དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཛྙཱན་གུ་ཧྱ་ཨརྠ་གཪྦྷ་བྱཱུ་ཧ་བཛྲ་ཏནྟྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๗ · หน้า 117b

འཁྲུགས་པ་བྱ་བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་རིན་ཆེན་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་དཔལ་དང་ལྡན་པ་ཞེས་བྱ་བར་སངས་རྒྱས་རིན་ཆེན་འབྱུང་བ་ཞེས་བྱ་བར་འབྱུང་བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་ཆོས་ཞེས་བྱ་བ་དེ་ནི་འཇིག་

རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བར་སངས་རྒྱས་འོད་མཐའ་ཡས་ཞེས་བྱ་བར་འབྱུང་བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་བྱང་ཆུབ་ཀྱིས་བརྒྱན་པ་ཞེས་བྱ་བར་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འབྱུང་

བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་སྣ་ཚོགས་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་ཞེས་བྱ་བར་སངས་རྒྱས་གདོན་མི་ཟ་བར་གྲུབ་པ་ཞེས་བྱ་བར་འབྱུང་བར་འགྱུར་རོ། །ཞིང་ཁམས་དེ་དག་ཀུན་གྱི་ཡོན་ཏན་ནི་ཡོངས་སུ་བརྗོད་པར་བྱ་

བའི་དཔེ་ལས་འདས་ཏེ་དཔེ་མེད་པའི་ཕྱིར་བརྗོད་ཀྱིས་མི་ལང་ངོ་། །སྐུ་ཚེའི་ཚད་ནི་དཔག་ཏུ་མེད་པ་འབའ་ཞིག་གོ། །ཞིང་ཁམས་དེར་འཁོད་པའི་སེམས་ཅན་ཆེན་པོ་རྣམས་ནི་རིག་འཛིན་ཆེན་པོ་འབའ་ཞིག་གོ། །ཚེའི་ཚད་ཀྱང་དེ་ཉིད་ཀྱི་རིག་པ་འཛིན་པའི་

ཚེ་ཚད་ཉིད་དོ། །འཇིག་རྟེན་གྱི་ཁམས་གཞན་ནས་སྨིན་པའི་རིག་འཛིན་མཐའ་ཐུག་པ་མེད་པ་རྣམས་ཀྱང་ཞིང་ཁམས་དེ་དག་ཏུ་རྣམ་པར་སྣང་ངོ་། །དེ་དག་ན་ཆོས་ཉན་པ་དང་། སྨྲ་བ་དང་། རྣམ་པར་འགྲོ་བ་ནི་ཏིང་ངེ་འཛིན་འབའ་ཞིག་གོ། །ཆོས་

ཀྱང་བྱ་བ་མེད་པའི་ཆོས་ཉིད་དེ་ཁོ་ན་ཉིད་གསང་བ་དམ་པ་འབའ་ཞིག་གོ། །ལོངས་སྤྱོད་ཀྱང་ཆོས་ཉིད་ཟབ་མོ་འབའ་ཞིག་ལ་ལོངས་སྤྱོད་དོ། །རིག་འཛིན་དེ་དག་ཀུན་ཀྱང་རིགས་ལྔ་འབའ་ཞིག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀྱང་རིགས་ལྔ་ལས་བྱུང་ཞིང་

ལྔར་སྣང་ལ་ལྔར་སྨིན་པ་སྟེ། ལྔ་ལས་གྱུར་པས་ལྔར་ངེས་པ་ནི་འདི་ལྟ་སྟེ། གང་ཞེ་སྡང་གི་རིགས་དང་། ང་རྒྱལ་གྱི་རིགས་དང་། འདོད་ཆགས་ཀྱི་རིགས་དང་། ཕྲག་དོག་གི་རིགས་དང་། གཏི་མུག་གི་རིགས་དང་། བཟོད་ལྡན་གྱི་རིགས་དང་། ཀུན་

เล่ม ๙๗ · หน้า 118a

གདུང་གི་རིགས་དང་། དྲུག་འབྱུང་གི་རིགས་དང་། རྒྱུད་ལྡན་གྱི་རིགས་དང་། གནས་ལྡན་གྱི་རིགས་དང་། དམངས་རིགས་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟེའི་རིགས་དང་། གདོལ་པའི་རིགས་དང་། ཀུན་སྣང་

གི་རིགས་དང་། རིགས་གཅིག་པའི་རིགས་དང་། ཐ་དད་པའི་རིགས་དང་། བྱ་བ་བྱེད་པའི་རིགས་དང་། ཐམས་ཅད་འབྱུང་བའི་རིགས་དང་། རྡོ་རྗེའི་གདུང་དང་། སྡེའི་རིགས་དང་། ནོར་བུའི་གདུང་དང་། སྡེའི་རིགས་དང་། པདྨའི་གདུང་དང་། སྡེའི་

རིགས་དང་། གཞོན་ནུའི་གདུང་དང་། སྡེའི་རིགས་དང་། གླང་པོའི་གདུང་དང་། སྡེའི་རིགས་འབའ་ཞིག་གོ། །དེ་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་སྣང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐའ་ཐུག་པ་མེད་པ་རྣམས་ཀྱང་ལས་དང་འཇུག་པའི་

དབང་གིས་རིགས་ལྔ་འབའ་ཞིག་གོ། །ཇི་བཞིན་པའི་དབང་གིས་ན་ཐམས་ཅད་ནས་ཐམས་ཅད་དུ་རིགས་ཀྱི་མཚན་མ་མེད་དོ། །ཐ་སྙད་མེད་དོ། །རྣམ་པ་མེད་དོ། །ཡུལ་མེད་དོ། །འཇུག་པ་མེད་དོ། །སངས་རྒྱས་པ་མེད་དོ། །ལུང་བསྟན་པ་མེད་དོ། །ངེས་

པ་རྙེད་པ་མེད་དོ། །ཐམས་ཅད་ནས་ཐམས་ཅད་དུ་བྱང་ཆུབ་ཉིད་དོ། །སྟོང་པ་ཉིད་དོ། །སྙིང་པོ་ཉིད་དོ། །དེ་ཁོ་ན་ཉིད་དོ། །ཡང་དག་པ་ཉིད་དོ། །ངེས་པ་དམ་པ་ཉིད་དོ། །གཞན་མ་ཡིན་པ་ཉིད་དོ། །སྐྱེ་བ་མེད་པ་ཉིད་དོ། །འགག་པ་མེད་པ་ཉིད་དོ། །

དེ་བཞིན་ཉིད་དོ། །མ་ནོར་བ་ཉིད་དོ། །ཆོས་ཉིད་དོ། །ཆོས་ཀྱི་དབྱིངས་ཉིད་དོ། །བསམ་གྱིས་མི་ཁྱབ་པས་བསམ་དུ་མེད་པ་ཉིད་དོ། །ཡང་དག་པའི་མཐའ་མཉམ་པ་ཉིད་དོ་ཞེས་ལུང་བསྟན་པ་དང་། དེ་ཁོ་ན་ཉིད་གསང་བ་དམ་པའི་སྒྲ་དཔལ་རྡོ་རྗེ་སེམས་

དཔའི་དེ་ཁོ་ན་ཉིད་སྟོང་པ་ཉིད་ལས་གྲགས་པས་སྐྱེས་བུ་དམ་པ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་བྱང་ཆུབ་ཀྱི་སྙིང་པོ་ཉིད་དུ་ངེས་པ་རྙེད་དོ། །ཀྱེ་ལང་ཀའི་བདག་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་འདི་ལྟར་དཀའ་བ། འདི་ལྟར་ཟབ་པ། འདི་ལྟར་

เล่ม ๙๗ · หน้า 118b

རྒྱ་ཆེ་བ། འདི་ལྟར་བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པའི་ཕྱིར་གང་གི་ངེས་པ་རྙེད་པར་དཀའ་བ་ནི་དེ་ལྟ་བུའོ། །དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་བ་དམ་པ་འདི་རྒྱུན་དང་

བཅས་པ་ཞིག་གམ། འོན་ཏེ་རྒྱུན་ཆད་པ་ཞིག །གལ་ཏེ་རྒྱུན་དང་བཅས་པ་ཞིག་ན་ནི་ཡེ་ཤེས་ཆེན་པོ་སྐྱེ་འགག་དང་བཅས་པ་ཡིན་ནོ། །འོན་ཏེ་རྒྱུན་ཆད་པ་ཞིག་ན་ནི་ཡེ་ཤེས་ཡེ་ཤེས་ཀྱི་ཁྱད་པར་དང་དགོངས་པ་དགོངས་པའི་གོ་འཕང་མེད་པར་འགྱུར་

རོ། །དེ་སྐད་ཅེས་དྲིས་པ་དང་། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ནི་སྐྱེ་འགག་མེད་པར་རྒྱུན་དང་བཅས་པའོ། །དྲིས་པ། གསང་བ་པའི་བདག་པོ་གང་གི་རྒྱུན་དང་

བཅས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་ཡེ་ཤེས་རྒྱུན་དང་བཅས་པའོ། །སྙིང་རྗེ་རྒྱུན་དང་བཅས་པའོ། །ཕྲིན་ལས་རྒྱུན་དང་བཅས་པའོ། །ཡོན་ཏན་རྒྱུན་དང་བཅས་པའོ། །བྱིན་བརླབས་རྒྱུན་དང་བཅས་པའོ། །སྨོན་ལམ་

རྒྱུན་དང་བཅས་པའི་ཕྱིར་རྒྱུན་མ་ཆད་པའོ། །དྲིས་པ། གསང་བ་པའི་བདག་པོ་དེ་དག་ལ་ཅིའི་ཕྱིར་རྒྱུན་ཞེས་བྱ། སྨྲས་པ། ལང་ཀའི་བདག་པོ་རྒྱུན་གྱི་རང་བཞིན་དུ་འབྱུང་བའི་ཕྱིར་རོ། །དྲིས་པ། རྒྱུན་གྱི་རང་བཞིན་གང་། སྨྲས་པ། ལང་

ཀའི་བདག་པོ་གང་མེད་པ་ཉིད་རྒྱུན་གྱི་རང་བཞིན་ཏེ། འདི་ལྟ་སྟེ། རྒྱུན་དང་བཅས་པའི་བྱང་ཆུབ་སེམས། །མེད་རྒྱུ་བཏགས་ཆགས་བལྟས་པར་སྣང་། །སྣང་འདོད་སྡུག་བསྔལ་ཆེན་པོའི་ནང་། །དེ་ཉིད་ཆེ་ཡོན་རྒྱུན་མི་འཆད། །ཀུན་དུ་

རྒྱུན་དང་བཅས་པ་ཡི། །གསང་བ་དམ་པ་དེ་ཁོ་ན། །སྒྲོན་མ་དམ་པ་གང་དག་གིས། །སྐྱེས་བུ་དམ་པ་གང་དག་ལ། །དེ་ཉིད་ཆེན་པོར་དེ་ཉིད་རྒྱུད། །དགོངས་པ་སྣང་བ་མ་གཏོགས་པ། །བརྗོད་པས་བསྟན་ཡོད་མ་ཡིན་ཏེ། །མེད་རྒྱུ་སྣང་

เล่ม ๙๗ · หน้า 119a

མེད་གང་མཐོང་བ། །ཡེ་གཏང་མ་བཅོས་ཇི་བཞིན་ཏེ། །དེ་ཉིད་ངེས་པ་དེ་ཁོ་ན། །ཅིར་ཡང་མི་སྣང་དཔྱོད་དང་བྲལ། །བསམ་མེད་ཡུལ་ལས་འདས་པའོ། །ཀྱེ་ལང་ཀའི་བདག་པོ། སངས་རྒྱས་ཀུན་གྱི་དམ་པ་གསང་བའི་སྙིང་པོ་

འདི་ལ་ཐམས་ཅད་ནས་ཐམས་ཅད་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལས་ཀྱི་ཆོས་ཀྱིས་བསྒྱིངས་པ་རྣམས་ཀྱིས་བྱེ་བ་སྙེད་ཀྱི་བསྐལ་པར་ལས་དཀའ་བ་དཔག་ཏུ་མེད་པས་འབད་བཙལ་ཀྱང་། དམ་པ་མ་ཐོབ་པ་གང་དག་གིས་བྱ་བ་མེད་པའི་དོན་

གྱིས་ཐང་ཅིག་ཡུད་ཙམ་པ་གསང་བ་འདི་ལ་མོས་པ་ཙམ་གྱིས་གདོན་མི་ཟ་བར་དམ་པ་གསང་བ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ལང་ཀའི་བདག་པོ་འདི་ལ་གནས་པར་བྱའོ། །འདི་ལས་མི་འདའ་བར་བྱའོ། །དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་

པ་རྣམས་བློ་གྲོས་དམ་པའི་ངེས་པ་རྙེད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སྐྱེས་བུ་དམ་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་གང་གིས་ངེས་པ་རྙེད་པའི་གཏམ་

རྒྱུད་བརྗོད་པ་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་གསུམ་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་བཞི་པ་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་ཞེས་ལུང་

བསྟན་པ་ཡོངས་སུ་དྲི་བ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་གཏམ་དུ་བརྗོད་པའི་སྐབས་སུ་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་ཞེས་བཀོད་པ་དེ་ཇི་ལྟ་བ་ཞིག་ཏུ་ངེས་ཏེ་བྱུང་བ་ལགས། སྨྲས་པ། ལང་

ཀའི་བདག་པོ་གང་དམ་པ་དག་ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་དུ་སྣང་བའོ། །སྨྲས་པ། གསང་བ་པའི་བདག་པོ་སྐྱེས་བུ་དམ་པ་གང་དག་ཡོངས་སུ་ངེས་པ་རྙེད་དེ་སྙིང་པོ་བྱང་ཆུབ་ཏུ་གནས་པ་ན་ཐམས་ཅད་ནས་ཐམས་ཅད་དུ་ཇི་ལྟར་སྣང་།

เล่ม ๙๗ · หน้า 119b

གང་སྣང་བ་ཞིག་ན་ནི་མ་བྱུང་མ་སྐྱེས་པར་མི་རུང་བ་ཞིག །མི་སྣང་བ་ཞིག་ན་ནི་རྒྱུན་གྱི་ཡེ་ཤེས་དང་རྒྱུན་གྱི་སྙིང་རྗེ་འབྱུང་བར་མི་རུང་བ་ཞིག་ན་འདི་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་

བདག་པོ་དེ་ནི་འདི་ལྟ་སྟེ། སྙིང་པོ་བྱང་ཆུབ་ཇི་ལྟ་བ་ལ་སྐྱེས་བུ་དམ་པ་དེ་བཞིན་པ་ཉིད་དེ། སྙིང་པོ་བྱང་ཆུབ་གང་ཡིན་པ་དེ་ནི་སྐྱེས་བུ་དམ་པ་དེ་ཉིད་ལ་སྐྱེས་བུ་དམ་པ་གང་ཡིན་པ་དེ་ནི་སྙིང་པོ་བྱང་ཆུབ་ཉིད་དེ་སྐྱེས་བུ་དམ་པ་ཞེས་ནི་མ་མཐོང་ལ་སྙིང་པོ་བྱང་ཆུབ་ཅེས་ནི་མ་

དམིགས་སོ། །དྲིས་པ། གང་མ་མཐོང་མ་དམིགས་ན་ནི་དམ་པ་རྣམས་ཀྱིས་གསུངས་པ་ལྟར་ན་གང་དེ་ཉིད་མཐོང་བ་དེས་ཆོས་ཐམས་ཅད་མཐོང་ངོ་། །ཆོས་ཐམས་ཅད་མཐོང་བ་དེས་སྙིང་པོ་བྱང་ཆུབ་མཐོང་ངོ་ཞེས་གསུངས་པ་དང་། གང་དེ་ཁོ་ན་ཉིད་ངེས་པ་

རྙེད་པ་དེས་ངེས་པ་རྙེད་དོ་ཞེས་གསུངས་པ་ལས་འགལ་བར་གྱུར་ན་འདི་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། སྨྲས་པ། ཀྱེ་ལང་ཀའི་བདག་པོ་འདི་ལྟ་སྟེ། གཟུགས་སྣང་གང་མཐོང་རྫས་རྙེད་མིན། །མ་མཐོང་དེ་མཐོང་ཉིད་ངེས་པ། །བརྗོད་

མེད་གང་རིག་ཉམས་རྙེད་ལ། །མཐོང་རྙེད་ཐ་སྙད་ཙམ་དུ་བརྗོད། །རྣམ་དག་ལམ་ཆེན་དེ་ཉིད་དུ། །བྱུང་བའི་སྐྱེས་བུ་དམ་པ་དག །དོན་ཆེན་རབ་ཏུ་ངེས་རྙེད་དེ། །མི་དམིགས་པ་ཡི་ངང་ཉིད་ལ། །མི་གཡོ་མི་རྟོག་པ་ཡི་ཚེ། །མི་གནས་ཆོས་སྐུའི་ངོ་

བོ་ཉིད། །རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །མ་འདྲེས་ཡོངས་སུ་རྫོགས་པའི་དང་། །མི་སྐྱེ་མི་འགག་དེ་བཞིན་ཉིད། །སྨྲ་བསམ་བརྗོད་མེད་རྟོག་ལས་འདས། །སོ་སོ་རང་གི་སྤྱོད་ཡུལ་ཏེ། །དབུས་མཐར་མི་དམིགས་ཇི་བཞིན་ཉིད། །སྙིང་པོ་བྱང་ཆུབ་

ཀུན་ཡུམ་ལ། །མ་སྤྲོས་བདེ་བཞིན་ལྷན་ནེ་བའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་བྱང་ཆུབ་ཀྱི་སྙིང་པོ་དེ་ཁོ་ན་ཉིད་དེ་ཇི་ཙམ་ཞིག་ན་གནས་པར་འགྱུར། །མཚན་དང་རང་བཞིན་ཅི་ལགས། སྨྲས་པ། ལང་ཀའི་བདག་

เล่ม ๙๗ · หน้า 120a

པོ་ཀུན་དུ་མ་ངེས་ཏེ། དུས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཞག་དང་། ཉི་མ་དང་། ཐུན་དང་། ཐུན་ཕྱེད་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། དེ་མ་ཐག་པ་དང་། དེ་ཁོ་ན་ཉིད་པ་དང་། བསྐལ་པ་

དང་། བསྐལ་པ་ཚད་མེད་པས་སོ། །མཚན་ཉིད་དང་རང་བཞིན་མེད་པས་སོ། །མི་དམིགས་པའོ། །གོམས་པར་བྱས་པའོ། །ངེས་པར་བརྟགས་པའོ། །ཡོངས་སུ་སྤྱད་པའོ། །ཅིར་ཡང་སྣང་བའོ། །ཡིན་པར་ངེས་པའོ། །ཀུན་ནས་འབྱུང་

བའོ། །ཐམས་ཅད་འདུས་པའོ། །ཡོངས་ལ་ཁྱབ་པའོ། །ཡོང་གིས་སྐྱེ་བའོ། །རྣམ་པར་དག་པའོ། །གར་ཡང་མ་གྲུབ་པའོ། །ཁྱབ་པ་མེད་པ། མ་ཁྱབ་པ་མེད་པ། མཐོ་དམན་མེད་པ། ཆེ་ཆུང་མེད་པ། བཟང་ངན་མེད་པ། ཡངས་དོག་མེད་

པ། རྒྱུ་འབྲས་མེད་པ། ཕོ་མོ་མེད་པ། རིགས་རྒྱུད་མེད་པ། གཟུགས་མེད་པ། ལས་དང་རྣམ་སྨིན་མེད་པ། ཕྱི་ནང་མེད་པ། སྐྱེ་བ་མེད་པ། འཕོ་འགྱུར་མེད་པ། མུན་སྣང་མེད་པ། སྔ་ཕྱི་མེད་པ། མཐའ་དབུས་མེད་པ། བདག་གཞན་མེད་

པ། རྩོལ་སྒྲུབ་མེད་པ། བླང་དོར་མེད་པ། ངང་གིས་མ་བཅོས་པ། ཡོང་གིས་འོད་གསལ་བ། མ་བསླད་པ། མ་བྱུང་བ། མ་སྐྱེད་པ་ཡིན་ན། ལང་ཀའི་བདག་པོ་ཅི་མཚན་ཉིད་དང་རང་བཞིན་ཅི་ཞེས་འདྲི། བྱང་ཆུབ་ཀྱི་སྙིང་པོ་ནི་སྣང་བ་དང་

མི་སྣང་བ་ལས་འདས་ཏེ་མཚན་ཉིད་དང་རང་བཞིན་མི་དམིགས་སོ། །དེ་ལྟར་ན་ལང་ཀའི་བདག་པོ་གང་སྐྱེས་བུ་དམ་པ་དག་སྙིང་པོ་བྱང་ཆུབ་ཏུ་གནས་ཏེ་མི་དམིགས་པ་དེ་ལ་རྡོ་རྗེ་སེམས་དཔའ་སྟོང་པ་ཉིད་དེ་ཁོ་ན་ཉིད་དམ་པ་དེ་ལས་དེ་དག་བག་མ་པའི་

ཕྱིར་འདི་སྐད་ཅེས་འབྱུང་ངོ་། །ཀྱེ་སྐྱེས་བུ་དམ་པ་དག་གང་སྙིང་པོ་བྱང་ཆུབ་མཐོང་ངམ། སྐྱེས་བུ་དམ་པ་རྣམས་སྙིང་པོ་བྱང་ཆུབ་དེ་ཁོ་ན་ཉིད་དེ་ལས་འདི་སྐད་ཅེས་འབྱུང་ངོ་། །ཀྱེ་བཤེས་གཉེན་དམ་པ་བྱང་ཆུབ་ཀྱི་སྙིང་པོ་ནི་བདག་ཅག་གིས་མ་མཐོང་བར་

เล่ม ๙๗ · หน้า 120b

མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་མ་མཐོང་བར་མཐོང་། གསོལ་པ། བྱང་ཆུབ་ཀྱི་སྙིང་པོར་མ་མཐོང་བར་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་མཐོང་ལགས་སོ། །བཀའ་སྩལ་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་གང་ལ་བྱ། གསོལ་པ། བཤེས་

གཉེན་དམ་པ་བྱང་ཆུབ་ཀྱི་སྙིང་པོ་ནི་སངས་རྒྱས་ཀུན་གྱི་གསང་བ་དགོངས་པ་དམ་པ་ལ་བགྱིའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་དགོངས་པ་དམ་པ་ཞེས་གང་ལ་བྱ། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་ཁོ་ན་ཉིད་དོ། །བཀའ་

སྩལ་པ། ཅིའི་ཕྱིར་ཐམས་ཅད་ཀྱི་རང་བཞིན་ལ་གསང་སྔགས་ཞེས་བྱ། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་ནི་གང་གིས་ཀྱང་མི་མཐོང་། མི་རྟོགས། སྤྱོད་ཡུལ་དུ་མ་གྱུར། སྨྲར་མེད་པ། བརྗོད་པ་ལས་འདས་པ། བསམ་དུ་

མེད་པ། བསམ་གྱིས་མི་ཁྱབ་པ། བརྟག་པར་དཀའ་ཞིང་བསྟན་པར་དཀའ་བའི་ཕྱིར་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཐམས་ཅད་ཀྱི་རང་བཞིན་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་ཐམས་ཅད་ཀྱི་རང་བཞིན་ནི་བདག་ཅག་གིས་

མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་ཀྱིས་ཐམས་ཅད་ཀྱི་རང་བཞིན་མ་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་བདག་ཅག་གིས་

མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཇི་ལྟ་བུར་མཐོང་། གསོལ་པ་ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་མ་བཅོས། མ་བསླད། མ་བྱུང་། མ་སྐྱེས། ཇི་བཞིན་པ་དེ་ཁོ་ན་ཉིད་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །

བཀའ་སྩལ་པ། སངས་རྒྱས་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་

เล่ม ๙๗ · หน้า 121a

པ། ཇི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་དེ་བཞིན་ཉིད་དུ་སངས་རྒྱས་ཏེ་ཀུན་ལ་ཁྱབ་པའི་སླད་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སེམས་ཐམས་ཅད་མཐོང་ངམ། གསོལ་པ། མ་

མཐོང་ལེགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་མཐོང་། གསོལ་པ། ཐམས་ཅད་རྩ་བ་བྱང་

ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་བྱང་ཆུབ་ཀྱི་སྙིང་པོར་འདོད་དམ། གསོལ་པ། བཤེས་གཉེན་དམ་པ་ཡོངས་སུ་སྨིན་ཏོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འདོད། གསོལ་པ། གང་སྐྱེས་བུ་

དམ་པ་ཞེས་བགྱི་བ་ཉིད་དང་སེམས་ཅན་སེམས་ཅན་ཞེས་བགྱི་བ་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལས་མ་གཡོས་པའོ། །ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་མ་གཡོས་པའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་བྱང་ཆུབ་ཀྱི་སྙིང་པོ་གང་ནས་བཙལ། གསོལ་

པ། གང་ནས་ཀྱང་མི་ཚོལ་ལོ། །བཀའ་སྩལ་པ། ཅིའི་ཕྱིར་མི་ཚོལ། གསོལ་པ། ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཉིད་དེ་གང་ན་ཡང་མི་གནས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་བགྲོད་པར་

འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་འདོད་དོ། །བཀའ་སྩལ་པ། ཅིའི་ཕྱིར་བགྲོད་པར་མི་བྱེད། གསོལ་པ། སེམས་ཅན་གྱི་རིས་མཐའ་དག་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཉིད་ཀྱི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་

པ་མི་གཡོ་བ་ལ་མི་རྟོག་པ་ཉིད་དུ་གནས་སམ། གསོལ་པ། མི་རྟོག་པ་ལ་མི་འཇུག་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འཇུག །གསོལ་པ། བདག་ཉིད་མི་རྟོག་པས་ད་གདོད་མི་རྟོག་པ་ལ་འཇུག་མི་འཚལ་བའི་སླད་དུའོ། །གལ་ཏེ་

เล่ม ๙๗ · หน้า 121b

བདག་ཡེ་ནས་རྣམ་པར་མི་རྟོག་པ་མ་ལགས་ན་ནི་རྣམ་པར་མི་རྟོག་པ་ལ་བདག་འཇུག་པ་ཞིག་ན་ཐམས་ཅད་ཡེ་ནས་རྣམ་པར་མི་རྟོག་པའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་རྗེ་ཆེན་པོ་འབྱུང་བར་འདོད་དམ། གསོལ་པ། འབྱུང་བར་

མི་འདོད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འདོད། གསོལ་པ། ཀུན་དུ་མི་གཡོ་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་གཡོ། ཐམས་ཅད་སངས་རྒྱས་པ་ཉིད་ཁོ་ན་བས་སྙིང་རྗེའི་ཡུལ་མི་དམིགས་པའི་ཕྱིར་རོ། །བཀའ་སྩལ་པ། སྐྱེས་

བུ་དམ་པ་སེམས་ཅན་རྣམས་ཀྱི་དོན་ཆེད་དུ་སྤྱོད་དམ། གསོལ་པ། མི་སྤྱོད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་སྤྱོད། གསོལ་པ། ཐམས་ཅད་ཡེ་ནས་དེ་བཞིན་ཉིད་ཁོ་ནའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཆོས་ཀྱི་སྐུ་ལྷུན་གྱིས་གྲུབ་

པར་འདོད་དམ། གསོལ་པ། གྲུབ་པར་མི་འཚལ་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་གྲུབ་པར་མི་འདོད། གསོལ་པ། འདུས་པ་ལས་བྱུང་བའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པས་རྣམས་ཡོངས་སུ་བགྲོད་པར་འདོད་དམ། གསོལ་

པ། ཡོངས་སུ་བགྲོད་པར་མི་བགྱིད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་བགྲོད། གསོལ་པ། ཐམས་ཅད་སངས་རྒྱས་ཀྱིས་ལམ་བགྲོད་པར་ཕྱིན་པའི་ཕྱིར་རོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་པོ་བྱང་ཆུབ་དེ་དཔེ་གང་གིས་བསྟན།

གསོལ་པ། བཤེས་གཉེན་དམ་པ་མཐུན་པའི་དཔེ་ནི་གང་ཡང་མ་མཆིས་ཏེ། དཔེ་གང་གིས་ཀྱང་བསྒྲུན་དུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། དཔེ་མཚོན་དུ་མེད་དམ། གསོལ་པ། ཆུང་ཟད་དུ་མཐུན་པའི་དཔེ་གཟུང་ན་འདི་ལྟ་སྟེ། ནམ་

མཁའ་དང་། ཉི་མ་དང་། ནོར་བུ་རིན་པོ་ཆེ་དང་། རིན་པོ་ཆེ་གསེར་དང་། སྒྲོན་མ་དང་། དུག་འགྱུར་རྩི་དང་། གསེར་འགྱུར་རྩི་དང་། བཻཌཱུརྱ་དང་། རྒྱ་མཚོ་ཆེན་པོ་དང་། རྡོའི་སྙིང་པོ་དང་། རྩལ་གྱིས་ནོན་པ་དང་། ཡུལ་ལ་འཇུག་པ་དང་།

เล่ม ๙๗ · หน้า 122a

གསེར་རྡོ་རིན་པོ་ཆེ་དང་། མངོན་པར་སྤྲོ་བ་བསྐྱེད་པ་ལྟ་བུ་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པའི་སྙིང་པོ་བྱང་ཆུབ་དེ་མཚོན་པའི་མིང་ཇི་ལྟར་གྲགས། གསོལ་པ། བཤེས་གཉེན་དམ་པ་མིང་ནི་བླ་དགས་ཏེ། མིང་ལ་ངེས་པ་

གང་ཡང་མ་མཆིས་ལགས་སོ། །བཀའ་སྩལ་པ། མིང་གིས་མཚོན་དུ་མེད་དམ། གསོལ་པ། གང་ཡོངས་སུ་མི་དམིགས་པ་ལས་བརྗོད་པའི་དབང་དུ་མཚོན་ན་མིང་གི་རྣམ་གྲངས་སུ་བརྟགས་པ་ནི་ཐ་དད་པ་ཇི་ལྟར་བཏགས་པ་དེ་ལྟར་ཆགས་པར་གྲགས་

ཏེ་སྙིང་པོ་བྱང་ཆུབ་ཉིད་དང་། དེ་ཉིད་དང་། དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་དང་། ཇི་བཞིན་པ་དང་། མ་ནོར་བ་དང་། མ་བཅོས་པ་དང་། གཞན་མ་ཡིན་པ་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། བསམ་གྱིས་མི་ཁྱབ་པ་དང་། ཡང་དག་

པའི་མཐའ་དང་། གསང་སྔགས་དང་། གཟུངས་སྔགས་དང་། རིག་སྔགས་དང་། ཐེག་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་དག་སྙིང་པོ་བྱང་ཆུབ་དེ་ཇི་ལྟར་སྣང་། གསོལ་པ། སྙིང་པོ་བྱང་ཆུབ་དེ་སྐད་ཅིག་

ཀྱང་སྣང་བ་མི་སྲིད་ལགས་སོ། །བཀའ་སྩལ་པ། ཅི་གང་དུ་ཡང་མི་སྣང་ངམ། གསོལ་པ། ཇི་ལྟར་བལྟས་པ་དེ་ལྟར་སྣང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་ཡོངས་སུ་སྣང་། གསོལ་པ། འདི་ལྟ་སྟེ། ཀུན་དུ་ཁྱབ་པས་སྣང་བ་མེད་པ་ཉིད་དོ། །གར་

ཡང་མ་སྦས་མཐོང་བ་མེད་པ་ཉིད་དོ། །ཡེ་ནས་མ་བྲལ་ངོ་མ་ཤེས་པ་ཉིད་དོ། །བརྟགས་ན་མ་མཐོང་ཅིར་ཡང་སྣང་བ་ཉིད་དོ། །སྣ་ཚོགས་སྣང་ཡང་དངོས་པོ་མེད་པ་ཉིད་དོ། །བསྐལ་པར་འཁྱམས་ཀྱང་སྟོར་བྲལ་མེད་པ་ཉིད་དོ། །སྣ་ཚོགས་སྒོ་ཡང་འགྱུར་

བ་མེད་པ་ཉིད་དོ། །རྡུལ་ཆ་མེད་པར་སྣང་སྲིད་ཁྱབ་པ་ཉིད་དོ། །སྟོང་པ་ཉིད་ལས་སྣ་ཚོགས་འབྱུང་བ་ཉིད་དོ། །དངོས་གཞི་མེད་པར་ཅིར་ཡང་བཏགས་ཆགས་པ་ཉིད་དོ། །བརྩལ་གནས་མེད་པར་ཅི་བསྒྲུབས་འགྲུབ་པ་ཉིད་དོ། །གཟུགས་མཚན་མེད་

เล่ม ๙๗ · หน้า 122b

པར་ཅིར་བལྟས་སྣང་བ་ཉིད་དོ། །ཅི་ཡང་མེད་པར་ཅིར་ཡང་རིག་པ་ཉིད་དོ། །ཁྱབ་བདལ་འུབ་ཆུབ་གཅིག་མཐའ་ཡས་པ་ཉིད་དོ། །ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པ་ཉིད་དོ། །ཕྱི་དང་ནང་མེད་ཀུན་དུ་ནང་ཉིད་དོ། །མཐའ་ཡས་བྱུང་ཡང་ཟད་པ་མེད་པ་

ཉིད་དོ། །མ་བཟུང་མ་བརྟགས་གང་དུ་ཆགས་པ་ཉིད་དོ། །གདོས་པ་མེད་པར་རྟག་པར་ལྟུང་བ་ཉིད་དོ། །འདེགས་པ་མེད་པར་ནམ་མཁའ་ལ་འགྲོ་བ་ཉིད་དོ། །ཡན་ལག་མེད་པར་ས་རྣམས་བགྲོད་པ་ཉིད་དོ། །གར་ཡང་མ་གཡོས་ཀུན་དུ་

ཕྱིན་པ་ཉིད་དོ། །བསྐྱོད་པ་མེད་པར་ཐོགས་མེད་མྱུར་བ་ཉིད་དོ། །ཐ་དད་སྤྲོས་ཀྱང་གཅིག་ལས་མ་གཡོས་པ་ཉིད་དོ། །གཅིག་ལས་མ་གཡོས་སྣ་ཚོགས་སྣང་བ་ཉིད་དོ། །ཐམས་ཅད་འཇུག་པས་ལམ་ཉིད་དོ། །གང་ཡང་མ་སྤངས་པས་

འཁོར་བ་ཉིད་དོ། །མི་ཤེས་འཁྲུལ་པས་སེམས་ཅན་ཉིད་དོ། །ཆུ་བོ་བཞི་སྒྲོལ་བས་གྲུ་ཉིད་དོ། །རྣམ་པར་བསྐྱོད་པས་བགྲོད་པའོ། །དམིགས་པ་མེད་པས་བྱང་ཆུབ་བོ། །རྣམ་པ་སྣ་ཚོགས་པས་སེམས་ཉིད་དོ། །ཀུན་ལ་མཁས་པས་

ཤེས་རབ་བོ། །ཐམས་ཅད་གསལ་བས་ཏིང་ངེ་འཛིན་ནོ། །མ་བགྲོད་པར་ཕྱིན་པས་གནས་ཉིད་དོ། །ཟླ་མེད་པས་རབ་ཉིད་དོ། །ངོ་མཚར་བས་མཆོག་ཉིད་དོ། །རྣམ་པར་འཕགས་པས་ཕུལ་ཉིད་དོ། །དབང་དང་གཉེན་པོ་མེད་པས་བླ་ན་

མེད་པ་ཉིད་དོ། །གཏིང་མི་རྙེད་པས་ཟབ་པ་ཉིད་དོ། །དཔག་ཏུ་མེད་པས་ན་གསང་བ་ཉིད་དོ། །ཕྲ་བས་ན་མི་གསལ་བ་ཉིད་དོ། །ཐམས་ཅད་འབྱུང་བས་ཆོས་སོ། །མི་འགྱུར་བས་དེ་ཁོ་ན་ཉིད་དོ། །གོ་འཕང་ཉིད་པས་བྱང་ཆུབ་སེམས་དཔའོ། །

རྒྱུན་སངས་རྒྱས་ཁྱབ་པས་སངས་རྒྱས་ཉིད་དོ། །གཞིར་གྱུར་པས་རྩ་བ་ཉིད་དོ། །ཐམས་ཅད་བསྐྱེད་པས་ཡུམ་ཉིད་དོ། །དེ་ལས་བྱུང་བས་ཡབ་ཉིད་དོ། །གདུང་རྒྱུད་འཛིན་པས་སྲས་ཉིད་དོ། །རང་བྱུང་བ་ཉིད་པས་དབང་བདག་ཉིད་དོ། །དེ་

เล่ม ๙๗ · หน้า 123a

བཞིན་ཉིད་པས་གདུང་ཆེན་པོ་ཉིད་དོ། །འདའ་བར་དཀའ་བས་ཐུགས་དམ་ཆེན་པོ་ཉིད་དོ། །རྣམ་པར་འཚོ་བས་སྲོག་ཉིད་དོ། །ཟད་མི་ཤེས་པས་གཏེར་ཆེན་པོ་ཉིད་དོ། །འདོད་པ་བསྒྲུབ་པས་ནོར་ཉིད་དོ། །རྒྱུན་གྱི་སྙིང་རྗེས་

ཀུན་གྱི་བྱ་བ་བྱེད་བས་བྲན་ཉིད་དོ། །རྣམ་པར་བརྗིད་པས་སྐུ་ཉིད་དོ། །སྨྲ་བརྗོད་བྱུང་བས་གསུང་ཉིད་དོ། །ཐམས་ཅད་མཁྱེན་པས་ཐུགས་ཉིད་དོ། །འདོད་དགུ་འབྱུང་བས་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ཕྲིན་ལས་ཉིད་དོ། །ཡུལ་ལ་བགྲོད་པས་

འདོད་པ་ཉིད་དོ། །དེ་ཉིད་ལ་སྤྱོད་པས་ལོངས་སྤྱོད་ཆེན་པོ་ཉིད་དོ། །རྒྱུར་གྱུར་པས་ཡོ་བྱད་ཆེན་པོའོ། །དགོངས་པ་ཚང་བས་ཚོགས་ཆེན་པོའོ། །བྱ་བརྩལ་མེད་པས་དོན་ཐམས་ཅད་གྲུབ་པའོ། །སྣ་ཚོགས་འཕྲུལ་བས་ཆོ་འཕྲུལ་ཉིད་དོ། །མཚན་

མར་བྱུང་བས་ཕྱག་རྒྱ་ཉིད་དོ། །གཞན་ནས་མི་ཚོལ་བས་བསྙེན་པ་ཉིད་དོ། །རང་ལས་བྱུང་བས་ཉེ་བའི་བསྙེན་པ་ཉིད་དོ། །སྙིང་པོ་ཉིད་པས་བསྒྲུབ་པའོ། །འབྲས་བུ་ཉིད་པས་སྒྲུབ་པ་ཆེན་པོའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་དག་བྱང་ཆུབ་ཀྱི་

སྙིང་པོ་དེ་ཇི་ལྟར་སྒྲུབ། གསོལ་པ། སྒྲུབ་ཏུ་མ་མཆིས་ལགས་སོ། །བཀའ་སྩལ་པ། ཇི་ལྟར་སྒྲུབ་ཏུ་མེད། གསོལ་པ། ཡེ་ནས་གྲུབ་པ་ཉིད་ཀྱི་སླད་དུའོ། །བཀའ་སྩལ་པ། ཡེ་ནས་ཇི་ལྟར་གྲུབ། གསོལ་པ། གཞན་ནས་མི་འབྱུང་བ་དང་།

རང་ལས་འབྱུང་བ་དང་། བྱ་བ་རྩལ་མེད་པ་དང་། རང་བྱུང་བའི་ཕྱིར་ཡེ་ཉམས་སུ་ལོན་པ་ཉིད་དུ་ངེས་པའོ་ཞེས་དེ་ལྟ་དེ་ལྟར་སྟོང་པ་ཉིད་ལས་སྒྲ་བྱུང་བས་དེ་ཁོ་ན་ཉིད་དེ་ཁོ་ན་ཉིད་དུ་ངེས་པར་ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་ལས་མ་

གཏོགས་པ་གང་དུ་ཡང་མེད་དོ། །ལང་ཀའི་བདག་པོ་དེ་ལྟར་སྐྱེས་བུ་དམ་པས་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་དག་མི་གཡོ་བའི་ངང་ལ་མི་རྟོག་པ་ཉིད་དུ་ཞི་བར་ལྷན་པར་གནས་པ་དེའི་ཚེ་དེའི་དུས་ན་དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ་འགྲེལ་པ་ཡེ་

เล่ม ๙๗ · หน้า 123b

ཤེས་ཀྱི་ཉི་མ་བདལ་ཏེ་ཐམས་ཅད་དེ་ཁོ་ན་ཉིད་ངེས་པ་ཉིད་དུ་འགྲེལ་ཏོ། །དེའི་ཚེ་དེའི་དུས་ན་གསང་སྔགས་འབྱུང་བའི་རྒྱུ་གདུལ་བྱ་ཁྱད་པར་དུ་བྱུང་བ་འཇིག་རྟེན་གསུམ་སྲེག་པར་བྱེད་པ། ཁྲོ་བོའི་ཚུལ་ཅན་གདུལ་བྱའི་དུས་ལ་ངེས་པར་བབ་པའི་ཚེ་ཕྱོགས་

དུས་ཀུན་གྱི་སངས་རྒྱས་ཐམས་ཅད་སྙིང་པོ་བྱང་ཆུབ་གང་ན་བར་འདུས་ནས་སྐྱེས་བུ་དམ་པ་དག་ལ་ལ་ནི་བྱང་ཆུབ་ཆེན་པོར་རྣམ་པར་བསྐུལ། ལ་ལ་ནི་ཆོ་འཕྲུལ་ཆེན་པོར་རྣམ་པར་བསྐུལ། ལ་ལ་ནི་ཆོ་ག་རྫོགས་པར་བསྐུལ། ལ་ལ་ནི་ཏིང་ངེ་འཛིན་གྱིས་

བསྐུལ། །ལ་ལ་ནི་རྣམ་པར་གྲོལ་བའི་རིག་པས་བསྐུལ་ཏེ། དེས་གང་སྟོང་པ་ཉིད་གང་ན་བ་ལས་ལངས་ཏེ་རྫོགས་ལོངས་སྤྱོད་པ་དང་། རྣམ་པར་སྤྲུལ་པ་རྣམ་པར་བཀོད་པ་ནི་ཇི་ལྟ་ཇི་ལྟར་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ངེས་པའི་རྣམ་པར་འཕྲུལ་པ་སྒྲོན་

མ་ཡོངས་སུ་བཀོད་པ་ལྟར་སྣང་ངོ་། །འདི་ལྟར་ཡོངས་སུ་དག་པ་བརྟགས་པའི་སངས་རྒྱས་བརྗོད་པ་ལས་འདས་པ་ཐ་དད་པ་དག་ཞིང་ཁམས་ཐ་དད་པར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐ་དད་པ་དག་ལྷ་གནས་གསུམ་ཐ་དད་པར་རྫོགས་ལོངས་སྤྱོད་པ་དང་།

རྒྱལ་ཚབ་ཆོས་ཀྱི་རྒྱལ་པོ་དང་། སྤྲུལ་པ་བརྒྱ་བྱིན་ལྷའི་བླ་མ་ཐ་དད་པ་དང་། ཐ་མའི་དུས་ཐ་དད་པར་ཆོ་འཕྲུལ་ཐ་དད་པར་སྣང་བ་དང་། ཡུམ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྷུམས་ཐ་དད་པ་ན་གསང་བའི་སྐུ་ཐ་དད་པར་སྣང་བ་དང་། ཞིང་ཁམས་

ཐ་དད་པ་ན་སྤྲུལ་པའི་སྒྲོན་མ་ཐ་དད་པར་སྣང་བ་དང་། ཐུགས་སྙིང་པོ་བྱང་ཆུབ་ན་མི་གཡོ་བ་དང་། སྐུ་ཐ་དད་འཇིག་རྟེན་ཐ་དད་ན་བསམ་གཏན་ལ་སྙོམས་པར་ཞུགས་ཏེ་མཛད་པ་མཐར་ཕྱིན་པ་དང་། རྡོ་རྗེ་གདན་ཐ་དད་པ་ལ་གཤེགས་ཏེ་ཐ་དད་པའི་

བདུད་བཏུལ་ཏེ་འཁོར་ལོ་ཡོངས་སུ་བསྐོར་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་འབའ་ཞིག་གོ། །དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་གསང་བ་དམ་པ་དེ་ཁོ་ན་ཉིད་

เล่ม ๙๗ · หน้า 124a

དུ་ངེས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ལེའུ་སྟེ་བཅྭ་ལྔ་བའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་

པའི་གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བཞི་པའོ།། །།བམ་པོ་གསུམ་པ་ཟུག་པ། དེ་ནས་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་ལྔ་པ་

དགོངས་པ་ངེས་པར་འགྲེལ་པ་ན་ཡང་བྱུང་ཞེས་འབྱུང་བ་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པ་བས་ལུང་བསྟན་པ་གཏམ་དུ་བརྗོད་པའི་སྐབས་སུ་དགོངས་པ་ངེས་པར་འགྲེལ་པ་

ན་ཡང་བྱུང་ཞེས་བཀོད་པ་དེ་ཇི་ལྟ་བ་བཞིན་དུ་དགོངས་པ་ངེས་པར་འགྲེལ་པ་ཞིག་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་གང་སྐྱེས་བུ་དམ་པ་ཉིད་དུ་ངེས་པ་དེ་དག་སྙིང་པོ་བྱང་ཆུབ་ལ་དགོངས་པ་དེའི་ཚེ་དེའི་དུས་ཉིད་ལ་བྱའོ། །སྨྲས་པ། གསང་

བ་པའི་བདག་པོ་གང་སྐྱེས་བུ་དམ་པ་དམ་པ་ཉིད་དུ་ངེས་པ་དེ་དག་སྙིང་པོ་བྱང་ཆུབ་ལ་ཇི་ལྟར་དགོངས། དེ་གང་གི་ཚིག་བླ་དགས་ལགས། སྨྲས་པ། ལང་ཀའི་བདག་པོ་སྙིང་པོ་ནི་རྩ་བ་ལ་བྱའོ། །བྱང་ཆུབ་ནི་རང་བཞིན་ལ་བྱའོ། །དགོངས་པ་ནི་ཆོས་ཉིད་

ལ་བྱའོ། །ངེས་པ་ནི་མ་ནོར་བ་ལ་བྱའོ། །འགྲེལ་པ་ནི་ཡེ་ཤེས་ལ་བྱའོ། །དེ་ནི་ཇི་བཞིན་པ་དང་དེ་བཞིན་པའི་ཚིག་བླ་དགས་སོ། །གསོལ་པ། གསང་བ་པའི་བདག་པོ་དེས་ཡེ་ཤེས་དེ་ཇི་ལྟར་འགྲེལ་པ་ལགས། སྨྲས་པ། ལང་ཀའི་བདག་པོ་མ་

འདྲེས་པ་དང་ཡོངས་སུ་རྫོགས་པར་འགྲེལ་ཏོ། །དྲིས་པ་གསང་བ་པའི་བདག་པོ་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། སྨྲས་པ། ལང་ཀའི་བདག་པོ་ཞི་གནས་དང་ལྷག་མཐོང་དེ་ཉིད་དེ་ཐམས་ཅད་སྐྱེ་བ་བཞིར་འདུས་ཤིང་སྐྱེ་བ་བཞིར་འགྲེལ་པ་ནི་འདི་ལྟ་

เล่ม ๙๗ · หน้า 124b

སྟེ། དེ་བཞིན་གཤེགས་པ་ནི་གང་ཅི་ཡང་རུང་། དགོངས་པ་དང་། གསུང་བ་དང་། མཛད་པ་ཐམས་ཅད་གང་ལ་ཡང་དགོངས་པ་ཅན་ཏེ་དེ་ནི་འདི་ལྟར་ཆོས་ཐམས་ཅད་ཆོ་འཕྲུལ་བཞིར་འདུས་པར་དགོངས་སོ། །ལང་ཀའི་བདག་པོ་བཞི་གང་ཞེ་ན་འདི་ལྟ་སྟེ།

ཆོས་གང་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ནི་ལས་ཀྱི་རྫུ་འཕྲུལ་འབྱུང་བ་ལས་སྐྱེ་བའི་ཆོ་འཕྲུལ་དང་། བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་

འཕྲུལ་ལོ། །ལང་ཀའི་བདག་པོ་དེ་ལ་ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། གང་སྐྱེ་བ་རྣམ་བཞིར་སྣང་བ་ཐམས་ཅད་དོ། །ལང་ཀའི་བདག་པོ་བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་གང་ཞེ་ན་འདི་ལྟ་སྟེ། གང་བསམ་གཏན་

གྱི་མུ་བཞི་ལས་སྐྱེ་བ་ཐམས་ཅད་དོ། །ལང་ཀའི་བདག་པོ་ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་གང་ཞེ་ན་འདི་ལྟ་སྟེ། གང་རང་བཞིན་གྱི་ཆོ་འཕྲུལ་བཞིར་སྣང་བ་ཐམས་ཅད་དོ། །ལང་ཀའི་བདག་པོ་སྙིང་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་

འཕྲུལ་གང་ཞེ་ན། འདི་ལྟ་སྟེ། གང་ཆོ་འཕྲུལ་བཞིར་སྣང་བ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་བཞིར་སྣང་བ་ཐམས་ཅད་དོ། །ལང་ཀའི་

བདག་པོ་དེ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་འདི་ལྟ་སྟེ། གང་སྣང་བར་མཛད་པའི་ཆོ་འཕྲུལ་དང་། གང་དུ་རྣམ་པར་སྒྱུར་བའི་ཆོ་འཕྲུལ་ལོ། །ལང་ཀའི་བདག་པོ་གང་སྣང་བར་མཛད་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། གང་ལ་མཚོན་པས་འདུལ་བ་ལ་དགོངས་

པའི་ཆོ་འཕྲུལ་དང་། གང་གི་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་དང་། གང་གི་གྱུར་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་དང་། གང་ཐེག་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་དང་། གང་ལྟར་མཛེས་པས་འདུལ་བ་ལ་

เล่ม ๙๗ · หน้า 125a

དགོངས་པའི་ཆོ་འཕྲུལ་ལོ། །ལང་ཀའི་བདག་པོ་དེ་ལ་གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། མ་བཅོས་པས་འདུལ་བ་ལ་དགོངས་པ་དང་། བསྒྱུར་བས་འདུལ་བ་ལ་དགོངས་པའོ། །ལང་ཀའི་བདག་

པོ་དེ་ལ་མ་བཅོས་པས་འདུལ་བ་ལ་དགོངས་པ་ནི་དུང་ལྟ་བུ་དང་། ཀུ་མུད་ལྟ་བུ་དང་། ཟླ་བ་ལྟ་བུ་དང་། ཉི་མ་ལྟ་བུའོ། །ལང་ཀའི་བདག་པོ་བསྒྱུར་བས་འདུལ་བ་ལ་དགོངས་པ་ནི་འདི་ལྟ་སྟེ། བཻཌཱུརྱ་ལྟ་བུ་དང་། ཀང་ཀ་རི་ལྟ་བུ་དང་། ལེ་བརྒན་

ལྟ་བུ་དང་། གསེར་སྦྱངས་ལྟ་བུ་དང་། སྣ་ཚོགས་ལྟ་བུའོ། །ལང་ཀའི་བདག་པོ་གང་གི་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། གང་བྱུང་བ་དང་། གང་སྣང་བ་དང་། གང་ལྟར་འགྱུར་བའོ། །ལང་ཀའི་བདག་པོ་དེ་ལ་

གང་བྱུང་བ་ནི་གཉིས་སམ་དྲུག་ལ་དགོངས་པའོ། །དེ་བཞིན་དུ་གང་སྣང་བ་ཡང་དེ་ལ་དགོངས་པའོ། །ལང་ཀའི་བདག་པོ་གང་ལྟར་འགྱུར་བ་ནི་འདི་ལྟ་སྟེ། མ་བཅོས་པ་དང་། མི་འདའ་བ་དང་། མ་ངེས་པ་དང་། འབྲེལ་པ་དག་གོ། །ལང་ཀའི་

བདག་པོ་མ་བཅོས་པ་ནི་འདི་ལྟ་སྟེ། མ་སྐྱེས་པ་དང་། མ་འགགས་པའོ། །དེ་ལ་མ་འགགས་པ་ནི་གང་ཞེ་ན་འདི་ལྟ་སྟེ། ཡུལ་དང་། མཚོན་པ་དང་། མཚན་མ་དང་། ཉེ་བར་བརྟགས་པའོ། །ལང་ཀའི་བདག་པོ་མི་འདའ་བ་ནི་འདི་ལྟ་སྟེ། ཟིན་

པ་དང་། མཛད་པ་དང་། མི་སྐྱོར་བའོ། །ལང་ཀའི་བདག་པོ་མ་ངེས་པ་གང་ཞེ་ན་འདི་ལྟ་སྟེ། འདུལ་བའི་དབང་གི་ཕྱིར་མཐའ་ཡས་ཐ་དད་པར་སྣང་བའོ། །ལང་ཀའི་བདག་པོ་འབྲེལ་པ་གང་ཞེ་ན་འདི་ལྟ་སྟེ། དམ་པར་འབྲེལ་བར་དགོངས་པ་དང་། ལས་

སུ་འབྲེལ་པར་དགོངས་པའོ། །ལང་ཀའི་བདག་པོ་གང་གི་གྱུར་པས་འདུལ་བར་དགོངས་པའི་ཆོ་འཕྲུལ་གང་ཞེ་ན་འདི་ལྟ་སྟེ། ཐབས་དང་། གནས་དང་། ཚུལ་ཉིད་དོ། །ལང་ཀའི་བདག་པོ་ཐབས་གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ལ་དགོངས་པ་དང་།

เล่ม ๙๗ · หน้า 125b

ཁྱད་པར་ལ་དགོངས་པའོ། །ལང་ཀའི་བདག་པོ་གནས་གང་ཞེ་ན་འདི་ལྟ་སྟེ། ཕྱི་དང་ནང་མེད་ཀུན་དུ་ཡང་ནང་དུ་གྱུར་པའོ། །ལང་ཀའི་བདག་པོ་ཚུལ་གང་ཞེ་ན་འདི་ལྟ་སྟེ། བཞུགས་པའི་ཚུལ་དང་། བཞེངས་པའི་ཚུལ་དང་། གཤེགས་པའི་ཚུལ་དང་།

གཟིགས་པའི་ཚུལ་དང་། མཉེན་པའི་ཚུལ་དང་། ལྕུག་པའི་ཚུལ་དང་། འཁྲིལ་བའི་ཚུལ་དང་། ལྡེམ་པའི་ཚུལ་དང་། གཞོན་ནུའི་ཚུལ་དང་། གསལ་བའི་ཚུལ་དང་། འཚེར་བའི་ཚུལ་དང་། ལྷུན་སྡུག་པའི་ཚུལ་དང་། གཟི་བྱིན་འབར་བའི་ཚུལ་དང་།

འཁྱུག་པའི་ཚུལ་དང་། དགོངས་པའི་ཚུལ་དང་། བརྟན་པའི་ཚུལ་དང་། རྟེན་པའི་ཚུལ་དང་། འཕྱོ་བའི་ཚུལ་དང་། བདུད་པའི་ཚུལ་དང་། ཅམ་མེ་བའི་ཚུལ་དང་། མ་ལེ་བའི་ཚུལ་དང་། ལྷན་ནེ་པའི་ཚུལ་དང་། སལ་ལེ་བའི་ཚུལ་ལོ། །ལང་ཀའི་བདག་

པོ་གང་ཐེག་པས་འདུལ་བར་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སའི་ཁྱད་པར་བགྲོད་པ་དང་། ཡོན་ཏན་གྱི་ཆེ་བ་བཅོམ་པའོ། །ལང་ཀའི་བདག་པོ་གང་ལྟར་མཛེས་པས་འདུལ་བར་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་

སྟེ། ཆོས་རྣམ་པར་འབྱེད་པ་དང་། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། དྲན་པ་དང་། བཏང་སྙོམས་དང་། བརྩོན་འགྲུས་ཀྱིས་མཛེས་པའི་ཕྱིར་རྒྱན་ཆེན་པོས་རྣམ་པར་བཀོད་པར་དགོངས་པའོ། །ལང་ཀའི་བདག་པོ་གཞན་ཡང་སྐུ་

དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་ཀྱིས་བསྒྱིངས་པའི་ཕྱིར་ཆ་ལུགས་ཆེན་པོས་བརྗིད་པར་དགོངས་པའོ། །ལང་ཀའི་བདག་པོ་གཞན་ཡང་མཚན་གྱི་མེ་ཏོག་གིས་མཛེས་ཤིང་དཔེ་བྱད་ཀྱི་འབྲུས་སྤྲས་པའི་ཕྱིར་སྲས་ཀྱི་

ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ལང་ཀའི་བདག་པོ་གཞན་ཡང་ཏིང་ངེ་འཛིན་དང་། རྩོལ་བ་དང་། ངག་དང་། རྟོག་པ་དང་། ལས་ཀྱི་མཐའ་དང་། ལྟ་བ་དང་། འཚོ་བ་དང་དྲན་པས་འཁྱིལ་བའི་ཕྱིར་བཀྲ་ཤིས་འཁྱིལ་པས་འབར་བར་དགོངས་

เล่ม ๙๗ · หน้า 126a

པའོ། །ལང་ཀའི་བདག་པོ་དེ་དག་ནི་གང་སྣང་བར་མཛད་པའི་ཆོ་འཕྲུལ་ཞེས་བྱ་སྟེ། དེ་དག་ནི་དེ་ཁོ་ན་ཉིད་དུ་སོ་སོར་མ་འདྲེས་པར་གཅིག་ཏུ་ཡོངས་སུ་འགྲེལ་ཏོ། །གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་

སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་ཆོ་འཕྲུལ་གྱི་རྣམ་པར་སྣང་བ་ཙམ་དུ་མཐོང་བར་གྱུར་ཏོ། །དེ་ནས་ཡང་གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་དུ་རྣམ་པར་བསྒྱུར་བའི་ཆོ་འཕྲུལ་ནི་འདི་ལྟ་སྟེ།

རྣམ་པར་རྟོག་པའི་རི་བོ་བཅུའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱོར་བའི་རྟོག་པ་དང་། ཞེན་པའི་རྟོག་པ་དང་། དངོས་གཞིའི་རྟོག་པ་དང་། སྐྱེད་པའི་རྟོག་པ་དང་། རྐྱེན་གྱི་རྟོག་པ་དང་། ལས་ཀྱི་རྟོག་པ་དང་། མཚན་མའི་རྟོག་པ་དང་། མངོན་

པའི་རྟོག་པ་དང་། སྤྱོད་པའི་རྟོག་པ་དང་། རྟགས་ཀྱི་རྟོག་པའོ། །ལང་ཀའི་བདག་པོ་རྩ་བའི་རྟོག་པ་འདི་བཅུ་ལས་རྟོག་པའི་རི་བོ་དགུ་བཅུའམ། བརྒྱད་ཅུ་རྩ་གཅིག་གིས་རྣལ་འབྱོར་གྱི་ལམ་དམ་པ་རྣམ་པར་བཅད་པས་བགྲོད་པར་དཀའ་བའི་ཕྱིར་

ཡོངས་སུ་སྦྱང་བར་བྱ་བ་ལ་བརྩོན་པར་བྱའོ། །ལང་ཀའི་བདག་པོ་དགུ་གང་ཞེ་ན། འདི་ལྟ་སྟེ། མིང་གི་རྟོག་པ་དང་། མཚན་མའི་རྟོག་པ་དང་། བརྡའི་རྟོག་པ་དང་། ཐ་སྙད་ཀྱི་རྟོག་པ་དང་། ཡོད་པའི་རྟོག་པ་དང་། མེད་པའི་རྟོག་པ་དང་། ཐེ་ཚོམ་

གྱི་རྟོག་པ་དང་། ངེས་པ་འཇོག་པའི་རྟོག་པ་དང་། དཔྱོད་པའི་རྟོག་པ་སྟེ། འདི་དག་ནི་རྣམ་པ་བཅུར་འགྱུར་བའི་རྒྱུར་གྱུར་པས་རི་བོ་བཅུ་དགུ་པའོ། །ལང་ཀའི་བདག་པོ་བཅྭ་བརྒྱད་པ་དང་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གསུམ་གསུམ་དུ་གསུམ། ལྔ་

གསུམ་དུ་བཞི། བཞི་གཅིག་ཏུ་ལྔ། དྲུག་གཅིག་ཏུ་དྲུག །གསུམ་གཅིག་ཏུ་བདུན། ལྔ་གཉིས་དང་དྲུག་གཅིག་ཏུ་བརྒྱད། བཅུ་གཉིས་གཅིག་ཏུ་དགུ། བདུན་གཅིག་ཏུ་བཅུ་སྟེ། དེ་ལྟར་སྤྱིར་བཅྭ་བརྒྱད་དེ། བརྟགས་པ་ནི་རྟོག་པ་གཅིག་

เล่ม ๙๗ · หน้า 126b

པའོ། །ལང་ཀའི་བདག་པོ་དེ་ལ་སྦྱོར་བའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། མི་རྟོག་པ་དང་། མ་རྨོངས་པ་དང་། མི་འགོག་པའོ། །ལང་ཀའི་བདག་པོ་ཞེན་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། མི་དམིགས་པ་དང་། མ་གྲུབ་པ་དང་། མ་སྐྱེས་པའོ། །

ལང་ཀའི་བདག་པོ་དངོས་གཞིའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། རྒྱུ་གཅིག་པ་དང་། སྤྱོད་པ་གཅིག་པ་དང་། རང་བཞིན་གཅིག་པའོ། །ལང་ཀའི་བདག་པོ་སྐྱེད་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། གང་གྱུར་པ་དང་། གང་ལ་གྱུར་པ་དང་། གང་གི་ཕྱིར་གྱུར་

པ་དང་། གང་གིས་གྱུར་པའོ། །ལང་ཀའི་བདག་པོ་གང་གྱུར་པ་ནི་འདི་ལྟ་སྟེ། ངང་གིས་གྱུར་པ་དང་། ཤུགས་ཀྱིས་གྱུར་པ་དང་། གྱུར་པ་དང་བཅས་པ་དང་། གྱུར་པར་བཅོས་པའོ། །ལང་ཀའི་བདག་པོ་གང་ལ་གྱུར་པ་ནི་འདི་ལྟ་སྟེ། ཡུལ་ལ་གྱུར་པ་

དང་། གནས་ལ་གྱུར་པ་དང་། གྱུར་པའི་ལས་དང་། གྱུར་པའི་འབྲས་བུའོ། །ལང་ཀའི་བདག་པོ་གང་གི་ཕྱིར་གྱུར་པ་ནི་འདི་ལྟ་སྟེ། རྒྱུའི་ཕྱིར་གྱུར་པ་དང་། འབྲས་བུའི་ཕྱིར་གྱུར་པའོ། །ལང་ཀའི་བདག་པོ་གང་གིས་གྱུར་པ་ནི་འདི་ལྟ་སྟེ། རྒྱུ་ཡིས་གྱུར་

པ་དང་། གནས་ཀྱིས་གྱུར་པ་དང་། ཐབས་ཀྱིས་གྱུར་པ་དང་། ལས་ཀྱིས་གྱུར་པ་དང་། འབྲས་བུས་གྱུར་པའོ། །ལང་ཀའི་བདག་པོ་རྐྱེན་གྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། བརྫིས་པ་དང་། བཤིག་པ་དང་། ཟ་བ་དང་། སྟོབས་པའོ། །ལང་ཀའི་

བདག་པོ་ལས་ཀྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྡུད་པའི་ལས་དང་། བདེ་བའི་ལས་དང་། སྣང་བའི་ལས་དང་། མཐའ་ཡས་པའི་ལས་དང་། ཐོགས་པ་མེད་པའི་ལས་དང་། མི་སྐྱོར་བའི་ལས་སོ། །ལང་ཀའི་བདག་པོ་མཚན་མའི་རྟོག་པ་གང་ཞེ་ན།

འདི་ལྟ་སྟེ། མི་འདའ་བ་དང་། རོལ་པ་དང་། ཆེ་བའོ། །ལང་ཀའི་བདག་པོ་དེ་ལ་མི་འདའ་བ་གང་ཞེ་ན། འདི་ལྟ་སྟེ། གདུལ་བྱ་ལས་མི་འདའ་བ་དང་། རང་བཞིན་ལས་མི་འདའ་བ་དང་། ཤེས་རབ་ལས་མི་འདའ་བ་དང་། ཐབས་ལས་མི་འདའ་བ་དང་།

เล่ม ๙๗ · หน้า 127a

ཐུགས་དམ་ལས་མི་འདའ་བ་དང་། ཐུགས་རྗེ་ལས་མི་འདའ་བ་དང་། དམ་པ་ལས་མི་འདའ་བ་དང་། ཕྲིན་ལས་ལས་མི་འདའ་བ་དང་། ཡེ་ཤེས་ལས་མི་འདའ་བ་དང་། ཆོས་ཉིད་ལས་མི་འདའ་བ་དང་། དགོངས་པ་ལས་མི་འདའ་བ་འདའ་བའོ། །

ལང་ཀའི་བདག་པོ་རོལ་པ་གང་ཞེ་ན། འདི་ལྟ་སྟེ། གྲུབ་པ་དང་། མཛད་པའོ། །གྲུབ་པ་གང་ཞེ་ན། འདི་ལྟ་སྟེ། མ་སྐྱེས་པ་དང་། མ་རྨོངས་པ་དང་། མི་གཡོ་བ་དང་། མ་འགགས་པ་དང་། མ་ཆགས་པ་དང་། མ་བཅིངས་པ་དང་། མི་སྐྱོར་

པ་དང་། མི་ཐོགས་པ་དང་། མ་ལུས་པ་དང་། མི་བགྲོད་པའོ། །ལང་ཀའི་བདག་པོ་མཛད་པ་གང་ཞེ་ན། འདི་ལྟ་སྟེ། གདུལ་བྱའི་གཟིགས་པར་མཛད་པ་དང་། སྤྲུལ་པ་འགྱེད་པར་མཛད་པ་དང་། ཅི་གསོལ་གསན་པར་མཛད་པ་དང་། མགོན་སྐྱབས་

དམ་པར་མཛད་པ་དང་། དུག་ཆེན་ཟད་པར་མཛད་པ་དང་། ཐེག་མཆོག་སྟོན་པར་མཛད་པ་དང་། སྐྱེ་བཞི་གཅོད་པར་མཛད་པ་དང་། རྒྱུད་དྲུག་འདོན་པར་མཛད་པ་དང་། མཐའ་དྲུག་རྫོགས་པར་མཛད་པ་དང་། ལས་བཞེས་སྒྲོལ་བར་མཛད་པའོ། །ལང་ཀའི་

བདག་པོ་ཆེ་བ་གང་ཞེ་ན། འདི་ལྟ་སྟེ། གཉེན་པོ་མེད་པའི་ཆེ་བ་དང་། འགྲན་ཟླ་མེད་པའི་ཆེ་བ་དང་། ཁྱད་པར་དུ་འཕགས་པའི་ཆེ་བ་དང་། ཆེ་བཙན་གཅིག་པུའི་ཆེ་བ་དང་། ཚམ་ངམ་རླབས་ཀྱི་ཆེ་བ་དང་། རྨད་དུ་བྱུང་བའི་ཆེ་བ་དང་། ཐམས་ཅད་

དུ་མ་ཕམ་པའི་ཆེ་བ་དང་། མངའ་དབང་རྫོགས་པའི་ཆེ་བ་དང་། ཀུན་ལས་རྒྱལ་བའི་ཆེ་བ་དང་། ཡོངས་སུ་མི་ནུབ་པའི་ཆེ་བའོ། །ལང་ཀའི་བདག་པོ་མངོན་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྐུའི་རྔོམ་སྤྱོམ་གྱིས་བྱེ་བ་ས་ཡར་མངོན་པ་དང་། གསུང་

གི་རྔོམ་སྤྱོམ་བསྟན་པ་རྒྱ་མཚོར་མངོན་པ་དང་། ཐུགས་ཀྱི་རྔོམ་སྤྱོམ་ཆོས་ཉིད་ནམ་མཁའ་མངོན་པ་དང་། མཐུའི་རྔོམ་སྤྱོམ་ནམ་མཁའི་དབྱིངས་ལྟར་མངོན་པའོ། །ལང་ཀའི་བདག་པོ་དེ་དག་ཀྱང་ཚུལ་བཅུ་དང་དྲུག་གིས་རྫོགས་པར་འགྱུར་ཏེ། དེ་ཡང་

เล่ม ๙๗ · หน้า 127b

གང་ཞེ་ན། འདི་ལྟ་སྟེ། ཇི་ལྟར་སྣང་བའི་རི་བོ་ལྟ་བུའི་ཚུལ་དང་། ཅིར་ཡང་འགྱུར་བ་གར་ཐབས་ལྟ་བུའི་ཚུལ་དང་། ཟིལ་གྱིས་ནོན་པ་ཁྱད་པར་དུ་བྱུང་བའི་ཚུལ་དང་། ཚམ་ངམ་ཆེན་པོའི་སྟོབས་རྔམས་སུ་འགྱིང་བའི་ཚུལ་དང་། གང་དུ་རྔུབ་པ་ཞལ་གྱི་

ཚུལ་དང་། ཅིར་ཡང་འགྱུར་བ་ལྗགས་ཀྱི་ཚུལ་དང་། ཡོངས་སུ་གཅོད་པ་ཚེམས་ཀྱི་ཚུལ་དང་། གོ་བར་སྒྲོགས་པ་འབྲུག་སྒྲ་སྒྲོགས་པའི་ཚུལ་དང་། དགོངས་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་ཚུལ་དང་། ཕྲིན་ལས་རྒྱ་མཚོ་དབའ་རླབས་ལྟ་བུའི་ཚུལ་དང་། ཡོན་

ཏན་ས་གཞི་རྩི་ཤིང་ལྟ་བུའི་ཚུལ་དང་། ཐུགས་རྗེ་གར་གྱི་ཕྲེང་བ་ལྟ་བུའི་ཚུལ་དང་། གནས་ཀྱི་ཁྱད་པར་འབྱུང་ཞིང་སྡུད་པ་དུར་ཁྲོད་ཀྱི་ཚུལ་དང་། གནོན་པའི་ཁྱད་པར་སྤ་བཀོང་བའི་ཚུལ་དང་། ཞིང་གི་ཁྱད་པར་བླ་ན་མེད་པའི་ཚུལ་དང་། སྤྱོད་པའི་

ཁྱད་པར་ཅིག་ཅར་གྲུབ་ལ་མི་སྐྱོར་བའི་ཚུལ་ལོ། །ལང་ཀའི་བདག་པོ་སྤྱོད་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྐུའི་གཟི་བརྗིད་སེང་གེའི་འབུམ་གཟུགས་ལྟ་བུ་དང་། གསུང་གི་གཟི་བརྗིད་འབྲུག་སྟོང་ལྡིར་བ་ལྟ་བུ་དང་། ཐུགས་ཀྱི་གཟི་བརྗིད་ནམ་མཁའི་

གཏོས་ཆེན་ལྟ་བུ་དང་། ཡོན་ཏན་གྱི་གཟི་བརྗིད་ནོར་བུ་རིན་པོ་ཆེ་ལྟ་བུ་དང་། ཕྲིན་ལས་ཀྱི་གཟི་བརྗིད་ཆེན་པོའི་དཀྱིལ་འཁོར་ལྟ་བུ་སྟེ། ལང་ཀའི་བདག་པོ་དེ་དག་ནི་གཟི་བརྗིད་བཅུ་གཉིས་ཀྱིས་རྫོགས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐུ་ཆེ་ཡན་

ལག་རགས་པའི་གཟི་བརྗིད་དང་། གྲངས་མང་རྐྱེན་དང་འཚམ་པའི་གཟི་བརྗིད་དང་། བཀུར་འོས་གཙོ་བོར་མཐོང་བའི་གཟི་བརྗིད་དང་། ཁྱད་ཞུགས་ཡིད་དང་འཐད་པའི་གཟི་བརྗིད་དང་། གདངས་ཆེན་སྟོང་གསུམ་གང་བའི་གཟི་བརྗིད་དང་། ཚིག་མྱུར་ཐེ་

ཚོམ་གཅོད་པའི་གཟི་བརྗིད་དང་། བདག་ལ་ཉི་ཚེར་སྟོན་པའི་གཟི་བརྗིད་དང་། ཁྱད་པར་ཡོན་ཏན་མཐོང་བའི་གཟི་བརྗིད་དང་། ཡངས་པས་རེ་དོགས་མེད་པའི་གཟི་བརྗིད་དང་། གསལ་བས་མཐའ་གཉིས་སྤངས་པའི་གཟི་བརྗིད་དང་། ཐུགས་རྗེ་ཐུགས་དམ་

เล่ม ๙๗ · หน้า 128a

རྫོགས་པའི་གཟི་བརྗིད་དང་། མ་རྨོངས་ཐབས་ཀྱིས་འདུལ་བའི་གཟི་བརྗིད་དང་། མེད་ལ་ཟད་མི་ཤེས་པའི་གཟི་བརྗིད་དང་། གཅིག་ལ་འདོད་དགུར་སྟོན་པའི་གཟི་བརྗིད་དང་། གནོད་སྦྱོར་ཕན་པར་མཛད་པའི་གཟི་བརྗིད་དང་། ཐབས་མཁས་

སྐྱོན་གྱིས་མ་གོས་པའི་གཟི་བརྗིད་དང་། མི་བསྙེངས་ཉམ་བག་རོལ་བའི་གཟི་བརྗིད་དང་། འཁོར་བར་ཡུན་རིངས་མི་བསྙེལ་བའི་གཟི་བརྗིད་དང་། མགོན་སྐྱབས་རྒྱུན་དུ་མཛད་པའི་གཟི་བརྗིད་དང་། དགོངས་དོན་ལྷུན་གྱིས་གྲུབ་པའི་གཟི་བརྗིད་དོ། །ལང་

ཀའི་བདག་པོ་རྟགས་ཀྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་རྒྱལ་པོ་བསྙེངས་པ་མི་མངའ་བའི་དབང་ཆེན་པོ་བརྙེས་པའི་རྟགས་དང་། ཉམ་བག་ཆེན་པོ་རོལ་པའི་རྟགས་དང་། གང་གི་དཔུང་གིས་མི་བསྙེངས་པའི་རྟགས་དང་། ཡུན་གྱི་དོན་སྲིད་

བརྙེས་པའི་རྟགས་དང་། སྟོབས་ཀྱིས་གཞན་གང་གནོན་པའི་རྟགས་དང་། རྫུ་འཕྲུལ་གྱིས་མི་གནས་པར་སྐྱོད་པའི་རྟགས་དང་། མི་ཟད་པའི་མཛོད་མངའ་བའི་རྟགས་ཏེ། ལང་ཀའི་བདག་པོ་དེ་ལ་མངའ་དབང་ཆེན་པོ་བརྙེས་པའི་རྟགས་ནི་འདི་ལྟ་

སྟེ། གང་དབང་བཅུ་ཡོངས་སུ་རྫོགས་པའོ། །བཅུ་གང་ཞེ་ན། སྐྱེ་བ་དང་། ཡོ་བྱད་དང་། མོས་པ་དང་། རྫུ་འཕྲུལ་དང་། ཆོས་དང་། ཡེ་ཤེས་དང་། སེམས་དང་། ཚེ་དང་། ལས་དང་། སྨོན་ལམ་ལ་དབང་བའོ། །ལང་ཀའི་བདག་པོ་ཉམ་

བག་ཆེན་པོར་རོལ་པའི་རྟགས་གང་ཞེ་ན། འདི་ལྟ་སྟེ། ཕྱག་རྒྱ་བཞི་ལ་རོལ་བ་སྟེ། སྐུའི་མཉམ་པ་ཉིད་དང་། ཐུགས་ཀྱི་ཐིགས་པ་དང་། གསུང་གི་འགྲེལ་པ་དང་། ཕྲིན་ལས་ཀྱི་རླབས་ལ་རོལ་བའོ། །ལང་ཀའི་བདག་པོ་གང་གི་དཔུང་གིས་མི་

བསྙེངས་པའི་རྟགས་ནི་འདི་ལྟ་སྟེ། སྒེག་པའི་ཚུལ་དང་། དཔའ་བོའི་ཚུལ་དང་། འཇིགས་པའི་ཚུལ་དང་། གཤེ་བའི་ཚུལ་དང་། བཞད་པའི་ཚུལ་དང་། སྙིང་རྗེའི་ཚུལ་དང་། རྔམ་པའི་ཚུལ་དང་། ངོ་མཚར་བའི་ཚུལ་དང་། ཞི་བའི་ཚུལ་ལོ། ལང་

เล่ม ๙๗ · หน้า 128b

ཀའི་བདག་པོ་ཡུན་གྱི་དོན་སྲིད་བརྙེས་པའི་རྟགས་ནི་འདི་ལྟ་སྟེ། བྱམས་པའི་བློ་དང་། སྙིང་རྗེའི་གྲོས་དང་། དགའ་བའི་ཐབས་དང་། བཏང་སྙོམས་ཀྱི་མདོའོ། །ལང་ཀའི་བདག་པོ་སྟོབས་ཀྱིས་གཞན་གང་གནོན་པའི་རྟགས་ནི་འདི་ལྟ་སྟེ། སྙིང་རྗེའི་

སྟོབས་དང་། ཆོས་ཉིད་ཀྱི་སྟོབས་དང་། མི་འབྱེད་པའི་སྟོབས་དང་། གྲུབ་པའི་སྟོབས་དང་། མ་སྤངས་པའི་སྟོབས་དང་། མ་གཡོས་པའི་སྟོབས་དང་། སྨོན་ལམ་གྱི་སྟོབས་དང་། སྤྲུལ་པའི་སྟོབས་དང་། མི་གཏོང་བའི་སྟོབས་དང་། ཆགས་པའི་

སྟོབས་སོ། །ལང་ཀའི་བདག་པོ་རྫུ་འཕྲུལ་གྱིས་མི་གནས་པར་སྐྱོད་པའི་རྟགས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཉིད་ཀྱི་རྫུ་འཕྲུལ་དང་། ཡེ་ཤེས་ཀྱི་རྫུ་འཕྲུལ་དང་། ཐུགས་རྗེའི་རྫུ་འཕྲུལ་དང་། སྤྲུལ་པའི་རྫུ་འཕྲུལ་ལོ། །ལང་ཀའི་བདག་པོ་མི་ཟད་

པའི་མཛོད་མངའ་བའི་རྟགས་གང་ཞེ་ན། འདི་ལྟ་སྟེ། འདོད་པ་སྐོང་བ་དང་། མི་ཟད་པར་འབྱུང་བ་དང་། མུན་པ་སེལ་བ་དང་། རྒྱུན་མི་འཆད་པའོ། །ལང་ཀའི་བདག་པོ་དེ་དག་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱ་སྟེ། ལང་ཀའི་བདག་པོ་རྫུ་འཕྲུལ་གྱི་ཆོ་

འཕྲུལ་གྱིས་བསྡུས་པའི་རྟོག་པ་མཐའ་ཡས་ཇི་སྙེད་པ་ཀུན་སོ་སོར་མ་འདྲེས་པ་གཅིག་ཏུ་ཡོངས་སུ་འགྲེལ་ཏོ། །དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའི་རྣམས་ཆོས་ཐམས་ཅད་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཙམ་དུ་

སྣང་བར་མཐོང་ངོ་། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ཀྱེ་ལང་ཀའི་བདག་པོ་

ཆོས་སྣང་བའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། གང་གིས་གང་དུ་ཆོས་སྣང་བར་ངེས་པའི་ཆོ་འཕྲུལ་བསྟན་པས་དེ་དང་དེར་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་

เล่ม ๙๗ · หน้า 129a

དུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འུར། རབ་ཏུ་འུར། ཀུན་དུ་རབ་ཏུ་འུར། ཆེམ། རབ་ཏུ་ཆེམ། ཀུན་དུ་རབ་ཏུ་ཆེམ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ། ཤར་མཐོ་ན་ནུབ་དམའ། ནུབ་

མཐོ་ན་ཤར་དམའ། ལྷོ་མཐོ་ན་བྱང་དམའ། བྱང་མཐོ་ན་ལྷོ་དམའ་བར་གྱུར་ཏེ། ཕྱི་ནང་གི་མུན་པ་ཐམས་ཅད་སྦྱངས་ནས་འགྲོ་བ་མཐའ་ཐུག་པ་མེད་པ་དག་སྤྲོ་བའི་ངོ་མཚར་བསྐྱེད། སེམས་ཀྱི་དཀྱིལ་འཁོར་འོད་གསལ། ཐེག་པ་ཆེན་པོའི་ཆོས་ཉིད་ཀྱི་དགའ་

བའི་རོ་ཚོར། ཐམས་ཅད་རེ་ཞིང་དམ་པའི་ཆོས་ཉིད་དུ་སྣང་བ་ནི་འདི་ལྟ་སྟེ། འཇིག་རྟེན་མཐའ་ཡས་རྡུལ་སྙེད་དུ། །སྤྲུལ་པ་མཐའ་ཡས་རྡུལ་སྙེད་སྤྲོས། །མུན་བསལ་དངོས་པོ་ཀུན་སྦྱངས་ཏེ། །ཐམས་ཅད་མ་བཅོས་དེ་བཞིན་སྣང་། །སྤྲུལ་པའི་དོན་ནི་རྡུལ་སྙེད་

ལས། །ཆོས་ཉིད་ངེས་པར་སྣང་བའི་སྒོ། །གཉིས་ལས་བཅུ་བཞིར་སྣང་བ་ནི། །ཡི་གེའི་འབྲུ་ཚོགས་གསལ་བར་སྣང་། །ལང་ཀའི་བདག་པོ་འདི་ལྟ་སྟེ། ཨ་ཆོས་ཀྱི་དབྱིངས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱུྃ་ཡེ་ཤེས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །

ཧཱུྃ་མི་གཡོ་བའི་ཆོས་ཉིད་ཡོངས་སུ་སྣང་བའི་སྒོའོ། །ཨོཾ་ཅིར་ཡང་སྣང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྭཱ་སྣ་ཚོགས་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཨོཾཿམཐའ་ཡས་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱ་དོན་ཡོད་གྲུབ་པའི་ཆོས་ཉིད་

རྣམ་པར་སྣང་བའི་སྒོའོ། །མཱུྃ་བརྗོད་པ་ལས་འདས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ལཱཾ་སྐྱེ་འགག་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །རྨཱྃ་མི་ཟད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཕྱཱྃ་སྐྱོན་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །

ཏཱྃ་ཐོགས་པ་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧྲཱིཾཿགསུང་འཛིན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏྲཱཾ་གོ་འབྱེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཀྵ་མཐོང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཛྲཱིཾ་འཇོམས་པའི་ཆོས་ཉིད་རྣམ་པར་སྣང་

เล่ม ๙๗ · หน้า 129b

བའི་སྒོའོ། །ཧཱུྃ་རྩ་བ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཊཱཾ་ཅིར་ཡང་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏྲཱིཾ་སྒྲ་སྒྲོགས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཨ་ཅིར་ཡང་མ་ངེས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །མཻ་

བྱམས་པ་ཆེན་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། ཐླྷཱིཾ་སྙིང་རྗེ་ཆེན་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱུྃ་དགའ་བ་ཆེན་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །མཱུྃ་བཏང་སྙོམས་ཆེན་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །དུ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་

གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །པུ་དབང་བསྐུར་བའི་ཆོ་འཕྲུལ་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །བྃ་བྱིན་གྱི་བརླབས་ཀྱི་ཆོ་འཕྲུལ་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧོཿམཆོད་པའི་ཆོ་འཕྲུལ་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཡ་སྟོང་པ་ཉིད་

ཀྱི་རྣམ་པར་ཐར་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཐ་མཚན་མ་མེད་པའི་རྣམ་པར་ཐར་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧྲིཿསྨོན་པ་མེད་པའི་རྣམ་པར་ཐར་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། ཧཱུྃ་ཐབས་ལ་མཁས་པའི་རྣམ་པར་ཐར་

པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཛཿདོན་འདྲེན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱུྃ་དོན་བརྗོད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །བྃ་དོན་སྤྱོད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧོཿདོན་མཐུན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །

ཀྲྀཾ་བྱང་ཆུབ་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏྲུྃ་སྟོབས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྲུཾ་དབང་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །པྲ་རྫུ་འཕྲུལ་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཀྵྃ་སྤོང་བའི་མཚན་ཉིད་རྣམ་པར་སྣང་བའི་

སྒོའོ། །ཡེ་དྲན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །བྲུྃ་སྟོང་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཨེ་ཁྲོ་བོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །བྃ་ཞི་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །མ་མཐའ་རྒྱས་པའི་ཆོས་ཉིད་རྣམ་པར་

เล่ม ๙๗ · หน้า 130a

སྣང་བའི་སྒོའོ། །ཡ་སྡུད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཤྭ་ཕྱི་ནང་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །དྷ་ཆོས་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །མ་དྲན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །

ཧཱ་བོད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །པྲ་སྤྲོ་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཀྵཿནི་མཐར་ཟད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཛྙཱ་ཤེས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏེ་རྒྱུའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྃ་

འབྲས་བུའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཐྃ་རྐྱེན་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྐ་ཕུང་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཀྲ་ལས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །བྃ་ནག་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏྲ་དཀར་

པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཨོཾ་རང་གྲུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱུྃ་རྩ་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །རྨཱུྃ་ཇི་བཞིན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་ཆོ་འཕྲུལ་ལས་ཆོས་

རྣམ་པར་སྣང་བའོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ་ཡི་གེའི་སྒོ་ནས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཁོང་དུ་ཆུད་པར་འགྱུར་རོ། །གཟུངས་དང་། སྒྲ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། གསལ་བ་ཐོབ་པར་འགྱུར་རོ། །

དེ་བཞིན་དུ་ཡི་གེ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡང་འབྱེད་པར་འགྱུར་རོ། །དོན་ཡང་མཚོན་པར་བྱེད་དོ། །རང་བཞིན་ཡང་རྟོགས་པར་བྱེད་དོ། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་ཆོ་འཕྲུལ་གྱི་སྒོ་ནས་ཆོས་ཉིད་དུ་རྣམ་པར་སྣང་བའོ། །ལང་ཀའི་བདག་པོ་

གང་མ་བཅོས་པར་ཆོས་སྣང་བའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཅན་མཚན་མར་སྣང་བའི་རང་བཞིན་རྣམས། །ཆོས་ཉིད་མཚན་མ་མེད་པའི་ངང་དུ་སྣང་། །སེམས་ཅན་དངོས་པོར་སྣང་བའི་རང་བཞིན་རྣམས། །སེམས་ཉིད་དངོས་པོ་མེད་

เล่ม ๙๗ · หน้า 130b

པའི་ངང་དུ་སྣང་། །ཇི་སྙེད་རྣམ་པར་སྣང་བའི་རང་བཞིན་རྣམས། །ཇི་བཞིན་དེ་བཞིན་ཉིད་ཀྱི་ངང་དུ་སྣང་། །ཉོན་མོངས་དུག་ལྔར་སྣང་བའི་རང་བཞིན་རྣམས། །རྣམ་གྲོལ་ཡེ་ཤེས་ལྔ་ཡི་ངང་དུ་སྣང་། །དུག་གསུམ་རྩ་བར་སྣང་བའི་རང་བཞིན་

རྣམས། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངང་དུ་སྣང་། །གཟུང་འཛིན་རྟོག་པར་སྣང་བའི་རང་བཞིན་རྣམས། །དབྱིངས་དང་ཡེ་ཤེས་གཉིས་མེད་ངང་དུ་སྣང་། །བྱ་དང་བྱེད་པར་སྣང་བའི་རང་བཞིན་རྣམས། །ཐབས་དང་ཤེས་རབ་འབྲེལ་བའི་ངང་དུ་སྣང་། །

འཇིག་ཚོགས་ཕུང་པོར་སྣང་བའི་རང་བཞིན་རྣམས། །རྣམ་གྲོལ་ཟག་མེད་ཕུང་པོའི་ངང་དུ་སྣང་། །ཀུན་ནས་ཉོན་མོངས་འཁོར་བའི་རང་བཞིན་རྣམས། །རྣམ་བྱང་མྱ་ངན་འདས་པའི་ངང་དུ་སྣང་། །འཇིག་རྟེན་གཡོ་རྡུལ་མི་གཡོའི་རང་བཞིན་རྣམས། །

རྒྱལ་བ་བཞི་བཅུ་གཉིས་ཀྱི་ངང་དུ་སྣང་། །མྱ་ངན་འདས་དང་འཁོར་བའི་རང་བཞིན་རྣམས། །བཙལ་མེད་མ་བཅོས་དེ་ཉིད་ངང་དུ་སྣང་། །ཞེས་ཡོངས་སུ་གྲག་ཅིང་གྲགས་པར་འགྱུར་རོ། །ལང་ཀའི་བདག་པོ་དེ་ནི་ཆོས་སྣང་བའི་ཆོ་འཕྲུལ་ཏེ། །དེ་དག་

ཀྱང་སོ་སོར་མ་འདྲེས་པར་གཅིག་ཏུ་ཡོངས་སུ་འགྲེལ་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོས་སྣང་བའི་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ལང་ཀའི་བདག་པོ་ཀུན་བརྗོད་པའི་ཆོ་འཕྲུལ་གང་ཞེ་ན། འདི་

ལྟ་སྟེ། ཆོས་ཀུན་མ་འདྲེས་ཡོངས་རྫོགས་པ། །ངེས་པ་ཇི་ལྟར་ཡིན་པའི་དོན། །ཕྱིན་ཅི་མ་ལོག་ཉིད་བརྗོད་པ། །དེ་ཉིད་རྣམ་དག་ལམ་ཆེན་ཡིན། །སྐུ་དང་གསུང་ཐུགས་རང་བཞིན་ཡང་། །གང་ན་མེད་དེ་དེ་ཁོ་ན། །དཔག་མེད་རྒྱལ་བ་མཐའ་ཡས་

ཀྱང་། །གཞན་ན་མེད་དེ་དེ་ཉིད་ཡིན། །གཏི་མུག་མ་འདྲེས་ཀུན་ནས་རྨོངས། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེ་སྡང་མ་འདྲེས་མནར་སེམས་པ། །ཡོངས་སུ་རྫོགས་པས་སྟོང་

เล่ม ๙๗ · หน้า 131a

བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ང་རྒྱལ་མ་འདྲེས་རི་བོ་ཆེ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །འདོད་

ཆགས་མ་འདྲེས་ཀུན་དུ་ཞེན། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཕྲག་དོག་མ་འདྲེས་ཀུན་ནས་འཁྲུགས། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་

རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །གཟུགས་ནི་མ་འདྲེས་འཇིགས་པ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཚོར་བ་མ་འདྲེས་མྱོང་བ་ཉིད། །ཡོངས་སུ་རྫོགས་པས་

སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །འདུ་ཤེས་མ་འདྲེས་འཛིན་པ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །འདུ་ཤེས་མ་འདྲེས་

མངོན་དུ་བྱེད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །རྣམ་རིག་མ་འདྲེས་ཐ་དད་ཤེས། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་

དེ་བཞིན་ཉིད་ཁོ་ན། །སྡུག་བསྔལ་མ་འདྲེས་ཀུན་གདུང་བ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཁམས་ནི་མ་འདྲེས་ས་བོན་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་

ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །སྐྱེ་མཆེད་མ་འདྲེས་སྐྱེ་བའི་སྒོ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །རྒྱུ་རྐྱེན་མ་འདྲེས་འདུ་འཕྲོ་ཉིད། །ཡོངས་སུ་

เล่ม ๙๗ · หน้า 131b

རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །མ་ཆགས་མ་འདྲེས་གཏོང་བ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །དག་

པ་མ་འདྲེས་གདུང་བ་མེད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །མི་གཡོ་མ་འདྲེས་མི་འཁྲུག་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །

མ་བཅོས་དེ་བཞིན་ཉིད་ཁོ་ན། །བརྩོན་འགྲུས་མ་འདྲེས་ཐུབ་པ་མེད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །བསམ་པ་མ་འདྲེས་སྡུད་པ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །

དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །གཅོད་པ་མ་འདྲེས་ཆགས་པ་མེད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །བསམ་པ་ཚད་མེད་སྙོམས་འཇུག་བཞི། །

མ་འདྲེས་མི་འཁྲུག་ཡོངས་རྫོགས་པས། །སྟོང་པ་བདག་མེད་ཆོས་ཉིད་དེ། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཀུན་ཀྱང་མ་འདྲེས་འབྱུང་བ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །

སྟོང་ཉིད་རྣམ་ཐར་མ་འདྲེས་དབེན། །མཚན་མེད་མ་འདྲེས་ཞི་བ་ཉིད། །སྨོན་མེད་མ་འདྲེས་སྡུག་བསྔལ་སེལ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །མ་བཅོས་དེ་བཞིན་ཉིད་ཁོ་ན། །རྣམ་ཐར་མ་འདྲེས་རྣམ་པར་འགྲེལ། །ཡོངས་སུ་རྫོགས་པས་

སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །སྟོབས་ནི་མ་འདྲེས་གདོན་མི་ཟ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །མི་འཇིགས་མ་

เล่ม ๙๗ · หน้า 132a

འདྲེས་ཤིན་ཏུ་བརྟན། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །སྙིང་རྗེ་མ་འདྲས་སྐྱོབ་པ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་

ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །བྱམས་པ་མ་འདྲེས་ཕན་འདོགས་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །དགའ་བ་མ་འདྲེས་འགྱོད་པ་མེད། །ཡོངས་སུ་རྫོགས་པས་

སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །བཏང་སྙོམས་མ་འདྲེས་ཡངས་པ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །གཟུགས་ནི་མ་

འདྲེས་འབྲེལ་པ་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཏིང་འཛིན་མ་འདྲེས་མི་གཡེང་བ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་

དེ་བཞིན་ཉིད་ཁོ་ན། །མ་འདྲེས་པ་ཉིད་མི་འཕྲོགས་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཀུན་གྲོལ་མ་འདྲེས་མངོན་སུམ་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་

འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཆོས་ཅན་མ་འདྲེས་སྣ་ཚོགས་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཡེ་ཤེས་ཀུན་མཁྱེན་སྐྱེ་འགག་མེད། །ཡོངས་སུ་རྫོགས་

པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །དབྱིངས་ཉིད་མེད་ལ་མི་ཟད་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །སྤྲུལ་པ་མེད་འབྱུང་

เล่ม ๙๗ · หน้า 132b

རྒྱུན་མི་འཆད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །རྫོགས་སྐུ་མ་འདྲེས་ཕུན་སུམ་ཚོགས། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །

མ་བཅོས་དེ་བཞིན་ཉིད་ཁོ་ན། །ཆོས་སྐུ་རྣམ་པར་དག་པའི་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཐམས་ཅད་མ་འདྲེས་ཐ་དད་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །

དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཆོས་ཀུན་བརྗོད་པའི་ཆོ་འཕྲུལ་ལས། །མ་བཅོས་དེ་བཞིན་ཉིད་སྣང་བ། །དབུ་མར་མི་དམིགས་གསང་བ་ཉིད། །སྐྱེས་བུ་དམ་པའི་སྤྱོད་ཡུལ་ཡིན། །གསང་སྔགས་རྡོ་རྗེ་ཐེག་ཆེན་

འདི། །དེ་བཞིན་གཤེགས་པ་ཉིད་དུ་གསལ། །ཅི་ཕྱིར་རྡོ་རྗེ་གསང་སྔགས་དང་། །སེམས་ཅན་སངས་རྒྱས་ཐ་དད་མིན། །གསང་སྔགས་རྡོ་རྗེ་རྣལ་འབྱོར་པ། །སྐྱེས་བུ་ཐབས་ཀྱི་ཕ་རོལ་ཕྱིན། །རྡོ་རྗེ་རྣལ་འབྱོར་མི་ལྡན་ན། །དེ་ཉིད་ཐབས་དང་ཤེས་

རབ་བྲལ། །དེ་བས་རྣལ་འབྱོར་ཆེན་པོ་ཡིས། །རྡོ་རྗེ་གསང་སྔགས་དམ་པ་ཡི། །ཆོ་འཕྲུལ་བཞི་ཡི་རང་བཞིན་ལས། །ནམ་ཡང་འདའ་བར་བྱ་བ་མིན། །ཞེས་སྨྲས་པས། མ་འདྲེས་པ་ཡོངས་སུ་རྫོགས་པ་ནི་ཆོས་ཐམས་ཅད་ཀུན་དུ་བཟང་པོ་ཉིད་

དོ་ཞེས་ཡོངས་སུ་གྲག་ཅིང་གྲགས་པར་གྱུར་ཏོ། །ལང་ཀའི་བདག་པོ་དེ་དག་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ཏེ། དེ་དག་ཀྱང་སོ་སོར་མ་འདྲེས་པར་དེ་ཁོ་ན་ཉིད་གཅིག་ཏུ་ཡོངས་སུ་འགྲེལ་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་

པོ་ལས་ཀུན་བརྗོད་པའི་ཆོ་འཕྲུལ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།ལང་ཀའི་བདག་པོ་དེ་ལ་རྗེས་སུ་བསྟན་པའི་ཆོ་འཕྲུལ་གང་ཞེ་ན། ཞི་གནས་ཡོངས་སུ་རྫོགས་པར་འགྲེལ་པ་ནི་འདི་ལྟ་སྟེ། ཇི་སྙེད་པ་ཐམས་ཅད་ཇི་

เล่ม ๙๗ · หน้า 133a

བཞིན་པ་ཉིད་དུ་ཡོངས་སུ་རྫོགས་པ་འབའ་ཞིག་གོ། །དེ་ཇི་ལྟ་ཞེ་ན། འདི་ལྟ་སྟེ། དེ་ཉིད་མི་གཡོ་ནམ་མཁའ་ལ། །གཡོ་རྡུལ་ཐ་དད་ཇི་སྙེད་པ། །མི་རྟོག་ཡེ་ཤེས་རྒྱ་མཚོ་ཆེ། །གཅིག་ལས་རྣམ་པ་ཡོངས་ཀྱིས་མེད། །རང་བཞིན་ལྷུན་

གྲུབ་དཀྱིལ་འཁོར་ཆེ། །དེ་ན་དམན་དང་སེམས་དཔའ་དང་། །སྤྱོད་པའི་རྣལ་འབྱོར་མིང་ཡང་མེད། །ལྷུན་མཉམ་བྱང་ཆུབ་སྙིང་པོ་ལས། །ངེས་པའི་དགོངས་པའི་མཉམ་རྙེད་ནས། །ཇི་བཞིན་མ་བཅོས་དེ་ཁོ་ན། །ཟབ་མོ་དམ་པ་ངེས་པའི་དོན། །ངོ་

མཚར་དམ་པ་ཆེན་པོ་ཡིས། །རྡོ་རྗེ་སྙིང་པོ་ཉིད་ལ་ཉིད། །དགོངས་པའི་དོན་ལ་འདི་སྐད་འགྲེལ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་པ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་

མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་

དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །མི་གནས་པ་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་

སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་འོང་ཉིད། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །མ་བཅོས་མ་བསླད་བྱས་པ་མེད། །ཇི་བཞིན་རང་བཞིན་རྣམ་པར་དག །

ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་ཀྱི་གསང་། །རང་བཞིན་མེད་པའི་རང་བཞིན་ལས། །བདེ་བ་ཆེན་པོ་ལྷུན་གྱིས་གྲུབ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གཞི་རྩ་མེད་པའི་

เล่ม ๙๗ · หน้า 133b

སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་དམིགས་སུ་ཡོད་མ་ཡིན། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་

རྒྱས་ཀུན་གྱི་གསང་། །ངེས་པར་བརྟགས་ན་རྟག་པ་ཉིད། །རྟག་ཆད་དེ་ཉིད་གཉེན་པོ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ངེས་པར་ཆན་ན་ཆད་པ་མེད། །བྱང་ཆུབ་ཉིད་དེ་ལོག་རྒྱུན་ཆད། །ཨེ་མའོ་ངོ་

མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཆོས་སོ་ཅོག་གི་རང་བཞིན་ནི། །སངས་རྒྱས་ཉིད་དེ་ལོག་རྒྱུན་ཆད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སངས་རྒྱས་ཉིད་ལས་གཞན་པའི་

ཆོས། །སངས་རྒྱས་ཉིད་ཀྱིས་མི་བསྙེས་སོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །རབ་འབྱམ་མཐའ་ཡས་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་ཡོང་མི་ཚོལ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་

པའི་སངས་རྒྱས་ཀུན་གྱི་གསང་། །སེམས་ཉིད་རྟོག་པ་སངས་རྒྱས་ཏེ། །དེ་ལས་གཞན་དུ་ཡོད་མ་ཡིན། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྲིད་གསུམ་ཡེ་ནས་སྙིང་པོ་ཉིད། །མ་ནོར་མ་བཅོས་ལྷུན་

གྱིས་གྲུབ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་བའི་སངས་རྒྱས་ཀུན་གྱི་གསེང་། །རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །བཙལ་བ་མེད་པར་རྫོགས་སངས་རྒྱས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་

གྱི་གསང་། །ཀུན་ནས་ཀུན་དུ་ངང་བཟང་པོ། །ཐམས་ཅད་ཡེ་འབྱམ་རྨད་དུ་གྲགས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྙིང་པོ་བྱང་ཆུབ་དེ་ཉིད་ལས། །མ་གཏོགས་གང་ཡང་ཡོད་མ་ཡིན། །ཨེ་མའོ་ངོ་

เล่ม ๙๗ · หน้า 134a

མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཐམས་ཅད་སངས་རྒྱས་ཡིན་པ་ལ། །རྟོག་པས་བསྒྲིབས་པས་དེ་མ་ཤེས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །

རྟོག་པ་ཉིད་ན་རྟོག་མེད་ཕྱིར། །བདེ་གཤེགས་སྙིང་བོ་གཞན་ནས་མིན། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་བའི་སངས་རྒྱས་ཀུན་གྱི་གསང་། །ཀུན་གྱི་སྙིང་པོ་བྱང་ཆུབ་ལ། །ཡེ་ནས་དགོངས་པ་ལྷུན་གྱིས་གྲུབ། །ཨེ་མའོ་ངོ་མཚར་རྨད་ཀྱི་

ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །རྡོ་རྗེ་གསང་བའི་སྙིང་པོ་ལ། །སྒྲུབ་དང་བསྒྲུབ་པར་བྱ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཡེ་ཉིད་འབྲས་བུ་དམ་པ་ལ། །ཐོབ་པར་བྱ་བ་ག་

ལ་ཡོད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གསང་སྔགས་གསང་བའི་སྙིང་པོ་འདི། །སངས་རྒྱས་སེམས་ཅན་ཀུན་གྱི་གསང་། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་

གསང་། །འདུས་པ་གསང་བ་རྨད་འབྱུང་བ། །རྡོ་རྗེ་སྙིང་པོ་འདུས་པ་ཉིད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གསང་བ་དམ་པའི་སྙིང་པོ་འདི། །སངས་རྒྱས་ཀུན་གྱི་ངེས་པའོ། །ཨེ་མའོ་ངོ་མཚར་རྨད་

ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཟླ་བ་གསང་བ་ལས་བྱུང་བའི། །གསུང་གི་ཐིག་ལེ་ཟབ་མོ་བྱུང་། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །

གཟུགས་སྣང་མཁའ་ལ་འཇའ་ལྟར་གསལ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྣང་སྲིད་སྒྱུ་མའི་ཡེ་ཤེས་ལས། །སྤྲུལ་པའི་དྲ་བ་སྤྲིན་ཕུང་བྱུང་། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་

เล่ม ๙๗ · หน้า 134b

ཀུན་གྱི་གསང་། །སྤྲུལ་པ་ཐབས་ཀྱི་དྲ་པ་ལས། །མཐའ་གཉིས་འཛིན་པའི་ཞགས་པ་བྱུང་། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །བྱ་བྲལ་རྣལ་འབྱོར་མཐུན་འཇུག་སྤྱོད། །སྦྱོར་ཐབས་བྱ་བ་ལས་རྒྱུད་བྱུང་། །

ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ལྷག་པར་མཐོང་དང་ཞི་བར་གནས། །དག་པའི་མཐའ་གཉིས་ངེས་པར་བྱུང་། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྡེ་མཛོད་

དམ་པའི་བཀའ་ལུང་རྣམས། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གདུལ་བྱའི་ཡུལ་ནི་ཇི་སྙེད་པའི། །གསུང་གི་སྒོ་ཡང་དེ་སྙེད་འབྱུང་། །ཨེ་མའོ་ངོ་མཚར་རྨད་

ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །རབ་འབྱམ་རྨད་དུ་གྲགས་པ་འདི། །བཀའ་ཡི་རབ་རྒྱུད་དམ་པ་ཉིད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཇི་བཞིན་པ་ཡི་དེ་ཁོ་ན། །བསྟན་པ་འབྱུང་

བའི་སྙིང་པོ་མཆོག །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཟབ་མོ་འདུས་པའི་གཏན་ཚིགས་འདི། །སངས་རྒྱས་འབྱུང་བའི་སྙིང་པོའི་ཡུམ། །རྣམ་པ་སྣ་ཚོགས་སྣང་བར་མཛད། །མི་འགྱུར་མི་འཇུག་རྡོ་རྗེ་སེམས། །

དཔག་ཏུ་མེད་པ་གསུང་མཐའ་ཡས། །ཡོན་ཏན་རིན་ཆེན་སྣ་ཚོགས་འབྱུང་། །མཐའ་དག་ལྷུན་གྲུབ་གདོན་མི་ཟ། །རྡོ་རྗེ་སྙིང་པོ་ཉིད་ལ་ཉིད། །ཉི་མ་ཐུགས་ཀྱི་དཀྱིལ་འཁོར་ཤར། །བསམ་མེད་བསམ་གྱིས་མི་ཁྱབ་པའི། །དཔག་མེད་བརྒྱད་ཁྲི་བཞི་

སྟོང་སྒོ། །གྲགས་པའི་རྣམ་གྲངས་བསམ་ཡས་ཀྱང་། །ངེས་པའི་ཐེག་པ་གཅིག་ལས་མེད། །གསང་ཉིད་མ་ངེས་འཇུག་བར་དུ། །ཐེག་པའི་སྒོ་ཡང་བསམ་མི་ཁྱབ། །གསང་ཉིད་ངེས་པར་སྣང་མ་ཐག །ཐེག་པའི་སྒོ་ཡང་དེ་ལས་མེད། །བརྗོད་དང་

เล่ม ๙๗ · หน้า 135a

བསྟན་པའི་རྣམ་གྲངས་ཀུན། །བཀྲི་བའི་དོན་དེ་དེ་ཉིད་མིན། །ཚིག་བརྡ་བརྗོད་པས་དོན་རྙེད་པ། །སྒྲོན་མེས་མུན་ཁུང་གསེར་ཚོལ་ལྟར། །གསང་བའི་སྙིང་པོའི་མཛོད་བརྟོལ་ཏེ། །དམ་པ་རྣམས་ཀྱི་གཏེར་ཆེན་འབྱིན། །ཐིག་ལེ་

གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང་ཆེན་ངེས་པར་བསྟན། །དེ་དག་དེ་ཉིད་ངང་གྲོལ་ན། །གསང་སྔགས་མཐོང་བ་སངས་རྒྱས་ཏེ། །ཀུན་ཀྱང་བདེ་ཆེན་བྱང་ཆུབ་སེམས། །རྟོག་བྲལ་དྲི་མེད་རྣམ་པར་དག །བདེ་ཆེན་ཉིད་ལ་བདེ་ཆེན་རྫོགས། །

ཡེ་ཤེས་ཉི་མའི་སྙིང་པོ་ཤར། །མ་ལུས་མཐའ་དག་ཐིག་ལེའི་རྒྱ། །ཡེ་ནས་བཙལ་མེད་བཙལ་མི་དགོས། །རྒྱུ་འབྲས་དབྱེར་མེད་དེ་ཉིད་དེ། །མི་གཡོ་མི་རྟོག་ཡུལ་འདས་ལ། །རྒྱུ་དང་འབྲས་བུར་རྟོག་འཛིན་གྱིས། །ཐམས་ཅད་སྒྱུ་མ་འཁྲུལ་པས་

བཅིངས། །རང་བྱུང་ཡེ་ཤེས་ཉི་མ་ཉིད། །མ་བཅོས་ཇི་བཞིན་གནས་པ་ན། །སྙིང་པོ་ཉིད་དུ་གོལ་ས་མེད། །ཐམས་ཅད་བྱང་ཆུབ་སྙིང་པོ་བས། །ཀུན་ཀྱང་མ་བཙལ་བདེ་བར་གནོས། །སྣང་སྲིད་འཁོར་བའི་ཁ་བརྒྱུད་ཀྱང་། །སྙིང་པོ་དབྱིངས་

ལས་གར་མི་ཕྱིན། །མཐའ་ཐུག་མེད་པའི་གཞི་བགྲོད་ཀྱང་། །སྙིང་པོ་དེ་ལས་གཡོས་པ་མེད། །དཔག་མེད་རྒྱལ་བ་ཀུན་བསྒྲུན་ཀྱང་། །སྙིང་པོ་ཡོངས་སུ་འཕེལ་བ་མེད། །སེམས་ཅན་མཐའ་ཐུག་མེད་འབྱུང་ཡང་། །དེ་ཉིད་དེ་ལས་འགྲིབ་པ་མེད། །

སྐྱེ་བཞི་རྒྱུད་ལྔར་གང་སྣང་བ། །སངས་རྒྱས་ཉིད་དེ་ཡེ་ཤེས་སྐུ། །ཐམས་ཅད་དེ་ཉིད་དེ་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་བསྒྲུབས་ཟིན་ལྷུན་གྱིས་

གྲུབ། །སྒྲུབ་པ་འདི་ལ་གང་གནས་པ། །རྣལ་འབྱོར་དེ་ཉིད་སྐལ་བ་བཟང་། །ཇི་ལྟར་བསྒོམས་བསྒྲུབས་ཅི་སྤྱད་ཀྱང་། །དེ་ཉིད་ཡིན་ཏེ་དོན་གྱི་མཆོག །རྒྱལ་བ་ཀུན་གྱི་སྙིང་པོ་ཉིད། །བྱིན་བརླབས་ངོ་མཚར་རྒྱ་ཆེར་འབྱུང་། །རྒྱལ་བ་རྒྱ་མཚོ་རྣམས་

เล่ม ๙๗ · หน้า 135b

ཀྱི་ཡུམ། །སངས་རྒྱས་བདེ་ཆེན་དེ་ལས་བྱུང་། །མ་ལུས་ཀུན་གྱི་སྙིང་པོ་འདི། །སྤྲོས་མེད་ཐིག་ལེར་གནས་པ་ལས། །རྒྱལ་སྲས་སེམས་ཅན་ཀུན་གྱི་ཕྱིར། །ཉིད་ལ་འཆད་ཅིང་ཉིད་ལ་འགྲེལ། །ཞི་གནས་མི་རྟོག་མཁའ་ཁྱབ་ལ། །ལྷག་མཐོང་མ་རྨོངས་

འཇའ་ཚོན་གསལ། །མ་འདྲེས་ཡོངས་སུ་རྫོགས་པ་ལས། །དགོངས་པ་ངེས་པར་འགྲེལ་པར་བཤད། །ལང་ཀའི་བདག་པོ་སྟོང་པ་ཉིད་ལས་དེ་སྐད་དུ་སྒྲ་བརྙན་བྱུང་བས་ཐམས་ཅད་མ་འདྲེས་པ་དང་། ཡོངས་སུ་རྫོགས་པར་འགྲེལ་པ་ནི་ཀུན་དུ་བཟང་པོ་

ཉིད་དོ། །ལང་ཀའི་བདག་པོ་དེ་ལྟར་ན་གང་གི་དགོངས་པ་ངེས་པར་འགྲེལ་པ་དེ་དག་ཀྱང་གཞི་དང་། འཇུག་པ་དང་། སྦྱོར་བ་དང་། རྩ་བ་དང་། །ངེས་པ་འབའ་ཞིག་ལས་གྱུར་པ་དང་། སྣང་བ་དང་། བརྗོད་པ་དང་། བསྟན་པར་རིག་པར་བྱའོ། །དེ་སྐད་ཅེས་

སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཡི་རངས་ཏེ། ཐམས་ཅད་མ་འདྲེས་པ་དང་། ཡོངས་སུ་རྫོགས་པར་ཐུགས་སུ་ཆུད་ནས་མཐའ་དབུས་མེད་པར་གྲོལ་ཏེ་དབུགས་ཕྱིན་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་

དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གང་ཡོངས་སུ་རྫོགས་པར་འགྲེལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་སངས་རྒྱས་ཀུན་གྱི་དགོངས་པ་ངེས་པར་འགྲེལ་བའི་གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱ་ཡེ་

ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་ལྔ་པའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་དྲུག་པ་གདུལ་བྱའི་སྐབས་ལ་བབ་པའི་ཆེད་ན་

བྱུང་ཞེས་འབྱུང་བའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོའི་གསང་བ་དམ་པ་འབྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་དུ་བརྗོད་པའི་སྐབས་སུ། གདུལ་བྱའི་སྐབས་ལ་བབ་པའི་ཚེ་ན་ཡང་བྱུང་ཞེས་བཀོད་པ་དེ་འཇིག་

เล่ม ๙๗ · หน้า 136a

རྟེན་པ་གང་ཞིག་གདུལ་བྱའི་སྐབས་ལ་བབ་ནས་ཡོངས་སུ་བཏུལ་བ་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་གསང་སྔགས་འབྱུང་བའི་རྒྱུ་གདུལ་བྱ་ཁྱད་པར་ཅན་འཇིག་རྟེན་སྲེག་པར་བྱེད་པ་ཁྲོ་བོ་ཚུལ་རྔམ་པ་གདུལ་བྱའི་དུས་ལ་ངེས་

པར་བབ་པའི་ཚེ་ཡོངས་སུ་བཏུལ་བ་ན་ཕྱོགས་དུས་ཀུན་གྱི་སངས་རྒྱས་ཐམས་ཅད་སྙིང་པོ་བྱང་ཆུབ་གང་ན་བ་དེར་འདུས་ནས་སྐྱེས་བུ་དམ་པ་དག་ལ་རྣམ་པར་བསྐུལ་བས་ཇི་ལྟ་ཇི་ལྟར་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྒྲོན་མ་ཡོངས་སུ་བཀོད་པ་ལྟ་བུའི་ཁྲོ་བོའི་སྤྲིན་རྣམ་

པར་འཇིགས་པ་རྡུལ་སྙེད་ཀྱིས་བཏུལ་བ་དེ་ཁོ་ནའི་ཚེ་དེ་ཁོ་ནའི་དུས་ཉིད་དུ་འབྱུང་ཞིང་གྲགས་སོ། །སྨྲས་པ། གསང་བ་པའི་བདག་པོ་གདུལ་བྱ་དེ་གང་ལས་བྱུང་། དེ་ལས་དང་སྐྱེ་བ་ཇི་ལྟར་ལགས། གསང་སྔགས་འབྱུང་བའི་རྒྱུར་ཇི་ལྟར་འགྱུར། དེ་

སྐད་ཅེས་གསོལ་བ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་དེ་ནི་འདི་ལྟ་སྟེ། དྲན་པ་དཔག་ཏུ་མེད་པ་འདས་པའི་དུས་ན་སྔོན་བྱུང་བ་ནི་སངས་རྒྱས་མི་བསྐྱོད་པ་ཞེས་བྱ་བ་བསྐལ་བ་ཀུན་དགའ་ཞེས་བྱ་བ་ལ་ཞིང་ཁམས་མངོན་པར་

དགའ་བ་ཞེས་བྱ་བར་བྱུང་བའི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ་གང་ཇི་ལྟ་བ་བཞིན་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐམས་ཅད་ནས་ཐམས་ཅད་དུ་མ་བཅོས་མ་བསླད་པའི་རྣལ་འབྱོར་དུ་གནས་པ། སྐྱེས་བུ་

དམ་པར་ཆུད་པ་ཞིག་བྱུང་བ་དེས་སེམས་ཅན་ཐམས་ཅད་རྒྱལ་བའི་སྲས་སུ་མཐོང་ཞིང་དེ་དག་ཡོངས་སུ་བསྐུལ་བ་ལ་བརྩོན་པ་འབའ་ཞིག་བྱེད་དོ། །དེའི་ཚེ་དེའི་དུས་ན་འཁོར་བ་ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་ཐོག་མ་དང་ཐ་མ་མེད་པའི་ལས་དང་། སྐྱེ་བ་

དཔག་ཏུ་མེད་པའི་བརྗོད་ཀྱིས་མི་རྫོགས་ཏེ། ལས་སྐབས་གཅིག་གིས་སྐྱེ་བ་ཆ་གཅིག་ལ་གཟུང་ན་འདི་ལྟ་སྟེ། ཉེ་འཁོར་དུ་ཁྱིམ་བདག་ཀེའུ་ཀ་ཡ་ཞེས་བྱ་བ་ལ་བུ་ཐར་པ་ནག་པོ་ཞེས་བྱ་བ་ཞིག་ཡོད་དེ། བུ་དེ་ལ་གཡོག་དན་བག་ཞེས་བྱ་བ་ཞིག་

เล่ม ๙๗ · หน้า 136b

ཡོད་དོ། །དེའི་ཚེ་དེའི་དུས་ན་མི་གང་དག་དགེ་སློང་ཐུབ་དཀའ་གཞོན་ནུ་ལ་རྣལ་འབྱོར་གྱི་ལམ་བསླབས་ཏེ། ཀུན་ཀྱང་རྣལ་འབྱོར་གྱི་ལམ་ལ་གནས་ཤིང་རྣལ་འབྱོར་ལ་སྤྱོད་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཐར་པ་ནག་པོ་དེ་འདི་ལྟར་རྟོག་གོ །དགེ་

སློང་ཐུབ་དཀའ་གཞོན་ནུ་འདིས། ཐམས་ཅད་ཇི་ལྟ་བ་བཞིན་སྟོན་པར་ཐོས་ནས་ཐམས་ཅད་ནི་དགའ་བར་སྤྱོད་པ་བཞིན་དུ་ལམ་ཡོད་པའི་ཆོས་དག་འབྱུང་ངམ་ཞེས་རྟོག་ལ། གང་དག་ལ་ཡང་དྲིས་པ་ལས་ཐམས་ཅད་ཀྱིས་དེ་ལྟར་འབྱུང་བར་སྨྲས་སོ། །

དེ་ནས་གཡོག་དང་བཅས་པས་དགེ་སློང་ག་ལ་བ་དེར་ཞུགས་ཏེ་གནས་སུ་ཕྱིན་ནས་དེ་འདུན་པ་ལེགས་པར་འདུན་ནས་གསོལ་པ། དགེ་སློང་ཆེན་པོ་ཐམས་ཅད་ཇི་ལྟ་བར་སྤྱོད་པ་བཞིན་དུ་ལམ་སྟོན་པའི་ཐབས་ལ་མཁས་པར་ཐོས་ན་དེ་དེ་ལྟ་ཉིད་དུ་ངེས་

སམ། དེ་སྐད་ཅེས་གསོལ་པ་ལས་སྨྲས་པ། རིགས་ཀྱི་བུ་དེ་དེ་ལྟ་ཉིད་དུ་འབྱུང་བ་དག་ཡོད་པར་རུང་ངོ་། །དེ་སྐད་ཅེས་སྨྲས་པས། ཐར་པ་གཡོག་དང་བཅས་པ་དགའ་མགུ་ཡི་རངས་ཏེ། བདག་གཡོག་དང་བཅས་པ་འདི་ཁྱོད་ཉིད་ཀྱི་བཀའ་བར་གཟུང་

དུ་གསོལ། བདག་ཀྱང་ཁྱོད་ལ་ཐམས་ཅད་མི་འགག་པའི་ལམ་བླངས་ཏེ་རྣལ་འབྱོར་དུ་གནས་པར་འཚལ་བས་དམ་པ་ཉིད་དུ་ངེས་པར་གཟུང་དུ་གསོལ་ཞེས་འདུན་པ་ལས། དགེ་སློང་དེས་སྨྲས་པ། ཡིན་ནོ་ལེགས་སོ། །དེ་ལྟར་བྱའོ་ཞེས་ལེགས་

པ་བྱིན་ནས་ཐར་པ་ནག་པོ་རབ་ཏུ་བྱུང་ནས་དམ་པར་བཟུང་། དན་བག་ནི་དུས་འཛིན་དུ་བཟུང་སྟེ་དགེ་སློང་ཐར་པའི་གཡོག་ཏུ་བྱས་སོ། །དེ་ནས་ཐར་པ་དགེ་སློང་གིས་གསོལ་པ། དགེ་སློང་ཆེན་པོ་ཐམས་ཅད་ཇི་ལྟ་བའི་ལམ་དམ་པ་དེ་གང་ལགས།

སྨྲས་པ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །དེ་སྐད་ཅེས་སྨྲས་པས། ཐར་པ་གཡོག་དང་བཅས་པ་ཡི་རངས་ཏེ། ཨེ་མའོ་ཐབས་ལ་མཁས་

เล่ม ๙๗ · หน้า 137a

སོ། །ངེས་སོ། །ཡིན་ནོ། །གཏད་དོ། །བདག་ཐམས་ཅད་དུ་དེ་ལ་ཡོངས་སུ་གནས་སོ་ཞེས་གསོལ་ཏེ། སྒྲ་ཇི་ལྟ་བ་དེ་བཞིན་དུ་སྤྱད་པ་ལས་ཐར་བ་དགེ་སློང་ནི་བློ་གྲོས་ཀྱི་ངེས་པ་མ་རྙེད་དེ། སྒྲ་འབའ་ཞིག་ལ་ཕྱོགས་པས་དངོས་པོ་བཞི་ཁོ་

ནས་སྤྱད་དེ་ཞེན་ནས་ལུས་དམ་པའི་ཆ་བྱད་དུ་བཅུག་ནས་སེམས་ངན་འགྲོ་བའི་ལམ་དུ་ཞུགས་སོ། །གཡོག་དན་བག་ནི་སྒྲ་གཞིའི་དོན་གྱི་ངེས་པ་རྙེད་ནས་བློ་གྲོས་དམ་པར་འབྲེལ་ཏེ། དོན་འབའ་ཞིག་ལ་ཕྱོགས་པས་ཇི་བཞིན་པ་ཁོ་ནར་སྤྱད་དེ་ཞེན་ནས་ཡོངས་

སུ་རྣལ་འབྱོར་པས་ལུས་མ་རབས་ཀྱི་ཆ་བྱད་དུ་བཅུག་ནས་སེམས་དམ་པར་ངེས་པའི་ལམ་དུ་ཞུགས་སོ། །དེ་ནས་ཐར་པ་གཡོག་དང་ལྟ་བ་མ་མཐུན་ཏེ། སྨྲས་པ། བདག་ཅག་གཉིས་ནི་དཔོན་གཅིག་ལ་སྒྲ་གཅིག་ཏུ་བྱུང་བ་འདི་ལ་སོ་སོར་མ་མཐུན་པ་འདི་ཇི་

ལྟ་ཞིག །དན་བག་གིས་སྨྲས་པ། བདག་གིས་ནི་ད་ལྟར་ངེས་པར་འཇོག་པ་འདི་ཁོ་ན་ལས་གཞན་མ་ཐོས་ལགས་སོ། །སྨྲས་པ། བདག་གིས་ཀྱང་ད་ལྟར་ངེས་པ་རྙེད་དེ་སྤྱོད་པ་འདི་ཁོ་ན་ལས་གཞན་མ་ཐོས་སོ་ཞེས་སྨྲས་པས། དེ་ལ་རྩོད་པ་ཆེན་པོར་

གྱུར་ཏེ། ལྟ་བ་མ་མཐུན་པས་གཡོག་དང་སོ་སོར་བཀལ་ཏེ་མ་མཐོང་མ་ཕྲད་པར་དམ་བཅས་ནས་གཡོག་ཁམས་རིང་པོར་བཤུགས་ཏེ་སྤངས་སོ། །དེ་ནས་ཐར་པ་དགེ་སློང་དེ་མངོན་པའི་ང་རྒྱལ་ལོག་པའི་རི་བོར་སྐྱེས་ཏེ་དཔོན་ལ་སོ་སོའི་ངེས་པ་རྙེད་པ་གསོལ་བ་

ལས། དགེ་སློང་ཐུབ་དཀའ་གཞོན་ནུ་མ་བཅོས་མ་བསླད་པའི་རྣལ་མར་སྤྱོད་པས་ཁ་གསག་མེད་དེ་རང་བཞིན་གསོང་པོར་སྨྲ་བས་ན་དན་བག་ལྟར་ངེས་སོ་ཞེས་བསྒོ་བས་ཐར་བ་ཀུན་ནས་འཁྲུགས་ཏེ་སྨྲས་པ། དཔོན་པར་འདྲ་ན་གཉིག་ལྟར་རོ་ཞེས་ཀྱང་མ་མཉམ་

པར་ངེས་པར་བདག་བཀར་བཅག་པ་དང་སུན་ཕྱུང་བ་འདིས་བྱས་པས་དཔོན་འདི་ཡང་ཁམས་འདིར་མ་ཆགས་པར་བྱས་ལ། འདི་དག་བདག་གི་ཁམས་སུ་བྱའོ་ཞེས་དམ་བཅས་ནས་ཆེ་བའི་ང་རྒྱལ་སྐྱེས་ཏེ་དཔོན་ཡང་ཁམས་རིང་པོར་བཤུགས་ཏེ་ཡོངས་སུ་

เล่ม ๙๗ · หน้า 137b

སྤངས་སོ། །དེ་ནས་ཐར་པ་དེ་དེ་བཞིན་གཤེགས་པའི་གསུང་གི་སྒོ་གྲངས་མང་ཞིང་རྒྱ་ཆེ་བར་གྱུར་པས་ཐམས་ཅད་དུ་སྟོན་པ་དཔག་པར་དཀའ་བའི་ཕྱིར་ཡོངས་སུ་མ་ཆུད་དེ་གཞལ་བ་གཉིས་ཀྱིས་གཞལ་བ་མ་བྱས་པར་ཐར་པ་རང་གི་ཚད་མ་ལ་ཞེན་ཕྱོགས་སུ་

དྲངས་ནས་ཐམས་ཅད་ཀྱང་ལོག་པར་བསྒྱུར། ཉིད་ཀྱང་ལོག་པའི་རྒྱ་མཚོར་ཞུགས་ཏེ། ལོག་པའི་དཀའ་ཐུབ་དྲག་པོ་དང་། ལོག་པའི་བརྟུལ་ཞུགས་ཆེན་པོ་ལ་ཞུགས་པ་ནི་དུར་ཁྲོད་ཀྱི་མི་རོ་དག་བླངས་ཏེ་ཁ་ཟས་སུ་བྱེད་ཅིང་པགས་པ་དག་བཤུས་ཏེ་གཡང་

གཞིར་གྱོན་ཏེ་ལོངས་སྤྱོད་པ་ཅེ་སྤྱང་ནག་པོ་དང་། འཕར་བ་རྐང་རྡེབས་དང་། དྲེད་མོ་ལག་རྡེབས་དང་། བྱ་གཅན་གསོད་བྱེད་དང་། དུར་བྱ་ཀང་ཀ་དང་། ཟ་བྱེད་དུར་ཕག་ལ་སོགས་པའི་གསོན་མ་མང་པོ་བརྟེན་ཏེ་ཐམས་ཅད་ཀྱི་སྲོག་གཅོད་ཅིང་ཤ་ཁྲག་

ལ་ལོངས་སྤྱོད་པར་བྱེད་པ། སྨད་འཚོང་མའི་ཚོགས་མང་པོར་བསྡུས་ཏེ་ཆགས་པ་ཆེན་པོར་སྤྱོད་པ། དངོས་པོ་བཞི་ལས་མི་འདའ་བར་དངོས་པོ་བཞིའི་རང་བཞིན་ཇི་བཞིན་པ་དེ་ཁོ་ན་ཉིད་ལས་ཡོངས་སུ་འདས་པར་གྱུར་ཏོ། །དེ་ནས་སྐྱེ་བ་དེ་འཕོས་པར་གྱུར་

ཏེ། དེ་སྐྱེ་བ་དེའི་ཕྱི་མ་ལ་ཅེ་སྤྱང་ནག་པོའི་ལུས་སུ་སྐྱེ་བ་ལྔ་བརྒྱ་བླངས་ཏེ་སྲོག་ཆགས་འབའ་ཞིག་གསོད་པའི་ལས་སྤྱོད་ཅིང་ཤ་དང་ཁྲག་དྲོན་མོ་ཟ་བར་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་དག་ལ་ཁྱི་ལུ་འདེ་ལ་སོགས་པ་གདུག་པས་གསོད་པའི་ལས་ཅན་ཤ་ཁྲག་

ཟས་སུ་བྱེད་པ་ཐ་དད་པའི་ལུས་སུ་སྐྱེ་བ་ལྔ་བརྒྱ་བླངས་ཤིང་གཞན་གྱིས་བསད་ཅིང་སྐྱེ་བ་འཕོ་བ་ཤ་དག་ཏུ་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་དག་ལ་བྱ་ནེ་ལེ་ཤ་ཟན་དང་། ཁྲག་འཐུང་མཆུ་དམར་དང་། དུར་བྱ་ཀང་ཀ་དང་། རུ་རྩེ་རྐང་ལྡག་ལ་སོགས་

པ་ཐ་དད་པའི་ལུས་བླངས་ཤིང་གཞན་གྱིས་བསད་ཅིང་སྐྱེ་བ་འཕོ་བ་ཤ་དག་ཏུ་གྱུར་ཏོ། །སྐྱེ་བ་དེ་དག་གི་ཕྱི་མ་དག་ལ་སྦྲང་བུ་ཏྲེ་མ་དང་། སྲིན་བུ་པུ་ཀ་དང་། རོ་ཟ་རྐང་འཇིབ་ལ་སོགས་པ་འབུ་དང་ཤིན་ཏུ་འབུ་ཆེན་ཐ་དད་པའི་ལུས་སུ་སྐྱེ་བ་བླངས་ཤིང་དེ་

เล่ม ๙๗ · หน้า 138a

དག་ཀྱང་གཉེན་པོས་གསད་ཅིང་སྐྱེ་བ་འཕོ་བ་ཤ་དག་ཏུ་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་དག་ལ་ངན་སྐྱུགས་ཀྱི་འདམ་ན་གནས་པའི་སྐྱེ་བོར་སྐྱེས་པ་སྐྱེ་བ་ལྔ་བརྒྱ་བླངས་ཏེ་གཉེན་པོས་གསད་ཅིང་སྐྱེ་བ་འཕོ་བ་ཤ་དག་ཏུ་གྱུར་ཏོ། །སྐྱེ་བ་དེ་དག་གི་

ཕྱི་མ་ལ་སྲོག་ཆགས་དག་གི་ལུས་ལ་གནས་ཤིང་ཟས་ཀྱང་དེ་དག་ལ་བྱེད་པའི་སྐྱེ་བོར་སྐྱེ་བ་ལྔ་བརྒྱ་བླངས་ཏེ་གཉེན་པོས་གསད་ཅིང་སྐྱེ་བ་འཕོ་བ་ཤ་དག་ཏུ་གྱུར་ཏོ། །ཡང་སྐྱེ་བ་དེའི་ཕྱི་མ་དག་ལ་གསད་པའི་ཤ་དང་། ཤི་བའི་རོ་དང་། རྣམ་པར་རུལ་བ་དང་། ལུང་

པ་ཐ་དད་རྡོ་དང་། གམ་བྲག་དང་། སྡོང་ཆེན་ལ་སོགས་པའི་ནང་དུ་གནས་པའི་སྐྱེ་བོར་གྱུར་ཏེ་དེ་ལ་གནས་ཤིང་ཟས་ཀྱང་དེས་འཚོ་བ་གཉེན་པོས་གསད་ཅིང་སྐྱེ་བ་འཕོ་བ་འབའ་ཞིག་ཏུ་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་དག་ལ་མངལ་གྱི་གྲོང་ཁྱེར་ན་གནས་པའི་

སྐྱེ་བོར་སྐྱེ་བ་ལྔ་བརྒྱ་གནས་ཏེ་གནས་དང་འཚོ་བ་ཡང་དེ་ལས་བྱེད་པར་གྱུར་ཏོ། །ཡང་སྐྱེ་བ་དེའི་ཕྱི་མ་ལ་མནར་མེད་པའི་གནས་རྡོ་རྗེ་དམྱལ་བ་ཞེས་བྱ་བར་དེ་ཉིད་ཀྱི་ཚེའི་ཚད་བརྒྱད་ཁྲིའི་བར་དུ་གནས་ཏེ། དམྱལ་བ་དེའི་སྡུག་བསྔལ་གྱི་ཚད་ནི་བརྗོད་དུ་

མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གང་གི་མདུན་དུ་སྡུག་བསྔལ་གྱི་ཚད་དེ་བརྗོད་ན་གང་གིས་ཐོས་པ་དེ་བརྒྱལ་བར་འགྱུར་རོ། །དེའི་ཚེ་དེའི་དུས་ན་དམྱལ་བ་དེས་ཨེ་མའོ་འདི་ཅི་ཉེས་སྨྲས་པའི་སྐད་ཅིག་གཅིག་གིས་ཕྱིན་པར་གྱུར་ཏོ། །རྡོ་རྗེ་སེམས་

དཔའ་ཐུབ་པའི་དབང་པོ་ཆོས་ཀྱི་རྒྱལ་པོ་དེས་ཁོ་ན་ཉིད་ཀྱི་ལས་ཡིན་ཞེས་ཆོས་བསྟན་པས་ལས་དེ་ཡིད་ལ་བྱས་པས་ཡོངས་སུ་ཤེས་ཏེ་འགྱོད་པར་གྱུར་ཏོ། །འགྱོད་པ་ཙམ་གྱིས་གནས་དེ་ནས་འཕོས་ནས་རབ་ཏུ་ཚ་བའི་དམྱལ་བའི་གནས་སུ་ཡང་དེ་ཉིད་ཀྱི་ཚེ་

ཚད་བརྒྱད་ཁྲིར་གནས་ཏེ་མནར་མེད་པ་ཇི་ལྟ་བ་བཞིན་ནོ། །དེ་ནས་ཡང་འཕོས་ནས་ཚ་བ་ཆུང་ངུ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་གནག་དང་། འབར་བ་དང་། ཡང་སོས་ལ་སོགས་པའི་དམྱལ་བའི་གནས་སུ་

เล่ม ๙๗ · หน้า 138b

ཡང་དེ་དག་གི་ཚེ་ཚད་བརྒྱད་ཁྲིར་གནས་ཏེ་མནར་མེད་པ་དང་རབ་ཏུ་ཚ་བ་ཇི་ལྟ་བ་བཞིན་ནོ། །དེ་དག་ནམ་ཞིག་པ་ན་ཡང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་དེ་ལྟར་འཕེན་ནོ། །དེ་དག་ལས་འཕོས་ནས་ཀྱང་གང་འཇིག་པའི་བསྐལ་

པ་མུ་གེ་དང་ནད་དང་མཚོན་གང་དུ་བྱུང་བ་དེ་དང་དེར་སྐྱེ་བར་བྱེད་དོ། །འཇིག་པ་དེ་དག་གིས་དེ་དག་གང་སྟོངས་པ་ཡང་གཞན་དག་གང་འཇིག་པའི་དུས་སུ་ཡང་དེར་སྐྱེ་བ་ལེན་པར་འགྱུར་རོ། །དེ་དག་ལས་ཐར་ནས་ཀྱང་ཤ་དང་རུས་པའི་ཆེད་དུ་གསོད་

པའི་སྐྱེ་བའི་རིགས་སུ་བསྐལ་པ་བརྒྱད་ཁྲིར་སྐྱེ་བ་ལེན་ཅིང་འཕོ་བར་འགྱུར་རོ། །དེ་ལས་ཐར་ནས་གཤིན་རྗེའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ལྔ་བརྒྱར་གདུང་བར་གྱུར་ཏོ། །དེ་ལས་འཕོས་ནས་ལུས་སྲུལ་པོའི་རིགས་སུ་སྐྱེ་བ་བླངས་སོ། །སྐྱེ་བ་

དེའི་ཕྱི་མ་ལ་ཤ་ཟའི་རིགས་སུ་སྐྱེ་བ་བླངས་སོ། །སྐྱེ་བ་དེའི་ཕྱི་མ་ལ་སྲུལ་པོའི་རིགས་སུ་སྐྱེ་བ་བླངས་ཏེ། སྲུལ་པོ་གཉའ་དྲེག་ཅན་ཞེས་བྱ་བའི་བུ་སྲུལ་པོ་གཏོགས་འདོད་ཅན་ཞེས་བྱ་བར་སྐྱེ་བ་བླངས་སོ། །སྐྱེ་བ་དེའི་ཕྱི་མ་ལ་ཡུལ་ལང་ཀ་པུ་ར་ཞེས་

བྱ་བའི་སྨད་འཚོང་མ་ཞིག་གི་མངལ་དུ་ཆགས་ཏེ་སྐྱེ་བར་སྨིན་ཏོ། །དེ་དེར་སྐྱེ་བ་བླངས་ཏེ་ཟླ་བ་དགུ་ན་མ་ཤི་བར་གྱུར་པ་དང་། མི་གང་དག་གིས་དྭ་བུ་རྐོག་བུ་འདི་གསོ་བ་བྱར་ཡུལ་གང་སྨེ་བར་འགྱུར་བས་མའི་མཆན་དུ་གཞག་པར་རིགས་སོ་ཞེས་གླེངས་

ནས་དུག་ཤིང་ན་ལ་བྱི་ཞེས་བྱ་བའི་རྩ་ན་དུར་ཕག་གཏི་མུག་གི་ཚང་འཆས་པའི་བར་ན་དུག་སྦྲུལ་ཞེ་སྡང་གི་འཁྲས་སར་བྱེད་པ་ཁ་ལ་འདོད་ཆགས་དུག་བྱའི་ཚང་འཆས་པའི་རྩར་ཀུན་གྱིས་མའི་རོ་ཁང་བརྩིགས་ཏེ། རོ་ཁྱོགས་ལ་བླངས་ཏེ་དེར་བཅུག་ནས་

བུ་ཡང་མའི་རོ་མཆན་དུ་གཞག་གོ། །དྭ་བུ་དེས་མའི་རོ་ལ་འཇུས་ནས་ནུ་མ་ལ་འཇིབས་པས་ཆུ་སེར་དུ་དྲངས་ཏེ་ཞག་བདུན་གྱི་འཚོ་བ་བྱས་སོ། །དེ་ནས་ཁྲག་ཏུ་འཇིབས་པས་ཞག་བདུན་གྱི་འཚོ་བས་འཚོའོ། །དེ་ནས་ནུ་མ་ཟོས་པས་ཞག་བཅུའི་འཚོ་

เล่ม ๙๗ · หน้า 139a

བས་འཚོའོ། །དེ་ནས་མའི་ནང་གྲོལ་ཟད་པར་ཟོས་པས་འཚོ་བའི་བྱ་བར་གྱུར་ཏོ། །དེ་ནས་ཤ་ཟད་པར་ཟོས་པས་ཟླ་བ་བདུན་གྱི་འཚོ་བའི་བྱ་བ་བྱས་སོ། །དེ་ནས་གཞོན་ནུ་དེ་རྟས་པར་གྱུར་ནས་དུར་ཁྲོད་ཀྱི་རོ་རྣམས་ཀྱིས་འཚོ་བའི་

བྱ་བ་བྱས་སོ། །དེ་ནས་ཤིན་ཏུ་རྟས་པར་གྱུར་པ་དང་། རོ་རྣམས་ཟས་སུ་ཟ་ཞིང་རོ་གོས་དང་པགས་པ་རྣམས་གྱོན་ཏེ། དུར་ཁྲོད་ཀྱི་མ་མོ་དང་། ཤ་ཟ་དང་། ཡི་དགས་ཀྱི་ཚོགས་དང་། མི་མ་ལགས་པའི་ཚོགས་མང་པོ་ཡང་མི་རོ་རྣམས་ཀྱི་ཤ་

རྗེན་ཟོས་པའི་རང་བཞིན་གྱི་མཐུས་དབང་དུ་འདུས་ཏེ། དུར་ཁྲོད་ཀྱི་གདུག་པ་ཅན་ཀུན་གྱི་བདག་པོར་གྱུར་ཏེ། གཞན་གྱི་གཟི་བྱིན་འཕྲོག་པ། མི་གང་དང་གང་དག་གསོན་པོར་ཟ་ཞིང་མདངས་འཕྲོག་པ། ཤིན་ཏུ་འཇིགས་པའི་གཟུགས་ཅན་མ་རུངས་

པར་གྱུར་ཏོ། །མའི་ཤ་རྗེན་ཟོས་པས་ན་མ་ཟན་མ་ཏང་ཀ་ཞེས་མིང་གང་དག་གིས་ཡོངས་སུ་གྲགས་སོ། །ཡི་དགས་ཆེན་པོ་དེའི་ཁ་རླངས་ལས་ནི་ཚ་བའི་ནད་བྱུང་བས་འབྱུང་བས་ཁྱབ་སྟེ་འགྲོ་བ་གང་ལུས་ཅན་རྣམས་ཟུག་རྔུ་དྲག་པོས་གཟིར་བ། སྣ་ནས་

གྲང་བའི་ནད་བྱུང་བས་འབྱུང་བ་ཁྱབ་སྟེ་ཀུན་དུ་གདུང་བར་བྱེད་དོ། །མི་གདུག་གིས་ཕོག་པས་འཆི་བར་ངེས་པ། དྲག་པོའི་སྔགས་གཟེར་བཟླས་པ་བྱས་པས་ཐམས་ཅད་དབང་དུ་འདུ་བར་གྱུར་པ། ལུས་ཆེན་པོ་ལ་མདོག་ཐལ་ཀ་སྔོ་སྐྱར་འདུག་པ། ཁྲག་

དང་ཞག་གི་ཐིག་ལེས་བརྒྱན་པ། ཐོད་པའི་ཕྲེང་བ་སེ་རལ་དུ་ཐོགས་པ། དམར་པོ་ཁྲག་གིས་བསྐུས་པའི་པགས་པ་བགོས་པ། ཐོད་སྐྱོགས་ཁྲག་གིས་བཀང་བ་རྟག་པར་འཐུང་བ། སྐྲ་རལ་པ་ཁམ་ནག་འབན་ཅིང་གཉི་གས་པ། འབྲུ་མར་ཐོད་རུས་

ཟས་སུ་ཟ་བ། ཐལ་བ་དང་སྲོ་ཙ་ཨཉྫ་ནས་ལུས་བརྒྱན་པ། བྱའི་གཤོག་པ་ལུས་ལས་བྱུང་བས་ནམ་མཁའ་ལ་བྱ་བཞིན་བྱ་བ་བྱེད་པ། གཅེར་བུ་པ་ཐོགས་མེད་ཐོགས་པ་མེད་པས་ཆུ་ལ་ཉ་བཞིན་བྱ་བ་བྱེད་པ། གང་གིས་མཐོང་བ་མིག་རྩ་རིག་རིག་སྡང་

เล่ม ๙๗ · หน้า 139b

ཞིང་བརྒྱལ་བར་བྱེད་པ། ལུས་ཕག་གི་སྤུ་ཅན་རྩུབ་ལ་ཡན་ལག་སྦྲུལ་དུ་བྱུང་ཞིང་སྦྲུལ་གྱིས་བརྒྱན་པ། སེན་མོ་ཀང་ཀའི་མཆུ་སྡེར་དུ་བྱུང་བས་གང་ཟིན་པའི་ལུས་ཅན་ཤ་རུས་མྱགས་པར་བྱེད་པ། སྔོན་གོམས་པའི་མཐུས་ལུས་ཅན་ཐ་དད་གསད་པར་

དམིགས་པ། གང་མོའི་དབང་པོ་ཐམས་ཅད་སྡུད་པར་ཆགས་པ། ལུས་ཅན་མཐའ་དག་ཧག་སྔགས་ཏེ་ཟིལ་གྱིས་མནན་ནས་འདར་ཡེད་ཡེད་འཇོག་པ། འཇིག་རྟེན་གྱི་མ་མོ་དང་། འབྱུང་པོ་དང་། གནོད་སྦྱིན་མཐུ་ཅན་གྱིས་ཕྱག་བྱས་ཏེ་གཙོ་བོར་

མཐོང་བ། གདུག་པ་ཅན་མཐའ་དག་མངག་གཞུག་པ་དང་། ཕོ་ཉ་དང་། གཡོག་དང་། ཡང་གཡོག་དང་། བྲན་དང་། ཡང་བྲན་དུ་འཁོལ་ཞིང་། ཀུན་ལ་དབང་སྒྱུར་བའི་དབང་ཕྱུག་ཆེན་པོར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་

ཆེན་པོ་ལས་གང་ཡོངས་སུ་མ་དག་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡི་དགས་དྲག་པོ་དེ་ང་རྒྱལ་གྱི་གཏུམ་སྐད་འབྱིན་ཏེ། ཨེ་མའོ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་ནི་བདག་ཡིན་ན། བདག་ལས་གཞན་པའི་དབང་ཕྱུག་

དང་ཕྲུ་མ་ཡོད་ན་དེ་ཡང་བདག་གིར་འགྱུར་ན། བདག་ནི་འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུར་བྱུང་ངོ་ཞེས་ང་རྒྱལ་གྱི་གདངས་ངར་སྒྲོགས་སོ། །དེའི་ཚེ་འགྲོ་བ་རྣམས་ཀྱི་ཚུལ་འདི་ལྟར་བྱུང་སྟེ། ཤེས་བློ་ཐམས་ཅད་རྨུགས་ཤིང་བདུད་ཀྱིས་བྱིན་གྱིས་

བརླབས་པས་ཐམས་ཅད་ཀྱང་ཤིན་ཏུ་སྟོང་པ་རྒྱུན་ཆད་དུ་གྱུར་ཏེ་མཐའ་ཟད་པ་ཤ་དག་གོ། །བདག་ཏུ་ཞེན་པར་གྱུར་ཏེ་ཐེར་ཟུག་པ་ཤ་དག་གོ། །འགོག་པ་འཇུག་པར་གྱུར་ཏེ་འགགས་ཤིང་འདས་པ་ཤ་དག་གོ། །གདུག་ཅིང་གཏུམ་པར་གྱུར་

ཏེ་འོ་དོད་འབོད་པར་ལྟུང་བ་ཤ་དག་གོ། །ལོག་པར་ལྟ་བར་གྱུར་ཏེ་མནར་མེད་པར་ལྟུང་བ་ཤ་དག་གོ། །བརྐམ་ཞིང་འཇུངས་པར་གྱུར་ཏེ་གཤིན་རྗེའི་འཇིག་རྟེན་དུ་ལྟུང་བ་ཤ་དག་གོ། །ཤིན་ཏུ་གཡེང་བ་ཆེན་པོར་གྱུར་ཏེ་མི་ཁོམ་པའི་གནས་སུ་

เล่ม ๙๗ · หน้า 140a

ལྟུང་བཤད་དག་གོ། །ཤིན་ཏུ་གཏི་མུག་གིས་རྨོངས་པར་གྱུར་ཏེ་བྱོལ་སོང་གི་གནས་སུ་ལྟུང་བ་ཤ་དག་གོ། །ཤིན་ཏུ་ཆགས་པས་མྱོས་པར་གྱུར་ཏེ་མངལ་གྱི་ཁམས་སུ་འགྲོ་བ་ཤ་དག་གོ། །བྱང་ཆུབ་ཀྱི་ཤིང་སྐམས་པས་

སེམས་ཀྱི་རྩ་བ་ཚིག་པ་ཤ་དག་གོ། །ལང་ཀའི་བདག་པོ་དེ་ཡང་འདི་ལྟར་གྲགས་ཤིང་གྲགས་ཏེ་གྲགས་པར་གྱུར་ཏོ། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་

ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྟོང་པ་ཉིད་ལ་བརྩོན། །སྟོང་པ་ཉིད་དུ་མུ་ཆད་པས། །ཆད་པའི་ཁམས་ཆེན་ཉིད་དུ་གྱུར། །དེ་ནས་སླར་ཡང་འཕོས་པ་ཡིས། །གྲོལ་ཐར་ལམ་ནི་ཆད་པར་འགྱུར། །འདས་པའི་དུས་ན་

སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་བདག་ཏུ་ལྟ་ལ་བརྩོན། །ཐེར་ཟུག་རྟག་པ་བདག་ཆེན་གྱིས། །ཐམས་ཅད་

རྟག་པ་ཉིད་དུ་འགྱུར། །དེ་ནས་དེ་ཉིད་བླར་བྱུང་བྱུང་བས། །དམ་པ་དག་ལ་རྨོངས་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་

སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་འགོག་ལ་བརྩོན་པར་འགྱུར། །ཤིན་ཏུ་འགོག་པའི་སྦྱོར་བ་ཡིས། །འགགས་ཤིང་ཡོངས་སུ་འདས་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་

པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་འགྱུར། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡིས། །འོ་དོད་འབོད་པར་ལྟུང་བར་འགྱུར། །དེ་ནས་འཕོས་པའི་སེམས་ཅན་དེ། །

เล่ม ๙๗ · หน้า 140b

བག་ཆགས་ལས་ཀྱིས་མཚམས་སྦྱར་ནས། །ཤིན་ཏུ་གདུག་པ་ཆེན་པོར་འགྱུར། །བློ་ཡང་བདུད་ཀྱིས་བྱིན་བརླབས་ནས། །དུག་ནད་རིམས་དང་ཕྲ་མེན་མ། །གནོད་པའི་ཟུག་རྔུ་གཟེར་མདའ་འཕྲོ། །བདུད་དང་ལོག་འདྲེན་རྣམ་ཐར་འཚེ། །ཤིན་

ཏུ་གཏུམ་རྔམ་མ་རུངས་པས། འཇིག་རྟེན་གསུམ་དག་འཇིག་བྱེད་ཅིང་། །དམ་ཚིག་དག་ལ་ཟ་བ་དང་། །དམ་པའི་ཆུ་བོ་རྐ་བཟློག་སྟེ། །ལྷ་མི་འཇིག་རྟེན་འཕོ་བར་བྱེད། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་

གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་ལྟ་ལ་གནས་པར་འགྱུར། །ལྟ་བ་ཤིན་ཏུ་ལོག་པ་ཡིས། །མནར་མེད་དམྱལ་བ་ཆེན་པོར་ལྟུང་། །དེ་ནས་གལ་ཏེ་སླར་བྱུང་ན། །དམ་

པའི་ལམ་ཉིད་ཆད་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་བརྐམ་ཞིང་འཇུངས་པར་

འགྱུར། །ཤིན་ཏུ་གདུངས་འཇུངས་བརྐམ་པ་ཡིས། །ཡི་དགས་གཤིན་རྗེའི་ཁམས་སུ་ལྷུང་། །དེ་ནས་དེ་ཉིད་སླར་བྱུང་བས། །ཤིན་ཏུ་སྐེམ་པོ་དབུལ་པོར་གྱུར། །བཀྲེས་སྐོམ་ཤིན་ཏུ་གདུངས་པ་ཡིས། །ཕན་ཚུན་གསོད་ཅིང་འཇོམས་པར་

འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ལེ་ལོས་གཡེང་བར་འགྱུར། །ཤིན་ཏུ་

གཡེང་བའི་ལེ་ལོ་ཡིས། །མི་ཁོམ་གནས་སུ་ལྟུང་བར་འགྱུར། །དེ་ནས་དེ་ཉིད་སླར་བྱུང་བས། །བསྐལ་པ་གསུམ་གྱི་བསྐལ་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་

เล่ม ๙๗ · หน้า 141a

གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གཏི་མུག་རྨོངས་པར་འགྱུར། །ཤིན་ཏུ་གཏི་མུག་རྨོངས་པ་ཡིས། །གཏི་མུག་བྱོལ་སོང་ཉིད་དུ་ལྟུང་། །དེ་ནས་དེ་ཉིད་སླར་བྱུང་

བས། །མཐོང་སྣང་ལམ་ཡང་ཆད་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཆགས་

པས་མྱོས་པར་གྱུར། །ཤིན་ཏུ་ཆགས་པས་མྱོས་པ་ཡིས། །མངལ་གྱི་གྲོང་ཁྱེར་ཉིད་དུ་ལྟུང་། །དེ་ནས་དེ་ཉིད་སླར་བྱུང་བས། །འདོད་པའི་མེ་ཡིས་གདུང་བར་འགྱུར། །ཞེས་ཐམས་ཅད་དུ་གྲག་གོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་

འདས་པ་སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་དེ་ལྟར་ཡི་དགས་དྲག་པོ་དེས་མི་གང་ཇི་སྙེད་པ་དབང་དུ་གྱུར་པའི་ཆེ་བ་བཅོམ་ཞིང་། ཨེ་མའོ་དབང་ཕྱུག་

བདག་ལས་སུ་དག་ཆེ་སུ་དག་ཡོད་ཅེས་ཉིད་ལ་དམ་པ་དང་། ལང་ཀ་ཡུལ་གྱི་གྲོང་རྡལ་མཚོ་རྐོ་རྐ་ཐང་མར་གྱི་གླིང་བྱན་ལག་མཆོངས་ཀྱི་རིམ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ཞེས་བྱ་བ་ན་ལང་ཀའི་མངའ་བདག་སྲིན་པོའི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་

ཐུབ་པའི་དབང་པོ་ཞེས་བྱ་བའི་སློབ་མར་གྱུར་པ། མཐུ་དང་རྩལ་རྨད་དུ་བྱུང་ཞིང་ངོ་མཚར་ཆེ་བ། བློ་གྲོས་ཡོངས་སུ་ཆུབ་པ། ཐབས་རྒྱ་མཚོ་འདྲ་བ་སྤྲིན་ལྟ་བུ་འབྱུང་བ་ཞིག་འཇིག་རྟེན་ན་ཆེའོ་ཞེས་གྲགས་པ་ལས། ཡི་དགས་བྱའི་གཤོག་པ་ཅན་

དེ་རབ་ཏུ་འཁྲུགས་འཁམས་ནས་རུ་ཏྲའི་མེ་དཔུང་དུ་འབར་ནས་རང་གི་རྫུ་འཕྲུལ་དང་འཕུར་རྩལ་གྱིས་བྱན་ལག་མཆོངས་པའི་རིའི་རྩེ་མོ་ལ་བབས་ནས་ང་རྒྱལ་གྱི་གཏུམ་སྐད་དུ་རུ་ཏྲ་མ་ཏྲ་མ་ར་ཏྲ་ཞེས་བསྒྲགས་པས། ལང་ཀའི་ཡུལ་གྱི་གྲོང་རྡལ་ཤིག་ཤིག།

เล่ม ๙๗ · หน้า 141b

རབ་ཏུ་ཤིག་ཤིག །ཡམ་ཡོམ་དུ་གྱུར་པས་ལང་ཀའི་སྲིན་པོ་ཀུན་དང་སྲིན་མོ་ཀུན་ཀྱང་སྐྲག་ཅིང་དངངས་ནས། ཨེ་མའོ་འདི་ཇི་ལྟར་ཞིག་མིག་རྩ་རིག་རིག་དངངས་ཡེད་ཡེད་གནས་པ་དང་། གནོད་སྦྱིན་བྱའི་གཤོག་པ་ཅན་གཏུམ་རྔམ་འཁྲུགས་པ་

ཞིག་བདག་ཅག་གི་འཁྲས་ས་ན་གནས་པ་མཐོང་ཞིང་ཐོས་པར་གྱུར་ཏོ། །དེ་ནས་ལང་ཀའི་མངའ་བདག་ཆེན་པོ་ལ་སོགས་པ་སྲིན་པོའི་ཚོགས་ཀྱིས་དམག་གི་ཚོགས་ཀྱི་བསྡུ་བ་བྱས་ཏེ་གཞོམ་པར་འབད་ཅིང་འབད་པ་ལས། ཡང་སྲིན་པོ་བྱའི་གཤོག་

པ་ཅན་དེས་སྲིན་པོའི་ཚོགས་བག་འཁུམ་པ་ཞེས་བྱ་བའི་རྫུ་འཕྲུལ་གྱི་བྱ་བ་མངོན་དུ་བྱས་ནས། ང་ནི་དབང་ཕྱུག་ཆེན་པོ་སྟེ། །རྒྱལ་ཆེན་རིས་བཞི་ང་ཡི་གཡོག །ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། །གསང་བ་མཆོག་གི་བདག་ཡིན་པས། །སུ་ཞིག་

ང་ལ་འགྲན་ཟླ་ཡོད། །རུ་ཏྲ་མ་ཏྲ་མ་ར་ཏྲ་ཞེས་ང་རྒྱལ་གྱི་གཏུམ་སྐད་བསྒྲགས་པ་ལས་སྲིན་པོ་ཟིལ་གྱིས་ནོན་ཞིང་བག་འཁུམས་ནས། ལ་ལ་ནི་འདི་ནི་སྲིན་པོའི་ཁམས་རྒྱལ་བར་བྱེད་པ་ཞིག་སྟེ་བདག་ཅག་གི་གཙོ་བོའི་འོས་སོ་ཞེས་སྒྲོགས། ལ་ལ་ནི་འདི་ནི་

འཇིག་རྟེན་འཇིག་པར་བྱེད་པ་ཞིག་སྟེ་བདག་ཅག་གི་གཉེན་པོར་འགྱུར་བ་ཞིག་གོ་ཞེས་སྒྲོགས། ལ་ལ་དག་འདི་ནི་འཇིག་རྟེན་པའི་དབང་ཕྱུག་ཆེན་པོ་ཞིག་གོ་ཞེས་སྒྲོགས། ལ་ལ་དག་འདི་ནི་མཁའ་འགྲོ་ཚོགས་ཀྱི་ཚོགས་བདག་གོ་ཞེས་སྒྲོགས་སྲིན་པོའི་

རྒྱལ་པོ་ལང་ཀའི་མངའ་བདག་ནི་འདི་ནི་འབྱུང་པོའི་བུ་གཏོགས་འདོད་ཅན་ཞེས་བྱ་བ་ཡིན་ཏེ། འཇིག་རྟེན་གསུམ་སྐྲག་པ་དེ་ཁོ་ན་ཉིད་མ་གཏོགས་པ། ཐམས་ཅད་རླག་ཅིང་དབང་དུ་བྱེད་པ་ལོག་པའི་ཚོགས་བདག་སྟེ། འདི་གཞན་གྱིས་མི་ཐུལ་ཏེ། འདིའི་

གཉེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཛད་དེ་སྤྲུལ་པ་རྡོ་རྗེ་ཅན་གྱིས་བཏུལ་ནས་ངེས་པ་དམ་པར་བཀོད་དེ། ཡང་དག་པར་ལུང་སྟོན་པ་ཞིག་པས་འདིའི་རྒྱུས་གསང་སྔགས་དམ་པའི་ངེས་པ་ཐེག་པ་ཆེན་པོ་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་

เล่ม ๙๗ · หน้า 142a

བར་འགྱུར་ངེས་ཏེ། བདག་ཅག་ཀྱང་འདིའི་གཡོག་ཏུ་བྱས་ནས་སངས་རྒྱས་རྡོ་རྗེ་སྙིང་པོའི་ཞལ་མཐོང་ཞིང་གསང་སྔགས་དམ་པའི་ངེས་པ་རྙེད་པར་འགྱུར་བས་འདི་ལ་ངེས་པར་འདུན་པ་འདུན་ཅིག་ཅེས་བསྒོ་བས། སྲིན་པོའི་ཚོགས་རྣམས་ཡི་

རངས་ཏེ་རང་གི་སྡེ་དཔོན་ཅི་སྨྲ་བ་མི་འདོར་བར་དེ་ལྟར་འདུན་པས་ན་ཀུན་སྲིན་པོ་བྱའི་གཤོག་པ་ཅན་དེའི་གཡོག་ཏུ་དོང་སྟེ་ཀུན་གྱིས་སྨྲས་པ། བདག་ཅག་ཀྱང་དབང་ཕྱུག་ཆེན་པོ་ཁོ་ན་ཉིད་ལྟར་འདུན་ནོ། །ཞེས་གྲགས་ཏེ་གཙོ་བོ་དམ་པར་འཛིན་ཏོ། །དེས་དེ་

དག་འཁོར་དུ་འཛིན་པར་བྱས་སོ། །དེ་ནས་ཡང་སྲིན་པོ་བྱའི་གཤོག་པ་ཅན་དེ་སྲིན་པོ་དེའི་དེད་དཔོན་མ་ཏང་ཀ་རུ་ཏྲ་ཞེས་བྱ་བར་གྲགས་པ་དེ་ང་རྒྱལ་གྱི་ཆེ་བ་བཅོམ་སྟེ་བདག་ལས་ཆེ་བ་གང་ཞིག་ཡོད་ཡང་སུ་ཞིག་ཡིན་རུ་ཏྲ་མ་ཏྲ་མ་ར་ཏྲ་ཞེས་སྒྲ་སྒྲོགས་པ་ལས།

ལྷའི་དེད་དཔོན་མ་ཏང་ཀ་རུ་ན་ཞེས་བྱ་བ་མཐུ་དང་རྫུ་འཕྲུལ་ཐབས་དང་ཆེ་བ་ཁྱད་པར་དུ་བྱུང་བ་དེ་དཔགས་སོ་ཞེས་གྲགས་པ་ལས། བདུད་རུ་ཏྲ་ནག་པོ་དེ་ཤིན་ཏུ་འཁམས་འཁྲུགས་ནས་ང་རྒྱལ་གྱི་གཏུམ་སྐད་བསྒྲགས། རང་གི་རྫུ་འཕྲུལ་དང་འཕུར་རྩལ་

གྱིས་མ་ཏང་ཀ་རུ་ནའི་གནས་སུ་བབས་ཏེ་ཡང་སད་པར་ཛམས་ན། ཇ་ཞ་མར་སད་པ་མི་འདྲ་ནས་ལུས་ཅན་ཡིན་པས་འུད་ནས་འཐབས་འཐབས་སུ་བྱུང་བའི་ངད་ལ་ཚ་གྲང་དབུགས་ཧམ་ནས་ནད་ཀྱི་མཚོན་ཆ་སྤྲོས་ནས་ཁོ་ན་དེའི་ལུས་ལ་ཁྱབ་སྟེ། ལུས་

མེ་དབལ་ནག་པོའི་འབྲུམ་པས་གང་ནས་མི་བཟོད་པའི་ཟུག་རྔུས་གདུངས་ཏེ་ཁོ་ན་ངོ་བོ་དེ་འུད་ཐབས་སུ་བསད་དོ། །ཁོ་ན་དེའི་བམ་འཛམ་བུའི་གླིང་དུ་ཧན་པ་ལས་དགེ་གནས་ཀྱི་ཡུལ་བརྒྱད་དུ་སྣང་ངོ་། །འུད་ནས་ཁོ་ན་ཉིད་བསད་པའི་ཁྱོ་མོ་

དང་བུ་འཁོར་རྣམས་ནི་གནོད་སྦྱིན་བྱའི་གཤོག་པ་ཅན་དེའི་འཁོར་དུ་ཇེན། ལྷ་མ་ཡིན་དང་། ཤ་ཟ་དང་། རོ་ལངས་རིལ་བདུད་དེའི་སར་ཇེན། རྒྱལ་པོ་བཞི་གང་གི་སྐྱབས་སུ་བརྒྱུགས་ཀྱང་ཡོངས་སུ་མ་ཐར་བར་དེའི་བྲན་དུ་ཇེན། བརྒྱ་

เล่ม ๙๗ · หน้า 142b

བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དྲག་པོ་ལ་སོགས་པ་ཀུན་ཀྱང་གང་གི་སྐྱབས་སུ་བརྒྱུགས་ཀྱང་མ་ཐར་བར་དེའི་བྲན་དུ་ཇེན། དེ་དག་གི་ཁྱོ་མོ་རིལ་ཡང་ཕྲོགས་ནས་ལ་ལ་ནི་ཁྱོ་མོར་བྱས། ལ་ལ་ནི་སླས་སུ་བྱས། ལ་ལ་ནི་བྱི་

མོར་བྱས། ལ་ལ་ནི་མཛའ་མོར་བྱས། ལ་ལ་ནི་བྲན་མོར་བྱས། ལ་ལ་ནི་ཕོ་ཉ་དང་མངག་པར་བྱས། ལྷ་མི་ཡོངས་སུ་སྲིད་བརླག་ནས་ཐམས་ཅད་ནག་པོ་བཀྲག་མེད་ཀྱི་ཁམས་སུ་གྱུར་ཏོ། །དེ་ཡང་འདི་ལྟར་གྲགས་ཤིང་གྲགས་ཏེ་གྲགས་

པར་གྱུར་ཏོ། །ནག་པོ་ཁྱུང་གཤོག་འཕུར་རྩལ་ཅན། །གཏུམ་རྔམ་ཤིན་ཏུ་མ་རུངས་པ། །མི་སྡུག་གདོང་མི་སྡུག་གཟུགས་དང་། །མི་སྙན་སྒྲ་ཡི་ཚམ་ངམ་དང་། །ཤ་སྤུངས་རུས་སྤུངས་འབུ་དང་རྣག །ཁྲག་དང་བཤང་གཅིའི་ཁུ་བ་ལ། །

ལོངས་སྤྱོད་བྱེད་ཅིང་རྟག་ཏུ་འཚོ། །ལོག་པའི་སྡེ་དཔོན་དྲག་པོ་དེས། །འདི་ན་ལྷ་མིའི་སྲིད་བརླག་ནས། །ལྷ་ཡི་སྡེ་དཔོན་ཀ་རུ་ན། །ཁོ་ན་ངོ་བོ་ཉིད་བསད་ནས། །འཁོར་ཡང་རང་གི་ཕྲུ་མར་བྱས། །གདུག་པའི་ཟུག་རྔུ་མེར་འབར་བས། །ཀུན་ཀྱང་

སྡེ་དཔོན་བཞི་ལ་དོང་། །དེ་དག་སྤུ་ཟིང་རབ་འཇིགས་པར། །དབང་པོ་དག་ལ་སྐྱབས་སུ་དོང་། །དེ་ནས་དབང་པོར་བཅས་པའི་ལྷ། །ཚངས་པའི་སྐྱབས་སུ་ཉེ་བར་དོང་། །ཚངས་པའང་ལྷ་དང་དབང་པོར་བཅས། །གཏོགས་འདོད་ལ་ནི་སྐྱབས་སུ་དོང་། །

ཚངས་པ་གཏོགས་འདོད་ལྷ་དབང་བཅས། །དྲག་པོའི་སྐྱབས་སུ་ཉེ་བར་དོང་། །ཚངས་དང་གཏོགས་འདོད་དབང་པོ་དག །ཤིན་ཏུ་སྐྲག་ཅིང་འཇིགས་འགྱུར་ཏེ། །རྡོ་རྗེ་ཅན་ལ་སྐྱབས་སུ་དོང་། །དེ་བཞིན་གང་ལ་སྐྱབས་ཡོད་པར། །ཉེ་བར་བརྒྱུགས་

ཀྱང་མ་ཐར་བར། །འཇིགས་བྱེད་དེ་ཡི་བྲན་དུ་ཇེན། །ཞེས་ཐམས་ཅད་དུ་གྲགས་པར་གྱུར་ཏོ། །འུད་ནས་བདུད་རུ་ཏྲ་ནག་པོ་ལྟ་ཞིག །ལྷ་མི་གཡོ་འགུལ་ཐམས་ཅད་དབང་དུ་མཛད་དེ། ལང་ཀའི་ཡུལ་གྱི་གྲོང་རྡལ་མཚོ་རྐོ་རྐ་ཐང་མར་བྱན་ལག་

เล่ม ๙๗ · หน้า 143a

མཆོངས་ཀྱི་རི་བམ་རི་ཐོད་པ་མཁར་ཞེས་བྱ་བར་འཁྲས་ཏེ། བདུད་ཀྱི་རྒྱལ་མཚན་ནི་ཕུག་ཏུ་བཙུགས། བདུད་ཀྱི་རུ་མཚོན་ནི་སྒོར་ཕྱར་ཏེ་རང་གི་ཕྲུ་མས་ཡོངས་སུ་བསྐོར། དྲག་པོ་རང་གི་རྫུ་འཕྲུལ་བསྐྱེད་ནས་རྫུ་འཕྲུལ་གྱིས་རི་

རབ་མཛུབ་མོའི་རྩེ་ལ་བཞག་སྟེ། སྤྱི་བོ་ལ་འགྱིང་བག་ཏུ་བསྐོར་ཞིང་ང་རྒྱལ་གྱི་གཏུམ་སྐད་སྒྲོགས་པ་ནི་འདི་ལྟ་སྟེ། རུ་ཏྲ་མ་ཏྲ་མ་ར་ཏྲ་ས་ཁམས་ན་བདག་ལས་སུ་ཞིག་ཆེ་གང་ཞིག་ཡོད། ཨེ་མའོ་སྔོན་དཔལ་ཤཱཀྱ་ཐུབ་པ་ཞེས་བྱ་བས་འཆི་བདག་

གི་བདུད་བཏུལ་བའི་ཚེ་དེའི་བསྟན་པ་ལ་བྱུང་བའི་མཆོག་ཆེན་པོ་ཉན་ཐོས་རྣམས་ཀྱིས་ཐམས་ཅད་ཞི་བར་ལྷན་པའི་སྨྲ་བས་སྨྲས་ཏེ། ངའི་བཀའ་ཉོན་ཅིག་ཅེས་ཟེར་བ་ལས་ཀྱང་བུ་ཆུང་གོ་ཟུ་འཕྲག་པ་ལ་ཁོལ་ལ་རང་གི་དཀའ་ཐུབ་ལ་བདེ་བར་ནོས་ཤིག་

ཅེས་བྱས་ནས་མ་ཉན་ནས་དེས་ཀྱང་བདག་དབང་དུ་བྱེད་མ་ནུས་སོ། །དེའི་དྲུང་ན་དཔལ་རྡོ་རྗེ་སྙིང་པོ་ངག་གི་དབང་ཕྱུག་ལྷ་ཞིག་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ནས་ཧྲི་ཞེས་དབང་རྒྱུད་དུ་ཉན་ན། ཁོ་ན་ཉིད་ཀྱིས་ཐ་ཁ་བརྡབ་པ་བྱས་ནས་འགྲུན་བུ་ཁྱོད་ཀྱང་

བདེ་བར་ནོས་ཤིག་ཅེས་བསྒོ་བས་དེ་ཡང་ཐག་ཁོས་ཏེ་སླར་ཇེན་ནོ། །གནམ་རིམ་པ་བཅུ་བཞི་ན་དཔལ་རྡོ་རྗེ་སྙིང་པོ་ལྷ་ཞིག་འགྲན་གྱི་ཟླ་མེད་པར་ཐོས་ནས་དེ་ཡང་བདག་དབང་དུ་བྱས་ལ་ཐམས་ཅད་འུབ་ལ་རྗེན་རྦན་ཞེས་སྒྲོགས་ཤིང་འགྲན་གྱི་ཟླ་མེད་

རྗེ་བཙན་གཅིག་པུ་ཉིད་དུ་ལྟའོ། །ཇི་ལྟ་ཇི་ལྟར་ཐར་པ་ནག་པོ་གང་ཡིན་པ་རུ་ཏྲ་ནག་པོར་སྨིན་པར་གྱུར་པ་དེའི་ཚེ་དེའི་དུས་ན་གང་ཐུབ་དཀའ་གཞོན་ནུ་དེ་ནི་སྙིང་པོ་བྱང་ཆུབ་གང་ན་བར་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དུ་གྱུར་ཏོ། །གང་དན་བག་དེ་ནི་དེའི་

ཚེ་དེའི་དུས་ན་རྩལ་ཆེན་རྫོགས་པའི་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ཉིད་དུ་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རུ་ཏྲ་ནག་པོའི་སྤྱོད་ཡུལ་བསྟན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཉིས་པའོ།། །།བམ་པོ་

เล่ม ๙๗ · หน้า 143b

བཞི་པར་ཟུག་པ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་གང་ན་བར་འདུས་ནས་སྟོང་པ་ཉིད་དུ་བཤིག་ནས་སྐྱེས་བུ་དམ་པ་སྟོང་པ་ཉིད་ལ་སྣང་བར་མཛད་དེ། དེ་ཉིད་ཀྱི་སྒྲ་དེ་ཉིད་ལ་གྲག་པ། སྐྱེས་བུ་དམ་པ་ཁྱོད་ཀྱི་ཞིང་

ཁམས་ཀྱི་བྱ་བ་ཡོངས་རྫོགས་པར་ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ། སངས་རྒྱས་ཀྱི་མཛད་པ་མ་རྫོགས་པར་ཅིའི་ཕྱིར་བྱང་ཆུབ་པར་བྱ་སྙམ། ཐ་དད་དུ་རྣམ་པར་སྣང་བར་མ་མཛད་པར་ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་

པར་བྱ་སྙམ། དེ་སྐད་ཅེས་གྲག་པ་ལས་སྟོང་པ་ཉིད་དེ་ལས་འདི་སྐད་དུ་གྲག་གོ། །ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་དོན་གང་གི་དབང་གིས་ཞིང་ཁམས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་འགྱུར། དེ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་དང་ཐ་དད་

དུ་རྣམ་པར་སྣང་བར་མཛད་པར་འགྱུར། དེ་སྐད་དུ་གྲག་པ་ལས། ཡང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལས་བསྐུལ་བ་གསུམ་གྱིས་བསྐུལ་བའི་དང་པོ་འདི་སྐད་དུ་གྲག་གོ། །སྟོང་ཉིད་མི་གཡོ་ནམ་མཁའ་ལ། །མི་བསྐྱོད་བདེ་བར་གཤེགས་མཛད་

པ། །མི་དམིགས་མི་རྟོག་དེ་བཞིན་ཉིད། །རྟོག་པ་སྣ་ཚོགས་སྐྱེད་པར་མཛོད། །ཅེས་གྲག་གོ། །དེ་ལ་ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །མི་རྟོག་ངང་ལས་རྟག་ཉིད་དུ། །བརྟགས་པས་སྟོང་པ་གང་བྱུང་བ། །དེ་ཉིད་རྟོག་པ་

ཆེན་པོ་སྟེ། །གང་མི་རྟོག་པ་རྟོག་པའི་རྒྱུ་ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ནམ་མཁའི་དབྱིངས་ཀྱི་སྙིང་པོ་ལས། །རང་བཞིན་ཀུན་དུ་སྣང་བའི་འོད། །ཡོངས་ལ་ཁྱབ་པ་སྙིང་རྗེའི་ཡུལ། །མཐའ་ཡས་རྒྱལ་

སྲིད་སྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཀུན་འབྱུང་ཀུན་གཞི་ཆོས་ཀྱི་དབྱིངས། །མ་སྐྱེས་མི་འགག་ཀུན་དུ་སྣང་། །སྨྲ་བསམ་རྗོད་མེད་ཡུལ་ལས་འདས། །མཐའ་ཡས་མཐའ་

เล่ม ๙๗ · หน้า 144a

ཡས་བསྐྱེད་པའི་ཡུམ། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཐ་དད་རྣམ་པར་སྣང་མཛད་ན། །གསུང་གི་ཕྱག་རྒྱའི་ཡེ་ཤེས་ལས། །རྒྱལ་བ་རྣམས་ནི་ཡི་གེར་སྣང་། །ཡི་གེའི་ཡེ་ཤེས་

སྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །དེ་ཉིད་ཡི་གེའི་རང་བཞིན་ཏེ། །རང་བྱུང་ཡེ་ཤེས་མུྃ་དུ་གསལ། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་སྣང་། །རྒྱལ་བའི་ཡི་གེའི་རང་

བཞིན་ཏེ། །ཕྱག་རྒྱ་ཡི་གེ་ཨོཾ་ལ་སོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨ། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་པས། །རྣལ་འབྱོར་

རིག་པའི་སྒོ་མཚོན་པ། །ཐུགས་ཀྱི་རྟགས་སྣང་སྣང་བ་མཛད། །རྣམ་གྲོལ་ཡེ་ཤེས་བསྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་པུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྟག་ཏུ་རྣམ་རྟོག་མེད་ལས་འབྱུང་། །

མི་རྟོག་རྣམ་གྲོལ་ཡེ་ཤེས་ཐུགས། །རྟོག་ལ་རྣམ་རྟོག་མཚན་མར་སྣང་། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །སྟོང་ཉིད་མི་རྟོག་མེ་ལོང་ལས། །མ་སྐྱེས་མི་འགག་གཟུགས་སྣང་བ། །མཁའ་ལ་འཇའ་སྣང་

ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱར་བཞེངས་སུ་གསོལ། །ཞེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །དེ་བཞིན་ཉིད་དུ་མི་དམིགས་ཀྱང་། །རང་བཞིན་ཀུན་དུ་སྣང་བའི་དབྱིངས། །མ་འདྲེས་ཡོངས་སུ་རྫོགས་པས་ན། །

ཕྱག་རྒྱའི་གཟུགས་མཆོག་རྣམ་པར་སྣང་། །ཞེས་གྲག་གོ། །དེ་ལྟར་བསྐུལ་བ་དང་པོ་དེས་ཡོངས་སུ་རྫོགས་པར་བསྐུལ་བས་སྐྱེས་བུ་དམ་པ་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཀྱི་དབྱིངས་དེ་ལས་སྟོང་པ་ཉིད་ཀྱི་སྐུ་རྣམ་པར་སྣང་བ་ནི་ཇི་ལྟ་ཇི་ལྟར་ཆུ་ཟླའི་དཀྱིལ་འཁོར་

เล่ม ๙๗ · หน้า 144b

སྣང་བའམ། །ནམ་མཁའ་ལ་འཇའ་སྣང་བའི་ཚུལ་དུ་བྱུང་ནས་གང་མ་ངེས་པའི་ཡེ་ཤེས་ཀྱི་གནས་པས་གནས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གཉིས་པ་འདིས་ངེས་པར་བསྐུལ་བ་ནི་འདི་ལྟ་སྟེ། རང་བཞིན་མ་བྱུང་མ་བཅོས་

དེ་བཞིན་ཉིད། །ཡེ་ནས་མི་གཡོ་བདེ་བ་ཆེན་པོའི་ངང་། །བཙལ་ཞིང་གཡོ་བ་འདི་ལ་ཅི་ཡང་མེད། །ཡེ་ཤེས་དབྱིངས་ཉིད་ཚིག་གི་ཐ་སྙད་དེ། །དེ་ཉིད་དངོས་དང་དངོས་མིན་འབྱུང་གནས་ཉིད། །ཅིས་ཀྱང་མི་ཚུགས་མི་ཆོད་མི་ཤིགས་པའི། །

ཡེ་ཉིད་ཇི་བཞིན་བདེ་མཆོག་མི་གཡོ་བ། །རྡོ་རྗེ་སེམས་མཆོག་ནམ་མཁའི་སྙིང་པོ་ཆེ། །དུས་གསུམ་བདེ་བར་གཤེགས་པའི་བཤེས་གཉེན་པོ། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །ཀུན་གྱི་རང་བཞིན་མེ་ལོང་འོད་པོ་ཆེ། །རྒྱལ་

བ་མཐའ་ཡས་སྐྱེད་པའི་ཡབ་ཡུམ་མཛོད། །གང་དག་བྱང་ཆུབ་སྙིང་པོར་མཚུངས་པ་ཡི། །རང་དག་དབྱིངས་ལས་མ་གཡོས་བྱང་ཆུབ་སེམས། །གང་དུ་དང་པོ་རྣམ་དག་སངས་རྒྱས་ཀུན། །ཁམས་གསུམ་ནས་བྱུང་རྡོ་རྗེ་སྙིང་པོའི་ལུས། །མཐའ་ཡས་

རྟོག་ལས་ཡི་གེ་སྣ་ཚོགས་སྤྲུལ། །སྲས་ཀྱི་ཚོགས་ཀྱིས་མཛེས་པར་བསྐོར་བའི་དཀྱིལ། །གཟུགས་སྐུར་བསྟན་ནས་ཉོན་མོངས་སྦྱང་དུ་གསོལ། །གང་དུ་དང་པོ་རྡོ་རྗེ་སྙིང་པོ་ནི། །ཁམས་གསུམ་ནས་བྱུང་བདེ་ཆེན་ལྷུན་གྱིས་གྲུབ། །གཏུམ་ཐུང་གདུག་

པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །དྲི་མེད་སྣ་ཚོགས་བློས་ནི་ཧཱུྃ་དུ་སྤྲུལ། །འོད་ཟེར་ཚུལ་གྱི་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་ཐུགས་དམ་སྨོན་ལམ་དབང་གིས་ན། །ཅིས་ཀྱང་མི་བསྐྱོད་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་རྣམ་པར་

སྣང་མཛད་ནི། །ཁམས་གསུམ་ནས་བྱུང་ཅིར་ཡང་སྣང་བར་མཛད། །རྨོངས་བྱེད་མུན་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་བྱང་ཆུབ་བློས་ནི་ཨོྃ་དུ་སྤྲུལ། །གཟུགས་མང་ཚུལ་གྱིས་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་

เล่ม ๙๗ · หน้า 145a

ཐུགས་དམ་དབང་གིས་ན། །ཅིར་ཡང་སྣང་བའི་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་ཡོན་ཏན་འབྱུང་གནས་ནི། །ཁམས་གསུམ་ནས་བྱུང་ཡིད་བཞིན་རིན་པོ་ཆེ། །འདོད་པས་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །

རྣམ་དག་འབྱུང་གནས་བློས་ནི་སྭྃ་དུ་སྤྲུལ། །རིན་ཆེན་ཕྲེང་བས་མཛེས་པར་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །འདོད་པ་ཀུན་འབྱུང་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་འོད་དཔག་མེད་པ་ནི། །ཁམས་གསུམ་

ནས་བྱུང་གསུང་རབ་སྣང་མཐའ་ཡས། །ཆགས་པས་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་དྲི་མེད་བློས་ནི་ཨྃ་དུ་སྤྲུལ། །གསུང་སྙན་ཡི་གེ་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །སྣ་ཚོགས་སྟོན་པའི་

གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་གདོན་མི་ཟ་བ་ནི། །ཁམས་གསུམ་ནས་བྱུང་སྣ་ཚོགས་ཅིར་ཡང་མཛད། །བྱ་བ་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་ནན་ཏན་བློས་ནི་ཧྃ་དུ་སྤྲུལ། །མཛད་པ་གར་གྱི་ཕྲེང་བས་བསྐོར་བའི་

དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །ཐམས་ཅད་མཛད་པའི་གཟུགས་སྐུ་བསྟན་དུ་གསོལ། །ཞེས་བསྐུལ་བ་གཉིས་པ་དེས་ཡོངས་སུ་རྫོགས་པར་བསྐུལ་བས་ཆོས་ཉིད་སྒྱུ་མ་ལས་ཡེ་ཤེས་སྒྱུ་མའི་སྐུ་སྣང་བ་ནི་ཇི་ལྟ་ཇི་ལྟར་མེ་ལོང་གི་

དབྱིངས་སུ་བཞིན་གྱི་དཀྱིལ་འཁོར་སྣང་བ་བཞིན་དུ་ཡེ་ཤེས་རང་སྣང་བར་གནས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གསུམ་པ་འདིས་མངོན་དུ་རྫོགས་པ་ལོངས་སྤྱོད་རྫོགས་པར་བསྐུལ་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དུ་གཤེགས་

པ་ཁྱོད། །འཇིག་རྟེན་མངོན་རྫོགས་རྒྱས་མཛོད་ལ། །སྙིང་པོ་བྱང་ཆུབ་ཇི་བཞིན་པ། །སེམས་ཅན་དོན་དུ་སྣང་བར་མཛོད། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །ཇི་སྙེད་བདེ་བར་གཤེགས་པ་ཡི། །སྤྲུལ་པའི་སངས་རྒྱས་ཀུན་གྱིས་ཀྱང་། །

เล่ม ๙๗ · หน้า 145b

མཐའ་དག་དོན་དུ་རྣམ་སྣང་མཛད། །ཁམས་གསུམ་འཁོར་བའི་ནད་པ་ལ། །གཞན་གྱིས་ཕན་པའི་སྨན་མ་མཆིས། །ཡང་དག་བདུད་རྩིའི་སྨན་སྦྱར་བས། །འཁོར་བའི་གཅོད་རྙིང་སྦྱང་མཛད་པ། །སྡུག་བསྔལ་ཟུག་རྔུའི་ནད་སེལ་བའི། །སྨན་པ་ཆེ་

མཆོག་གཙོ་བོར་གཤེགས། །ནད་དོ་ཅོག་གི་དགྲར་གྱུར་པ། །བདུད་རྩི་སྨན་གྱི་རྒྱ་མཚོ་ཡིས། །ལོག་པའི་ནད་དགྲས་གཟིར་བ་ཡི། །ནད་པའི་ཚོགས་ཀུན་བསླང་བར་མཛོད། །རྩལ་ཆེན་རྫོགས་པའི་སྐྱེས་བུ་ཉིད། །སྙིང་པོ་བྱང་ཆུབ་ལ་དགོངས་ལ། །

འོད་ཟེར་སྣང་བ་རྒྱས་བཀྱེ་སྟེ། །མུན་པ་བསལ་བའི་དགོངས་པ་མཛོད། །ཀྱེ་མ་སྐྱེས་བུ་དོན་གྲུབ་པ། །བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་ཐོབ་པ། །གང་འདིར་འདུལ་བའི་དུས་ལ་བབ། །གཙང་མའི་གནས་མཆོག་འོག་མིན་

གྱི། །ཆོས་ཀྱིས་མཐོང་བའི་གཞལ་ཡས་སུ། །རྫོགས་ལོངས་སྤྱོད་པའི་སྐུར་གཤེགས་ཏེ། །སྙིང་པོ་བསྐུལ་བའི་བྱ་བ་མཛོད། །ཅེས་རྣམ་པར་བསྐུལ་བས། །ཇི་ལྟ་ཇི་ལྟར་སྤྲིན་མཐོངས་ནས། །ཉི་མའི་དཀྱིལ་འཁོར་ཤར་བ་ལྟར། །མི་

གཡོ་བ་ཡི་དབྱིངས་ཉིད་ལས། །གཟུགས་སྐུ་ཉི་མ་ཤར་བ་སྟེ། །ཆོས་ཀྱི་མཐོ་བ་ཞེས་བྱ་བའི་གཞལ་ཡས་སུ་རྣམ་པར་སྣང་བར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་སྟེ་ཉི་ཤུ་

གསུམ་པའོ།། །།དེ་ནས་ཆོས་ཀྱི་རྒྱལ་པོ་རྫོགས་ལོངས་སྤྱོད་པ་དེ་རྡོ་རྗེ་གོ་འབྱེད་ཡོངས་སུ་བསྡུ་བའི་མཚན་མ་མཛད་པས་མཐའ་ཐུག་པ་མེད་པའི་ཞིང་ཁམས་སྟུག་པོ་བཀོད་པ་ནས་དཔག་ཏུ་མེད་པའི་རྒྱལ་བ་ཀུན་ནས་ཡོངས་སུ་འདུས་པར་གྱུར་ཏོ། །

དེའི་ཚེ་དེའི་དུས་ན་སངས་རྒྱས་སྙིང་རྗེ་ཡོངས་སུ་རོལ་པའི་ཚོགས་ཀྱིས་གཅིག་ཏུ་མཐུན་པར་བགྲོས་པ། ཀྱེ་ཀྱེ་སངས་རྒྱས་རྣམ་པ་མང་པོ་འབྱུང་བའི་ཚོགས། །སྣང་ངོ་ཀུན་དུ་རབ་ཏུ་འདིར་འབྱུང་བ། །སྲིད་པ་ལོག་པའི་གདུག་པ་ཅན། །འཁོར་བའི་ས་

เล่ม ๙๗ · หน้า 146a

བོན་རྩུབ་མོས་འཕངས། །སྡུག་བསྔལ་ཆེན་པོའི་ཡི་དགས་རྣམས། །ལས་ཀྱིས་འཇིག་རྟེན་ཁམས་འདིར་བྱུང་། །དྲག་པོ་ལོག་པའི་དཀའ་ཐུབ་ཀྱིས། །སྲིད་པ་གསུམ་གྱི་བདག་པོར་སྨིན། །དྲེགས་པ་རུ་ཏྲའི་གདུག་དཔལ་གྱིས། །

འགྲོ་རྣམས་མཐར་རློག་འཇོམས་བྱེད་འདི། །གདུལ་བའི་ཞིང་མཆོག་རྨད་དུ་བྱུང་། །སྙིང་རྗེའི་བདག་པོ་ཀུན་འདུས་ནས། །ལས་ངན་ལས་ཀྱི་རྒྱུན་བཅད་དེ། །བདེ་ཆེན་ས་ལ་གཞག་པར་རིགས། །ཞེས་བགྲོས་སོ། །སངས་རྒྱས་རྡོ་རྗེའི་གདུང་དང་

སྡེའི་ཚོགས་ཀྱིས་གཅིག་པར་བགྲོས་པ། །ཀྱེ་མའོ་འདུས་པའི་སངས་རྒྱས་རྣམས། །འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟར་དུས་འདི་ཉིད་དུ་བྱུང་། །ལུང་ལོག་མངོན་པའི་རི་བོར་བསྲེགས། །རང་རྒྱུད་བསྲེགས་པའི་བསླད་པ་ཅན། །བདུད་ཀྱིས་

བྱིན་གྱིས་བརླབས་པ་ཡི། །གླང་ཆེན་མྱོས་པ་དྲག་པོ་ཆེ། །ཤིན་ཏུ་མི་བཟད་དུག་ཆེན་གྱིས། །འོ་དོད་འབོད་པར་གསད་བརླག་པས། །རོ་གླིང་དུར་ཁྲོད་མཐར་ཞེན་པ། །ཇི་ལྟའི་ཐབས་ཀྱིས་ཕན་པར་འགྱུར། །ཞེས་བགྲོས་སོ། །སངས་རྒྱས་ནོར་བུའི་

གདུང་དང་སྡེའི་ཚོགས་ཀྱིས་གཅིག་ཏུ་མཐུན་པར་བགྲོས་པ། ནག་པོའི་གདུག་པ་སྨྱོན་པ་འདི། །ཇི་ལྟར་དེ་དགར་བཞག་འགྱུར་ན། །མི་བཟད་དུག་མཚོ་ཆུ་རླབས་ཀྱིས། །ནག་པོའི་ཁམས་སུ་རྒྱས་འགྱུར་བས། །དམ་པ་རྣམས་ཀྱི་རྒྱུན་གཅོད་ཅིང་། །

ཉི་མ་སྒྲོན་མ་འཇིག་པར་འགྱུར། །དེ་ཚེ་ལས་ཀྱི་མུན་པ་ཡིས། །ཐམས་ཅད་མུན་ནག་སྨག་ཏུ་འཁྱམས། །ཞེས་བགྲོས་སོ། །སངས་རྒྱས་པདྨོའི་གདུང་དང་སྡེའི་ཚོགས་ཀྱིས་མགྲིན་གཅིག་ཏུ་མཐུན་པར་བགྲོས་པ། གང་འདས་པའི་དུས་ན་སྔོན་བྱུང་

བ། །ལས་ཀྱི་འཁོར་ལོས་འཕངས་པ་ཡི། །བློ་གྲོས་ལོག་པའི་རུ་ཏྲ་དེ། །སྙིང་པོ་དབྱིངས་ནས་བྱུང་བ་ནི། །སྐྱེས་བུ་དམ་པའི་སྦྱོར་བ་ཡིས། །བདུད་ཀྱིས་བདུད་བཏུལ་གཉེར་བཀོད་ལྟར། །ད་ལྟར་འདི་ཚེ་བྱུང་བ་ནི། །དུག་འགྱུར་བརྩེགས་པའི་རི་བོ་

เล่ม ๙๗ · หน้า 146b

འདི། །རྡོ་རྗེ་ཁྲོས་པའི་ཐོ་ཆེན་གྱིས། །བརླག་ཅིང་གཞོམ་པའི་དུས་ལ་བབ། །ཅེས་བགྲོས་སོ། །སངས་རྒྱས་གཞོན་ནུའི་གདུང་དང་སྡེའི་ཚོགས་ཀྱིས་མགྲིན་གཅིག་ཏུ་མཐུན་པར་བགྲོས་པ། ཁོང་ནས་འཁྱིལ་བའི་དུག་ཆེན་པོ། །ཐར་མེད་མི་བཟད་

ནད་ཀྱིས་ཟིན། །རྟག་ཆད་ཁམས་སུ་ཤི་བའི་རོ། །ལམ་ལོག་ལམ་སྟོར་དམུས་ལོང་འདི། །ཡེ་ཤེས་ཁྲོས་པའི་ཆོ་འཕྲུལ་ལས། །འབར་འཕྲོ་འཁྲུག་པའི་གཟེར་ཆེན་གྱིས། །སྨག་ཆེན་མུན་ནག་གཞོམ་པའི་ཕྱིར། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་

ནས། །རྒྱལ་བ་རྒྱ་མཚོ་ཀུན་འདུས་ཏེ། །ཡེ་ཤེས་རྡོ་རྗེ་ཁྲོས་པ་ཡི། །ཆོ་འཕྲུལ་སྤྲིན་ཕུང་གཏིབས་པའི་ས། །མཐུན་འཇུག་བྱིས་པའི་ཆ་བྱད་ཀྱིས། །རྣམ་པར་རོལ་པའི་མངོན་སྤྱོད་ཀྱིས། །དུག་ཆེན་རྒྱ་མཚོ་མ་བསྐམས་ན། །འདིར་ནི་སྙིང་རྗེ་རྐྱེན་

འཚམ་མམ། །ཆོས་ཉིད་སྙིང་རྗེ་ཆེན་པོ་ཡི། །གང་འདིར་དམ་ཚིག་དམ་པའི་ཕྱིར། །དངོས་པོ་བཞི་ཡི་བསྟན་པ་མཛད། །ཅེས་བགྲོས་སོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་འདུས་པ་ཆེན་པོས་རྣམ་པར་བགྲོས་པའི་ལེའུ་སྟེ་

ཉི་ཤུ་བཞི་པའོ།། །།དེ་ལྟར་འདུས་པ་ཆེན་པོའི་བཀའ་བགྲོས་ཡོངས་སུ་ཆད་ནས་ལས་རྣམ་བཞི་གང་གིས་གདུལ་བའི་སྐབས་ལ་བབ་པར་དགོངས་པ་ཡིས་གང་དེ་རྣམ་པར་བརྟག་པའི་ཕྱིར་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སྙིང་པོར་གནས་གྱུར་པའི་

འོད་ཟེར་ལས་སྤྲུལ་པ་ཐུབ་པའི་དབང་པོར་བྱུང་ནས་དེ་བཞིན་གཤེགས་པ་ཀུན་གྱིས་སྤྲུལ་པ་དེ་ལ་བསྒོ་བ། ཐུབ་པའི་དབང་པོ་དུས་འདི་ལགས། །ཇི་བཞིན་བདེན་པའི་བྱིན་བརླབས་ཀྱིས། །དངོས་པོ་བཞི་ཡི་མེ་དཔུང་བཟློག །བྱང་ཆུབ་སྙིང་པོ་བསྐུལ་

བར་མཛོད། །ཅེས་ཡོངས་སུ་བསྐུལ་ནས་ཐུབ་པའི་དབང་པོ་དེས་དུར་ཁྲོད་ཀྱི་བདག་པོ་དེའི་ཕྲུ་མར་སྣང་བར་མཛད་ནས་ཐམས་ཅད་ཞི་བའི་སྨྲ་བར་སྨྲས་པ་ལས། དུར་ཁྲོད་ཀྱི་བདག་པོ་དེས་ཐའི་ཁ་བརྡབས་ནས་འདི་སྐད་དུ་སྨྲས་སོ། །བུ་ཆུང་ཁྱོད་ཀྱིས་བདག་

เล่ม ๙๗ · หน้า 147a

ཐུལ་བ་མ་ཡིན་ཏེ། སྔོན་ང་གནོད་སྦྱིན་གྱི་སྡེ་དཔོན་དྲག་པོ་ཞེས་བྱ་བར་གྱུར་པ་ན་ཁོ་ན་ཉིད་ལྟ་བུ་མང་པོ་བྱུང་ནས་ངའི་བསྟན་པ་ལ་ཞུགས་ཤིག །ངའི་བཀའ་ཉོན་ཅིག་ཟེར་བ་ལས་ཀྱང་མ་མཉན་ན་ད་ཁྱོད་ཀྱི་དབང་དུ་བདག་ག་ལ་ཇེན། །

གོ་ཟུ་སེ་མོ་དོར་གཟོད་ལ་རང་གི་དཀའ་ཐུབ་ལ་བདེ་བར་མནོས་ཤིག་ཅེས་བསྒོ་ནས་བདུད་ཀྱི་དངོས་པོ་བཞིས་ཡོངས་སུ་ཞམས་པས་གཙང་མ་རིས་ཀྱི་འཕགས་པ་རྟོག་པ་ལ་ཞུགས་ནས་ཕྱིར་ལོག་གོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་

ཡང་སངས་རྒྱས་པདྨའི་གདུང་དང་སྡེའི་སྤྲུལ་པ་ཀུན་དུ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡོངས་སུ་བསྒོ་བ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲི་ལས་རྔམ་ཆེན་སྟོན། །ངག་གི་དབང་

ཕྱུག་རྟ་གདོང་ཞལ་གྱིས་གནོན། །ཞེས་ཡོངས་སུ་བསྐུལ་བས་སྤྲུལ་པ་རྡོ་རྗེ་རྟ་གདོང་ཆེན་པོས་དུར་ཁྲོད་ཀྱི་བདག་པོ་ཆེན་པོའི་གནས་སུ་སྣང་བར་མཛད་ནས་ཧ་ཧ་ཧི་ཧི་ཧྲི་ཧུ་ལུ་ཧུ་ལུ་ཧུ་ལུ་ཞེས་ལྷང་ལྷང་ཚེར་ཚེར་རྟ་སྐད་དྲག་པོའི་དབྱངས་ཕྱུང་བ་ལས། སྲིད་པོའི་

ཕྲུ་མ་ཡོངས་སུ་སྤ་ཞུམ་ཞིང་བག་འཁུམས་པ་ཙམ་དུ་གྱུར་ཡང་དུར་ཁྲོད་ཀྱི་བདག་པོ་ཁོ་ན་ངོ་བོ་དེས་རང་གི་ང་རྒྱལ་གཏུམ་སྐད་དུ་རུ་ཏྲ་མ་ཏྲ་མ་ཏྲ་ཞེས་བསྒྲགས་ནས་རྣམ་པར་བརྗིད་ཕྱུང་སྟེ་འགྱིངས་པ་ལས་ཟིལ་གྱིས་མ་ནོན་ཏེ་སླར་ཁོ་ན་ངོ་བོ་དེས་སླར་བསྒོ་བ།

མགྲིན་བུ་སྔོན་ཡང་ཁྱོད་ལྟ་བུས་བདག་མ་ནོན་པས་ཁྱོད་ཀྱིས་བདག་རྗེན་པ་མ་ཡིན་ཏེ་ཉིད་ཀྱི་གནས་གང་ཡིན་པར་བདེ་བར་ནོས་ཤིག་ཅེས་ཐའི་ཁ་བརྡབ་པ་བྱས་ཏེ། ཡང་བདུད་ཀྱི་དངོས་པོ་བཞིས་ཡོངས་སུ་ཞམས་པས་གཙང་མ་རིས་ཀྱི་འཕགས་པ་རྟོག་པ་

སྐྱེས་ནས་ཕྱིར་ལོག་སྙམ་པ་ལས། དེ་བཞིན་གཤེགས་པ་ནམ་མཁའི་ལྟ་བུ་ལ་གཙང་སྨེ་མི་མངའ་བས་མ་ལོག་པར་སླར་ཧན་པ་ལས་ཁོ་ན་ངོ་བོ་དེས་ཐིམ་པར་ཛམས་ནས་དེ་བཞིན་གཤེགས་པ་ངག་གི་དབང་ཕྱུག་དེས་མཐུན་འཇུག་ཏུ་ཁོ་ན་དགའ་ལྷར་ཐིམ་དུ་ཧན་

เล่ม ๙๗ · หน้า 147b

ནོ། །དེ་ནས་དེ་བཞིན་གཤེགས་པ་དེས་དབུ་ཁོ་ནའི་གཙུག་ཏུ་ཕྱུང་ཞབས་ཁོ་ནའི་མཐིལ་དུ་བྱུང་ནས་རྡོ་རྗེ་ཧཱུྃ་ཞེས་རྒྱས་པས་ལུས་ཀུན་དུ་རྒྱས་ཏེ་ཁོ་ན་དེས་མ་བཟོད་པའི་ང་རོ་འོད་ཀྱི་སྒྲ་མཐར་བཏོན་པ་ནི་ཨ་ཙ་མའོ། །ཅི་མཛད་མྱུར་བར་མཛོད་ཅེས་བཏོན་ནོ། །དེ་

ནས་དེ་བཞིན་གཤེགས་པ་དེས་ཁོ་ན་དེའི་སྒྲིབ་པ་སྦྱང་བ་མཛད་ནས་བདེ་བ་ཁོ་ནར་ཁོ་ནའི་གཙུག་ཏུ་ཕྱུང་སྟེ་ནམ་མཁའ་ལ་རྟའི་དབྱངས་ཕྱུང་བས་སྲིན་པོའི་ཚོགས་བུར་མེར་ཐོར་ཤུག་ཏུ་གྱུར་ཏེ་ཟིལ་གྱིས་ནོན་ཅིང་བག་འཁུམས་ནས་གསོལ་པ། དཔའ་བོ་ཆེན་པོའི་

འབངས་སུ་མཆི། །ཇི་ལྟར་བགྱི་བ་བཀའ་སྩོལ་ཅིག་ཅེས་ཞུས་པས། དེ་བཞིན་གཤེགས་པ་དེས་གསུངས་པ། ངས་ནི་ཁྱོད་མ་བཏུལ་གྱིས་ཁྱོད་ཀྱི་གཉེན་པོ་རྡོ་རྗེ་ཧཱུྃ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་གིས་དབང་བསྐུར་བ་ཤིན་ཏུ་

གཏུམ་རྔམ་འཁྲུག་པ་མ་རུངས་ཤིང་མི་བཟད་པ་བདུད་ཀྱི་བདུད་ཆེན་པོ་འཇིགས་བྱེད་འབར་བ་ཞིག་འབྱུང་གིས་དེ་ལ་སྐྱབས་སུ་དོང་ཅིག་ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མི་དམིགས་པར་གཤེགས་སོ། །དེ་ནས་གསང་བ་འདུས་པའི་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་འདུས་པ་ཆེན་པོ་རྣམ་པར་བགྲོས་ནས་ཕྲིན་ལས་བཞི་ཡི་སྒོ་གང་གིས་གདུལ་བའི་སྐབས་ལ་བབ་པ་བརྟགས་ན། གང་ཞི་རྒྱས་ཀྱིས་འདུལ་བ་མི་འདྲ་ནས་དབང་དྲག་གིས་འདུལ་བར་བཀའ་བགྲོས་དམ་པར་ངེས་པར་བཅད་

པའི་མདོ་ཡོངས་སུ་གསུང་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམ་གྲོལ་སྤྱོད་པའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་འགོག་པས་ཞི་བ་ལ། །ཁྲོས་པས་ཕན་པར་མི་འགྱུར་ཏེ། །རྣལ་འབྱོར་མ་བཅོས་དེ་ཉིད་ལས། །ཞི་

བར་དེ་བཞིན་གཤེགས་ཀུན་མཛོད། །རྣལ་འབྱོར་ཚུལ་ཅན་ཞི་བས་ཀྱང་། །སྲིད་པའི་མྱུ་གུ་འགག་ནུས་ན། །རྣལ་འབྱོར་ཡོད་མེད་སྟོང་པའི་མཐུས། །འགོག་པ་བསླང་བ་སྨོས་ཅི་དགོས། །ཤིན་ཏུ་རྡོ་སྐམས་རླན་པ་ལ། །གང་དུ་འགོག་རྣམས་

เล่ม ๙๗ · หน้า 148a

བསླང་བའི་ཕྱིར། །འགག་མེད་སྟོང་པའི་ཆོས་ཉིད་ལས། །སྣ་ཚོགས་མི་འགོག་ཇི་བཞིན་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་

པ། ཤིན་ཏུ་སྟོང་པ་རྒྱུན་ཆད་ལ། །དངོས་པོས་ཕན་པར་མི་འགྱུར་ཏེ། །རྒྱུན་གྱི་བྱང་ཆུབ་སྟོང་ཉིད་ལས། །མེད་འགྱུར་དེ་བཞིན་གཤེགས་ཀུན་མཛོད། །སྟོང་ཉིད་ཚུལ་ཅན་སྟོང་པས་ཀྱང་། །ཅི་ཡང་མེད་པར་གནས་འགྱུར་ན། །མེད་པ་ལས་

བྱུང་རྣལ་འབྱོར་མཐུས། །མཐར་ཟད་མུ་ཟློག་སྨོས་ཅི་དགོས། །ཤིན་ཏུ་རྒྱུན་ཆད་བཟློག་པ་དང་། །གང་དུ་མེད་ལས་སྐྱེས་པའི་ཕྱིར། །རྒྱུན་དང་བཅས་པའི་སྟོང་ཉིད་ལ། །ཆེ་ཡོན་རྒྱུན་གྱི་འཆད་པར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་

ནས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་མི་འགྱུར་བའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་ཐེར་ཟུག་རྟག་པ་ལ། །མེད་པས་ཕན་པར་མི་འགྱུར་ཏེ། །སྙིང་པོ་བྱང་ཆུབ་དེ་ཉིད་ལས། །བདག་ཉིད་ཆེན་པོར་ཐམས་ཅད་མཛོད། །མི་

འགྱུར་ཚུལ་ཅན་རྟག་པས་ཀྱང་། །དངོས་པོ་བརྟན་གཡོར་བྱེད་ནུས་ན། །བདག་ཉིད་ཆེན་པོར་ལྷུན་གྲུབ་མཐུས། །ཐེར་ཟུག་ཟློག་པ་སྨོས་ཅི་དགོས། །བདག་ཏུ་ཞེན་པ་ཟློག་པ་དང་། །དངོས་འཛིན་རྐ་མགོ་བསྒྱུར་བའི་ཕྱིར། །བདག་མེད་རྟག་པ་

ཆོས་ཉིད་ལས། །བྱེད་མེད་རང་བཞིན་ཉིད་དུ་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་

འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛོད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྐྲག་ནུས་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །

เล่ม ๙๗ · หน้า 148b

གདུལ་དཀའ་མ་ལུས་གདུལ་བ་དང་། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །འབར་བ་ཆེན་པོ་གར་དགུ་ལས། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་

ཞེས་བྱ་བའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་ལོག་པར་ཞེན་པ་ལ། །བདེན་པས་ཕན་པར་མི་འགྱུར་ཏེ། །གསང་ཆེན་སྦྱོར་བའི་ལྡེམ་དགོངས་ལས། །ཐམས་ཅད་མཐུན་འཇུག་ཉིད་དུ་མཛོད། །མཛད་སྤྱོད་ཚུལ་ཅན་སྤྱོད་པས་

ཀྱང་། །ཐམས་ཅད་བཀའ་ཟློག་བྱེད་ནུས་ན། །ཐུགས་རྗེ་མཐུན་འཇུག་མཛད་སྤྱོད་ཀྱིས། །ལམ་ལོག་དྲང་སྲོང་སྨོས་ཅི་དགོས། །དངོས་པོས་དངོས་པོ་དགྲོལ་བ་དང་། །དུག་གིས་དུག་ནད་བསལ་བའི་ཕྱིར། །ཐབས་མཆོག་དཔག་གིས་མི་ལང་བའི། །

མཛད་པ་གར་གྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་འཇུངས་ཤིང་བརྐམ་པ་ལ། །བཏང་བས་ཕན་པར་མི་འགྱུར་

ཏེ། །མེད་ལ་མི་ཟད་ཀུན་འབྱུང་ལས། །ཐམས་ཅད་མི་ཟད་ནོར་བུར་མཛོད། །དཀའ་ཐུབ་ཚུལ་ཅན་འགགས་པས་ཀྱང་། །ཚེ་གཅིག་འཚོ་བར་བྱེད་ནུས་ན། །མེད་ལ་འདོད་དགུར་འབྱུང་བ་ཡིས། །ཁམས་གསུམ་གདུང་བ་སྨོས་ཅི་དགོས། །འཇུངས་

པ་ཚིམ་པར་བྱ་བ་དང་། །ཡོངས་སུ་གདུང་བ་བསལ་བའི་ཕྱིར། །ཐེག་ཆེན་གསང་བའི་ལོངས་སྤྱོད་ལས། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་གཞོན་ནུའི་གདུང་དང་སྡེའི་ཚོགས་

ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་ལེ་ལོ་གཡེང་བ་ལ། །བསྐུལ་བས་བརྩོན་པར་མི་འགྱུར་ཏེ། །བྱ་བཅོལ་མེད་པའི་ཆོས་ཉིད་ལས། །ཐམས་ཅད་བྱ་བ་མེད་པར་མཛོད། །མི་གཡོའི་ཚུལ་ཅན་གནས་པས་ཀྱང་། །དམ་པའི་ལས་

เล่ม ๙๗ · หน้า 149a

ལམ་གཅོད་བྱེད་ན། །བྱ་བྲལ་མི་གཡོ་བདེ་ཆེན་པོས། །འཇིག་རྟེན་གཡེང་བ་སྨོས་ཅི་དགོས། །མི་ཁོམ་ལམ་རྒྱུད་བཅད་པ་དང་། །ལེ་ལོ་གཡེང་བའི་དགྲ་གཞོམ་ཕྱིར། །བཏང་སྙོམས་རྣལ་འབྱོར་ཆེན་པོ་ལས། །བྱ་མེད་གནས་

པར་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་གླང་པོའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་གཏི་མུག་རྨོངས་པ་ལ། །བསྟན་པས་གོ་བར་མི་འགྱུར་ཏེ། །ཁྱད་པར་ཅིར་

ཡང་མཚུངས་པ་ལས། །ཐམས་ཅད་གཏི་མུག་ཆེན་པོར་མཛོད། །གཏི་མུག་ཚུལ་ཅན་རྨོངས་པས་ཀྱང་། །ཐམས་ཅད་མུན་པར་བྱེད་ནུས་ན། །མི་འབྱེད་བླང་དོར་མེད་པ་ཡིས། །ཁམས་གསུམ་རྨོངས་པ་སྨོས་ཅི་དགོས། །མུན་པའི་སྐྱེ་མཆེད་གཞོམ་པ་

དང་། རྨོངས་པ་ནམ་མཁར་བྱ་བའི་ཕྱིར། །གཏི་མུག་རྣམ་དག་ཡེ་ཤེས་ལས། །མ་འདྲེས་ཡོངས་རྫོགས་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་པདྨོའི་གདུང་དང་སྡེའི་ཚོགས་ཀྱིས་བཀས་བཅད་པའི་མདོ་

གསུངས་པ། ཤིན་ཏུ་ཆགས་ཤིང་ཞེན་པ་ལ། །གཉེན་པོས་ཕན་པར་མི་འགྱུར་ཏེ། །ཆགས་རབ་ཆེན་པོའི་ཡེ་ཤེས་ལས། །ཐམས་ཅད་ཆགས་པ་ཆེན་པོར་མཛོད། །ཆགས་པའི་ཚུལ་ཅན་སྤྱད་པས་ཀྱང་། །ཁམས་གསུམ་ཁྲག་ཏུ་བྱེད་ནུས་

ན། །འདོད་ཆགས་རྣམ་དག་ཆགས་སྤྱད་པས། །ཁམས་གསུམ་ཞེན་ཆགས་སྨོས་ཅི་དགོས། །འདོད་ཆགས་ཁྲག་མཚོ་བསྐམ་པ་དང་། །ཆགས་པས་ཆགས་པ་གཅད་པའི་ཕྱིར། །འདོད་ཆགས་རྣམ་དག་ཡེ་ཤེས་ལས། །འདོད་ཆགས་གར་

གྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀས་བཅད་པའི་མདོ་གསུངས་པ། ཤིན་ཏུ་དངོས་པོར་ཞེན་པ་ལ། །བཀག་པས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด