲིས་པ། འཕགས་པ་ཁྱོད་ཅིའི་ཕྱིར་འདི་ལྟར་འདུག །ལྷ་བདག་ཅག་རྐུན་པོས་བཅོམ་མོ། །འཕགས་པ་འོ་ན་ཅིའི་ཕྱིར་དེ་ལྟར་འདུག །ལྷ་འདི་ལྟར་བཅིངས་སོ། །འཕགས་པ་འདི་འདྲ་བར་བཅིངས་པ་ཅིའི་ཕྱིར་གཅད་དེ་མི་འདོང་། ལྷ་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་

བསླབ་པར་བཅས་པ་ས་བོན་གྱི་གྲོང་དང་སྲོག་ཆགས་ཀྱི་གྲོང་བཤིག་གམ་བཤིག་ཏུ་བཅུག་ན་ལྟུང་བའོ་ཞེས་བྱ་བའི་བསླབ་པའི་བཅིངས་པས་བཅིངས་སོ་ཞེས་སྨྲས་པ་དང་། རྒྱལ་པོ་དེ་དད་ཅིང་མངོན་པར་དགའ་ནས་དེས་དེ་དག་བཀྲོལ་ཏེ་རེ་རེ་ལ་ཡང་ཆོས་གོས་གསུམ་གསུམ་

བསྐོན་ནོ། །དེ་དག་གཙུག་ལག་ཁང་དུ་ཕྱིན་པ་དང་། བདག་ཅག་གིས་རྒྱལ་པོའི་མདུན་དུ་དེ་ལྟར་ལྟུང་བ་སྨྲས་སོ་ཞེས་ཏེ་ཐེ་ཚོམ་སྐྱེས་པ་དང་། དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་སྨྲས་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་འདི་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། འཇིག་རྟེན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་ན་གང་སྨྲས་པ་དེ་ནི་ལེགས་པར་སྨྲས་པ་ཡིན་གྱིས་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ནོངས་པ་དང་བཅས་པས་ནོངས་པ་དང་བཅས་པའི་མདུན་དུ་ནོངས་པ་བཤགས་སུ་རུང་ངམ་ཨུ་པཱ་ལི་མི་རུང་ངོ་། །དེ་སྟེ་དངོས་པོ་མི་མཐུན་ན་ནི་རུང་ངོ་། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཅིག་ལ་དགེ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด