དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๘ · หน้า 1b
༄༅༅། །རྒྱ་གར་སྐད་དུ། །སརྦ་ཏ་ཐཱ་ག་ཏ་ཙིཏྟ་གུ་ཧྱ་ཛྙཱ་ན་ཨརྠ་གརྦྷ་ཀྲོ་དྷ་བཛྲ་ཀུ་ལ་ཏནྟྲ་པིཎྜཱ་རྠ་བི་དྱཱ་ཡོ་ག་སིདྡྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་
དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་དཔལ་ཀུན་དུ་
བཟང་པོ་རྡོ་རྗེ་ས་ང་ཧེ་རུ་ཀ་གསང་བ་མཆོག་གི་བདག་པོ་བྱིན་གྱིས་བརླབས་ཀྱི་དབང་ཕྱུག །མི་ཟད་མཛོད་ཀྱི་བཀོད་པ། ཆེ་བའི་དོན་ལ་དམ་པའི་སྤྱོད་པས་བསྐྱོད་པ་དེ། རྨད་དུ་བྱུང་
བའི་དོན་འདི་ཉིད་བཤད་པའི་གནས་གསང་བའི་ཡང་གསང་བ་ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཐིག་ལེ་བདལ་བའི་ཀློང་། ཡེ་འབྱམ་རྨད་དུ་གྲགས་པའི་གཞལ་ཡས་རྒྱ་ཕྱོགས་
เล่ม ๙๘ · หน้า 2a
སུ་ཡོངས་སུ་མ་ཆད་པ། ཆོས་ཉིད་ཀྱི་ནམ་མཁའ་ལས་ཆོ་འཕྲུལ་གྱི་སྤྲིན་ཀུན་དུ་འཐིབས་པ་བྱང་ཆུབ་ཀྱི་ཆར་མངོན་པར་འབབ་པ། ཉོན་མོངས་པའི་གདུང་བ་བངས་པར་གྱུར་པ། ཡེ་ཤེས་ཀྱི་མྱུ་གུ་མངོན་པར་བསྐྱེད་པ།
མཐའ་དང་དབུས་མེད་པ། རྩེ་མོ་ཀུན་དུ་རྒྱ་མཉམ་པ། རིན་པོ་ཆེའི་རྒྱལ་པོས་རྣམ་པར་བརྒྱན་པ། མུ་ཏིག་གི་ལྕང་ལོ་དང་། ཆུན་འཕྱང་དང་། ལྡ་ལྡིས་མཛེས་པ། ཉི་མ་ཆེན་པོས་གསལ་བཏབ་པ། ཟླ་བ་ཆེན་པོས་ཕྲ་བཀོད་པ། སྐར་
མ་དང་ཤིན་ཏུ་སྐར་མ་དག་གིས་གཟེར་སྤྲས་པ། རྡོ་རྗེ་རིན་པོ་ཆེའི་འོད་སྣང་བས་ཀུན་དུ་མདངས་ཕྱུང་བའི་མཁའ་ལ། རླུང་ནག་གི་ཕུང་པོ་རྒྱ་ཡོངས་སུ་མ་ཆད་པར་མཉམ་པ། ཁྲག་གི་ཕུང་པོ་དབའ་ཀློང་དུ་འཁྲུག་པ། རྒྱ་ཕྱོགས་སུ་ཡོངས་སུ་མ་
ཆད་པ། མ་ཏང་གི་གནས་དང་། པྲིས་མ་འབུར་འཕང་བར་ཆགས་པ། རུས་པ་ཕུང་པོ་རྒྱ་ཀུན་དུ་མཉམ་པའི་གཞི་ལ་འབར་བའི་གཞལ་ཡས་ཁང་འོད་ཟེར་ཀུན་དུ་འཕྲོ་བ། ག་བུ་ཅུང་བརྩེགས་པའི་རྩིག་པ་ལ། གནམ་ལྕགས་ཀྱི་གཟེར་ཏ་ལེ་བར་
བཏབ་པ། རྩིབས་ཀུན་དུ་ཉི་མ་དང་ཟླ་བ་རངས་པ་དང་མ་རངས་པར་འཕྱོ་བ། ཉ་ཆེན་པོའི་ཀ་གདུང་ལ་ཉ་ཕྲན་དྲལ་དྲབ་གཏམས་པ། ཟླ་བའི་ཀ་རྟེན་དང་། ཉི་མའི་ཀ་ལོ་དང་། སྦྲུལ་ཆུན་གྱི་ཀ་རྒྱན་ལ་སོགས་པ། ཧཱུྃ་གི་ཐོག་དང་། མེའི་ཆར་
མངོན་པར་འབབ་པ། ཆོས་ཉིད་ཀྱི་བླ་རེས་རྣམ་པར་བརྒྱན་པ། ཡེ་ཤེས་ཀྱི་ལྡ་ལྡིས་མངོན་པར་བྲེས་པ། རྡོ་རྗེའི་རྒྱན་དང་འཕན་གྱིས་བཀླུབས་པ། སྦྲུལ་ནག་གི་ཟར་ཚགས་དང་། སྤྲིན་ནག་གི་གྲིབ་སོ་ལྟ་བུས་གཞོལ་བའི་བར་བར་ཐམས་ཅད་
เล่ม ๙๘ · หน้า 2b
ན་རིན་པོ་ཆེ་དང་། མུ་ཏིག་དང་། མེ་ཏོག་གིས་མཛེས་པ། འཁོར་བའི་མཎྜ་ལ་ཡོ་བཀྲམ་ལ་བམ་རིལ་ཆེ་ཆུང་དང་། ཁོག་སྐམ་སྟོད་སྨད་དང་། ཡན་ལག་རིང་ཐུང་དང་། དབང་པོའི་ཕྲེང་བ་དང་། རྡོ་རྗེས་ཀུན་དུ་སྤྲས་པ། སྒོ་དགུས་ཀུན་དུ་གསལ་བར་གྱུར་པའི་གནས་
ན་རྡོ་རྗེ་རྒྱལ་ཚབ་ཅེས་བྱ་བའི་ཞེ་སྡང་རྡོ་རྗེ་དང་། རྡོ་རྗེ་གོ་ཕུར་ཞེས་བྱ་བའི་ང་རྒྱལ་རིན་ཆེན་དང་། རྡོ་རྗེ་གིང་ཞེས་བྱ་བའི་འདོད་ཆགས་པདྨོ་དང་། རྡོ་རྗེ་ཀརྨ་ཞེས་བྱ་བའི་ཕྲག་དོག་སྣ་ཚོགས་དང་། རྡོ་རྗེ་བྱ་རོག་ཅེས་བྱ་བའི་དྲོད་ཀྱི་རྟགས་འཛིན་དང་། རྡོ་རྗེ་དུས་མཚམས་ཞེས་བྱ་
བའི་མཐུན་འཇུག་གི་བཀའ་སྡོད་དང་། རྡོ་རྗེ་སྤུན་ཐམས་ཅད་དང་། རྡོ་རྗེ་མིང་ཐམས་ཅད་དང་། རྡོ་རྗེ་རིག་འཛིན་ཐམས་ཅད་དང་། རྡོ་རྗེ་ལུས་ཐམས་ཅད་དང་། རྡོ་རྗེ་རྣལ་འབྱོར་ཐམས་ཅད་དང་། རྡོ་རྗེ་ངག་ཐམས་ཅད་དང་། རྡོ་རྗེ་ལས་ཐམས་ཅད་དང་། རྡོ་རྗེ་ཡིད་
ཐམས་ཅད་དང་། རྡོ་རྗེ་མ་ཐམས་ཅད་དང་། རྡོ་རྗེ་གིང་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་ཐམས་ཅད་དང་། རྡོ་རྗེ་ཤུགས་ཀྱིས་འགྲོ་བ་ཐམས་ཅད་དང་། རྡོ་རྗེ་ཕྲ་མེན་མ་ཐམས་ཅད་དང་། རྡོ་རྗེ་ཀུན་ཏུ་འབར་མ་ཐམས་ཅད་དང་། རྡོ་རྗེ་གནོད་སྦྱིན་ཐམས་ཅད་དང་།
རྡོ་རྗེ་སྲིན་མོ་ཐམས་ཅད་དང་། རྡོ་རྗེ་སླས་དང་། བྱི་མོ་དང་། བྲན་མོ་ལ་སོགས་པ་བུད་མེད་ཐམས་ཅད་དང་། རྡོ་རྗེ་མངག་པ་ལ་སོགས་པའི་རྡོ་རྗེ་ཁྲོ་བོ་ཐམས་ཅད་འདུ་བར་གྱུར་པ། རྡོ་རྗེ་རིགས་ཀྱི་སངས་རྒྱས་ཐམས་ཅད་དང་། འགྱིང་བག་གི་ཚུལ་གྱིས་བསྙེངས་པ་
མི་མངའ་བར་རྡོ་རྗེའི་གདན་ལ་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ། ཆོ་འཕྲུལ་ཆེན་པོ་ནམ་མཁའི་དབང་ཕྱུག་ཅེས་བྱ་བའི་སངས་རྒྱས་དང་། ཆོ་འཕྲུལ་ཆེན་པོ་རྣམ་གྲོལ་སྦྱིན་པ་ཞེས་བྱ་བའི་སངས་རྒྱས་དང་། ཆོ་འཕྲུལ་ཆེན་པོ་རྣམ་གྲོལ་སྒྲོགས་པ་
ཞེས་བྱ་བའི་སངས་རྒྱས་དང་། ཆོ་འཕྲུལ་ཆེན་པོ་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སངས་རྒྱས་དང་། ནམ་མཁའི་བུ་མོ་དབང་མོ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ནམ་མཁའི་བུ་མོ་དགའ་སྡུད་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ནམ་མཁའི་བུ་མོ་རྣམ་པར་
เล่ม ๙๘ · หน้า 3a
གདུང་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ནམ་མཁའི་བུ་མོ་སྒྲོལ་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་ལ་སོགས་ཏེ། ཤིན་ཏུ་གསང་བ་ཆེན་པོའི་འཁོར་དང་། གཞན་ཡང་དམ་ཚིག་ཆེན་པོའི་འཁོར་འདི་ལྟ་སྟེ། དམ་ཚིག་ཆེན་
པོ་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། དམ་ཚིག་ཆེན་པོ་ནོར་བུའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། དམ་ཚིག་ཆེན་པོ་པདྨའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། དམ་ཚིག་ཆེན་པོ་བཀོད་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། དམ་
ཚིག་ཆེན་མོ་རྡོ་རྗེ་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། དམ་ཚིག་ཆེན་མོ་ནོར་བུའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། དམ་ཚིག་ཆེན་མོ་པདྨའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། དམ་ཚིག་ཆེན་མོ་རྒྱན་
གྱི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་ལ་སོགས་ཏེ། ཤིན་ཏུ་མི་འདའ་བ་ཆེན་པོའི་འཁོར་དང་། གཞན་ཡང་ཚད་མེད་པའི་འཁོར་འདི་ལྟ་སྟེ། གསང་བ་ཆེན་པོ་བྱམས་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ་ཆེན་པོ་སྙིང་རྗེའི་སྙིང་
པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ་ཆེན་པོ་དགའ་བའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ་ཆེན་པོ་བཏང་སྙོམས་ཀྱི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་། གསང་བ་ཆེན་པོ་བདེ་བའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གསང་
བ་ཆེན་མོ་འཇོམས་བྱེད་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གསང་བ་ཆེན་མོ་དགའ་བའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གསང་བ་ཆེན་མོ་ཁྱབ་པའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། ཤིན་ཏུ་ཚད་མེད་
པའི་འཁོར་དང་། གཞན་ཡང་རོལ་པ་ཆེན་པོའི་འཁོར་འདི་ལྟ་སྟེ། རོལ་པ་ཆེན་པོའི་སངས་རྒྱས་ཡཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་པོའི་སངས་རྒྱས་རཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་པོའི་སངས་རྒྱས་བྷིག་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་།
เล่ม ๙๘ · หน้า 3b
རོལ་པ་ཆེན་པོའི་སངས་རྒྱས་བི་ཤྭ་ཧེ་རུ་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་མོའི་རྣལ་འབྱོར་མ་ཡཀྵ་ཤོ་རི་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་མོའི་རྣལ་འབྱོར་མ་རཀྵ་ཤོ་རི་ཀ་ཞེས་བྱ་བ་དང་། རོལ་པ་ཆེན་མོའི་རྣལ་འབྱོར་མ་བྷིག་ཤ་ཤོ་རི་ཀ་ཞེས་བྱ་བ་དང་།
རོལ་པ་ཆེན་མོའི་རྣལ་འབྱོར་མ་བི་ཤྭ་ཤོ་རི་ཀ་ཞེས་བྱ་བ་དང་། ཤིན་ཏུ་རོལ་པ་ཆེན་པོའི་འཁོར་དང་། གཞན་ཡང་འཇིགས་བྱེད་ཆེན་པོའི་འཁོར་འདི་ལྟ་སྟེ། འཇིགས་བྱེད་ཆེན་པོའི་སངས་རྒྱས་ཏེ་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་། འཇིགས་བྱེད་ཆེན་པོའི་
སངས་རྒྱས་ཀེ་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་། འཇིགས་བྱེད་ཆེན་པོའི་སངས་རྒྱས་པ་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་། འཇིགས་བྱེད་ཆེན་པོའི་སངས་རྒྱས་བི་ཤྭ་ཧེ་རུ་ཀ་ཞེས་བྱ་བ་དང་། འཇིགས་བྱེད་ཆེན་མོའི་རྣལ་འབྱོར་མ་ཏེ་ཤ་ཤོ་རི་ཀ་ཞེས་བྱ་བ་དང་། འཇིགས་
བྱེད་ཆེན་མོའི་རྣལ་འབྱོར་མ་ཀེ་ཤ་ཤོ་རི་ཀ་ཞེས་བྱ་བ་དང་། འཇིགས་བྱེད་ཆེན་མོའི་རྣལ་འབྱོར་མ་པེ་ཤྭ་ཤོ་རི་ཀ་ཞེས་བྱ་བ་དང་། འཇིགས་བྱེད་ཆེན་མོའི་རྣལ་འབྱོར་མ་བི་ཤྭ་ཤོ་རི་ཀ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་འཇིགས་བྱེད་ཆེན་པོའི་འཁོར་དང་།
གཞན་ཡང་འཇོམས་བྱེད་ཆེན་པོའི་འཁོར་འདི་ལྟ་སྟེ། འཇོམས་བྱེད་ཆེན་པོའི་སངས་རྒྱས་ཏྲག་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་། འཇོམས་བྱེད་ཆེན་པོའི་སངས་རྒྱས་ཧྲི་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་། འཇོམས་བྱེད་ཆེན་པོའི་སངས་རྒྱས་ཀ་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་།
འཇོམས་བྱེད་ཆེན་པོའི་སངས་རྒྱས་བག་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་། འཇོམས་བྱེད་ཆེན་མོའི་རྣལ་འབྱོར་མ་ཏྲག་ཤ་ཤོ་རི་ཀ་ཞེས་བྱ་བ་དང་། འཇོམས་བྱེད་ཆེན་མོའི་རྣལ་འབྱོར་མ་ཏྲི་ཤ་ཤོ་རི་ཀ་ཞེས་བྱ་བ་དང་། འཇོམས་བྱེད་ཆེན་མོའི་རྣལ་འབྱོར་མ་ཀ་ཤ་
ཤོ་རི་ཀ་ཞེས་བྱ་བ་དང་། འཇོམས་བྱེད་ཆེན་མོའི་རྣལ་འབྱོར་མ་བག་ཤ་ཤོ་རི་ཀ་ལ་སོགས་ཏེ། ཤིན་ཏུ་འཇོམས་བྱེད་ཆེན་པོའི་འཁོར་དང་། གཞན་ཡང་ཟ་བྱེད་ཆེན་པོའི་འཁོར་འདི་ལྟ་སྟེ། ཟ་བྱེད་ཆེན་པོའི་སངས་རྒྱས་རུ་ཏི་ཧེ་རུ་ཀ་ཞེས་བྱ་བ་དང་།
เล่ม ๙๘ · หน้า 4a
ཟ་བྱེད་ཆེན་པོའི་སངས་རྒྱས་རག་ཏི་ཧེ་རུ་ཀ་ཞེས་བྱ་བ་དང་། ཟ་བྱེད་ཆེན་པོའི་སངས་རྒྱས་ཁ་ཧི་ཧེ་རུ་ཀ་ཞེས་བྱ་བ་དང་། ཟ་བྱེད་ཆེན་པོའི་སངས་རྒྱས་ས་ཧ་ཧེ་རུ་ཀ་ཞེས་བྱ་བ་དང་། ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་རུ་ཏི་ཤོ་རི་ཀ་ཞེས་བྱ་བ་
དང་། ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་ཏག་ཏི་ཤོ་རི་ཀ་ཞེས་བྱ་བ་དང་། ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་ཁ་ཧི་ཤོ་རི་ཀ་ཞེས་བྱ་བ་དང་། ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་ས་ཧ་ཤོ་རི་ཀ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་མའི་འཁོར་རབ་ཏུ་མང་ཞིང་བསམ་གྱིས་མི་
ཁྱབ་པའི་ཧེ་རུ་ཀ་མཐའ་ཡས་པ་ཤ་སྟག་རྣམས་དང་། གཞན་ཡང་གསང་བའི་བུ་མོའི་འཁོར་འདི་ལྟ་སྟེ། གསང་བའི་བུ་མོ་དཀར་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་རྐུན་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་རྨོངས་མོ་ཞེས་བྱ་བ་དང་། གསང་བའི་བུ་
མོ་རོ་ལངས་མ་ཞེས་བྱ་བ་དང་། གསང་བའི་བུ་མོ་ལྦོས་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་གཏུམ་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་སྨེ་ཤ་ཅན་ཞེས་བྱ་བ་དང་། གསང་བའི་བུ་མོ་མ་ཚོགས་མ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་གསང་བའི་བུ་མོའི་འཁོར་
བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་དགའ་བའི་བུ་མོའི་འཁོར་འདི་ལྟ་སྟེ། དགའ་བའི་བུ་མོ་སེང་གདོང་མ་ཞེས་བྱ་བ་དང་། དགའ་བའི་བུ་མོ་བྱ་རྒོད་གདོང་མ་ཞེས་བྱ་བ་དང་། དགའ་བའི་བུ་མོ་སྟག་གདོང་མ་ཞེས་བྱ་བ་དང་། དགའ་བའི་བུ་མོ་ཝ་
གདོང་མ་ཞེས་བྱ་བ་དང་། དགའ་བའི་བུ་མོ་ཁྱི་གདོང་མ་ཞེས་བྱ་བ་དང་། དགའ་བའི་བུ་མོ་དུར་བྱ་གདོང་མ་ཞེས་བྱ་བ་དང་། དགའ་བའི་བུ་མོ་ཁྭ་གདོང་མ་ཞེས་བྱ་བ་དང་། དགའ་བའི་བུ་མོ་མུན་གདོང་མ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་དགའ་བའི་བུ་མོའི་
འཁོར་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་ཤིན་ཏུ་གུས་པའི་བུ་མོའི་འཁོར་འདི་ལྟ་སྟེ། ཤིན་ཏུ་གུས་པའི་བུ་མོ་རྟ་གདོང་མ་ཞེས་བྱ་བ་དང་། ཤིན་ཏུ་གུས་པའི་བུ་མོ་ཕག་གདོང་མ་ཞེས་བྱ་བ་དང་། ཤིན་ཏུ་གུས་པའི་བུ་མོ་སྤྲེའུ་གདོང་མ་ཞེས་བྱ་བ་
เล่ม ๙๘ · หน้า 4b
དང་། ཤིན་ཏུ་གུས་པའི་བུ་མོ་ཐལ་བྱེད་མ་ལ་སོགས་པ་ཤིན་ཏུ་གུས་པའི་བུ་མོའི་འཁོར་དང་། གཞན་ཡང་ཤིན་ཏུ་གསོད་པ་ཆེན་པོའི་སྲས་ཀྱི་འཁོར་ལ་འདི་ལྟ་སྟེ། ཤིན་ཏུ་གསོད་པ་ཆེན་པོ་དཔལ་སྟག་གི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་པ་ཆེན་
པོ་དཔལ་གཡག་གི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་པ་ཆེན་པོ་དཔལ་ཤ་བའི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་པ་ཆེན་པོ་དཔལ་གཟིག་གི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་པ་ཆེན་པོ་དཔལ་རྟའི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་
པ་ཆེན་པོ་དཔལ་སྤྱང་ཀིའི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་པ་ཆེན་པོ་དཔལ་སེངྒེའི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་པ་ཆེན་པོ་དཔལ་དོམ་གྱི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་པ་ཆེན་པོ་དཔལ་ཕག་གི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་
གསོད་པ་ཆེན་པོ་དཔལ་དྲེད་མོའི་མགྲིན་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་གསོད་མ་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་དུར་ཁྲོད་ཅེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་གཏུན་ཁུང་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་
རྗེ་གཏུམ་མོ་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་མདའ་སྙེམས་མ་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་སྒྲ་འབྱིན་མ་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་ཟ་བྱེད་མ་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་འདྲེན་མ་ཞེས་བྱ་བ་
དང་། ཤིན་ཏུ་གསོད་མ་ཆེན་མོ་རྡོ་རྗེ་སྤོར་མ་ཞེས་བྱ་བ་དང་། ཤིན་ཏུ་གསོད་མ་ཆེན་མོའི་འཁོར་རབ་ཏུ་མང་པོ་རྣམས་དང་། དེ་དག་ལ་སོགས་ཏེ་རྡུལ་ཕྲ་རབ་སྙེད་དང་ཐབས་ཅིག་གོ། །ཡུམ་རྡོ་རྗེ་ཀུན་དུ་བཟང་མོ་ས་ང་ཤོ་རི་ཀས་ཀྱང་ཉིད་ཀྱི་སྐུ་ལ་རྣམ་པར་འཁྲིལ་ཏེ།
མདུན་གྱིས་བལྟས་ནས་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཆོས་ཐམས་ཅད་དགོངས་པ་མཉམ་པ་ཉིད་ལ་ཤར་བར་མཁྱེན་ནས་སྐུ་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་སྙོམས་པར་ཞུགས་སོ། །གསུང་མཉམ་པ་
เล่ม ๙๘ · หน้า 5a
ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་ཞུགས་སོ། །ཐུགས་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་ཏེ། འཇུག་པའམ། ལྡོག་པའམ། རྣམ་པར་ལྡོག་པ་མི་དམིགས་སོ། །དེ་ནས་བཅོམ་ལྡན་
འདས་གསང་བ་མཆོག་གི་བདག་པོ་དེས་དབྱིངས་ཀྱི་ངང་ལ་མི་གཡོ་བར་བརྣལ་བཞིན་དུ་ཡུམ་རྡོ་རྗེ་ཀུན་དུ་བཟང་མོས་སྟོང་པ་ཉིད་ཀྱི་གླུ་འདི་བླངས་ཏེ་རྣམ་པར་བསྐུལ་ཏོ། །ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་
ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཞེས་བསྐུལ་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཆོས་ཐམས་ཅད་བྱང་ཆུབ་སེམས་ལ་ཤར་པར་
མཁྱེན་ནས་སྟོང་པ་ཉིད་ཀྱི་ངང་ལས་རྡོ་རྗེའི་སྐུ་མངོན་དུ་ཕྱུང་སྟེ། དཔེར་ན་ནམ་མཁའ་དང་བ་ལས་ཟླ་བ་དྲི་མ་མེད་པར་ཤར་བ་ལྟ་བུའོ། །དེ་ནས་ཡུམ་ས་ང་ཤོ་རི་ཀ་ལ་གཟིགས་ཏེ། འཛུམ་པ་རྣམ་པར་མཛད་དོ། །དཔེར་ན་ཉི་མ་སྟོང་ལས་འོད་ཀྱི་ཟེར་བཀྱེ་
བ་ལྟ་བུའོ། །དེ་ནས་འོད་ཀྱི་ཟེར་དེ་དག་ལས་བྱང་ཆུབ་ཀྱི་སྤྲིན་མངོན་པར་འཁྲིགས་ཏེ། རོལ་པའི་ཆར་མངོན་པར་ཕབ་པས་རོལ་པ་སྣ་ཚོགས་ཀྱི་འབྲུག་དང་། རོལ་པ་སྣ་ཚོགས་ཀྱི་གློག་དང་། རོལ་པ་སྣ་ཚོགས་ཀྱི་མཆོད་པ་དང་རོལ་པ་སྣ་ཚོགས་ཀྱི་གླུ་དང་།
རོལ་པ་སྣ་ཚོགས་ཀྱི་གར་དང་། རོལ་པ་སྣ་ཚོགས་ཀྱི་རྔ་དང་། དུང་དང་ཀེར་ཀོར་དང་གླིང་བུ་དང་རོལ་པ་སྣ་ཚོགས་ཀྱི་རྒྱན་དང་། རོལ་པ་སྣ་ཚོགས་ཀྱི་སྒེག་པ་དང་སྟེག་པ་དང་། འཁྱུད་པ་དང་སྟེང་བ་དང་། སྦྱོར་བ་དང་བསྟིམ་པ་དང་མཉེས་པ་དང་། རོལ་པ་སྣ་
ཚོགས་ཀྱིས་གསོལ་བ་དང་མྱང་བ་དང་། འཆའ་བ་དང་བདེ་བ་དང་། སྤྲོ་བ་དང་། འཇོ་བ་དང་། འཇུག་པ་དང་། རོལ་པ་སྣ་ཚོགས་ཀྱི་དགའ་བ་ཆེན་པོ་ལ་འཇུག་པ་རྣམ་པར་མཛད་དོ། །དེ་ནས་ཡུམ་ཀུན་དུ་བཟང་མོ་དེས་སྤྱན་ཟིམ་བག་གིས་རྣམ་པར་འདུད་
เล่ม ๙๘ · หน้า 5b
པའི་ཚུལ་དུ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་རྣམ་པར་བལྟས་ཏེ། རྣལ་འབྱོར་སྦྱོར་བའི་ཕྱག་ལུས་ཀུན་དུ་ས་ལ་བརྡབས་ནས་རོལ་པ་ཆེན་པོའི་གླུ་འདིས་གསོལ་བ་བཏབ་བོ། །ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ། །ལོངས་སྤྱོད་
རྫོགས་མཛད་རོལ་པ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱི་རོལ་པས་བདེ་ཆེན་དབྱིངས་ནས་བཞེངས། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་གླུ་དེས་བསྐུལ་བར་ཐུགས་སུ་ཆུད་ནས། བདེ་བ་ཆེན་པོའི་
ངང་དེ་ལས་ཆོ་འཕྲུལ་ཆེན་པོར་རྣམ་པར་བཞེངས་ཏེ། རྣམ་པར་འགྱིང་བ་དང་། རྣམ་པར་བརྗིད་པ་དང་། གར་གྱི་ཕྱག་རྒྱ་ཆེན་པོ་དང་། རྣམ་པར་བཤད་པ་སྣ་ཚོགས་དང་། ཞབས་ཀྱི་བརྐྱང་བསྐུམ་དང་། སྐུའི་འགྱུར་བག་དང་། སྨིན་རིས་ཀྱི་འབྲི་ཀུ་ཏ་བསྒྱུར་
བ་དང་། སྤྲུལ་པའི་འོད་ཟེར་གྱིས་ནམ་མཁའ་ཐམས་ཅད་ཀུན་དུ་ཁྱབ་པར་མཛད་དོ། །དེ་ནས་ཐམས་ཅད་དང་ཐམས་ཅད་ལ་མཚན་མ་དང་། རྣམ་པ་དང་། ཡོད་པ་དང་། མེད་པ་ཐམས་ཅད་ལ་གསང་བ་མཆོག་གི་བདག་པོ་དེས་ཀུན་ལ་ཁྱབ་པར་མཛད་དེ། དེ་དག་
གི་རང་བཞིན་དུ་རྣམ་པར་གནས་སོ། །དེ་ནས་རྡོ་རྗེ་ཀུན་དུ་བཟང་མོ་དེ་ངོ་མཚར་དུ་གྱུར་ཏེ། ཡང་རྣལ་འབྱོར་པའི་ཕྱག་ལུས་ཀུན་དུ་ས་ལ་བརྡབས་ཏེ། ཆོ་འཕྲུལ་འབྱུང་བའི་གླུ་འདིས་གསོལ་བ་བཏབ་བོ། །ཡེ་ཤེས་སྒྱུ་མས་རྣམ་པར་རོལ་པའི་སྐུ། །ཐབས་དང་
ཤེས་རབ་ཆེ་ལ་མངའ་བརྙེས་པའི། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་བཞེངས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རྡོ་རྗེ་རོལ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཡུམ་རྡོ་རྗེ་ཀུན་དུ་བཟང་མོ་དང་། དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་ཤིན་ཏུ་མང་པོ་རྣམས་ངོ་མཚར་དུ་གྱུར་ཏེ། དེ་དག་ཐམས་ཅད་མགྲིན་གཅིག་ཏུ་རྡོ་རྗེ་རོལ་པ་དེ་
เล่ม ๙๘ · หน้า 6a
ཁོ་ནའི་གླུ་འདིས་བསྐུལ་ཏེ་གསོལ་བ་བཏབ་བོ། །ཨེ་མའོ། །ཡིད་བཞིན་སྐུ་མཆོག་ནམ་མཁའ་ལྟ་བུ་ལས། །ཁྱབ་པའི་བྱིན་བརླབས་རྡོ་རྗེ་གར་མཛད་ཅིང་། །གཟི་བརྗིད་སྤྲིན་དཔུང་རོལ་པས་བསྒྱིངས་པའི་སྐུ། །ཐོགས་མེད་རྡོ་རྗེ་རོལ་པའི་
ཆོ་འཕྲུལ་སྟོན། །ཨེ་མའོ། །ཡིད་བཞིན་གསུང་མཆོག་སྒྲ་བརྙན་ལྟ་བུ་ལས། །སྙན་པའི་བྱིན་བརླབས་རྡོ་རྗེ་བརྗོད་མཛད་ཅིང་། །ཡན་ལག་རྒྱ་མཚོ་མི་ཟད་བཀོད་པའི་གསུང་། །སེངྒེ་སྒྲ་ཡིས་གསང་སྔགས་རྒྱ་མཚོ་སྟོན། །ཨེ་མའོ། །ཡེ་ཤེས་སྙིང་པོ་
ཉི་མ་ལྟ་བུ་ལས། །ཡེ་ཤེས་བྱིན་བརླབས་རྡོ་རྗེ་བདེ་མཛད་ཅིང་། །ཐིག་ལེ་སྤྲོས་བྲལ་རྣམ་པར་མི་རྟོག་ཐུགས། །རྣམ་གྲོལ་དེ་ཉིད་ངེས་པའི་ཆོ་འཕྲུལ་སྟོན། །མི་ཤེས་བླུན་རྨོངས་འདམ་བྱིང་འགྲོ་བ་རྣམས། །སྡུག་བསྔལ་རྒྱ་མཚོས་བཅིངས་པ་ཐབས་ཀྱིས་ཁྲོལ། །
མ་རིག་མུན་པས་ལྡོངས་པ་དོན་གྱིས་ཕྱེ། །འཁོར་བའི་རྒྱ་མཚོ་རོལ་པའི་གྲུ་ཡིས་སྒྲོལ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་དོན་གྱི་སྙིང་པོ་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་རྒྱུད། །འདུས་པའི་ཚོགས་ལ་རྒྱ་ཆེར་
བཤད་དུ་གསོལ། །ཨ་ལ་ལ་ཧོ་ཞེས་ངེས་པར་བཏུད་དེ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ཀྱི་གླུ་དེས་གསོལ་བ་བཏབ་པ་མཁྱེན་ནས་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ་འཛུམ་པ་
མཛད་དོ། །འཛུམ་པ་མཛད་པས་ཐུགས་རྣམ་པར་དག་པའི་ཀློང་ནས་རིག་པའི་ཉི་མ་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བའི་འོད་ཟེར་དང་བཅས་པ་འབྱམ་ཀླས་པ་ཁྱབ་པར་ཤར་བར་མཛད་དོ། །འོད་ཟེར་དེ་དག་རེ་རེ་ལས་རྡོ་རྗེ་ཧེ་རུ་ཀ་རབ་ཏུ་མང་བའི་ཚོགས་བཤད་
པར་མཛད་དོ། །དེ་དག་རེ་རེ་ལས་ཀྱང་སངས་རྒྱས་འབུམ་ཕྲག་འཁོར་སོ་སོའི་ཞབས་འབྲིང་བཅས་པ་ལྷུན་གྱིས་གྲུབ་པར་མཛད་དོ། །དེ་དག་ལས་རིག་པའི་ཉི་མའི་ཆར་མངོན་པར་ཕབ་པས་མུན་པའི་ཀློང་ཐམས་ཅད་གསལ་བར་མཛད་དོ། །རིག་པའི་ཆོས་ཀྱི་འབྲུག་སྒྲ་
เล่ม ๙๘ · หน้า 6b
དང་། རིག་པའི་ཆོས་ཀྱི་ཆར་དང་། རིག་པའི་ཆོས་ཀྱི་གླུ་སྣ་ཚོགས་དང་། གར་སྣ་ཚོགས་དང་། རིག་པའི་ཆོས་ཀྱི་མཆོད་པ་སྣ་ཚོགས་བྱུང་སྟེ། འབྱམ་ཀླས་པའི་ནམ་མཁའ་ལ་སྒྲ་སྣ་ཚོགས་ཕན་ཚུན་དང་། ཡན་མན་དང་། སྣྲེལ་ཞི་ལ་སོགས་པ་ཐམས་
ཅད་དུ་ཁྱབ་པར་ལིང་ལོང་ཕྱད་པར་བྱུང་ངོ་། །མཆོད་པའི་ཆར་ཡང་མངོན་པར་ཕབ། རྨད་དུ་བྱུང་བའི་སྐུ་བསམ་གྱིས་མི་ཁྱབ་པ་ཡང་ལིང་ལོང་ཕྱད་རྨད་དུ་བྱུང་བའི་ཐུགས་ཀྱང་ལྷང་ངེའོ། །རྨད་དུ་བྱུང་བའི་གསུང་བསམ་གྱིས་མི་ཁྱབ་པ་ཡང་ཨ་ལ་ལ་ཧོ་ཞེས་སྒྲ་
སྒྲོགས། སངས་རྒྱས་འབུམ་ཕྲག་ཀྱང་གསུང་དབྱངས་བསམ་གྱིས་མི་ཁྱབ་པའི་སྒྲ་གཅིག་ཏུ། ཨེ་མའོ་རྨད་བྱུང་རོལ་པའི་ཆོས་ཀྱི་དོན་བྱུང་ངོ་ཞེས་སྒྲོགས། འཁོར་འབུམ་ཕྲག་དང་གདུལ་བྱ་སྣ་ཚོགས་སྤྲོ་བའི་ངོ་མཚར་སྐྱེད། རིག་པའི་རྩལ་སྦྱངས་དོན་གྱི་ཆེ་
བ་ཕྱུང་། ངམ་ཞིང་ངོ་མཚར་བར་གྱུར་ཏེ་ཐམས་ཅད་ཉེ་བར་གནས་སོ། །དེ་ནས་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་འཁོར་རྣམ་པར་སྦྱོང་བའི་རྡོ་རྗེ་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས། རྡོ་རྗེ་
སྔགས་ཀྱི་ཚིག་འདི་གསུངས་སོ། །ཧཱུྃ་ཧཱུྃ་ཧཱུྃ་རྡོ་རྗེ་འདུ་བར་བསྡུས་པ་ཡི། །དམ་ཚིག་ཆེན་པོའི་རིག་འཛིན་རྣམས། །བླ་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་གསང་བའི་གྲལ་འཁོད་དེ། །རིགས་མ་ཡིན་པ་རིགས་མིན་འགྱུར། །སྐལ་བ་བཟང་པོའི་དམ་ཚིག་འདི། །
སྐལ་བ་ངན་ལ་འབབ་མི་འགྱུར། །དེ་ལས་འདས་ན་དེ་རླག་བྱེད། །ཧཱུྃ་ཀྲོ་དྷ་ཛྭ་ལ་ས་མ་ཡ། རཀྵ་ཛྭ་ལ་ས་མ་ཡ། ཡཀྵ་ཛྭ་ལ་ས་མ་ཡ། ཙིཏྟ་ཛྭ་ལ་ས་མ་ཡ་ཞེས་གསུངས་པ་ཙམ་གྱིས་ཞལ་ལྗགས་ཀྱི་དབང་པོ་འོད་མེ་དཔུང་ཆེན་པོ་ལས་ཁྲོ་བོ་འོད་ཀྱི་ཕྲེང་བ་འབར་བ་
དང་། སྲིན་པོ་འོད་ཀྱི་ཕྲེང་བ་འབར་བ་དང་། གནོད་སྦྱིན་འོད་ཀྱི་ཕྲེང་བ་འཁྲུག་པ་དང་། ཟ་བྱེད་འོད་ཀྱི་ཕྲེང་བ་འབར་བ་བརྒྱུད་མར་བྱུང་བས་རུ་ཏྲ་ཅན་དང་། བདུད་དང་། སྲིན་མོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འཇུག་སྲེད་དང་། སྲེད་མེད་དང་། དབང་
เล่ม ๙๘ · หน้า 7a
ཕྱུག་དང་། སྟོབས་ལྡན་དང་། སྤྲེའུ་དང་། ར་དང་། ལུ་འདེ་དང་། སྦྲང་མ་དང་། བྱ་རོག་དང་། མེ་ཁྱེར་དང་། འཁོར་བ་དང་། ཆུ་དང་། ས་དང་། ནམ་མཁའ་དང་། མེ་དང་། སྒྲ་དང་། བསམ་ངན་ལ་སོགས་པ་བརླག་སྟེ། མི་
གནས་པར་གྱུར་ཅིང་རྨད་དུ་བྱུང་བ་ཉིད་དུ་མཛད་དོ། །དེ་ནས་འོད་ཟེར་དེ་དག་མཁའ་ལ་འཁྱིལ་བ་དང་། འཁོར་མང་པོ་དག་ཤིན་ཏུ་སྐྲག་སྟེ་གསོལ་བ་བཏབ་པ། ཨེ་མའོ། ཨེ་མ་བདག་ཅག་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་
བཏབ་པ་ལས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཞལ་གྱི་མདངས་ཕྱུང་སྟེ། འོད་ཟེར་དེ་དག་ཡེ་ཤེས་ཀྱི་འོད་ཞི་ཞིང་འཁྱིལ་བ་དང་། མཛེས་ཤིང་བདེ་བ་དང་ལྡན་པས་ཐམས་ཅད་རངས་པར་བྱས་པས་སྣོད་དུ་རུང་བར་རྣམ་པར་སྦྱངས་ནས་འོད་དེ་
དག་འོད་ཀྱི་གནས་སུ་ཐིམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ནས་ངེས་པར་བཞེངས་ནས་སེངྒེ་རྣམ་པར་རྒྱལ་བའི་སྒྲ་ལྟ་བུས་དོན་གྱི་བཀོད་པ། གསང་བའི་ངེས་པ། རྒྱུད་ཀྱི་འགྲེལ་
པ། རྟགས་ཀྱི་རོལ་པ། རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་ཆེན་པོ་སྒྲ་འདིས་བཤད་དོ། །ཨ་ཨོ་ཨོཾ། ས་མ་ཡ། ཨ་དྷི། གུ་ཧྱ། པུ་ཏི་ཨ་ཧོ་ཀུ་ལ་མ་ཏོང་བྱིང་ཏ་པ་དྲ་ཨ་མོ་གྷ་ཨཱི་ཤྭར་ས་མ་ཡ་ན། གུ་ཏི་ཨ་ལ་ལ་ཧོ་ཞེས་ཅང་མི་གསུང་ངོ་། །ཀུན་དུ་མི་
གསུང་། རབ་ཏུ་མི་གསུང་། གསུངས་པ་མི་འགོག་འགོག་པ་མ་ཡིན། མ་གསུངས་པ་ཉིད་ན་རྒྱ་ཆེར་བཤད་པའི་ངོ་བོར་བཞུགས་སོ། །རྣམ་པར་བཞུགས་ནས་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་ཞལ་གཟིགས་ཏེ། འཛུམ་པས་བསྐུལ་བ་རྣམ་པར་མཛད་དོ། །དེ་ནས་
དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་དེས་བསྐུལ་བར་རྣམ་པར་རིག་ནས་རང་གི་སྟན་ལས་ལངས་ནས། རང་གི་མཚན་མ་གནས་ལྔར་རེག་པར་བྱས་ནས་ལྕེ་པདྨའི་སྟེང་དུ་བཞག་ནས། ལུས་ས་ལ་བརྡབས་པའི་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ནས། སེངྒེའི་
เล่ม ๙๘ · หน้า 7b
ལྟ་སྟངས་ཀྱིས་བྱས་ནས་སྟོན་པའི་ཞལ་དུ་བལྟས་ཏེ། རྡོ་རྗེ་རྒྱལ་པོ་ཚོགས་བདག་དགོངས་སུ་གསོལ། །ཆོས་ཀྱི་རྒྱལ་པོ་མི་གཡོ་རྒྱལ་ཚུལ་མཛད། །རྒྱལ་མཆོག་རྒྱལ་པོ་ཆོས་ཀྱི་རྒྱལ་པོའི་མཐུས། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཨ་ལ་
ལ་ཧོ་ཞེས་གསོལ་བ་བཏབ་པ་ལས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རྡོ་རྗེ་ལས་ཀྱི་བཀའ་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་རྣམ་པར་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །བཛྲ་ཀརྨ་ཙཀྲ་སཏྭ་
རྃ། ཞེས་གསུངས་ཏེ། རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་གཅིག་སེམས་དཔའ་རྡོ་རྗེའི་ལག་ཏུ་བབས་པར་གྱུར་ནས་ལས་ཀྱི་རྡོ་རྗེའི་དབང་ཐོབ་པར་གྱུར་ཏེ། རྣམ་པར་རོལ་པ་ཆེན་པོ་ཤིན་ཏུ་བླ་བཀྱལ་བའི་སྤོབས་པ་ཅན་དུ་གྱུར་ཏོ། །བྱིན་གྱིས་བརླབས་ནས་ཀུན་དུ་མི་གཟོ་
བ་རབ་ཏུ་བག་དང་ལྡན་པ་ཆེན་པོར་གྱུར་ཏོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་ལས་ཀྱི་མཚན་མ་དེ་ལག་ཏུ་བླངས་ཏེ། སྟབས་སྣ་ཚོགས་དང་། གར་དང་། གླུ་སྣ་ཚོགས་རྡོ་རྗེ་ཚིག་ཏུ་ལེན་ཅིང་རྡོ་རྗེ་རྒྱ་གྲམ་ལས་ཀྱི་འཁོར་ལོ་དེ་ལན་རྣམ་པ་བཅུ་གཉིས་སུ་བསྐོར་ནས་
གྲངས་གཉིས་དང་ལྔ་བསྒྱུར་བས། ཞིང་ཁམས་མཐའ་དག་རྣམ་པར་གཡོས་ཏེ། གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འཁྲུགས། རབ་ཏུ་
འཁྲུགས། ཀུན་དུ་རབ་ཏུ་འཁྲུགས། འུར་རབ་ཏུ་འུར། ཀུན་དུ་རབ་ཏུ་འུར། ཆེམ་རབ་ཏུ་ཆེམ། ཀུན་དུ་རབ་ཏུ་ཆེམ་པར་གྱུར་ཏེ། ཞིང་ཁམས་ཐམས་ཅད་ནི་གསང་བའི་དཀྱིལ་འཁོར་ཤ་སྟག་ཏུ་གྱུར། བཅུད་ཡུལ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོར་
གྱུར། རྣམ་པར་རྔམ་པའི་ཚུལ་གྱིས་སྟོན་པའི་མདུན་ལོགས་སུ་སེངྒེ་རྡོ་རྗེས་མཚན་པའི་གདན་ལ་འགྱིང་བག་གི་ཚུལ་གྱིས་རྣམ་པར་གནས་སོ། །དེ་ནས་འདུས་པའི་འཁོར་ཚོགས་ཕལ་མོ་ཆེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
เล่ม ๙๘ · หน้า 8a
ཨེ་མ་བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་འདི་ནི་འདི་ལྟར་མཐུ་ཆེ་བ། འདི་ལྟར་བྱིན་རླབས་ཆེ་བ། འདི་ལྟར་རྒྱ་ཆེ་བ། འདི་ལྟར་མཁས་པ། འདི་ལྟར་གསལ་ཞིང་ཟབ་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པ་ལགས་སོ། །ཞེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་སེམས་དཔའ་རྡོ་རྗེ་འདི་ནི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་ཕྱི་མོ། །སྙིང་རྗེ་ཐམས་ཅད་ཀྱི་བདག་པོ། །སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན། །བྱང་ཆུབ་སེམས་དཔའ་
རིག་པ་འཛིན་པ་ཐམས་ཅད་ཀྱི་ཡབ། རྣལ་འབྱོར་པ་ཐམས་ཅད་ཀྱི་མེས་ཆེན་པོ། །མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་དེད་དཔོན། བདུད་ཐམས་ཅད་ཀྱི་ཡང་བདུད་ཆེན་པོ། །ཆོས་ཐམས་ཅད་ཀྱི་མཛོད། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོར་གྱུར་
པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་དང་ཐ་མ་མེད་པ་མཉམ་པའི་དུས། ཕ་མཐའ་ལས་ཀྱང་ཕ་མཐའ། དཔག་ཏུ་མེད་ཅིང་བསམ་དུ་མེད་པ། འབྱམ་ཀླས་པའི་དུས་ནས་བྱ་བ་བྱས་ཤིང་བྱེད་པ་བྱས་པ། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། ཆོས་
ཐམས་ཅད་ཀྱི་རང་བཞིན་དུ་སྦྱོར་ཞིང་གནས་པས་ན། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་ཤིང་ཐམས་ཅད་ཀྱི་ཡབ་ཏུ་གྱུར་པ་ཡིན་ཏེ། དེ་འདྲའོ་ཞེས་བཀའ་སྩལ་བ་ལས་འདུས་པའི་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་འདིས་ནི་
འདི་ལྟར་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་འདི་ངོ་མཚར་ལགས་སོ། །སེམས་དཔའ་རྡོ་རྗེ་དམ་པ་ལ་ལོགས་སུ་བཏུད་དེ་ལུས་ས་ལ་བརྡབས་པའི་ཕྱག་རྣལ་འབྱོར་ལུགས་སུ་བྱས་ཏེ། རྨད་དུ་བྱུང་བའི་མེ་ཏོག་དང་། ཚོགས་ཀྱི་མཆོད་པ་སྣ་
ཚོགས་བྱས་ཏེ། འདི་ལྟར་རྨད་བྱུང་ངོ་མཚར་ཁྱོད། །སངས་རྒྱས་ཐུགས་ལས་རྒྱལ་སྐྱེས་པ། །ཅི་ལྟར་ཞིང་འདིར་སྣང་ཞིག་གུ། །རྣལ་འབྱོར་ཡབ་གྱུར་རྒྱལ་བའི་སྲས། །ངོ་མཚར་ཁྱོད་ཀྱིས་སྤྱོད་པས་ན། །བཀའ་ཡི་འཁོར་ལོ་རབ་བསྐོར་བ། །
เล่ม ๙๘ · หน้า 8b
སྒྲུབ་པའི་ལམ་མཆོག་དམ་པ་དག །ཚིག་གིས་མཚོན་དེ་གསལ་བར་མཛོད། །ཨ་ལ་ལ་ཧོ་ཞེས་གསོལ་བ་བཏབ་བོ། །དེ་ནས་དམ་པ་རྡོ་རྗེས་རྡོ་རྗེ་བསྐོར་ཏེ་བསྒྱུར་ནས་བརྗིད་བག་ཏུ་ཚིག་ཏུ་མཚོན་ཏེ་སྨྲས་པ། ཨོཾ་ཨཱྃཿཧཱུྃ། ཨ་ལ་ལ་ཧོ། རྒྱལ་བའི་སྲས་པོས་
ཅང་མི་གསུང་། །མི་གསུང་བས་ནི་རྒྱ་ཆེར་བཤད། །བཤད་དུ་མེད་པའི་ཆོས་འདི་ནི། །རྒྱལ་བ་རྣམས་ཀྱིས་མ་བཤད་དེ། །དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་། །རྣམ་པར་བརྗོད་པར་མི་བཞེད་དེ། །རྒྱ་ཆེར་བཤད་པར་དགོངས་པའོ། །སྐྱེ་བ་མེད་པའི་
ཆོས་རྣམས་ནི། །མ་སྐྱེས་པར་ཡང་སྙིང་པོར་བཞེད། །སྙིང་པོའི་དོན་དུ་གང་གྱུར་པ། །ཚིག་ཏུ་སྨྲ་བ་ལེགས་མ་ཡིན། །སྤྲོས་པ་ཉིད་ན་གོལ་བ་ཞེས། །རྒྱལ་བ་རྣམས་ཀྱིས་ཡང་དག་བཤད། །དེ་བས་རྡོ་རྗེ་རྒྱལ་པོ་ཉིད། །བཀའ་མ་སྩལ་བར་དགོངས་པའོ། །
དགོངས་པའི་དོན་རྣམས་གང་འབྱིན་པ། །ཇི་ལྟར་མེ་ལོང་གཟུགས་བརྙན་ལྟར། །དགོངས་དོན་རིག་ལ་སྣང་གྱུར་པ། །མ་སྐྱེས་སྙིང་པོའི་དོན་གྱིས་ན། །ཚིག་ཏུ་སྤྲོ་བར་མ་ཡིན་ནའང་། །མཚན་མ་ཚིག་གི་རྣལ་འབྱོར་པ། །ཚིག་ལ་ཞིབ་ཅིང་དོན་ལ་རྩིང་། །ཚིག་
ཕྱིར་བློ་འབྲང་རྩལ་ཞན་རྣམས། །བཀྲི་ཕྱིར་བསམ་པ་རངས་བྱ་བ། །མི་དམིགས་པ་ལས་དམིགས་པ་ཡི། །ཆོ་འཕྲུལ་ཚིག་གིས་མཚོན་པ་ནི། །བདེར་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །གསང་བ་དེ་ཉིད་སྙིང་པོའི་དོན། །མཉམ་ཉིད་བྱང་ཆུབ་ཐེག་ཆེན་པོ། །
གསལ་བར་བཀོད་དེ་ངེས་བརྗོད་ཀྱིས། །རྒྱ་ཆེན་འདུས་པའི་ཚོགས་རྣམས་ཉོན། །ང་ནི་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྟེ། །སྟོང་པར་སྦས་པའི་དོན་འདི་ལ། །དཔེས་མཚོན་ཚིག་གི་ལྡེ་མིག་གིས། །མཉམ་ཉིད་རིག་པའི་སྒོ་དབྱེ་བྱས། །
སྦས་པའི་དོན་འབྱིན་གསལ་བྱེད་པ། །སཱ་ལུ་ཕུབ་ཁྲོད་སྣང་མེ་བཞིན། །བསལ་བཏེག་སྣང་རྙེད་ས་ལེར་འདུག །ཟབ་མོར་སྤྱོད་པ་ལ་མོས་པས། །གང་ཞིག་དོན་ལ་འདྲིས་པ་ཡི། །གསང་སྔགས་སྤྱོད་པའི་རང་བཞིན་ནི། །མཐུན་པའི་དམིགས་བཅུ་དཔེར་
เล่ม ๙๘ · หน้า 9a
བཞག་སྟེ། །རྣལ་འབྱོར་ཅན་གྱིས་ཤེས་པར་བྱ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་དང་། །གཟུགས་བརྙན་དྲི་ཟ་གྲོང་ཁྱེར་དང་། །བྲག་ཅ་ཆུ་ཟླ་མིག་ཡོར་དང་། །ཆུ་བུར་འཁྲུལ་དང་མགལ་མེར་སྣང་། །སྒྲུབ་དང་གསང་སྔགས་སྤྱོད་པ་དང་། །
གྲུབ་པ་དང་ནི་གནས་དག་དང་། །བཟླས་པའི་སྒྲ་དང་ཕྱག་རྒྱར་རྟོག །ཏིང་འཛིན་ལྟ་བ་ཆོ་འཕྲུལ་བརྟག །ཇི་ལྟར་སྒྱུ་མའི་མཚན་ཉིད་ནི། །སྐྱེས་བུ་དག་གི་རྩོལ་བ་དང་། །སྨན་དང་སྔགས་ཀྱི་སྦྱོར་བ་ལས། །དབང་པོ་ཡིད་འཕྲོག་ཅིར་སྣང་ཡང་། །དེ་ལ་འགྲོ་
འོང་ག་ལ་ཡོད། །དེ་ལྟར་སྒྲུབ་པའི་མཚན་ཉིད་ཀྱང་། །ཡིག་འབྲུ་རྫས་ཀྱི་སྦྱོར་བ་ལས། །གྲུབ་པར་སྣང་ཡང་རང་བཞིན་མེད། །ཇི་ལྟར་སྨིག་རྒྱུའི་མཚན་ཉིད་ནི། །ཞིང་པའི་དུས་ཀྱི་ཟླ་བ་ལ། །དྲོད་དང་ཉི་མའི་སྦྱོར་བ་ལས། །བྱིས་པ་གདུངས་པའི་
རང་བཞིན་གྱིས། །ཆུ་ཡི་འདུ་ཤེས་ཅི་བསྐྱེད་ཀྱང་། །ཚིམ་པའི་རྒྱུད་ནི་ག་ལ་འགྱུར། །གསང་སྔགས་མིང་གི་ཁྱད་པར་ཡང་། །རང་བཞིན་མི་དམིགས་སྟོང་པ་ལ། །མཚན་མའི་ཐ་སྙད་མིང་དུ་བཏགས། །དེ་ཉིད་སྟོང་པས་མིང་མི་དམིགས། །
དཔེར་ན་རྨི་ལམ་རང་བཞིན་ནི། །སྐྱེས་བུ་གཉིད་ཀྱི་དབང་གྱུར་ན། །ཐང་ཅིག་སྐད་ཅིག་ཡུད་ཙམ་དང་། །ལོ་ལ་སོགས་པ་དེ་བཞིན་དུ། །བདེ་དང་སྡུག་བསྔལ་དེ་བཞིན་མྱོང་། །སངས་ནས་ཅི་ཡང་མི་དམིགས་ལྟར། །དེ་བཞིན་སྔགས་ཀྱི་སྤྱོད་པ་དག །སྟོང་
པ་ཉིད་ཀྱི་རང་བཞིན་ལ། །སྤྱོད་པའི་རྣམ་པ་ཅིར་སྣང་ཡང་། །བརྟགས་ན་དམིགས་པ་ཀུན་དང་བྲལ། །གཟུགས་བརྙན་སྣང་བའི་མཚན་ཉིད་ནི། །དཔེར་ན་གདོང་དང་མེ་ལོང་ལས། །བརྟེན་ནས་བཞིན་གྱི་གཟུགས་བྱུང་ཡང་། །རེད་པར་གྱུར་པ་ག་ལ་ཡོད། །དེ་བཞིན་
སྔགས་ཀྱི་དངོས་གྲུབ་ཀྱང་། །སྒྲུབ་དང་ཏིང་འཛིན་ཡོ་བྱད་ལས། །བརྟེན་ནས་དངོས་གྲུབ་ཚུལ་བྱུང་ཡང་། །གསོལ་ཐོབ་དམིགས་པ་ག་ལ་ཡོད། །དྲི་ཟ་གནས་པའི་རང་བཞིན་ནི། །མཁའ་འམ་ཡིད་ཀྱི་མཁའ་ངོས་ལ། །དྲི་ཟའི་གཟུགས་ནི་གར་བྱུང་ཡང་། །གྲོང་
เล่ม ๙๘ · หน้า 9b
ཁྱེར་དེ་ཡང་དེ་ནས་བྱུང་། །བྱུང་ནས་དེ་ཡང་མི་རྟག་ལྟར། །གསང་སྔགས་གྲུབ་པའི་གནས་དག་ཀྱང་། །ཆོས་སམ་ཡིད་ཀྱི་མཁའ་ངོས་ལ། །རྣལ་འབྱོར་གསང་བདག་གར་བསྐྱེད་པར། །དེ་ཉིད་གནས་པའི་གཞལ་མེད་ཁང་། །བྱུང་ཡང་དེ་ལ་གནས་མི་འགྱུར། །
བྲག་ཅ་གྲག་པའི་མཚན་མ་ནི། །དཔེར་ན་ངོས་ལ་སྒྲས་རྐྱེན་པས། །ཅི་བཞིན་སྒྲ་ལྟར་བྲག་ཅ་འབྱུང་། །བྱུང་ཡང་སྒྲར་ཐོས་དམིགས་པ་མེད། །དེ་བཞིན་སྔགས་ཚིག་བཟླས་པའི་སྒྲ། །དཔེར་ན་མེད་ལས་ཡོད་བརྟགས་པའི། །མཚན་མ་ལ་བརྟེན་སྟོང་བའི་
སྒྲ། །བརྗོད་པ་ཙམ་དུ་བསྟན་པར་ཟད། །ཇི་ལྟར་ཆུ་ཡི་ཟླ་བ་ནི། །སྒྲིབ་མེད་མཁའ་ལས་ཟླ་ཤར་བ། །གཟུགས་བརྙན་དང་བའི་ཆུ་ནང་སྣང་། །སྣང་ཡང་གཟུང་བའི་རྟོག་མེད་པ། །དེ་བཞིན་གཟུགས་སྣང་ཕྱག་རྒྱ་ཡང་། །སེམས་ཀྱི་མཁའ་ལས་སྐུར་གསལ་
བ། །ཕྱག་རྒྱ་རིག་འཛིན་ངོ་ལ་སྣང་། །དེ་ལྟར་སྣང་ཡང་འཛིན་རྟོག་བྲལ། །ཇི་ལྟར་ཆར་གྱི་རྒྱུན་བཞིན་དུ། །ཆུ་ལས་ཆུ་བུར་རྣམ་པར་འབྱུང་། །དེ་ཡང་གཅིག་གི་རྣམ་པ་ལས། །མང་པོའི་རྣམ་གྲངས་དུ་མ་འབྱུང་། །སྡུད་ཅིང་ཕྱིར་ཡང་དུམ་བུར་འཆད། །དེ་
བཞིན་རྣལ་འབྱོར་སྒྲུབ་པ་ཡི། །ཏིང་འཛིན་རྣམ་པ་མང་པོར་འདོད། །འཁྲུལ་པ་སྣང་བའི་རང་བཞིན་ནི། །སྤྲོས་བྲལ་དངོས་པོ་སྟོང་པ་ལས། །སྲོག་དང་ཤེད་ཅན་བྱེད་པ་པོ། །སེམས་ཅན་པ་ལ་སོགས་པར་སྣང་། །མིག་ནད་ངོ་ལ་རྫས་ལྟར་སྣང་། །འཁྲུལ་པ་ཁོ་ན་
སྣང་བར་ཟད། །དེ་བཞིན་སྔགས་ཀྱི་ལྟ་བ་ཡང་། །ཆོ་འཕྲུལ་མང་པོ་ཅིར་འཕྲུལ་བ། །སྣང་བ་མེད་པའི་རང་བཞིན་ལ། །འཁྲུལ་པ་སྣ་ཚོགས་སྣང་བར་ཟད། །རྣལ་འབྱོར་ཅན་གྱིས་དེ་ལྟར་ལྟ། །ཇི་ལྟར་མགལ་མེའི་རང་བཞིན་ནི། །གང་དག་ལག་ན་མགལ་མེ་
ཐོགས། །བསྐོར་ན་འཁོར་ལོའི་རྒྱུན་ལྟར་སྣང་། །དེ་ལ་འཁོར་ལོའི་རང་བཞིན་མེད། །དེ་བཞིན་སྔགས་ཀྱི་ཆོ་འཕྲུལ་ཡང་། །མི་མཉམ་མཉམ་པའི་རང་བཞིན་ལས། །ཇི་ལྟར་དམིགས་པའི་དོན་འབྱུང་སྟེ། །ཆོ་འཕྲུལ་སྣ་ཚོགས་རྒྱུན་མི་འཆད། །དེ་ཕྱིར་མཚན་མའི་
เล่ม ๙๘ · หน้า 10a
ཆོས་ཐམས་ཅད། །མཚན་མེད་ངང་དུ་གཅིག་པས་ན། །རྟོག་པའི་བག་ཆགས་ཅི་འབྱུང་ཡང་། །ཆོས་ཀུན་དབྱིངས་སུ་གཅིག་པའི་ཕྱིར། །རྟོག་འཇུག་སྤྲོས་པའི་མཚན་མ་ཀུན། །མ་བྱུང་མ་སྐྱེས་དབྱིངས་ཉིད་ལ། །གཡོས་པ་མེད་ཅིང་
ཆོ་འཕྲུལ་འབྱུང་། །ཡོན་ཏན་སྣ་ཚོགས་ཆེར་འབྱུང་བའི། །གཏེར་གྱི་དབྱིག་འདི་གང་མཐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་ཡང་། །སྐད་ཅིག་གཅིག་ལ་དེ་ལ་འདུས། །དེ་བས་ཡིད་བཞིན་རིན་ཆེན་འདི། །ལྡོག་པ་མེད་པས་དང་དུ་བླང་། །དོན་
དམ་ཡང་དག་གཏེར་གྱི་མཆོག །རྣལ་འབྱོར་ཀུན་གྱི་ནོར་མཆོག་སྟེ། །གང་རྟོགས་དེ་འཐོབ་གཅིག་པུ་ཉིད། །འབྲེལ་མེད་གཞན་གྱིས་ཐོབ་པར་དཀའ། །བདག་མེད་གཉིས་བྲལ་བདེ་ཆེན་ཀློང་། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །ཡེ་ནས་ལྷུན་གྲུབ་
འདུས་མ་བྱས། །ཐིག་ལེ་ཆོས་ཉིད་ཡེ་འབྱམ་པས། །ཀུན་ཁྱབ་བདལ་བས་སྙིང་པོར་འདུས། །མི་དམིགས་སྤྲོས་བྲལ་བྱང་ཆུབ་སེམས། །ཟབ་མོར་སྣང་བའི་ངེས་དོན་འདི། །མཁའ་ལ་མདུད་འདྲར་གཏིང་དཔག་དཀའ། །རྣལ་འབྱོར་དམིགས་ལྡན་
བློ་ཆུང་ཞིང་། །གང་ཞིག་རྩལ་ཞན་དེ་རྟོག་པ། །གཡོར་མོའི་ཚུལ་དུ་བདག་བརྟག་པ། །བརྟགས་ཀྱང་རྟོགས་པར་མི་འགྱུར་རོ། །དཔེར་ན་ཉི་མའི་སྙིང་པོ་ལ། །མིག་གི་དབང་པོས་རབ་བརྟགས་ན། །དེ་བརྟགས་དོན་དེ་མི་རྟོགས་ཀྱི། །འོད་ཀྱི་ཟེར་གྱིས་
མིག་རྫིར་འགྱུར། །དེ་འདྲར་བྱིས་པའི་རང་བཞིན་གྱིས། །ཟབ་མོའི་དོན་ལ་ཅིར་བརྟགས་ཀྱང་། །ཡང་དག་དོན་དེ་མི་མཐོང་གི། །བློ་ཞན་བྱིས་པ་ག་ཆད་བརྒྱལ། །བརྟག་ཏུ་མེད་པའི་ཆོས་རྣམས་ནི། །རྟོག་པ་ཅན་གྱིས་མི་རྟོགས་ཏེ། །གང་ཞིག་
དེ་དོན་མི་རྟོགས་ཕྱིར། །གཡང་སར་ལྟུང་བ་ཅི་ཆ་ཡོད། །གདོད་ནས་མ་ཐོས་ཤིན་ཏུ་དགེ། །བསམ་དང་བྲལ་བས་དེ་བཞིན་གཞག །མི་བརྟགས་བཞག་པའི་ཆོས་འདི་གང་། །བྱིས་པ་རྣམས་ལ་ངས་མ་བསྟན། །བསྟན་ཀྱང་གོ་བར་མི་འགྱུར་ཏེ། །བསྟན་
เล่ม ๙๘ · หน้า 10b
དུ་མེད་ཅིང་གོ་བར་དཀའ། །ཚིག་གིས་བརྗོད་པ་ཀུན་དང་བྲལ། །འདི་ཞེས་བསྟན་དུ་ག་ལ་ཡོད། །མེད་པས་བསྟན་པའི་དམིགས་མི་ཕྱེད། །མི་དམིགས་ཆོས་ལ་བློ་སྦྱངས་ཤིང་། །ཡིད་ཀྱི་མེ་ལོང་གསལ་བྱས་ན། །ནམ་མཁའ་དག་ལ་རབ་བརྟགས་ན། །སྣང་
བ་མེད་པའི་རང་བཞིན་ནི། །ནམ་མཁའ་ལྟ་བུར་དེ་ཉིད་འགྱུར། །ཆོས་ཉིད་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་གང་མིང་རྗོད་བྱེད་པ། །བརྗོད་པ་དེ་ཉིད་དངོས་པོ་སྟེ། །དངོས་པོ་དེ་ཡི་མིང་བརྗོད་ཀྱང་། །ནམ་མཁའ་དེ་ལ་འགག་
མི་འགྱུར། །དེ་བཞིན་མི་རྟོག་རྗོད་བྱེད་པ། །བརྗོད་པ་དེ་ཉིད་རྣམ་རྟོག་སྟེ། །རྣམ་རྟོག་དེ་ཡི་མིང་བརྗོད་ཀྱང་། །མི་རྟོག་དེ་ལ་འགག་མི་འགྱུར། །དེ་འདྲར་སེམས་ཀྱང་དེ་ལྟར་བལྟ། །སེམས་ཉིད་གཞན་དུ་མ་གྲུབ་སྟེ། །དེ་བཞིན་ཆོས་ཀྱང་གྲུབ་མ་ཡིན། །སེམས་
དང་ཆོས་ཉིད་གཉིས་མེད་དེ། །སེམས་ཉིད་གང་ཡིན་ཆོས་ཉིད་དེ། །ཆོས་ཉིད་ཀྱང་ནི་དེ་བཞིན་ནོ། །ཆོས་སེམས་གཉིས་མེད་ལྡན་གྱུར་པ། །བླ་མེད་བྱང་ཆུབ་ཆེན་པོར་བཤད། །སེམས་ནི་ནམ་མཁའ་ལྟ་བུ་སྟེ། །རྣམ་པར་རྟོག་བྲལ་གང་མི་རྟོགས། །དེ་བཞིན་
ས་གཞི་ཆེན་པོ་ལྟར། །བླ་མེད་བྱང་ཆུབ་མྱུ་གུ་སྐྱེད། །མེ་ཡི་རང་བཞིན་ལྟར་སྣང་བས། །རྨོངས་པའི་བུད་ཤིང་སྲེག་པར་བྱེད། །རླུང་གི་རང་བཞིན་ཡིན་པས་ན། །མི་ཤེས་པ་ཡི་རྡུལ་ཀུན་སེལ། །ཆུ་ཡི་རང་བཞིན་ཡིན་པས་ན། །ཉོན་མོངས་གདུང་བ་ཀུན་སིམ་
བྱེད། །སྨན་གྱི་རང་བཞིན་ཡིན་པས་ན། །འཁོར་བའི་གཅོང་རྙིང་རྣམ་པར་འབྱིན། །དེ་ལྟར་རྩི་ཡི་རང་བཞིན་པས། །འཚོ་བ་རྣམས་ཀྱི་གསོས་སུ་འབབ། །དེ་བཞིན་རྣོ་དབལ་རང་བཞིན་པས། །སྡུག་བསྔལ་རྒྱ་མཚོ་རྣམ་པར་གཅོད། །ཉི་མ་ལྟ་བུར་སྣང་
བ་ཡིས། །མུན་ཁང་སྣང་སྟོན་སེལ་བར་བྱེད། །རི་རབ་ལྟ་བུའི་རང་བཞིན་པས། །བརྟན་པོ་མི་འགྱུར་གཡོ་བ་མེད། །རྒྱ་མཚོ་ལྟ་བུའི་རང་བཞིན་པས། །མི་གཡོ་བ་ལ་བྱིན་བརླབས་ཆེ། །སེམས་ནི་འདི་ལྟར་ཆོ་འཕྲུལ་བས། །དེ་ཕྱིར་འཁོར་དང་མྱ་ངན་
เล่ม ๙๘ · หน้า 11a
འདས། །གཉིས་སུ་སྣང་བ་མ་ཡིན་ཏེ། །སེམས་ཀྱི་རང་བཞིན་བཟང་ངན་ལས། །གཉིས་ཀྱི་འདུ་ཤེས་ཕྱེ་སྟེ་བསྟན། །སེམས་ལས་ཡང་དག་ཡེ་ཤེས་འབྱུང་། །དེ་བཞིན་བདེ་དང་སྡུག་བསྔལ་འབྱུང་། །ཆོས་དང་སངས་རྒྱས་ཡེ་ཤེས་འབྱུང་། །དགེ་
འདུན་ཡང་ནི་དེ་བཞིན་ནོ། །འདི་ལས་ཕ་རོལ་ཕྱིན་ཚོགས་དང་། །བྱང་ཆུབ་དང་ནི་པདྨོ་འབྱུང་། །འདི་ལས་རྡོ་རྗེ་སེམས་དཔའ་དང་། །དྲི་མེད་རིན་ཆེན་དཔའ་སྦྱིན་འབྱུང་། །དེ་བཞིན་རྡོ་རྗེ་དཔག་མེད་དང་། །སྣ་ཚོགས་རྒྱལ་བ་འདི་ལས་འབྱུང་། །འདི་ལས་ཕྱག་
རྒྱ་སྣ་ཚོགས་དང་། །རིག་པའི་སྙིང་པོ་ཐམས་ཅད་འབྱུང་། །འདི་ལས་འདོད་ཆགས་ཞེ་སྡང་དང་། །སྡུག་བསྔལ་ང་རྒྱལ་ཕྲག་དོག་འབྱུང་། །གཏི་མུག་དག་ཀྱང་དེ་བཞིན་ཏེ། །འདི་ལས་ཁམས་གསུམ་ཐམས་ཅད་དང་། །སྐྱེས་པ་བུད་མེད་མ་ནིང་འབྱུང་། །འདི་
ལས་འདོད་དང་འདོད་གཟིར་དང་། །ཉོན་མོངས་གདུང་འདོད་ཆགས་པ་འབྱུང་། །རི་དང་སྐྱེ་བོ་དེ་བཞིན་དུ། །ནམ་མཁའ་དང་ནི་རླུང་དག་དང་། །སྲེག་པའི་མེ་ནི་རབ་ཏུ་འབྱུང་། །འདི་ལས་ས་དང་ཆུ་དང་ནི། །རྡོ་དང་ས་བོན་མྱུ་གུ་འབྱུང་། །དེ་བཞིན་གློག་དང་སྐར་མ་
དང་། །ཉི་མ་ཟླ་བ་སྤྲིན་རྣམས་འབྱུང་། །དེ་བཞིན་སྤྱོད་དང་མི་སྤྱོད་ཀུན། །ཐམས་ཅད་ཐམས་ཅད་འབྱུང་བར་འགྱུར། །དཔེར་ན་ནམ་མཁའི་རང་བཞིན་ལས། །སྤྲིན་དང་ན་བུན་ཁུག་རླངས་དང་། །ཟླ་བ་ཉི་མ་སྐར་ཚོགས་དག །སྣང་ཡང་ནམ་མཁའ་བཞིན་དུ་
གནས། །དེ་བཞིན་སེམས་ཀྱི་ནམ་མཁའ་ལས། །མཚན་མའི་ཆོ་འཕྲུལ་ཅི་བྱུང་ཡང་། །ཆོས་ཉིད་ནམ་མཁའ་བཞིན་གནས་པར། །རྣལ་འབྱོར་ཅན་གྱིས་བལྟ་བར་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །རྟོགས་དང་མ་རྟོགས་རང་བཞིན་ལ། །ལྟ་བའི་ཁྱད་པར་
སོ་སོར་བལྟ། །རྟོག་པ་ཅན་གྱི་ངོ་ག་ལ། །རྟོག་པ་འཁྲུལ་པའི་ངོ་བོར་སྣང་། །ཀུན་དུ་ཉེར་འཇོག་ལམ་ཚོར་ལ། །ཀུན་དུ་རྡུལ་གྱི་ཕུང་པོར་སྣང་། །ཚོགས་སྤྱོད་སྙིང་རྗེ་ཉེར་འཇོག་ལ། །ཐམས་ཅད་སྒྱུ་མའི་རང་བཞིན་ལྟར། །དེ་ཉིད་མཉམ་པར་ཤེས་གནས་ན། །
เล่ม ๙๘ · หน้า 11b
ནམ་མཁའི་རང་བཞིན་མཐོང་བར་གནས། །ཡེ་ཤེས་རང་སྣང་ནམ་མཁའ་ལ། །ནམ་མཁའ་ཉིད་དུ་སྣང་བར་ཟད། །བརྗོད་བྲལ་མཐོང་མེད་དམིགས་དང་བྲལ། །མཐོང་བ་མེད་པའི་དོན་འདི་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཤད། །བདེ་གཤེགས་
སྙིང་པོ་བྱང་ཆུབ་ལ། །དགོངས་པ་འདི་ལས་གང་མི་མངའ། །ལྟ་བ་དེ་དང་ལྡན་བཞིན་དུ། །དམ་ཚིག་ནམ་མཁའ་ལྟ་བུ་ལ། །བསྲུང་དང་མི་བསྲུང་ཕྱོགས་དང་བྲལ། །འདིའོ་ཞེས་ནི་བསྲུང་དུ་མེད། །བསྲུང་བའི་རྣམ་གྲངས་ཇི་སྙེད་ཅིག །དུས་གསུམ་
རྒྱལ་བས་གསུངས་མོད་ཀྱང་། །བསྲུང་བའི་མདོ་ནི་གཅིག་ཏུ་འདུས། །ནམ་མཁའ་ལྟ་བུའི་རྣལ་འབྱོར་བས། །ནམ་མཁའ་འདྲ་བའི་དམ་ཚིག་བསྲུང་། །དེ་ཡང་བསྲུང་དུ་མེད་ན་བདེ། །གཞན་པ་ཐེག་པ་ཆུང་བ་རྣམས། །བསྲུང་བའི་མཚམས་དག་བསྲུངས་
ནས་ནི། །སྐྱོན་ཡོན་ཆོས་ལ་བླང་དོར་བྱེད། །བསྲུང་དང་བྲལ་བའི་ཆོས་རྣམས་ནི། །བསྲུང་དུ་མེད་པས་དེ་བཞིན་གཞག །དེ་བཞིན་པ་ཡི་དམ་ཚིག་ལ། །ཇི་བཞིན་པ་ཡི་བློ་གཞག་སྟེ། །བརྗེད་པ་མེད་པའི་སེམས་ཉིད་ཀྱིས། །བསྲུང་བ་མེད་པའི་ངང་དུ་བསྡམ། །
བསྲུང་མེད་ནམ་མཁའི་དམ་ཚིག་འདི། །ཇི་ལྟར་གྲགས་པའི་རང་བཞིན་ལ། །སྡོམ་དང་ཚུལ་ཁྲིམས་སོ་སོར་སྣང་། །བྱིས་པ་རྣམས་ནི་ཐ་ཚིག་སྡོམ། །བདེན་གཉིས་རྒྱུ་ལ་སྟོན་པར་གྲགས། །བླ་མེད་མཆོག་ལ་དམ་ཚིག་སྤྱོད། །གཅིག་གི་དོན་ལས་མ་གཡོས་
ཀྱང་། །འདུལ་དབང་ངོ་ལ་སོ་སོར་གྲགས། །ཁོ་ན་ཉིད་ལྡན་དམ་ཚིག་མཆོག །དེ་དང་གང་ལྡན་དམ་པ་སྟེ། །དེ་ལས་འདས་ན་འཚིག་པར་འགྱུར། །དེ་ཕྱིར་དམ་ཚིག་ཆེན་པོ་ནི། །ནམ་མཁའ་འདྲ་བར་དཔའ་བོས་བཤད། །རྒྱལ་བ་དཔའ་བོ་ཐམས་ཅད་ལ། །
དམ་ཚིག་འདི་ལས་ཡོང་མི་མངའ། །སྤྱོད་པ་དག་གི་ཁྱད་པར་ཡང་། །ཆོས་ཉིད་བྱ་བཙལ་ཀུན་བྲལ་ལ། །བསྒྲུབ་དང་སྒྲུབ་པའི་དམིགས་པ་མེད། །འཁྲུལ་པ་གཅོད་པའི་སྐྱེ་བོ་དག །དམིགས་མེད་བྱང་ཆུབ་བདེ་ཆེན་ལ། །སྡུག་བསྔལ་རྩོལ་སེམས་
เล่ม ๙๘ · หน้า 12a
བཅུག་པས་ནོར། །བྱ་བ་མེད་པའི་ཆོས་ཉིད་ལ། །ཉོན་མོངས་བྱ་མེད་སྤྱད་པས་འཁྲུལ། །རང་བྱུང་ལྷུན་གྲུབ་གནས་བཞིན་དུ། །བྱིས་པའི་སྤྱོད་པས་ཅི་བཙལ་དགོས། །གང་ཞིག་འདོད་དེ་ཅི་ཞིག་སྒྲུབ། །ཅི་སྤྱད་ཅི་བསྒྲུབས་ཅི་བཙལ་
ཡང་། །སྡུག་བསྔལ་ཉིད་དེ་བྱང་ཆུབ་མེད། །དམྱལ་བ་སངས་རྒྱས་ཆེན་པོ་ལ། །སྡུག་བསྔལ་བྱང་ཆུབ་ལམ་ཉིད་དེ། །ཉན་ཐོས་རང་རྒྱལ་ས་གཉིས་དང་། །ཐེག་པའི་ཁྱད་པར་ཅི་བསྟན་པ། །བྱེད་རྩོལ་བཅས་པ་ཐམས་ཅད་འཁྲུལ། །བླ་མེད་བྱང་ཆུབ་གེགས་
སུ་ཆེ། །གང་ཞིག་བཙལ་མེད་བདེ་ཆེན་དོན། །སེམས་ཀྱི་ཀློང་འདིས་མ་མཐོང་ན། །སྒྲུབ་དང་རྩོལ་བ་ཅི་སྤྱད་ཀྱང་། །བྱིས་པ་དོན་མེད་གྱི་ན་འཁྱམ། །བཙལ་དུ་མེད་པའི་རང་བཞིན་ལ། །རྩོལ་བའི་སྤྱོད་པས་ཅི་ཞིག་བྱ། །འཛིན་པ་མེད་པའི་ཆོས་ཉིད་ལ། །ཚིག་
འཛིན་ནོར་བའི་རྩོལ་བྱར་མེད། །བགྲོད་དུ་མེད་པའི་ཆོས་ཉིད་ལ། །བགྲོད་པའི་དཀྱིལ་འཁོར་མིང་དང་བྲལ། །བསམ་དུ་མེད་པའི་ཆོས་ཉིད་ལ། །རྟོག་སེམས་བསམ་པའི་དམིགས་དང་བྲལ། །བཙལ་མེད་པ་ཡི་ཆོས་ཉིད་ལ། །བཙལ་མེད་ཡེ་ནས་ལྷུན་གྱིས་
གྲུབ། །མཐའ་དབུས་མེད་པས་བདལ་བ་ཆེ། །ཕྱི་ནང་མེད་པས་ཡེ་གསལ་ཁྱབ། །སྐྱོན་ཡོན་མེད་པར་ལྷུན་གྱིས་རྫོགས། །བསྒྲུབ་དུ་མེད་པས་བཙལ་སེམས་བྲལ། །གཟུང་དུ་མེད་པས་དམིགས་དང་བྲལ། །ཐམས་ཅད་མཁྱེན་པས་བྱིན་བརླབས་ཆེ། །གདོད་
ནས་བྱང་ཆུབ་སྙིང་པོར་གནས། །སྤྱོད་པའི་ཁྱད་པར་འདི་ལྟ་བུ། །དེས་ན་གཅིག་ལས་མེད་བཞིན་དུ། །སྤྱོད་མཐུན་རྩོལ་བའི་རང་བཞིན་ལ། །རྣམ་རྟོག་སྤྱོད་པ་སོ་སོར་སྣང་། །འཁྲུལ་བ་ཐམས་ཅད་འཁོར་བར་སྤྱོད། །རྒྱུ་འབྲས་མི་སླུ་བདེན་དོན་སྤྱོད། །
མི་དམིགས་པ་ལ་ནམ་མཁར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང་། །དམ་པའི་དོན་དེ་སྤྱོད་མཆོག་ཉིད། །དམ་པར་གྱུར་པ་ཐམས་ཅད་ལ། །དམ་པའི་སྤྱོད་པ་དེ་ལས་མེད། །སྐྱེས་བུ་མཆོག་གིས་དེ་སྐད་བཤད། །ཐེ་ཚོམ་མེད་པར་ཤེས་པར་གྱིས། །མ་བཅོས་
เล่ม ๙๘ · หน้า 12b
བྱང་ཆུབ་དེ་བཞིན་ཉིད། །བསྒོམ་དུ་མེད་པའི་ཆོས་ཉིད་ལ། །བསྒོམ་པ་དམིགས་སུ་མེད་པ་སྟེ། །ཏིང་འཛིན་ཞེས་ནི་གདགས་སུ་མེད། །བསྒོམས་ཀྱང་རྙེད་པ་མ་ཡིན་ལ། །དེ་བཞིན་མ་བསྒོམས་སྟོར་བ་མེད། །བསྒོམ་ཆོས་སྣ་ཚོགས་ཅིར་སྣང་ཡང་། །བསྒོམས་
ནས་དེ་ཡི་ངང་མི་གནས། །དེ་བས་བྱིས་པའི་སྤྱོད་ཡུལ་ཡིན། །དཔེར་ན་བྱིས་པའི་རང་བཞིན་གྱིས། །ས་ལ་སོགས་པ་གཟུགས་སྣ་ཚོགས། །མཛེས་པར་བྱས་ནས་སྐད་ཅིག་མཐོང་། །མཐོང་བ་ཉིད་ན་མ་གྲུབ་སྟེ། །སྐད་ཅིག་ཁོ་ནས་ཞིག་གྱུར་ནས། །
ས་ལ་སོགས་པའི་རྡུལ་དུ་སྣང་། །དེ་བཞིན་རྣལ་འབྱོར་བྱིས་པ་ཡིས། །གཟུགས་ལ་སོགས་པ་སྣ་ཚོགས་བསྒོམ། །སེམས་ཀྱི་བྱེ་བྲག་སྐད་ཅིག་ལ། །ཡིད་ཀྱི་རྒྱུ་བ་སྣ་ཚོགས་འབྱུང་། །བྱུང་བ་བཞིན་དུ་དེ་མ་གྲུབ། །སེམས་ཀྱི་སྐད་ཅིག་དྲན་པ་ལ། །ཡིད་ཀྱི་
དམིགས་པ་རྒྱུན་ཆད་ནས། །བྱུང་ཚོར་ཆད་པའི་མཐའ་སྤངས་ཏེ། །ཆོས་རྣམས་ནམ་མཁའ་ལྟ་བུར་ནི། །བརྗོད་མེད་རྒྱུན་མི་འཆད་པར་དམིགས། །དེ་དོན་ཕྱིན་ཅི་མ་ལོག་པར། །བརྗེད་མེད་ཏིང་འཛིན་སྒོམ་པའི་མཆོག །ཅི་ཕྱིར་ཆོས་ཀྱི་དབྱིངས་ཉིད་ནི། །ནམ་
མཁའ་ལྟ་བུར་འདུས་མ་བྱས། །བསམ་དུ་མེད་པས་ནམ་མཁའ་འདྲ། །བརྗོད་དུ་མེད་པས་གཟུགས་དང་བྲལ། །ཀུན་གཞི་ཀུན་དུ་ནམ་མཁའ་ལ། །ཡིད་ནི་མཁའ་ལ་ཉི་ཤར་འདྲ། །རྣམ་ཤེས་ཉོན་མོངས་སྤྲིན་གྱིས་ཁེབས། །འདུ་བྱེད་རླུང་གིས་ཀུན་བསྐྱོད་
དེ། །གསལ་དང་བྱུང་འཇུག་སངས་དང་འགག །རྣམ་ཤེས་མཚན་མའི་རྟོག་པ་ཡིས། །ཀུན་གཞི་ནམ་མཁའ་མཐོང་མི་སྟེར། །ཀུན་གཞི་མཐོང་ཉིད་ཆོས་སྐུ་སྟེ། །འདི་དོན་ནམ་མཁའ་མ་བརྗེད་པ། །ཏིང་འཛིན་ཆེན་པོ་རྒྱུན་མི་འཆད། །གང་ཞིག་
འདི་དོན་ཡིད་འཆང་བ། །གཟུགས་ཀྱི་དངོས་པོ་ཅིར་སྣང་ཡང་། །སེམས་ནི་ཡེ་ནས་མྱ་ངན་འདས། །བདེ་ཆེན་སངས་རྒྱས་ཐམས་ཅད་ལ། །དགོངས་པ་འདི་ལས་ཡོང་མི་མངའ། །སྣང་བ་མེད་པའི་ནམ་མཁའ་འདི། །ཏིང་འཛིན་ཆེན་པོར་གནས་བཞིན་
เล่ม ๙๘ · หน้า 13a
དུ། །འདི་ལས་གླགས་ཏེ་ཅི་ཞིག་ཚོལ། །རྒྱལ་བས་བཙལ་ཀྱང་ཡོང་མི་རྙེད། །འདི་ལས་གཞན་དུ་གང་ཚོལ་བ། །བཙལ་བ་ཉིད་ན་ཚི་ཆད་འགྱུར། །གཞན་ནམ་དམན་པའི་སྒོ་རྣམས་ནི། །ཏིང་འཛིན་མེད་པའི་ཆོས་ཉིད་ལ། །འཛིན་
པའི་ཏིང་འཛིན་བཅུག་པས་ནོར། །དེ་དག་ལ་ནི་གང་སྤྱོད་རྣམས། །ཐེན་ཚེར་མིག་ནི་ནམ་མཁའ་ལ། །ཕྲ་རབ་ཐེན་ཐག་འཛུད་པ་ལྟར། །བྱིས་པ་ལས་གང་བྱེད་པ་དེ། །ཤེད་ཅན་དག་གིས་བྱར་མི་རུང་། །ཤེད་ཅན་སྤྱོད་པའི་ནམ་མཁའ་དེ། །ཐེན་ཚེར་ནམ་མཁར་
ཤོང་མི་འགྱུར། །དེ་བས་གཞན་ལ་བསྟན་པ་མིན། །བསྟན་ན་བྱིས་པ་ག་ཆད་འགྱུར། །ཆོས་ཉིད་ནམ་མཁའ་ལྟ་བུའི་དངོས། །གསལ་བར་འོད་སྟོང་ཉི་མས་འགྲུབ། །བྱིན་བརླབས་འོད་ཀྱི་ཟེར་ཕྲེང་ཙམ། །སྒྱུ་མ་ལྟར་སྣང་མཚན་མར་ཐོབ། །མི་གཡོ་མཚན་
མེད་རང་བཞིན་དངོས། །སྐྱེ་མེད་སེམས་ཀྱིས་མ་མཐོང་བ། །བྱིས་པ་འདྲིད་པའི་རྩེད་མོར་སྣང་། །དངོས་གྲུབ་ཆེན་པོའི་སེམས་ཉིད་དེ། །ཡིད་བཞིན་འབྱུང་བ་རིན་པོ་ཆེ། །ཇི་ལྟར་དམིགས་ཤིང་བསྒྱུར་བར་འགྱུར། །གྲུབ་པའི་དོན་ཆེན་ཐམས་ཅད་རྫོགས། །
སེམས་ཀྱིས་སེམས་ཀྱི་ཚུལ་མཐོང་ན། །དངོས་གྲུབ་ཅེས་དེ་དག་ལས་འོང་། །གང་གིས་སྩོལ་ཏེ་སུ་ཡིས་བླང་། །སྩལ་དང་སྩོལ་བར་བྱེད་མི་དམིགས། །དཔེར་ན་ཆུ་དང་མེ་ལོང་དང་། །མཁའ་དང་རལ་གྲི་ཤེལ་ལ་སོགས། །གསལ་བར་བྱེད་པའི་རང་བཞིན་ལ། །
རྙོག་མེད་ལ་སོགས་བལྟས་གསལ་བ། །ཆུ་ལ་སོགས་པའི་རང་བཞིན་ཡིན། །དེ་ལ་ངོ་མཚར་ཆེ་མི་འབྱུང་། །སེམས་ཀྱི་ཆུ་གསལ་ནམ་མཁའ་ལ། །ཉོན་མོངས་སྤྲིན་གྱིས་རྙོག་མེད་ན། །དངོས་གྲུབ་ཉི་ཟླ་སྐར་ཚོགས་བཀྲམ། །སྒྲིབ་མེད་བྱིན་བརླབས་ངང་གིས་འཆར། །
ཀུན་གཞི་ནམ་མཁའི་སྙིང་པོ་དེ། །ཉོན་མོངས་སྤྲིན་གྱིས་གཏིང་སྤུངས་པ། །ཤེས་རབ་རླུང་གིས་མ་གཏོར་བར། །ག་ཞ་མཁན་གྱི་སྤྱོ་འདྲི་ཡིས། །སྒྲིབ་བསལ་ཆོས་ཉིད་གསལ་འདོད་པ། །ཇི་ལྟར་ཆུས་གཤེར་བྱིས་པ་དག །ཉི་མ་སྤྲིན་ལྡན་གྲིབ་མ་ཡིས། །
เล่ม ๙๘ · หน้า 13b
ཤིན་ཏུ་བསྒྲིབས་པར་གྱུར་པ་ན། །སྤྲིན་ཆེན་འདུས་པའི་ཕུང་པོ་ལ། །ཁ་ཡི་དབུགས་ཀྱིས་བུས་བྱས་ན། །སྤྲིན་བསལ་ཉི་འོད་གསལ་འདོད་འདྲ། །དེ་ཕྱིར་རྣལ་འབྱོར་དབང་ཕྱུག་གིས། །སེམས་ཉིད་དོན་ལ་རྣམ་བརྟགས་ཏེ། །ཀུན་གཞི་རྩ་བ་ཤེས་པར་བྱ། །
སེམས་ཉིད་དེ་ལ་བལྟས་གསལ་བ། །རྩ་བ་དང་ནི་གང་ལྡན་པ། །དུས་དང་ཚིགས་དང་ལོར་གྱུར་ཡང་། །ཡལ་ག་ལོ་འདབ་འབྲས་བུར་བསྐྲུན། །རྩ་བའི་ས་བོན་མེད་མི་འགྱུར། །ཅི་ལྟར་སྦྱོར་བའི་རྣལ་འབྱོར་རྣམས། །ནན་གྱིས་མཚན་པའི་དངོས་གྲུབ་དག །བྱིས་
པའི་སེམས་ཀྱིས་བླང་འདོད་ན། །དེ་ཡང་མཚན་མས་དེ་རངས་འགྱུར། །དཔེར་ན་མེ་ཡི་རང་བཞིན་དག །ས་དང་ནགས་ཚལ་སྲེག་བྱེད་པ། །རྒྱུ་རྣམས་ཚོགས་པའི་བདེན་པ་ལས། །མེད་ལས་ཡོད་པའི་བདེན་པར་སྣང་། །དེ་ལྟར་མཚན་མའི་རྣལ་འབྱོར་ཡང་། །མཚན་
མའི་ཆོ་འཕྲུལ་ཐོབ་འདོད་པ། །མཚན་མའི་རྒྱུ་རྣམས་ཚོགས་པ་ལས། །མཚན་མ་རངས་པའི་མཚན་མར་སྣང་། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པའི། །དམ་པའི་དོན་ལ་ཆེར་དམིགས་པས། །གསང་མཆོག་རིག་པའི་དངོས་གྲུབ་
མྱུར། །མཚན་མར་མི་རྟོག་རང་བཞིན་གྱིས། །ཟབ་མོའི་དོན་ཆེན་གོ་བ་ནི། །ངེས་པའི་དོན་གྱིས་ཐག་གཅད་དེ། །མཉམ་པའི་དོན་ལ་ཡིད་ཆེས་བྱ། །ཇི་ལྟར་མཁའ་ལ་ཚིག་ཙམ་དུ། །ངང་དུ་བརྗོད་པས་རྗོད་བྱེད་ཀྱི། །བརྗོད་པའི་ཐ་སྙད་དང་བྲལ་བས། །ཇི་ལྟར་
འཁྲིགས་ཀྱི་སྨིག་རྒྱུ་དག །སྣང་བ་ཉིད་ན་མེད་པ་ལྟར། །ཆོས་སོ་ཅོག་གི་རང་བཞིན་གསལ། །གསལ་བ་ཉིད་ན་དེ་མི་དམིགས། །ཐབས་ཆེན་གཏིང་ཟབ་ཤེས་རབ་ལམ། །སྤྲོས་བྲལ་མཚན་མའི་འཕྲང་ལས་འདས། །གཏོས་ཆེས་ཡངས་པས་ལམ་གཉིས་
བྲལ། །དབུས་མཐའ་མི་དམིགས་མཉམ་པའི་ལམ། །གཅིག་ཏུ་མཉམ་པར་ཆུད་ནས་ནི། །ཡུལ་མེད་ཚོལ་བའི་སེམས་བྲལ་དེ། །བླང་དོར་གཉིས་ཀྱི་མཐའ་སྤངས་ནས། །གནས་པ་མེད་པའི་ཚུལ་གྱིས་གནས། །ཆོས་ཉིད་དབྱིངས་སུ་རོ་གཅིག་ཕྱིར། །
เล่ม ๙๘ · หน้า 14a
ཤེས་དང་ཤེས་བྱ་གཉིས་མེད་དེ། །ཡེ་ནས་ཤེས་ཉིད་ཆོས་ཤེས་ན། །ཆོས་ཉིད་གཞན་ནས་བཙལ་ཅི་དགོས། །དཔེར་ན་སྒྱུ་མའི་བདེ་སྡུག་ཀྱང་། །བསལ་ནས་གཉི་ག་མི་དམིགས་ལྟར། །འཁོར་བ་འགྱུར་བའི་བདེ་སྡུག་ཀྱང་། །མཉམ་པར་
རང་བཞིན་དོན་གྱིས་མཉམ། །ཇི་ལྟར་དུས་རྣམས་ཐམས་ཅད་དག །མཉམ་པ་ཉིད་དུ་རྟོགས་ནས་ནི། །སྒྲོས་ཚིག་རྗེས་སུ་མ་འབྲངས་ན། །མཉམ་འགྱུར་དུས་རྣམས་ག་ལ་དམིགས། །མཁའ་ལ་ངང་གིས་གཟུགས་མེད་ཕྱིར། །དམིགས་སུ་ཟིན་པར་མི་
འགྱུར་བཞིན། །སེམས་ཀྱིས་མ་སྐྱེས་དོན་མི་དཔོགས། །སྐྱོན་དང་ཡོན་ཏན་གཉིས་འབྱེད་པ། །རྟོགས་ནས་གཉིས་ཀྱི་དོན་སྤངས་ཏེ། །རང་བཞིན་མཉམ་པར་དོན་བཞག་ན། །བསྒོམ་ཞེས་མིང་དུ་བརྗོད་པར་ཟད། །གཉིས་སུ་ལྟ་བ་མ་སྐྱེས་ཕྱིར། །གཉིས་ཀྱི་
འདུ་ཤེས་ཅི་བྱུང་ཡང་། །རང་བྱུང་ཞི་བ་མ་བཀག་ཆོས། །ཡེ་ནས་མ་བཅོས་དོན་གྱིས་གསལ། །མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །མི་གནས་ཡེ་ཤེས་ཐུགས་དང་མཉམ། །རིག་དང་མ་རིག་ཁྱད་པར་ལས། །འཁོར་འདས་རྟེན་དང་འབྲེལ་
བར་སྣང་། །རྣམ་རྟོག་མེད་ཕྱིར་ཞི་བ་མེད། །འཛིན་པར་མ་ཡིན་སྤྲོས་བྲལ་མིན། །དྲང་བའི་དོན་བསྟན་མ་གཏོགས་པར། །དོན་ལ་ཚིག་གིས་བརྗོད་དུ་མེད། །སྣང་ཡང་མེད་པའི་རང་བཞིན་ལ། །ཤེས་བློ་ཡོད་པའི་སེམས་མི་འབྱུང་། །མཉམ་ཉིད་
སྟོང་པའི་དོན་འདི་ལ། །དོན་ལྡན་སྟོང་པའི་སྒྲོ་མི་འདོགས། །མ་བཅོས་རང་བཞིན་ཞི་བ་ཡི། །མཚན་མའི་རྟོག་བྲལ་ཤེས་ལྡན་པས། །མེད་དོ་ཙམ་དུའང་མི་དམིགས་ན། །བྱུང་ཚོར་འཛིན་པར་ག་ལ་འགྱུར། །ཐམས་ཅད་མི་གནས་བྱང་ཆུབ་པས། །
བཙལ་ནས་གྲུབ་པ་མ་ཡིན་ཡང་། །སྒྱུ་མ་སངས་ནས་འཁྲུལ་བྲལ་བཞིན། །སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས། །འཁོར་བར་རྟོགས་པ་དུག་ཡིན་ཏེ། །འཁོར་བའི་སྡུག་བསྔལ་མི་ཤེས་ན། །དུག་འཐུངས་བདེ་བ་ག་ལས་འོང་། །སྦྱར་ལེགས་དུག་
เล่ม ๙๘ · หน้า 14b
ཉིད་སྨན་དུ་འགྱུར། །འཁོར་བའི་ལས་རྣམས་དེ་ལྟར་སྣང་། །འཁྲུལ་སྣང་དུག་གཟེར་བཟོད་དཀའ་ལྟར། །མ་རིག་འཁོར་བའི་སྡུག་བསྔལ་སྣང་། །རྨི་ལམ་སྒྱུ་འཕྲུལ་མི་ཟད་པས། །ཤིན་ཏུ་ཉམ་ཐག་གདུངས་པའི་ཚེ། །འཆི་བདག་བདུད་ཀྱིས་ཟིན་འདྲ་ལ། །
མགོན་བཙུན་གཞན་གྱིས་མི་ཕན་ཏེ། །བདུད་སེལ་རྩི་དང་འདྲ་བར་ནི། །ཡང་དག་ལམ་མཆོག་རྟོགས་པར་བྱ། །དུག་ནད་སྨྱོ་སངས་འབྱང་བ་ལ། །སྐད་ཅིག་མ་ལ་མི་བཟོད་ཅིང་། །སྨན་དང་སྨན་པའི་རྩོལ་བསྒྲུབས་པ། །སངས་ནས་དེ་དག་མི་དམིགས་ལྟར། །
འཁོར་བ་མི་དམིགས་འཁྲུལ་པ་ལ། །རྨི་ལམ་ནད་སེལ་རྩོལ་སྒྲུབ་ལྟར། །སྒྲུབ་དང་ཏིང་འཛིན་རྩོལ་བྱེད་ཀྱང་། །འཁོར་བ་སྟོང་རྟོགས་ཉིད་བྱང་ཆུབ། །སྒྱུ་མ་རྒྱུ་འབྲས་མི་སླུ་བཞིན། །བླུན་རྨོངས་ངོ་ལ་དེ་ལྟར་སྣང་། །མཉམ་ཉིད་རིག་པའི་རྩལ་ཅན་དག །འཁོར་བ་
འཁྲུལ་པའི་ཚིག་ཙམ་དུ། །མ་ནོར་ལམ་རིག་བློ་ལ་གསལ། །དེ་ལ་རྩོལ་ཐོབ་རློམ་སེམས་མེད། །སེམས་ཉིད་དོན་དང་མ་མཉམ་ན། །ཚིག་གིས་མཉམ་པས་དོན་མི་དཔོགས། །འཁྲུལ་འཁོར་མཉམ་ལས་མ་གཡོས་ཀྱང་། །ལོག་རྟོགས་སྒྱུ་མའི་ཚུལ་ཙམ་
སྣང་། །སེམས་ཉིད་ཡེ་སངས་རྒྱས་རིག་ནས། །རིག་པའི་དོན་ལ་བརྩོན་སྦྱོར་ཞིང་། །རང་འབྱུང་ཡོན་ཏན་རྩལ་སྡུད་པ། །འཁྲུལ་པར་འབྲེལ་བ་ག་ལ་ཡིན། །བྱང་ཆུབ་སེམས་ལྡན་བསམ་རྫོགས་ན། །ཡེ་ཤེས་མཆོག་ལྡན་མཉམ་ཉིད་སྐུ། །ཏིང་འཛིན་མཆོག་
ལྡན་བླ་མའི་དབང་། །དགེ་བསགས་མཆོག་ལྡན་ལུས་སྤྱོད་པའི། །བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས་འགྲུབ་མི་ལྟ། །བཙལ་ནས་ཐོབ་པར་མི་བྱེད་དེ། །རྒྱུ་ཡི་དུས་ཉིད་འབྲས་བུའི་མཆོག །དཔྱོད་པའི་སེམས་ཉིད་ཏིང་འཛིན་ནི། །
སེམས་ཅན་དུས་ན་དོན་ལ་སྤྱོད། །ལྷུན་གྲུབ་ས་ལ་བགྲོད་མི་བྱེད། །འཁོར་བའི་ས་ཤེས་བདེ་ལྡན་གནས། །མི་གནས་འཁོར་བའི་སྡུག་བསྔལ་ཡང་། །བྱང་ཆུབ་འཁོར་བའི་ལམ་དང་འབྲེལ། །སྒྱུ་མའི་མཚན་ཉིད་མ་བཀག་ཚུལ། །རང་བྱུང་རྟོག་བྲལ་གཅིག་
เล่ม ๙๘ · หน้า 15a
ཏུ་མཉམ། །མཉམ་པ་ཉིད་ཀྱི་དོན་བཙན་པར། །ཆོས་ཉིད་ལ་ཡང་ཆོས་ཉིད་གསལ། །མཉམ་པས་མཉམ་ཞེས་ཚིག་བརྗོད་ཀྱང་། །མཉམ་པའི་དོན་དང་མཐུན་མི་འགྱུར། །བྱང་ཆུབ་དེ་ཡང་མི་དམིགས་ཏེ། །མི་གནས་ཞེས་ནི་གང་བརྗོད་ཅིང་། །
གནས་དང་དམིགས་པའི་གནས་འཛིན་པ། །གཟུང་འཛིན་ཞེས་ནི་དེ་ལ་བྱ། །སྒྱུ་འདྲར་བྱང་ཆུབ་སེམས་མེད་ན། །དངོས་བྲལ་ཡུལ་མེད་སྟོང་པ་དག །མཁའ་ལ་རང་བཞིན་མི་གནས་ཞེས། །བསྟན་པ་དེ་ནི་ཡོད་མ་ཡིན། །བསམ་གཏན་ལུས་ནི་གཙོར་བྱེད་
དང་། །གནས་དེ་ལུས་ཀྱི་ཕྱག་རྒྱ་ཀུན། །མཚན་མར་མངོན་པར་ཞེན་ལས་བྱུང་། །མཚན་མེད་སེམས་ལ་བྱ་བཙལ་མེད། །སྨིག་རྒྱུ་བཞིན་དུ་ལུས་རེད་ན། །གནས་དང་ཕྱག་རྒྱར་དམིགས་པ་མེད། །བྱེད་སྤྱོད་ཆེད་དུ་སྟོན་བྱེད་ཅིང་། །བྱ་མེད་བྱ་བའི་དམིགས་
པའང་མེད། །དེ་ཉིད་མ་སྐྱེས་གཞི་མེད་པས། །གནས་བདེར་ལུས་བཅོས་ཁ་ན་མེད། །ཞེན་པར་འཆོས་ལམ་སྤྱོད་བྱེད་པ། །དེ་ཉིད་གཟུང་འཛིན་རྣམ་རྟོག་སྟེ། །བསམ་གཏན་ལུས་དབེན་དབེན་མ་ཡིན། །མཁའ་ལ་སེམས་དབེན་དབེན་པའི་མཆོག །སེམས་ཉིད་
དབེན་པའི་གནས་ཡིན་ཏེ། །འདི་ནི་རྣལ་འབྱོར་སྤྱོད་མཆོག་གནས། །བླ་གབ་རི་ཕུག་གཞལ་མེད་མིན། །སེམས་ཉིད་དཔག་ཡས་གཞལ་མེད་མཆོག །འདི་ནི་རྨད་བྱུང་ནོར་བུའི་གཞལ། །ཕྱི་དང་ནང་མེད་ཀུན་དུ་ནང་། །འདུ་བར་འདུས་པ་ཚོགས་མ་ཡིན། །
སེམས་ལ་ཡེ་ཤེས་ཚོགས་འདུས་མཆོག །ཆོས་ཀུན་འདུས་པས་ལུས་པ་མེད། །དཔག་མེད་རྒྱལ་བ་མཉེས་པའི་ཚོགས། །ཀུན་རྫོབ་འབྱོར་པ་ཡོ་བྱད་མིན། །སེམས་ཉིད་འབྱོར་པ་རྫས་དང་ལྡན། །ལྷག་པའི་རྫས་མཆོག་འདི་ཤེས་ན། །བསྒྲུབ་འགྲུབ་
འདི་ལ་ཐེ་ཚོམ་མེད། །སྒོམ་པར་བྱེད་པ་སྒོམ་པ་མིན། །བསམ་བྱ་དམིགས་སུ་མེད་པ་སྟེ། །འདི་ལྟར་སེམས་ཀྱི་གསང་སྒོམ་པ། །དོན་ལ་སེམས་སྒོམ་ཏིང་འཛིན་མཆོག །བསྲུང་ཞེས་བསྲུང་བར་བྱ་མི་དམིགས། །སྟོང་པར་སྦས་པའི་སེམས་ཉིད་དེ། །མཚན་
เล่ม ๙๘ · หน้า 15b
མར་འདས་ནས་ཚིག་ཤེས་ན། །བསྲུང་བའི་གསང་བ་དམ་པའོ། །ཚིག་ཏུ་མཉམ་བརྗོད་མཉམ་མི་དམིགས། །སེམས་ཉིད་རང་དག་མཉམ་པ་ལས། །མཉམ་པའི་དོན་ཉིད་ལྷག་པར་མེད། །འདི་དོན་མཉམ་ཤེས་མཉམ་པའི་དོན། །བརྟུལ་ཞུགས་སྤྱོད་པ་སྤྱོད་
མིན་ཏེ། །སེམས་ལ་སེམས་གཞོལ་རོལ་སྤྱོད་པ། །ཐབས་ཆེ་ཡངས་པ་སྤྱོད་པའི་མཆོག །བྱང་ཆུབ་དོན་གྱི་ཕྱི་མོ་རུ། །སེམས་ཀྱི་ཕྱི་མོར་ཡེ་གནས་པས། །གསོལ་ཐོབ་མཚན་མའི་མིང་མི་དམིགས། །དངོས་གྲུབ་ཆེན་པོ་རྒྱུན་མི་འཆད། །དེ་ལྟར་སེམས་ཀྱིས་
སེམས་མཐོང་ན། །ཡེ་ཤེས་ཀྱིས་ནི་ཆོས་ཉིད་མཐོང་། །དུས་ཀུན་དུ་ནི་སྐྱེ་འགག་མེད། །སྔོན་མ་མཐོང་བའི་དོན་མཐོང་འགྱུར། །དེ་ཡང་དངོས་པོ་ཅང་མི་མཐོང་། །ཐམས་ཅད་རང་བཞིན་མེད་པ་ཞིག །བློ་ལ་འགྱུས་པ་ཁོ་ནར་ཟད། །དེ་ལྟ་བུ་ཡི་དོན་མཐོང་ན། །
མཚན་མར་མཐོང་བ་ཅི་ཡང་མེད། །སྒྱུ་མ་ཙམ་དུ་ཚུལ་ཤེས་ནས། །ནམ་མཁའ་མཉམ་པའི་དོན་སྣང་འགྱུར། །ཁ་ཅིག་དག་ནི་དེ་དོན་ལ། །མཐོང་བ་ཅི་ཡང་མེད་འགྱུར་ན། །སྣང་བ་ཞེས་ནི་ཅི་ཕྱིར་གདགས། །མེད་པའི་དོན་དང་འགལ་འགྱུར་ཞེས། །ཐེ་ཚོམ་ཟ་
འགྱུར་དེ་དག་ལ། །མཐོང་བ་མེད་པའི་དོན་དེ་ཉིད། །ཡིད་ཀྱི་ངོ་ལ་སྣང་འགྱུར་ན། །སྣང་ཞེས་དེ་ཕྱིར་བརྗོད་པར་བྱ། །དེ་བས་འཁྲུལ་པ་མ་ཟད་པར། །ནམ་མཁའ་མཐོང་བ་མེད་པ་དེ། །དེ་ཉིད་ཡིད་ལ་སྣང་འགྱུར་ཡང་། །གཟུགས་ལ་སྣང་བར་འགྱུར་བ་མིན། །
སེམས་ཉིད་བདེན་པར་མ་མཐོང་ན། །ཡིད་ལ་མཚན་མེད་དོན་གསལ་དང་། །མཚན་མ་འཁྲུལ་པར་རྒྱུ་བ་གཉིས། །འདྲེན་མར་རྒྱུ་བྱེད་འབྲལ་འགྱུར་མིན། །དེ་ཉིད་བདེན་པར་མཐོང་འགྱུར་ན། །དེ་ནས་དེ་མ་ཐག་ཏུ་ཡང་། །ཡིད་ཀྱི་རྒྱུ་བ་རྒྱུན་ཆད་ནས། །སྔར་
འཁྲུལ་མཚན་མའི་ཆོས་བྲལ་ཏེ། །དེས་ནི་བདེན་པ་མཐོང་བ་ཡིན། །དེ་བས་འདུས་པ་ཆེན་པོའི་ཚོགས། །སེམས་ནི་ཡང་དག་ལམ་ཉིད་དེ། །མཁའ་ལ་བྱ་ལམ་རྗེས་མེད་བཞིན། །གོལ་མེད་ལམ་ཞེས་འདྲེན་པས་བཤད། །དེ་ལྟར་བཤད་པའི་ལམ་དེ་ཡང་། །
เล่ม ๙๘ · หน้า 16a
ཀུན་གྱིས་རྟོགས་པར་བྱ་བའི་ཕྱིར། །ཚིག་ཏུ་མཚོན་ཏེ་བཤད་མོད་ཀྱང་། །དམིགས་མེད་ཚིག་གི་ཡུལ་བྲལ་བ། །དེ་ཡི་རང་བཞིན་དེ་ཡིན་ན། །རང་བཞིན་གཞི་ལས་མཚན་མར་གཡོས། །དེ་ལ་མིང་མེད་མིང་བཏགས་རྒྱུས། །ཡིན་དང་མ་
ཡིན་ཐེ་ཚོམ་སྐྱེས། །དེ་ལས་རྩོད་པའི་གཞིར་གྱུར་ཏེ། །དེ་བསལ་དོན་ཕྱིར་མཚན་མ་ཡི། །ཚིག་གི་ཚོགས་ཀྱི་རྣམ་གྲངས་ལས། །སྒོ་མོ་དཔག་ཏུ་མེད་པར་བཤད། །དེ་ཡིས་ངེས་དོན་རྗེས་བཅད་པ། །ཐུགས་ཀྱི་ཀློང་ནས་བཏོན་པ་ཡི། །ཚིག་གི་སྒྲོན་མས་
དོན་བཙལ་བ། །ལམ་ཉིད་ཇི་ལྟར་ཡིན་ཞེ་ན། །དྲན་བྱུང་རྗེས་སུ་འབྲེངས་ན་ནི། །འཁོར་བའི་གནས་སུ་འཁོར་བར་འགྱུར། །དྲན་འབྱུང་གཡོ་བ་ཅི་བཀག་པ། །དེ་དག་འགོག་པ་ཉིད་དུ་འགྱུར། །དྲན་བྱུང་མེད་པར་བླུན་པ་ནི། །མུ་སྟེགས་ཅན་ལམ་མུན་པར་འགྱུར། །
འདི་ཞེས་སེམས་སུ་གཅིག་བཟུང་ན། །མཚན་མ་རྟོག་པའི་རི་བོ་ཡིན། །སྔ་ཕྱི་མེད་ཅེས་ཕྱང་བཅད་ན། །མེད་དེ་ཆད་པའི་མུ་ཅན་ཡིན། །གཞི་ཡི་དོན་ལས་ཡུད་ཙམ་ཞིག །ཅིར་གཡོས་སྐྱེ་འགག་བྱུང་བ་དེ། །རྣམ་གྲངས་ལམ་དེ་འཕེལ་འགྱུར་གྱི། །ལམ་
གྱི་ཆོས་ཉིད་ག་ལ་འགྱུར། །དཔེར་ན་འགྲོ་གང་བྱིས་པ་དག །གྲིབ་མ་སྤངས་ནས་རྣམ་དག་ཚོལ། །རང་ལས་བྱུང་བའི་རང་བཞིན་གྱིས། །བཙལ་ན་གྲིབ་མེད་དག་མི་རྙེད། །དོན་ཉིད་ཡེ་ནས་གནས་བཞིན་དུ། །སེམས་ཉིད་སྡུག་བསྔལ་སྣ་ཚོགས་ཀྱིས། །ཤ་ཐང་བར་ནི་
དོན་ཚོལ་བ། །དོན་མེད་བདུད་ཀྱི་ལས་ཡིན་ནོ། །དོན་ལ་ཚིག་ཏུ་བརྗོད་པ་ནི། །ནམ་མཁའ་དག་ལ་རྩོད་པ་འདྲ། །ཚིག་ཏུ་སྨན་དང་དཔྱད་བཤད་ཀྱང་། །ནད་པའི་ཚོགས་ལ་མི་ཕན་ནོ། །སེམས་ཉིད་དོན་དུ་མ་ཤེས་ན། །ཚིག་ཏུ་དོན་བརྗོད་དོན་མི་རྟོགས། །
འཁོར་བ་སྤངས་ནས་འདས་ཚོལ་བ། །གཟུགས་བཏང་ནས་ནི་གྲིབ་ཚོལ་འདྲ། །ལམ་ཉིད་ཇི་ལྟར་ཡིན་ཞེ་ན། །མ་རིག་ཡེ་ཤེས་ཐ་དད་མིན། །མ་རྟོགས་རྟོགས་པ་ལམ་དུ་གཅིག །སེམས་འདི་སྣ་ཚོགས་པར་སྣང་བས། །སྣ་ཚོགས་སེམས་སུ་གཅིག་པ་ཡིན། །
เล่ม ๙๘ · หน้า 16b
དཔེར་ན་གསེར་དུ་གཅིག་པ་ལས། །དབྱིབས་དང་གཟུགས་ནི་ཐ་དད་པར། །བྱིས་པས་སོ་སོའི་མིང་དུ་གྲགས། །གྲགས་ཀྱང་གསེར་གྱི་ངོ་བོར་གཅིག །དེ་བཞིན་སེམས་ཀྱི་རང་བཞིན་ལ། །འཁྲུལ་དང་མ་འཁྲུལ་ཁྱད་པར་གྱིས། །ཇི་ལྟར་བལྟས་དགུ་
དེར་སྣང་ཡང་། །སྣང་ཡང་སེམས་ལས་གཞན་མི་དམིགས། །སྒྲོན་མར་འབར་བའི་རིན་ཆེན་ནི། །གལ་ཏེ་ངན་ཁུང་སྦས་གྱུར་ཀྱང་། །དེ་ཉིད་ཡོན་ཏན་རང་སྣང་བས། །འོད་ནི་མཁའ་ལ་གསལ་བར་འགྱུར། །དེ་བཞིན་སེམས་ཉིད་རིན་ཆེན་སྒྲོན། །
ལུས་ངག་འཁོར་བར་བྱིང་གྱུར་ཀྱང་། །རང་བྱུང་རང་ཞི་རབ་སྣང་བས། །ཤེས་རབ་ཆོས་ཉིད་མཁའ་ལ་གསལ། །སེམས་ཉིད་ནམ་མཁའ་འདྲར་མཚུངས་ཏེ། །ཀུན་ཁྱབ་སྟོང་གསལ་སྣ་ཚོགས་འབྱུང་། །བྱུང་ཚོར་གཡོ་འགོག་ཐམས་ཅད་ཀྱང་། །རང་
བཞིན་གྱིས་འབྱུང་ངང་གིས་ཞི། །མདོར་ན་ཇི་ལྟར་བརྟགས་བསམས་བཞིན། །འགྱུར་བས་ཐམས་ཅད་ངོ་བོར་སྣང་། །མ་བཅོས་གཡོ་བ་མེད་ཉིད་ལ། །སྣ་ཚོགས་རྒྱུ་འབྱུང་མི་སྐྱོན་ཞིང་། །ཆོ་འཕྲུལ་མི་འགག་ཉམ་ང་མེད། །ཅི་བཞིན་ནམ་མཁའི་རང་བཞིན་
ལ། །བློ་བཞག་མ་གཡེངས་ཁོ་ནར་ཟད། །དེ་ནི་སྐྱེས་མཆོག་དོན་པོ་ཆེ། །དེ་སེམས་དུས་གསུམ་ཐམས་ཅད་ཀྱི། །སངས་རྒྱས་འབྱུང་བའི་ངོ་བོ་ཡིན། །དེ་ལྟའི་དོན་ལ་རིང་ཞིག་ནས། །ཤེས་ཤིང་འདྲིས་པར་གྱུར་པ་ན། །ངེས་དོན་མཐོང་བའི་ཉམས་དྲོད་ནི། །
དོན་དང་མཇལ་བའི་རྟགས་ཆེན་ཡང་། །མན་ངག་ལུང་གིས་བརྒྱད་འཆར་ཏེ། །ངེས་པར་དོན་གསུམ་མྱོང་བར་འགྱུར། །དེ་དག་ཐོག་ཏུ་ཕེབས་པ་ཡི། །དྲོད་ཆེན་རྟགས་སུ་བསྟན་པ་ཡིན། །དེ་ཡི་ཞར་ལས་བྱུང་བའི་དྲོད། །འཁོར་བའི་ཆོས་ལ་སྙིང་རྗེ་ཡི། །བྱང་ཆུབ་
སེམས་ཀྱང་སྐྱེ་བར་འགྱུར། །མཚན་མ་རྟོག་པའི་ཆོས་རྣམས་ལ། །ཡིད་མི་ཆེས་པའི་འདུ་ཤེས་སྐྱེ། །ཆོས་རྣམས་འདི་ལྟར་ཡིན་པ་ལས། །འདི་ལྟར་འཁྲུལ་པ་ངོ་མཚར་ཆེ། །ཡ་མཚན་དཔྱོད་པའི་འདུ་ཤེས་འབྱུང་། །འདི་དོན་མ་ཤེས་འགྲོ་བ་རྣམས། །
เล่ม ๙๘ · หน้า 17a
རྩོལ་སྒྲུབ་དཀའ་བའི་ཐབས་ཆེན་གྱིས། །ཡང་དག་དོན་ཚོལ་ལམ་རེ་རིང་། །བསགས་པའི་འབྲས་བུ་ཡོད་འགྱུར་ཡང་། །དོན་དེ་མཐོང་བར་ཡོང་མི་ནུས། །དེ་འདྲའི་འདུ་ཤེས་འབྱུང་བར་འགྱུར། །དེ་ལྟར་ཤེས་པའི་ཉམས་དྲོད་ནི། །སྐལ་དང་
ལྡན་པའི་སྐྱེས་བུ་གང་། །རྒྱུད་འགྲོས་ཚིག་གིས་མ་བཀྲོལ་བར། །སེམས་ལས་ཆོས་བྱུང་འབུམ་ཕྲག་ཡས། །སྨྲ་བའི་སྒོ་མོར་ཐམས་ཅད་གསལ། །དོན་ལ་ངེས་པའི་གཏན་ཚིགས་དག །ཚིག་ཏུ་མཚོན་ཏེ་འབྱིན་པར་ནུས། །དེ་ནི་ཆོས་སྐུ་མཉམ་ཉིད་དང་། །
དབྱེར་མེད་གཉིས་སུ་མེད་པ་ཡིན། །རྟེན་པའི་གསུང་ཐུགས་སྐུ་བརྙན་དང་། །དེ་ནི་མཚུངས་པ་ཡོད་མིན་ནོ། །ཞི་ལུས་མཐར་འགོག་སྐྱོན་གཉིས་དང་། །དེ་ནི་མཚུངས་པ་ཡོད་མ་ཡིན། །ས་ལ་སློབ་པའི་སེམས་དཔའ་དང་། །དེ་ཡང་མི་མཚུངས་རྒྱལ་བས་གསུངས། །
རིག་འཛིན་དྲང་སྲོང་དོན་དཔྱོད་དང་། །ལུས་འདྲ་སེམས་ནི་ཡོང་མི་མཚུངས། །དེ་ཕྱིར་རྣམ་དག་ལམ་ཆེན་ནི། །སེམས་ཀྱི་གསང་འདི་ཡིན་པས་ན། །སྐལ་ལྡན་འདུས་པ་ཆེན་པོའི་ཚོགས། །ལམ་འདི་ཤེས་པར་བྱ་བ་ལས། །བཙལ་བར་བྱ་བའི་རྒྱུ་མེད་དེ། །
ལམ་འདི་ཤེས་པ་དེ་ཉིད་ཀྱིས། །དཀའ་བའི་རྩོལ་སྒྲུབ་མ་བྱས་པར། །ཐམས་ཅད་ཐམས་ཅད་གྲུབ་པར་འགྱུར། །འདུས་པ་ཆེན་པོའི་ཚོགས་དེ་བས་ན་སེམས་འདི་ནི་ལམ་ཞེས་བྱའོ། །འཁོར་བ་ཞེས་བྱའོ། །སེམས་ཅན་ཞེས་བྱའོ། །གྲུ་ཞེས་བྱའོ། །བགྲོད་པ་
ཞེས་བྱའོ། །བྱང་ཆུབ་ཅེས་བྱའོ། །སེམས་ཞེས་བྱའོ། །ཤེས་རབ་ཅེས་བྱའོ། །ཏིང་ངེ་འཛིན་ཅེས་བྱའོ། །གནས་ཞེས་བྱའོ། །རབ་ཅེས་བྱའོ། །མཆོག་ཅེས་བྱའོ། །ཕུལ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །ཟབ་པ་ཞེས་བྱའོ། །གསང་བ་ཞེས་བྱའོ། །
གཏིང་དཔག་དཀའ་བ་ཞེས་བྱའོ། །ཆོས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སངས་རྒྱས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇུག་པའི་ཕྱིར་ནི་ལམ་མོ། །འཁྲུལ་པའི་ཕྱིར་ནི་འཁོར་བའོ། །མ་ཤེས་པའི་ཕྱིར་ནི་སེམས་ཅན་ནོ། །སྒྲོལ་བའི་
เล่ม ๙๘ · หน้า 17b
ཕྱིར་ནི་གྲུའོ། །བསྐྱོད་པའི་ཕྱིར་ནི་བགྲོད་པའོ། །བདེ་བའི་ཕྱིར་ནི་བྱང་ཆུབ་བོ། །དྲན་པ་ངེས་པའི་ཕྱིར་ནི་སེམས་སོ། །མཁས་པའི་ཕྱིར་ནི་ཤེས་རབ་བོ། །གསལ་བའི་ཕྱིར་ནི་ཏིང་ངེ་འཛིན་ཏོ། །ཕྱིན་པའི་ཕྱིར་ནི་གནས་སོ། །ཟླ་མེད་པའི་ཕྱིར་ནི་རབ་བོ། །ངོ་
མཚར་བའི་ཕྱིར་ནི་མཆོག་གོ། །འཕགས་པའི་ཕྱིར་ནི་ཕུལ་ལོ། །དབང་བྱེད་པ་མེད་པའི་ཕྱིར་ནི་བླ་ན་མེད་པའོ། །གཏིང་རིང་བའི་ཕྱིར་ནི་ཟབ་པའོ། །གབ་པའི་ཕྱིར་ནི་གསང་བའོ། །ཕྲ་བའི་ཕྱིར་ནི་གཏིང་དཔག་དཀའ་བའོ། །ཀུན་འབྱུང་བའི་ཕྱིར་ནི་ཆོས་སོ། །ས་
ནོན་པའི་ཕྱིར་ནི་བྱང་ཆུབ་སེམས་དཔའོ། །མཐར་ཕྱིན་པའི་ཕྱིར་ནི་སངས་རྒྱས་ཏེ། །སེམས་དཔའ་ཆེན་པོ་དེའི་ཕྱིར་ན་རྣལ་འབྱོར་གྱི་ལམ་འདི་ཤེས་པར་བྱ་སྟེ། །ལམ་འདི་ནི་ཆོས་ཐམས་ཅད་ཀྱི་གཞིའོ། །སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །དེ་ཅིའི་ཕྱིར་ཞེ་ན།
ཆོས་ཐམས་ཅད་འདི་ལས་འབྱུང་བའི་ཕྱིར་ན་གཞིའོ། །མཐར་ཕྱིན་པའི་སངས་རྒྱས་ཀྱི་ལམ་འདི་ནས་གཤེགས་པར་གྱུར་ཏོ། །ད་ལྟར་སྟོང་པ་ཉིད་ཀྱང་ལམ་འདི་ནས་གཤེགས་པ་སྟེ། །དེའི་ཕྱིར་ལམ་འདི་ཤེས་པར་བྱའོ། །དེ་ལྟར་ན་དེའི་ཕྱིར་ལམ་འདི་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཅེས་ཀྱང་བྱའོ། །དེ་བཞིན་དུ་ཡུམ་ཞེས་ཀྱང་བྱ་བ་དང་། སྲས་ཞེས་བྱ་བ་དང་། བདག་པོ་ཞེས་བྱ་བ་དང་། གདུང་ཞེས་བྱ་བ་དང་། སྲོག་ཅེས་བྱ་བ་དང་། ནོར་ཞེས་བྱ་བ་དང་། བྲན་ཞེས་བྱ་བ་དང་། སྐུ་ཞེས་བྱ་བ་
དང་། གསུང་ཞེས་བྱ་བ་དང་། ཐུགས་ཞེས་བྱ་བ་དང་། ཡོན་ཏན་ཞེས་བྱ་བ་དང་། ཕྲིན་ལས་ཆེན་པོ་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ཆེན་པོ་དང་། ཤེས་རབ་ཆེན་པོ་དང་། བྱང་ཆུབ་ཆེན་པོ་དང་། དབང་ཆེན་པོ་དང་། དེ་བཞིན་ཉིད་དང་། འདའ་
བར་དཀའ་བ་དང་། ཆོས་ཉིད་ལ་ཟད་མི་ཤེས་པ་དང་། སྙིང་རྗེ་ཆེན་པོ་དང་། རྣམ་པར་བརྗིད་པ་དང་། སྣ་ཚོགས་སུ་སྟོན་པ་དང་། ཐམས་ཅད་དུ་མཁྱེན་པ་དང་། ཅིར་ཡང་འབྱུང་བ་དང་། མཛད་པ་སྣ་ཚོགས་པའི་ཕྱིར་དེ་དག་ནི་དེ་ལྟར་ཡིན་པར་ཤེས་པར་བྱའོ། །དེའི་
เล่ม ๙๘ · หน้า 18a
ཕྱིར་ཡང་ལམ་འདི་ཡོངས་སུ་ཤེས་པར་བྱའོ། །དེ་བཞིན་དུ་འདོད་པ་ཆེན་པོ་ཞེས་ཀྱང་བྱའོ། །འཚོ་བ་ཆེན་པོ་ཞེས་བྱ་བ་དང་། ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་དང་། ཡོ་བྱད་ཆེན་པོ་ཞེས་བྱ་བ་དང་། རྒྱུ་ཞེས་བྱ་བ་དང་། རྐྱེན་ཞེས་བྱ་བ་དང་། འབྲས་བུ་
ཞེས་བྱ་བ་དང་། སྤྱོད་པ་ཞེས་བྱ་བ་དང་། ཆོ་འཕྲུལ་ཞེས་བྱ་བ་དང་། ཕྱག་རྒྱ་ཞེས་བྱ་བ་དང་། བསྙེན་པ་ཞེས་བྱ་བ་དང་། ཉེ་བའི་བསྙེན་པ་ཞེས་བྱ་བ་དང་། སྒྲུབ་པ་ཞེས་བྱ་བ་དང་། སྒྲུབ་པ་ཆེན་པོ་ཞེས་བྱ་བ་དང་། ཚོགས་ཆེན་པོ་ཞེས་བྱ་བ་དང་། ཀུན་དུ་རྫོགས་པ་ཞེས་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། ཡུལ་ལ་འདོད་པ་སྣ་ཚོགས་པ་དང་། དམིགས་པས་འཚོ་བ་དང་། འཇོལ་ཉོག་ཏུ་སྤྱོད་པ་དང་། དགོས་པ་སྒྲུབ་པ་དང་། འབྲས་བུར་བྱེད་པ་དང་། ཀུན་དུ་ལོག་པ་དང་། དོན་གྲུབ་པ་དང་། སྨིན་པར་བསགས་པ་དང་། རང་བཞིན་དུ་གྱུར་པ་དང་། བྱ་
བ་བྱེད་པ་དང་། སྣ་ཚོགས་སུ་འབྱུང་བ་དང་། མཚན་མར་བསྟན་པ་དང་། རྣམ་པར་འདུད་པ་དང་། ཤིན་ཏུ་མཛད་པ་དང་། འདོད་པ་བྱེད་པ་དང་། ལྷག་པར་འདོད་པ་དང་། ཀུན་དུ་འབྱོར་པ་དང་། ལྷུན་གྱིས་གྲུབ་པའི་ཕྱིར་ཡོངས་སུ་ཤེས་པར་བྱའོ། །གཞན་ཡང་
འདུས་པ་ཆེན་པོའི་ཚོགས་འདི་ལ་ནི་ཐམས་ཅད་ཡོད་དེ། ཆོས་ཐམས་ཅད་ནི་རྣལ་འབྱོར་རྣམ་པ་གསུམ་དུ་འདུས་པར་ཤེས་པར་བྱའོ། །གསུམ་གང་ཞེ་ན། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རྣམ་པ་གསུམ་ཡང་འདི་ཉིད་ཡིན་ཞིང་འདི་
ལས་འབྱུང་བར་ཤེས་པར་བྱ་སྟེ། དེ་ཡང་ཇི་ལྟར་ཞེ་ན། རྒྱུ་ནི་འཁྲུལ་པ་གཅིག་ཤེས་ཏེ་ཆུབ་པར་འདོད་པས་ཀྱང་ལམ་འདི་ཉིད་ཤེས་པར་བྱའོ། །དེ་བཞིན་དུ་མཚན་མ་གཉིས་དང་། རྟོག་པ་གསུམ་དང་། ལོག་པ་བཞི་དང་། ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔ་དང་། དབང་
པོ་ལྔ་དང་། རྒྱུ་དྲུག་དང་། རྐྱེན་བཅུ་གཉིས་དང་། སྐྱེ་བ་བཅུ་གཉིས་དང་། རང་བཞིན་བཅྭ་བརྒྱད་དང་། སྤྱོད་པ་བཅུ་གཅིག་དང་། སྨིན་པ་བཞི་དང་། ལམ་ལྔ་དང་། གནས་དྲུག་དང་། མུ་གསུམ་ཤེས་ཏེ་ཆུབ་པར་འདོད་པས་ཀྱང་ལམ་འདི་ཉིད་ཤེས་པར་བྱའོ། །
เล่ม ๙๘ · หน้า 18b
དེ་ཅིའི་ཕྱིར་ཞེ་ན། འདོད་པའི་འབྲས་བུའི་གཞིར་གྱུར་པའི་ཕྱིར་ཏེ། ལམ་དེ་ཉིད་མ་རིག་པའི་ཕྱིར་འཁྲུལ་པ་ཞེས་བྱའོ། །ཡུལ་དང་གཉིས་སུ་གྱུར་པའི་ཕྱིར་ན་མཚན་མ་ཞེས་བྱའོ། །དུས་གསུམ་དངོས་པོར་རྟོག་པའི་ཕྱིར་རྟོག་པ་ཞེས་བྱའོ། །ངེས་པ་ལས་ལོག་པའི་ཕྱིར་
དོན་ལས་གོལ་བ་དང་། མཉམ་པ་ལས་གོལ་བ་དང་ཕྱོགས་ལས་གོལ་བ་དང་གཞི་ལས་གོལ་བའི་ཕྱིར་ལོག་པ་ཞེས་བྱའོ། །རྒྱུ་འབྲས་ཀུན་ནས་ཉོན་མོངས་པའི་ཕྱིར་མུན་པས་འཐིབས་པ་དང་། སྲེད་པས་གདུངས་པ་དང་། སྡོང་པོས་ནོན་པ་དང་། མི་ཕྱེད་པས་འཐས་པ་
དང་། ཀུན་ནས་འཁྲུགས་པའི་ཕྱིར་ཉོན་མོངས་པ་ཞེས་བྱའོ། །ཀུན་ནས་འདུས་པའི་ཕྱིར་རྒྱུ་འདུས་པ་དང་། རྐྱེན་དུ་ཚོར་བ་དང་། མཚན་མར་ཤེས་པ་དང་། ཐམས་ཅད་ནས་བྱེད་པ་དང་། རྣམ་པར་རིག་པའི་ཕྱིར་ཕུང་པོ་ཞེས་བྱའོ། །སྒོར་གསལ་ཞིང་ཡུལ་ལ་དབང་
བྱེད་པའི་ཕྱིར་མཐོང་བར་དབང་བ་དང་། ཐོས་པར་དབང་བ་དང་། ཚོར་བར་དབང་བ་དང་། མྱོང་བར་དབང་བ་དང་། རེག་པར་དབང་བའི་ཕྱིར་དབང་པོ་ཞེས་བྱའོ། །འབྲས་བུར་བྱེད་པའི་ཕྱིར་འཛིན་པར་དབང་བ་དང་། མཉེན་པར་བྱེད་པ་དང་། ཆགས་པར་བྱེད་པ་དང་།
གཡོ་བར་འབུད་པ་དང་། སྐྱེད་པར་གསལ་བ་དང་། དུས་སུ་རེད་པའི་ཕྱིར་རྒྱུ་ཞེས་བྱའོ། །རྐྱེན་དུ་འབྲེལ་པའི་ཕྱིར་ས་བོན་དང་། རྩ་བ་དང་། མྱུ་གུ་དང་། ལྡུམ་བུ་དང་། ཡལ་ག་དང་། སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། སྙིང་པོ་དང་།
སྐམས་པའི་ཕྱིར་རྐྱེན་ཞེས་བྱའོ། །མཚན་མ་སྐྱེ་བའི་ཕྱིར་མཐོང་བ་སྐྱེ་བ་དང་། སྣང་བ་དང་། ཐོས་པ་དང་། སྒྲ་བརྙན་དང་། ཚོར་བ་དང་། དྲི་དང་། མྱང་བ་དང་། རོ་དང་། རེག་པ་དང་། ཤེས་པ་དང་། ཆོས་སྐྱེ་བའི་ཕྱིར་སྐྱེ་བ་ཞེས་བྱའོ། །མཚན་མའི་ཆོས་ཉིད་
ཅན་གྱི་ཕྱིར། །མཐོང་བའི་ཆོས་ཉིད་དང་། སྣང་བའི་ཆོས་དང་། ལྷང་ངེ་བའི་ཆོས་དང་། ཐོས་པའི་ཆོས་དང་། གྲགས་པའི་ཆོས་དང་། གསལ་བའི་ཆོས་དང་། ཚོར་བའི་ཆོས་དང་། དྲིའི་ཆོས་དང་། ཚིམ་པའི་ཆོས་དང་། མྱང་བའི་ཆོས་དང་། རོའི་ཆོས་དང་།
เล่ม ๙๘ · หน้า 19a
བྲོ་བའི་ཆོས་དང་། རེག་པའི་ཆོས་དང་། རེག་བྱའི་ཆོས་དང་། ངེས་པའི་ཆོས་དང་། ཤེས་པའི་ཆོས་དང་། ཆོས་ཀྱི་ཆོས་དང་། རྟོགས་པའི་ཆོས་ཉིད་འཛིན་པའི་ཕྱིར་ཆོས་ཉིད་ཅེས་བྱའོ། །མཚན་མར་སྤྱོད་པའི་ཕྱིར་འདུ་ཤེས་སྒྱུར་བའི་སྤྱོད་པ་
དང་། དབང་དུ་སྤྱོད་པའི་སྤྱོད་པ་དང་། རྣམ་པར་གཡོ་བའི་སྤྱོད་པ་དང་། སྒྲོས་སུ་འདོགས་པའི་སྤྱོད་པ་དང་། ཟླ་ལས་གལ་བའི་སྤྱོད་པ་དང་། ཀུན་དུ་འཚིག་པའི་སྤྱོད་པ་དང་། བླ་བཀྱལ་འཚལ་བའི་སྤྱོད་པ་དང་། ཆགས་པ་འཛིན་པའི་སྤྱོད་པ་དང་། ཀུན་དུ་
བདུད་ཀྱི་སྤྱོད་པ་དང་། ཕྱིན་ཅི་ལོག་པའི་སྤྱོད་པ་དང་། གཉིས་ལ་རྟེན་པར་སྤྱོད་པའི་ཕྱིར་སྤྱོད་པ་ཞེས་བྱའོ། །འབྲས་བུར་སྨིན་པའི་ཕྱིར་རྫོགས་པར་སྨིན་པ་དང་། རིམ་པར་སྨིན་པ་དང་། གློ་བུར་དུ་སྨིན་པ་དང་། བསྒྱུར་ཏེ་སྨིན་པའི་ཕྱིར་སྨིན་པ་ཞེས་བྱའོ། །བགྲོད་
པར་བྱེད་པའི་ཕྱིར་གདུང་བའི་ལམ་དང་། འགོག་པའི་ལམ་དང་། མུན་པའི་ལམ་དང་། འདམ་གྱི་ལམ་དང་། ཡང་བའི་ཕྱིར་ལམ་ཞེས་བྱའོ། །བརྟེན་པར་བྱེད་པའི་ཕྱིར་བཟོད་ལྡན་གྱི་གནས་དང་། ཡིད་ལྡན་གྱི་གནས་དང་། མཉམ་ལྡན་གྱི་གནས་དང་། འདོད་
ལྡན་གྱི་གནས་དང་། རྩོད་ལྡན་གྱི་གནས་དང་། དགའ་ལྡན་ལ་གནས་པའི་ཕྱིར་གནས་ཞེས་བྱའོ། །བདེ་བའི་མུ་ལ་བཟུང་བའི་ཕྱིར་ངོ་བོ་ཉིད་ཀྱི་མུ་དང་། བྱེད་པ་དང་དབང་ཕྱུག་གི་མུ་བཟུང་བའི་ཕྱིར་མུ་ཞེས་བྱའོ། །འདུས་པ་ཆེན་པོའི་ཚོགས་རྐྱེན་གྱི་རྣལ་འབྱོར་
ནི་འདི་ལྟ་སྟེ། ཤེས་པ་གཅིག་ཤེས་ཏེ་ཆུབ་པར་འདོད་པས་ཀྱང་། ལམ་འདི་ཤེས་པར་བྱའོ། །དེ་བཞིན་དུ་དོན་གཉིས་དང་། ཚུལ་གསུམ་དང་། ཐབས་བཞི་དང་། ཆོས་ལྔ་དང་། རིགས་དྲུག་དང་། མཛད་པ་ཆེན་པོ་བཅུ་གཉིས་དང་། ཆོ་འཕྲུལ་ཆེན་པོ་
བཅུ་གཉིས་དང་། ཡེ་ཤེས་བཅྭ་བརྒྱད་དང་། སའི་ཁྱད་པར་བཅུ་གཅིག་དང་། སྐུ་བཞི་དང་། ལམ་ལྔ་དང་། འབྲས་བུ་ཆེན་པོ་དྲུག་དང་། བྱང་ཆུབ་ཆེན་པོ་གཅིག་ཤེས་ཏེ་ཆུབ་པར་འདོད་པས་ཀྱང་ལམ་འདི་ཉིད་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རང་རྐྱེན་
เล่ม ๙๘ · หน้า 19b
ཙམ་དུ་སྤྱོད་ཅིང་འབྲས་བུའི་རྐྱེན་དུ་འགྱུར་བའི་ཕྱིར་ཏེ། ལམ་དེ་ཉིད་མ་ནོར་པར་ཤེས་པའི་ཕྱིར་དེ་ཤེས་པ་གཅིག་ཤེས་བྱའོ། །བདེན་པ་གཉིས་སུ་སྣང་བའི་ཕྱིར་དོན་གཉིས་པ་ཞེས་བྱའོ། །མཚན་ཉིད་གསུམ་གྱིས་སྦྱོར་བའི་ཕྱིར་ཀུན་བརྟགས་མཐུན་པ་ལ་ཡོད་
པའི་ཚུལ་དང་། གཞན་དབང་མི་མཐུན་པ་ལ་མེད་པའི་ཚུལ་དང་། རྗེས་སུ་དཔག་པ་གཉི་ག་མ་ཡིན་པའི་ཕྱིར་ཚུལ་ཞེས་བྱའོ། །མཁས་པས་ཟིན་པའི་ཕྱིར་ཁད་ཀྱིས་འཇུག་པའི་ཐབས་དང་། རྐྱེན་ལ་སྦྱོར་བའི་ཐབས་དང་། མངོན་པར་འཇུག་པའི་ཐབས་དང་།
ཐམས་ཅད་རྫོགས་པའི་ཕྱིར་ཐབས་ཞེས་བྱའོ། །རང་བཞིན་ལ་གནས་པའི་ཕྱིར་རྒྱུའི་ཆོས་དང་། ལམ་གྱི་ཆོས་དང་། རྟོགས་པའི་ཆོས་དང་། འབྲས་བུའི་ཆོས་ལ་གནས་པའི་ཕྱིར་ཆོས་ཞེས་བྱའོ། །ཕྱིས་འབྱུང་བར་ཤེས་པའི་ཕྱིར་རྒྱུའི་དྲན་པ་དང་། འབྲས་བུའི་དྲན་
པ་དང་། སྒྲའི་དྲན་པ་དང་། སྦྱོར་བའི་དྲན་པ་དང་། གནས་ཀྱི་དྲན་པ་དང་། མངོན་སུམ་པའི་དྲན་པ་དང་། རིག་པའི་ཕྱིར་རིག་པ་དྲུག་ཅེས་བྱའོ། །གཞན་གྱི་དོན་དུ་མཛད་ཅིང་འགྲོ་བའི་དོན་ལ་འཇུག་པའི་ཕྱིར་ངོ་བོའི་ཚུལ་དང་། བལྟམས་པའི་ཚུལ་དང་།
རོལ་པའི་ཚུལ་དང་། མངའ་དབང་ཆེན་པོའི་ཚུལ་དང་། ཐར་པར་གྱུར་པའི་ཚུལ་དང་། དཀའ་ཐུབ་ཆེན་པོའི་ཚུལ་དང་། སངས་རྒྱས་པ་དང་བདུད་བཏུལ་བ་དང་འཁོར་ལོ་བསྐོར་བ་དང་། བདུད་བཏུལ་བའི་ཚུལ་དང་། ཆོ་འཕྲུལ་སྟོན་པའི་ཚུལ་དང་། མྱ་ངན་
ལས་འདས་པའི་ཚུལ་གྱི་ཕྱིར་མཛད་པ་ཆེན་པོ་ཞེས་བྱའོ། །སྣ་ཚོགས་སུ་འཕྲུལ་པའི་ཕྱིར། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། སྣང་བའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་རྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། བསམ་
གཏན་གྱི་ཆོ་འཕྲུལ་དང་། བྱིན་བརླབས་ཀྱི་ཆོ་འཕྲུལ་དང་། སྐྱེ་བའི་ཆོ་འཕྲུལ་དང་། སྟོབས་ཀྱི་ཆོ་འཕྲུལ་དང་། ཡོན་ཏན་གྱི་ཆོ་འཕྲུལ་དང་། འབྲས་བུའི་ཆོ་འཕྲུལ་དང་། དེའི་ཕྱིར་ཆོ་འཕྲུལ་ཞེས་བྱའོ། །ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཕྱིར་ནང་
เล่ม ๙๘ · หน้า 20a
གི་ཆོས་ཐམས་ཅད་ཤེས་པ་དང་། ཕྱིའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། སྟོང་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དོན་དམ་པའི་ཆོས་ཉིད་ཤེས་པའི་ཡེ་ཤེས་དང་། འདུས་
བྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། མཐའ་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དུས་གསུམ་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། བླང་དོར་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། རང་བཞིན་
གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཆོས་ཅན་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། མཚན་ཉིད་འཛིན་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དམིགས་པ་མེད་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། མཚན་མར་མི་རྟོག་
པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དངོས་པོ་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། བརྟེན་ཏེ་གནས་པའི་ཕྱིར་མི་གོས་པའི་རིག་པ་དང་། མི་ཉམས་པར་རིག་པ་དང་། མི་
སྒྲིབ་པར་རིག་པ་དང་། རྫོགས་པར་རིག་པ་དང་། མ་གཡོས་པར་རིག་པ་དང་། མཉམ་པ་ཉིད་དུ་རིག་པ་དང་། གཉིས་སུ་མེད་པར་རིག་པ་དང་། ཡོངས་སུ་དག་པར་རིག་པ་དང་། ཀུན་དུ་ལེགས་པར་རིག་པ་དང་། དེ་མ་ཐག་པར་རིག་པ་དང་། རྫོགས་པར་ཆུབ་
པའི་རིག་པ་ལ་བརྟེན་པའི་ཕྱིར་ས་ཞེས་བྱའོ། །ཀུན་དུ་བརྗོད་ཅིང་ངོ་བོ་ཉིད་དུ་གནས་པའི་ཕྱིར་ངོ་བོ་ཉིད་དང་། ཆོས་ཉིད་དང་། རྫོགས་ལོངས་སྤྱོད་པ་དང་། འདྲེན་པར་སྤྲུལ་པའི་ཕྱིར་སྐུ་ཞེས་བྱའོ། །བགྲོད་ཅིང་འཇུག་པའི་ཕྱིར་ཚོགས་དང་། སྦྱོར་བ་དང་།
མཐོང་བ་དང་། བསྒོམ་པ་དང་། མཐའ་ཟད་དུ་ཕྱིན་པའི་ཕྱིར་ལམ་ཞེས་བྱའོ། །རྒྱུ་ལ་དོན་ཡོད་པའི་ཕྱིར་གཅིག་ཏུ་རྫོགས་པ་དང་། ཐམས་ཅད་དུ་མཁྱེན་པ་དང་། ཡོངས་སུ་ཁྱབ་པ་དང་། ཚོགས་སུ་འབྱུང་བ་དང་། ཀུན་དུ་དབང་བ་དང་། དགོས་པ་ཚང་
เล่ม ๙๘ · หน้า 20b
བའི་ཕྱིར་འབྲས་བུ་ཞེས་བྱའོ། །མངོན་པར་རྫོགས་པའི་ཕྱིར་བྱང་ཆུབ་ཆེན་པོ་ཞེས་བྱའོ། །འདུས་པ་ཆེན་པོའི་ཚོགས་འབྲས་བུའི་རྣལ་འབྱོར་ནི་འདི་ལྟ་སྟེ། མ་ནོར་བ་གཅིག་ཤེས་ཏེ་ཆུབ་པར་འདོད་པས་ཀྱང་ལམ་འདི་ཤེས་པར་བྱའོ། །དེ་བཞིན་དུ་ངེས་པ་གཉིས་
དང་། ཡོན་ཏན་གསུམ་དང་། དགོངས་པ་བཞི་དང་། ཆེན་པོ་ལྔ་དང་། ཚོགས་པ་དྲུག་དང་། འབྱུང་ཚུལ་བཅུ་གཉིས་དང་། ཏིང་ངེ་འཛིན་བཅུ་གཉིས་དང་། ཡེ་ཤེས་ཆེན་པོ་བཅྭ་བརྒྱད་དང་། རྣལ་འབྱོར་ཆེན་པོ་བཅུ་གཅིག་དང་། སྒྲུབ་པ་ཆེན་པོ་བཞི་དང་།
སྦྱོར་བ་ལྔ་དང་། དངོས་གྲུབ་ཆེན་པོ་དྲུག་དང་། རྫོགས་པ་ཆེན་པོ་གཅིག་ཤེས་ཏེ་ཆུབ་པར་འདོད་པས་ཀྱང་ལམ་འདི་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ཉིད་འབྲས་བུར་གྲུབ་པའི་ཕྱིར་གཏན་ལ་ཕེབས་པས་མ་ནོར་བ་ཞེས་བྱའོ། །ཐེ་ཚོམ་མི་ཟ་བའི་ཕྱིར་ཐབས་
ཀྱིས་ངེས་པ་དང་། ཤེས་རབ་ཀྱིས་ངེས་པས་ངེས་པ་ཞེས་བྱའོ། །འདོད་པ་འབྱུང་བའི་ཕྱིར་ཡང་ཡོངས་སུ་ཁྱབ་པ་དང་། རླབས་སུ་ཆེ་བའི་ཡོན་ཏན་དང་། རྩིས་ལས་འདས་པའི་ཕྱིར་ཡོན་ཏན་ཞེས་བྱའོ། །ཐབས་ཀྱིས་ལྡེམ་པོར་དགོངས་པའི་ཕྱིར་མཉམ་པ་ཉིད་ལ་
དགོངས་པ་དང་། མཚན་ཉིད་ཀྱི་ཕྱིར་དུས་གཞན་ལ་དགོངས་པ་དང་། གཉེན་པོའི་ཕྱིར་གྲངས་གཞན་ལ་དགོངས་པ་དང་། བསྒྱུར་བའི་ཕྱིར་དོན་གཞན་ལ་དགོངས་པས་ན་དགོངས་པ་ཞེས་བྱའོ། །ལྷག་པར་འཕགས་པའི་ཕྱིར་མངོན་པ་དང་། བདག་ཉིད་ཆེན་པོ་
དང་། དེ་ཡིན་པ་དང་། ཐམས་ཅད་དུ་ཆེ་བ་དང་། ཀུན་དུ་རྫོགས་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཀུན་ནས་ཚང་བའི་ཕྱིར། མཉམ་པ་ཆེན་པོ་དང་། འབྱོར་པ་ཆེན་པོ་དང་། འདུས་པ་ཆེན་པོ་དང་། རིག་པ་ཆེན་པོ་དང་། དབང་ཆེན་པོ་དང་། འདྲེས་པ་ཆེན་པོའི་
ཕྱིར་ཚོགས་ཞེས་བྱའོ། །གཞན་གྱི་དོན་དུ་འབྱུང་ཞིང་འགྲོ་བའི་ཚུལ་དང་མཐུན་པའི་ཕྱིར་གནས་སུ་བསྐྱོད་པ་དང་། མཉམ་པར་གྱུར་པ་དང་། མཛེས་པར་གཤེགས་པ་དང་། སྤྲོ་བར་སྤྱོད་པ་དང་། གསང་བར་སྦྱོར་བ་དང་། མཚན་མ་བཅོམ་པ་དང་། མཛད་པ་མེད་
เล่ม ๙๘ · หน้า 21a
པ་དང་། སེངྒེའི་གསུང་སྒྲ་དང་། ངེས་པར་རྫོགས་པ་དང་། ཚོམ་ངམ་ཆེན་པོ་སྤྲུལ་པ་མཛད་པ་དང་། ཡོངས་སུ་དག་པའི་ཕྱིར་འབྱུང་ཚུལ་ཆེན་པོ་ཞེས་བྱའོ། །གསལ་ཞིང་མི་གཏོང་བའི་ཕྱིར་སེམས་ཀྱི་སྤྱོད་པ་སྟེ། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་
དང་། སྣང་གསལ་ཡེལ་འཕྱོའི་ཏིང་ངེ་འཛིན་དང་། མི་ཟད་མཛོད་ཀྱི་ཏིང་ངེ་འཛིན་དང་། མངོན་པར་རྟོགས་པའི་ཏིང་ངེ་འཛིན་དང་། ཐམས་ཅད་རྫོགས་པའི་ཏིང་ངེ་འཛིན་དང་། འབྱུང་ཆེན་སྤྲུལ་པའི་ཏིང་ངེ་འཛིན་དང་། དབང་སྒྱུར་ཐབས་ཀྱི་ཏིང་ངེ་འཛིན་དང་། རྩེ་
གཅིག་འཕྲོས་པའི་ཏིང་ངེ་འཛིན་དང་། ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་དང་། རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་དང་། དུག་འཇོམས་སྨན་གྱི་ཏིང་ངེ་འཛིན་དང་། བྱ་བ་བྱེད་པའི་ཏིང་ངེ་འཛིན་གྱི་ཕྱིར་ཏིང་ངེ་འཛིན་ཅེས་བྱའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རྒྱུའི་ཡེ་
ཤེས་དང་། ཐམས་ཅད་འབྱུང་བའི་ཡེ་ཤེས་དང་། ཡི་གེའི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་དང་། སྤྲུལ་པའི་ཡེ་ཤེས་དང་། ཅིར་ཡང་མཛད་པའི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། ནམ་མཁའ་ལྟ་བུའི་ཡེ་ཤེས་དང་། སྒྱུ་མ་ལྟ་བུའི་ཡེ་ཤེས་
དང་། རིན་པོ་ཆེ་ལྟ་བུའི་ཡེ་ཤེས་དང་། ཉི་མ་ལྟ་བུའི་ཡེ་ཤེས་དང་། སྣང་སྟོང་གསལ་བའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གསལ་བའི་ཕྱིར་ཡེ་
ཤེས་ཆེན་པོ་ཞེས་བྱའོ། །འདུན་པ་སེམས་པའི་རྣལ་འབྱོར་དང་། བཀའ་སྡོད་ལས་ཀྱི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། རྟགས་ཀྱི་རྣལ་འབྱོར་དང་། གསང་སྒོ་ལུང་གི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། མཚན་མ་རྟགས་
ཀྱི་རྣལ་འབྱོར་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། རིག་པ་འཛིན་པའི་རྣལ་འབྱོར་དང་། རྩལ་ཆེན་སྦྱོང་བའི་རྣལ་འབྱོར་དང་། ཡོངས་སུ་རྫོགས་པའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དུ་གནས་པའི་ཕྱིར་རྣལ་འབྱོར་ཞེས་བྱའོ། །མཉམ་
เล่ม ๙๘ · หน้า 21b
པ་ཉིད་དུ་གྲུབ་པ་དང་། བདེ་བ་ཆེན་པོར་གྲུབ་པ་དང་། ཡོངས་སུ་རྫོགས་པར་གྲུབ་པ་དང་། ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་གྲུབ་པ་ཆེན་པོ་ཞེས་བྱའོ། །རྒྱུ་དང་འབྲས་བུར་སྦྱོར་བ་དང་། ཐབས་དང་ཤེས་རབ་ཏུ་སྦྱོར་བ་དང་། དབྱིངས་དང་ཡེ་ཤེས་སུ་སྦྱོར་བ་དང་།
སེམས་དང་ཆོས་སུ་སྦྱོར་བ་དང་། ལས་དང་ཐུགས་རྗེར་སྦྱོར་བས་སྦྱོར་བ་ཆེན་པོ་ཞེས་བྱའོ། །སྲིད་པ་རྒྱ་མཚོ་དབྱིངས་སུ་ཚིམ་པར་གྲུབ་པ་དང་། འཁོར་བ་རྒྱ་མཚོ་བདག་གིར་གྲུབ་པར་གྱུར་པ་དང་། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པར་གྱུར་པ་དང་། དམིགས་པ་གང་ཡིན་
པ་དེ་བཞིན་གྲུབ་པར་གྱུར་པ་དང་། ཆོ་འཕྲུལ་རྫུ་འཕྲུལ་ཐོགས་པ་མེད་པར་གྲུབ་པ་དང་། དོན་དམ་བཅུད་ཀྱིས་རྣམ་ཤེས་རྒྱས་པར་གྲུབ་པའི་ཕྱིར་དངོས་གྲུབ་ཆེན་པོ་ཞེས་བྱའོ། །རྣམ་གྲངས་ཐམས་ཅད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རྫོགས་པར་གྲུབ་པའི་ཕྱིར་
རྫོགས་པ་ཆེན་པོ་གཅིག་ཅེས་བྱའོ། །གཞན་ཡང་འདུས་པ་ཆེན་པོའི་ཚོགས་སའི་ཁྱད་པར་ཆེན་པོ་བཅུ་གཅིག་ནོན་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ་གང་ཞེ་ན། འགྱུར་དབང་མ་ངེས་པའི་ས་དང་། བརྟེན་པ་གཞིའི་ས་དང་། གལ་ཆེན་སྦྱོར་བའི་ས་
དང་། མི་ལྡོག་གནས་པའི་ས་དང་། བསླབ་པ་རྒྱུན་གྱི་ས་དང་། ཆོ་འཕྲུལ་སྤྲུལ་པའི་ས་དང་། བསྟེན་པས་ཁྱད་པར་དུ་འགྲོ་བའི་ས་དང་། དམིགས་པས་འབྲས་བུ་སྐྱེ་བའི་ས་དང་། གནས་པས་མི་འགྱུར་བའི་ས་དང་། བདལ་བ་ཆོས་ཉིད་ཀྱིས་དང་། རྫོགས་པ་
སྤྱིར་ཆིབ་ཀྱིས་ས་སྟེ། ས་འདི་དག་ནོན་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱའོ། །གཞན་ཡང་འདུས་པ་ཆེན་པོའི་ཚོགས་འདི་ལྟ་སྟེ། རྣལ་འབྱོར་བསླབ་པའི་མཐའ་བཅུ་ཆིབ་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། གང་ཞེ་ན་གཞི་དམ་ཚིག་འདིས་
བཟུང་བར་བསླབ་པ་དང་། རྒྱུད་ཐོས་པས་དགྲོལ་བར་བསླབ་པ་དང་། ཕུལ་དུ་མཁས་པར་དབྱུང་བར་བསླབ་པ་དང་། སྒོ་ཀུན་ནས་སྡུད་པར་བསླབ་པ་དང་། རིམ་པ་དབང་གིས་བགྲོད་པར་བསླབ་པ་དང་། ལ་སྤྱོད་པས་དོར་བར་བསླབ་པ་དང་། ཐག་ལྟ་
เล่ม ๙๘ · หน้า 22a
བས་གཅད་པར་བསླབ་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བར་བསླབ་པ་དང་། དོན་མན་ངག་གིས་བསྒྲུབ་པར་བསླབ་པ་དང་། མདོ་གཅིག་ཏུ་བསྡུ་བར་བསླབ་པའོ། །འདུས་པ་ཆེན་པོའི་ཚོགས་གཞན་ཡང་འདི་ལྟ་སྟེ། ཡོན་ཏན་གྱི་ཆེ་བ་སྦོམ་
པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། གང་ཞེ་ན། ཆེ་བ་ཉི་ཤུ་དང་། རོལ་པ་ཉི་ཤུ་དང་། ཆོ་འཕྲུལ་ཉི་ཤུ་དང་། རྔོམ་པ་ཉི་ཤུ་དང་། བརྗིད་པ་ཆེན་པོ་ཉི་ཤུ་དང་། ཏོག་ཆེན་པོའི་ནོར་བུའོ། །གཞན་ཡང་འདུས་པ་ཆེན་པོའི་ཚོགས་འདི་ལྟ་སྟེ། རྨད་དུ་བྱུང་
བའི་མཐུ་ཆེན་པོ་ཉི་ཤུ་ཐོབ་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། དེ་ཡང་གང་ཞེ་ན། འཇིག་རྟེན་ཆེན་པོ་དྲུག་འཕང་བར་འདོད་པ་དང་། ཆུའི་ཕུང་པོ་ཆེན་པོ་རྔུབས་ཏེ་བསྐམ་པར་འདོད་པ་དང་། རླུང་གི་བསྐལ་པ་བཅིང་བར་འདོད་པ་དང་། ཉི་མའི་དཀྱིལ་འཁོར་
འབུམ་དགྱེ་བར་འདོད་པ་དང་། བསྲེག་པའི་བསྐལ་པ་ཆེན་པོ་གསུམ་གཞིལ་བར་འདོད་པ་དང་། ནམ་མཁའ་ཐམས་ཅད་བ་སྤུ་གཅིག་གིས་དགང་བར་འདོད་པ་དང་། བ་སྤུ་གཅིག་ལས་སངས་རྒྱས་བྱེ་བ་དགྱེ་བར་འདོད་པ་དང་། སངས་རྒྱས་བྱེ་བ་པ་སྤུ་གཅིག་གི་ནང་དུ་ཤོང་
བར་འདོད་པ་དང་། འཁོར་བ་ཐམས་ཅད་བ་སྤུ་གཅིག་ཏུ་རྔུབ་པར་འདོད་པ་དང་། བ་སྤུ་གཅིག་གིས་འཁོར་བ་ཐམས་ཅད་ལ་ཁྱབ་པར་འདོད་པ་དང་། བསྐལ་པའི་འཁོར་ལོ་ཆེན་པོ་རིང་དུ་བསྲུབ་པར་འདོད་པ་དང་། ཐུང་དུ་བསྲུབ་པར་འདོད་པ་དང་། དུས་ཀྱི་འཁོར་ལོ་ཆེན་
པོ་མཉམ་པར་བསྐོར་བར་འདོད་པ་དང་། འཁྲུག་པར་བསྐོར་བར་འདོད་པ་དང་། ལས་ཀྱི་འཁོར་ལོ་ཆེན་པོ་རྒྱུན་དུ་བསྐོར་བར་འདོད་པ་དང་། རྒྱུན་གཅད་པར་འདོད་པ་དང་། སྲིད་པའི་འཁོར་ལོ་བཟློག་པར་འདོད་པ་དང་། ལུགས་སུ་བསྐོར་བར་འདོད་པ་དང་། སྡུག་བསྔལ་
གྱི་འཁོར་ལོ་ཆེན་པོ་རྒྱུན་གཅད་པར་འདོད་པ་དང་། དམྱལ་བའི་འཁོར་ལོ་ཆེན་པོ་དོང་སྤྲུགས་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱའོ། །འདུས་པ་ཆེན་པོའི་ཚོགས་གཞན་ཡང་འདི་ལྟ་སྟེ། རྣལ་འབྱོར་རྟོག་པའི་རི་བོ་བརྒྱད་ཅུ་རྩ་གཅིག་གཞིལ་བར་འདོད་པས་
เล่ม ๙๘ · หน้า 22b
ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། དངོས་གཞིའི་རྟོག་པ་དགུ་དང་། མཚན་མའི་རྟོག་པ་དགུ་དང་། རྟགས་ཀྱི་རྟོག་པ་དགུ་དང་། རྐྱེན་གྱི་རྟོག་པ་དགུ་དང་། ལས་ཀྱི་རྟོག་པ་དགུ་དང་། སྤྱོད་པའི་རྟོག་པ་དགུ་དང་། བསྐྱོད་པའི་རྟོག་པ་དགུ་དང་། ཞེན་པའི་རྟོག་པ་དགུ་
དང་། མངོན་པར་རྟོག་པ་དགུའོ། །འདུས་པ་ཆེན་པོའི་ཚོགས་གཞན་ཡང་འདི་ལྟ་སྟེ། ལྟུང་བའི་སྒོ་དགུ་ཤེས་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། དེ་ཡང་གང་ཞེ་ན། བདུད་ཆེན་པོའི་རིས་སུ་ལྟུང་བའི་སྒོ་དང་། མུ་སྟེགས་ཀྱི་ཁམས་སུ་ལྟུང་བའི་སྒོ་དང་། སྲིན་པོའི་
ཁམས་སུ་ལྟུང་བའི་སྒོ་དང་། གནོད་སྦྱིན་གྱི་རིས་སུ་ལྟུང་བའི་སྒོ་དང་། རུ་དྲ་ཆེན་པོར་ལྟུང་བའི་སྒོ་དང་། བགེགས་ཆེན་པོར་ལྟུང་བའི་སྒོ་དང་། ལྷ་ཆེན་པོའི་རིས་སུ་ལྟུང་བའི་སྒོ་དང་། ཤོག་མ་གཅན་ཆེན་གྱི་རིས་སུ་ལྟུང་བའི་སྒོ་དང་། དམྱལ་བ་ཆེན་པོར་ལྟུང་བའི་
སྒོའོ། །འདུས་པ་ཆེན་པོའི་ཚོགས་གཞན་ཡང་འདི་ལྟ་སྟེ། ལམ་འདི་ཤེས་པར་འདོད་ན་སངས་རྒྱས་ཀྱི་ཆོས་ཤེས་པར་བྱའོ། །ཅི་ལྟ་ཅི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ནི་རྟག་པར་ཡང་བལྟའོ། །ཆད་པར་ཡང་ལྟའོ། །སྐྱེ་བར་སྣང་ངོ་། །དམིགས་པར་ཡོད་དོ། །སངས་
རྒྱས་ཀྱི་ཆོས་འདི་ནི་འདོད་ཆགས་དང་བཅས་པའོ། །ཞེ་སྡང་དང་བཅས་པའོ། །གཏི་མུག་དང་བཅས་པའོ། །ང་རྒྱལ་དང་བཅས་པའོ། །ཕྲག་དོག་དང་བཅས་པའོ། །མཚམས་མེད་པ་ལྔ་དང་བཅས་པའོ། །དེ་དང་ཉེ་བ་ལྔ་དང་བཅས་པའོ། །ལྕི་བ་བཞི་དང་བཅས་པའོ།
ལོག་པ་བརྒྱད་དང་ཡང་བཅས་པའོ། །གཞན་ཡང་འདུས་པ་ཆེན་པོའི་ཚོགས་འདི་ལྟ་སྟེ། སྲོག་གཅོད་པ་དང་བཅས་པའོ། །མ་བྱིན་པར་ལེན་པ་དང་བཅས་པའོ། །འདོད་པས་ལོག་པར་གཡེམ་པ་དང་བཅས་པའོ། །བརྫུན་དང་བཅས་པའོ། །ཕྲ་མ་དང་བཅས་པའོ། །
ངག་རྩུབ་མོ་དང་བཅས་པའོ། །ཚིག་ཁྱལ་པ་དང་བཅས་པའོ། །བརྣབ་སེམས་དང་བཅས་པའོ། །གནོད་སེམས་དང་བཅས་པའོ། །ལོག་པར་ལྟ་བ་དང་བཅས་པའོ། །འདུས་པ་ཆེན་པོའི་ཚོགས་དེ་བས་ན། སངས་རྒྱས་ཀྱི་ཆོས་དེ་རྣམས་ལ་སྤྱོད་པར་འདོད་པས་
เล่ม ๙๘ · หน้า 23a
ལམ་འདི་ལ་བསླབ་པར་བྱའོ། །ཤེས་པར་བྱའོ། །གོམས་པར་བྱའོ། །ཀློང་དུ་གྱུར་པར་གྱིས་ཤིག་ཅེས་སེམས་དཔའ་རྡོ་རྗེ་དམ་པས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྣལ་འབྱོར་རང་བཞིན་གྱི་ལེའུ་སྟེ་དང་པོའོ།། །།
དེ་ནས་འཁོར་དེར་འདུས་པར་གྱུར་པའི་འདུས་པ་ཕལ་མོ་ཆེའི་ཚོགས་ཀྱིས་རྨད་བྱུང་གི་ཕྱག་རྣལ་འབྱོར་ལུགས་སུ་བྱས་ནས། སེམས་དཔའ་རྡོ་རྗེ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་ཆེན་པོ་སྨྲ་བའི་སེངྒེ་ཁྱོད་ལ་བདག་ཅག་ཤིན་ཏུ་ཞུ་བར་སྤོབས་ན་གནང་བའི་
སྐབས་དབྱེ་བར་གསོལ། དེ་སྐད་ཅེས་གསོལ་པ་དང་། སྨྲ་བའི་སེངྒེ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདུས་པ་ཆེན་པོའི་ཚོགས་ཇི་ལྟར་ཞུ་བའི་དོན་གནང་གིས་ཀུན་དུ་སྤོབས་པ་སྐྱེད་ལ་ཞུ་བའི་དོན་གསོལ་ཅིག །དེ་སྐད་ཅེས་བཀའ་སྩལ་པ་དང་། འདུས་པ་ཆེན་
པོའི་ཚོགས་ཀྱིས་ཨ་ལ་ལ་ཧོ་ཞེས་གསོལ་ཏོ། །སྨྲ་བའི་སེངྒེ་ཆེན་པོ་ཁྱོད་ཀྱིས་རྒྱ་ཆེར་བཤད་པའི་རྣལ་འབྱོར་རང་བཞིན་ཆེན་པོའི་དོན་གྱི་རྗེས་སུ་བདག་ཅག་འཇུག་པར་འཚལ་ན། འདི་ལ་འཇུག་པའི་སྒོ་དུ་མཆིས། ཐབས་ཇི་ལྟར་ལགས། ལམ་གང་ལྟར་བདེ། སེམས་
དཔའ་ཆེན་པོ་འདིའི་དོན་རྒྱ་ཆེར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། སྨྲ་བའི་སེངྒེས་བཀའ་སྩལ་པ། གྲོགས་པོ་དག་ལེགས་སོ་ཤིན་ཏུ་ལེགས་སོ། །ངེས་པར་ལེགས་སོ། །ཁྱེད་ཀྱིས་ཞུས་པའི་དོན་འདི་རྣམས་ངོ་མཚར་ཆེ་སྟེ། ཆོས་ཐམས་ཅད་ལ་འཇུག་པའི་སྒོ་
གསལ་ཞིང་རྒྱ་ཆེ་བར་བྱེད་དེ། རྣ་ལྷོགས་ལ་གུས་པར་ཉོན་ཅིག་གསལ་བར་བཤད་པར་བྱའོ། །དེ་ནས་འཁོར་གྱི་ནང་དུ་སེངྒེའི་གསུང་སྒྲ་ཡིས་ཆོས་རྣམས་ཀྱི་སྒོ་འབྱེད་པ་འདི་གསལ་བར་བཤད་པར་བྱའོ། །སངས་རྒྱས་ཆོས་ཀྱི་སྒོ་མོ་འདི། །གྲངས་མང་བསམ་གྱིས་མི་ཁྱབ་
ཀྱང་། །མདོ་རུ་བསྡུས་ན་གསུམ་དུ་གསལ། །རྩོལ་བས་འཇུག་པའི་སྒོ་མོ་དང་། །གྲུབ་པ་ཐབས་ཀྱི་སྒོ་མོ་དང་། །མཐར་ཕྱིན་འབྲས་བུའི་སྒོ་མོའོ། །དང་པོ་ལ་ཡང་གསུམ་ཡོད་དེ། །མཚན་ཉིད་ཐབས་ཀྱི་སྒོ་མོ་དང་། །ཐུབ་པ་རིགས་ཀྱི་འཇུག་སྒོ་དང་། །གྲུབ་པ་ལུང་གི་
เล่ม ๙๘ · หน้า 23b
གསང་སྒོའོ། །དེ་དག་སྒོ་མོ་རེ་རེ་ལའང་། །གསུམ་གསུམ་ཡོད་པར་འདྲེན་པས་བཤད། །གཉིས་པའི་སྒོ་ལའང་གསུམ་ཡོད་དེ། །ཤེས་རབ་རྟོགས་པའི་སྒོ་མོ་དང་། །ཏིང་འཛིན་གོམས་པའི་སྒོ་མོ་དང་། །སྨོན་ལམ་གྲུབ་པའི་སྒོ་མོར་གསལ། །ཐ་མ་མཐར་ཕྱིན་སྒོ་མོ་
ལ། །རྣམ་ཐར་གསུམ་གྱི་སྒོ་ཞེས་བཤད། །འཇུག་པའི་ལམ་ལའང་འདི་ལྟ་སྟེ། །དམ་པ་གསུམ་དུ་གསལ་བར་བཤད། །འདྲེན་པ་ཆེན་པོའི་སྡེ་སྣོད་དང་། །ཐུབ་པ་ཆེན་པོའི་འཇུག་སྒོ་དང་། །དམ་པ་ཆེན་པོའི་མཛོད་གསུམ་མོ། །འཇུག་པའི་ཐབས་ཀྱང་འདི་ལྟ་སྟེ། །
ཐབས་ལས་ཐབས་བྱུང་ཐབས་གསུམ་སྟེ། །དོན་དང་ཡི་གེ་ཏིང་འཛིན་གྱིས། །རྗེས་སུ་གང་གིས་བརྟག་བྱས་ན། །འཇུག་པའི་ཐབས་ཀྱི་དམ་པའོ། །དོན་གྱི་རྗེས་སུ་འཇུག་པ་ཡང་། །དོན་ནི་ཆོས་ཉིད་སྙིང་པོ་ལ། །རྗེས་སུ་འཇུག་པའི་སེམས་ཡིན་ཏེ། །སེམས་ཉིད་
ཆོས་ལ་སྦྱོར་བའི་སྐབས། །རྣམ་པ་བཅུ་ཞེས་འདྲེན་པས་བཤད། །བཅུ་ཉིད་གང་དང་གང་ཞེ་ན། །འདུན་པ་སྐྱེ་བའི་གནས་སྐབས་དང་། །རྩོལ་པ་སྦྱོར་བའི་གནས་སྐབས་དང་། །བསླབ་ལ་འཇུག་པའི་གནས་སྐབས་དང་། །འདུ་ཤེས་འགྱུར་བའི་གནས་སྐབས་
དང་། །སྦྱོར་ཆེན་ལ་འཇུག་གནས་སྐབས་དང་། །རོ་ཉིད་ཚོར་བའི་གནས་སྐབས་དང་། །ཡུལ་ལ་འཇུག་པའི་གནས་སྐབས་དང་། །རྟོག་ཆེན་ཉིད་ལ་ཕེབས་སྐབས་དང་། །དེ་ཉིད་གདེང་དུ་གྱུར་པའི་སྐབས། །ལས་སུ་རུང་བའི་སྐབས་དང་བཅུ། །བཅུ་པོ་དེ་དག་
རེ་རེ་ཡི། །སྐབས་སུ་སེམས་དང་ཆོས་ཕྲད་པས། །རིག་པ་བྱང་ཆུབ་སེམས་རེ་འབྱུང་། །བྱང་ཆུབ་སེམས་ནི་གང་ཞེ་ན། །འདི་ཡི་གྲངས་ཀྱང་རྣམ་པ་བཅུ། །གཡོ་བ་བྱང་ཆུབ་སེམས་ཉིད་དང་། །དེ་བཞིན་སྨོན་པ་བྱང་ཆུབ་སེམས། །ལྡང་བ་བྱང་ཆུབ་ཆེན་པོའི་
སེམས། །དེ་བཞིན་སྦྱོར་བ་བྱང་ཆུབ་སེམས། །འཇུག་པའི་སེམས་དང་དགེ་བའི་སེམས། །མི་འགྱུར་བ་དང་རིག་པ་དང་། །གནས་པ་དང་ནི་རྫོགས་པའོ། །བྱང་ཆུབ་སེམས་ཞེས་གྲགས་པས་ན། །སེམས་བཅུ་དག་ཏུ་རྒྱལ་བས་བཤད། །བྱང་ཆུབ་སེམས་
เล่ม ๙๘ · หน้า 24a
ཀྱི་རང་བཞིན་དེ། །སྐབས་བཅུ་དག་ཏུ་སྦྱོར་བས་ན། །གཟུགས་བརྙན་ཆོས་ཉིད་ངོ་ལ་སྣང་། །གཟུགས་བརྙན་རང་བཞིན་ཅི་ལྟར་སྣང་། །ཕྲ་མོ་ཙམ་གྱི་སྐར་མ་དང་། །དེ་བཞིན་སྐར་མ་ཐ་མལ་པ། །སྐར་མ་ཆེན་པོ་དག་དང་ནི། །ཟླ་བ་ཚེས་གཅིག་རྣམ་
པ་དང་། །གཉིས་དང་གསུམ་དང་བཞི་དང་ལྔ། །བརྒྱད་དང་བཅུ་དྲུག་རྣམ་པ་ཡི། །གཟུགས་བརྙན་དག་ཏུ་སྣང་བ་སྟེ། །དངོས་པོར་སྣང་བ་ཅང་མ་ཡིན། །ཆུ་ཟླ་ལྟ་བུར་གཟུང་དུ་མེད། །སེམས་ཀྱི་གཟུགས་བརྙན་སྣང་བ་དང་། །ཆོས་ཉིད་གསལ་བའི་ཉི་མ་གཉིས། །
ཡུལ་དང་དབང་པོའི་ཚུལ་ལྟ་བུར། །དབྱིངས་དང་ཡེ་ཤེས་རང་བཞིན་གསལ། །འདི་ནི་རྣལ་འབྱོར་སྦྱོར་བའི་ལམ། །བགྲོད་པར་བྱེད་པའི་ཐབས་ཆེན་ཡིན། །ལམ་འདི་གོམས་པར་བསླབ་བྱ་ན། །རྣལ་འབྱོར་བསླབ་པར་བྱ་བའི་མཐའ། །གནས་བཅུ་དག་ཀྱང་འདི་ལྟ་
སྟེ། །ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་བུར་སྨིན་པར་གྱུར་པ་ཡིས། །འཚོ་བར་བྱེད་པའི་སྲོག་འཛིན་ལྟར། །ཆོས་ཉིད་ཀུན་གྱི་གཞིར་གྱུར་པའི། །དམ་ཚིག་འདི་ལ་བརྟེན་ནས་ནི། །དངོས་གྲུབ་ལོ་ཏོག་སྨིན་པ་ཡིས། །དགེ་
བའི་སྲོག་འཛིན་དམ་པའོ། །བསླབ་པ་འདི་ཡི་དམ་ཚིག་སྟེ། །བསླབ་པ་ཀུན་གྱི་གཞི་འཛིན་དུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་ཅང་ཤེས་གྱི་ལིང་ངག །སྡོམ་བྱེད་སྒྲོག་གིས་བཅིངས་གྱུར་པ། །བཀྲོལ་བྱས་བདེ་བླག་བྱང་འགྱུར་ན། །ཅི་ལ་འཁོགས་
མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་བཅིངས་པས་བཅིངས་གྱུར་པ། །རྣམ་གྲོལ་ཐོས་པའི་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །འདི་ནི་མི་ཤེས་རྒྱུད་འགྲོལ་བའི། །བཅིང་བར་བྱ་བ་འགྲོ་བ་སྟེ། །རྒྱུད་ནས་དགྲོལ་
བའི་བསླབ་པ་རུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་རི་མཐོན་རྩེ་མོ་ལ། །སྒྱིད་མི་ལུག་པར་བརྩོན་འཛེགས་ན། །མཐོ་སར་ཕྱིན་ཅིང་རྩེ་ནོན་པས། །ཡུལ་ཁམས་རྟོགས་ཤིང་ལམ་ལ་མཁས། །དེ་བཞིན་ཤེས་རབ་མཐོན་རི་ལ། །སྒྱིད་མི་ལུག་པར་མཉན་
เล่ม ๙๘ · หน้า 24b
བསམས་ན། །ཀུན་གྱི་ཕུལ་དུ་ཤེས་རབ་ཕྱིན། །མཁས་པའི་ཡེ་ཤེས་ཚད་མེད་དོ། །དོན་ལ་མཁས་པར་བྱ་བ་དེ། །ཕུལ་དུ་དབྱུང་བའི་བསླབ་པ་སྟེ། །ཤེས་རབ་ཆེན་པོ་འདི་དག་ལ། །གོམས་པར་བྱ་བ་རབ་ཏུ་གཅེས། །དཔེར་ན་བུང་བ་ཁུང་ཚོལ་བ། །ཀུན་དུ་འཇུག་
ཅིང་བྱུང་ནས་ནི། །རང་གི་འཛུལ་ཁུང་གང་ཡིན་པར། །ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་ཚོལ་བ། །སྤྱོད་སྒོ་ཅི་ཡོད་བསྟུན་ཏེ་བསྡུ། །ལྟ་སྒོར་འཇུག་ཅིང་བརྟགས་བསྡུར་ན། །མ་ནོར་ངེས་པའི་དབུ་མ་ལ། །ཆོས་ཉིད་དོན་གྱི་རྗེས་གཅད་
ཕྱིར། །སྒོ་མོ་ཀུན་ནས་བསྡུར་བ་ཡི། །བསླབ་པར་བྱ་བའི་མཐའ་ཡིན་ཏེ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་རྒྱལ་རིགས་རྒྱུད་བྱུང་བ། །མང་པོའི་དབང་པོར་དཔོན་བསྟབས་ཏེ། །འཁོར་ལོ་ལ་སོགས་རིན་ཆེན་གྱིས། །ཀུན་ལ་དབང་སྒྱུར་ཐོབ་པ་ལྟར། །དེ་
བཞིན་རྣལ་འབྱོར་རྒྱུད་བྱུང་བ། །ཆོས་ཀྱི་དབང་པོར་དཔོན་བསྟབས་ཏེ། །ཕྱག་རྒྱ་ལ་སོགས་རྟགས་ཆེན་གྱིས། །རིམ་པར་ཀུན་གྱི་ཐོག་མར་འགྲོ། །འདི་ནི་དབང་གི་ཁྱབ་པར་ཏེ། །ས་ལ་རིམ་པར་འབྱུང་བ་ཡི། །རྩལ་གྱིས་བགྲོད་ཅིང་བསླབ་པའི་མཐའ། །གོམས་
པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་གླང་པོ་ཆུར་འཇུག་པ། །ཚམ་ཚོམ་ཆགས་ཐོགས་ཡོང་མེད་པར། །དགའ་བའི་ལོངས་སྤྱོད་བྲོད་ཚུལ་གྱིས། །མི་ལྡོག་ཕ་རོལ་ཕྱིན་པ་ལྟར། །རྣལ་འབྱོར་ངེས་པར་སྤྱོད་པའི་བློ། །བརྟུལ་ཞུགས་རྒྱ་མཚོའི་ཆུར་འཇུག་པ། །རྩལ་
ཆེན་སྦྱོང་བའི་བྲོད་ཚུལ་གྱིས། །ཆགས་ཐོགས་མེད་པར་དོར་བའོ། །བསླབ་པར་བྱ་བའི་མཐའ་ཡིན་ནོ། །སྤྱོད་པའི་བསླབ་པ་དམ་པ་ནི། །གོམས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་ཁྱུང་ཆེན་མཁའ་ལྡིང་བ། །གཤོག་པའི་རྩལ་གྱིས་ནམ་འཕང་གཅོད། །ངམ་
གྲོག་ཆུ་ཀླུང་མཐའ་ཡས་ཀྱང་། །གཤོག་རླབས་འོག་ཏུ་ཀུན་ཆུད་ལྟར། །རྣལ་འབྱོར་མཉམ་ཉིད་མཁར་ལྡིང་བ། །ཐེག་པའི་སྤྱོད་སྒོ་མཐའ་ཡས་ཀྱང་། །མཉམ་པ་ཆེན་པོའི་དོན་གྱིས་ནི། །ལྟ་འཕང་རླབས་ཀྱིས་ཐག་གཅད་པའོ། །འདི་ནི་རེ་དང་དོགས་པ་ཡི། །ཐེ་
เล่ม ๙๘ · หน้า 25a
ཚོམ་གཅོད་པའི་ལྟ་བ་སྟེ། །དོན་ལ་སེམས་ཀྱིས་བལྟ་བ་སྟེ། །བསླབ་པ་འདི་དག་གོམས་པ་གཅེས། །དཔེར་ན་རྒྱ་མཚོར་ནོར་ལེན་མི། །སྦྲུལ་དང་ཆུ་སྲིན་སྦྲང་མ་ལས། །སོགས་པ་གདུག་པའི་སྡུག་བསྔལ་ཀུན། །དཀའ་བ་ཉམས་སུ་བླངས་ནས་
འགྲུབ། །དེ་བཞིན་རྣལ་འབྱོར་བདེ་ཚོལ་བ། །རྣམ་རྟོག་བྱིང་རྨུགས་ཕྱར་གཡེང་དགྲ། །གཞོམ་པར་དཀའ་བའི་ལས་འདི་དག །ཉམས་སུ་བླངས་ན་བདེ་ཐོབ་རྙེད། །འདི་ནི་ཏིང་འཛིན་དམ་པ་ཡི། །ཉམས་སུ་བླངས་པའི་བསླབ་པ་སྟེ། །སེམས་ཀྱི་གོམས་པར་བྱ་
བའི་ལས། །འདྲིས་པར་བྱ་བ་རབ་ཏུ་གཅེས། །ཇི་ལྟར་མུན་པ་དུག་དང་རྫས། །སྨན་སྣང་གསེར་དུ་བསྒྱུར་བས་ན། །འགྱུར་རྩི་མན་ངག་མེད་པའི་མིས། །དཀའ་བའི་ལས་ཆེན་སྣ་ཚོགས་པས། །སྡུག་བསྔལ་སྤྱད་ཀྱང་མི་འགྲུབ་སྟེ། །སུ་ཞིག་མན་ངག་ལྡན་པའི་
མིས། །ཚེགས་མེད་གྱི་ནའི་ཚུལ་གྱིས་ན། །བསྒྱུར་བས་སྨན་སྣང་གསེར་འགྱུར་ལྟར། །རྣལ་འབྱོར་ཆེན་པོའི་དོན་སྒྲུབ་པ། །ཀུན་གཞི་གནས་འགྱུར་མན་ངག་དང་། །གང་དག་མི་ལྡན་པས་ཀྱང་ནི། །དཀའ་བ་སྤྱད་ཀྱང་འགྲུབ་པ་མིན། །སེམས་ཀྱི་གསང་འདི་
སུས་མཐོང་བ། །དེ་དག་མན་ངག་ལྡན་པ་སྟེ། །འདོད་པའི་དོན་མཆོག་གང་ཡིན་པ། །དེ་དག་ཚེགས་མེད་གྱི་ནས་འགྲུབ། །དོན་རྣམས་སྒྲུབ་པར་གང་བྱེད་པ། །མན་ངག་ཅན་གྱིས་འགྲུབ་པའི་ཕྱིར། །དོན་རྣམས་འགྲུབ་པར་འགྱུར་བ་ཡི། །བསླབ་པ་
འདི་དག་རབ་ཏུ་གཅེས། །དཔེར་ན་ཀུན་དུ་རྒྱུ་བའི་མི། །འདོད་པའི་ཡུལ་དུ་འགྲོ་བྱེད་ན། །ཡུལ་གྱི་རྣམ་པ་མཐའ་ཡས་ཀྱང་། །བགྲོད་པའི་ལམ་གནས་གཅིག་ལས་མེད། །དེ་བཞིན་བསམ་གྱིས་མི་ཁྱབ་པའི། །བརྒྱད་ཁྲི་བཞི་སྟོང་ཆོས་བསྟན་ཀྱང་། །
བཀྲི་ཞིང་དྲང་བའི་ཚིག་ཡིན་ཏེ། །བསམ་པའི་ཡུལ་ནི་གཅིག་པའོ། །དོན་རྣམས་གཅིག་ཏུ་སྡུད་པ་ཡི། །བསླབ་པར་བྱ་བ་དམ་པ་སྟེ། །ངེས་པར་གཅིག་ལས་མེད་པའི་ཕྱིར། །འདི་དག་གོམས་པར་བྱ་བ་ཡིན། །བསླབ་པ་འདི་ལ་གོམས་གྱུར་ན། །ལོབས་
เล่ม ๙๘ · หน้า 25b
པའི་ཡོན་ཏན་མཐའ་ཡས་ཏེ། །ལོབས་པས་ལམ་ལ་མཁས་པར་འགྱུར། །སྔགས་ཀྱི་ཡོན་ཏན་ཆེན་པོ་ཡང་། །རྨད་དུ་བྱུང་བ་ཐོབ་པར་འགྱུར། །གསང་སྔགས་ཆེན་པོའི་ཁྱད་པར་ནི། །ཐམས་ཅད་ཐམས་ཅད་བྱའོ་ཅོག །བྱིན་གྱི་རླབས་ཀྱི་སྤྱོད་པའམ། །
དབང་སྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱ་མཚོ་འམ། །ཇི་ལྟར་མེ་དཔུང་རྒྱལ་པོ་འདྲ། །དེ་ཡང་དེ་ཡུལ་ཆེ་ཆུང་གི། །ཁྱད་པར་ཉིད་ཀྱིས་བརླབས་པ་ཡིན། །རྒྱལ་པོ་དེ་ཡང་ཁྱད་པར་གྱིས། །དབང་སྒྱུར་བྱ་བའི་ཁམས་རྣམས་ལ། །ཆེ་ཆུང་རིམ་
པ་ཡོད་པ་ཡིན། །རྣལ་འབྱོར་སྔགས་ཚུལ་དེ་ལྟར་སྣང་། །ཐབས་ཆེན་སྤྱོད་ལ་འཇུག་པ་ཡང་། །བབ་ཆོད་ཐད་དུ་འཇུག་པ་སྟེ། །དཔེར་ན་གླང་ཆེན་ཆུར་འཇུག་པ། །རབ་དང་གླང་ཆེན་བབ་མི་བབ། །དེ་ཡང་རྩལ་སྒྱིད་དྲག་ཞན་གྱིས། །ལ་ལ་ཐད་དུ་གཅོད་པ་ལ། །
ལ་ལ་བསེགས་སུ་འགྲོ་བ་ཡིན། །ལ་ལ་ཆུང་ཞིག་བཤད་ཐབས་འགྲོ། །དེ་ལྟར་རྣལ་འབྱོར་རྒྱུ་ཉིད་ན། །འབྲས་བུའི་དོན་ལ་བབ་ཆོད་ཀྱང་། །རྩལ་འཕང་མཐོ་དམན་ཁྱད་པར་གྱིས། །ཇི་ལྟར་ནུས་ཚད་དེར་སྣང་ཕྱིར། །ས་དང་གནས་སྐབས་ཡེ་ཤེས་དང་། །སྒྲིབ་
དང་གོལ་ས་རྟོག་པ་དང་། །སྤྱོད་དང་དམ་ཚིག་ཏིང་འཛིན་དང་། །དུས་དང་དངོས་གྲུབ་མཐར་ཕྱིན་དང་། །ལྟ་བའི་ཁྱད་པར་གནས་གྱུར་རྣམས། །ཐམས་ཅད་གཅིག་ལས་མེད་ན་ཡང་། །གྲངས་དང་དབྱེ་བའི་བྱེ་བྲག་རྣམས། །སྣོད་ཀྱི་རྩལ་དང་སྦྱར་ནས་ནི། །ཆོས་
རྣམས་ཀུན་གཞིར་གཅིག་པ་ལ། །ཀུན་གཞི་གནས་འགྱུར་རྣམ་པ་ལྔས། །བྱེ་བྲག་ལམ་གྱི་ཆོས་སུ་སྣང་། །གཞི་ཉིད་རྒྱུ་ཡི་ཀུན་གཞི་དང་། །སྦྱོར་བ་འདུན་པའི་ཀུན་གཞི་དང་། །སྣང་བ་དོན་གྱི་ཀུན་གཞི་དང་། །འགྱུར་བ་མེད་པའི་ཀུན་གཞི་དང་། །བཙལ་མེད་
གནས་པའི་ཀུན་གཞི་ལྔ། །སྐབས་ལྔ་དག་ཏུ་གནས་འགྱུར་བས། །ས་ཡི་ཁྱད་པར་བགྲོད་པ་ཡིན། །དེ་ཡང་གཉིས་ཀྱི་ཆོས་འདི་དག །ཀུན་ཀྱང་ཡོངས་ཀྱིས་རྣལ་འབྱོར་དང་། །འགྲོ་དོན་གསུམ་གྱིས་འགྲོ་བ་སྟེ། །དགེ་དོན་དང་ནི་སྒྲུབ་པ་པོ། །རིག་འཛིན་ཞེས་
เล่ม ๙๘ · หน้า 26a
ནི་རྫོགས་པ་ཡིན། །དེས་ན་རྩལ་གྱི་ཁྱད་པར་གྱིས། །དང་པོ་ལས་ཀྱི་རྣལ་འབྱོར་ལ། །སོགས་པའི་རྣལ་འབྱོར་ཆུང་ངུ་རྣམས། །རང་རང་རྩ་བ་བོར་ནས་ནི། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ། །སོགས་པའི་རྣལ་འབྱོར་ཆེན་པོའི་ཚུལ། །
སྤྱོད་པར་བྱེད་དང་དོན་འདོད་པ། །སྦལ་བུས་མཁའ་ལྡིང་ལས་སྤྱད་ཀྱང་། །བཙལ་བའི་ཡུལ་ནི་ཆད་པ་ཡིན། །ནོར་བུ་ལས་ཀྱིས་འཕང་དམས་པ། །རང་སྐལ་འཚོ་བའི་ཆེད་བོར་ནས། །རྒྱལ་པོ་ཐབས་ཀྱིས་འཕང་མཐོ་བའི། །ལོངས་སྤྱོད་ཆེ་ལ་དམིགས་
བཅས་ཀྱང་། །དེ་དག་མི་འཐོབ་འཚོ་བྲལ་བཞིན། །སྐལ་ལྡན་ཅན་གྱི་དོན་འདི་དག །སྐལ་ཞན་དག་གིས་འགྲུབ་པར་དཀའོ། །སྣ་ཚོགས་གཏེར་གྱི་ཁང་པ་དག །རྒྱལ་པོའི་མཛོད་དུ་གྱུར་པས་ན། །སྤྱོད་སྒོ་འཇུག་པ་ཐམས་ཅད་ཀྱང་། །དཀའ་ཐུབ་ཕྱི་ནང་ཁྱད་
པར་གྱིས། །རིན་ཆེན་སྣ་དགུའི་རིམ་པ་དག །སོ་སོའི་ལས་ཐབས་མཐོ་དམན་གྱིས། །ཡུལ་དེ་གཅིག་ལས་མེད་ན་ཡང་། །ཡིག་ཚང་སྒོ་དགུ་སོ་སོར་སྤྱོད། །རྒྱལ་པོར་གྱུར་ན་དེ་ཀུན་ལ། །དབང་སྒྱུར་བྱེད་པའི་བདག་པོ་ཡིན། །མི་གནས་ཆོས་ཀྱི་དབྱིངས་ཉིད་དག །
བལྟ་བའི་ཡུལ་དུ་གྱུར་པ་ན། །རིག་པ་རྩལ་གྱི་ཁྱད་པར་གྱིས། །བལྟ་ཡུལ་གཅིག་ལས་མེད་ན་ཡང་། །སོ་སོ་འཇུག་སྒོ་ཀུན་ནས་སྤྱོད། །དབྱིངས་ཀྱི་རང་བཞིན་གཅིག་པ་ལ། །རྩལ་འཕང་མཐོ་དམན་ཁྱད་པར་གྱིས། །སྐས་ཀྱི་གདང་བུ་རྩི་བ་ལྟར། །ས་དང་ཐེག་
པའི་ཁྱད་པར་དུ། །མཐོ་དམན་རིམ་པར་སྣང་བ་ཡིན། །མཉམ་པར་གྱུར་པའི་གཞི་གཅིག་ལ། །མཐུན་དང་མི་མཐུན་དོན་གྱིས་ནི། །དཔེར་ན་ཁང་པ་སྒོ་མངས་བཞིན། །ས་དང་ཐེག་པ་སོ་སོའི་སྒོ། །མི་མཐུན་སོ་སོར་སྣང་བ་ཡིན། །སོ་སོའི་ཐེག་པའི་སྒོ་རྣམས་
ལ། །འཇུག་པ་ལ་སོགས་མ་སྦྱངས་ཀྱང་། །ཀུན་གྱི་རྩ་བ་འདིར་བཅད་པས། །གཅིག་སྟེ་ཐ་དད་ཡོངས་ཀྱིས་མེད། །དེ་ནི་རི་དང་ལྷུན་པོའམ། །ཀུན་དུ་རྒྱུ་དང་གཞོན་ནུ་ལྟར། །མཐོང་ཐོས་སྟོན་པའི་ཁྱད་པར་ནི། །དོན་གྱིས་དེ་ལྟར་ཡོད་པ་ཡིན། །དེས་
เล่ม ๙๘ · หน้า 26b
ན་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བའི་སེམས་འདི་ཡིན་པས་ན། །ནམ་མཁའ་ལྟ་བུའི་དཔེས་མཚོན་ཏེ། །ཀུན་གྱི་རྩ་བ་ཤེས་པར་བྱ། །འདི་ལྟར་ཤེས་པའི་རྣལ་འབྱོར་བ། །ལམ་གྱི་ཐབས་ལ་མཁས་པ་སྟེ། །ལམ་སྟོར་ལམ་བཙལ་ལམ་རྙེད་པས། །ཉེ་ལམ་
བདེ་རྙེད་གྲུབ་པའོ། །རྙེད་པའི་ལམ་ཉིད་གང་ཞེ་ན། །རྣལ་འབྱོར་སྤྱོད་པའི་ས་ཡིན་ཏེ། །ས་བཅུ་རིམ་གྱིས་བགྲོད་པའི་ཕྱིར། །ས་ཡི་ཁྱད་པར་བཤད་པར་བྱ། །འདི་ཡི་གནས་འཛིན་སྤྱོད་པའི་ས། །རྣམ་པ་བཅུ་ཕྲག་གཅིག་གིས་རྫོགས། །འགྱུར་དབང་མ་
ངེས་ས་འདི་ལ། །བཅོས་མ་ཕྲ་མེན་སྤྱོད་པ་དང་། །ཚུལ་རྟགས་འཛིན་དང་མོས་པ་དང་། །དགེ་ལ་འདུན་པའི་རྣལ་འབྱོར་ལྔ། །འཇུག་ལྡོག་ལྟུང་དང་བཅས་པ་ཡིས། །ཀུན་དུ་འཁོར་ཞིང་མ་ངེས་པའོ། །འདུན་པ་སེམས་པའི་རྣལ་འབྱོར་བ། །གནས་ཤིང་སྤྱོད་
པའི་ས་ཞེས་བྱ། །བསྟེན་པ་གཞི་ཡི་ས་འདི་ལ། །དང་པོ་ལས་ཅན་རྣལ་འབྱོར་དང་། །བསླབ་པ་སྦྱོང་དང་ངེས་པ་ལ། །དག་དང་མ་དག་གིས་སྤྱོད་པའོ། །བཀའ་སྡོད་ལས་ཀྱི་དང་པོ་པ། །གནས་ཤིང་སྤྱོད་པའི་ས་ཞེས་བཤད། །གལ་ཆེན་སྤྱོད་པའི་ས་
འདི་ལ། །གནས་ཤིང་སྤྱོད་པའི་ས་ཡིན་ཏེ། །རིགས་ཆེན་འབྱེད་པའི་རྣལ་འབྱོར་ཉིད། །དགེ་དང་མི་དགེའི་ལས་རྣམས་ཀུན། །གཅོད་སྦྱོང་སྦྱོར་བའི་ཚུལ་ཉིད་ཀྱིས། །ལེགས་ཉེས་སྟོབས་ཆེན་བྱེད་པའོ། །བསླབ་པ་རྒྱུན་གྱིས་འདི་ལ། །གཡོ་དང་ཐོབ་
དང་བརྟན་པའི་དྲོད། །དེ་བཞིན་རྟགས་ཆེན་གཡོ་བ་དང་། །ཐོབ་པ་ཉིད་དང་བརྟན་པ་ཡི། །རྣལ་འབྱོར་རྣམ་པ་དྲུག་པོ་དག །བསླབ་པའི་གནས་བཅུ་མཐར་འབྱིན་ཅིང་། །ཇི་ལྟར་ཟླ་བ་ཡར་གསལ་བཞིན། །བསླབ་པའི་ཡེ་ཤེས་འཕེལ་འགྱུར་ཏེ། །དོན་ལ་མི་
སྐྲག་ངོ་མཚར་སྐྱེ། །དཔྱོད་སེམས་འཇུག་པའི་ཤེས་པ་དེས། །ངན་སོང་མི་ལྡོག་དགོན་པར་འཇུག །བར་ཆད་དག་ཀྱང་དེ་ལ་བྱུང་། །གསང་སྒོ་ལུང་གི་རྣལ་འབྱོར་དང་། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། །མཚན་མ་རྟགས་ཀྱི་རྣལ་འབྱོར་གསུམ། །
เล่ม ๙๘ · หน้า 27a
གནས་ཤིང་སྤྱོད་པའི་ས་ཞེས་བཤད། །བསོད་ནམས་གཏེར་གྱི་ས་འདི་ལ། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཉིད། །མོས་པ་དག་ཅིང་འདུན་པའི་གནས། །རྩལ་ཅན་བློ་ཡི་བསྟི་གནས་ས། །བསླབ་པའི་མཐའ་བཅུ་སྤྱིར་ཆིབ་པའོ། །བསྟེན་པས་ཁྱད་
པར་འགྲོ་འདི་ལ། །དབུགས་ཆེན་ཕྱིན་པའི་རྣལ་འབྱོར་དང་། །རིགས་ཆེན་འཛིན་དང་མཉམ་རྫོགས་ཆེ། །ངེས་པར་སྤྱོད་དང་རྩལ་ཆེན་སྦྱོང་། །ཡུལ་ལ་འཇུག་དང་རིག་པར་སྦྱོར། །བདུན་ཉིད་རྫོགས་པར་འགྲོ་བ་སྟེ། །བསླབ་པའི་རྒྱུ་འབྲས་འདི་བཅུ་ལ། །གོམས་
པར་བྱེད་པའི་ཚུལ་དུ་སྦྱོར། །ངལ་བསོ་བ་ལ་ཐམས་ཅད་མཐོང་། །མི་ལྡོག་ས་ལ་གོམས་བྱར་མེད། །འདི་དག་སྦྱོར་བ་གཞི་གཅིག་ཀྱང་། །སོ་སོ་ཐུན་མོང་མ་ཡིན་པའི། །སྒྲིབ་ལས་ཞེས་རྩི་བྱེད་ཅིང་། །ཡེ་ཤེས་རེ་རེ་འཆར་བའོ། །དེས་ན་བསླབ་པའི་མཐའ་
གཅིག་ལ། །མི་ལྡོག་ལ་སོགས་རྫོགས་ཆེན་རྣམས། །མཉམ་པ་ལ་བཞག་རེ་རེ་ལ། །ཡེ་ཤེས་རེ་རེ་འཆར་བ་སྟེ། །ཐ་མ་རང་བྱུང་ཉིད་ཀྱིས་རྫོགས། །མཐར་ཕྱིན་པ་དང་ཐོབ་པ་དང་། །མི་ལྡོག་རྣམས་ལ་རིམ་པ་བཞིན། །རྨི་ལམ་དག་དང་སྒྲ་བརྙན་དང་། །མངོན་
སུམ་ངེས་པ་ཅི་རིགས་པར། །རྣལ་འབྱོར་རྡོ་རྗེ་གྲལ་སྐོ་བ། །རྡོ་རྗེ་རྡོ་རྗེ་ཆེ་གེ་མོ། །ཞེས་ནི་ཉིད་དང་ས་ཁམས་དང་། །ཞིང་ཁམས་ཀུན་དུ་བསྒྲགས་བྱས་ནས། །རྣལ་འབྱོར་ལུང་རབ་སྟོན་པའོ། །དམིགས་པའི་འབྲས་བུ་སྐྱེ་འདི་ལ། །གྲུབ་པའི་རྣལ་འབྱོར་རྣལ་
འབྱོར་ཆེ། །ངེས་པར་འབྱུང་བའི་རྣལ་འབྱོར་གསུམ། །རྒྱལ་བའི་ཐུགས་ལས་རྒྱལ་སྐྱེས་ཤིང་། །རྒྱལ་བའི་སྲས་པོ་གདུང་འཚོབ་པ། །ཁྱད་པར་རྩལ་འཕང་ཀུན་རྫོགས་ཤིང་། །ཏིང་ངེ་འཛིན་གྱི་སྦྱོར་བའོ། །གནས་པས་མི་འགྱུར་ས་འདི་ལ། །ཚོགས་ཆེན་
འདུས་དང་རྩལ་ཆེན་རྫོགས། །གསུམ་དུ་རྫོགས་པར་ཤེས་བྱ་སྟེ། །ཕྱག་རྒྱ་ཆེན་པོ་སྒྱུ་མ་ཡིན། །འཁོར་ལོས་སྒྱུར་བའི་རྒྱལ་ཆེན་པོ། །མཐོང་བའི་གནས་ནས་བཅུ་དྲུག་པ། །རྫོགས་པའི་གནས་ན་ལོངས་པའོ། །བདལ་བ་ཆོས་ཉིད་ས་འདི་ལ། །རོལ་པ་
เล่ม ๙๘ · หน้า 27b
རྒྱན་གྱི་རྣལ་འབྱོར་དང་། །བདེ་བ་ཆེ་དང་ཐིག་ལེར་རྫོགས། །གསུམ་ཉིད་དུ་ནི་རྫོགས་པ་ལ། །ཡུལ་དོན་ཡེ་ཤེས་དེ་སྦྱར་བ། །ཤེས་པར་བྱས་པས་ཐམས་ཅད་རྫོགས། །སྒྱུ་མའང་སྒྱུ་མ་ཡིན་སྤྱོད་ལ། །རྫོགས་པ་སྤྱིར་ཆིབ་ས་འདི་ནི། །བཅུ་ཡི་ཐ་མ་དང་པོ་
ལས། །མཐར་རྫོགས་ཀུན་གྱི་ཐོག་ཡིན་ཏེ། །ཀློང་ཡངས་ནམ་མཁའི་སྙིང་པོ་ལ། །སྤྲིན་མེད་ཉི་མ་འབུམ་གྱིས་བདལ། །ཅིར་སྣང་ཅི་ཡང་མ་ཡིན་པ། །མི་སྐྱེ་མི་འགག་ངོ་བོ་ལ། །ཅི་ལྟར་བལྟས་དགུ་དེར་སྣང་བ། །ཐེག་མཆོག་སྤྱི་རྒྱའི་རླབས་ཀྱིས་བཅད། །དེ་ཡང་ལྟ་
བའི་ཁྱད་པར་གྱིས། །བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། །ལྷུན་གྱིས་གྲུབ་དང་ཀློང་ཡངས་ཆུབ། །གསུམ་རྫོགས་རང་བྱུང་བདལ་བའོ། །འདི་ནི་རྣལ་འབྱོར་སྤྱོད་པའི་ལམ། །རྣལ་འབྱོར་ཅན་གྱིས་བགྲོད་པར་བྱ། །གཞན་ཡང་འདུས་པའི་རྣལ་འབྱོར་རྣམས། །
དོན་གྱི་རྗེས་ནི་ཚོལ་འདོད་ན། །ཚིག་འགའ་ཐོས་པ་ཙམ་གྱིས་ནི། །ཆོག་པའི་འདུ་ཤེས་མ་སྐྱེད་ཅིག །ཁྱེད་ཀུན་རྣལ་འབྱོར་ཡིན་མོད་ཀྱི། །ཡང་དག་དོན་ལ་རྣལ་མི་འབྱོར། །སྤྱོད་པ་འགྱུར་བར་བྱེད་མོད་ཀྱི། །ཡང་དག་དོན་དུ་ཡོང་མ་གྱུར། །ཆགས་སྡང་ལས་ལ་
ཞེན་མོད་ཀྱི། །དམ་པའི་དོན་ལ་ཡོང་མ་ཞེན། །ལོངས་སྤྱོད་རྒྱ་ཆེར་བྱེད་མོད་ཀྱི། །ཆོས་ཉིད་དོན་གྱི་རོ་མ་ཚོར། །བདག་མེད་ཕྱོགས་བྲལ་ཟེར་མོད་ཀྱི། །ཉོན་མོངས་ལྔ་དང་ཡོང་མ་བྲལ། །བརྟུལ་ཞུགས་རྟོག་པ་ཆོམས་མོད་ཀྱང་། །གཟུང་འཛིན་རྟོག་པ་ཡོང་མ་
ཆོམས། །དེ་བས་འདུས་པའི་རྣལ་འབྱོར་རྣམས། །ཐོས་པ་ཚིག་གི་སྒྲོན་མ་ཡིས། །ཡང་དག་དོན་གྱི་གསེར་བཙལ་ན། །རྟོགས་འདོད་སྤྲེའུ་འདི་བཟུང་ནས་ཀྱང་། །རྐུན་མོ་བྱི་ལ་བཏགས་བྱས་ཏེ། །གསེ་ཁུང་སྐར་ཁུང་ཀུན་དགག་ཅིང་། །ཁང་སྟོང་ཕང་ཕུང་
བཤིག་ནས་ནི། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ན། །དེ་དག་རྟག་ཏུ་སངས་རྒྱས་ཡིན། །ཡང་དག་དོན་གྱི་ལམ་ཚོལ་ན། །རྟོག་པའི་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་རགས་པའི་རི་བོ་དང་། །མཚན་མ་རྒྱུ་བ་ཚོར་བ་དང་། །བྱུང་ཚོར་སྐྱོན་ལྔ་བསལ་བར་བྱ། །
เล่ม ๙๘ · หน้า 28a
རྟོག་པ་ལ་ཡང་གཉིས་ཡོད་དེ། །རགས་དང་ཕྲ་བར་སྣང་བ་ཡིན། །དེ་བཞིན་མཚན་མ་ཆེ་ཆུང་གཉིས། །རྒྱུ་བ་རིང་པོ་ཐུང་ངུ་གཉིས། །དེ་བཞིན་ཚོར་བ་གསལ་མི་གསལ། །བྱུང་ཚོར་གཉིས་སུ་སྣང་བ་ཡང་། །མྱུར་བ་དང་ནི་བུལ་བའོ། །འདི་ནི་
དོན་ལ་སྒྲིབ་པ་ཡི། །རྟོག་པ་ཆེན་པོའི་གེགས་ཆེན་ཡིན། །ཅི་ཕྱིར་དོན་དེ་མི་མཐོང་ཕྱིར། །མུན་པ་དང་ནི་འཁྲིགས་པ་དང་། །ཀུན་དུ་འཐིབས་དང་སྤྲིན་ཕུང་དང་། །ན་བུན་ལྟ་བུར་བསྒྲིབས་པ་ཡིས། །ཡང་དག་མི་གསལ་མཐོང་མི་འགྱུར། །འདི་ཡང་བྱེ་བྲག་
གཉིས་གཉིས་ཏེ། །མུན་པ་མུན་ནག་ཆེན་པོ་དང་། །ཀུན་ནས་འཐིབས་པ་ལྟ་བུ་དང་། །ཀུན་དུ་འཁྲིགས་དང་བསྒྲིབས་པ་དང་། །འཐིབས་པ་ཆེན་པོ་ཆུང་ངུ་གཉིས། །སྤྲིན་ཆེན་འཐིབས་དང་འལ་འོལ་དང་། །ན་བུན་གཏམས་དང་བན་བུན་གྱིས། །གནས་ངན་གསུམ་དང་
མིའི་གནས་དང་། །འདོད་ཁམས་བཞི་ཡི་ལྷ་གནས་དང་། །གཟུགས་ཀྱི་ཁམས་དང་གཟུགས་མེད་ཁམས། །ཉན་ཐོས་རང་རྒྱལ་གནས་སུ་ལྟུང་། །ལྟུང་བར་འགྱུར་བའི་སྐྱོན་ཆེན་ནི། །མཚན་མའི་གཡེང་བ་རྣམ་དྲུག་ཡིན། །རང་བཞིན་ཡུལ་ལ་གཡེང་བ་དང་། །
དེ་བཞིན་ཕྱི་རོལ་གཡེང་བ་དང་། །ནད་དང་མཚན་མའི་གཡེང་བ་དང་། །ཡིད་ལ་བྱེད་དང་གནས་ངན་ལེན། །འདི་དག་རབ་ཏུ་བསལ་བར་བྱ། །བསལ་ནས་དོན་ལ་མཉམ་བཞག་ཆེ། །མཉམ་པའི་དོན་ལ་སྒྲིབ་པའི་སྐྱོན། །རྣམ་པ་ལྔ་འབྱུང་འདི་ལྟ་སྟེ། །བྱུང་ཚོར་
དབང་གིས་གཡེང་བ་དང་། །བྱིང་རྨུགས་དབང་གིས་འཐིབས་པ་དང་། །འཛིན་ཆགས་དབང་གིས་འགོག་པ་དང་། །ཐེར་ཟུག་དབང་གིས་རྟོག་པ་དང་། །ཕྱལ་བའི་དབང་གིས་མེད་པ་སྟེ། །འདི་ནི་མཉམ་པའི་སྐྱོན་ཡིན་ནོ། །སྐྱོན་ཆེན་དེ་དག་གླན་པའི་ཆོས། །སེམས་
ཀྱི་ལོན་འདི་རྒྱལ་བས་བཤད། །འདུས་པ་ཆེན་པོའི་རྣལ་འབྱོར་བ། །རྣམ་པར་མི་རྟོག་དོན་ཚོལ་ན། །གཅིག་པུ་དབེན་པའི་ས་བཟུང་སྟེ། །ཚད་མ་གསུམ་དང་ལྡན་པའི་བློས། །རྣམ་པར་རྟོག་པའི་རྗེས་གཅད་པ། །ཡོད་མེད་སྔོན་ཐོག་ག་ལས་བྱུང་། །བརྟགས་
เล่ม ๙๘ · หน้า 28b
བས་རྟོག་པ་ལྟས་ལས་བྱུང་། །རྟོག་པ་སྒྱུ་མར་རབ་ཤེས་ན། །རྟོག་པའི་རི་བོ་ཞི་བར་འགྱུར། །དེས་ནི་གནས་ངན་གསུམ་མི་ལྟུང་། །རྟོག་པ་གང་ལས་བྱུང་ཞེ་ན། །མཚན་མའི་ཆོས་ལས་བྱུང་བ་ཡིན། །མཚན་མ་སྒྱུ་མར་རབ་ཤེས་ན། །མཚན་མའི་ཆོས་རྣམས་ཞི་
བར་འགྱུར། །དེས་ནི་འདོད་ཁམས་ཐ་མར་མིན། །མཚན་མ་གང་ལས་བྱུང་ཞེ་ན། །དྲན་པ་རྒྱུ་བ་དག་ལས་བྱུང་། །དྲན་པ་སྐྱོན་དུ་ཤེས་གྱུར་ན། །རྒྱུ་བའི་སྐྱོན་རྣམས་སེལ་བར་བྱེད། །མཐུ་དེས་འདོད་ཁམས་གཉིས་པར་མིན། །རྒྱུ་བ་གང་ལས་བྱུང་ཞེ་ན། །ཚོར་
བ་དག་ལས་བྱུང་བ་ཡིན། །དག་ཅིང་སྐྱེ་བར་བྱ་བ་མེད། །ཚོར་བ་སྒྱུ་མར་ཤེས་གྱུར་ན། །སྐྱོན་གྱི་ཚོར་བ་སལ་བར་བྱེད། །འདོད་ཁམས་གསུམ་པར་ལྟུང་མི་འགྱུར། །ཚོར་བ་གང་ལས་བྱུང་ཞེ་ན། །བྱུང་ཚོར་ཕྱི་ནང་དག་ལས་བྱུང་། །དག་ཅིང་སྐྱེ་བར་བྱ་བ་
མེད། །དེ་ཉིད་སྐྱོན་དུ་ཤེས་འགྱུར་ན། །དེ་ལྟར་ཤེས་པའི་མཐུ་ཡིས་ནི། །འདོད་ཁམས་བཞི་པར་མི་ལྟུང་ངོ་། །བྱུང་ཚོར་གང་ལས་བྱུང་ཞེ་ན། །སེམས་ཀྱི་ཆོས་ལས་བྱུང་བ་སྟེ། །སེམས་ཉིད་སྒྱུ་མར་རབ་ཤེས་ན། །སེམས་ཀྱི་ཆོས་རྣམས་ཞི་བར་འགྱུར། །
ཕུང་པོ་གཟུགས་བརྙན་འདྲ་བ་ལ། །སེམས་ཉིད་སྨིག་རྒྱུ་ལྟ་བུ་ཡིན། །ཡོད་མེད་གཉིས་ཀྱི་མཐའ་ལས་གྲོལ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ། །འདོད་ཁམས་ལྔ་པར་ལྟུང་མི་འགྱུར། །སེམས་ཉིད་ཡོད་པའི་དངོས་པོའམ། །མེད་ཅེས་བྱ་བར་མི་ལྟ་བར། །
མུ་སྟེགས་ཅན་དུ་ལྟུང་མི་འགྱུར། །བྱིང་རྨུགས་ཅན་དུ་མ་གྱུར་པས། །འདུ་ཤེས་མེད་པར་ལྟུང་མི་འགྱུར། །འདུ་ཤེས་རྗེས་སུ་མ་འབྲངས་པར། །སེམས་ཅན་གནས་སུ་དེ་མི་འཁོར། །ཀུན་གཞིའི་དོན་ལ་གོམས་པས་ནི། །ཉན་ཐོས་གནས་སུ་དེ་མི་ལྟུང་། །སྟོང་
ཞིང་ཞི་བར་མི་བྱེད་པས། །རང་རྒྱལ་ལྟ་བར་དེ་མི་ལྟུང་། །རྣམ་དག་སྟོང་པར་མི་བྱེད་པས། །བྱང་ཆུབ་སྤྱོད་པར་ལྟུང་མ་ཡིན། །མཉམ་ཉིད་སྟོང་པའི་དོན་དག་ལ། །སོ་སོ་ཐ་དད་མི་འབྱེད་པས། །ས་ཡི་རིམ་པར་མི་ལྟུང་ཞིང་། །རིམ་གྱིས་སྦྱང་ཞིང་འཕར་
เล่ม ๙๘ · หน้า 29a
བ་མེད། །ཡང་དག་དོན་གྱི་རང་བཞིན་ནི། །ཅི་ལ་མི་གནས་མི་ལེན་ཅིང་། །ཅི་ཡང་མི་མཐོང་ཐོས་པ་མེད། །ཅིར་ཡང་མི་བྱེད་བྱེད་དང་བྲལ། །ཅི་ཡང་ཐོས་པ་རྡུལ་ཙམ་མེད། །ཅིར་ཡང་སྣང་བ་མེད་པ་དེ། །དེ་ནི་སྣང་བ་དམ་པ་ཡིན། །བསམ་
དུ་མེད་པའི་ཆོས་ཉིད་ནི། །བསམ་དུ་མེད་པས་དེ་བཞིན་གཞག །རང་བཞིན་མེད་པའི་ཆོས་ཉིད་ལ། །སེམས་ཀྱི་གྱིན་ད་སྐད་ཅིག་མས། །མི་གཡོ་རྒྱུན་ཏུ་དྲན་པར་བྱ། །དེ་ལྟར་དོན་ལ་མཉམ་བཞག་ན། །རྟགས་ཀྱི་ཚོར་བ་འདི་ལྟར་འབྱུང་། །དྲོད་དང་རྟགས་
དང་ཆོ་འཕྲུལ་དང་། །མངོན་ཤེས་དང་ནི་ཡེ་ཤེས་འབྱུང་། །དྲོད་ནི་གཡོ་དང་ཐོབ་པ་དང་། །རྟགས་ནི་བྱུང་དང་བརྟན་པ་དང་། །ཆོ་འཕྲུལ་བྱུང་དང་རྫོགས་པ་དང་། །རིག་པ་ཕྲ་མོ་ཐམས་ཅད་གསལ། །དེས་ནི་དོན་རྣམས་རྫོགས་པ་ཡིན། །དཔེར་ན་མུན་པ་
སངས་པ་དང་། །སྣང་བ་བྱུང་དང་ནམ་མཁའ་དང་། །ཀུན་དུ་མཐོང་དང་ཐམས་ཅད་གསལ། །དེ་ལྟར་ཤེས་པའི་མཐུ་ཡིས་ནི། །བག་ཆགས་མུན་པ་ཀུན་བསལ་ཏེ། །ཇི་ལྟར་རླུང་གིས་སྤྲིན་ཕྱགས་ལྟར། །སྐད་ཅིག་ཙམ་གྱི་ཏིང་འཛིན་གྱིས། །སྒྲིབ་པའི་
ཕུང་པོ་འཕྱག་པར་འགྱུར། །ཇི་ལྟར་མར་མེས་མུན་བསལ་ན། །མུན་ཉིད་སྣང་བར་འགྱུར་བ་བཞིན། །སྐད་ཅིག་མ་ཡི་དོན་རིག་པས། །སྔོན་ནས་བསགས་པའི་མུན་པ་སེལ། །དེ་ལྟར་རིག་པའི་སྐྱེས་བུ་ནི། །དོན་ལ་རིག་པའི་སྒོ་བྱེ་ཞིང་། །ཆོས་ཀྱི་
མིག་དང་དེ་ལྡན་པས། །མཐོང་ཐོས་ཚིག་ལེའུ་ཚིག་བཞིར་བསྡེབས། །ས་པ་ཡིན་པས་དོན་ལ་སྤྱོད། །ཆོས་ཀྱི་མིག་དང་མ་ལྡན་ན། །མུ་མཐའ་ཡས་པའི་ཚིག་རྣམས་ཀྱིས། །དོན་གྱི་ཐ་སྙད་ཅི་བརྗོད་ཀྱང་། །ནོར་མ་ནོར་གྱི་དོན་མི་དཔོགས། །ཚིག་ཕྱིར་བློ་འབྲངས་
དམུ་རྒོད་དེ། །བསླབ་པའི་ས་དང་ལམ་པ་ཡིན། །ཚིག་དོན་འབུམ་ཕྲག་ཅི་བརྗོད་ཀྱང་། །གཞན་ལ་སྟོན་པར་མ་བྱེད་ཅིག །བསྟན་ན་རྡོ་རྗེ་བཀའ་རྐུན་དེ། །དམྱལ་བ་རྡོ་རྗེར་དེ་ལྟུང་འགྱུར། །གང་དག་ཚུལ་འཆོས་མཁན་དག་གི། །དོན་ལ་བློ་ཤེད་མ་བྱེ་བར། །
เล่ม ๙๘ · หน้า 29b
ཚིག་དང་ཡི་གེས་ཁྲིད་ནས་ནི། །མི་ཤེས་བཞིན་དུ་ཆོས་བསྟན་ན། །སེམས་ཅན་ཐམས་ཅད་སྲོག་ཕྲོགས་པས། །མི་ཤེས་ཆོས་སྟོན་དེ་བས་ལྕི། །དེ་བས་མཉམ་པའི་དོན་འདི་ལ། །བསྟུན་ཏེ་ཅིག་ཅར་འཇུག་ཤེས་ན། །བསྒོམ་པའི་ཡུན་ནི་རིང་ཐུང་དང་། །ལས་
འཕྲོ་ཡོད་དང་མེད་པ་དང་། །ནམ་གྲུབ་སྙམ་པའི་ཁར་མ་ལུས། །མཉམ་པའི་དོན་ལ་མཉམ་བཞག་ན། །དེ་མ་ཐག་ཏུ་རིག་པ་འཆར། །མཉམ་པའི་དོན་ལས་མ་གཡོས་ན། །གཟུགས་ཁམས་གནས་སུ་དེ་མི་ལྟུང་། །མཉམ་པ་ཉིད་ལ་མ་ཆགས་ན། །གཟུགས་མེད་ཁམས་
སུ་ལྟུང་མི་འགྱུར། །མཉམ་ཉིད་མངོན་དུ་གྱུར་པས་ན། །ཉན་ཐོས་གནས་སུ་དེ་མི་ལྟུང་། །ཅི་ཡང་མེད་པའི་དོན་མཐོང་ན། །སངས་རྒྱས་ཞེས་ནི་དེ་ལ་བྱ། །དེས་ནི་ཏིང་འཛིན་ཁྱད་པར་འདི། །རྣལ་འབྱོར་ཅན་གྱིས་འདྲིས་པར་བསྒོམ། །ཐམས་ཅད་མི་རྟོག་སྐྱེ་མེད་
ཅིང་། །རྟོག་པའི་མཐའ་སྤངས་ནམ་མཁའི་དབྱིངས། །ཇི་བཞིན་མི་གཡོ་མཉམ་པ་ཉིད། །མཚན་མའི་རྟོག་པ་ཡུལ་ལས་འདས། །ཡུལ་མེད་ནམ་མཁའི་རང་བཞིན་ལས། །སྙིང་རྗེ་ཆེན་པོའི་བྱང་ཆུབ་སེམས། །ཉི་མ་སྟོང་གི་དཀྱིལ་འཁོར་ཤར། །མཚན་
མའི་ཆོས་རྣམས་ཀུན་ལ་ཁྱབ། །ཉི་མ་འབར་བ་སྙིང་པོ་ལས། །འོད་ཟེར་ཡིག་འབྲུའི་མཆོག་ཏུ་གསལ། །ཐམས་ཅད་འབྱུང་བའི་ཡི་གེ་ཨ། །ཅིར་ཡང་འགྱུར་བའི་རང་བཞིན་ལས། །སྤྲུལ་པའི་ཆོ་འཕྲུལ་ཐམས་ཅད་འབྱུང་། །དེ་ཡང་རྩལ་གྱི་ཁྱད་པར་
ལས། །དབུགས་ཀྱི་ཡུལ་དང་ཚོར་བ་དང་། །ཐོས་དང་མཐོང་བ་ལ་སོགས་ཏེ། །སེམས་ཀྱི་ཡུལ་དང་ནམ་མཁའི་དབྱིངས། །ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པར། །རང་བཞིན་ཡི་གེ་བསྒྱུར་ཡི་གེ། །ཡན་ལག་ཡི་གེ་སོ་སོ་ཡི། །རྩ་བ་ལ་སོགས་གཞི་གཅིག་
བཅས། །འཕྲོ་འདུ་ཚད་ཀྱང་ཕྱག་རྒྱ་ཡི། །ཚོམ་བུའི་གྲངས་ཀྱང་དེ་བཞིན་ནོ། །འདི་ནི་དང་པོའི་འཇུག་རིམས་ཏེ། །མཐར་གྱིས་འདྲིས་ཤིང་གོམས་བྱེད་པའོ། །ཡི་གེའི་ཡེ་ཤེས་ལས་སྐྲུན་ཏེ། །དོན་བྱེད་པ་དང་ཕྱག་རྒྱར་སྐྱེད། །རྒྱ་མཚོ་གནོན་དང་ནམ་མཁའི་
เล่ม ๙๘ · หน้า 30a
སྐས། །རླུང་བཅིང་བ་དང་རྒྱུན་བཟློག་དང་། །བསྲེག་པའི་བསྐལ་བ་གཞིལ་བ་དང་། །ཉི་ཟླ་ཞོན་དང་འཇིག་རྟེན་འཕང་། །ས་ལ་འཛུལ་དང་རི་རབ་འདེགས། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དང་། །གཞིག་དང་སྤར་བ་ལ་སོགས་ཏེ། །བསམ་
བྱ་བསམ་གྱིས་མི་ཁྱབ་པ། །གོམས་པ་ལས་སུ་རུང་བ་ཡི། །རྣལ་འབྱོར་རྩལ་ཆེན་སྦྱོང་བར་ཟད། །བཟླས་པ་མཐར་ཕྱིན་གྲུབ་པ་དང་། །བཅིང་བ་ཡོངས་སུ་རྫོགས་པ་དང་། །བསམ་པ་ལས་སུ་རུང་བ་དང་། །དོན་མཐོང་བ་དང་ཚིག་གྲུབ་པ། །བྱ་བ་ཡོངས་སུ་དག་པ་དང་། །
དོན་གཅིག་ཡུལ་ལ་སོ་སོར་སྣང་། །དེས་ན་ཏིང་འཛིན་ཁྱད་པར་ཡང་། །དབྱིངས་ཉིད་གཅིག་ལ་སྒོམ་མོད་ཀྱི། །རྣལ་འབྱོར་རྩལ་གྱི་ཁྱད་པར་གྱིས། །བསམ་པའི་ཡུལ་ནི་སྣ་ཚོགས་ཏེ། །དང་པོའི་ས་ལ་གནས་པ་ཡི། །བརྩམ་པ་ལས་ཀྱི་རྣལ་འབྱོར་བ། །འདུན་
པ་སེམས་པའི་རྣལ་འབྱོར་ལས། །སོགས་པའི་རྣལ་འབྱོར་རྣམ་དྲུག་པོ། །ཤེས་རབ་རྩལ་གྱི་འཕང་དམས་པས། །ཏིང་འཛིན་རྩལ་ཡང་ཆུང་བ་སྟེ། །དོན་ལ་མཐོང་བར་མི་འགྱུར་ཏེ། །རང་གི་མོས་པའི་ལྷ་སྒོམ་ན། །ལྷ་ཡི་ས་བོན་གང་ཡིན་པ། །ཁ་དོག་ཚོན་གྱིས་ཕྱེ་
ནས་ནི། །སྣ་ཡི་དབུགས་ལ་རྒྱུ་བྱས་ཏེ། །དབུགས་ཀྱི་ཡུལ་དུ་གྱུར་ཚད་དུ། །ཟུང་བསྒྲིལ་ཕར་འཕྲོ་གསལ་བ་ལས། །འཕྲོ་འདུའི་གནས་སུ་བསྐྱེད་པར་བྱ། །རང་གི་ཆག་ཚད་དང་སྦྱར་བའི། །སྐུ་ཡི་ཁྱོན་ཡང་དེ་ཙམ་མོ། །གཉིས་པའི་ས་ལ་གནས་པ་ཡི། །
བཀའ་སྡོད་ལས་ཀྱི་རྣལ་འབྱོར་ལས། །སོགས་པའི་རྣལ་འབྱོར་རྣམ་བཞི་པོ། །ཏིང་འཛིན་རྩལ་གྱི་ཁྱད་པར་ནི། །ས་བོན་རང་བཞིན་ཡི་གེ་ལ། །འོད་ཟེར་འབར་བར་བཅས་པ་དེ། །དྲི་བྱུང་ཡུལ་ནི་ཚུན་ཆད་དུ། །འཕྲོ་འདུ་གསལ་བར་བསྐྱེད་པ་ལས། །རང་གི་
ཆག་ཚད་གཉིས་བསྒྱུར་བའི། །སྐུ་ཡི་ཁྱོན་ཡང་དེ་ཙམ་མོ། །གསུམ་པའི་ས་ལ་གནས་པ་ཡི། །རྣལ་འབྱོར་ལུང་གི་བཀའ་བསྒོ་ལས། །སོགས་པའི་རྣལ་འབྱོར་རྣམ་གསུམ་པོ། །དམིགས་པའི་ཏིང་འཛིན་འདི་ལྟར་འདོད། །ལྷ་ཡི་ས་བོན་གང་ཡིན་པ། །རང་
เล่ม ๙๘ · หน้า 30b
བཞིན་ཡི་གེར་བསྒྱུར་བྱས་ཏེ། །འོད་ཟེར་འབར་དང་བཅས་པ་ཡིས། །ཐོས་པའི་ཡུལ་ནི་ཚུན་ཆད་དུ། །འཕྲོ་འདུ་གསལ་བར་བྱས་པ་ལས། །རང་གི་ཆག་ཚད་བཞི་བསྒྱུར་ཙམ། །སྐུ་ཡི་ཁྱོན་ཡང་དེ་ཙམ་མོ། །དེ་བཞིན་རྣལ་འབྱོར་རིམ་པ་བཞིན། །ལྷ་ཡི་ཁྱད་པར་
གང་ཡིན་པ། །ཡི་གེའི་རིམ་པ་བཞིན་བྱས་ནས། །འཕྲོ་འདུའི་ཚད་ཀྱང་དེ་བཞིན་ཏེ། །རིམ་པ་བཞིན་དུ་སྦྱར་ནས་ཀྱང་། །འཕྲོ་འདུ་གསལ་བར་གྱུར་པ་དང་། །སེམས་ཀྱི་ལྕོགས་ཚད་ཚུན་ཆད་དུ། །སྐུ་ཡི་ཁྱོན་གྱི་ཁྱད་པར་ཡང་། །ཆོས་ཀྱི་དབྱིངས་ཀྱི་མཐས་
ཀླས་པར། །སྐུ་ཡི་ཁྱོན་གྱིས་གང་བར་བསྒོམ། །གཞན་ཡང་འདུས་པའི་རྣལ་འབྱོར་རྣམས། །ཡི་གེའི་རྗེས་སུ་དོན་དཔགས་ན། །ཡི་གེས་དོན་རྣམས་སྟོན་པར་འགྱུར། །ཅི་ཕྱིར་དོན་ཉིད་ཡི་གེར་སྣང་། །དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེའི་
ཚོགས་བྱུང་སྣ་ཚོགས་འཕྲོས། །ཨ་ནི་རང་བཞིན་ཡི་གེ་སྟེ། །རྟེན་དང་བྲལ་བས་རྒྱུ་རྐྱེན་མེད། །ཀུན་ལ་ཁྱབ་པས་ནམ་མཁའ་འདྲ། །ཨ་ནི་ཆོས་ཉིད་ཆོ་འཕྲུལ་ཏེ། །ཆོས་ཉིད་ཟབ་མོའི་ངང་ལས་ནི། །ཆོ་འཕྲུལ་ཡི་གེ་ཨ་བྱུང་བས། །ཨས་ནི་ཆོས་ཉིད་མཚོན་
པར་བྱེད། །ཨ་ལས་ཡིག་འབྲུའི་ཚོགས་འཕྲོས་ཏེ། །ཚིག་ཚོགས་བསྟན་པ་རྒྱ་མཚོར་གྲགས། །ཡི་གེའི་སྒྲ་སྐད་ཀུན་བཟུང་སྟེ། །སྣ་ཚོགས་ཡི་གེའི་སྐད་དུ་བསྒྱུར། །ཡིག་འབྲུ་ཡན་ལག་མང་པོ་རྣམས། །རང་བཞིན་ཨ་ཡི་ངང་དུ་འདུས། །ཐུགས་ཀྱི་ཀློང་ནས་ཨ་
བྱུང་བས། །ཨ་ཡི་འོད་ཟེར་འཕྲོ་འདུ་ལས། །མགུར་གྱི་གསང་བར་ཤར་བ་ལས། །གསུང་སྒྲ་ཡི་གེ་ལྔར་འཕྲོས་པ། །ཨ། ཀ་ཁ་ག་གྷ་ང་། དེ་ནས་ཨ་ཡི་འོད་ཟེར་དེ། །ལྗགས་ཀྱི་ཟླ་གམ་པདྨར་འཕྲོས། །ལྗགས་ཀྱི་མཐིལ་དུ་འཁྱིལ་བ་ལས། །འོད་ཟེར་
ཡིག་འབྲུ་ལྔར་ཤར་བ། །ཙ་ཚ་ཛ་ཛྷ་ཉ། དེ་ནས་ཨ་ཡི་འོད་ཟེར་དེ། །ལྗགས་ཀྱི་རྩེ་ལ་འཕྲོས་པ་ལས། །འོད་ཟེར་ཡིག་འབྲུ་བཅུར་ཤར་བ། །ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། དེ་ནས་ཨ་ཡི་འོད་ཟེར་དེ། །ཞལ་གྱི་སྒོ་ནས་འཕྲོས་པ་ལས། །ཆོ་འཕྲུལ་ཡི་གེ་ལྔར་
เล่ม ๙๘ · หน้า 31a
ཤར་བ། །བ་པ་བ་བྷ་མ། །དེ་ནས་ཨ་ཡི་འོད་ཟེར་དེ། །ཕྱི་རོལ་ཡུལ་དུ་འཕྲོས་པ་ལས། །ཆོ་འཕྲུལ་ཡི་གེ་སྣ་ཚོགས་འཕྲོས། །ཡ་ཝ་ར་ལ་ཤ་ཥ་ས་ཧ་ཀྵ། ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨྃ་ཨཿ། ཨ་ལས་ཆོ་འཕྲུལ་འོད་འཕྲོས་པས། །ཡི་
གེའི་ཕྲེང་བ་ཚོགས་བྱུང་སྟེ། །ཡི་གེའི་ཡན་ལག་ཡེ་ཤེས་ལ། །སངས་རྒྱས་སྐུ་ཡི་ས་བོན་བྱུང་། །དཔག་ཏུ་མེད་པའི་རྒྱལ་བ་རྣམས། །སྐུ་དང་གསུང་ཐུགས་སྤྲུལ་པའི་ཚོགས། །ཕྱག་རྒྱ་སྣ་ཚོགས་མཛེས་པར་སྣང་། །དེས་ན་ཡི་གེའི་རང་བཞིན་ནི། །རྒྱལ་བའི་
སྐུ་ཉིད་ཡིན་པར་བཤད། །ཨ་ནི་ཐུགས་ཀྱི་ས་བོན་ཏེ། །ཀ་ལ་སོགས་པ་དང་པོ་ལྔ། །མགུར་གྱི་གསང་བའི་རང་བཞིན་ཡིན། །གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །གསུམ་པ་ཊ་ལ་སོགས་པ་བཅུ། །ལྗགས་ཀྱི་རྩེ་མོའི་རང་
བཞིན་ཡིན། །བཞི་བ་པ་ལ་སོགས་པ་ལྔ། །ཞལ་གྱི་སྒྲོས་ལས་བྱུང་བར་བཤད། །ལྔ་པ་ཡ་ལ་སོགས་པ་ཡི། །བཅུ་ཚན་གཉིས་ཀྱི་ཡི་གེ་དག །སྐུ་ལས་འཕྲོས་པར་རབ་ཏུ་བཤད། །ཞབས་ཀྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་སྲེག་པའི་ཡིག་འབྲུ་ཧ། །
གསང་བའི་མཁའ་ཡི་འོད་ཟེར་ལས། །ཆོ་འཕྲུལ་འབྱུང་བའི་ཡིག་འབྲུ་ཀྵ། །སྐུ་ཡི་ཁྲུན་ཚད་ལྟེ་བ་ལས། །འདོད་པ་འབྱུང་བའི་ཡིག་འབྲུ་ཧྭ། །ཐུགས་ཀར་འཁྱིལ་པའི་དཔལ་བེའུ་ལས། །མཚན་མ་དག་པའི་ཡིག་འབྲུ་ཤ། །ཕྱག་གི་འཁོར་ལོའི་འོད་ཟེར་ལས། །
ཆོ་འཕྲུལ་སྟོན་པའི་ཡིག་འབྲུ་ཤུ། །སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོག་པ་འཇོམས་པའི་ཡིག་འབྲུ་ལ། །སྐྱེས་བུ་ཆེན་པོའི་སྟ་ཟུར་ལས། །འདོད་ཆགས་སྲེག་པའི་ཡི་གེར། །སྐྱེས་བུ་ཆེན་པོའི་དཀུ་སྐབས་ལས། །གཏི་མུག་སེལ་བའི་ཡི་གེ་ཝ། །སྐྱེས་བུ་ཆེན་
པོའི་བྱིན་པ་ལས། །འཁོར་བ་གནོན་པའི་ཡིག་འབྲུ་ཡ། །སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། །རང་བཞིན་
เล่ม ๙๘ · หน้า 31b
ཡི་གེ་ཨེ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཚེམས་གཉིས་ལས། །རང་བཞིན་ཡི་གེ་ཨོ་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྤྱི་གཙུག་ནས། །རྒྱལ་བའི་ས་བོན་ཨྃ་དུ་ཤར། །དེས་ན་ཡིག་འབྲུའི་ཡན་ལག་ཀུན། །རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས། །ཨོྃ་ནི་སྐུ་
ཡི་རང་བཞིན་ཏེ། །ཨཱཿནི་ཐུགས་ཀྱི་མཚན་ཉིད་དོ། །ཡི་གེའི་ཕྲེང་བ་མང་པོ་ཀུན། །གསུང་བརྗོད་གསུང་གི་རང་བཞིན་ནོ། །ཨཱཿནི་ཆོས་སྐུའི་རང་བཞིན་ཏེ། །ཨྃ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཡིག་འབྲུ་འབར་བའི་ཕྲེང་བ་རྣམས། །སྤྲུལ་པ་འདྲེན་པའི་སྐུ་ཞེས་བཤད། །
ཨ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །ཨོཾ་ནི་རིག་པའི་ཡེ་ཤེས་ཡིན། །ཡིག་འབྲུ་འབར་བའི་ཕྲེང་བ་རྣམས། །ཆོས་དང་ཆོས་ཉིད་རང་བཞིན་ཡིན། །ཨ་ནི་བརྗོད་པའི་རྒྱུ་ཡིན་ཏེ། །ཨོྃ་ནི་ཚིག་ཚོགས་འབྱུང་བའི་རྒྱུ། །ཚིག་གི་ཚོགས་ཉིད་ཡི་གེ་ཡིན། །ཡི་གེ་རིང་
བའི་ཚིག་གི་མཛོད། །ཡི་གེ་འོད་ཟེར་འབར་འཕྲོས་པས། །ཆོས་དང་ཆོས་མ་ཡིན་པ་རྣམས། །ངག་གི་དབང་པོ་ཁ་ཕྱེ་སྟེ། །དོན་དང་ཚིག་ཏུ་རྒྱས་པར་འགྱུར། །སྒྲ་སྐད་ཀུན་གྱིས་བསྡུས་པའི་ཚོགས། །ཡིག་འབྲུ་ཕྲེང་བའི་ངང་དུ་རྫོགས། །ཚིག་དང་ཡིག་འབྲུ་
ཐམས་ཅད་ཀུན། །ཨོྃ་གྱི་རང་བཞིན་ངང་དུ་རྫོགས། །ཨོྃ་གྱི་ཆོ་འཕྲུལ་ཐམས་ཅད་ཀུན། །ཨ་ཡི་རང་བཞིན་དབྱིངས་སུ་ཞི། །ཨ་ནི་ཡིག་འབྲུ་ཀུན་གྱི་གཏེར། །ཨ་ཉིད་ཆོས་ཀྱི་དབྱིངས་སུ་ཐིམ། །དེས་ན་རྒྱལ་བ་སངས་རྒྱས་རྣམས། །སྐུ་དང་གསུང་ཐུགས་རྡོ་རྗེ་
དེ། །འདུལ་བའི་དབང་གི་ཁྱད་པར་གྱིས། །ཅིར་ཡང་འགྱུར་ཞིད་ཅིར་ཡང་སྣང་། །ས་དང་ནམ་མཁའ་མེ་དང་རླུང་། །ཆུ་ལ་སོགས་པའི་རྫས་རྣམས་ཀྱིས། །འདུལ་བའི་འགྲོ་བ་དེ་རྣམས་ལ། །ས་དང་ནམ་མཁའ་ལ་སོགས་པའི། །ཆུ་དང་རླུང་གི་ངོ་བོར་
སྣང་། །གང་དག་སྐུ་ཡིས་འདུལ་བའི་ཚེ། །སྐུ་དང་གཟུགས་བརྙན་རིང་བསྲེལ་དང་། །རྟེན་ལ་སོགས་པ་ཐ་དད་པར། །འཇིག་རྟེན་ཀུན་དུ་སྟོན་པར་འགྱུར། །གསུང་གིས་འདུལ་བའི་དུས་བྱུང་ན། །དབྱངས་ཀྱི་ཡན་ལག་དྲུག་ཅུ་ལས། །སོགས་པའི་
เล่ม ๙๘ · หน้า 32a
སྒྲ་སྐད་སྣ་ཚོགས་དང་། །ཡི་གེའི་གཟུགས་སུ་བསྟན་ནས་ནི། །འཁོར་བའི་ཁམས་སུ་སྣང་བར་བྱེད། །ཅིའི་ཕྱིར་ཞེ་ན་ཡི་གེ་ནི། །དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། །དེ་བཞིན་གཤེགས་པའི་རང་བཞིན་ཏེ། །ཐུགས་རྗེའི་རང་བཞིན་
ཡིན་པས་ན། །ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས། །ཐམས་ཅད་གྲོལ་བར་མཛད་པའོ། །དེ་བཞིན་ཡི་གེའི་ཚོགས་འདི་ཡང་། །ཡན་ལག་སྦྱོར་སྡུད་སྣ་ཚོགས་ཀྱིས། །ཐམས་ཅད་ཚིག་ཏུ་གོ་བར་བྱེད། །ཡི་གེ་རང་བཞིན་ཡེ་ཤེས་ནི། །སོ་སོའི་དོན་རྣམས་
བཤད་པར་བྱ། །ཨ་ནི་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་བར་སྟོན། །ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ལམ་གྱིས་ཐམས་ཅད་གྲོལ་བར་སྟོན། །ཁ་ནི་ཁྱབ་པར་བྱེད་པའི་སྒོ། །མི་དམིགས་ཐམས་ཅད་གྲོལ་བར་སྟོན། །ག་ནི་དོན་དུ་གྱུར་པའི་སྒོ། །
ཡུལ་མེད་ཐམས་ཅད་གྲོལ་བར་སྟོན། །གྷ་ནི་གནས་པའི་སྒོ་ཡིན་ཏེ། །གཅིག་ཏུ་མ་ངེས་གྲོལ་བར་སྟོན། །ང་ནི་འཛིན་པ་མེད་པའི་སྒོ། །འཛིན་བྲལ་ཐམས་ཅད་གྲོལ་བར་སྟོན། །ཙ་ནི་འགག་པ་མེད་པའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །ཚ་ནི་
འདའ་བ་མེད་པའི་སྒོ། །འབྲལ་བ་མེད་པས་ཐམས་ཅད་གྲོལ། །ཛ་ནི་མ་བྱུང་བ་ཡི་སྒོ། །མི་གནས་པས་ནི་ཐམས་ཅད་གྲོལ། །ཛྷ་ནི་རྙོག་མ་བྲལ་བའི་སྒོ། །དྲི་མ་དག་པས་ཐམས་ཅད་གྲོལ། །ཉ་ནི་སྤྱོད་དང་བྲལ་བའི་སྒོ། །བྱ་བ་མེད་པས་ཐམས་ཅད་གྲོལ། །ཊ་
ནི་ང་རྒྱལ་མེད་པའི་སྒོ། །རི་བོ་མེད་པས་ཐམས་ཅད་གྲོལ། །ཋ་ནི་སྒྱུ་རྩལ་མེད་པའི་སྒོ། །བྱེད་པ་མེད་པས་ཐམས་ཅད་གྲོལ། །ཌ་ནི་འདྲེས་པ་མེད་པའི་སྒོ། །རྩོད་པ་མེད་པས་ཐམས་ཅད་གྲོལ། །ཌྷ་ནི་སླུ་བ་མེད་པའི་སྒོ། །སྒྱུ་མ་ཐམས་ཅད་གྲོལ་བར་བྱེད། །
ཎ་ནི་ཡུལ་དང་བྲལ་བའི་སྒོ། །འཛིན་པ་མེད་པས་ཐམས་ཅད་གྲོལ། །ཏ་ནི་ཐ་སྙད་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །ཐ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པས་ཐམས་ཅད་གྲོལ། །ད་ནི་གཏོང་དང་བྲལ་བའི་སྒོ། །ལེན་པ་མེད་པས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด