རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བའི་རྒྱུད
ชื่อสันสกฤต (อักษรทิเบต ตามตัวบท) བཛྲ་སཏྭ་མཱ་ཡཱ་ཛ་ལ་གུ་ཧྱ་སརྦ་ཨཱ་དརྴ་ནཱ་མ་ཏནྟྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๘ · หน้า 162a
མར་གནས། །འཁོར་ལོ་ནྲྀ་མགོ་རྡོ་རྗེ་སྟིར། །དྲང་སྲོང་འབར་བར་བཅས་པ་དང་། །གཤིན་རྗེའི་རྐང་བཟུང་ཞིང་དབྱུག་འཕྱར། །རལ་གྲི་བདེན་བྲལ་སྟིར་དབྱུག་གཤོག །བ་དན་བརྒྱད་ཐོགས་བེ་རྃ་ཉིད། །རིན་ཆེན་ནྲྀ་མགོ་གསུམ་གྱི་དབྱུག །རྡོ་རྗེ་རྩེ་གསུམ་ནྲྀ་
མགོ་དང་། །ཐོང་གཤོལ་གཏུན་ཤིང་གཡས་གཡོན་ཐོགས། །ཡང་ན་ཞལ་གསུམ་ཕྱག་དྲུག་སྟེ། །བློ་ལྡན་རྣམ་པར་བསམས་ནས་ནི། །བགེགས་དང་གདུག་པ་རྣམ་པར་འཇིག །ཕོ་བྲང་འཁོར་དང་རྣམ་པར་བསྒོམ། །དེ་ནས་གཞན་ཡང་བཤད་བྱ་བ། །རང་ལུས་རྟེན་དང་བརྟེན་པ་
ཡི། །དཀྱིལ་འཁོར་ཉིད་དུ་གསལ་བར་བརྟག །ལྟེ་བ་སྙིང་སྟེ་སྐུ་གསུང་ཐུགས། །ཐིག་གིས་ཆ་ཆེན་ཆ་ཆུང་བཅས། །གནས་བཞི་དངས་མ་འབྱུང་བ་སྟེ། །ཁོག་པ་དུར་ཁྲོད་གཞལ་ཡས་ཁང་། །ཀ་བ་གདུང་དང་རྟ་བབས་དང་། །བླ་བྲེ་རྡོ་རྗེ་ར་བ་དང་། །འཁོར་ལོ་དྲ་བ་དྲ་ཕྱེད་དང་། །ཉི་
ཟླ་སྐར་ཁུང་རྫིང་བུ་དང་། །བསྐྱེད་ཤིང་གཡས་གཡོན་འཁོར་ལོ་བརྩེགས། །ཅོད་པན་ཉི་ཟླ་པདྨ་ར་བཅས། །རྒྱལ་བ་བཞུགས་པའི་གཞལ་ཡས་ཁང་། །རང་འབྱུང་ཙིཏྟའི་འཁོར་ལོ་ན། །ཐིག་ལེ་ཡེ་ཤེས་ལྔ་བདག་ཉིད། །མ་ལུས་ཐིག་ལེ་འདུས་པའི་རོས། །ཆོ་འཕྲུལ་བསྟན་
དང་གདུག་པ་འདུལ། །སོ་སོར་འཁོར་ལོ་དགོད་པ་ཡི། །ཏིང་འཛིན་རྫོགས་པའི་ཚུལ་དུ་བསྒོམ། །འབྱུང་བཞི་དངས་མ་ཡུམ་ཉིད་དེ། །བདེ་བའི་དངས་མ་ནམ་མཁའི་ཁམས། །ཐབས་དང་ཤེས་རབ་གཉིས་མེད་པའི། །རང་བཞིན་ཁམས་ལྔའི་རང་བཞིན་བཅུད། །ཟླ་བ་ཉི་མ་གནས་
པ་ཡི། །ཤྲཱི་ར་ཙིཏྟའི་ཐིག་ལེ་ལ། །ནང་གི་གདུག་པ་འཇོམས་པ་དང་། །སྤྱོད་ཡུལ་བདེ་བར་སྒྱུར་བ་དང་། །ཐིག་ལེ་སོ་སོར་དགོད་པར་ནུས། །ཕྱེ་བས་རིམ་པའི་འཁོར་ལོ་སྟེ། །བསྡུས་པས་ཐིག་ལེ་ཆེན་པོ་ཉིད། །ཐིག་ལེ་ཡེ་ཤེས་ལྔར་ལྡན་པ། །ཐབས་ཉིད་དངས་མ་ཡུམ་དུ་བཤད། །
རྣམ་ཤེས་ཐིག་ལེ་ཉམས་མྱོང་ཉིད། །ཐ་མལ་འཇོམས་པས་ཁྲོ་མོར་སྣང་། །གནས་ཀྱི་ཐིག་ལེ་རྩར་བཅས་པ། །ཕྲ་མེན་ཉིད་དུ་ཤེས་པར་བྱ། །གནས་བཞི་འཇུག་པའི་སྒོ་ཉིད་དེ། །སྒལ་ཚིགས་ལ་རྟེན་བདེ་བའི་བཅུད། །འཕྲོ་ཞིང་སྡུད་པ་དབང་ཕྱུག་མ། །གནས་རྟེན་བཅུ་ཡི་ཐིག་
เล่ม ๙๘ · หน้า 162b
ལེ་ལ། །འཇོམས་པའི་རང་བཞིན་གསལ་བར་བྱེད། །ཉམས་མྱོང་སྐྱེ་དང་རྣམ་པ་མེད། །སྤྱོད་ཡུལ་དག་པས་ནང་དུ་བཤད། །ཟླ་བ་ཉི་མ་ལ་བརྟེན་ཏེ། །སྐུ་གསུང་ཐུགས་ཀྱི་ལམ་རྒྱུད་དེ། །ཐིག་ལེ་གཡོ་དང་འབར་བ་དང་། །རེ་དོགས་མེད་དང་རྣམ་པར་དྲན། །བདེ་བའི་ཡན་ལག་
བཞི་རུ་འགྱུར། །འཁྱུད་པ་གར་གྱི་ཕྱག་རྒྱ་བཞིས། །རྡོ་རྗེ་སྙིང་པོའི་པདྨར་འབྲེལ། །བསྐྱོད་པ་རླུང་དང་མཉམ་སྦྱོར་བས། །ཉི་མ་ཟླ་བ་དུས་གཅིག་འཆར། །དེ་ཉིད་ཀུན་དུ་ཁྱབ་པ་ལས། །མ་ལུས་ལྷན་ཅིག་སྐྱེས་པར་འགྱུར། །བདེ་བ་ཆེན་པོ་གཉིས་མེད་པ། །ཁ་སྦྱར་བསྲུབ་པའི་
ཐབས་ལས་སྐྱེས། །ཐབས་ལས་བྱུང་བའི་གསང་ཐིག་ལེ། །མ་ལུས་འདུས་པ་བཅུད་ཀྱི་རོ། །རྟེན་ལ་བརྟེན་ཅན་ཉམས་མྱོང་བ། །ལྷག་པའི་ཡེ་ཤེས་ཐབས་ལས་སྐྱེས། །ཆོས་དབྱིངས་ལ་སོགས་ཡེ་ཤེས་ལྔ། །ཐུགས་ཉིད་མཚོན་ཕྱིར་མཚན་མ་སྟེ། །གང་ལ་རྟེན་དང་འབར་དང་
འཛག །བདེ་བའི་རླུང་དང་ནམ་མཁའི་ཁམས། །དེ་བཞིན་བཙུན་མོ་དགྱེས་སྐྱེད་པ། །མི་ཕྱེད་གཉིས་མེད་ལྷན་ཅིག་པ། །གང་དེ་ཐབས་ལས་བྱུང་བ་ཡི། །དངོས་གཉིས་ཡུལ་དང་དབང་པོའི་ཚོགས། །ལྷན་ཅིག་སྐྱེས་པའི་ཐིག་ལེ་ཉིད། །མ་ལུས་བདེ་བར་རང་སྣང་བ། །
གཉིས་མེད་འདུས་པའི་སྟོབས་ལས་བྱུང་། །གནས་ཡུལ་ཕྱག་རྒྱའི་ཐིག་ལེར་བསྟན། །དགུག་དང་འཁྱུད་དང་བསྡམ་དང་འབེབས། །ཡེ་ཤེས་འཇུག་པའི་སྒོ་ཡིན་ཏེ། །སྒལ་ཚིགས་བརྒྱུད་པ་ཐིག་ལེའི་རྒྱུན། །དབང་ཕྱུག་མར་ནི་ཤེས་པར་བྱ། །བ་སྤུ་ཐིག་ལེ་འབྲེལ་
པ་ཉིད། །ཕྲ་མོ་བསམ་མི་ཁྱབ་སྣང་བ། །གྲངས་ལས་འདས་པའི་ཕྱག་རྒྱ་སྟེ། །བསམ་བྱས་ནམ་མཁའི་ཞིང་དུ་སྦྱར། །སྐུ་བཞི་ལས་བྱུང་གསང་ཐིག་ལེ། །ཁམས་གསུམ་བཅུད་འདུས་བདེ་ཆེན་པོ། །ཡུངས་ཀར་ལྷུང་མེད་བརྟན་པ་ལས། །མ་ལུས་ཁྱབ་པའི་
ཚུལ་གྱིས་སྣང་། །ཐིག་ལེ་བདེ་ཆེན་ཐབས་སྦྱོར་བ། །ཐོབ་དང་གོམ་པའི་རང་བཞིན་ལས། །ཞེན་པའི་འདུ་ཤེས་བྲལ་འགྱུར་བས། །རང་དབང་མེད་པའི་རྟགས་འབྱུང་སྟེ། །སྦར་ཞིང་མནན་པའི་ཆོ་ག་བྱ། །སྣང་དང་རིག་པ་སྣ་ཚོགས་ཆོས། །བདེ་བ་ཆེན་པོའི་
เล่ม ๙๘ · หน้า 163a
ཐིག་ལེར་བརྟེན། །ཉི་མའི་སྙིང་པོ་ལྟ་བ་ལྟར། །བལྟས་པས་མཐོང་བ་མེད་པའི་དོན། །མ་ལུས་བདེ་ཆེན་རྒྱན་དུ་སྣང་། །དེ་ནས་གཟུགས་བརྙན་དཀྱིལ་འཁོར་བཤད། །འཁོར་དང་མྱ་ངན་འདས་པ་ཡི། །ཇི་སྙེད་མ་ལུས་ཆོས་བསྟན་པ། །རང་འབྱུང་ཡེ་ཤེས་ཆེན་
པོ་སྟེ། །དེ་ཉིད་དངོས་པོ་སྣ་ཚོགས་མཆོག །ཇི་སྙེད་བརྟན་གཡོ་སྣང་བའི་ཆོས། །ཆེན་པོ་རགས་པ་གནས་པའི་ཆོས། །མ་ལུས་ཀུན་ལ་མཐུན་སྣང་བ། །རང་འབྱུང་ཐབས་ཀྱི་ངོ་བོ་ཉིད། །དེ་དག་གདོད་ནས་མ་སྐྱེས་པའི། །རྡོ་རྗེ་ཤེས་རབ་སྟོང་ཉིད་དེ། །གང་ཡང་དངོས་མིན་ངོ་བོ་
ཉིད། །ཤེས་རབ་ཡུམ་གྱི་རང་བཞིན་ནོ། །ཇི་སྙེད་ནམ་མཁའི་མཐར་ཐུག་པ། །རང་འབྱུང་བྱང་ཆུབ་སེམས་ཀྱི་གཟུགས། །མ་ལུས་ཀུན་གྱི་རང་བཞིན་ཉིད། །དཔག་མེད་མཐུན་པར་སྣང་བ་སྟེ། །མེ་ལོང་དང་བའི་རང་བཞིན་ཉིད། །སྣ་ཚོགས་གཟུགས་དང་འབྲེལ་པ་བཞིན། །མ་ལུས་
རིག་པའི་ཐིག་ལེ་ལས། །མ་ལུས་སྐུ་ཡི་དཀྱིལ་འཁོར་སྣང་། །ཇི་སྙེད་རབ་འབྱམ་མ་ལུས་པའི། །འཁོར་དང་མྱ་ངན་འདས་པ་དང་། །ཟིན་དང་མ་ཟིན་གཉིས་ཀའི་སྒྲ། །ངེས་པ་དང་ནི་མ་ངེས་པའི། །འཁྲུལ་དང་མ་འཁྲུལ་སྣ་ཚོགས་པ། །བརྗོད་དང་བསམ་དང་འཕྲུལ་པ་དང་། །བྱིན་
བརླབས་མཐའ་ཡས་རང་སྣང་བ། །བྱང་ཆུབ་སེམས་ཀྱི་གསུང་མཆོག་སྟེ། །ནམ་མཁའི་སྒྲ་དང་བྲག་ཅ་ལྟར། །རང་རྒྱུད་མེད་པའི་རིག་པ་ཉིད། །བསམ་པ་མཐའ་ཡས་ཇི་སྙེད་པར། །མ་ལུས་གསུང་གི་དཀྱིལ་འཁོར་ཉིད། །རང་རྒྱུད་བརྟན་པོ་མིན་པར་གནས། །གང་དུ་ནམ་མཁའ་
མཐའ་ཀླས་བར། །བསྐལ་པ་མཐའ་ཐུག་མེད་པའི་བར། །ནམ་མཁའི་ཆར་དང་ཆུ་བུར་དང་། །སྤྲིན་དང་ཆུ་རླབས་ཕུང་པོ་ལྟར། །ཡེ་ཤེས་བདེ་དང་སྡུག་བསྔལ་དང་། །ངེས་དང་མ་ངེས་དམ་པ་དང་། །དམན་དང་ཆགས་དང་ཆགས་བྲལ་དང་། །ཟིན་དང་ཞེན་དང་མ་ཞེན་དང་། །རྣམ་པར་མ་
མེད་བརྟགས་པའི་ཆོས། །དྲན་རྟོག་རིག་པ་གང་ཡང་རུང་། །མ་ལུས་རིག་པ་རང་སྣང་བ། །སྔ་མ་དྲན་པའི་རྣམ་པའམ། །རྨི་ལམ་སྒྱུ་མའི་ཉམས་མྱོང་ལྟར། །སྣ་ཚོགས་སྣང་ཡང་རང་རྒྱུད་མིན། །གང་ཡང་རང་རྒྱུད་ཀུན་བྲལ་བའི། །མ་ལུས་དཀྱིལ་འཁོར་བཤད་པ་རྣམས། །
เล่ม ๙๘ · หน้า 163b
རང་རྒྱུད་མེད་པས་གཟུགས་བརྙན་ཏེ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གཟུགས་བརྙན་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་འབྱུང་ཡེ་ཤེས་སྐྱེ་འགག་མེད། །མ་ལུས་མི་ཕྱེད་རྡོ་རྗེའི་གཟུགས། །རྣམ་པ་མཐར་ཐུག་མེད་པ་ཉིད། །ཡོན་ཏན་ལྷུན་གྲུབ་རང་སྣང་བས། །
དེ་ཡི་བརྙན་མ་རང་བཞིན་འཆར། །མཐའ་བྲལ་རང་འབྱུང་དཀྱིལ་འཁོར་ནི། །ཅིར་ཡང་སྣང་ལ་མི་དམིགས་ཕྱིར། །ཡང་དག་བརྟན་པར་མི་གནས་པས། །མ་ལུས་གཟུགས་བརྙན་དཀྱིལ་འཁོར་ཤར། །བདེ་ཆེན་རང་འབྱུང་ལྷུན་གྲུབ་ཉིད། །ཡོན་ཏན་རྫོགས་པའི་ནོར་བུ་ལྟར། །
དཔག་མེད་ཆོས་སུ་སྣང་བའི་ཕྱིར། །བདེ་བ་ཆེན་པོའི་གཟུགས་བརྙན་ཏེ། །སྐྱེ་བོ་དག་དང་མ་དག་པའི། །གདུལ་བྱ་མཐོ་དམན་རིམ་པ་ལ། །རིག་སྤྱད་སྤྲོ་བ་བསྐྱེད་པའི་ཕྱིར། །དང་པོ་ནས་བཟུང་མཐར་ཐུག་པར། །རང་རང་བསམ་པ་དེ་བཞིན་དུ། །དེ་དག་ངོ་ལ་དེ་ལྟར་
སྣང་། །གཟུགས་བརྙན་ཕྱི་ཡི་རིམ་པ་སྟེ། །ཐུན་མོང་ཡུལ་དུ་གྱུར་ཕྱིར་རོ། །མ་ལུས་ཐ་དད་མེད་པ་ཡི། །ཕྱི་ནང་སྣོད་བཅུད་རྫོགས་པའི་ལུས། །བཅུད་ལྡན་བདེ་བ་མཛད་པའི་གནས། །མི་ཤིགས་ཐིག་ལེ་ཀུན་གྱི་དངོས། །རང་འབྱུང་བདེ་བ་ཆེན་པོའི་གཟུགས། །དངས་
སྙིགས་འབྲེལ་པའི་ནུས་མཐུ་ལས། །ཟག་པ་ཡོད་དང་མེད་པ་ཡི། །དངོས་པོ་གཉིས་ཀྱི་ཆོས་སུ་སྣང་། །རྒྱུ་ཡི་ཐིག་ལེའི་རང་བཞིན་ལ། །ནུས་པའི་ཁྱད་པར་སོ་སོ་ཡིས། །འབྱུང་བ་དང་ནི་ཡུམ་ཉིད་དང་། །བདེ་བ་ཆེན་པོ་ལ་སོགས་པ། །ཐིག་ལེ་ནུས་པའི་སྟོབས་ལས་
སྣང་། །མ་ལུས་འཁོར་ལོའི་སྙིང་པོ་ཉིད། །ཐིག་ལེ་འབར་བ་བདེ་བའི་གཟུགས། །རྩ་ཡིག་བྱེ་བྲག་བཅས་པ་ནི། །བཅུད་འདུས་ཐིག་ལེ་རོས་གང་བ། །མ་ལུས་རྟེན་ཅན་དཀྱིལ་འཁོར་ཉིད། །མ་ལུས་སྣོད་བཅུད་ཀུན་དུ་སྣང་། །ཐབས་ཆེན་གསང་བའི་རིམ་
པ་ཉིད། །ཁམས་བཞི་ལས་བརྟེན་ཐིག་ལེ་ཉིད། །གཡོ་དང་འཛག་ཅིང་གནས་དང་ཐིམ། །བྱེ་བྲག་གསུམ་ལས་རྒྱུད་པ་ཡིས། །གྲུ་དང་སྒྱུ་མའི་འཁྲུལ་ཆུ་ལ། །ཞུགས་དང་འཐུངས་པའི་སྤྱོད་ཡུལ་ལམ། །མེ་ལོང་དང་བའི་རི་བོ་ཡི། །རྩེར་ཕྱིན་མ་ལུས་བལྟས་
เล่ม ๙๘ · หน้า 164a
པ་ལྟར། །བདེ་ཆེན་གཟུགས་བརྙན་ཉིད་དུ་སྣང་། །རིམ་པ་བཞི་ཡི་ཐིག་ལེ་ཉིད། །བདེ་བའི་འདུ་བྱེད་གང་བསྐུལ་བ། །གནས་བཞིའི་ཐིག་ལེའི་བྱེ་བྲག་གསལ། །མུ་ཏིག་ཕྲེང་བ་བརྒྱུས་པ་ལྟར། །འཛག་དང་འབར་བའི་ཐིག་ལེ་ཉིད། །ཏིལ་འབྲུ་འབྲས་
བུ་སྨིན་པ་ལྟར། །མ་ལུས་ཏིལ་གྱི་ཕུང་པོ་ལྟར། །ཐིག་ལེའི་ལུས་སུ་གནས་པ་ཡིན། །ཉམས་མྱོང་གསལ་བར་འབར་བའི་ཚེ། །འདར་དང་རྡུལ་དང་བ་སྤུ་ལྡང་། །འཕར་དང་སྒྲ་འབྱིན་དཔའ་བོའི་གར། །རྣམ་པར་རོལ་པའི་ཚོགས་སུ་སྣང་། །སྣང་སྲིད་བདེ་བ་ཆེན་པོ་
ཉིད། །ཐ་མལ་ནུབ་ཅིང་བརྟན་གྱུར་ན། །ཐིག་ལེ་ནམ་མཁའི་སྟོབས་ཀྱིས་སྦྱང་། །རྩེ་གཅིག་ནམ་མཁའི་མཐོང་སྟོབས་ཀྱིས། །ཐིག་ལེ་སྟོང་པར་ཐིམ་པ་ན། །ཡེ་ཤེས་ནམ་མཁའི་གཟུགས་སུ་ངེས། །སྣང་སྲིད་སྣོད་བཅུད་མ་ལུས་ཀུན། །བདེ་ཆེན་རིག་པའི་གཟུགས་
བརྙན་དུ། །རྒྱ་མཚོ་མཇིངས་ནས་བལྟས་པ་ལྟར། །མ་ལུས་དེ་ལྟར་སྣང་བ་ཡིན། །རིག་པས་ཉམས་སུ་མྱོང་བ་དང་། །སྤྱོད་ཡུལ་དག་པས་ནང་དུ་བཤད། །རང་འབྱུང་བདེ་བ་ཆེན་པོ་ཉིད། །གསང་བའི་གང་ཟག་གདུལ་བ་དང་། །གསང་བའི་ཉམས་མྱོང་མངོན་བསྟན་
ཕྱིར། །ཐབས་དང་ཤེས་རབ་འདུས་པ་ཡི། །ཆོ་གའི་བྱ་བ་ཀུན་ལྡན་ཅིང་། །དབང་བསྐུར་བྱིན་བརླབས་སྦྱང་བ་དང་། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་དང་། །དྲུག་ཅུ་རྩ་བཞི་རྫོགས་པ་ཡིས། །ཆུ་སྐྱེས་སྙིང་པོ་རྡོ་རྗེ་ཅན། །ཉི་མ་མེ་ཤེལ་འོད་འབྱུང་བ། །རང་འབྱུང་རླུང་གི་
ཕྱག་རྒྱས་བསྐྱོད། །ནོར་བུ་ཆུ་འཛག་རང་དབང་མེད། །མ་ལུས་རིག་པའི་ཐིག་ལེར་བསྡུས། །རྒྱུ་བའི་རླུང་ནི་ཆད་པ་ན། །རིག་པ་སྟོང་བའི་ཐིག་ལེར་ཐིམ། །ཨ་ཏ་ལ་རྟེན་ཐིག་ལེའི་རིམ། །རྒྱུ་དང་མི་རྒྱུའི་རང་བཞིན་ལས། །འཁོར་དང་མྱ་ངན་འདས་པར་སྣང་། །གསང་
བའི་ཐིག་ལེ་ལ་རྟེན་པས། །མ་ལུས་བདེ་ཆེན་འཁོར་ལོ་སྒྱུར། །ལུས་ཀྱི་ཐིག་ལེ་དང་པོར་ཏེ། །དེ་ནས་རིག་པའི་ཐིག་ལེ་ཡིན། །དེ་ནས་ཡེ་ཤེས་ཐིག་ལེ་ཉིད། །ཐ་མ་ཆོས་ཉིད་ཐིག་ལེར་ཐིམ། །དེ་ནས་དུས་གསུམ་འདུ་འབྲལ་མེད། །བདེ་ཆེན་ནམ་མཁའི་
เล่ม ๙๘ · หน้า 164b
ཁམས་ཉིད་དེ། །ཟབ་ཅིང་རྒྱུ་བ་མེད་པ་ཡི། །རང་རྒྱུད་ཞེན་ཆགས་ཀུན་བྲལ་བའི། །བདེ་བ་ཆེན་པོའི་གཟུགས་བརྙན་ཤར། །མ་རྟོགས་ཁྱབ་པའི་གཟུགས་བརྙན་ཏེ། །རྟོགས་པས་ཉམས་མྱོང་གཟུགས་བརྙན་ཉིད། །མཐར་ཕྱིན་ཡེ་ཤེས་གཟུགས་བརྙན་འདི། །དམན་དང་
ཡན་ལག་མ་ཚང་དང་། །དབང་དང་མན་ངག་མེད་པ་དང་། །དཀའ་ཐུབ་ཅན་དང་མ་སྨིན་དང་། །སྐལ་མེད་ཡལ་བའི་ཡུལ་མིན་པས། །གསང་བའི་གསང་ཆེན་དམ་པ་ཉིད། །དེ་ནས་གཞན་ཡང་བཤད་བྱ་བ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཉིད། །ཐ་མལ་བྲོད་པ་
བསྐྱེད་པའི་ཕྱིར། །ཆོ་ག་རྒྱས་པར་བཤད་པར་བྱ། །དཀྱིལ་འཁོར་ཆེན་པོ་རྟོགས་འོད་ཀྱང་། །ཇི་བཞིན་མངོན་དུ་མ་གྱུར་ལ། །ལྷག་པར་འདི་ཡིས་རྟོགས་འགྱུར་བས། །ལྷག་པ་ཞེས་ནི་བསྟན་པ་ཡིན། །གང་གིས་གང་ལ་གང་མཚོན་པས། །ལྷག་པར་མཚོན་པར་ཉེ་བ་
དང་། །གང་ལ་བརྟེན་ཏེ་གང་བསྒྲུབས་པ། །ལྷག་པར་མྱུར་དུ་འགྲུབ་པའི་ཕྱིར། །འདིས་ནི་ལྷག་པ་ཉིད་དུ་བརྗོད། །གང་ལས་གང་དེ་ཐབས་འདི་ཡིས། །མངོན་པར་ལྷག་པས་ལྷག་པའོ། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དེ་གང་གིས་མངོན་སྟོན་ཅིང་། །དངོས་
གཞི་ཉིད་མ་ཡིན་པའི་ཕྱིར། །གཟུགས་བརྙན་ཉིད་དུ་བསྟན་པ་ཡིན། །གང་ལ་བརྟེན་པའི་ཐབས་ཉིད་ཀྱིས། །དེ་ཉིད་འདྲ་བར་སྣང་བ་ལྟར། །མ་མཐོང་མོས་པའི་གདུལ་བྱ་ལ། །དེ་དང་འདྲ་བའི་ཐབས་ཉིད་དེ། །དངོས་མིན་འདྲ་ཕྱིར་གཟུགས་བརྙན་ནོ། །རྒྱལ་བ་ཀུན་གྱི་རང་བཞིན་
ནོ། །དཔག་མེད་ཡེ་ཤེས་ལྷུན་རྫོགས་པའི། །ཡེ་ཤེས་རང་འབྱུང་ལྔ་ཡི་གཟུགས། །ཟག་མེད་གདུལ་བྱའི་ངོ་ལ་སྣང་། །དེ་ཡི་ཡོན་ཏན་གཟུགས་བརྙན་གྱིས། །ཟག་བཅས་མོས་པའི་གང་ཟག་ལ། །སྐུ་གསུང་ཐུགས་ཀྱི་རྣམ་པ་ཉིད། །འདྲ་བར་མཚོན་ཕྱིར་གཟུགས་བརྙན་ནོ། །
གང་ཕྱིར་ཆོས་དབྱིངས་ངོ་བོ་ལ། །ཐ་དད་དབྱེ་བ་མི་གནས་ཀྱང་། །མོས་དང་དྲག་པོའི་དབང་གྱུར་ཏེ། །གང་གིས་གང་དེ་མི་འདུལ་བས། །ཐུགས་རྗེས་ཀུན་ལ་ཁྱབ་པའི་ཕྱིར། །ལོངས་སྤྱོད་སྤྲུལ་པའི་དཀྱིལ་འཁོར་བསྟན། །ཞེན་པ་ཅན་དང་ང་རྒྱལ་ཅན། །ཐབས་དང་དྲག་པོས་ཚར་
เล่ม ๙๘ · หน้า 165a
བཅད་ཕྱིར། །དེ་ལྟར་སོ་སོར་འཚམ་པ་སྟེ། །ལྷག་པ་གཟུགས་བརྙན་གཉིས་སུ་བཤད། །གང་དུ་བཀྲ་ཤིས་ཡིད་འོང་བའི། །སྟེང་འོག་ཕྱོགས་བཞི་བར་མཚམས་དག །ལེགས་པས་ཡིད་འོང་བར་ཆད་མེད། །ཕྱི་ནང་རི་བོ་དགོན་པའི་མཆོག །རང་གི་ས་གཞི་
ལེགས་བརྟགས་ལ། །པྲ་དང་ཉམས་ཀྱིས་ལྟས་བརྟགས་ལ། །མ་དག་མཚན་ངན་སྤང་བྱས་ལ། །དག་ཅིང་ཉམས་དགའ་བླང་བར་བྱ། །ས་གཞི་བྱིན་བརླབས་བཀྲ་ཤིས་པ། །གལ་ཏེ་རྩོད་པ་ཞི་བྱའི་ཕྱིར། །སྣང་དང་མི་སྣང་བདག་པོ་ལ། །མགུ་བས་བར་ཆད་མེད་པར་བསླང་། །
གང་དེ་དབང་དུ་བྱ་བའི་ཕྱིར། །ཆོ་གའི་ཡན་ལག་ཀུན་བརྩམས་ཏེ། །མཆོད་དང་མཉེས་པས་ཚིམ་བྱས་ལ། །ས་གཞི་བདག་གིས་དབང་དུ་བྱ། །ཐུན་མོང་སྐྱོན་བསལ་དག་བྱས་ནས། །མི་དམིགས་ཆོས་ལ་བློ་སྦྱངས་ཤིང་། །དངོས་གྲུབ་མྱུར་ཞིང་ཉམས་དགའ་བའི། །ཕྱི་ནང་དག་པ་
ཆེན་པོར་སྦྱང་། །རང་བཞིན་བྱིན་བརླབས་ཀུན་གྱི་དངོས། །གདོད་ནས་མ་བཅོས་གནས་པ་ལ། །ལྷག་པའི་བདེན་པ་དབྱེར་མེད་པས། །ལྷ་དང་གཞལ་ཡས་ངོ་བོར་བརླབ། །གང་དེའི་བར་ཆད་བསྲུང་བའི་ཕྱིར། །སྤྲུལ་པའི་དཀྱིལ་འཁོར་གསལ་བཏབ་ལ། །རྡོ་རྗེ་ཁྲོ་བོའི་འཁོར་
ལོ་སྤྲོ། །ཧཱུྃ་བཞི་སྔགས་དང་བཅས་པས་བསྲུང་། །དེ་དག་ལེགས་པར་གཟུང་བའི་ཕྱིར། །མ་དག་པ་ནི་མཚམས་བཅད་དེ། །ལས་ཀྱི་བྱ་བ་ཀུན་རྫོགས་ནས། །རྒྱལ་བ་ཀུན་ལ་གསོལ་བཏབ་ལ། །འདོད་པའི་དོན་རྣམས་གྲུབ་པའི་བར། །དངོས་གྲུབ་གཏེར་དུ་མིང་གིས་གཟུང་། །
གང་ཕྱིར་བཤད་པའི་ཆོ་ག་ཡིས། །མ་དག་པ་དང་ངན་པ་དག །རྟོགས་དང་ཏིང་འཛིན་ཆོ་ག་ཡིས། །མཉམ་པས་རེ་དོགས་མེད་པར་གནས། །དཀྱིལ་འཁོར་ཕྱི་ནང་བཤད་པ་བཞིན། །ཚད་ནི་རྗེས་སུ་མཐུན་པ་སྟེ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཡང་ན་སོར་བཞི་
ཚད་དུ་སྟེ། །ཡང་ན་མཛུབ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་བཞི་ཉིད། །ཡང་ན་བཅྭ་བརྒྱད་ཉིད་དུའམ། །ཉི་ཤུ་ལྔ་ཡི་ཚད་དུ་བྱ། །ཡང་ན་རྒྱང་གྲགས་དཔག་ཚད་དེ། །རང་གི་རིག་པ་རྗེས་མཐུན་པར། །ནམ་མཁའི་དབྱིངས་དང་མཉམ་པའི་ཚད། །
เล่ม ๙๘ · หน้า 165b
ཚད་དང་ལྡན་པའི་དཀྱིལ་འཁོར་ཏེ། །ཡིད་འོང་བྱུག་བདུག་ཉི་ཤུ་ལྔས། །མཛེས་ཤིང་ལེགས་པར་བྱས་ནས་ནི། །གང་དང་འབྲེལ་པའི་ཆོ་ག་བརྩམ། །གཞན་དུ་ལོངས་སྤྱོད་མ་བྱས་པའི། །རས་བལ་དུར་ཁྲོད་རྒྱུ་ལས་བྱས། །གསར་ཞིང་གྲིམས་ལ་འཇུར་མདུད་མེད། །
བྱིན་བརླབས་ལྔ་དང་སྐུ་གསུང་ཐུགས། །ཐིམ་པས་ཡེ་ཤེས་ཐིག་སྐུད་དེ། །རིག་པས་ཐིག་ནི་གདབ་པར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བའི་འཕྲོ་འདུ་དེ་བཞིན་ནོ། །དཀྱིལ་འཁོར་ཡིད་འོང་ཕོ་བྲང་ས། །མ་ནོར་གསལ་བས་ཐིག་ཏུ་བཤད། །
གང་གིས་གང་མཚོན་དེ་བཞིན་ཏེ། །ཁ་དོག་ལྔ་དང་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་རྣམ་ཤེས་སོགས། །ཡེ་ཤེས་དཀྱིལ་འཁོར་མཚོན་ཕྱིར་རོ། །རྟོགས་པས་འཁོར་བའི་རྒྱ་དྲལ་ཕྱིར། །ཚོན་ཞེས་ཀྱང་ནི་བརྗོད་པ་ཉིད། །མ་མཐོང་རྨོངས་ལ་སྟོན་ཕྱིར་ཚོན། །ཁ་
དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །གསེར་དང་དངུལ་དང་བཻ་ཌཱུརྱ། །པདྨ་ཨིནྡྲ་ནཱི་ལ་ཉིད། །རིན་ཆེན་ལྔ་དང་ལྡན་པ་ཡིས། །མཁས་པས་འབྱོར་ལྡན་ཅི་བདེར་བྲི། །ཡང་ན་འབྲས་དང་སཱ་ལུ་ལ། །ཁ་དོག་བསྒྱུར་བས་དེ་བཞིན་ནོ། །དམན་དང་འབྱོར་པ་ཆུང་
བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱལ་བ་བཅུ་ཉིད་ཐིམ་པ་ཡིས། །ཡེ་ཤེས་རིན་ཆེན་ཕྱི་ནང་མེད། །དག་པའི་ངོ་བོར་བལྟ་བར་བྱ། །ཨོྃ་ཨྃ་ཧཱུྃ་སྭཱ་ཧཱ། །སརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ། །འབྲུ་བཅུ་སྤུང་ཞིང་འབུན་པ་ཡི། །
སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །ཞི་བའི་དཀྱིལ་འཁོར་མ་ལུས་ལ། །ཡེ་ཤེས་རིན་ཆེན་རྩིག་པ་སྟེ། །དྲ་བ་དྲ་ཕྱེད་རྟ་བབས་དང་། །རྡོ་རྗེ་ཟླ་ཕྱེད་འདོད་ཡོན་དང་། །རིན་ཆེན་ས་གཞི་སྐྱེད་ཤིང་དང་། །རྫིང་བུ་དྲིལ་བུ་གཡེར་ཁས་སྤྲས། །རྟག་ཏུ་བྲི་ཞིང་བསྒོམ་པར་
བྱ། །གདུག་པ་འདུལ་བའི་དཀྱིལ་འཁོར་ལ། །ཐོད་པ་སྣ་ལྔ་སྣ་གསུམ་དང་། །ཐོད་སྐམ་རྩིག་པའི་རིམ་པ་བཞིན། །ཚངས་དང་ལྷ་དབང་ལ་བརྟེན་པ། །མཆོག་ཆེན་བརྒྱད་ནི་ཡིན་པར་འདོད། །ལྷག་མ་རྣམས་ཀྱིས་ཐོག་ཕུབ་སྟེ། །གཟའ་བརྒྱད་ཉི་ཟླའི་གློ་སྐར་ལྡན། །
เล่ม ๙๘ · หน้า 166a
སྦྲུལ་དང་ཐོད་པའི་ཕྲེང་བ་ཉིད། །དྲ་བ་དྲ་ཕྱེད་རྣམ་པར་སྤྲས། །ཕྱི་ནང་རྒྱུ་འབྲས་གདུག་པ་དག །གདུལ་ཕྱིར་རྟ་བབས་བཞིར་བཤད་དེ། །སོར་ཕྲེང་ཐོད་པའི་ཕྲེང་བ་དང་། །དབང་པོ་ཉི་ཟླའི་ཕྲེང་བས་སྤྲས། །ཁྲོ་མོ་ཤ་ལྔ་བདུད་རྩི་དང་། །དུར་ཁྲོད་འདོད་
ཡོན་ལྡན་པའོ། །དུར་ཁྲོད་ས་གཞི་ཁྲག་དང་བཅས། །སྐྱེས་བུ་གསལ་ཤིང་ཕྱོགས་མཚམས་བརྒྱད། །རཀྟའི་མཚོ་བརྒྱད་རྦ་རླབས་འཁྱིལ། །ཐོད་ཚལ་བརྒྱུས་པ་དུར་ཁྲོད་རླུང་། །འཇིགས་པའི་སྒྲ་དང་མེ་འོད་ལྡན། །ཞིང་འཕན་ཕྱོགས་མཚམས་བརྒྱད་དང་བཅས། །
ལྷ་ཆེན་ཐོད་པ་སྦུབ་སྟེངས་ན། །ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ། །ཧེ་རུ་ཀ་ཡི་དཀྱིལ་འཁོར་ཉིད། །མ་ལུས་བྲི་ཞིང་བསྒོམ་པར་བྱ། །མ་ལུས་འགྲོ་བའི་རེ་སྐོང་བས། །རིན་ཆེན་ཕྲེང་དང་རྒྱན་དུ་ལྡན། །མི་འཇིགས་སྟོབས་སོགས་ཀུན་ལྡན་པས། །སྟོབས་ལྡན་ཐེག་པར་གནས་པ་
ཡིན། །སྤྱོད་ལ་སྐྱོན་གྱིས་མ་གོས་པས། །པདྨ་འབར་བས་མཛེས་པར་སྣང་། །ཐབས་དང་ཤེས་རབ་གཉིས་མེད་པས། །ཉི་ཟླ་མཛེས་པའི་གདན་ལ་བཞུགས། །བདེ་ཆེན་དོན་ལས་མི་འདའ་བས། །འཁྲིལ་སྦྱོར་དགྱེས་པའི་ཚུལ་དུ་བཞུགས། །སྐུ་གསུང་ཡོན་ཏན་ཕྲིན་ལས་
ཐུགས། །ཡོངས་རྫོགས་སྐུ་ཡི་རྒྱན་དུ་གནས། །ལམ་དང་བྱང་ཆུབ་ཡན་ལག་རྣམས། །རྫོགས་ཕྱིར་ཕྲེང་བ་ལ་སོགས་ཚུལ། །ཐུགས་རྗེ་འཁོར་བ་མི་གཏོང་བས། །ཆུ་སྲིན་ཀླུ་ཕྲུག་བཟུང་བ་བཞིན། །ཐུགས་རྗེ་བར་ཆད་མི་མངའ་བས། །འབྲེལ་བ་བར་ཆད་མེད་པར་གནས། །
བརྩོན་འགྲུས་འཁོར་བ་སྤོང་བའི་ཕྱིར། །རི་དགས་དག་ནི་མཉམ་པར་གནས། །ཟག་མེད་སྤྱན་གྱིས་ཀུན་གཟིགས་པས། །དགེ་སྡིག་སྤྱན་གྱིས་གཟིགས་པར་བསྟན། །མ་ལུས་ཟིལ་གནོན་སྟོབས་རྫོགས་ཕྱིར། །བྱ་ཁྱུང་དག་ནི་གནས་པར་བསྟན། །ཆོས་ཀྱི་འཁོར་ལོ་
བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་སེལ་བས། །ཐུགས་རྗེ་གདུགས་ཀྱི་འཁོར་ལོ་བསྟན། །མ་ལུས་གཅིག་ཏུ་འདུས་པས་ན། །ཏོག་སྟོང་འོད་ཟེར་འབར་བ་སྟེ། །གདུལ་བྱའི་བསམ་པའི་དོན་ཕྱིར་བསྟན། །ལྷ་རྣམས་སོ་སོའི་རྣམ་པ་ནི། །སྐུ་མདོག་སྣ་ཚོགས་
เล่ม ๙๘ · หน้า 166b
བཞུགས་ཚུལ་དང་། །གདན་དང་ཕྱག་མཚན་རྒྱན་དུ་བཅས། །ཕོ་མོའི་ཚུལ་དང་བཅས་པ་རྣམས། །དེ་བཞིན་ཉིད་ལ་དམིགས་པ་དང་། །གདུལ་བྱ་གཟིགས་པའི་ཚུལ་ཉིད་ཀྱིས། །གཙོ་འཁོར་ཕྱི་ནང་ལྟ་ཚུལ་གྱིས། །བཞུགས་ཐབས་རིམ་པ་སོ་སོར་བསྟན། །རང་རང་སྙིང་
པོ་གང་ཡིན་པ། །ཁ་དོག་སོ་སོར་ཕྱེ་ནས་ནི། །གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར། །རིམ་པ་བཞིན་དུ་གསལ་བར་བྱ། །རང་རང་ཐུགས་མཚན་གང་ཡིན་པ། །ཁ་དོག་དབྱིབས་དང་བཅས་པ་ཉིད། །ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། །རིམ་པ་ཇི་བཞིན་དགོད་
པར་བྱ། །གདུག་པ་འདུལ་བའི་དཀྱིལ་འཁོར་ཡང་། །དུང་ཆེན་རས་ཆེན་ལ་སོགས་པ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཉིད། །རིམ་པ་བཞིན་དུ་གསལ་བར་དགོད། །དེ་བཞིན་ཉིད་ལ་དམིགས་མེད་དེ། །སྟོང་ཞིང་མི་དམིགས་རིག་པ་ཉིད། །གང་ལ་རྟོག་དཔྱོད་མི་གནས་
པ། །ཆོས་དབྱིངས་དེ་བཞིན་ཉིད་དུ་བསྒོམ། །བདེན་གཉིས་དབྱེར་མེད་མཉམ་པ་ཉིད། །ཡེ་ནས་ཁྱབ་ཀྱང་མ་རྟོགས་པས། །ཕྱོགས་མེད་སྙིང་རྗེ་ནམ་མཁའ་ལྟར། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །རང་འབྱུང་ཡེ་ཤེས་རྣམ་པས་ནི། །ཡིག་འབྲུ་རྣམ་པ་གསལ་བ་ལས། །
ཞེན་འཛིན་སྦྱངས་ནས་ཡིག་འབྲུ་ཡི། །འཕྲོ་འདུས་འབྱུང་ལྔ་རིམ་གྱིས་བསྐྱེད། །བྲུྃ་གྱིས་གཉིས་མེད་འོད་སྦྱངས་ནས། །གཞལ་ཡས་ཁང་ལྟར་ཡིན་པར་བསྒོམ། །རྣམ་པའི་གང་ཡིན་དེ་དག་དང་། །རང་རིག་ས་བོན་གཉིས་མེད་ལས། །འདྲེས་པས་གང་ཡིན་གཙོ་བོ་ཉིད། །
བསྐྱེད་ཅིང་དབང་བསྐུར་བྱིན་བརླབས་ནས། །འཁོར་ཡང་མི་ཕྱེད་འདྲེས་པར་བསྒོམ། །ཡོངས་རྫོགས་སྨིན་ཅིང་རྟས་པ་ལ། །ཛཿཧཱུྃ་བྃ་ཧོས་གཉིས་མེད་དེ། །འདོད་པ་མཐར་ཐུག་བར་དུ་བསམ། །ལས་ཀྱི་བྱ་བ་ཀུན་ཟིན་ནས། །ཐུན་མོང་མཆོད་པ་སྣ་ཚོགས་དང་། །ཀུན་བཟང་
མཆོད་པ་ལ་སོགས་པ། །ལྷ་མོ་བརྒྱད་དང་བཅུ་དྲུག་གིས། །མཆོད་པའི་རིམ་པ་བརྩམ་པར་བྱ། །རིན་ཆེན་སྣ་ལྔ་རྟ་གླང་དང་། །འབྲུ་དང་བང་མཛོད་ཁང་ཁྱིམ་དང་། །བུ་དང་ཆུང་མ་བྲན་ཁོལ་དང་། །གནས་དང་ཞིང་དང་ན་བཟའ་དང་། །རྒྱན་ཕྲེང་བཟའ་བཏུང་ལོངས་སྤྱོད་
เล่ม ๙๘ · หน้า 167a
དང་། །རྫིང་དང་ཆུ་མིག་འབབ་ཆུ་དང་། །མཚེའུ་དང་ཁྲོན་པ་ལུ་མ་དང་། །རི་དང་དེའུ་དང་སྐྱེད་མོས་ཚལ། །ཁོ་ར་ཡུག་དང་ལྷུན་པོ་དང་། །སྐྱེ་བོ་མང་པོ་བྲོ་གླུ་དང་། །ནམ་མཁའི་དབྱིངས་དང་མཉམ་པ་ཡི། །མཆོད་པ་སྣ་ཚོགས་རྒྱས་པར་མཆོད། །དཔའ་བོ་ཤ་ལྔ་
བདུད་རྩི་ལྔ། །བཅུད་དང་རོལ་མོ་སྣང་བ་དང་། །སྣ་ཚོགས་དྲི་དང་བྱུག་པ་མཆོག །དག་ཅིང་ལེགས་པར་དབུལ་བར་བྱ། །ཐར་བ་ལ་སོགས་ཞིང་གི་མཆོག །དངོས་དང་ལྟ་སྤྱོད་ཏིང་འཛིན་གྱིས། །བསྒྲུབ་བྱ་མ་ལུས་ཀུན་བསྒྲལ་ཏེ། །རྡོ་རྗེ་ཞིང་དུ་བསྐྱེད་པར་བྱ། །ལྷ་མོ་མི་མོ་རིག་
པ་མོ། །ཆོ་གའི་སྦྱོར་བ་རང་རྟོག་བཞིན། །དངོས་དང་ཏིང་འཛིན་སྦྱོར་བ་ཡིས། །བདེ་བ་ཆེན་པོ་རོལ་མོ་ཡིས། །ཕྱི་ནང་ནམ་མཁའི་ཁམས་བཀང་སྟེ། །རིན་ཆེན་ལྷ་མོ་ཡོ་བྱད་དང་། །རེག་པ་ཉམས་མྱོང་བདེ་བ་ཡིས། །རྒྱལ་སྲས་ཞིང་གི་རྡུལ་སྙེད་ལ། །གཉིས་མེད་དག་པའི་
ཚུལ་གྱིས་མཆོད། །རོལ་མོ་གླུ་དབྱངས་བཅས་པ་ཡིས། །དཀྱིལ་འཁོར་རིམ་པ་བསྟོད་པར་བྱ། །རྡོ་རྗེ་གསུམ་གྱི་བཟླས་པ་ཡིས། །མཚན་མ་ལེགས་པར་སྣང་བ་ན། །སྦྱང་དང་བྱིན་བརླབས་དབང་བསྐུར་དང་། །མཆོད་དང་བརྟན་པའི་ཆོ་ག་དང་། །རྟོག་པའི་ཆོ་ག་རྒྱས་པར་
བྱ། །དཀྱིལ་འཁོར་དེ་ཡི་ཕྱོགས་བཞི་རུ། །རྣམ་བཞི་ལས་ཀྱི་མེ་ཐབ་ལ། །དུས་བཞིར་རང་རང་རྫས་དག་གིས། །ལྷ་བཞི་ཚུལ་གྱིས་མཆོད་པར་བྱ། །དེ་ནས་གནང་ཐོབ་དབང་ཕྱུག་ཉིད། །དཀྱིལ་འཁོར་ཞུགས་ཤིང་ནུས་ལྡན་ནས། །ཐུགས་རྗེས་འཁོར་བ་བསྒྲལ་
བའི་ཕྱིར། །སྐལ་ལྡན་སློབ་མ་གཞུག་པར་བྱ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །མངོན་དུ་མཐོང་ཞུགས་བསོད་ནམས་གང་། །འདིར་ཞུགས་པ་ཉིད་དེ་བཞིན་ནོ། །གང་དུ་སྐུ་གསུང་ཐུགས་ལྡན་པ། །གང་དུ་མོས་པས་
སྤྲོ་བསྐྱེད་ཕྱིར། །རྒྱལ་བ་ཀུན་ཀྱང་འཕྲུལ་མཛད་དེ། །སྒོ་གསུམ་བྱིན་གྱིས་རློབ་པར་མཛད། །རྣལ་འབྱོར་ཆོ་ག་རྫོགས་པས་ཀྱང་། །གདུལ་བྱ་ཞི་དང་ཁྲོ་བ་ལ། །སོ་སོའི་མཚན་མ་ཉིད་བསྟན་ཕྱིར། །སྐུ་གསུང་ཐུགས་ཀྱི་རྣམ་པ་དག །བྲིས་དང་བརྡུངས་དང་བླུགས་
เล่ม ๙๘ · หน้า 167b
བ་དག །སོ་སོའི་གནས་སུ་ལེགས་པར་དགྲམ། །མ་ལུས་སྐུ་གསུང་ཐུགས་དཀྱིལ་འཁོར། །འདི་ལས་མ་གཏོགས་ལྷ་གཞན་མེད། །གང་དུ་དབང་དང་འབྲེལ་བ་ནི། །བཅོ་ལྔའི་རིམ་པས་བྱིན་བརླབ་ཕྱིར། །བཞི་དང་བརྒྱད་ཀྱི་དཀྱིལ་འཁོར་ལ། །ཡབ་ཡུམ་བཅྭ་
བརྒྱད་གནས་པར་བྱ། །བཅུ་གཉིས་བཅུ་དྲུག་དཀྱིལ་འཁོར་ལ། །བཞི་བཅུ་གཉིས་དང་ལྡན་པར་བྱ། །ཉི་ཤུའམ་ཉི་ཤུ་རྩ་ལྔ་ལ། །རྒྱས་པའི་ཆོ་ག་རིམ་པར་དགོད། །འདི་དག་ལུགས་དང་འབུར་དང་བཟོ། །བྲི་དང་བསྒོམ་པ་དག་ཀྱང་རུང་། །འདི་ནི་ཕྱི་ཡི་དཀྱིལ་
འཁོར་རོ། །ཟབ་མོའི་དབང་གི་དཀྱིལ་འཁོར་ནི། །ཐུན་མོང་ཐུན་མོང་མ་ཡིན་པའི། །སོར་བཞི་མཛུབ་གང་ལ་བརྟེན་ཏེ། །ཕྱི་རོལ་རྣམ་པའི་རྗེས་འབྲང་མིན། །མཐོང་དང་བརྟན་དག་གོམས་པ་ནི། །རིམ་པ་བཞིན་དུ་གསལ་བས་འབྱུང་། །བརྒྱུད་པ་ལམ་གྱི་རིམ་པ་ཡིས། །
མཐར་ཕྱིན་ཉམས་སུ་མྱོང་བར་འགྱུར། །དབང་བསྐུར་ཐབས་ཀྱི་རིམ་པ་ཡིས། །བྱིན་བརླབས་མན་ངག་ཡིད་ཆེས་བྱ། །འདི་ནི་དབང་གི་དཀྱིལ་འཁོར་ཏེ། །དེ་བཞིན་གནས་སྐབས་གཞན་དུ་ཡང་། །ཐུན་མོང་ཚོགས་ལ་སྦྱར་བའི་ཕྱིར། །འབྱུང་ལྔ་རྒྱུ་དང་བདག་ཉིད་དང་། །མཁའ་
དག་བྱིན་བརླབས་སོ་སོར་གདོན། །རང་གི་ཆོ་གའི་སྦྱོར་བ་ཡིས། །ཇི་ལྟར་བརྩམས་པ་འགྲུབ་པར་འགྱུར། །བསོད་ནམས་ཚོགས་ཞེས་བྱ་བར་བཤད། །གཞན་ཡང་སྟོབས་ལྡན་རྣལ་འབྱོར་པས། །གང་འདོད་མངོན་དུ་བསྒྲུབ་པའི་ཕྱིར། །འཆི་མེད་ཚེ་ཡི་དཀྱིལ་འཁོར་དང་། །
མཚན་མ་པྲ་ཡི་དཀྱིལ་འཁོར་དང་། །དུག་འཇོམས་བདུད་རྩིའི་དཀྱིལ་འཁོར་དང་། །ཆོ་འཕྲུལ་རོ་ལངས་ལ་སོགས་པ། །གང་བསྒྲུབ་དོན་ཕྱིར་གང་བཤད་པ། །དེ་ཉིད་བསྒྲུབ་པའི་དཀྱིལ་འཁོར་རོ། །ལས་བཞི་ལྷ་ཡི་རྣལ་འབྱོར་གྱིས། །རིགས་དང་མཐུན་པའི་ས་གཞི་
ལ། །ཐབ་ཁུང་སོ་སོའི་མཚན་མ་ཅན། །ཕྲིན་ལས་དཀྱིལ་འཁོར་ཉིད་དུ་བཤད། །སློབ་དཔོན་ནུས་པ་སྟོབས་ལྡན་པས། །རྡོ་རྗེ་ལུས་སུ་བརྟན་བྱའི་ཕྱིར། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །སྐུ་གསུང་ཐུགས་སུ་མངོན་གསལ་བ། །རྣལ་འབྱོར་སྐལ་ལྡན་སྤྱོད་ཡུལ་
เล่ม ๙๘ · หน้า 168a
ཏེ། །ཚོགས་ཀྱི་དཀྱིལ་འཁོར་ཉིད་དུ་བཤད། །དེ་ནས་གཞན་ཡང་བཤད་བྱ་བ། །མཚན་མ་རྟོག་པའི་རང་བཞིན་གྱིས། །མཐོང་བྱ་དོན་ལ་སྒྲིབ་པས་ན། །དེ་དག་སྦྱང་བའི་ཆོ་ག་བཤད། །ཐ་མལ་ཞེན་པས་བརྟགས་པའི་དོན། །ལྷག་པའི་བདེན་གཉིས་
རྟོགས་བསྒོམས་པས། །ཕྱི་ནང་སྣོད་བཅུད་མ་ལུས་པ། །སྐུ་གསུང་ཐུགས་ཀྱི་ངང་དུ་བསྲེག །དཀྱིལ་འཁོར་ལྷ་ཡི་མཚན་མ་དག །རྣམ་པ་ཇི་སྙེད་གནས་པ་དག །རང་རིག་རྣམ་པར་འཕྲུལ་པ་ཉིད། །མཚན་མ་ཐིག་ལེའི་ངང་དུ་སྦྱངས། །ཐིག་ལེ་རིམ་པའི་སྣང་ཚུལ་ཏེ། །ཕྱི་
ནང་མེད་པའི་བྱང་ཆུབ་སེམས། །དངོས་དང་དངོས་མེད་ཀུན་སྦྱངས་ཏེ། །རང་རིག་བྱང་ཆུབ་སེམས་ཀྱི་མེ། །ཕྱོགས་བཅུར་འབར་ཞིང་དབྱིངས་ལ་སྡུད། །རྣལ་འབྱོར་ལས་རུང་གོམས་པ་ཡིས། །གཞན་དོན་རྩོམ་པའི་དོན་བྱེད་ན། །དང་པོར་ཉེས་བྱས་གསུམ་སྦྱང་ཕྱིར། །རྣམ་
གསུམ་ཁྲུས་ཀྱི་རིམ་པ་བརྩམ། །གདུག་པ་འདུལ་བའི་དཀྱིལ་འཁོར་གྱིས། །བར་ཆད་བགེགས་དང་དབྲལ་བྱས་ལ། །བཀུག་བཅིངས་བསྟིམས་ལ་རྣལ་དུ་གཞག །བསྲུང་དང་བྱུག་བདུག་རྒྱན་གྱིས་བརྒྱན། །འཁོར་བའི་ས་བོན་ཀུན་བཀོད་དེ། །ལས་ཀྱི་ཆོ་ག་
ཐིམ་པ་དང་། །དཀྱིལ་འཁོར་འཕྲོ་འདུ་རིམ་པ་ཡིས། །འཁོར་བའི་ས་བོན་སྦྱང་བར་བྱ། །དེ་ཚེ་སྡོང་བུ་གནས་བཀོད་དེ། །སྡོང་བུ་རེ་ལ་ལྷ་རྣམས་ཀྱིས། །སྙིང་པོ་ཚང་བར་གདགས་པ་དང་། །གསོལ་གདབ་གནང་བྱིན་སྲས་སུ་བསྐྱེད། །འཇུག་དང་དབང་བསྐུར་ལས་རྫོགས་
ནས། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ལས་བཞི་མེ་ཡི་ལས་བྱས་ནས། །རྟོག་ཚོགས་ལྷ་གསུམ་དབྱེར་མེད་པའི། །རང་རང་གནས་སུ་དག་པ་ལ། །སྦྱིན་སྲེག་གླུ་བྲོ་གར་གྱིས་མཆོད། །ལས་ཀྱི་བྱ་བ་ཀུན་ཟིན་ནས། །ཐིག་ལེ་ཆེན་པོ་ངང་ལ་བསྡུ། །དེ་ནས་
གཞན་ཡང་བཤད་བྱ་བ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །མ་ལུས་བྱང་ཆུབ་སེམས་ཉིད་དེ། །དེ་རྟོགས་བྱ་ཕྱིར་བཤད་པར་བྱ། །ཆོས་རྣམས་མ་ལུས་ཐམས་ཅད་དང་། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །ཐ་དད་དབྱེ་བ་མི་གནས་ཏེ། །བྱང་ཆུབ་སེམས་ཀྱི་
เล่ม ๙๘ · หน้า 168b
དཀྱིལ་འཁོར་ཉིད། །རང་འབྱུང་མཐོ་དམན་མེད་པ་ཡི། །སྐུ་གསུང་ཐུགས་དང་ལུས་ངག་ཡིད། །མ་ལུས་གཞི་རྩ་སྙིང་པོ་སྟེ། །རང་འབྱུང་བྱང་ཆུབ་སེམས་ལ་འདུས། །དེ་ཉིད་རང་རིག་འོད་གསལ་བ། །དངོས་པོ་མ་ཡིན་དངོས་མེད་མིན། །གཉིས་ཀ་མ་ཡིན་གཉིས་མེད་མིན། །
མཐའ་དབུས་ཆ་ཤས་ཀུན་བྲལ་བའི། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །རྟོག་གེ་རྣམས་ཀྱི་ཡུལ་མིན་པས། །གསང་བའི་གསང་བ་བྱང་ཆུབ་སེམས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་
མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ལས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་
རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ལ་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་
ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །མ་སྐྱེས་རིག་པའི་བྱང་ཆུབ་སེམས། །དངོས་མེད་དངོས་པོའི་རང་བཞིན་དུ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །གཡོ་དང་མི་གཡོར་བཅས་
པ་ཡི། །ཕྱི་ནང་སྣོད་བཅུད་མ་ལུས་ལ། །རང་འབྱུང་སེམས་ཀྱི་དཀྱིལ་འཁོར་ཉིད། །རང་བཞིན་གནས་དང་རྟོགས་པ་དང་། །བསམས་དང་དམིགས་དང་གོམས་པ་ཡི། །སྐུ་གསུང་ཐུགས་ཀྱི་མཚན་མ་དང་། །ལྷ་དང་ལྷ་མིན་གསང་བ་དང་། །ཤ་ཟ་འབྱུང་པོ་མིའམ་
ཅི། །གྲུལ་བུམ་ཡི་དགས་ཀླུ་རྣམས་དང་། །རྒྱུ་བའི་སྲོགས་ཆགས་མ་ལུས་དང་། །རྩ་ཤིང་གེལ་པ་འབྲས་བུ་དང་། །ཕུན་སུམ་ཚོགས་པ་མ་ལུས་པ། །མ་བཅོས་དོན་གྱི་ལྷ་ཉིད་དེ། །བྱང་ཆུབ་སེམས་སུ་ཁྱད་པར་མེད། །ལྷ་ཞེས་གཞན་དུ་བསྟན་པ་ཡང་། །ཚིག་གི་
เล่ม ๙๘ · หน้า 169a
ཐ་སྙད་ཙམ་དུ་ཟད། །བྱང་ཆུབ་སེམས་ལ་གཉིས་མེད་པར། །རྟོགས་པའི་དོན་ལ་གཅིག་ཏུ་བསྟན། །སྙིང་རྗེ་ཆེན་པོའི་རང་བཞིན་གང་། །གནས་པའི་དོན་དང་མ་ཕྲད་པས། །མ་ལུས་སྙིང་རྗེའི་གནས་གྱུར་པ། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །མི་
འགལ་དོན་དུ་རབ་སྦྱོར་བ། །ཀུན་རྫོབ་བྱང་ཆུབ་སེམས་སུ་བརྗོད། །ཇི་སྙེད་རྣམ་པར་བཅས་པའི་ཆོས། །མ་ལུས་མཐའ་ཡས་བསྟན་པ་ཀུན། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཏེ། །ནམ་མཁའི་ཆོ་འཕྲུལ་ཇི་བཞིན་དུ། །སྣ་ཚོགས་སྣང་བཞིན་དངོས་པོ་མེད། །དེ་དག་
ཇི་ལྟར་གནས་ཀྱང་རུང་། །བྱང་ཆུབ་སེམས་ལས་གཞན་མིན་ཡང་། །ཐུན་མོང་ཡུལ་ཕྱིར་ཕྱི་རུ་བཤད། །རང་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ། །རང་འབྱུང་འཁོར་ལོ་དྲུག་གནས་པ། །གཡོ་བ་ཡྃ་གིས་སྐྱོད་བྱེད་པ། །འགྲོ་བ་ཀུན་གྱི་ལུས་ལ་གནས། །འཕེན་དང་
སྡུད་པའི་རང་བཞིན་ཅན། །སྙིགས་མའི་དུས་སུའང་བདེ་བ་འཆར། །སྨིན་པ་གྲུ་གསུམ་སྨད་ན་གནས། །རྣམ་ཐར་སྐུ་གསུམ་རྩ་མདུད་ཅན། །འབར་ཞིང་ཐིག་ལེ་འབེབས་དང་གནས། །རང་ལུས་བདེ་ཆེན་སྨིན་བྱེད་པ། །དེ་ལ་གང་རྟེན་བདེ་བའི་གནས། །སངས་
རྒྱས་རིན་ཆེན་གབ་ཙེ་ལ། །ཐུང་ངུ་ཨ་སྙིང་ལྟེ་བར་གནས། །འཁྲུལ་ཞིང་འཛག་དང་གནས་པའི་རྩ། །རྡོ་རྗེ་དབུ་མའི་ལམ་དང་འབྲེལ། །ཁྱབ་ཅིང་རྒྱས་པའི་སྙིང་པོ་ཅན། །སུམ་ཅུ་གཉིས་གཉིས་རྩ་ཡིག་ལྡན། །དྷརྨ་ཙཀྲ་སྙིང་པོའི་གནས། །རྩ་བཞི་ཡན་ལག་
བརྒྱད་ཀྱི་དངོས། །དངས་སྙིགས་ཤེས་པ་བརྒྱད་ཀྱི་རྟེན། །རྒྱུ་བ་བཞི་ཡིས་ཤེས་པར་བྱ། །དངས་མ་འདུས་པའི་ཐིག་ལེ་ཉིད། །ཨ་ལ་བརྟེན་པའི་ཧཱུྃ་གིས་སྡུད། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །བདེ་བ་མངོན་ཤེས་ཆོས་ཉིད་ལ། །རིམ་པས་མཐར་ཕྱིན་འབྱུང་བར་
འགྱུར། །བཅུ་དྲུག་སྒྲ་སྦྱོར་ཐིག་ལེ་ཅན། །འདབ་མ་ཨཱ་ལི་ལྡན་པ་ཡིས། །མ་ལུས་སྒྲ་སྐད་བདག་ཉིད་ཅན། །ཁྱབ་པ་གསུང་གི་བདག་ཉིད་ཅན། །སྡེ་ཚན་བཅུ་དང་ལྡན་པ་ཉིད། །འབྱུང་འཇུག་གནས་པའི་ལམ་ཡིན་ཏེ། །ཐབས་དང་ཤེས་རབ་བསྐུལ་བ་ཡིས། །བདེ་བ་
เล่ม ๙๘ · หน้า 169b
འབྱུང་འགྱུར་ཐེ་ཚོམ་མེད། །སུམ་ཅུ་རྩ་གཉིས་དཀྱིལ་འཁོར་ན། །ཐིག་ལེ་དེ་ཡི་མཉམ་པའི་དབྱིངས། །མ་ལུས་འབྱུང་བའི་རྒྱུར་གྱུར་ཅིང་། །ལུས་ཅན་ཀུན་ལ་ཁྱབ་པར་གནས། །ཀུན་གྱི་དངོས་ཡིན་ཀུན་གྱི་གཙོ། །མ་ལུས་ཀུན་འདུས་གཉིས་སུ་མེད། །སྤྱི་གཙུག་
འདུས་པའི་སྙིང་པོ་ནས། །རྐང་མཐིལ་གསང་བའི་གནས་ཡན་ཆད། །སྐུ་གསུང་ཐུགས་ཀྱི་ཀ་བས་བཟུང་། །སྣོད་བཅུད་རྒྱུད་རྣམས་རང་བཞིན་བཅུད། །དངས་སྙིགས་འདྲེས་པ་ཐབས་ཀྱིས་འབྱེད། །གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན། །སྐད་ཅིག་རིམ་པ་སྐྱེ་འགྱུར་
བ། །ཁམས་ལྔ་འདུས་པའི་རོ་ཡི་སྟོབས། །སེམས་ལྔ་རིམ་པས་ཤེས་པར་འགྱུར། །འདི་ཉིད་གསུམ་དུ་བཤད་པ་སྟེ། །སྐབས་ཀྱི་རིམ་པས་སྦྱར་བ་ཉིད། །རྩ་དང་ཐིག་ལེ་བདེ་བ་ཡིས། །ཕྱི་ནང་གསང་བའི་ཚུལ་དུ་བཤད། །དེ་ནས་རྒྱལ་རིགས་རྗེ་རིགས་དང་། །བྲམ་ཟེ་
གདོལ་པ་གར་མཁན་མ། །ཡིད་འོང་ན་ཚོད་དར་ལ་བབ། །ནུས་དང་ཆགས་པ་ཆེ་བ་དང་། །བཀའ་བློ་བདེ་ཞིང་ཡིད་མི་འཁྲུག །ལུས་རན་ཤ་མདངས་དཀར་དམར་ཕྱེད། །སྐད་སྙན་དྲན་པས་ཡིད་འཕྲོག་མ། །བཅྭ་བརྒྱད་བཅུ་དྲུག་བཅུ་བཞི་དང་། །བཅུ་གཉིས་ལྡན་པའི་བུ་
མོ་ལ། །སྦྱོར་བ་ཚང་ཞིང་རྟགས་བྱུང་ནས། །ཐ་མལ་སྤངས་པའི་སྦྱོར་བ་ཡིས། །ས་ཡ་བཅུ་གསུམ་གཉིས་ལྡན་པའི། །གསང་དབང་འདུས་པའི་ཁམས་ལྔ་ལས། །གསེར་འགྱུར་སྨན་དང་མུན་སེལ་ལྟར། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཉི་མ་ཟླ་བ་རྩེ་
ཕྲད་པའི། །མ་ལུས་འདུས་པའི་རྩེ་འཁོར་ལོ། །འབྱུང་འཇུག་གནས་པ་རླུང་དང་འགྲོགས། །ལྡང་བས་ཐ་མལ་ཤེས་པ་འགག །གཡོ་བས་ཉམས་ཉིད་རྩེ་གཅིག་པ། །སྨོན་པས་ཡིད་གཅིག་འདྲེས་པ་སྟེ། །འཇུག་པ་ཛཿཧཱུྃ་བྃ་ཧོཿསྟེ། །ཤེས་པ་བདེ་བར་
འཇུག་པ་ཉིད། །གནས་པས་ཡུན་རིང་གནས་པ་སྟེ། །མཐར་ཕྱིན་འདྲེས་པའི་གར་ཐབས་ཀྱིས། །བརྗོད་བྲལ་ཐིག་ལེའི་བསྟན་པ་མཚར། །ཐ་མལ་ཞེན་པ་ནུབ་གྱུར་ནས། །ཞེན་པ་ལྡོག་ཅིང་རིག་པ་ཐིམ། །རྣམ་ཤེས་བརྒྱལ་བ་ལ་སོགས་འབྱུང་། །ཡིད་འོང་
เล่ม ๙๘ · หน้า 170a
གཟི་ལྡན་ཕྱག་རྒྱ་མ། །མཐོང་བས་ལུས་སེམས་བདེ་བ་དང་། །ཕྲད་པས་སྡུག་བསྔལ་ཉམས་པར་འགྱུར། །འདྲིས་པས་བདེ་བ་བརྟན་པོ་འབྱུང་། །ཐབས་དང་ལྡན་པས་སྤྱད་གྱུར་ན། །བསྐལ་པར་སྦྱངས་པས་མི་འབྱོངས་པའི། །རྣམ་རྟོག་ཞེན་པ་ལོག་གྱུར་ནས། །
ད་ལྟ་བདེ་བ་ཆེན་པོར་སྨིན། །ཐོབ་པ་བརྟན་འདོད་རྣལ་འབྱོར་པས། །མཐོང་དང་ཐོས་དང་ལྷན་ཅིག་གནས། །འཁྱུད་དང་ཕྲད་དང་སྤྱད་པ་ཡིས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །དབང་དང་མི་ལྡན་སྐལ་ངན་དང་། །དམན་པས་མི་རྟོགས་ཡུལ་མིན་པས། །གསང་བ་ཞེས་ནི་
བཤད་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །རིམ་པའི་ཏིང་འཛིན་མཐར་ཕྱིན་ནས། །སྐུ་དང་གསུང་དང་ཐུགས་ལྡན་པའི། །ཚོམ་བུ་གསུམ་པར་ལྡན་པ་ཡི། །སུམ་ཅུའི་དཀྱིལ་འཁོར་བསྒོམ་པར་བྱ། །གང་དུ་རྒྱས་པའི་དབང་གྱུར་ལ། །རིགས་ལྔ་ཡེ་ཤེས་ལྔར་
ལྡན་ཅིང་། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །བདུན་ཅུའི་རིམ་པ་བསྒོམ་པར་བྱ། །མོས་ཆུང་གསང་བར་སྤྱོད་འདོད་པས། །ཚོམ་བུ་གཅིག་པའི་དཀྱིལ་འཁོར་ཏེ། །བཅུའམ་ཡང་ན་བཅྭ་བརྒྱད་པའི། །ཚོམ་བུ་ཐ་མ་བསྒོམ་པར་བྱ། །འདིར་ནི་དཀྱིལ་འཁོར་
ཀུན་འདུས་པའི། །ཚོགས་ཀྱི་འཁོར་ལོ་བསྒོམ་པར་བྱ། །གང་དུ་གདུག་པ་འདུལ་བ་ཡི། །དཀྱིལ་འཁོར་རིམ་པ་དེ་བཞིན་ཏེ། །རིམ་པ་བསྒྱུར་བའི་ཁྲོ་བོ་ནི། །རིམ་པ་མ་འདྲེས་ཙམ་དུ་བསྒོམ། །རྣལ་འབྱོར་ཡོ་བྱད་ཚོགས་པ་ཡིས། །དཀྱིལ་འཁོར་ཏིང་འཛིན་སྤྱོད་ཚོགས་
པ། །མ་ལུས་ཚོགས་པས་ཚོགས་ཞེས་བྱ། །དང་པོར་དད་དང་བརྩོན་འགྲུས་དང་། །དམ་ཚིག་ལྟ་སོགས་སྔོན་སོང་ཞིང་། །རིམ་བཞིན་ཏིང་འཛིན་མཐར་ཕྱིན་པས། །ནུས་པ་ཡོད་པའི་རྣལ་འབྱོར་པ། །སྐལ་ལྡན་དྲོད་ཚད་མཉམ་པའམ། །མི་ལྡན་འཕྲོ་འདུས་སྦྱངས་
བས་འགྲུབ། །རབ་ཏུ་དབེན་ཞིང་ཡིད་འོང་བ། །རི་རྩེ་གསང་འདབ་ཆུ་གླིང་ངམ། །དུར་ཁྲོད་རི་འོར་ནགས་འདབ་སྟེ། །སྐྱེ་བོ་འདུས་དང་རྣམ་བྲལ་ཞིང་། །བར་ཆད་བྲལ་བའི་ས་ཕྱོགས་དེར། །རྣལ་འབྱོར་རྒྱལ་པོ་ལྟ་བུའི་ཕྱིར། །རིན་ཆེན་ཡིད་འོང་མཛེས་བརྒྱན་པའི། །
เล่ม ๙๘ · หน้า 170b
འཁོར་ཁང་ཕྱི་ནང་བར་ལྡན་པ། །འཆག་སར་བཅས་པར་བརྩམ་པར་བྱ། །རྣལ་འབྱོར་ཕོ་མོ་གྲངས་མཉམ་པ། །ལྟ་སྤྱོད་ཏིང་འཛིན་དམ་ཚིག་ཚང་། །བྲོ་གར་འདུ་འཕྲོ་ཡོ་བྱད་དང་། །གླུ་ཚིག་སྒྲ་ཡི་ཡོ་བྱད་དང་། །བཟའ་དང་བཏུང་བའི་ཡོ་བྱད་དང་། །རྒྱན་དང་བགོ་བའི་
ཡོ་བྱད་དང་། །ཨཱ་ལི་ཀཱ་ལི་མཉམ་སྦྱར་ཞིང་། །ཉི་ཟླ་བརྩེགས་པའི་ངོ་བོར་བཞུགས། །ལྷ་དང་མི་དང་ཡོ་བྱད་དང་། །གནས་དང་སྤྱོད་པ་ཀུན་ཚོགས་པས། །དེ་དག་ཚོགས་སུ་བཤད་པ་ཡིན། །ཐབས་དང་ཤེས་རབ་འབྲེལ་གྱུར་ནས། །ཡབ་ཡུམ་གསལ་བའི་ཏིང་འཛིན་ལ། །
མཐའ་ཐུག་མེད་པའི་རྒྱལ་བ་རྣམས། །ནམ་མཁའི་ཆར་བཞིན་ཀུན་བཀུག་ལ། །ཡབ་ཡུམ་གཉིས་མེད་འདྲེས་པ་ལ། །དབང་བསྐུར་བྱིན་བརླབས་རྒྱན་བཏགས་ཏེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །བཟའ་བཏུང་ལྷ་ལ་ལྷ་རོལ་ཞིང་། །འོད་ཀྱིས་མ་ལུས་ཚིམ་པ་དང་། །འགྲོ་
མང་བདེ་བ་ཐོབ་པར་བྱ། །བྲོ་ལྔ་གར་ལྔ་སྟབས་ཚིག་ལྔ། །བྲོ་གར་རྩེ་འཇོ་བརྗོད་པ་ཡིས། །རིགས་ཀྱི་འོད་ཟེར་འཕྲོ་འདུར་གསལ། །འགྲོ་བའི་ཕྱི་ནང་མུན་བསལ་ཏེ། །རིག་འཛིན་ས་ནས་ས་རུ་སྦྱང་། །གླུ་ལྔ་ཚིག་ལྔ་རིགས་ལྔ་ཡིས། །ཕྱོགས་ཕྱོགས་བལྟས་ཏེ་བརྗོད་པ་ནི། །
འགྲོ་བ་ཀུན་གྱིས་བདེ་ཐོབ་ཅིང་། །ཆོས་ཀྱི་དུང་ཆེན་སྒྲ་ཡང་སྒྲོགས། །ཕྱི་ནང་རྒྱན་གྱི་ཡོ་བྱད་ནི། །རིན་ཆེན་ཟེའུ་ཕྲོག་རྣ་ཆ་དང་། །ལག་གདུབ་རྐང་གདུབ་མགུལ་དོ་དང་། །ན་བཟའ་རྒྱན་གྱིས་གང་བརྒྱན་པས། །ཡིད་འོང་ཏིང་འཛིན་གསལ་བ་དང་། །འགྲོ་བས་བལྟ་བའི་འོས་སུ་
འགྱུར། །རླུང་དང་ནུས་པའི་སྟོབས་ལྡན་ཞིང་། །སྒོ་གསུམ་བག་ཆགས་ཟད་འགྱུར་ཏེ། །བྱིན་བརླབས་རླུང་ལ་དབང་ཐོབ་པས། །ཨཱ་ལི་ཀཱ་ལི་མཉམ་སྦྱར་བ། །བཅུ་དྲུག་རྫོགས་པའི་དུས་སྦྱར་བས། །བདག་པོ་གདུང་ཅན་ཕྲད་པའི་ཚེ། །ཉི་ཟླ་དུས་གཅིག་ཤར་བའི་ཚེ། །ཐུན་མོང་ཐུན་
མོང་མ་ཡིན་པའི། །སྤྱོད་ཡུལ་ནུས་པ་ཀུན་བཟློག་ནས། །མཐོང་ལམ་རང་གི་མཚན་ཉིད་སྐྱེ། །ཟླ་བའམ་ཟླ་ཕྱེད་དུས་མཚམས་སོགས། །བདེ་ཆེན་ཉམས་མྱོང་རྒྱུན་མི་འཆད། །མཐོང་བའི་དོན་ལ་མཉམ་བཞག་པས། །བརྟན་ཞིང་ངེས་པས་གདེང་དུ་གྱུར། །སྐུ་ནི་ཕྱག་རྒྱ་
เล่ม ๙๘ · หน้า 171a
ཆེན་པོ་སྟེ། །བདེ་ཆེན་ཟག་མེད་ཏིང་ངེ་འཛིན། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་། །བདེ་བ་ཆེན་པོ་རྒྱུན་མི་འཆད། །སྤྲུལ་པའི་ལོངས་སྤྱོད་མཛད་པ་ཡིས། །འཇིག་རྟེན་ཁམས་མང་འགྲོ་བ་དག །དེ་ཚེ་འགྲོ་བའི་དབྱིངས་སུ་སྦྱོར། །རྡོ་རྗེ་ལུས་ཐོབ་དེ་ཕྱིན་ཅད། །སྐྱེ་ཤི་
མེད་པའི་གཡུང་དྲུང་ཡིན། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །གང་ཟག་རིམ་པར་འཇུག་པ་རྣམས། །
དང་པོར་དངོས་དོན་མཐོང་བ་ཡིས། །ཚེ་འདིས་ས་ལ་བགྲོད་བྱ་ཞིང་། །བསམ་བྱས་ལྷུན་གྲུབ་ཉིད་ཐོབ་ཕྱིར། །ལྟ་སྤྱོད་ཏིང་འཛིན་རིམ་འབྲེལ་བས། །བར་ཆད་མེད་པའི་ལམ་ལ་འབད། །གནས་སྐབས་རིམ་པ་ཇི་སྙེད་ཀྱང་། །ཐ་མལ་པ་དང་ལོག་སྤྱོད་དང་། །མོས་པ་ལ་སོགས་
ཡུལ་མིན་ཏེ། །ནུས་དང་གྲུབ་པ་ཐོབ་པ་ཡིས། །གསང་བ་ལམ་དང་འབྲེལ་པར་བྱ། །རྣལ་འབྱོར་ཆེན་པོ་ལྔ་ལ་གནས། །རིམ་ནས་རིམ་པར་བརྟན་གྱུར་ཏེ། །གསལ་ལྡན་མི་གཡོ་ཐོབ་པ་ལ། །ཉམ་ང་མེད་པའི་སྟོབས་ལྡན་པས། །པདྨ་ལ་ནི་འདམ་བཞིན་ཏེ། །སྤྱོད་པ་སོ་སོ་
གནས་པ་ཡིས། །རྩ་བ་སྤྲོས་བཅས་རྣལ་འབྱོར་ཏེ། །བསྒྲུབ་པ་དུས་ཀྱི་ཚོགས་ལ་གནས། །ཡན་ལག་ཚོགས་ཀྱི་སྤྱོད་པར་གསུངས། །གང་ཕྱིར་དཀྱིལ་འཁོར་ངེས་བསྟན་པ། །རང་རིག་མཐའ་དབུས་མེད་པ་དཀྱིལ། །ཡེ་ཤེས་བཞི་འཕྲོས་འཁོར་ལོའི་ཚུལ། །འཇིག་རྟེན་
འདས་པ་དཀྱིལ་ཉིད་དེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་བཤད། །རིག་པའི་དོན་ཉིད་དཀྱིལ་ཉིད་དེ། །ཆོ་འཕྲུལ་རང་འབྱུང་འཁོར་དུ་གསུངས། །རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་དང་། །ཁྲོ་བོ་ཁྲོ་མོ་འཁོར་དུ་བཤད། །ལྷ་ཡ་ཏིང་འཛིན་དཀྱིལ་
ཉིད་དེ། །སྤྱོད་པ་ཡོ་བྱད་འཁོར་དུ་བཤད། །གང་ལ་གང་གིས་རྒྱས་བཏབ་པ། །གོམས་དང་རྟས་པའི་དབང་གིས་ན། །ཇི་ལྟར་སྣང་གྲགས་ཆོས་ཐམས་ཅད། །དེ་དང་དེ་ཡི་ངོ་བོར་འགྱུར། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་དཀྱིལ་འཁོར་མ་ལུས་
เล่ม ๙๘ · หน้า 171b
པར་བཤད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དབང་བསྐུར་ཆོ་ག་ཕུན་སུམ་ཚོགས། །ཐབས་ཀྱི་ས་ལ་སྦྱོར་བྱེད་པའི། །རྟོག་པའི་ཆོ་ག་བཤད་པར་བྱ། །རྒྱལ་བ་ཀུན་གྱི་གསང་ཆེན་པོ། །མ་ལུས་པ་ཡི་རྒྱ་མཚོ་ཉིད། །རྒྱལ་བ་
ཀུན་གྱི་སྤྱི་གཟུགས་ཏེ། །འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལ། །རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ། །ཡེ་ཤེས་ལྷ་མོ་ལ་བརྟེན་ནས། །ཡེ་ཤེས་ཆེན་པོའི་དབང་བསྐུར་བས། །གསང་བདག་རྡོ་རྗེ་འཆང་ཆེན་འགྱུར། །ཡེ་ཤེས་རྒྱ་མཚོ་དབང་ཕྱུག་གིས། །དང་པོ་ནས་
བཟུང་བཅུ་པའི་བར། །ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ། །རིག་པའི་ལྷ་མོ་ལ་བརྟེན་ནས། །ཏིང་འཛིན་ཆུ་བོས་དབང་བསྐུར་བས། །ས་དང་ཡེ་ཤེས་ཞིང་ཁམས་དང་། །རྫུ་འཕྲུལ་མཛད་པའི་རིམ་པར་འཕེལ། །མཐོང་ལམ་རྡོ་རྗེ་སྐུ་ཐོབ་པས། །ངེས་འབྱེད་ཉམས་
ལྡན་རྣལ་འབྱོར་ལ། །རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ། །རིག་པ་རྩལ་གྱིས་གཟུངས་བརྟེན་ནས། །ཟག་མེད་རྡོ་རྗེ་སྐུ་ལ་སྦྱོར། །རིག་པ་བརྟན་ཐོབ་རྣལ་འབྱོར་པས། །ལས་དང་སྐལ་ལྡན་རྣལ་འབྱོར་པ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དུ། །རིག་མའི་ཕྱག་
རྒྱ་མཛེས་མ་ལ། །དབང་བསྐུར་བྱིན་བརླབས་བརྟེན་བྱས་ནས། །ཆོ་ག་ཐབས་ཀྱི་དབང་བསྐུར་ཞིང་། །བརྒྱུད་པ་དབང་གི་མན་ངག་གིས། །སྦྱོར་བ་ཉམས་ལྡན་རྣལ་འབྱོར་ཐོབ། །ཡེ་ཤེས་རྒྱ་མཚོ་བློ་ལྡན་ཞིང་། །ཐུགས་རྗེ་རྒྱ་མཚོས་འགྲོ་བ་སྐྱོབ། །དམ་ཚིག་
དབང་དང་རིག་པའི་དྲོད། །རིམ་པར་བརྒྱུད་པའི་དབང་ཐོབ་ཅིང་། །དགོངས་ཟབ་དོན་ལ་མཁས་པ་དང་། །རྐྱེན་ཐུབ་ས་བོན་གཟི་བརྗིད་ཆེ། །ལས་དང་བྱ་བ་མ་རྨོངས་ཤིང་། །མ་ཡེངས་བརྩོན་འགྲུས་བར་ཆད་མེད། །རི་དགས་རྒྱལ་པོ་སེང་གེ་ལྟར། །གཟི་ཆེན་གཞན་གྱིས་
ཉམ་ང་མེད། །བྱིན་བརླབས་འདུས་པའི་ནུས་པ་ཅན། །ཚིག་དང་བདེན་པའི་བྱིན་བརླབས་འགྲུབ། །དེ་ཡིས་དབང་བསྐུར་ཆོ་ག་བརྩམ། །དད་དང་དམ་ཚིག་ལྡན་པ་དང་། །སྙིང་རྗེ་ཆེ་ལ་སློབ་ལ་བརྩོན། །བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས། །བསྐལ་པ་ཞིང་
เล่ม ๙๘ · หน้า 172a
གི་རྡུལ་སྙེད་དུ། །ཐོས་བསམ་བསྒོམས་ལ་རབ་གནས་པའི། །འགྱུར་མེད་བརྟན་པའི་བསམ་པ་ཡིས། །ཐ་མལ་བསམ་པ་སྤང་བྱས་ཏེ། །བླ་མ་ལ་ནི་དེ་བཞིན་གཤེགས། །འདུལ་དབང་ཐབས་མཁས་བསམ་པར་བྱ། །བླ་མ་སངས་རྒྱས་དེས་ཀྱང་
ནི། །སྙིང་རྗེས་ནད་པ་བཞིན་བསམ་ཞིང་། །སྐྱོན་དང་མནར་དང་སླུ་སེམས་སྤང་། །རང་རང་ནུས་པ་ལྡན་པ་དང་། །བདག་གཞན་དོན་ནུས་བརྩོན་འགྲུས་ལྡན། །བརྟུལ་ཞུགས་གསུམ་དང་རབ་ལྡན་ཞིང་། །དངོས་གྲུབ་དོན་དུ་གཉེར་བ་ཡི། །གསང་ཆེན་རིགས་སུ་ངེས་
པ་དང་། །གཞན་གྱི་དབང་དུ་མི་འགྱུར་ན། །དབང་དང་མན་ངག་སྦྱིན་པར་བྱ། །རི་བོའི་ཕྱོགས་སོགས་འབྱོར་བ་མོད། །ལྗོན་ཤིང་མེ་ཏོག་རྒྱས་པའི་ཚུལ། །ཙནྡན་དྲི་བསུང་ལྡན་པའི་རི། །བདག་དབང་བར་ཆད་མེད་པའི་གནས། །ཕྱི་དང་ནང་དང་གསང་བ་ཡི། །རི་བོ་དགོན་
པ་ཡོན་ཏན་གནས། །མ་ལུས་འདུས་པའི་དགོན་པ་དེར། །རྙེད་དང་དེར་ནི་གནས་པར་བྱ། །ས་བཅུ་མཐར་ཕྱིན་གང་ཟག་ལ། །ཞིང་ཁམས་མཐའ་ཐུག་མེད་གནས་སུ། །རྒྱལ་བ་རྡོ་རྗེ་འཆང་ཆེན་གྱིས། །ཡེ་ཤེས་ལྷ་མོ་ལ་བརྟེན་ཏེ། །སྐད་ཅིག་ཡེ་ཤེས་དབང་བསྐུར་
བས། །བཅྭ་བརྒྱད་ཡོན་ཏན་ལྷུན་གྲུབ་པ། །སྐད་ཅིག་ཉིད་ལ་ལྷུན་རྫོགས་ཏེ། །པདྨ་སྤྱན་གྱི་ས་ལ་གནས། །ཡི་གེ་འཁོར་ལོ་ས་ལ་སྨིན། །བདག་གཞན་འབྱེད་པ་མེད་པ་ཡི། །བདེ་ཆེན་ཕྱོགས་རིས་མེད་པར་དགོངས། །འཕེལ་འགྲིབ་མེད་པའི་རང་བཞིན་པས། །
གཞན་དོན་ཡིད་བཞིན་ནོར་བུ་བཞིན། །ས་ཐོབ་གོམས་བརྟན་སྐྱེས་བུ་ལ། །ཏིང་འཛིན་རིག་པའི་ཕོ་བྲང་དུ། །རྒྱལ་ཚབ་སྐྱེས་བུ་མཐའ་བདག་གིས། །རིག་པའི་ལྷ་མོ་ན་སོ་མེད། །རིགས་བྲལ་ཏིང་འཛིན་སྟོབས་ལས་གྲུབ། །དེ་ལ་སློབ་མས་ངེས་བརྟེན་ནས། །ཇི་ལྟར་ཆུ་ལ་
ཇི་བཞིན་དུ། །ཏིང་འཛིན་བྱིན་བརླབས་དབང་བསྐུར་བས། །རྣམ་པ་དང་བྲལ་དབང་རྣམས་ནི། །ཉམས་མྱོང་དབང་དུ་རང་ཤར་ཏེ། །ཐོབ་དང་བརྟན་དང་གོམས་པ་ཡིས། །འཇིག་རྟེན་བརྒྱ་དང་སྟོང་ཕྲག་བཅུ། །འབུམ་སོགས་བདག་གཞན་དོན་རྫོགས་ཏེ། །སྐད་ཅིག་ཉིད་
เล่ม ๙๘ · หน้า 172b
ལ་རག་ལུས་པས། །རྒྱལ་ཚབ་ཆོས་ཀྱི་རྒྱལ་པོར་བཤད། །ལམ་ཞུགས་རིགས་ཕྱེད་རྟགས་ཐོབ་ལ། །སློབ་དཔོན་མཐར་ཉེ་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པར། །རྡོ་རྗེ་ཐིག་ཚད་སྦྱོར་བརྗོད་པའི། །ཕྱག་རྒྱ་དཀྱིལ་འཁོར་གསལ་ལྡང་བ། །སྣ་ཚོགས་
དཀྱིལ་འཁོར་མཆོག་ཏུ་གསུངས། །སྣ་ཚོགས་རིག་པས་དབང་སྒྱུར་བའི། །སངས་རྒྱས་སྟོང་གི་དཀྱིལ་འཁོར་དུ། །སྟོབས་ལྡན་བུ་མོ་ལ་བརྟེན་ཏེ། །ཐབས་དང་ཏིང་འཛིན་དབང་བསྐུར་བས། །རྡོ་རྗེ་ཚེ་ལ་དབང་ཐོབ་ཅིང་། །ཆོ་འཕྲུལ་མངོན་ཤེས་ལྡན་པར་འགྱུར། །དང་
པོ་ཡོན་ཏན་ཀུན་ལྡན་པའི། །རིགས་སུ་ངེས་པའི་བུ་མཆོག་སྟེ། །དད་བརྩོན་བརྟུལ་ཞུགས་ལྡན་པ་ཡི། །མི་འགྱུར་བརྟན་པའི་རིགས་ཅན་ལ། །དྲོད་ལྡན་གནང་ཞིང་དབང་ཐོབ་པ། །རྒྱལ་པོ་ལྟ་བུ་བླ་མ་ཡིས། །ལྷག་པ་གཟུགས་བརྙན་བྱིན་ལྡན་དུ། །དད་མོས་བརྩོན་
འགྲུས་འཇུག་པའི་སེམས། །མི་ལྡོག་དང་བརྟན་ཚུལ་གྱིས་བཞུགས། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །གོ་ཆ་ཕྱག་རྒྱ་རྒྱལ་མཚན་དང་། །སྙིང་པོ་ལྔ་ཡིས་དབང་བསྐུར་བ། །རང་བཞིན་ངོ་བོས་གནས་ཚུལ་ལ། །རྫས་ཐབས་ཏིང་
འཛིན་དབང་བསྐུར་བས། །ནུས་པའི་བྱིན་བརླབས་མངོན་ཤར་ནས། །ཐེག་ཆེན་རྡོ་རྗེ་རིགས་སུ་འགྱུར། །དེ་ནས་སྐལ་ལྡན་སློབ་མ་དེ། །ཐ་མལ་འདུ་ཤེས་ཀུན་བཟློག་སྟེ། །རང་རང་ལྷར་བྱས་གསལ་བ་ལ། །ནུས་པའི་ཚད་དང་ཉམས་སྦྱར་ནས། །ཉན་པའི་དབང་དང་བསྒོམ་པ་
དང་། །འཆང་དང་ཕྲིན་ལས་བྱེད་པ་དང་། །རྡོ་རྗེ་རྒྱལ་པོ་སློབ་དཔོན་དབང་། །རང་བཞིན་ངོ་བོས་གནས་པ་ལ། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཐབས་དང་ཏིང་འཛིན་དབང་བསྐུར་བས། །མི་ནུས་ནུས་པ་ཐོབ་པའི་ཚད། །མི་ནུས་པ་ལ་བསྐུར་བ་མིན། །ཚད་ལྡན་རྣམས་ལ་
རིམ་པས་བསྐུར། །རིག་མ་ལས་ཀྱི་ཕྱག་རྒྱ་མོ། །བཅུ་དྲུག་བཅྭ་བརྒྱད་ལྡན་པ་ཡི། །དྲི་ཞིམ་ཡོན་ཏན་ལྡན་པ་ལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱལ་བ་ཀུན་གྱི་བཅུད་འདུས་པའི། །རྡོ་རྗེ་པདྨའི་རྩ་འཁོར་ལོ། །ཡེ་ཤེས་ལྔ་ཡི་རོ་ལྡན་པ། །ཐབས་དང་
เล่ม ๙๘ · หน้า 173a
ཤེས་རབ་སྣོད་ཀྱི་མཆོག །ཐབས་གསུམ་ཚུལ་གྱིས་རྩེར་བསྟིམས་པས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀུན། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་ཐིམ་པ་ལས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །རྩ་བཅུད་ཐིག་ལེའི་ངོ་བོ་
ཉིད། །མར་མེ་འོད་ལྟར་གསལ་གྱུར་པས། །བདེ་ཆེན་ཉམས་དང་རྟགས་ཐོབ་པ། །ད་ལྟ་ཉིད་འབྱུང་ཐེ་ཚོམ་མེད། །རྡོ་རྗེ་ཉི་མ་རབ་ལྡན་པའི། །བཅུ་བཞི་བཅུ་དྲུག་རབ་ལོན་པ། །ཕྱི་ནང་གསང་བའི་ཡོན་ཏན་ཉིད། །བྱིན་བརླབས་རིག་མ་ལྷ་མོར་བྱས། །ཆགས་པ་
བསྐྱེད་པའི་ཐབས་རྣམས་ཉིད། །བློ་དང་ལྡན་པས་མངོན་སུམ་བྱ། །དེ་ནས་ཆོ་ག་ཀུན་རྫོགས་ནས། །བླ་མས་གཉིས་མེད་གཏད་བྱའི་ཕྱིར། །བྱིན་བརླབས་སྦྱོར་བ་བྱས་ནས་ཡང་། །གཉིས་ཀའི་སྲིན་ལག་བཟུང་ནས་ནི། །སློབ་མ་འདི་ལ་ལེགས་གཏད་ལ། །གསང་བའི་གནང་
བ་སྦྱིན་པར་བྱ། །སྐྱེས་བུ་འདི་བཟུང་བཟང་བ་ཡིན། །དི་རིང་ཕན་ཆད་བུ་མཆོག་ཁྱོད། །སྒོ་གསུམ་ལྷ་རུ་མཉམ་སྦྱོར་བས། །ཐ་མལ་དམན་པའི་ལྟ་བ་སྤོངས། །བདེ་བ་ཆེན་པོ་ཉམས་མྱོང་པས། །དཀའ་ཐུབ་ཐེག་པའི་ལྟ་བ་སྤོངས། །ཐབས་དང་ཤེས་རབ་གཉིས་མེད་པས། །
བདེ་བའི་ཉམས་མྱོང་བརྟན་པར་བྱོས། །བརྟན་པ་བར་ཆད་མེད་བསྒོམས་པས། །རྡོ་རྗེ་འཆང་གི་ས་ལ་འགྲོ། །དེ་བས་སྐལ་ལྡན་རིགས་བཟང་ཀྱེ། །གཏན་དུ་འབྲལ་བར་མ་བྱེད་ཅིག །སྦྱོར་བའི་ཐབས་དང་ཏིང་འཛིན་དང་། །རྒྱུ་བའི་རླུང་ལ་དབང་ཐོབ་པས། །ཐིག་ལེའི་ལས་ལ་
ཐོགས་པ་མེད། །རྒྱལ་བའི་དཀྱིལ་འཁོར་རྡུལ་ཕྲན་སྙེད། །མ་ལུས་འདུས་པའི་ཐིག་ལེ་ཉིད། །ས་ཡང་བཅུ་གསུམ་གཉིས་ལྡན་པ། །ཉམས་མྱོང་བརྟེན་ཅིང་གཉིས་མེད་སྦྱར། །རླུང་གིས་བརྟེན་པའི་ཐིག་ལེ་ཉིད། །རོ་གཅིག་དུས་མཉམ་ཚུལ་བྱུང་བ། །དྲག་པ་མ་ཡིན་དལ་
བ་མིན། །དགོངས་པ་ཉམས་དང་ཞེན་ཆགས་མིན། །ཨཱ་ལི་ཀཱ་ལི་ཞུ་བའི་སེམས། །སངས་རྒྱས་ཕྲེང་བ་གཉིས་སུ་མེད། །རྡོ་རྗེ་པདྨ་རབ་བསྐྱོད་ཅིང་། །འཁྱུད་པ་གར་གྱི་ཕྱག་རྒྱ་ལས། །ཉི་ཟླ་རྩེ་ཕྲད་འབྱོར་པ་ན། །བྱེད་པ་རླུང་གི་ཐིག་ལེ་བཟུང་། །རྒྱུ་བ་བཅད་ཅིང་ཐིག་ལེ་
เล่ม ๙๘ · หน้า 173b
མནན། །ཤེས་པ་ནམ་མཁའི་ངང་ལ་གཏད། །དབང་པོ་ཤེས་རབ་ཆེ་ཆུང་གིས། །ལན་གསུམ་བརྟན་པར་གྱུར་པའམ། །མ་ཐོབ་བར་དུ་སྦྱིན་པར་བྱ། །རྡོ་རྗེ་ཟླ་འོད་མཛེས་ལྡན་མ། །དམན་དང་རིགས་ངན་རྣམ་པར་སྤངས། །རྡོ་རྗེ་དབང་པོས་མ་ཕོག་ཅིང་། །གཞན་དབང་ལོངས་
སྤྱོད་མ་བྱས་པ། །བཅུ་གཉིས་བཅུ་བཞི་བཅོ་ལྔའང་རུང་། །ཐབས་དང་ཟས་དང་སྤྱོད་ལམ་གྱིས། །བསྙེན་པའི་ཆོ་ག་གཞུང་བཞིན་བྱ། །རྡོ་རྗེ་ལྕེ་དང་སྲིན་ལག་དང་། །སྲིན་ལག་བཅོས་མ་ལ་སོགས་པ། །ཐབས་དང་བྱུག་པའི་ཡན་ལག་གིས། །གསང་བའི་ཕོ་བྲང་རྒྱས་པར་བྱ། །
འཁོར་བ་ཟིལ་གནོན་རྩ་རྙེད་ནས། །བདག་པོ་གདུང་ཅན་རྣམ་པར་སྦྱར། །ཐིག་ལེ་མྱུར་བུལ་རྟགས་བྱུང་ནས། །རྒྱུ་བ་རླུང་གི་ཚད་དུ་ཟུང་། །ཉི་ཟླ་དུས་གཅིག་ཤར་བ་ལ། །འཁོར་བ་ཟིལ་གནོན་ཐབས་ཆེན་པོ། །མྱོང་བས་ཆུ་རྒྱུན་ཏིང་འཛིན་ཐོབ། །གལ་ཏེ་རྩ་དང་བྲལ་བ་ན། །ཕཊ་
དང་ལྡན་ན་འཕྲོ་བར་འགྱུར། །དངས་རླུང་མཉམ་པས་ཟིན་པར་འགྱུར། །བཟློག་པ་འདྲེན་པའི་ཧཱུྃ་གིས་ཤེས། །སྡུས་པའི་ཧཱུྃ་གིས་བསྡམས་གནས་པ། །ཐིག་ལེས་ལུས་ལ་ཁྱབ་པར་བྱེད། །དང་པོར་ས་བོན་འཇོག་པ་སྟེ། །གཉིས་པས་ནུས་པ་བསྐྱེད་པ་ཡིན། །གསུམ་པས་
ཉམས་མྱོང་བསྐྱེད་པ་ཡིན། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པས་བརྟན་པས་ཉམས་བླངས་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །རྡོ་རྗེ་སློབ་དཔོན་གནང་ཐོབ་པ། །ནུས་ལྡན་རབ་གནས་ཆོ་ག་བརྩམ། །དེ་ནས་སློབ་མ་ཚུལ་བཞིན་གཞུག །སྒོ་གསུམ་ཉེས་པ་
ཀུན་བྲལ་བའི། །སྡོམ་པའི་དམ་ཚིག་ཕོག་བྱས་ལ། །དབང་བསྐུར་རིམ་པ་སྦྱིན་པར་བྱ། །དབང་གི་ཉམས་མྱོང་བརྟན་བྱའི་ཕྱིར། །གདམས་ངག་རྗེས་མཐུན་སྦྱིན་པར་བྱ། །གདམས་ངག་ཉམས་བརྟན་ལམ་རིམ་སྟེ། །ལམ་མཐར་ཕྱིན་པ་འབྲས་བུ་ཉིད། །དྲོད་མཐར་
ཕྱིན་དང་ས་བརྒྱད་དང་། །གྲགས་ཆེན་སངས་རྒྱས་ས་དག་ལ། །རང་རིག་རྟགས་དང་ཐུགས་རྗེ་ཡིས། །འདྲེན་སྟོབས་མཁའ་འགྲོ་གསུམ་དུ་སྣང་། །མཁའ་དང་སྒྲ་དང་གཟུགས་ཅན་གྱི། །པདྨ་ཅན་ཞེས་གྲགས་པ་ཡི། །སྦྱོར་དང་གླུ་དབྱངས་སྣང་བར་དང་། །གཟུགས་
เล่ม ๙๘ · หน้า 174a
ཙམ་བརྟན་པས་གྲོལ་བར་འགྱུར། །དབང་བསྐུར་རྩ་བའི་དཀྱིལ་འཁོར་ནི། །མ་བཅོས་རྡོ་རྗེ་དབྱིངས་དཀྱིལ་འཁོར། །ཁྲོ་བོའི་དཀྱིལ་འཁོར་ཡན་ལག་སྟེ། །བསྒྲུབ་དང་གདུག་པ་གདུལ་ཕྱིར་ཡིན། །དང་ལ་རྩ་བའི་དབང་ཐོབ་ནས། །ཕྱི་མའི་དཀྱིལ་
འཁོར་དབང་ཐོབ་བྱ། །གདུལ་བྱ་མོས་པའི་དབང་བརྩན་ལ། །ཐུན་མོང་ཙམ་དུ་ངེས་པ་མེད། །དང་པོ་གཉིས་པ་གསུམ་པ་དག །རྡོ་རྗེ་སེམས་དཔའི་དབང་བསྐུར་ཡིན། །བཞི་པ་དང་ནི་ལྔ་པ་ཉིད། །ཧེ་རུ་ཀ་ཡི་དཀྱིལ་འཁོར་རོ། །དུས་གསུམ་རྒྱལ་བས་བྱིན་བརླབས་པའི། །
མ་ནོར་ལམ་སྟོན་སློབ་དཔོན་ལ། །མཉེས་དང་བཀུར་བར་མི་བྱེད་ཅིང་། །རང་རང་ནུས་ཤིང་འཇུག་པ་ལ། །དབང་བསྐུར་གནང་བ་མ་བྱིན་པར། །གསང་བ་བཤད་དང་ཉན་པ་དང་། །བསྒོམ་དང་བསྒྲུབ་པ་ལ་སོགས་པས། །བསྐལ་པ་བྱེ་བ་དཔག་མེད་དུ། །འབྲས་བུ་ཐོབ་པར་མི་འགྱུར་
གྱི། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། །དེ་ནི་དམ་པ་ཀུན་བརྙས་པས། །ནད་དང་སྡུག་བསྔལ་མང་པོ་དང་། །མཁའ་འགྲོ་མ་དང་གདོན་གྱིས་འཚེ། །དེ་ནས་ངེས་པར་འཆི་བར་འགྱུར། །བྱིན་བརླབས་ལྡན་པའི་བླ་མ་ཡིས། །དད་བརྩོན་བརྟུལ་ཞུགས་རབ་ལྡན་པའི། །
རིགས་ངེས་སྐྱེས་བུ་མཆོག་ཉིད་ལ། །ཐབས་ཀྱིས་དབང་བསྐུར་བྱིན་བརླབས་ན། །རྒྱལ་བ་དང་ནི་མཁའ་འགྲོ་དང་། །རིག་འཛིན་གྲུབ་པ་ཕོ་མོ་ཡིས། །ཚེ་འདིར་བསམ་པ་ཀུན་སྐོངས་ཤིང་། །བྱིན་བརླབས་དབང་དང་དངོས་གྲུབ་ཀྱི། །ཕུན་སུམ་ཚོགས་པའི་བདག་པོར་
འགྱུར། །གང་གིས་གང་ལ་དབང་བསྐུར་བས། །ཐ་མལ་ཞེན་པ་དག་པ་དང་། །བདེ་ཆེན་ལམ་ལ་མངོན་ཞུགས་པས། །དངོས་གྲུབ་གང་ལ་ཐོགས་མེད་དེ། །ལས་རྣམས་གང་བརྩམས་འགྲུབ་པ་དང་། །འདོད་པའི་དོན་ལ་རོལ་པ་ཡིས། །ས་བཅུ་རིམ་པ་མཐར་ཕྱིན་
ནས། །པདྨ་སྤྱན་གྱི་ས་ཐོབ་སྟེ། །ཡི་གེ་འཁོར་ལོ་ས་ལ་གནས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔ་ལྷུན་གྲུབ་པ། །དབང་གི་འབྲས་བུ་རང་ལས་ཤར། །ཐབས་ཆེན་འདི་དང་གང་བྲལ་ན། །བསྐལ་པ་གང་གཱའི་བྱེ་སྙེད་དུ། །བརྩོན་པས་འབྲས་བུ་
เล่ม ๙๘ · หน้า 174b
ཚོལ་བྱེད་པ། །འདོད་པའི་འབྲས་བུ་སྟོངས་པར་འགྱུར། །གང་ཕྱིར་སློབ་དཔོན་སློབ་མ་དང་། །དཀྱིལ་འཁོར་རིམ་པ་ཇི་བཞིན་དུ། །ལས་དང་ཏིང་འཛིན་བྱིན་བརླབས་ཀྱིས། །འཇུག་པའི་ཆོ་ག་གསུམ་དུ་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་
ཐུགས་ཀྱི་གསང་ཆེན་པོ། །སྒྱུ་འཕྲུལ་དྲ་བའི་ལམ་ཆེན་པོ། །མ་ལུས་ཆོ་ག་རྒྱ་ཆེན་པོ། །དཔལ་ལྡན་རྡོ་རྗེ་མེ་ལོང་གི། །འཇུག་པའི་རིམ་པ་ཇི་བཞིན་དུ། །གསང་བ་ཀུན་ལ་ཤེས་པར་བྱ། །རྡོ་རྗེ་བླ་མ་དེ་ཉིད་ཀྱིས། །ཆ་བྱད་གུས་ལྡན་མཛེས་པ་ཡིས། །མེ་ཏོག་ལྡན་པས་འཁོར་
ལོ་ཉིད། །མངོན་བྱས་སྐུ་གསུང་བསྐུལ་བ་ཡིས། །དམ་ཚིག་དྲན་ཏེ་དགོངས་པར་འགྱུར། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། །གསལ་དང་རིག་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སློབ་མ་བྱིན་བརླབ་ཕྱིར། །སློབ་དཔོན་དག་ཀྱང་འཇུག་པར་བྱ། །དེ་ནས་སློབ་མ་འཇུག་བྱ་སྟེ། །ཁྲུས་བྱས་དྲི་
ཞིམ་གོས་བཟང་གྱོན། །དད་དང་གུས་ལྡན་རིན་ཆེན་བཅས། །གུས་བཅས་སྙན་པའི་ཚིག་གིས་ནི། །ལུས་དབུལ་དག་པའི་སེམས་ཀྱིས་གནས། །བདུད་རྩི་འཁྱིལ་པའི་སྦྱོར་བ་ཡིས། །བར་ཆད་སྦྱོར་བསལ་བསྲུང་བ་བྱ། །ཆོ་ག་གང་ཡིན་ལྷར་བསྐྱེད་ལ། །མཚན་མ་རྫོགས་པར་ནན་
ཏན་བྱ། །རྒྱལ་བ་ཀུན་གྱི་དམ་ཚིག་ལྔ། །འབྲུ་གསུམ་སྐུ་གསུང་ཐུགས་ལྡན་སྦྱིན། །སྙིང་གར་རྡོ་རྗེ་བརྟན་བྱས་ལ། །དམ་ཚིག་ལེགས་པར་དབོག་པར་བྱ། །ཙནྡན་དཀར་དམར་བྱིན་བརླབས་ཆུ། །ལན་གསུམ་བླུད་ལ་སྣོད་དོར་རོ། །དེ་ནས་རང་གིས་དམ་བསྒྲགས་ཏེ། །གསང་
བའི་དོན་ལ་ངེས་པར་བྱ། །རང་རང་འབྲེལ་བའི་ལྷ་ཉིད་ལ། །རིན་ཆེན་དོར་ཏེ་བརྟག་པར་བྱ། །སྔགས་དང་ཕྱག་རྒྱས་དེ་བཀུག་ལ། །བསྟིམ་ལ་དབྱེར་མེད་གནས་པ་ལ། །རྟག་ཏུ་བྱིན་བརླབས་གནས་པའི་ཕྱིར། །ལེགས་པར་བརྟན་པའི་ཆོ་ག་བྱ། །མི་ཤེས་རབ་རིབ་བསལ་
བྱས་ལ། །འཁོར་ལོ་མངོན་པའི་ང་རྒྱལ་བྱ། །དེ་ནས་ལྷ་དང་དཀྱིལ་འཁོར་གྱི། །དག་པ་རིམ་གྱིས་བསྟན་པར་བྱ། །དེ་ནས་བླ་མ་སངས་རྒྱས་ལ། །མ་ལུས་ཅི་ཡོད་དབུལ་བར་བྱ། །བྱིན་བརླབས་ཆོ་ག་དག་པ་ཡི། །དཀྱིལ་འཁོར་མཆོད་དང་བསྒོམས་པ་དང་། །ཞུགས་པའི་ཡོན་
เล่ม ๙๘ · หน้า 175a
ཏན་བསམ་མི་ཁྱབ། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །དེས་ན་རིགས་སུ་ངེས་པ་ཡིས། །དང་པོར་འཇུག་པའི་རིམ་པ་བསྟན། །རྩ་བ་ཡན་ལག་ཀུན་ཐོབ་ནས། །རིམ་པ་བཞིན་དུ་དབང་བསྐུར་རོ། །དེ་ནས་བླ་མའི་བཀའ་མནོས་ལ། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །
རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་དབང་བསྐུར་བ་མ་ལུས་པ་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་དམ་ཚིག་བླ་ན་མེད། །སྡོམ་པ་བརྟན་པོ་དམ་བཅས་པ། །འདི་དག་ལེགས་པར་བཤད་པར་བྱ། །དུས་གསུམ་
སངས་རྒྱས་ཐམས་ཅད་ཀྱིས། །འདས་དང་མ་བྱོན་དུས་གསུམ་དུ། །རྒྱལ་ཁྲིམས་ཐ་ཚིག་བཀས་བཅད་ལྟར། །རིམ་པས་དམོད་པོར་བཀས་བཅད་པའི། །བྱིན་བརླབས་རང་བཞིན་འདའ་དཀའ་བ། །ཀུན་གྱིས་བསྲུང་བྱ་ཡིན་པར་བཤད། །གང་ཕྱིར་དམ་པས་བྱིན་བརླབས་པའི། །དམ་
ཚིག་ཆེན་པོ་འདི་ཉིད་ལ། །འདས་དང་ད་ལྟར་མ་བྱོན་པའི། །རྒྱལ་བ་སྲས་དང་བཅས་པ་དང་། །རིག་འཛིན་རྣམས་དང་མཁའ་འགྲོ་དང་། །ལྷ་རྣམས་དང་ནི་མི་རྣམས་དང་། །ཀླུ་དང་མི་མིན་འབྱུང་པོའི་ཚོགས། །རྫུ་འཕྲུལ་ལྡན་པའི་ལྷ་ཆེན་ཀྱང་། །དམ་པ་འདས་པས་འཚིག་པར་
འགྱུར། །དམ་པ་ཉིད་ཀྱི་རང་བཞིན་འདི། །རྒྱལ་བ་ཀུན་གྱི་དགོངས་པ་ལ། །སྒྲ་བཞིན་སྤྱོད་པའི་གང་ཟག་རྣམས། །ལོག་པར་སྤྱད་པས་ཚིག་པར་འགྱུར། །དམ་པ་རྣམས་ཀྱིས་བཀས་བཅད་ཅིང་། །བྱིན་བརླབས་དམོད་པོར་རང་བཞིན་གྲུབ། །དམ་པ་འདི་ལས་གང་འདའ་
བ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་བརླབས་ཐོབ་པ་ཡིས། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཕྱོགས་རྣམས་འཚིག་པར་འགྱུར། །དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱིས། །དམ་ཚིག་ཅེས་ནི་རྣམ་པར་
བསྒྲགས། །བླ་ན་མེད་པའི་དམ་ཚིག་ནི། །མ་ལུས་རང་རིག་བྱང་ཆུབ་སེམས། །མཐའ་དབུས་འགྲོ་འོང་ལས་གྲོལ་བ། །གཞི་རྩ་མེད་པའི་སེམས་ཉིད་དེ། །གང་གིས་དོན་རྟོགས་གནས་གྱུར་པ། །དོན་དམ་བྱང་ཆུབ་སེམས་སུ་བརྗོད། །མ་སྐྱེས་བྱང་ཆུབ་སེམས་ཉིད་ནི། །
เล่ม ๙๘ · หน้า 175b
སྐྱེ་བའི་རང་བཞིན་ཉིད་སྣང་བ། །རང་ལུས་རྒྱལ་བའི་ཕྱག་རྒྱ་སྟེ། །མ་ལུས་དེར་སྣང་ངོ་བོ་གཅིག །རང་ལྟར་སྒོ་གསུམ་གསལ་རྟོགས་པ། །ཀུན་རྫོབ་བྱང་ཆུབ་སེམས་སུ་བཤད། །གསང་བ་བཤད་དང་དབང་བསྐུར་དང་། །མན་ངག་ལུང་དང་ཉམས་ཆགས་སྐོང་། །མཆོག་
དང་ཐུན་མོང་ལ་སོགས་པ། །དངོས་གྲུབ་སྟེར་ཞིང་གྲོལ་བྱེད་པ། །འདི་ནི་སངས་རྒྱས་མཉམ་པའི་ཕྱིར། །སྐད་ཅིག་གདུང་བ་ཉམས་མི་བྱ། །རང་གི་ལྷ་དང་གཉིས་མེད་ནས། །ཕྱག་རྒྱ་བཞིར་གསལ་རྣལ་འབྱོར་པས། །རང་གི་སྒོ་གསུམ་མཉམས་པར། །ཆུ་བོ་ལྟ་བུར་
བར་ཆད་མེད། །སངས་རྒྱས་ཀུན་གྱི་གསང་བ་ནི། །ཐེག་ཆེན་གསང་བ་ཉིད་ཡིན་པས། །སྣོད་མེད་དམན་སོགས་ལོག་པ་ལ། །གསང་བཅུ་ལ་སོགས་བརྗོད་མི་བྱ། །དང་པོར་གསང་བར་སྲོག་གཅིག་པས། །བྱང་ཆུབ་སྙིང་པོར་མི་འབྲལ་བས། །རང་སྲོག་
རང་གིས་གཅོད་ཀྱང་སླ། །བརྩེ་གདུང་དམ་ཚིག་བྲལ་མི་བྱ། །ལམ་དང་བསྒྲུབ་པའི་རྩ་བ་དང་། །དངོས་གྲུབ་ཀུན་གྱི་རྩ་བ་དང་། །འདི་དག་ཉམས་ན་ཀུན་ཉམས་པས། །རྩ་བ་ཞེས་སུ་བསྟན་པ་ཡིན། །ཡན་ལག་ཐུན་མོང་དམ་ཚིག་དང་། །ཐུན་མོང་མིན་པར་
བཤད་པར་བྱ། །དང་པོར་གསང་བའི་ལུང་ཐོབ་ནས། །ནུས་པ་མངོན་དུ་སྣང་བར་དུ། །བདག་དང་གཞན་ཕྱིར་ཐུན་མོང་གི། །འགལ་དང་སྒྲོ་སྐུར་ཀུན་འདས་ཤིང་། །ཀུན་དང་བསམ་པ་དགའ་བྱེད་པ། །ཐུན་མོང་དམ་ལས་མི་འགལ་བ། །ཐུན་མོང་དམ་ཚིག་ཡིན་པར་
བཤད། །ཐུན་མོང་མ་ཡིན་གང་ཟག་གིས། །ཐབས་ཆེན་ཐུན་མོང་མ་ཡིན་པ། །ཉོན་མོངས་ལྔ་དང་སྤྱོད་པ་ལྔ། །བདུད་རྩི་ལྔ་དང་ཤེས་པ་ལྔ། །གྲུབ་པ་ལྔ་ཡི་ཆོས་རྣམས་ཉིད། །སྐྱེས་བུ་རིགས་ཕྱེད་སྤྱོད་ཡུལ་ཏེ། །ཐུན་མོང་རྣལ་འབྱོར་ཡུལ་མིན་པས། །
ཐུན་མོང་མ་ཡིན་ཞེས་སུ་བཤད། །དང་པོ་ནས་བཟུང་རྟགས་ཐོབ་པར། །རྩ་བ་ཡན་ལག་བཅས་པ་ཡི། །ལུས་སེམས་མ་ཡེངས་རྩེ་གཅིག་པས། །རྣམ་པ་དང་བཅས་དང་དུ་བླང་། །ས་ཐོབ་གོམས་དང་མཐར་ཕྱིན་པར། །ཏིང་འཛིན་དོན་ལ་གནས་པའི་ཚེ། །འགལ་བའི་
เล่ม ๙๘ · หน้า 176a
སྒོ་གསུམ་མི་འབྱུང་བས། །ཏིང་འཛིན་རྒྱུན་གྱི་དམ་ཚིག་ལ། །རྣམ་པའི་དམ་ཚིག་མ་ལུས་འདུས། །དོན་ལས་ལངས་ཚེ་སྙིང་རྗེ་དང་། །རྩ་བ་ཡན་ལག་ཤུགས་ལྡན་ཡིན། །སངས་རྒྱས་ས་ལ་གནས་པ་ན། །འདའ་བ་མེད་པའི་དམ་ཚིག་སྟེ། །རྒྱ་མཚོ་
རླན་བཞིན་ཐོབ་སྤངས་མེད། །བསྲུང་མེད་ཡེ་ཤེས་དམ་ཚིག་སྟེ། །དམ་ཚིག་འདི་ནི་རྨད་པོ་ཆེ། །བསྙེན་པ་རྟགས་དང་ལྡན་པར་དུ། །སྤྱི་ཡི་དམ་ཚིག་བསྲུང་བྱ་ཞིང་། །བསྒྲུབ་པ་གང་ཡིན་འགྲུབ་པ་ན། །ཁྱད་པར་རང་རང་རྟོག་པ་ཡི། །དམ་ཚིག་མེད་པར་འགྲུབ་མི་འགྱུར། །
གང་ཟག་གང་ལ་དགའ་བ་ལ། །དམ་ཚིག་དཀའ་ཐུབ་སྒོ་ནས་ནི། །གསང་བའི་དོན་ལ་དགོད་བྱའི་ཕྱིར། །དམ་ཚིག་རྣམ་པ་མཐའ་ཡས་བསྟན། །དང་པོ་ལས་ཅན་རྣལ་འབྱོར་ལ། །རྩ་བ་ཐུན་མོང་དམ་ཚིག་བསྟན། །བརྟེན་ནས་ཉམས་ལྡན་གང་ཟག་ལ། །ཐུན་མོང་མིན་
པའི་དམ་ཚིག་བསྟན། །རྟོགས་པའི་འཇིགས་མེད་གང་ཟག་ལ། །འདའ་ཉམས་མེད་པའི་དམ་ཚིག་བསྟན། །ས་ཐོབ་གོམས་མཐར་ཕྱིན་པ་ལ། །ཏིང་འཛིན་རྒྱུན་གྱི་དམ་ཚིག་བསྟན། །དངོས་གྲུབ་རྟོགས་པ་ཀུན་དང་འབྲེལ། །དམ་ཚིག་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་
གྱིས་བྱིན་བརླབས་པའི། །རྩ་བ་ཡན་ལག་བཅས་པ་འདི། །ཐོབ་ནས་དམ་པར་གང་བསྲུངས་པ། །ཡོན་ཏན་ཆུང་ཡང་འགྲུབ་པར་བཤད། །མཆོག་དང་ཐུན་མོང་ལ་སོགས་པ། །དངོས་གྲུབ་རྟོག་པ་མ་ལུས་པ། །ཆོ་ག་གང་དང་ཏིང་འཛིན་གང་། །བསྒྲུབ་པ་གང་དང་གང་
ཡང་རུང་། །མ་ཉམས་ཚུལ་དུ་རབ་བརྩོན་པས། །མྱུར་དུ་འགྲུབ་པ་ཉིད་དུ་འགྱུར། །གལ་ཏེ་བྱིན་གྱིས་མ་བརླབས་ན། །རྡོ་རྗེ་འཆང་ཉིད་བརླག་པར་འགྱུར། །རྒྱལ་བ་ཀུན་གྱི་ཡོན་ཏན་ཉིད། །དམ་ཚིག་རྡོ་རྗེ་ལས་བྱུང་བས། །དམ་པ་འདི་ལ་གང་བརྟེན་པས། །ཡིད་བཞིན་ནོར་བུ་
ལྟ་བུར་གྱུར། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡན་ལག་གི། །བསྲུང་བྱ་དཀའ་ཐུབ་དམ་པ་འདི། །ཀུན་གྱིས་འདའ་བ་མ་ཡིན་ཞིང་། །གནས་པ་དམ་པ་ཉིད་ཡིན་ཏེ། །ལས་དང་སྐལ་བ་དམན་པ་དང་། །རིགས་དམན་ལེ་ལོ་ཆེ་བ་དང་། །
เล่ม ๙๘ · หน้า 176b
རང་བཞིན་ངན་པའི་གང་ཟག་གིས། །བླུན་པོ་གང་ཞིག་འདའ་བྱེད་ཅིང་། །དངོས་གྲུབ་གཉིས་ལ་རྒྱབ་ཕྱོགས་ནས། །དམ་པ་རྣམས་ལ་དམོད་བྱེད་པ། །སངས་རྒྱས་ཀུན་ལ་ཉེས་བྱས་པས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་རྒྱུད་ཚུན་ཆད་བརླག་པར་མཛད། །མཁའ་
འགྲོ་མ་དང་རིག་འཛིན་དང་། །ཁ་འབར་གཏུམ་འཁྲུག་རྔམ་པའི་ཚོགས། །དེ་མ་ཐག་ཏུ་སྲོག་བཅད་ནས། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། །གལ་ཏེ་འཇིག་པར་གྱུར་ན་ནི། །འཇིག་རྟེན་གཞན་དུ་སྐྱེ་འགྱུར་ཞིང་། །ཇི་སྲིད་ནམ་མཁའ་འཇིག་པའམ། །ཕྱི་ཡི་རྒྱ་མཚོ་
ཟད་པའི་ཚེ། །ཐར་ཏེ་གཞན་དུ་ནམ་ཡང་མིན། །དམ་པའི་བླ་མ་སྤོང་བ་དང་། །རྡོ་རྗེ་མཆེད་ལ་འཁུ་བ་དང་། །བྱང་ཆུབ་སེམས་ཉིད་མི་དྲན་ཞིང་། །སྔགས་དང་ཕྱག་རྒྱ་ཡལ་བ་དང་། །སྣོད་མིན་གསང་བ་བཤད་པ་དང་། །གསང་བའི་དོན་ལ་སྐུར་བ་ནི། །འདིར་ཡང་སྡུག་
བསྔལ་མྱོང་འགྱུར་ཞིང་། །སྐད་ཅིག་འགགས་པས་དེ་མ་ཐག །བར་མའི་ལུས་དང་བྲལ་གྱུར་པའི། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །གང་དུ་རྩ་བ་ཡན་ལག་བཅས། །བསྲུང་དང་དབོག་པར་བྱ་བའི་ཆོས། །ཐུན་མོང་དབང་དང་འབྲེལ་བཅས་པའི། །ཐུན་མོང་སྤྱི་ཡི་
ཡུལ་གྱུར་པ། །དེ་ནི་ཐུན་མོང་བསྲུང་བྱ་སྟེ། །འདི་ནི་ཕྱི་ཡི་དམ་ཚིག་གོ། །ཐབས་དང་ཤེས་རབ་སྦྱར་བའི་སེམས། །ཐིག་ལེའི་སེམས་ལྔའི་ལམ་གྱི་རིམ། །རིག་པ་མ་ལུས་གསལ་བའི་ཚེ། །ཐིག་ལེ་གཉིས་མེད་ཉམས་སུ་བྱུང་། །བདེ་བའི་ཐིག་ལེའི་བཅུད་བསྒྱུར་བས། །
ཚོགས་དྲུག་རང་སྣང་ཐིག་ལེའི་གྲོགས། །མ་ལུས་ཐིག་ལེས་བྱིན་བརླབས་པས། །ཐམས་ཅད་བདེ་ཆེན་ཕྱག་རྒྱར་གསལ། །ཐིག་ལེ་རིག་པ་ཁར་དབྱུང་མིན། །འཁོར་ལོ་ཁ་སྦྱོར་བདེ་བ་ཡིས། །ཐ་མལ་བདེ་བར་དབང་པོར་བསྒྱུར། །རྒྱལ་བའི་དགོངས་སྤྱོད་ཐབས་ཀྱིས་
མྱོང་། །ཐ་མལ་ཞེན་པ་རྣམ་པར་བཟློག །ཐབས་ལྡན་དོན་ལ་གསང་བའི་དོན། །རང་སྙིང་འོད་ཀྱི་དཀྱིལ་འཁོར་ལྔ། །འཆར་དང་ནུབ་པའི་རིམ་པ་ཡིས། །ཐབས་ཆེན་གསང་བའི་ཐིག་ལེ་ལྟར། །ཤེས་ནས་སྤང་དུ་མེད་པར་གནས། །རང་འབྱུང་གནས་པའི་བཅུད་ལྔ་
เล่ม ๙๘ · หน้า 177a
ནི། །རང་ལུས་རྟེན་གྱི་དོན་སྣང་བ། །ཁྱབ་པར་རྒྱུ་བའི་ཚུལ་དག་གིས། །དངས་སྙིགས་གཉིས་ཀྱི་ཚུལ་དུ་གནས། །རང་ལུས་རྟོག་པ་དངས་སྙིགས་དང་། །ཁ་དོག་ཡན་ལག་ཉིང་ལག་གིས། །བདེ་བའི་ཡེ་ཤེས་ལྔར་ཤེས་དང་། །བདེ་བ་ཆེན་པོ་ཉིད་དུ་
གསུངས། །ཁམས་ལྔ་བཅུད་ལས་སྐྱེས་པ་ཡི། །མ་ལུས་ཐིག་ལེའི་རང་བཞིན་ཏེ། །ཡེ་ཤེས་ལྔ་ཡི་རོ་ལྡན་པས། །རྒྱལ་བ་ལྔ་རུ་ཡང་དག་གསུངས། །ཐབས་དང་ཤེས་རབ་རྡོ་རྗེ་དྲིལ། །ཉི་ཟླའི་རིམ་པའི་འོད་གསལ་བ། །སེམས་ལྔས་མཁའ་ལ་གསལ་བའི་ཚེ། །རྟེན་
ཅན་རྟེན་དང་གཉིས་མེད་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་། །མ་ཟིན་རྡོ་རྗེ་ལྕེ་ཡིས་བླང་། །གཉིས་ཀྱི་རྟོག་པ་མ་ལུས་པ། །བདེ་ཆེན་རོ་གཅིག་བྱིན་གྱིས་བརླབས། །སྐད་ཅིག་བྲལ་མེད་བདེ་བའི་སེམས། །དུས་གསུམ་མི་འབྲལ་བརྟན་པར་གནས། །རླུང་དང་ཐིག་
ལེའི་བཟླས་པ་ཡིས། །ཐམས་ཅད་བདེ་ཆེན་ཕྱག་རྒྱར་གསལ། །བདེ་ཆེན་ཐབས་དང་ཉམས་ཀྱིས་ཏེ། །བརྗོད་དང་ཚིག་གིས་ཕེབས་པ་མིན། །གཉིས་སྦྱོར་ཕྲད་པའི་བདེ་བ་ཡིས། །ཐ་མལ་ཟད་དང་བདེ་ཆེན་སྦྱོར། །གང་གིས་སྦྱིན་པར་མི་ནུས་པ། །ད་ལྟར་ནུས་པ་
རང་གིས་མྱོང་། །གཞན་གྱི་བརྫུན་པའི་དོན་འདི་ནི། །ཐབས་ཀྱིས་བདེན་པར་མངོན་དུ་བསྟན། །ཐ་མལ་ཞེན་པ་སྤང་བའི་ཕྱིར། །ཁ་ན་མ་ཐོ་བག་ཚ་བྲལ། །སྐྱེས་དང་ནུས་དང་གནས་པའི་ཚེ། །རང་བཞིན་ལྔ་ནི་ཤུགས་ཀྱིས་གྲུབ། །རང་གི་རྩ་བཅུད་སོ་སོ་ལས། །
བདུད་རྩི་བྲལ་བ་མེད་པར་གནས། །འབྱུང་ལྔ་དབང་པོ་གཟུགས་སོགས་བཅས། །ཐབས་ལྡན་སྦྱོར་བའི་བྱིན་བརླབས་ཀྱིས། །བདེ་ཆེན་ལྷན་ཅིག་སྐྱེས་པར་ཤེས། །ཉི་ཟླ་རླུང་གིས་ཟིན་པ་ཡི། །མཚན་མ་བྲལ་བ་ངོ་བོ་ལས། །ཞེན་པ་མེད་པའི་ཐབས་ཆེན་པོས། །
ལྷན་ཅིག་སྐྱེས་པའི་རང་བཞིན་ལས། །ཡེ་ཤེས་ལྔ་ཡི་རོས་གང་བས། །མ་ལུས་རྒྱལ་བ་ལྔ་རུ་གྲུབ། །འདི་ནི་ཕྱི་ནང་གསང་བ་ཡི། །རང་བཞིན་དམ་ཚིག་ཆེན་པོ་ཡིན། །དམ་ཚིག་རྣམ་པ་མཐའ་ཡས་པ། །ཤིན་ཏུ་བསྡུས་པ་རྣམ་པ་གཉིས། །
เล่ม ๙๘ · หน้า 177b
འབྲིང་དུ་རྩ་བ་ལྔ་ཉིད་དང་། །ཡན་ལག་བཅུ་རུ་ཤེས་པར་བྱ། །ཤིན་ཏུ་རྒྱས་པའི་དམ་ཚིག་ནི། །སྤྱིར་ནི་སུམ་བརྒྱ་དྲུག་ཅུ་སྟེ། །རང་བཞིན་འོད་གསལ་བ་ཉིད་དང་། །ཉིད་ཀྱི་དཀྱིལ་འཁོར་སྣང་བ་དང་། །དུས་བཞི་རྒྱལ་མཆོག་ཉིད་དང་ནི། །བསྒྲུབ་མེད་མཉམ་པར་
རྫོགས་པ་ཉིད། །ལྷུན་གྲུབ་བདེ་གནས་དམ་ཚིག་དང་། །རྣམ་དག་བྱང་ཆུབ་གཟུང་འཛིན་བྲལ། །རྟོགས་ནས་དོན་འཛིན་དམ་ཚིག་དང་། །སེམས་ལ་གནས་བཅས་དམ་ཚིག་དང་། །ཡེ་ནས་མ་བཅོས་དམ་ཚིག་དང་། །འདུས་བྱས་རྣམ་དག་དམ་ཚིག་དང་། །ཆོས་རྣམས་དབྱེར་
མེད་དམ་ཚིག་དང་། །ཐམས་ཅད་འཇིགས་མེད་དམ་ཚིག་དང་། །གཡུང་དྲུང་ཚེ་འཕེལ་དམ་ཚིག་དང་། །ཐམས་ཅད་བསྲུང་དུ་མེད་པ་སྟེ། །འདི་དག་ལྟ་བའི་དམ་ཚིག་ཡིན། །ཐམས་ཅད་སྦྱོར་བའི་དམ་ཚིག་དང་། །མ་ལུས་བསྒྲལ་བའི་དམ་ཚིག་དང་། །མ་བྱིན་
ལེན་པའི་དམ་ཚིག་དང་། །བརྫུན་དུ་སྨྲ་བའི་དམ་ཚིག་དང་། །ཐམས་ཅད་སྤྱོད་པའི་དམ་ཚིག་དང་། །དམ་རྫས་སྤྱོད་པའི་དམ་ཚིག་སྟེ། །འདི་དག་སྤྱོད་པའི་དམ་ཚིག་ཡིན། །བསྒྲུབ་པའི་དམ་ཚིག་རྣམ་གསུམ་ནི། །རྡོ་རྗེ་སྐྱེ་གནས་དམ་ཚིག་དང་། །འདྲེན་བྱེད་གནས་
སྟོབས་དམ་ཚིག་དང་། །ལམ་ལ་སྟོན་བྱེད་དམ་ཚིག་དང་། །རབ་ཏུ་རྟོགས་བྱེད་དམ་ཚིག་དང་། །སྒྱུར་བྱེད་བྱང་ཆུབ་དམ་ཚིག་དང་། །ཐམས་ཅད་དབང་སྒྱུར་དམ་ཚིག་དང་། །རིག་འཛིན་གནས་སྟོབས་དམ་ཚིག་སྟེ། །བསྒྲུབ་བྱ་རྟོགས་པའི་དམ་ཚིག་ཡིན། །ཡུམ་གྱུར་
དབྱིངས་ཕྱུག་དམ་ཚིག་དང་། །ཐབས་ཉིད་ཤེས་རབ་སྦྱོར་དམ་ཚིག །ཤེས་རབ་ཐབས་སུ་སྦྱོར་དེ་བཞིན། །གླང་པོ་བརྗིད་གནོན་དམ་ཚིག་དང་། །ཐམས་ཅད་མི་ཆུད་དམ་ཚིག་དང་། །ཐམས་ཅད་བསྲུང་བའི་དམ་ཚིག་དང་། །ཏིང་འཛིན་ཕྱག་རྒྱའི་དམ་ཚིག་སྟེ། །
བསྒྲུབ་པ་ཐབས་ཀྱི་དམ་ཚིག་ཡིན། །ཚོགས་ཀྱི་མཆོད་པའི་དམ་ཚིག་དང་། །ཚོགས་ཀྱི་དཀྱིལ་འཁོར་དམ་ཚིག་དང་། །ཚོགས་ཀྱི་ཕྲིན་ལས་དམ་ཚིག་དང་། །ཕྲ་མེན་ཚིམ་བྱེད་དམ་ཚིག་སྟེ། །བསྒྲུབ་པའི་ཕྲིན་ལས་དམ་ཚིག་ཡིན། །ཡང་དག་དོན་སྟོན་དམ་ཚིག་དང་། །
เล่ม ๙๘ · หน้า 178a
གསུང་མཆོག་མཐའ་ཡས་དམ་ཚིག་དང་། །ཐམས་ཅད་སྐད་མཇལ་དམ་ཚིག་དང་། །ཡི་གེ་མེད་མཇལ་དམ་ཚིག་དང་། །སྟོང་གསུམ་ཀུན་གྲགས་དམ་ཚིག་དང་། །ཡེ་ཤེས་གསུང་མཆོག་དམ་ཚིག་དང་། །བསམ་ཡས་རྡོ་རྗེ་གསུང་དམ་ཚིག །མི་
འགྱུར་རྡོ་རྗེའི་དམ་ཚིག་སྟེ། །བདག་གིས་ཤེས་བྱའི་དམ་ཚིག་ཡིན། །ཤེས་བྱ་ཏིང་འཛིན་དམ་ཚིག་བཞི། །ནམ་མཁའ་སྣང་བྱེད་དམ་ཚིག་དང་། །རྟེན་བྱེད་ས་ཡི་དམ་ཚིག་དང་། །སྲེག་བྱེད་མེ་ཡི་དམ་ཚིག་དང་། །འཁྲུག་བྱེད་ཆུ་ཡི་དམ་ཚིག་དང་། །གཡེངས་བྱེད་ཆེན་
པོའི་དམ་ཚིག་སྟེ། །ཤེས་རབ་ལྔ་ཡི་དམ་ཚིག་དང་། །ཕུང་པོ་ལྔ་ཡི་དམ་ཚིག་ནི། །ཐབས་མཆོག་ལྔ་ཡི་དམ་ཚིག་ཡིན། །ཆོས་རྣམས་གཟུགས་བརྙན་དམ་ཚིག་དང་། །སྒྲ་ལྟར་ཤེས་པའི་དམ་ཚིག་དང་། །དྲི་ལྟར་ཤེས་པའི་དམ་ཚིག་དང་། །རོ་ལྟར་ཤེས་པའི་དམ་ཚིག་དང་། །
རེག་ལྟར་ཤེས་པའི་དམ་ཚིག་ནི། །གཉིས་སུ་མེད་པའི་དམ་ཚིག་ཡིན། །ཁ་དོག་ལྔ་ཡི་དམ་ཚིག་དང་། །ཕྱོགས་ལྔ་ཡི་ནི་དམ་ཚིག་དང་། །དབང་ལྔ་ཡི་ནི་དམ་ཚིག་སྟེ། །གསུམ་པོ་སྤྱིར་ཁྱབ་དམ་ཚིག་ཡིན། །བདེ་བའི་ངང་ཉིད་དམ་ཚིག་དང་། །ལྷུན་གྲུབ་ཡེ་ཤེས་དམ་
ཚིག་དང་། །མི་འཇིགས་རྒྱལ་མཆོག་དམ་ཚིག་དང་། །མཉམ་རྫོགས་ལྷུན་གྲུབ་དམ་ཚིག་དང་། །ཕྱོགས་དུས་དབྱེར་མེད་དམ་ཚིག་དང་། །ཉིད་ཀྱི་དཀྱིལ་འཁོར་དམ་ཚིག་དང་། །ཆོས་ལ་སྐྱོན་མེད་དམ་ཚིག་དང་། །བརྗོད་མེད་སྤྲོས་མེད་དམ་ཚིག་དང་། །ཕྱོགས་དུས་
གཉིས་མེད་དམ་ཚིག་དང་། །གཉིས་མེད་བྱང་ཆུབ་སེམས་དམ་ཚིག །འདུས་མ་བྱས་པའི་དམ་ཚིག་དང་། །ཐམས་ཅད་རྒྱས་འདེབས་དམ་ཚིག་དང་། །ཐམས་ཅད་མི་འགོག་དམ་ཚིག་སྟེ། །ངོ་བོ་ཏིང་འཛིན་དམ་ཚིག་ཡིན། །གྲུབ་པར་བྱ་བ་ལྔ་བསྟན་པ། །ཆོས་ཀྱི་འཁོར་
ལོའི་དམ་ཚིག་དང་། །རིན་ཆེན་འབྱུང་བའི་དམ་ཚིག་དང་། །པདྨ་ཆགས་མེད་དམ་ཚིག་དང་། །དོན་རྣམས་གྲུབ་པའི་དམ་ཚིག་དང་། །འཇིགས་བྱེད་རྡོ་རྗེ་དམ་ཚིག་དང་། །དེ་བཞིན་སྐུ་ཉིད་དམ་ཚིག་དང་། །ཐམས་ཅད་འབྱོར་ལྡན་དམ་ཚིག་སྟེ། །སྐུ་ཡི་དམ་ཚིག་བདུན་དུ་
เล่ม ๙๘ · หน้า 178b
བཤད། །ཡང་དག་དོན་སྟོན་ལ་སོགས་པ། །གསུང་གི་དམ་ཚིག་བརྒྱད་པོ་ཉིད། །རང་ལ་རྫོགས་པར་ཤེས་བྱ་སྟེ། །འབྲས་བུའི་བསྲུང་བས་བསྒྲུབ་བྱ་ཡིན། །རང་རིག་དབང་སྒྱུར་དམ་ཚིག་དང་། །ཆེ་མཆོག་རྣམ་དག་དམ་ཚིག་དང་། །རང་བཞིན་འོད་གསལ་དམ་ཚིག་དང་། །
བྱང་ཆུབ་སྡོམ་བྱེད་དམ་ཚིག་དང་། །ཐམས་ཅད་དབང་སྒྱུར་དམ་ཚིག་དྲུག །ཐུགས་ཀྱི་དམ་ཚིག་ཉིད་དུ་བཤད། །བྱང་ཆུབ་ཞིང་བཀོད་དམ་ཚིག་དང་། །ཡེ་ཤེས་བཞུགས་གནས་དམ་ཚིག་དང་། །གཞལ་ཡས་ཁང་བསྟན་དམ་ཚིག་དང་། །སྣ་ཚོགས་ཀུན་སྒྱུར་དམ་ཚིག་
དང་། །ཟད་མེད་གཏེར་ལྡན་དམ་ཚིག་དང་། །བསྒྲུབ་པ་ཟད་མེད་དམ་ཚིག་དང་། །ཟད་མེད་གཏེར་ཆེན་དམ་ཚིག་ནི། །ཡོན་ཏན་དམ་ཚིག་བདུན་དུ་བཤད། །ཐམས་ཅད་བྱིན་རློབ་དམ་ཚིག་དང་། །བདུད་སྡེ་ཚར་གཅོད་དམ་ཚིག་དང་། །སེམས་ཅན་དོན་བྱེད་དམ་ཚིག་
ནི། །ཕྲིན་ལས་དམ་ཚིག་གསུམ་དུ་བཤད། །སྤོང་བ་རྡོ་རྗེ་དམ་ཚིག་དང་། །ཆགས་པའི་ཡེ་ཤེས་དམ་ཚིག་དང་། །གཏི་མུག་ཆེན་པོའི་དམ་ཚིག་དང་། །ཕྲག་དོག་ཆེན་པོའི་དམ་ཚིག་དང་། །ང་རྒྱལ་བདེ་མཆོག་དམ་ཚིག་དང་། །ཉོན་མོངས་ལྔ་ཡི་དམ་ཚིག་སྟེ། །
མི་སྤོང་བ་ཡི་དམ་ཚིག་ཡིན། །གཏན་དུ་མ་ཡེངས་བསྲུང་བ་ནི། །མཉམ་པ་ལྔ་ཡི་དམ་ཚིག་དང་། །བདེན་པ་དབྱེར་མེད་དམ་ཚིག་དང་། །སྐུ་གསུང་ཐུགས་སྦྱོར་དམ་ཚིག་དང་། །ལམ་ལྔ་རྫོགས་པའི་དམ་ཚིག་དང་། །ཐམས་ཅད་བདེ་སྦྱོར་དམ་ཚིག་དང་། །རྡོ་རྗེ་ལོག་
འཇོམས་དམ་ཚིག་དང་། །འཁོར་བ་ཟིལ་གནོན་དམ་ཚིག་དང་། །མ་བཅོས་ལྷུན་གྲུབ་དམ་ཚིག་དང་། །ཐིག་ལེ་བདེ་སྦྱོར་དམ་ཚིག་ནི། །ལྟ་བ་རྒྱུན་བསྲུང་དམ་ཚིག་ཡིན། །ཏིང་འཛིན་རྒྱུན་བསྒོམ་དམ་ཚིག་དང་། །བཅིང་བ་ཕྱག་རྒྱའི་དམ་ཚིག་དང་། །བཟླས་པ་སྒྲ་
སྙན་དམ་ཚིག་དང་། །སྒོ་གསུམ་མཉམ་པའི་དམ་ཚིག་དང་། །ཤེས་རབ་བདེ་སྦྱོར་དམ་ཚིག་ནི། །ཏིང་འཛིན་རྒྱུན་གྱི་དམ་ཚིག་ཡིན། །ཐ་སྙད་ཟིལ་གནོན་དམ་ཚིག་དང་། །སྤྱོད་ལམ་བདེ་འབྱོར་དམ་ཚིག་དང་། །རིག་པ་ཐོད་རྒལ་དམ་ཚིག་དང་། །མ་བཅོས་གནས་
เล่ม ๙๘ · หน้า 179a
དག་དམ་ཚིག་དང་། །རང་འབྱུང་གནས་བྲལ་དམ་ཚིག་སྟེ། །ཅིག་ཅར་གནས་པའི་བསྲུང་ཐབས་ཡིན། །ཐམས་ཅད་སྐྱེད་བྱེད་དམ་ཚིག་དང་། །རྒྱུད་དྲུག་སྦྱོར་བྱེད་དམ་ཚིག་དང་། །རྟོགས་པས་ཚིམ་བྱེད་དམ་ཚིག་དང་། །ཁྱབ་པ་ནམ་མཁའི་དམ་ཚིག་དང་། །
གཞན་དོན་ཤུགས་གྲུབ་དམ་ཚིག་ནི། །དམ་ཚིག་ཆེ་བ་བསྟན་པ་ཡིན། །དམྱལ་ཆེན་དམྱལ་བ་ཕལ་པ་དང་། །ཡི་དགས་བྱོལ་སོང་སྲིན་པོ་དང་། །གནོད་སྦྱིན་མངལ་སྲིན་ཁ་འབར་ལྕེ། །ལྷ་དང་ལྷ་མིན་རུ་དྲ་དང་། །རྩངས་པ་ལ་སོགས་འཁོར་བ་སྟེ། །ཆད་པའི་སྐྱེ་གནས་
བསྟན་པ་ཡིན། །བསྲུང་བའི་དམ་ཚིག་ཆེན་པོ་ཡིན། །གལ་ཏེ་སྟོང་པའི་དོན་རྟོགས་ན། །བསྐང་དང་ཉམས་པའི་ཚུལ་མེད་དེ། །ཆད་པའི་ཡུལ་ལས་འདས་པ་ཡིན། །གང་ཟག་འགའ་ཞིག་སྤྱོད་ཡུལ་ཡིན། །གལ་ཏེ་རྩ་བའི་དམ་ཉམས་ན། །བླ་མ་གྲོགས་པོ་བརྒྱ་དག་ལ། །
བཤགས་པ་སྟོང་ཕྲག་བརྒྱ་རུ་བྱ། །བཟླས་པ་བྱེ་བ་ཕྲག་བདུན་བྱ། །གཏོར་མ་འབུམ་ཕྲག་བདུན་དུ་བྱ། །སྦྱིན་སྲེག་འབུམ་ཕྲག་བཅུ་གཅིག་བྱ། །དེ་ནས་སླར་ཡང་བླང་བའམ། །བླ་མས་གནང་ནས་གནས་པར་བྱ། །གལ་ཏེ་ཡུལ་དེ་མི་གནས་སམ། །ལོ་གསུམ་ཕན་ཆད་
འདས་པའམ། །གལ་ཏེ་བཤགས་པའི་ཚུལ་མཐོང་པས། །མ་དད་འདོད་པའི་སེམས་སྐྱེས་ནས། །བསྐང་བའི་ཚད་ལས་འདས་པ་སྟེ། །བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར། །བཤགས་ཀྱང་དག་པར་མི་འགྱུར་ཏེ། །རྡོ་རྗེ་དམྱལ་བ་ཞེས་བྱ་བར། །མི་བཟད་སྡུག་བསྔལ་
མྱོང་ནས་ནི། །ཇི་སྲིད་ནམ་མཁའ་གནས་པའི་བར། །མཚོན་ཆའི་འཁོར་ལོ་བཞིན་དུ་འཁོར། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཟླ་བ་བདུན་དུ་སྨྲ་བཅད་བྱ། །སྦྱིན་སྲེག་སྟོང་རྩ་བརྒྱད་དུ་བྱ། །བཟླས་པ་བྱེ་བ་ཚད་འབུམ་གཅིག །གཏོར་མ་ཁྲི་ཕྲག་གཅིག་ཏུ་བཏང་། །
དེ་ནས་སླར་ཡང་བླང་བ་དང་། །དག་དང་ཚངས་པར་བསྒྲགས་པར་བྱ། །དག་པའི་སྣོད་དང་མི་ལྡན་པར། །གསང་བ་སྟོན་ཅིང་འཆད་པ་དང་། །དབང་མ་ཐོབ་པར་བཀའ་འགོམ་དང་། །བདེར་གཤེགས་བཀའ་ལས་འདས་པ་དང་། །ཚད་དང་ལྡན་པའི་སྣོད་མིན་ལ། །གསང་
เล่ม ๙๘ · หน้า 179b
བ་ཚད་དུ་སྒྲོགས་པ་དང་། །གསང་བ་ཉམས་སུ་མི་ལེན་པར། །འཕྱར་བས་ཀུན་ལ་སྤེལ་བ་ནི། །ཚད་ལས་འདས་པའི་གང་ཟག་སྟེ། །སངས་རྒྱས་ཀུན་ལ་བརྙས་བྱེད་པས། །དུས་གསུམ་སངས་རྒྱས་ཁྲོས་པ་ཡིས། །བདུན་རྒྱུད་ཚུན་ཆད་བརླག་པར་མཛད། །བླ་མ་དང་ནི་གྲོགས་
རྣམས་དང་། །ཕ་མ་གཉེན་བཤེས་རྒྱལ་བློན་དང་། །རྒྱལ་འབངས་འཕངས་ཉེས་མེད་སྡང་བ་ནི། །དམ་ཚིག་ཉམས་པའི་རྟགས་སུ་བཤད། །ཟབ་མོ་དག་ལ་གེགས་འབྱུང་དང་། །བསྒྲུབས་པས་འདོད་པ་མི་འབྱུང་ཞིང་། །བསྲུང་བའི་ལྷ་རྣམས་གཡེལ་བ་དང་། །མ་ཉེས་ཡ་ཁ་འབྱུང་བ་
དག །དམ་ཚིག་ཉམས་པའི་རྟགས་སུ་བཤད། །དང་པོར་བླ་མའི་ལུང་ཐོབ་ནས། །རང་རིག་ཉམས་པ་མ་ཚོར་ཞིང་། །བདེ་ལེགས་བསམ་པ་འགྲུབ་འགྱུར་ཞིང་། །བདག་གཞན་བསམ་པའི་ཁྱད་པར་དག །སྔོན་དུ་ཡིད་བཞིན་ནོར་བུ་བཞིན། །འགྲུབ་ཅིང་བསྔགས་པས་
ཐོབ་པ་ནི། །མ་ཉམས་དོན་དང་ལྡན་པའི་རྟགས། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་ཡིན། །གལ་ཏེ་མ་ཉམས་རྟགས་བྱུང་ན། །བསྐང་གསོའི་ཆོ་ག་མྱུར་དུ་བརྩམ། །གལ་ཏེ་ཉམས་ལ་རྟགས་མེད་ཅིང་། །ལེགས་པར་སྣང་ན་མི་རུང་སྟེ། །བདག་གི་ས་བོན་ཚིག་པ་སྟེ། །བདེ་
བ་ཟད་བྱས་གཏན་དུ་སྡུག །མ་ཉམས་རྟགས་བྱུང་མྱུར་བསྐངས་ན། །སྔོན་གྱི་བག་ཆགས་ཟད་པར་འགྱུར། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་དམ་ཚིག་མ་ལུས་པ་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་
བ། །མཆོག་དང་ཐུན་མོང་ལ་སོགས་པ། །བསྒྲུབ་པའི་ཁྱད་པར་ཇི་སྙེད་པའི། །རྟོག་པའི་ཆོ་ག་མདོར་བསྡུས་བཤད། །རྒྱུད་ཀྱི་རྒྱལ་པོ་མ་ལུས་ལས། །ཐུན་མོང་དག་ལ་མོས་ཞུགས་པས། །ཐུན་མོང་ཡོ་བྱད་ཏིང་འཛིན་དང་། །སྔགས་དང་ཕྱག་རྒྱ་འབྲལ་གོམས་
པས། །རྟགས་དང་ནུས་པ་མཐར་ཕྱིན་པས། །གང་ལྟར་དམིགས་པ་འགྲུབ་འགྱུར་ཏེ། །ཟག་བཅས་ཐུན་མོང་དངོས་གྲུབ་ཡིན། །དེ་ལས་གཞན་པ་བཤད་པར་བྱ། །གང་དུ་མཆོག་གི་རྣལ་འབྱོར་པ། །དབང་དང་དམ་ཚིག་ཏིང་འཛིན་དག །ཕྱི་ནང་གསང་བའི་རིམ་
เล่ม ๙๘ · หน้า 180a
ཐོབ་ན། །མི་ལྡོག་བརྟན་པའི་རྣལ་འབྱོར་ཐོབ། །མཐོང་ནས་བསྒོམ་ལམ་མ་ངེས་རིགས། །ཏིང་འཛིན་གང་བསྒོམ་བར་ཆད་མེད། །ཚེ་འདིས་དབང་སྒྱུར་འཇིགས་བྲལ་ཏེ། །དེ་ནས་སྐུ་ལྔའི་བདག་ཉིད་ཐོབ། །མཆོག་ལྡན་མཆོག་གིས་མཆོག་ཐོབ་པས། །མཆོག་
གི་དངོས་གྲུབ་ཐུན་མོང་མིན། །དད་དང་དམ་ཚིག་ཤེས་རབ་དང་། །བརྩོན་འགྲུས་བརྟུལ་ཞུགས་བཟོད་པ་ཐོབ། །བརྟེན་ཅིང་སྙིང་བརྩེ་དབང་རྫོགས་ཤིང་། །བསྒྲུབ་དང་ལམ་གྱི་སྦྱོར་བ་ཤེས། །ཡིད་ཐུབ་མི་ལྡོག་བརྟན་པ་ཅན། །ཉམས་ཐོབ་དང་དུ་ལེན་པ་ནི། །གཅིག་དང་ལྔ་གསུམ་
གང་ཟག་གིས། །རི་བོ་རི་སུལ་གསང་བར་དང་། །ཆུ་གླིང་ངམ་གྲོག་བྲག་རྫོང་དང་། །དུར་ཁྲོད་རི་ཕུག་ཆུ་མདོ་དང་། །ཡིད་འོང་བཀྲ་ཤིས་ཉམས་དགའ་བར། །ཆོ་ག་བྱིན་བརླབས་རྫོགས་པ་ཉིད། །ལས་ཀྱི་ཆོ་ག་གང་ཡིན་པ། །བདག་གམ་གཞན་གྱིས་བྱས་པ་ནི། །བདག་དབང་
བཀྲ་ཤིས་ཕུན་སུམ་ཚོགས། །དམ་ཚིག་དབང་དང་ལྟ་བ་དག །སྔོན་དུ་བྱ་བ་རྫོགས་པ་ཡིས། །སྔོན་དུ་རྣལ་འབྱོར་གསུམ་ཐོབ་བམ། །དང་པོ་ཡིད་བརྟན་གང་ཡིན་ཀྱང་། །གང་ལ་ཡིད་ཀྱིས་དམིགས་པ་དེ། །ཆོ་ག་ཏིང་འཛིན་འབྲེལ་པ་ཉིད། །རང་རང་རྟོག་པ་ཇི་བཞིན་དུ། །
ཐ་མལ་པ་དང་ལེ་ལོ་དང་། །ཐེ་ཚོམ་དད་པའི་སྟོབས་ཀྱིས་ཏེ། །གལ་ཏེ་དེ་དག་མི་ལྡན་ན། །ས་ཐོབ་ཀྱིས་ཀྱང་མ་ཡིན་ན། །གང་ཟག་སྐྱེ་བོས་སྨོས་ཅི་དགོས། །གལ་ཏེ་དགུག་པའི་ལས་བྱ་ན། །བདག་ཉིད་དབང་དྲག་ཁྲོ་བོ་སྟེ། །དམར་ཐག་དུད་ཀའི་མདོག་འདྲ་བའི། །
གོང་ལྟར་གནས་པའི་འཕྲོ་འདུ་ནི། །ཞགས་པ་ལྕགས་ཀྱུ་ཤ་སྟག་སྟེ། །དམིགས་པ་བརྟན་ཅིང་རྟགས་ཐོབ་ནས། །མངོན་དུ་གྱུར་གྱི་བར་དུ་ནི། །རང་སྔགས་བརྗོད་པ་དེ་ཡི་མཐར། །ཆེ་གེ་མོ་ཞིག་ཛཿཧཱུྃ་ཞེས། །དགྲ་དང་བགེགས་དང་ལྷ་དང་གཟུངས། །མཐུ་དང་རྫུ་
འཕྲུལ་ལྡན་ཡང་རུང་། །ཐ་མལ་དབང་མེད་བཞིན་དུ་དགུག །གལ་ཏེ་དེ་ཡི་དགོས་པ་དག །མྱུར་དུ་གྲུབ་པར་མ་གྱུར་ན། །དེ་དག་ལེགས་པར་གྲུབ་ཀྱི་བར། །གང་ཡིན་མཁས་པས་བཅིང་བར་བྱ། །ངག་དང་ཐབས་དང་ཏིང་འཛིན་གྱིས། །འགྲུབ་པར་འགྱུར་བར་
เล่ม ๙๘ · หน้า 180b
གདོན་མི་ཟ། །བདག་ཉིད་དབང་དྲག་གསལ་བ་ཡི། །ལྕེ་ལ་དབང་གི་འཁོར་ལོ་བསམ། །ཡི་གེ་གསུམ་ལྡན་དགུ་བཀོད་ནས། །འོད་ཀྱིས་ནམ་མཁའི་ཁམས་བཀང་ཞིང་། །པདྨ་རཱ་ག་ཞུ་འདྲ་བས། །གང་ཐིམ་བདག་གི་དབང་གྱུར་ཞིང་། །བདེན་པ་བདར་ཞིང་ངག་གིས་བཅིང་། །
ཡང་ན་གང་ལ་གང་ཆགས་པའི། །རྫས་ལ་རིང་དུ་འདོད་པ་ལྟར། །འདོད་པ་གྲུབ་ན་དམ་བཅས་ཤིང་། །ཡིད་འོང་འདུལ་བའི་ཏིང་འཛིན་གྱིས། །དགའ་བའི་ཐབས་ཀྱིས་བསྟེན་བྱས་ན། །གལ་ཏེ་འགྲོ་ཞིང་འཕྲོ་འདོད་ན། །དབང་དྲག་ཕྱག་རྒྱས་བསྡིགས་བཅིང་གཟིར། །
དགའ་བའི་ཐབས་ཀྱིས་ཡིད་འཕྲོག་ནས། །རོལ་མོ་སྒྱུ་མཁན་དག་དེ་ཡིས། །འདུས་པའི་གང་ཟག་ཆགས་པ་ཅན། །བྱ་བ་ཐབས་ཀྱིས་བྲལ་བ་ལྟར། །བྲལ་བ་མེད་པར་གནས་པར་འགྱུར། །ཏིང་འཛིན་བརྟན་པའི་ནུས་པ་ཡིས། །གང་ཡང་རུང་བའི་སེམས་ཅན་དེ། །སྣ་
ཚོགས་ཁྲོ་བོ་ཁྲོ་མོ་ཡིས། །འོད་དང་ཕྱག་རྒྱ་འབར་བ་ཡིས། །བཅིངས་ནས་མདུན་དུ་གནས་པར་བལྟ། །དགའ་དང་བསྡིགས་པ་རྫས་ཀྱི་མཐའ། །ཏིང་འཛིན་བརྟན་པས་ངེས་པར་འགྲུབ། །མེད་ལས་དངོས་པོར་ངེས་གྲུབ་ཅིང་། །མི་མཐུན་བརྒྱད་སོགས་ངེས་འགྲུབ་ན། །
ཡོད་དང་སྣང་བའི་འགྲོ་བ་དག །དབང་པོས་བསྒྱུར་བ་སྨོས་ཅི་དགོས། །གལ་ཏེ་གསོ་བའི་ལས་བྱས་ན། །ལས་ནི་གཉིས་ཏེ་བརྩམས་པས་འགྲུབ། །བདག་ཉིད་རྟག་པར་སྐྱེས་ནས་ནི། །དབང་བསྐུར་བྱིན་བརླབས་ཀུན་བསྟིམས་ནས། །མདུན་དུ་ཤེལ་གྱི་བུམ་པ་རུ། །ཐུགས་
ལས་ཆུ་ཡི་ལྷ་མོ་བསྐྱེད། །ཕྱོགས་བཅུའི་རྒྱལ་བ་དེར་གྱུར་ནས། །བུམ་པར་ལྷ་མོ་འོད་དུ་ཞུ། །ནད་དང་སྡུག་བསྔལ་བྱང་བར་བསམ། །དམར་སེར་བ་ཡི་འོ་མ་དང་། །སྨན་དག་རིན་ཆེན་སྤོས་དང་འབྲུ། །བདུད་རྩི་སྙིང་པོ་ཆ་རྐྱེན་ལ། །མཱ་མ་ཀཱི་ཡི་སྔགས་ཀྱིས་གདབ། །ཨོཾ་མཱ་
མ་ཀཱི་སརྦ་པ་བ་དུ་རུ་དུ་རུ་སྭཱ་ཧཱ། །ནད་དང་སྡུག་བསྔལ་ལྡན་པའི་ལུས། །བཀྲུས་པས་འཚོ་བར་ཐེ་ཚོམ་མེད། །བདག་ཉིད་བརྟུལ་ཞུགས་བདེ་ལྡན་པས། །སྔོན་དུ་བྱ་བ་སྔོན་སོང་བས། །དགོན་པ་བས་མཐའ་རབ་དབེན་པར། །མ་སྨས་མ་རུལ་ཚད་ལྡན་པའི། །དུར་ཁྲོད་ཞིང་
เล่ม ๙๘ · หน้า 181a
ཆེན་མཚན་ལྡན་ལ། །ཁྲུས་དང་བྱུག་བདུག་ཀུན་བྱས་ནས། །ཕོ་མོ་ལ་སོགས་ཡིན་པ་ཡི། །ལས་དེ་ངེས་པར་འགྲུབ་པར་འགྱུར། །དེ་དག་མཎྜལ་གཙང་མ་ཡི། །དབུས་སུ་ལེགས་པར་བཞག་ནས་ནི། །བདག་ཉིད་ཁྲོ་བོ་གང་ཡང་རུང་། །གསལ་བས་ཚངས་པ་བརྒྱ་
བྱིན་རུང་། །རང་སྔགས་སྲོག་སྙིང་ཛ་ཡིས་དགུག །ཕྱག་རྒྱ་བཞི་ཡིས་དབབ་པར་བྱ། །གལ་ཏེ་འདར་དང་རྒོད་པ་དང་། །ངུ་དང་འཇིགས་པའི་སྒྲ་བྱུང་ན། །དམ་ཚིག་ཕྱག་རྒྱ་བསྟན་པར་བྱ། །དམ་ཆུ་བྱིན་ལ་མནས་བསྒགས་ཏེ། །གང་འདོད་ལས་ལ་མངག་པར་བྱ། །གལ་ཏེ་
འཇིག་རྟེན་ཐེ་ཚོམ་ཟོས། །དེ་ཡིས་ཟོས་དང་བརྒྱལ་བ་དང་། །འཕྲལ་དུ་བདག་ཉིད་འཆི་བར་འགྱུར། །གང་ཞིག་ཏིང་འཛིན་བརྟན་པ་ཡིས། །བར་ཆད་མེད་པར་བསྒྲུབ་པའི་ཚེ། །མདངས་ལྡན་ཡིད་འོང་དང་པོ་སྟེ། །དྲི་ཞིམ་འོད་ཆགས་གཉིས་པ་ཡིན། །དགའ་བའི་སྒྲ་སྒྲོགས་
གསུམ་པ་ཡིན། །བཀྲག་དང་གཟི་མདངས་ཉམས་སོད་ཡིན། །ཞིང་ཆེན་ཁ་ནས་ཧྲི་བྱུང་ན། །ཏིང་འཛིན་རྡོ་རྗེ་སོ་ཡིས་བཅད། །རོ་ལངས་བརྡབས་ན་གསེར་དུ་འགྱུར། །ལྕེ་ཡི་རལ་གྲིས་དེ་བཅད་ན། །ཅིས་ཀྱང་མི་ཚུགས་གོ་མཚོན་ཏེ། །ལྷ་མིན་གཡུལ་ཡང་ཕམ་བྱེད་ན། །
དཔའ་བོ་སྟོབས་ལྡན་སྨོས་ཅི་དགོས། །དེ་ཡི་དབང་པོ་ལྔ་དག་ལ། །མངོན་ཤེས་ལྔ་ཡི་དངོས་གྲུབ་ཡོད། །རང་གི་རྟོག་པ་ཇི་བཞིན་དུ། །མཁས་པས་བསྒྲུབས་ན་འགྲུབ་པར་འགྱུར། །གལ་ཏེ་བཅུ་བདུན་བཅྭ་བརྒྱད་མའི། །ཞིང་མཛེས་བཀྲུ་ཞིང་བྱུགས་བྱས་ཏེ། །རྒྱན་
དང་གོས་ཀྱིས་ལེགས་པར་གདགས། །དྲི་ཞིམ་དབང་པོ་དག་པ་ལ། །བདག་ཉིད་དབང་དྲག་རྣལ་འབྱོར་གྱིས། །ཡེ་ཤེས་འཇིག་རྟེན་གང་རུང་བའི། །ལྷ་མོ་ཡིད་འོང་འོད་འབར་མ། །སྔགས་དང་ཕྱག་རྒྱས་བཀུག་བཅིངས་ནས། །རྟགས་བྱུང་བར་དུ་བསྟིམ་པར་བྱ། །དྲི་
དང་སྒྲ་དང་འོད་དག་དང་། །འདར་དང་འགུལ་དང་དགོད་པ་དག །དང་པོའི་རྟགས་ནི་ཡིན་པར་བཤད། །ལྷ་དང་གཏམ་དང་གཉིས་པ་སྟེ། །དངོས་སུ་ལངས་པ་ཚད་ཡིན་པས། །དམ་བདར་མནས་བསྒགས་དབང་དུ་བསྡུ། །གལ་ཏེ་སྦྱར་དུ་སད་པ་ན། །ཆོ་འཕྲུལ་ཆེ་
เล่ม ๙๘ · หน้า 181b
ཞིང་ལོག་སྟོན་ན། །དབང་དྲག་ང་རྒྱལ་ཆེན་པོ་ཡིས། །དབང་དུ་བསྡུ་དང་ཟིལ་གྱིས་མནན། །དེ་དག་ཆགས་པས་རོལ་སྤྱད་ན། །སྐད་ཅིག་ཆོ་འཕྲུལ་བཞི་ཐོབ་སྟེ། །སྐྱེ་ཤི་མེད་པར་གནས་པ་དང་། །མ་ལུས་བདེ་ཆེན་འབར་བ་དང་། །ཞིང་ཁམས་ཀུན་དུ་བགྲོད་པ་
དག །ཐོགས་པ་མེད་པར་འགྲུབ་པར་འགྱུར། །གཙང་མ་བྱིས་པ་རྨ་མེད་པ། །ཡིད་འོང་ལེགས་པ་བཙལ་བླངས་ནས། །དག་ཅིང་བདུད་རྩིས་དྲི་བྱུགས་ལ། །འདའ་ཧཱུ་མ་ཏས་ལེགས་བྱུགས་ལ། །ཁ་དོག་ལྔ་ཡི་གཟུངས་ཀྱིས་གདགས། །ཚངས་པ་དང་ནི་བརྒྱ་
བྱིན་དང་། །ལྷ་མོ་གང་རུང་སྙིང་པོས་དགུག །རྟག་ཏུ་ཕྱག་རྒྱ་བཞིས་བསྟིམ་ཞིང་། །བདག་ཉིད་ཧ་ཡ་གྲཱི་བ་འམ། །ཡ་མཱནྟ་ཀ་ལ་སོགས་པ། །གང་རུང་ཁྲོ་བོར་གསལ་བསྒོམས་ལ། །དྲག་ཏུ་དགུག་ཅིང་བསྟིམ་པར་བྱ། །རྟགས་བྱུང་མཐར་ཐུག་མངོན་གྱུར་
ནས། །ལེགས་ཉེས་དེ་ཡིས་སྨྲ་བར་འགྱུར། །གལ་ཏེ་འདར་ཞིང་མི་བརྗོད་ན། །ཨོྃ་གྱི་འོད་དང་ཨ་མྲྀ་ཏས། །ལྕེ་ལ་ཐབས་ཀྱིས་དབང་བསྐུར་ཞིང་། །ཧ་ཡེ་གྲཱི་བས་གད་མོས་བསྡིགས། །ལེགས་པར་སྨྲ་བར་ཐེ་ཚོམ་མེད། །གལ་ཏེ་གསང་བའི་ལས་བྱེད་ན། །
གསལ་ལ་བརྟན་ཐོབ་རྣལ་འབྱོར་པས། །དུར་ཁྲོད་ཤིང་གཅིག་བཞི་མདོ་འམ། །ལྷ་འདྲེ་མངོན་དུ་གནས་པའི་སར། །བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ། །དུད་ཀ་ནག་པོ་འོད་འབར་བ། །སྤྱན་བཟློག་མཚོན་ཆ་མེ་ལྟར་འབར། །སྤྲུལ་པའི་ཆར་ལྟར་འཁྲུག་པར་བསམ། །
མདུན་དུ་ཧོམ་ཁུང་ཁྲུ་གང་ཚད། །གྲུ་གསུམ་དུར་སོལ་ཁྲག་ཆེན་བྱུག །ནང་དུ་ལིངྒ་བདུད་རྩི་ལྔ། །ཆགས་པའི་རྒྱུ་དང་ཚ་བ་དང་། །ཤེས་པ་ཆགས་པའི་རྟེན་ལ་བྱས། །ཕོ་ཉས་མིང་རུས་བཅས་བཀུག་ལ། །བསྟིམས་ལ་ཕྱག་རྒྱས་བཅིང་བར་བྱ། །ལྕགས་སམ་ནག་
པོའི་ཤིང་ལས་བྱས། །དྲག་པོའི་ཕུར་པས་གནས་གསུམ་གདབ། །ཧྲིཿཥྚཱིཿདྲག་པོས་གཡས་གཡོན་ནས། །ཁྲོས་པའི་སེམས་ཀྱིས་བསྲེག་བྱས་ནས། །དེ་ནང་དྲག་པོ་ཚེར་མ་ཅན། །ནམ་ཕྱེད་གཅེར་བུས་བསྲེགས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །
เล่ม ๙๘ · หน้า 182a
གལ་ཏེ་དབྱེ་བའི་ལས་བྱེད་ན། །བདག་ཉིད་ཡ་མཱནྟ་ཀ་སྟེ། །རྔམ་ཞིང་གདུག་གཏུམ་ང་རྒྱལ་ཅན། །ཤིན་ཏུ་འཇིགས་ཤིང་བསྡིགས་པར་བསྒོམ། །ཉི་མས་འཇིགས་པའི་དང་རུང་དང་། །མུན་པས་འཇིགས་པའི་གུང་རུ་ལ། །གང་ཡིན་དེ་ཉིད་བྲིས་
ལ་བླན། །ལྷ་དང་ལྷ་མིན་གཉིས་ལ་གཏད། །རླུང་གི་ཕྱོགས་སུ་དེ་ཡིས་བསྐྱོད། །སྤྲུལ་པ་ཕོ་ཉས་གཡུལ་འགྱེད་ཅིང་། །འཐབ་ཅིང་རྩོད་པར་རྣམ་པར་བསམ། །བར་དུ་ཁྲ་དང་བྱ་རོག་འཐབ། །མེ་ཆུ་རླུང་གིས་འབུད་བསམས་ན། །དེ་ནི་གང་ཡིན་སུ་ཡང་རུང་། །འབྲལ་
ཞིང་འཐབ་པ་ཉིད་དུ་འགྱུར། །རྒྱལ་པོ་བྲམ་ཟེ་བློན་པོ་དག །གདུག་པ་གནོད་པ་ཅན་གྱི་རིགས། །མི་གནས་བསྐྲད་པར་བྱ་བའི་ཕྱིར། །བདག་ཉིད་ཨ་པར་ཙིཏྟ་སྟེ། །དྲག་པོ་ཁྲོས་པའི་ཚུལ་དུ་བསྒོམ། །དགྲ་བགེགས་གང་ཡང་རུང་བ་ཡི། །འོག་ཏུ་རླུང་སྙིང་བཅས་པ་བྲི། །
སྟེང་དུ་མིང་རུས་བཅས་བསྐྱོན་ལ། །མདུན་ན་གནས་པའི་གདུལ་བྱ་དེ། །རླུང་ལྷ་རྔ་མོའི་སྟེང་དུ་ཞོན། །ཕོ་ཉ་སྤྲུལ་པ་མཐའ་ཡས་ཀྱིས། །འཁྲིད་ཅིང་འཚོག་པར་རབ་བསམས་ལ། །གཤིན་རྗེའི་དྲུང་དུ་ཁྲིད་པར་བསམ། །འདིས་ནི་དབུགས་མེད་བརྒྱལ་བ་ཡང་། །གཞན་དུ་
དྲག་པོས་ཕྱིན་འགྱུར་ན། །སྲོག་དང་ལྡན་པས་སྨོས་ཅི་དགོས། །གལ་ཏེ་དགྲ་དཔུང་ཕམ་འདོད་ན། །བདག་ཉིད་མི་གཡོ་མགོན་པོ་སྟེ། །ཇི་ལྟར་གནས་པར་རབ་ཏུ་བསྒོམ། །དེ་ཡི་གཟུགས་བརྙན་བྲིས་ནས་ཀྱང་། །ཆོ་གས་དེ་རུ་བྱིན་བརླབས་ལ། །སྔགས་ནི་བདུན་འབུམ་
ལ་སོགས་པ། །ལྕགས་སྣ་བདུན་ལས་བཅུ་གཉིས་ཆད། །རལ་གྲི་སྙིང་པོར་བཅས་པ་ལ། །གསལ་བར་དེ་དག་རྟགས་བྱུང་བཟླས། །འོད་དང་སྒྲ་དང་ས་གཡོས་དང་། །རལ་གྲི་སྐད་ནི་འདོན་པ་ན། །ཕྱུང་བས་གཡུལ་ལས་ལྡོག་པ་དང་། །བསྐོར་བས་དམག་
དཔུང་འབྲོས་པར་འགྱུར། །བདག་ཉིད་རྒྱལ་ཞིང་ཆེ་འདོད་ན། །བདག་ཉིད་གསལ་ཞིང་བརྟན་གྱུར་ནས། །ཞེ་སྡང་རྡོ་རྗེར་གསལ་བྱས་ལ། །དུར་ཁྲོད་རས་ལ་མིང་རུས་བྲི། །སྔགས་དང་ཕྱག་རྒྱས་བཀུག་བསྟིམས་ལ། །ངེས་པར་བརྟན་པའི་ལྟས་བྱུང་ནས། །ཧེ་རུ་ཀ་
เล่ม ๙๘ · หน้า 182b
ཡི་ཞབས་ཀྱིས་གནོན། །རྟ་མགྲིན་གད་མོ་དྲག་པོས་བསྡིགས། །ཁྱུང་གཤོག་ཕྱག་རྒྱ་ཟིལ་གྱིས་གནོན། །བདག་དང་ཁྱི་ཡི་སྒྲོམས་ནས་གདོན། །བདག་ཉིད་ཐེམ་པའི་འོག་ཏུ་གནོན། །ཡང་ན་བདག་གི་འོག་ཏུ་གནོན། །རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ཡིས། །སྟེང་ནས་
གནོན་ཅིང་བདེན་པ་བདར། །བདག་ཉིད་དེ་ཡི་རྒྱལ་པོར་འགྱུར། །དབུལ་པོ་གཏེར་དང་ཕྲད་འདོད་ན། །བདག་ཉིད་ལས་ལ་གོམས་པ་ཡིས། །རིགས་ལྔ་ལྷག་པའི་ལྷ་གསལ་ནས། །སོ་སོའི་ཕྱག་མཚན་ཡུངས་འབྲུ་ཙམ། །དབང་པོར་མཐོང་གི་བར་དུ་ནི། །བསམ་
ཞིང་སྔགས་བཟླས་བདེན་པ་བདར། །མཚན་མ་བརྟན་པོ་གསལ་བ་ན། །གང་ན་ཡོད་པའི་ཕྱོགས་དེར་དོང་། །བདེན་པ་ཏིང་འཛིན་སྔགས་བཅས་མཐུས། །འདུག་གམ་སྨྲ་འམ་མཐོང་བའམ། །ཕྲ་མོ་དེར་ནི་ལྟུང་བར་འགྱུར། །དེ་ནས་གཏེར་དང་ཕྲད་གྱུར་ནས། །
དབུལ་བ་ཀུན་ལས་ཐར་བར་འགྱུར། །དེ་ནས་རྡོ་རྗེ་རྣལ་འབྱོར་པས། །མངོན་ཤེས་མིག་དང་ལྡན་འདོད་ན། །བདག་ཉིད་ལྷ་ཡི་རྣལ་འབྱོར་པ། །རབ་ཏུ་དབེན་པའི་ས་ཕྱོགས་སུ། །མིག་སྣ་ལྔ་དང་བདུན་པའི་ཞག །དེ་ཡི་ཞུན་མར་དུད་པར་བཅས། །འཕྲུལ་གྱི་
འོ་མ་དག་གིས་སྦྱར། །རྡོ་རྗེ་པྲ་ཡིས་ཞག་བདུན་བསྒྲུབ། །ཉམས་དང་དྲོད་རྟགས་ཐོབ་པ་ན། །མིག་ལ་ལེགས་པར་སྔགས་ཀྱིས་བྱུག །སྐད་ཅིག་སྟོང་གསུམ་བཅས་པ་ཡི། །ཕྱོགས་བཅུ་མངོན་པར་ཤེས་པས་མཐོང་། །གང་ཟག་རྒྱུད་ནི་བརྟག་པ་དང་། །སྡུག་བསྔལ་
དྲག་པོས་ཞེན་བཟློག་ཅིང་། །སོ་སོ་དག་པའི་ཞིང་ཁམས་ཀྱིས། །ཡིད་བདེ་གྲུབ་པར་བྱ་བའི་ཕྱིར། །མངོན་ཤེས་མཚན་མས་ལེགས་པར་བསྒྲུབ། །རྐང་མགྱོགས་ཐོབ་པར་འདོད་པ་ཡིས། །བདག་ཉིད་ལྷག་པའི་ལྷར་བསྒོམས་ནས། །བརྟན་ཞིང་བར་ཆད་
མེད་ཐོབ་ནས། །ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ། །ཡྃ་ལས་རླུང་གི་དཀྱིལ་འཁོར་ཏེ། །སྐད་ཅིག་དཔག་ཚད་བརྒྱར་འགྲོ་བ། །དེ་ལ་གནས་བསམ་མ་ཡེངས་པས། །རླུང་གིས་ཁྱབ་པ་ཇི་ལྟ་བར། །དཔག་ཚད་བརྒྱ་ཕྲག་དུ་མ་ཡང་། །སྐད་ཅིག་ཙམ་
เล่ม ๙๘ · หน้า 183a
གྱིས་བགྲོད་པར་འགྱུར། །གལ་ཏེ་རྫུ་འཕྲུལ་བཞི་དག་གིས། །རིག་འཛིན་གོ་འཕང་འགྲོ་འདོད་ན། །སྔོན་དུ་དག་པའི་དོན་ཐོབ་ནས། །ཕྱག་རྒྱ་གསལ་བར་གྱུར་པའི་ཚེ། །ནམ་མཁའ་ལིངྒ་ཟླ་བ་ལ། །ཧཱུྃ་ལས་རྡོ་རྗེ་ཆོ་ག་གསུམ། །རིམ་པར་
བརྟན་པའི་དབང་ཐོབ་ནས། །དངས་མའི་ཕྱག་རྒྱ་ལ་བརྟེན་པས། །རྡོ་རྗེ་ཟླར་བཅས་རླུང་བརྟེན་པས། །གང་འཐད་ཞིང་དུ་བསྐྱོད་པའི་ས། །རྡོ་རྗེ་རིག་པ་འཛིན་པ་ཡིས། །ཞིང་ཁམས་དག་པའི་བྱ་བ་འགྲུབ། །མདུན་གྱི་ནམ་མཁར་ཟླ་བ་ལ། །ཨོྃ་ལ་ཆོ་གའི་ཚུལ་གྱིས་བསྒྱུར། །
བརྟན་པའི་འཁོར་ལོ་ཟླ་རླུང་གིས། །དངས་མའི་སྟོབས་ཀྱིས་ལུས་གནས་པས། །དེ་བཞིན་གཤེགས་པའི་རིག་འཛིན་པ། །ཞིང་ཁམས་སོ་སོར་བསྐྱོད་བྱས་ནས། །རང་གིས་བསམ་པ་བསྒྲུབ་པར་བྱ། །ནམ་མཁའ་དབྱིངས་ཀྱི་ཟླ་བ་ལ། །ཏྲྃ་ལས་སྐྱེས་པའི་ཆོ་ག་ཡིས། །རིན་ཆེན་རླུང་
ཟླར་བཅས་པ་ཡིས། །ཏིང་འཛིན་དྲག་པོ་བསྐྱོད་པའི་ཤུགས། །དངས་མ་ལུས་ཡིད་བཅས་པ་ཡིས། །དག་པའི་ཞིང་ཁམས་ཀུན་བསྐྱོད་དེ། །ལྷག་པའི་བསམ་པ་འགྲུབ་པར་འགྱུར། །ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །པདྨར་བཅས་པའི་ཟླ་བ་བསྒོམ། །ཧྲིཿ
ལས་སྣ་ཚོགས་ཆོས་མཆོག་སེམས། །གསལ་བརྟན་རླུང་གིས་སྟོབས་བསྟན་པས། །དངས་མའི་ལུས་ཡིད་གང་ཡིན་པ། །ཞིང་བསྐྱོད་བསམ་པ་གྲུབ་པར་འགྱུར། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །གསལ་བྱེད་སྣ་ཚོགས་བཅས་པ་བསྒོམ། །ཨ་འམ་ཧ་ལས་རང་ཉིད་
ཀྱི། །ལས་ཀྱི་ཕྱག་རྒྱར་གོམས་པར་བྱ། །བརྟན་ནས་དངས་མ་རླུང་སྟོབས་ཀྱིས། །ཞིང་ཁམས་གང་དུ་མངོན་བསམས་པའི། །འདོད་པའི་བསམ་པ་འགྲུབ་པར་འགྱུར། །འདིས་ནི་འབྱུང་ཞིང་དབང་མེད་ཅིང་། །འཆི་མེད་རླུང་ལ་དབང་ཐོབ་ནས། །ཆོ་འཕྲུལ་བཞི་ཡིས་ཟིལ་མནན་
ནས། །མངོན་ཤེས་གདུག་པ་འདུལ་བ་ཡིས། །ལས་རྣམས་མི་འགྲུབ་གཅིག་ཀྱང་མེད། །དེ་ནས་གཞན་ཡང་ཆགས་ལྡན་རིམ། །སྐལ་བས་དམན་དང་སྦྱོར་བས་ཟད། །བདེ་བའི་དོན་འདོད་དཀའ་ཐུབ་ཅན། །འདི་དག་དོན་ལ་ཐབས་ཀྱིས་དགོད། །ཐབས་ལྡན་ལུས་ཀྱི་
เล่ม ๙๘ · หน้า 183b
གོང་བུ་ལ། །རང་རང་ཆོ་གའི་ཐབས་ལྡན་ན། །བདེ་ཆེན་གར་ཐབས་སྣ་ཚོགས་པ། །རྣམ་པར་འཕྲུལ་པའི་རོ་ཡིས་བྱེད། །བདེ་ཆེན་ལོངས་སྤྱོད་ཆོས་ཀྱི་གནས། །སྤྲུལ་པའི་ཐིག་ལེ་བདེ་བའི་རོ། །མ་ལུས་མཁའ་ལྔའི་རང་བཞིན་གྱིས། །རང་ལུས་མ་བཅོས་གནས་ཉིད་བདེ། །
བརྟུལ་ཞུགས་ཐིག་ལེ་གསུམ་ཐོབ་ནས། །སྒྲོལ་མ་དང་ནི་ཐིག་ལེ་དང་། །གནས་དང་ཐབས་དང་ཏིང་འཛིན་གྱིས། །བྱེ་བྲག་བརྒྱད་ཅུ་ཀུན་འདུས་པའི། །ཐབས་ཀྱིས་མཚོན་པ་ལས་བྱུང་བས། །དངོས་གྲུབ་ཆོ་ག་སྣ་ཚོགས་འགྲུབ། །རང་རྟེན་ཐིག་ལེར་བཅས་པ་ཡིས། །དངས་མའི་
རང་བཞིན་ཁྱབ་གནས་པ། །བསྐུལ་བ་ཐབས་ཀྱི་སྦྱོར་བ་ཡིས། །མ་ལུས་བསྐྱོད་ཅིང་འགུགས་པར་བྱེད། །དངས་སྙིགས་རྒྱུ་དང་མི་རྒྱུ་བའི། །རླུང་གི་ཐིག་ལེས་དབང་སྒྱུར་ནས། །འཕྲོ་ཞིང་འཛག་པའི་ཐིག་ལེ་ཉིད། །རླུང་གིས་འཆིང་བ་ཉིད་ཡིན་ཏེ། །ཐིག་ལེ་སྙིགས་མར་
ཉམས་གྱུར་པ། །ཐབས་དང་རླུང་བཅུད་སྟོབས་ལྡན་པས། །པདྨ་ལ་ནི་ཆུ་བཞིན་ནོ། །རང་འབྱུང་ཐིག་ལེའི་རང་བཞིན་ལས། །རྟེན་དང་ཟག་པ་སྙིགས་མ་དང་། །འཁོར་བའི་རྩ་དང་ས་བོན་དང་། །ལོག་རྟོག་ཐིག་ལེ་ཞེན་བཅས་པ། །རང་བྱུང་ནམ་མཁའི་ཐིག་ལེས་འཇིག །
རང་ལུས་བདེ་ཆེན་སྙིང་པོ་ལ། །ནམ་མཁའ་སྤྲིན་ལྟར་མི་ཕྱེད་ཅིང་། །དངས་སྙིགས་བདེ་བའི་རང་བཞིན་ཉིད། །ཐིག་ལེ་ཆུ་དང་འོ་མ་དང་། །གནས་པ་རླུང་དང་རྟེན་སྟོབས་ཀྱིས། །དངས་སྙིགས་ཕྱེ་ལ་དངས་མ་བསྟིམ། །རང་སྙིང་ལུས་ལ་འོད་སྣང་བའི། །ཕྱི་ནང་དངོས་རྟོག་
མ་ལུས་པ། །རླུང་སོགས་འཁོར་ལོའི་འཕེན་སྟོབས་ཀྱིས། །དེར་མི་གནས་པར་གོམས་པར་བྱ། །གང་དུ་ས་བོན་སྙིགས་བཅས་པ། །ནམ་མཁའི་ཡེ་ཤེས་ལྔ་འབར་བས། །གང་དུ་རྒྱུ་བར་བཅས་པའི་ཡིད། །དེ་མ་ཐག་པར་རྣམ་པར་བརླག །རླུང་དང་རྩ་དང་ཐིག་
ལེར་བཅས། །ཐབས་ཀྱིས་བསྐུལ་བའི་རོ་ལྡན་པས། །མ་ལུས་ཐིག་ལེའི་རང་བཞིན་པས། །མི་མཐུན་ཞེན་པས་རྣམ་གྲོལ་བས། །རང་སེམས་རྟེན་བཅས་ཐིག་ལེ་ནི། །དངས་མའི་ཡེ་ཤེས་བློ་ལྡན་པ། །ཀུན་ཁྱབ་བདེ་འབྱུང་སྙིང་པོ་ཅན། །གསང་བའི་རིག་
เล่ม ๙๘ · หน้า 184a
པའི་གཏེར་ཁ་འབྱེད། །ཕྱི་ནང་རྒྱུ་བ་ཐིག་ལེར་བཅས། །སྙིང་ནས་བདེ་བར་འབར་གྱུར་ནས། །རང་ལུས་རྟགས་སུ་བདེ་ཆེན་འབར། །མངོན་ཤེས་རིན་ཆེན་རྩ་ལ་ཕོག །རིག་པའི་མངོན་ཤེས་ལྔ་རུ་འཆར། །དེ་ནས་མི་འགྱུར་སྟོང་པའི་རྩ། །འགྱུར་
མེད་ཀུན་སྣང་རླུང་ལ་ཐིམ། །དམན་པས་མི་འགྲུབ་ཁྱད་པར་ཐབས། །གསང་བའི་ཐིག་ལེ་འབབ་ཞོན་གྱིས། །རྩ་བཅུད་ཏིང་འཛིན་འབྲེལ་བའི་སྟོབས། །བསྐལ་པ་དུ་མའི་སྟོབས་འགགས་ཏེ། །དངས་མའི་ཡེ་ཤེས་རླུང་དུ་གྲུབ། །ཕྱིན་པ་མེད་པར་མཐར་
སོང་བ། །བདེ་ཆེན་གོམས་པའི་སྟོབས་ལས་གྱུར། །བཅུད་ལྔ་འདུས་པའི་ཐིག་ལེ་ནི། །རོ་ལྔ་འདྲེས་པའི་བདེ་ཆེན་དེ། །བསྒོམ་དང་མཐར་ཕྱིན་ཁྱད་པར་གྱིས། །བདེ་བ་ཆེན་པོ་རིགས་མཆོག་གནས། །དེ་ནས་གང་ཡིན་བརྗོད་བྱ་བ། །ཟབ་མོ་ཀུན་རྫོགས་བརྟུལ་
ཞུགས་ཅན། །དབང་པོ་དར་ཞིང་སྨིན་པ་ཡི། །ཆགས་ཅན་ཉི་ཟླ་འཛིན་ནུས་པས། །སྤྱི་གཙུག་ཐིག་ལེའི་འཁོར་ལོ་དང་། །གསང་བའི་འོག་མིན་ནུས་ལྡན་པ། །འབྱོར་པའི་རྟེན་ཅན་འདི་ཉིད་གནས། །ཐབས་དང་རོལ་པའི་ཁྱད་པར་དང་། །ཏིང་འཛིན་རླུང་གི་
དབང་ཐོབ་སྟེ། །འབྱུང་བཞི་སྙིགས་ཕྱེ་དངས་དུས་སུ། །ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས། །ལྷ་མོ་རྣམས་དང་ལྷན་ཅིག་ཏུ། །རོལ་པའི་ཐབས་ཀྱིས་གང་རྩེན་པ། །བྱེ་བྲག་བརྒྱད་ཅུ་གཉིས་འདུས་པའི། །པདྨའི་སྙིང་པོ་ཀུན་བཀུག་སྟེ། །ཐིག་ལེ་དཔའ་བོ་ལྔ་ཡི་
སྟོབས། །མི་སྡོད་འཕྲོ་བའི་རང་བཞིན་ཉིད། །ཐབས་དང་ལྡན་པའི་རྣལ་འབྱོར་གྱིས། །བཅིངས་ལ་གཟུང་ཞིང་གནས་པར་བྱ། །དེ་དང་རྩེ་ཕྲད་གཉིས་བཟློག་པས། །བདེ་བའི་མྱུ་གུ་གསོ་བྱས་པས། །ཐ་མལ་ཞེན་པ་ཀུན་བྲལ་ནས། །རྟོག་དང་ལྷན་ཅིག་གང་སྐྱེས་
པ། །དངས་སྙིགས་ཕྱེ་བའི་ཉམས་དག་གིས། །སྙིགས་མ་བག་ཆགས་ཞེན་བཅས་པ། །དེ་ཡི་སྟོབས་ཀྱིས་གནས་མི་འགྱུར། །གསང་བའི་ཐིག་ལེ་སྟོབས་ལྡན་པས། །རིགས་ངན་ཐམས་ལ་ཞེན་ཆགས་དང་། །དྲན་རྟོག་མ་ལུས་ཕམ་བྱས་ཏེ། །ཕྱི་ནང་སྣོད་བཅུད་མ་
เล่ม ๙๘ · หน้า 184b
ལུས་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་དུ། །མ་ལུས་དཔང་བཙུགས་རྒྱལ་བར་མཛད། །རྡོ་རྗེ་པདྨའི་སྙིང་པོ་ལ། །དགའ་བའི་རོལ་པའི་བདག་ཉིད་ཀྱིས། །ཐབས་དང་ཤེས་རབ་གསལ་བའི་རོ། །ཕྱོགས་བཅུའི་རྒྱལ་བ་འདུས་པའི་ཚེ། །ཟག་མེད་ཡོན་ཏན་གཏེར་ཆེན་དེ། །
གསང་བ་ཐབས་ཀྱིས་སྟོབས་ལས་གྲུབ། །བདེ་ཆེན་སྙིང་པོ་ཐིག་ལེའི་རོ། །དབབ་དང་གཟུང་བཟློག་འབྱོངས་པ་ཡིས། །རྩ་གསུམ་གང་ཞིག་ཐིམ་པའི་ཚེ། །བར་ཆད་མེད་པའི་བདེ་བ་དང་། །ཐམས་ཅད་མཁྱེན་པའི་མངོན་ཤེས་དང་། །སྐྱེ་ཤི་མེད་པའི་ཚེ་འཐོབ་ཅིང་། །མི་འགྱུར་
ཆོས་སྐུ་ཐིག་ལེ་ལ། །རྒྱུ་བ་སྤངས་པའི་ཚུལ་གྱིས་གནས། །བདེ་ཆེན་ཆོ་འཕྲུལ་དཔག་མེད་པས། །གསང་བའི་ཞིང་ཁམས་དག་བྱེད་ཅིང་། །གསང་བ་ཆོས་ཀྱི་འཁོར་ལོ་བསྐོར། །བདེ་ཆེན་ཉམས་དང་དགའ་བའི་གར། །ཆགས་པའི་སྒྲ་ནི་སྣ་ཚོགས་པས། །ཇི་སྲིད་ནམ་མཁའི་
མཐར་ཐུག་པར། །གླུ་ནི་སྣ་ཚོགས་ལེན་བྱེད་ཅིང་། །མཛེས་དང་ངོ་ཚ་སྤངས་པའི་ཚུལ། །མདོག་དམར་རླན་དང་ལྡན་པ་ཡིས། །རོལ་པའི་ཚུལ་ནི་སྣ་ཚོགས་ཀྱིས། །རྡོ་རྗེ་བཅུད་ཆེན་ཟླར་བཅས་པས། །ཉི་མ་ཆགས་པ་དང་བཅས་པའི། །པདྨའི་སྙིང་པོའི་སྤོངས་མཛད་ཅིང་། །
དགའ་བའི་འོད་དང་འཁྱུད་པའི་གར། །རླུང་གི་སྙིང་པོ་རྗོད་བྱེད་ཅིང་། །སྲིད་པའི་མྱུ་གུ་འགོག་པར་མཛད། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་མེ་ལོང་གི་རྒྱུད་ཆེན་པོ་ལས། །བསྒྲུབ་པ་མ་ལུས་པ་བཤད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་
བྱ་བ། །རྟོག་པའི་རྒྱལ་པོ་མ་ལུས་པ། །བྱ་བ་ལས་ཀྱི་རིམ་པ་དག །བཞིར་ནི་གསལ་བར་གསུངས་པ་ཡིན། །དང་པོར་ཞི་བའི་རང་བཞིན་ཏེ། །དེ་འོག་རྒྱས་པས་རྒྱས་ཕྱིར་རོ། །རྒྱས་པས་དབང་དུ་བྱ་བ་དང་། །དབང་མི་འདུ་བ་བསྒྲལ་ཕྱིར་ཏེ། །ཐུན་མོང་ཁྱད་པར་ཡོན་ཏན་རྫོགས། །
བྱ་བའི་ལས་ལ་མ་རྨོངས་ཤིང་། །ནུས་པ་བརྟན་པའི་རང་བཞིན་གྱིས། །རིམ་པ་ཇི་བཞིན་བརྩམ་པར་བྱ། །གངས་དཀར་འདབ་དང་ཡིད་འདབ་པ། །ཞི་བའི་ལྗོན་ཤིང་མེ་ཏོག་ཚལ། །འབྲས་ལྡན་རྒྱས་པའི་རང་བཞིན་ནོ། །སུམ་མདོ་ངམ་གྲོག་གཏིང་ཟབ་པས། །དབང་དུ་བསྡུ་
เล่ม ๙๘ · หน้า 185a
བའི་གནས་སུ་བཤད། །དུར་ཁྲོད་མཚན་གཅིག་རྒྱ་གྲམ་གནས། །འབྱུང་པོ་འདུ་སར་དྲག་པོ་ཤིས། །ཞི་ལ་ས་གཞི་དཀར་ལྡན་པ། །ཟླུམ་པོ་སུམ་རིམ་ཨོྃ་དང་བཅས། །འཁོར་ལོ་འོད་དཀར་དང་བཅས་པ། །ཞི་བའི་ཐབ་ཀྱི་རང་བཞིན་ནོ། །རྒྱས་ལ་སེར་པོ་
ཙནྡན་བཅས། །གྲུ་བཞི་རིམ་གསུམ་ཏྲྃ་དང་བཅས། །རིན་ཆེན་འོད་ཟེར་འཕྲོ་བཅས་པ། །ཐབ་ནི་རྒྱས་པར་གསུངས་པ་ཡིན། །དབང་ལ་ས་དམར་ཆགས་འོད་ཅན། །ཟླ་གམ་གཞུ་འདྲ་པདྨས་མཚན། །རིམ་གསུམ་ཧྲི་དང་བཅས་པ་ནི། །དབང་དུ་བྱ་བའི་ཐབ་ཡིན་ནོ། །དྲག་པོ་
ས་ནག་དུར་སོལ་ཅན། །གྲུ་གསུམ་རྡོ་རྗེ་རྩེ་གསུམ་གདེང་། །ཐོད་ཕྲེང་འོད་ནག་རིམ་གསུམ་ཧཱུྃ། །དྲག་པོ་ཐབ་ཀྱི་རིམ་པ་ཡིན། །འོ་མ་ཅན་དང་གསེར་ཅན་དང་། །ཆགས་པ་ཅན་དང་ཚེར་མ་ཅན། །ཕྲིན་ལས་བཞི་ནི་སོ་སོ་ཡི། །ཡམ་ཤིང་བསྲེག་ཤིང་ཉིད་དུ་བཤད། །
ལིངྒ་ཁ་དོག་སོ་སོ་སྟེ། །གནས་ཀྱང་ཐབ་ཁུང་བཞི་དང་མཚུངས། །མར་དཀར་འབྲས་དཀར་ཏིལ་དཀར་དང་། །ནས་དཀར་ཆན་དང་འོ་མ་ཞོ། །དངུལ་ཕྱེ་གཏོར་མ་དཀར་པོར་བཅས། །ཞི་བའི་བསྲེག་གཏོར་རྫས་སུ་བཤད། །མར་རྙིང་བུ་རམ་སྦྲང་རྩི་དང་། །འབྲས་
དང་ཆན་རྣམས་ལྡོང་རོས་དང་། །མེ་ཏོག་གསེར་དང་ཙནྡན་བཅས། །གསེར་ཕྱེ་གཏོར་མ་སེར་པོར་བཅས། །འདི་དག་རྒྱས་པའི་རྫས་ཉིད་དེ། །དཔལ་དང་གཟི་བྱིན་རྒྱས་པར་འགྱུར། །ཚ་བའི་མར་དང་ཆང་སྐྱུར་དང་། །རམ་བུ་པདྨ་རཀྟ་དང་། །འབྲས་དམར་ཙནྡན་ཟངས་ཕྱེ་
དང་། །གཏོར་མ་དམར་པོ་དབང་རྫས་ཡིན། །ཚིལ་ཆེན་མར་དང་ཚ་བ་གསུམ། །ཀླུང་ཆེན་ཤ་ཁྲག་སྲན་ཆན་དང་། །དུག་གསུམ་ཐལ་ཆེན་ཚ་བའི་མར། །སྐེ་ཚེ་ཕྱེ་གསུམ་མི་ཁྲག་དང་། །མིང་རུས་སྤེལ་མར་བཅས་གཏོར་མས། །བསྒྲལ་བ་དྲག་པོའི་རྫས་སུ་བཤད། །
དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །ལོགས་ལ་ཞི་བའི་ལྷ་བཀོད་ལ། །དེ་བཞིན་གཤེགས་པར་གསལ་བས་གདབ། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་རྩེ་རྒྱ་མདུད་གྲུ་བཞི་བཅས། །ལོགས་ལ་རྒྱས་པའི་ལྷ་བསྒོམས་ཏེ། །
เล่ม ๙๘ · หน้า 185b
རིན་ཆེན་ང་རྒྱལ་བཅས་པས་གདབ། །ཟངས་སམ་བྱུ་རུ་དམར་ཤིང་རྣམས། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །ལོགས་ལ་དབང་གི་ལྷ་བཀོད་ལ། །ཆགས་པ་རྡོ་རྗེར་གསལ་བས་གདབ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ལོགས་
ལ་དྲག་པོའི་ལྷ་བཀོད་དེ། །ཞེ་སྡང་རྡོ་རྗེར་གསལ་བས་གདབ། །ཨོྃ་དང་ཏྲྃ་ཧྲི་ཧཱུྃ་ཉིད་ལས། །འབྱུང་ལྔའི་རིམ་པ་གསལ་སྟེངས་སུ། །ཨེ་བྃ་མ་ཡ་བྷྲུྃ་ལས་བསྐྱེད། །གཞལ་ཡས་ཟླུམ་པོ་གྲུ་བཞི་དང་། །ཟླ་གམ་གྲུ་གསུམ་ཇི་བཞིན་དབྱིབས། །ཁ་དོག་རང་གི་ཚུལ་བཞིན་བསྐྱེད། །
རང་རང་ས་བོན་གདན་སྟེངས་ལ། །འོད་བཞི་འཕྲོ་འདུའི་ཆོ་ག་ཡིས། །ལས་བཞི་གཙོ་བོ་ལས་བཞིན་བསྐྱེད། །འཁོར་མང་གཙོ་བོའི་ཆ་འདྲ་བ། །ཕྱག་མཚན་རང་རང་ཐུགས་རྟགས་ལ། །ལས་བཞི་རྟགས་ཀྱི་མཚན་མ་སྟེ། །ཁ་དོག་ལས་ཀྱིས་དབྱེ་བར་བཤད། །དབང་
བསྐུར་ལས་བཞི་རིགས་ཀྱིས་བརྒྱན། །ལས་བཞི་འོད་ཀྱི་འཕྲོ་འདུ་ཅན། །ཆོ་གས་གསལ་བར་བསྐྱེད་བྱས་ལ། །སྤྱན་དྲང་བསྟིམ་སོགས་ལས་རྫོགས་བྱ། །ལས་དང་ཏིང་འཛིན་བཞི་ཉིད་ཀྱིས། །ལས་བཞི་རྩེ་གཅིག་ཏིང་འཛིན་བྱ། །གང་དུ་དམིགས་པ་རྩེ་གཅིག་པས། །
ལས་བཞི་བྱ་བའི་ཆོ་ག་དག །མ་ལུས་པ་དག་འགྲུབ་འགྱུར་ན། །ཕྲ་མོའི་ལས་རྣམས་སྨོས་ཅི་དགོས། །ཤར་ཕྱོགས་སུ་ནི་ཁ་བལྟས་ཏེ། །དང་བའི་ཡིད་ནི་མི་གཡོ་བས། །རྫོགས་པའི་སྐྱིལ་ཀྲུང་ལ་གནས་ཏེ། །མ་རུངས་གདུག་པ་ཞི་བར་བྱ། །ལྷོ་ཕྱོགས་
སུ་ནི་ཁ་བལྟས་ཏེ། །དགའ་བའི་འདུ་ཤེས་རྩེ་གཅིག་པས། །རིན་ཆེན་སྐྱིལ་ཀྲུང་ལ་གནས་པས། །དཔལ་དང་གཟི་བྱིན་འཕེལ་བར་བྱ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །ཆགས་དང་ཞེན་པ་རྩེ་གཅིག་པ། །པདྨའི་སྐྱིལ་ཀྲུང་ལ་གནས་ཏེ། །མ་ལུས་དབང་དུ་
བསྡུ་བར་བྱ། །བྱང་ཕྱོགས་ཉིད་དུ་ཁ་བལྟས་ཏེ། །ཁྲོས་པའི་སེམས་ཀྱིས་སོ་བཅའ་ཞིང་། །རུས་སྦལ་དང་ནི་གྱད་སྟབས་ཀྱིས། །གདུག་པ་བསྒྲལ་ཏེ་ལམ་དུ་གཞུག །སོ་སོའི་སྔགས་ཀྱི་རིམ་པ་དག །སྔ་དྲོ་ཞི་བའི་ལས་བྱས་ཏེ། །གུང་ལ་རྒྱས་པ་ཉིད་དུ་བྱ། །
เล่ม ๙๘ · หน้า 186a
དགོངས་ཀ་དབང་གི་དུས་ཉིད་དེ། །དྲག་པོ་ནམ་གྱི་གུང་ལ་བྱ། །ནམ་ཟླ་དུས་བཞིར་བསྒྲུབས་པས་ན། །ངེས་པར་ལས་བཞི་འགྲུབ་པར་འགྱུར། །ཨོྃ་ཆེ་གེ་མོ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། སྭཱ་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཧྲཱི་ཆེ་གེ་མོ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཧཱུྃ་ཆེ་གེ་མོ་མཱ་ར་
ཡ་ཕཊ། ལིངྒའི་གནས་ཀྱང་ལས་བཞིའི་དབྱིབས། །དགུག་དང་ཕུར་བུ་བཞི་བཏབ་ལ། །རིལ་བུའམ་ལྷག་མ་གཏུབས་པ་དེ། །སོ་སོ་ལྷ་ཡི་ཞལ་དུ་བསྟབས། །རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་ལ་རྩ་བ་དྲག །ཁ་དང་མངར་སྐྱུར་ཚ་བའི་ཤིང་། །རོ་ཡི་
མཆོད་པ་དེ་བཞིན་ཏེ། །རྒྱུད་བཟང་རྒྱལ་པོ་སྨད་འཚོང་མ། །ཤན་པའི་ཁྱིམ་ནས་མེ་བླངས་ཏེ། །ལས་དང་མཐུན་པའི་ར་སྐྱེས་མནན། །ས་བོན་བཞི་ལས་རིམ་པ་བཞིན། །པ་པ་ཀ་དང་དབང་ཆེན་དང་། །གཟི་བྱིན་ཅན་དང་འཇོམས་བྱེད་བཞི། །སྐུ་མདོག་ལས་བཞིས་
ཕྱེ་བ་སྟེ། །གུན་དྷེ་སྒྲོམ་དང་ཞགས་པ་དང་། །རྩེ་གསུམ་གཡོན་པ་བགྲང་ཕྲེང་ཉིད། །རིགས་བཞིས་ལས་བཞི་བྱིན་བརླབས་དབུ། །སྤྱན་དྲང་མཆོད་སྟོན་ལས་རྫོགས་ནས། །ལྟོ་པར་བྷྲུྃ་ལས་གཞལ་ཡས་སུ། །ལས་དང་མཐུན་པའི་ལྷ་བསྐྱེད་ལ། །རང་རང་རྟོག་པའི་ཆོ་
ག་བཞིན། །བསྲེག་དང་བྲོ་གར་ལས་བྱས་པས། །གང་ཡང་འགྲུབ་པར་ཐེ་ཚོམ་མེད། །ཞེ་སྡང་ཅན་དང་ང་རྒྱལ་ཅན། །སྡུག་བསྔལ་གདུག་སེམས་ནད་གཟིར་བ། །དེ་འདྲ་ཞི་བར་བྱ་བའི་ཕྱིར། །ཞི་བའི་ལས་ནི་རྩོམ་པ་ཡིན། །ཚེ་ཐུང་ནད་མང་དཔལ་ལོངས་སྤྱོད། །
ཕོངས་དང་ཉམ་ང་འཇིགས་པ་དག །དངས་སྙིགས་ཟད་ནས་སྙིང་པོར་ཐིམ། །ཐིག་ལེ་མི་ཤིགས་བཅུད་འདུས་པ། །སྟོང་ཉིད་ཐིག་ལེའི་ངང་དུ་འགག །རྒྱུ་བའི་རླུང་ལ་དབང་ཐོབ་ཅིང་། །མངོན་ཤེས་སྐྱེ་འཇིག་ཐོབ་བྲལ་བས། །བདེ་ཆེན་ནམ་མཁའི་ཡེ་ཤེས་ཉིད། །རྡོ་
རྗེ་ཐིག་ལེ་འགྱུར་འཇིག་མེད། །སྟེང་དང་འོག་ལས་གང་སྦྱར་བས། །སྐུ་གསུང་ཐུགས་ཀྱི་ཕོ་བྲང་དག །བདེ་ཆེན་ཏིལ་འབྲུ་བཅུད་བཞིན་དུ། །ཉི་ཟླ་གནས་པའི་བར་དུ་འབར། །འབབ་པ་ཐིག་ལེ་ཟླ་བའི་གཟུགས། །ཁ་བཅད་རླུང་གིས་གཟུང་བྱ་ཞིང་། །འོག་གིས་ཕུལ་ཞིང་
เล่ม ๙๘ · หน้า 186b
སྟེང་གིས་དྲང་། །མ་ལུས་བདེ་ཆེན་ཁྱབ་པར་གནས། །མི་རྟོག་གསལ་བ་མཐར་ཕྱིན་པ། །སེང་ཕྲུག་ཟླ་བ་རྫོགས་པ་ལྟར། །ཐབས་དང་ཏིང་འཛིན་སྦྱོར་བ་ཡིས། །བདེ་བའི་ཡེ་ཤེས་ཆེན་པོ་ལ། །མ་ལུས་ཡོན་ཏན་རྫོགས་པར་གནས། །ཆགས་ཅན་བརྟུལ་ཞུགས་བྲལ་བ་
ཡི། །ལུས་དང་དྲན་རྟོགས་བག་ཆགས་བཅས། །རིགས་དང་རིགས་མིན་གང་ཡང་རུང་། །སྒོ་གསུམ་མ་ལུས་བཅས་པ་དག །སྟེང་སྒོའི་གདུལ་བྱ་དེས་འདུལ་ཡིན། །དང་པོར་གསང་བའི་རིམ་ཐོབ་པས། །རླུང་དང་ཐིག་ལེའི་ལས་གོམས་ནས། །བདེ་ཆེན་བྱང་ཆུབ་
སེམས་ཀྱི་རོ། །སེམས་ལྔའི་ཚུལ་གྱིས་གང་སྣང་བ། །གཡོ་ཐོབ་བརྟན་པའི་ཉམས་ཉིད་ཀྱིས། །ལུས་དང་ཕྱི་ནང་དྲན་རྟོགས་བཅས། །ནམ་མཁའི་གཟུགས་ཅན་ཉིད་དུ་སྐྱེ། །ལུས་དང་སྣང་བར་བཅས་པ་ཡི། །ནམ་མཁའི་མཐའ་ལྟར་མི་ཕྱེད་པ། །བདེ་ཆེན་ཐིག་ལེ་ཨ་དང་
གནས། །ཐིག་ལེ་སྟོང་པའི་རི་མོ་ཅན། །གསལ་བར་ཤེས་པ་རྒྱུ་བས་མངོན། །འོག་ནས་བསྐུལ་ཞིང་སྟེང་ནས་མནན། །དངས་སྙིགས་བསྲེ་བའི་ཐབས་ལ་འཇུག །བདེ་བའི་རླུང་ཅན་ཡཾ་གི་སྒོ། །བསྐྱོད་པའི་སྦྱོར་བས་གྱེན་དུ་ཕུལ། །རྒྱུ་བ་རླུང་གི་སྙིང་པོ་ཅན། །དཔའ་
བོ་ལམ་ནས་ཐུར་དུ་འཐེན། །རིག་པའི་ཡེ་ཤེས་གནས་པའི་རླུང་། །སྟོང་ཉིད་ནམ་མཁའི་དབྱིངས་སུ་ཐིམ། །ཕྱི་ནང་རྒྱུ་བ་ཆད་པ་དང་། །རིག་པ་ཐིག་ལེའི་ངང་ལ་གནས། །བདེ་བའི་རྟགས་ནི་འབྱུང་འགྱུར་ཏེ། །འདར་དང་རྡུལ་དང་བ་སྤུ་ལྡང་། །སྒྲ་དང་ལུས་བདེ་
རྒྱུག་པ་དང་། །དགོད་དང་བརྒྱལ་སོགས་གང་བྱུང་བ། །བརྟན་དང་སྦྱང་བའི་ཆོ་ག་བྱ། །མི་མཐུན་ལོག་པའི་ཆོས་བརྟགས་ན། །ཐབས་ཀྱི་རིམ་པའི་ཆོ་ག་ཡིས། །གདོན་དང་སྤོས་དང་གནོན་པ་དག །ཇི་ལྟར་རིགས་པར་བརྟགས་པར་བྱ། །རང་ལུས་ཐིག་ལེའི་ཉམས་མྱོང་
ལ། །བར་ཆད་མེད་པར་གསལ་འཇུག་པ། །ཐ་མལ་ཞེན་པ་བསྒྱུར་བ་དང་། །བདེ་བའི་དབང་ཕྱུག་སྨིན་པ་དང་། །དྲན་རྟོགས་རྒྱུད་སོགས་ཞི་བ་དང་། །བདེ་ཆེན་རྒྱས་པས་ཁྱབ་པ་དང་། །རླུང་དང་བདེ་བའི་རྣལ་འབྱོར་གྱིས། །ཐམས་ཅད་དབང་དུ་སྡུད་པ་དང་། །
เล่ม ๙๘ · หน้า 187a
དྲན་རྟོག་ཨ་ཡི་ངང་དུ་གནས། །འདི་ནི་ནང་གི་རིམ་པ་ཡིན། །དེ་ནས་གསང་བ་བཤད་བྱ་བ། །ཐབས་དང་ཤེས་རབ་འབྲེལ་པ་ལས། །གསང་བའི་ཕྲིན་ལས་བཞིར་འབྱུང་བ། །དཀའ་ཐུབ་ཅན་དང་ཐ་མལ་དང་། །ཐུན་མོང་ལམ་ལས་བཟློག་ཕྱིར་རོ། །
འདོད་ཆགས་ཞེན་ཅིང་དབང་པོ་སྨིན། །ཚད་ལྡན་ཡུམ་དང་བཅས་པ་ཡི། །བདེ་ཆེན་དགོན་པ་ཐིག་ལེའི་གནས། །ཡོན་ཏན་ཁྱད་པར་ཀུན་དུ་རྫོགས། །གཉིས་མེད་འཁྲིལ་བའི་ངོ་བོ་ནི། །བདེ་བ་ཆེན་པོ་འབྱུང་བའི་གནས། །གསང་བའི་བྷ་ག་རྒྱས་པ་ནི། །ཞི་རྒྱས་དབང་དྲག་
ཚུལ་བཞིན་དང་། །ནུས་པ་བྱིན་བརླབས་གང་ལྡན་པ། །གསང་བའི་ཐིག་ལེའི་ཚུལ་ལ་གནས། །པདྨ་གསང་བའི་ཐབ་ཁུང་དུ། །གསང་བའི་སྦྱིན་སྲེག་གང་ཕུལ་བ། །ལོ་དང་ཟླ་བ་མ་ཡིན་པར། །མྱུར་དུ་བདེ་ཆེན་ལུས་སུ་འགྱུར། །ཐབས་དང་ཤེས་རབ་ལས་བྱུང་བའི། །
དངས་སྙིགས་བཅུད་དང་བག་ཆགས་དང་། །ཉི་ཟླ་ཁུ་བར་བཅས་པ་ནི། །བདེ་ཆེན་གསང་བ་མཆོད་པའི་རྫས། །གདུང་དང་བདེ་བ་བྲལ་བ་དང་། །ཞེན་རྟོག་དེ་ཉིད་ཆགས་པ་ཡི། །རང་གི་ལིངྒ་དེ་ཉིད་ལ། །གསང་བའི་ཕུར་བ་བཞི་རྫོགས་པ། །གསང་བའི་ཡུལ་ལ་
བཏབ་པ་ཡིས། །ལྷན་ཅིག་སྐྱེས་པའི་ཏིང་འཛིན་ལ། །ལས་བཞི་མ་བཙལ་རྫོགས་པར་ལྡན། །རོལ་པའི་ཚུལ་དང་ཐིག་ལེ་གཉིས། །པདྨ་རྡོ་རྗེ་སྙིང་པོའི་རྩ། །ཉམས་དང་སྦྱོར་ཚུལ་གང་ཡིན་པ། །གསང་བའི་སྦྱོར་བའི་དུས་སུ་བལྟ། །གནས་པ་རྩ་ཡི་ཚུལ་དག་ནི། །
ཁ་དོག་དབྱིབས་སོགས་ཐ་དད་པས། །མཆོད་རྫས་ཉི་ཟླར་བཅས་ཀུན་ལ། །གཟར་བུ་གཉིས་བཅས་ཐབ་ཕུལ་བས། །ཐིག་ལེ་ཆེན་པོར་འབབ་པར་འགྱུར། །གསང་བའི་དོན་ལ་དགའ་བ་དང་། །རིག་པའི་བརྟུལ་ཞུགས་སྤྱོད་པ་དང་། །དབང་པོ་དར་ཅིང་སྨིན་པ་དང་། །
ཐིག་ལེའི་དོན་ལ་མོས་པ་དང་། །རླུང་དང་བཅུད་ལ་གོམས་པ་ཡིས། །རྣལ་འབྱོར་ཕོ་མོར་བཅས་པ་ཀུན། །དྲན་རྟོག་ཕྱི་མ་བཅས་པའི་ཡིད། །གདུལ་བྱའི་དོན་དུ་དེ་བཤད་དོ། །གང་དག་ཐབས་ལ་མཁས་པ་དང་། །དབང་དང་དམ་ཚིག་ལྡན་པ་ཡིས། །ཐབས་དང་
เล่ม ๙๘ · หน้า 187b
སྦྱོར་བ་ལ་བརྩོན་ཞིང་། །ཉི་ཟླ་རྩེ་སྦྱོར་དབང་ཐོབ་ནས། །གཟུང་ཟློག་འབྱངས་པའི་གར་ཐབས་ཀྱིས། །དངོས་པོ་ལྷན་ཅིག་སྐྱེས་པའི་དོན། །སེམས་ལྔའི་ཚུལ་གྱིས་གསལ་བར་སྐྱེ། །ཉི་ཟླ་ཞོན་པའི་རྫུ་འཕྲུལ་དང་། །རྒྱུ་བའི་རླུང་ལ་དབང་ཐོབ་པས། །ཁམས་བཞི་འདུས་
པའི་སྙིང་པོ་ལས། །བདེ་ཆེན་ཐིག་ལེ་མི་རྟོག་པ། །ཐབས་ཀྱིས་ད་ལྟར་མངོན་དུ་སྣང་། །ཐབས་དང་བྲལ་བའི་སློབ་དཔོན་གྱིས། །སྐལ་མེད་ལས་ཀྱིས་དམན་པ་ལ། །དབང་དང་བརྒྱུད་པ་བྲལ་བ་ཡིས། །ཚིག་དང་རིགས་པས་ཅི་བསྟན་ཀྱང་། །རིགས་ངན་རྒྱལ་སར་བཞག་པ་
ལྟར། །བདག་ཕུང་གཞན་བརླག་འཇིག་པར་འགྱུར། །གང་དུ་གསང་བའི་ཐིག་ལེ་ཉིད། །གསང་བའི་ལམ་ལྔར་ཉམས་སྐྱེས་པས། །ཟག་མེད་བདེ་བའི་དཀྱིལ་འཁོར་དུ། །མཁའ་འགྲོ་གསུམ་ལ་གང་བརྟེན་ནས། །ཡེ་ཤེས་ཐིག་ལེ་རྒྱ་དཔག་མེད། །རིམ་པས་མཐར་
ཐུག་གནས་སུ་འགྱུར། །གང་ཞིག་འདི་ལ་འདྲིས་གོམས་པས། །རྒྱུ་བ་ཐིག་ལེར་ཐིམ་པ་དང་། །དྲན་རྟོག་ནམ་མཁར་གསལ་བ་དང་། །བདེ་ཆེན་སྔོན་དུ་སྨིན་པ་ཡིས། །འཆི་མེད་སངས་རྒྱས་ས་ལ་སྦྱོར། །འཇིགས་པ་ཀུན་ལས་གྲོལ་བ་དང་། །ལྷ་མོ་ཚོགས་ཀྱིས་བྱིན་
བརླབས་ནས། །རོལ་རྩེད་སྣ་ཚོགས་སྒྱུར་བྱེད་ཅིང་། །ཐབས་དང་ཤེས་རབ་གཉིས་མེད་ཅིང་། །ལོངས་སྤྱོད་རྫོགས་པའི་ཞལ་མཐོང་ཞིང་། །རྡོ་རྗེ་དབང་གིས་མཚམས་སྦྱར་ནས། །ཡི་གེ་འཁོར་ལོ་ཚོགས་མཆོག་མཉེས། །ནམ་མཁའི་མཐར་ཐུག་བར་དུ་ནི། །བདེ་
ཆེན་ཡེ་ཤེས་ཟག་པ་མེད། །ཡེ་ཤེས་རྒྱ་མཚོ་བྱིན་བརླབས་ཅན། །ནམ་མཁའ་ལྟ་བུར་དཔག་མེད་པ། །རྒྱལ་བ་ཀུན་གྱི་ངོ་བོར་འགྱུར། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་ཕྲིན་ལས་མཐའ་ཡས་པ་བཤད་པའི་ལེའུ་སྟེ་བཅུ་པའོ།། །།
དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་ལམ་ལ་གང་དགའ་བས། །ཐུན་མོང་མ་གྱུར་གསང་བའི་ལམ། །རིམ་པ་ཉིད་དུ་བཤད་པར་བྱ། །དད་དང་བརྟུལ་ཞུགས་ཆེ་བ་དང་། །ཐེག་པ་ཆེན་པོར་རིགས་ངེས་ཤིང་། །སྙིང་བརྩེ་དབང་དང་དམ་ཚིག་ལྡན། །སྒྲུབ་ལ་
เล่ม ๙๘ · หน้า 188a
བརྩོན་པའི་གང་ཟག་གིས། །ལུས་དང་ལོངས་སྤྱོད་འཚོ་བ་དང་། །བུ་དང་ཆུང་མ་རྒྱལ་སྲིད་ཀྱིས། །དང་པོར་བླ་མ་མཉེས་བྱས་ལ། །ཐབས་ལ་མཁས་པས་འདོད་པ་བླང་། །ཕྱི་ནང་སྣོད་བཅུད་མ་ལུས་པ། །རང་བྱུང་ཡེ་ཤེས་རང་སྣང་བ། །གཅིག་དང་
དུ་མ་མེད་ཚུལ་གྱིས། །བདེན་པ་གཉིས་མེད་འབྲེལ་བ་ཉིད། །བྱིན་བརླབས་སྒྲ་དང་གཏན་ཚིགས་ཀྱི། །རང་འབྱུང་ཡེ་ཤེས་མངོན་དུ་སྣང་། །རང་གནས་འཁོར་ལོ་བསམ་མི་ཁྱབ། །རྟོག་གེའི་སྤྱོད་ཡུལ་མ་གྱུར་པ། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །འཕེལ་དང་
དགའ་བདེ་ལོངས་སྤྱོད་ཕྱིར། །རྒྱས་པའི་ལས་ལ་འབད་པར་བྱ། །དབང་ཆེན་གཟི་བྱིན་ཆེ་བ་དང་། །རྒྱལ་རིགས་བློན་པོ་བྲམ་ཟེ་དང་། །གདུག་པ་དབང་དུ་བསྡུ་བའི་ཕྱིར། །རྗེས་དགུག་དབང་གི་ལས་བརྩམ་མོ། །དགྲ་དང་བགེགས་སོགས་མ་རུངས་པ། །གང་གིས་འདུལ་
བར་མི་ནུས་པ། །གཟིར་ཞིང་འདུ་ཤེས་བསྒྱུར་བའི་ཕྱིར། །དྲག་པོ་བསྒྲལ་བའི་ཕྲིན་ལས་བརྩམ། །གང་ཡང་རུང་བའི་དངོས་པོ་ལ། །དང་པོ་མི་མཐུན་ཞི་བར་བྱ། །དེ་ནས་ཡོན་ཏན་རྒྱས་པར་བྱ། །དེ་ཉིད་དབང་བསྡུ་ལས་ལ་སྦྱར། །གལ་ཏེ་དབང་དུ་མ་གྱུར་ན། །དྲག་པོས་
གཟིར་ཏེ་བསྒྲལ་བར་བྱ། །གལ་ཏེ་ལོག་པར་ལྟུང་སྲིད་པས། །འོག་མིན་གནས་སུ་ཕཊ་ཀྱིས་འཕང་། །ངེས་པར་འགྲུབ་འགྱུར་གདོན་མི་ཟ། །དང་པོར་སྔོན་བྱའི་ལས་ཀྱིས་ནི། །ནུས་དང་མི་ནུས་ཁྱད་པར་བརྟག །དེ་ནས་ནུས་པ་ཐོབ་པ་སྟེ། །དེ་ནས་བདེ་བའི་རྩལ་ཐོབ་ནས། །
ཐོགས་པ་མེད་པའི་ཕྲིན་ལས་འགྲུབ། །ཟག་མེད་ལམ་ལ་གོམས་སྦྱངས་པས། །ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི། །གདུལ་བྱ་ཞིང་དང་ནུས་མཐུ་དང་། །བྱིན་བརླབས་རྩལ་གྱི་ཁྱད་པར་འཕགས། །མཐར་ཕྱིན་སྐུ་ལྔའི་ཞིང་ཐོབ་པས། །མ་རྩལ་ཆུ་དང་རླབས་བཞིན་དུ། །
དཔག་མེད་ཡོན་ཏན་ངོ་བོའི་ཕྱིར། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན། །ལས་དང་ཉོན་མོངས་གདུག་པ་དང་། །སྡུག་བསྔལ་རྟོག་པ་ཇི་སྙེད་པ། །ཆོ་ག་ཐབས་དང་ཏིང་འཛིན་གྱིས། །ལྷན་ནེ་ལྷང་ངེར་ཞི་བར་འགྱུར། །ང་རྒྱལ་རིན་ཆེན་གཟི་བརྗིད་ཀྱིས། །དཔལ་དང་ལོངས་
เล่ม ๙๘ · หน้า 188b
སྤྱོད་འཕེལ་བ་དང་། །ཚེ་དང་ལང་ཚོ་སྟོབས་ལྡན་ཞིང་། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །འདོད་ཆགས་རྡོ་རྗེ་ཏིང་འཛིན་གྱིས། །བདུད་དང་གདུག་པ་རྒྱལ་པོ་དང་། །ལྷ་དབང་སྲིན་པོ་མཁའ་འགྲོ་མ། །ཕྱག་ན་རྡོ་རྗེའང་དབང་དུ་འགྱུར། །ཞེ་སྡང་རྡོ་རྗེ་ཏིང་
འཛིན་གྱིས། །ཆོ་ག་རྫས་དང་སྔགས་ལྡན་པས། །ཆོས་སྐུ་རྡོ་རྗེའང་འཇིག་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །རང་ལུས་བདེ་ཆེན་ཀུན་གྱི་དབྱིངས། །རང་ལུས་ཐིག་ལེའི་ཐབས་མཁས་པས། །སྦྱོར་བ་རླུང་གི་གོམས་སྟོབས་ཅན། །དཀྱིལ་འཁོར་
ནང་ལ་གནས་གྱུར་པས། །ཉམས་ཀྱིས་ལས་བཞི་གསལ་གྱུར་ཏེ། །རིམ་པ་ཇི་བཞིན་འགྱུར་བ་དང་། །རང་གི་མངོན་པར་གསལ་གྱུར་པ། །ནུས་པ་བརྟན་པས་མངོན་དུ་འགྱུར། །གཞན་མིན་འཁོར་ལོ་ཕོ་བྲང་ཉིད། །གནས་དང་འཇུག་དང་གཟུང་བ་དང་། །བསྟིམ་
ཞིང་གནས་པ་གང་ཡིན་པ། །དེ་དག་ཉིད་དུ་བཤད་པ་ཡིན། །དྷརྨ་ཙཀྲ་གཞལ་ཡས་ཁང་། །རྩ་བཞི་ཡན་ལག་བརྒྱད་དཀྱིལ་ན། །ཨེ་བྃ་མ་ཡ་ལས་བཞི་དབྱིབས། །ཁ་དོག་ལས་ཀྱིས་གཙོར་གྱུར་པ། །བག་ཆགས་ས་བོན་སྙིགས་མ་དང་། །རྟོག་དང་ཐ་མལ་ཞེན་
པའི་རྫས། །ཉམས་མྱོང་འགྱུར་མེད་བཞིར་གནས་ཏེ། །ཐིག་ལེས་དེ་ཉིད་ཞི་བ་དང་། །རང་ལུས་ཕྱི་ནང་ཐིག་ལེས་རྒྱས། །རླུང་དང་ཐིག་ལེ་རྟོག་པར་བཅས། །ནུས་པས་དབང་དུ་འདུས་པ་དང་། །ཐིག་ལེས་མ་བཅོས་ནམ་མཁའི་ངང་། །སྲོག་དང་ཐིག་ལེར་བཅས་
བསྡུས་པ། །ཨ་ཡི་ངང་དུ་ཐིམ་འགྱུར་དེ། །རྒྱུ་བ་དངས་ཤིང་འཕར་བ་གནོན། །མི་འགྱུར་དབྱིངས་ལ་གནས་པར་བྱ། །རང་ལུས་ཐབས་ཀྱི་ངོ་བོ་ལས། །འཁོར་ལོ་བཞི་དང་མེ་རླུང་དང་། །བསྐྱོད་པ་རླུང་གིས་ལས་རུང་བས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །
ཐིག་ལེས་རྒྱུད་དང་ལུས་རྒྱས་པས། །བདེ་ཆེན་དབང་ཐོབ་ཞེན་ཆགས་བྲལ། །ཏིང་འཛིན་སྦྱོར་བས་གང་བསྐུལ་ན། །རིམ་པའི་རྟགས་དང་ནུས་པ་བྱུང་། །ཁ་དོག་གྲངས་དང་སྙིང་པོ་དང་། །དབྱིབས་དང་ཚད་དང་ཐིག་ལེ་ཡི། །ཁྱབ་པ་ལ་སོགས་མཐའ་ཡས་པ། །
เล่ม ๙๘ · หน้า 189a
བཞུགས་ཚུལ་དེ་ཉིད་དེ་བཞིན་ནོ། །འཁོར་ལོ་བཞི་ཡི་ཐབ་ཁུང་དུ། །གཏུམ་མོ་བྱིན་ཟའི་ལས་བསྐུལ་བས། །དངས་སྙིགས་རྟོག་པའི་བག་ཆགས་དག །མི་ཤིགས་ཐིག་ལེར་མཆོད་པ་ཕུལ། །ཕྱི་ནང་རྒྱུ་བ་མ་ལུས་པ། །རང་འབྱུང་འཁོར་ལོ་
ཐིག་ལེ་མཆོག །སྤྱོད་ཡུལ་ཐུན་མོང་མ་ལུས་པ། །ཕྱི་ཡི་རྣམ་པ་ལམ་བྱེད་པས། །ཐུན་མོང་ཕྱི་ཡི་ལམ་དུ་བཤད། །དེ་ཉིད་ནང་དུ་རྩ་འཁོར་ལོ། །ཐིག་ལེས་ནང་དུ་ཉམས་སྐྱེད་པ། །རིམ་པ་འདི་ནི་ནང་དུ་བཤད། །དབང་ཐོབ་སྦྱངས་པ་མ་རྟོགས་པ། །སྐལ་ངན་
རིགས་ཆད་ཡུལ་མིན་པ། །གསང་བས་གསང་བ་ཞེས་བཤད་དོ། །དང་པོར་བློ་ལྡན་གང་ཟག་ནི། །མ་ལུས་བདེན་པ་དབྱེར་མེད་ལ། །རང་བཞིན་རིག་པའི་གཏན་ཚིགས་ཀྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཐབས་དང་ཤེས་གཉིས་མེད་པའི་དོན། །ཡེ་ནས་
སངས་རྒྱས་རྫོགས་པ་ཉིད། །དེ་ཉིད་དུས་གསུམ་མ་སྐྱེས་པ། །གང་ལ་བརྟེན་ནས་རྟོགས་པ་ལ། །ལམ་གྱི་ཡན་ལག་ཀུན་རྫོགས་ཏེ། །ས་བཅུ་རིམ་པར་མ་བཀོད་རྫོགས། །མ་ལུས་ཡོན་ཏན་རང་ཤར་བས། །ཐམས་ཅད་མ་ལུས་མ་འདའ་ལ། །ཚོགས་གཉིས་རྫོགས་པའི་
འབྲས་བུ་ཉིད། །དབང་པོ་ཅིག་ཅར་སྤྱོད་ཡུལ་ཡིན། །གང་སུ་བློ་དང་མོས་པ་དང་། །རྟོགས་ཆུང་མཚན་མ་དགའ་བ་ལ། །ཐུན་མོང་སྒོམ་ཐུན་ཁྱད་པར་ཅན། །རིམ་པའི་རྣལ་འབྱོར་བསླབ་པར་བྱ། །དང་པོར་ཕྱི་ནང་སྣོད་བཅུད་ཀུན། །རང་ས་ཉིད་ན་མི་དམིགས་པ། །མ་བཅོས་
མ་བསལ་མི་གནས་པ། །དངོས་པོ་ཅི་ལའང་མི་བརྟག་ཅིང་། །དེ་ཉིད་ལ་ཡང་མི་རྟོག་པ། །འཛིན་རྟོག་ཞེན་པ་མི་གནས་པར། །བསམ་དང་བསམ་བྱ་མེད་ཚུལ་གྱིས། །བདག་གཞན་ཕྱི་ནང་མ་ལུས་པ། །གང་གི་ངོ་བོར་མ་གྲུབ་པ། །ཅི་ལའང་མི་གནས་སྦྱོར་བ་ཡིས། །
རང་སར་མི་རྟོག་ངོ་བོ་ཉིད། །བཅོས་པ་མེད་པའི་ཚུལ་དུ་བསྒོམ། །གལ་ཏེ་མཚན་མའི་རྒྱུ་བ་དག །ཆུ་ལས་རྙོག་པའི་ཚུལ་བྱུང་ན། །མ་བཅོས་རང་བཞིན་བཞག་པ་ཡིས། །མ་ལུས་རྟོག་མེད་དེ་བཞིན་ཉིད། །རང་བཞིན་བཞག་པས་དག་པར་འགྱུར། །ནམ་མཁའ་དག་
เล่ม ๙๘ · หน้า 189b
པར་འགྱུར་བའི་ཚེ། །སྤྲིན་ཀྱང་རང་འབྱུང་དག་པ་ལྟར། །བྱུང་ཚོར་དྲན་རྟོག་མ་ལུས་པ། །ཆོས་ཉིད་སྟོང་པའི་རང་བཞིན་ནོ། །གང་དུ་སྣང་སྲིད་མ་ལུས་པ། །ཕྱི་ནང་མེད་པའི་སེམས་ཉིད་དེ། །དེ་ཉིད་སྟོང་པའི་རང་བཞིན་དུ། །གོམས་ཤིང་ནུས་པ་བརྟན་པའི་ཚེ། །དེ་ཉིད་
རྣལ་འབྱོར་དེ་ཉིད་ནི། །སྟོང་པ་ཆེན་པོ་རྣལ་འབྱོར་ཡིན། །སྒོ་གསུམ་བྱེད་སྤྱོད་མ་བཅོས་པ། །མ་བརྟགས་མི་རྟོག་ཅིར་མི་གནས། །འདི་ནི་རྣལ་འབྱོར་རྩེ་གཅིག་པས། །བྱ་བ་སྤངས་པའི་སྤྱོད་པ་ཡིན། །དེ་ནས་དེ་ལས་ལངས་པའི་ཚེ། །སྒྱུ་མ་ཆུ་ཟླ་སྨིག་རྒྱུ་དང་། །འཇའ་
ཚོན་དབུ་བ་ཆུ་བུར་ལྟར། །སྣང་ཡང་དངོས་པོར་གནས་མ་ཡིན། །རིག་པ་ཕྱི་ནང་མ་ལུས་པ། །སྟོང་པའི་ཆོ་འཕྲུལ་སྣང་དུ་ཟད། །མ་ལུས་རིག་པའི་ངོ་བོ་སྟེ། །དེ་ཡང་སྒྱུ་མའི་རང་བཞིན་ལྟར། །ཞེན་ཆགས་མེད་པའི་ཚུལ་དུ་བསྒོམ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི། །དཔག་མེད་ངོ་
བོར་རང་སྣང་ཡང་། །བྱིན་བརླབས་ཆོ་འཕྲུལ་རང་སྣང་བ། །དེ་ལྟར་མ་རྟོགས་དམན་པ་ལ། །རང་འབྱུང་སྙིང་རྗེར་འཆར་བའི་ཕྱིར། །སྙིང་རྗེ་ཆེན་པོ་རྣལ་འབྱོར་ཡིན། །འགྲོ་བ་གང་དང་གང་དག་ལས། །སྙིང་རྗེ་ཆེན་པོ་གང་གཟིགས་པས། །སྣ་ཚོགས་མཛད་པའི་ཚུལ་ཉིད་ཀྱིས། །དེ་
སྙེད་སྤྱོད་ལ་མཐའ་ཡས་ཏེ། །དོན་དང་མཐུན་པ་འབའ་ཞིག་སྟོན། །ཐ་མལ་བ་དང་ཐབས་ཉིད་དང་། །ལུས་ངག་ཡིད་ཀྱིས་ཅི་འཚམ་པར། །དོན་འགྱུར་སྤྱོད་པ་བསམ་མི་ཁྱབ། །གང་དུ་བྱམས་དང་སྙིང་རྗེ་ཡིས། །མ་ཁྱབ་མིང་གི་རྣལ་འབྱོར་ཏེ། །ཐེག་པ་ཆེན་པོའི་རིགས་
ཆད་ཅིང་། །དམན་པའི་རིགས་སུ་གྱུར་པ་ཡིན། །རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །ནམ་མཁའི་རིས་དང་དབྱེར་མེད་ལྟར། །མ་ལུས་རང་རྒྱུད་བྲལ་བ་ཡི། །ངོ་བོ་བདེན་མིན་བརྫུན་པ་མིན། །ཆོས་རྣམས་མིང་ཙམ་དངོས་པོ་མེད། །སྒོ་གསུམ་
འདི་ལྟར་བརྟན་པ་ནི། །ཐུགས་རྗེ་ཆེན་པོ་སྤྱོད་པ་ཡིན། །དེ་ནས་སྒྱུ་མའི་རང་བཞིན་ཉིད། །རང་བཞིན་གཉིས་མེད་རིག་པ་ནི། །ཡི་གེ་ཧཱུྃ་དུ་གསལ་བར་བསྒོམ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །འཕྲོ་འདུས་ཧཱུྃ་དུ་གསལ་བར་བྱ། །རྡུལ་ཕྲན་དེ་སྙེད་འདུས་པ་ལས། །ཐིག་ལེ་མི་
เล่ม ๙๘ · หน้า 190a
དམིགས་སྟོང་པར་བལྟ། །མ་དང་ཨ་ལས་ཉི་ཟླའི་གདན། །གང་བསྒྲིལ་ཧཱུྃ་བཅས་གསལ་བར་བྱ། །རང་རང་གསུང་ཡང་འགལ་བ་མེད། །སྒྲིལ་མའི་སྙིང་པོ་ཕྱག་མཚན་ཏེ། །འཕྲོ་འདུ་ཕྲ་མོའི་རང་བཞིན་སྐུ། །གསལ་ལ་སྐྱོན་དང་བྲལ་བར་བསྒོམ། །དེ་
ནས་རང་རང་ཚད་གྱུར་པ། །རིགས་པའི་ཕྱག་རྒྱ་ཆེན་པོ་ཉིད། །ཞི་དང་ཁྲོ་བོ་སྐབས་ཉིད་དུ། །ཇི་ལྟར་འཐད་པར་བསྒོམ་པར་བྱ། །ཡང་ན་ཞལ་གཅིག་ཕྱག་གཉིས་ཏེ། །ཡང་ན་ཞལ་གསུམ་ཕྱག་དྲུག་བསྒོམ། །གནས་གཅིག་གནས་གསུམ་གནས་ལྔར་ཡང་། །ཡན་
ལག་ལྷ་ནི་ཚང་བར་བསྒོམ། །གོམས་ནས་བསྟིམས་ཏེ་སྤྱོད་ཡུལ་ཀུན། །དེ་ལྟར་གསལ་བར་བརྟག་པར་བྱ། །རྩ་བ་གཅིག་པའི་ལྷ་བསྒོམ་པ། །ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཡིན། །སྒོ་གསུམ་བསྒོམ་ལ་རབ་འབད་པས། །རྣམ་པར་གཡེང་བའི་ཆོས་སྤྱོད་འདས། །མ་
ལུས་རྩ་བའི་སྤྱོད་པ་སྟེ། །ཕྱོགས་གཅིག་པ་ཡི་སྤྱོད་པར་གསུངས། །དེ་ནས་རྟོག་པའི་ཡན་ལག་དག །གཉིས་ཀ་ཐབས་དང་ཤེས་རབ་ཏུ། །བརྟགས་ཏེ་དེ་ལྟར་བསྒོམ་པར་བྱ། །འོད་ཟེར་འཕྲོ་བ་འབྲུ་གསུམ་ཉིད། །ཡང་ན་ཡེ་ཤེས་ལྔ་ཉིད་དེ། །གནས་གཅིག་སྙིང་པོར་གནས་
པར་བྱ། །དེ་བཞིན་གཙོ་བོ་གཙོ་མོ་དང་། །སེམས་དཔའ་དང་ནི་སེམས་མ་དང་། །ཁྲོ་བོ་ཁྲ་མོ་འཁོར་དུ་བསྒོམ། །ཡིད་ཆོས་དག་ལའང་ཤེས་པར་བྱ། །ཞལ་དང་ཕྱག་དང་ལྷ་གྲངས་དང་། །ཚོམ་བུ་སྤྲོས་པས་སྤྲོས་བཅས་ཡིན། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཚོམ་བུ་ལྔ་
ལ་ཁྲོ་བཅས་བསྒོམ། །ཡང་ན་སྐུ་གསུང་ཐུགས་ལྡན་པའི། །ཚོམ་བུ་གསུམ་དང་བཅས་པ་ཡི། །ཁྲོ་བོ་ཁྲོ་མོ་འཁོར་དུ་བསྒོམ། །རིགས་ཀྱི་གཙོ་སྟེ་ཐུགས་ཀྱི་མཆོག །ཁྲོ་བོ་ཚོགས་དང་བཅས་པ་ཡི། །མོས་པའི་ཚུལ་དང་སྦྱོར་བ་ཡིས། །ཚོམ་བུ་གཅིག་པའི་ལྷ་རྣམས་
བསྒོམ། །སློབ་དཔོན་མཐར་ཉེའི་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །རྡོ་རྗེ་ཐིག་ཚད་བོར་ཙམ་གྱིས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ། །སྣ་ཚོགས་དཀྱིལ་འཁོར་མཆོག་ཏུ་གསུངས། །དང་པོ་རྒྱང་གྲགས་དཀྱིལ་འཁོར་ཏེ། །དེ་ནས་
เล่ม ๙๘ · หน้า 190b
དཔག་ཚད་དཀྱིལ་འཁོར་ཉིད། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །དེ་ནས་ཡོ་བྱད་ལྔ་ལྡན་པས། །ཏིང་འཛིན་མོས་པ་སྤྱོད་མཐུན་པའི། །སྐྱེ་བོ་ཙམ་དུ་གྲངས་མཐུན་པས། །ཚོམ་བུས་འདོད་པའི་དོན་བསྒྲུབ་བྱ། །ཐབས་དང་
ཤེས་རབ་འབྲེལ་བ་ཡི། །ཕོ་མོ་འདུས་པའི་གྲངས་མཉམ་པར། །ཡོ་བྱད་འདུས་པའི་ཚོགས་ལྡན་པས། །དགོན་པར་འཁོར་ཁང་རབ་བརྩིགས་ཏེ། །རང་རང་ཐབས་དང་ཤེས་རབ་ཏུ། །བརྟགས་ཏེ་ཡོ་བྱད་ལོངས་སྤྱད་ཅིང་། །རྡོ་རྗེ་གླུ་བྲོ་གར་ཐབས་ཀྱིས། །ཞག་ནི་སུམ་ཅུ་ཕྲག་
དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །ཚེ་ལ་དབང་སྒྱུར་ཟག་མེད་ཐོབ། །དེ་ནས་བརྒྱ་ཕྲག་བཅུ་དྲུག་གིས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར། །སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །
བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པས། །འདུས་པ་ཆེན་པོའི་ཚོགས་སུ་གསུངས། །ཐམས་ཅད་སྤྱོད་པ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པས། །ཚོགས་ཆེན་པོ་རུ་ངེས་པར་བཤད། །བར་ཆད་མེད་པའི་ལམ་རྫོགས་
པས། །རིག་པའི་སྐྱེས་བུ་ཐུབ་པ་མེད། །ལྷ་མི་ཆ་བྱད་འཛིན་མོད་ཀྱི། །འབྱུང་ལྔ་ཆོ་འཕྲུལ་དབང་སྒྱུར་ཐོབ། །ཞིང་དང་ལོངས་སྤྱོད་དག་པ་ཡིས། །གོང་ནས་གོང་དུ་མཉམ་པར་སྦྱོར། །རྡོ་རྗེ་རིག་པ་འཛིན་གྱི་སྐུ། །ཞིང་ཁམས་ཀུན་ལ་གནས་པར་བྱེད། །གལ་ཏེ་མཚན་མར་ཞེན་
དབང་གིས། །རྟོགས་པའི་སྟོབས་ནི་ཆུང་གྱུར་ན། །བྱང་ཆུབ་ཕྱག་རྒྱ་རྡོ་རྗེ་སྐུ། །མཚན་དང་དཔེ་བྱད་ལ་སོགས་པ། །ཆ་ལུགས་མངོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །གང་དུ་སྦྱར་བའི་ཡུམ་རྣམས་ཀྱང་། །ཐུན་མོང་ལམ་དང་སྐབས་གཉིས་སུ། །ནུས་པའི་ཁྱད་
པར་ཆེ་ཆུང་གིས། །ཕྲིན་ལས་བཞི་རུ་བཤད་པ་ནི། །དཀར་མོ་བོང་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །རླུང་ཁར་ལྕི་བས་ཞི་བ་བྱ། །ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་བཤན་ལ་གཟངས་སུ་རིང་། །
เล่ม ๙๘ · หน้า 191a
བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣམ་འཕྱངས་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་གཟུང་། །བཞིན་མདོག་པད་འདྲ་སོག་ཀ་ལ། །སྨིན་དཀྱུས་རིང་ལ་སྟོད་སྨད་ཕྱེད། །ལུས་དང་ཆུ་རླུང་དྲི་ཞིམ་ཞིང་། །བདེ་བ་ལྡན་ཞིང་ཡན་ལག་མེད། །
འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་པ་མེད། །གཙང་སྨེའི་རྟོག་བྲལ་གསོད་པར་བཤད། །གང་དུ་ནུས་པ་བརྟན་ཐོབ་པ། །དེ་དག་ས་ནས་སར་སྦྱོང་བ། །རིག་པའི་སྐྱེས་
བུ་དམ་པ་ཉིད། །རྣལ་འབྱོར་རིམ་པའི་ལུང་ལྡན་པ། །མ་སྐྱེས་མཉམ་ལ་དབང་སྒྱུར་ཞིང་། །མ་ལུས་གསལ་བར་མཐར་ཕྱིན་པའོ། །རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པ། །རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་
མེད་ཀྱང་། །ས་སྦྱོང་སེམས་དཔའ་བསྐྱེད་དུ་མེད། །བདེར་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུའི་ལུང་ཐོབ་པའོ། །གལ་ཏེ་འབྱུང་བའི་ལུས་འཇིག་ན། །བདག་ཉིད་སྒོ་གསུམ་ལྷར་ལྟ་ཞིང་། །འབྱུང་བ་བསགས་པའི་ལུས་ལས་གྲོལ། །ཏིང་འཛིན་ཕྱག་
རྒྱ་ཆེན་པོར་སྨིན། །ཁྱུང་ཕྲུག་སྦུབས་དང་བྲལ་བ་ལྟར། །མ་ལུས་ཕྱག་རྒྱ་སྒྱུ་མའི་མཆོག །རྣམ་པར་སྨིན་ཅེས་དེ་ལ་བརྗོད། །ཟག་པ་ཟད་པ་རྡོ་རྗེ་ལུས། །ཕྱིན་ཅད་འགྱུར་འཇིག་ཆོས་དང་བྲལ། །བདེ་བ་ཆེན་པོ་ལུང་ཐོབ་པས། །ཟག་བཅས་བསླབ་པའི་ཆོས་དང་
བྲལ། །ཞིང་ལ་དབང་སྒྱུར་སྤྲུལ་པའི་ལུས། །ཏིང་འཛིན་ལོངས་སྤྱོད་དཔག་ཏུ་མེད། །བསྒྲུབས་པའི་ནུས་པ་གང་བརྟན་པ། །རྡོ་རྗེ་ལུས་གྱུར་འཇིག་པ་མེད། །འཇིག་པ་ལྔ་བྲལ་ཟག་པ་ཟད། །དབང་སྒྱུར་གསུམ་ལ་དབང་ཐོབ་པས། །བདེ་བ་ལོངས་སྤྱོད་དཔག་
ཏུ་མེད། །གྲངས་མེད་བསྐལ་པར་དོན་བྱེད་ཅིང་། །མཐོང་བས་དེ་བཞིན་གཉིས་མེད་རིགས། །རྒྱལ་ཚབ་སྐྱེས་བུ་ས་སྦྱོང་བ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །ནམ་མཁའ་ལྟ་བུར་དཔག་མེད་ཅིང་། །མཐའ་དབུས་བསམ་པའི་རྒྱུན་ལས་འདས། །འཇིགས་
เล่ม ๙๘ · หน้า 191b
བྲལ་དབུགས་ཕྱིན་མྱ་ངན་འདས། །རང་སྣང་དཔག་མེད་ཞལ་མཐོང་བས། །གཞན་དུ་བལྟ་བའི་ཡུལ་དང་བྲལ། །ཏིང་འཛིན་རིག་པ་གོམས་པའི་མཐུ། །མཚན་མ་སྡུག་པོ་ཡུལ་ལས་འདས། །འཇིག་རྟེན་སྟོང་ཕྲག་དབང་སྒྱུར་ཞིང་། །གཉིས་མེད་ཕྱག་རྒྱ་ཆེན་པོའི་
རིགས། །ནམ་མཁའ་མཐར་ཐུག་མེད་པ་ལྟར། །བསྒོམས་དང་ནུས་པའི་རྩལ་སྟོབས་ཀྱིས། །བག་ཆགས་མཚན་མའི་ཚང་ཚིང་ལ། །ཏིང་འཛིན་རིག་པའི་མེ་བྱུང་བས། །ཞིང་ཁམས་རྒྱ་བྲལ་དཔག་མེད་དུ། །ཏིང་འཛིན་རིག་པས་གང་སྦྱངས་པ། །བསྒོམས་དང་ཏིང་
འཛིན་རིག་པ་ཡིས། །རྡོ་རྗེ་འཛིན་པའི་ལུང་ཐོབ་པ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན། །དེ་ནས་རིག་པའི་རྩལ་རྫོགས་ཤིང་། །ཡེ་ཤེས་ལྷ་མོ་རོལ་དབང་གིས། །མཐར་ཕྱིན་རིག་པའི་སྐྱེས་བུ་སྟེ། །ཞིང་ཁམས་བྱེ་བའི་དབང་ཐོབ་ཅིང་། །རྡོ་རྗེ་འཛིན་པ་ཉིད་ཀྱི་སྲས། །དབང་
དང་ཆོ་འཕྲུལ་ཀུན་ཐོབ་པ། །ནམ་མཁའི་མཐའ་ལྟར་དགོངས་པས་ཁྱབ། །མཉམ་བཞག་རྗེས་ཐོབ་ཁྱད་པར་གྱིས། །རྒྱལ་བའི་ལུང་མནོད་བཀའ་ལ་གནས། །ཞིང་ཁམས་དག་པར་ཀུན་སྤྱོད་ཀྱང་། །རྨད་འབྱུང་གསང་བའི་རང་བཞིན་ལ། །སྤྱོད་ཀྱང་ལྟ་བའི་རང་བཞིན་གྱིས། །
ཕྱོགས་བྲལ་ནམ་མཁའ་མི་མཐོང་བས། །དབང་དང་དགོངས་པས་མཐར་ཕྱིན་འགྱུར། །དབང་དང་དམ་ཚིག་བརྟུལ་ཞུགས་ཏེ། །དང་པོ་བསླབ་པ་མཐར་ཕྱིན་ཅིང་། །ཐིག་ལེ་རྫོགས་པར་འདོད་པ་ཡིས། །གསང་བ་ནང་གི་དོན་ལ་སྦྱར། །ཐུན་མོང་བྱ་བ་མཐར་ཕྱིན་ནས། །ལུས་དང་
སྤྱོད་ཡུལ་བཅས་པ་དང་། །ལྷ་ཡི་རྣལ་འབྱོར་མ་ལུས་པ། །བདེ་ཆེན་ཐིག་ལེ་ཉིད་དུ་བལྟ། །ལྷ་དང་བདེ་བར་མཉམ་སྦྱོར་བས། །ཐིག་ལེ་བདེ་བར་སྣང་བ་ནུབ། །སྐུ་བཞི་དཀྱིལ་འཁོར་ཁམས་ཐིག་ལེ། །དངས་མ་ལྔ་རུ་མཉམ་སྦྱོར་བས། །ངོ་བོ་དང་ནི་རྐྱེན་དག་གིས། །ཐབས་ཀྱི་
རིམ་པ་བསྐུལ་ལས་ཤེས། །བདེ་བའི་ཐིག་ལེ་ཉམས་མྱོང་བ། །མི་རྟོག་བདེ་བ་ཆ་ཤས་མེད། །མི་ཤིགས་ཐིག་ལེ་ཀུན་གྱི་བདག །སྟོང་ཉིད་འབྲེལ་པའི་རི་མོ་ཅན། །ཐ་མལ་བྱ་བ་ཀུན་བྲལ་བ། །སྤྱོད་པ་ཉིད་དུ་བསྟན་པ་ཡིན། །ཐིག་ལེ་བཞུ་བའི་རང་བཞིན་གྱིས། །འཛག་འབར་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด