བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๒ · หน้า 58b

གཟུགས་མེད་པ་སྟེ་ལྷ་མ་ཡིན་ཡང་དེའི་ནང་དུ་འདུས་སོ། །མི་དང་གདེངས་ཅན་ནི་རབ་ཏུ་གྲགས་པ་སྟེ་རྒྱལ་པོ་དང་མཐའ་ཡས་ལ་སོགས་པའོ། །འབྱུང་པོའི་སྐྱེ་གནས་ནི་སྔར་བརྗོད་པ་རྣམ་པ་བཞིའོ། །བརྟན་པའི་སྐྱེ་གནས་ནི་ལྷུན་པོ་དང་ཤིང་ལ་སོགས་པ་སྟེ་དེ་དག་ཐམས་ཅད་སྔགས་

ཀྱི་མིང་གིས་མིང་ཅན་དུ་བྱས་པའི་སྔགས་སུ་འགྱུར་རོ། །ཁམས་གསུམ་པོ་འདིར་གང་གི་མིང་གང་ཡིན་པ་དེའི་དེ་བསྒྲུབ་པའི་སླད་དུ་སྔགས་ཀྱི་བརྡར་འགྱུར་ཏེ་དང་པོའི་ཡི་གེ་ནི་ཡེ་ཤེས་ཀྱི་ས་བོན་དུ་འགྱུར་ཞིང་། མིང་མཐའ་དག་ནི་བཟླས་པའི་སྔགས་སུ་འགྱུར་རོ། །དོན་སྣ་ཚོགས་

བསྒྲུབ་པའི་སླད་དུ་སེམས་ཅན་མཐའ་ཡས་པའི་མིང་གི་དབྱེ་བས་སྔགས་མཐའ་ཡས་པར་ཁོང་དུ་ཆུད་པར་བྱའོ། །དཔེར་ན་དགེ་བ་དང་མི་དགེ་བའི་འབྲས་བུའི་དོན་དུ་མིང་གི་ཡི་གེ་དང་པོས་ཁྱིམ་དང་མིང་གི་ཡི་གེ་ཐམས་ཅད་ཀྱིས་ཀྱང་དབྱངས་དམན་པ་དང་ལྷག་པ་གཡུལ་འགྱེད་པའོ། །

དེ་བཞིན་དུ་དང་པོའི་ཡི་གེ་དང་མིང་ཐམས་ཅད་ཀྱིས་ཀྱང་བསྒོམ་པ་དང་བཟླས་པའི་བྱ་བ་འགྲུབ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཁྲུལ་པ་མེད་ཅིང་ནོར་བུ་དང་སྔགས་དང་། སྨན་རྣམས་ཀྱི་མཐུ་རང་གི་སེམས་ཡོངས་སུ་གྱུར་པ་ལས་འབྱུང་བ་ནི་བསམ་གྱིས་མི་ཁྱབ་བོ། །ཨ་

སོགས་ཀ་སོགས་ལྡན་པ་དག་ལས་ཞེས་པ་ལ་ཨ་སོགས་ནི་ཨ་ཡིག་ལ་སོགས་པ་སྟེ་དབྱངས་ཀྱི་ཚོགས་སོ། །ཀ་སོགས་ལྡན་པ་ནི་ཀ་ཡིག་ལ་སོགས་པ་གསལ་བྱེད་དང་ལྡན་པ་དག་ལས་སོ། །དེ་ལྟར་ནི་བརྗོད་པའི་རིམ་པ་འདིས་སོ། །ཁམས་གསུམ་དག་ནི་འདོད་པ་དང་།

གཟུགས་དང་གཟུགས་མེད་པའི་ཁམས་ཏེ་ངེས་པར་སྐྱེད་པར་འགྱུར་རོ། །མིའི་བདག་ཅེས་པ་ནི་བོད་པའོ། །ཟླ་བའི་ཆ་ལ་སོགས་པ་དང་སྣ་ཚོགས་པའི་སྔགས་བསྡུས་པའི་མདོར་བསྡུས་སོ། །ད་ནི་དབྱངས་ནི་ཞེས་པ་ལ་སོགས་པས་དབྱངས་རྣམས་ཀྱི་སྐྱེ་བའི་གནས་ལ་སོགས་པ་

བསྡུས་པའི་ཚིགས་སུ་བཅད་པ་དགུ་པ་བདག་གིས་དགྲོལ་བར་བྱའོ། །དབྱངས་ནི་ཀ་ཙ་ཊ་པ་ཏར་ལྡན་ྈྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱི་སྐྱེ་བའི་གནས་ཞེས་པ་ལ་འདིར་དབྱངས་ནི་སྔར་བརྗོད་པའི་ཨ་ཡིག་ལ་སོགས་པ་རྣམས་ཏེ་ཨ་ཨི་རྀ་ཨུ་ལྀ་ལྔའོ། །འདི་རྣམས་ཀྱི་སྐྱེ་བའི་

เล่ม ๑๐๒ · หน้า 59a

གནས་རྣམ་པ་ལྔ་གྲངས་ཇི་ལྟ་བ་བཞིན་ནོ། །དབྱངས་ཇི་ལྟར་གྱུར་པ་རྣམས་ཀྱི་ཞེ་ན། ཀ་ཙ་ཊ་པ་ཏར་ལྡན་པ་དང་ྈྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱི་ཞེས་པ་སྟེ་གྲངས་ཇི་ལྟ་བ་བཞིན་ཀ་ཡིག་ལ་སོགས་པའི་སྡེ་པ་དང་། སྦྱར་བ་དང་། ྈྐ་ལ་སོགས་པ་རྣམས་ཀྱི་ཡི་གེ་

སོ་སོ་དང་སྦྱར་བ་ནི་ྈྐ་ཤ་ཥ་ྉྤ་ས་དང་། ཡང་དག་པར་སྦྱར་བ་རྣམས་ཀྱི་སྟེ་སོགས་པ་སྨོས་པའི་ཕྱིར་ཧ་ཡ་ར་ཝ་ལ་དང་ལྡན་པ་རྣམས་ཀྱིའོ། །དེ་ལྟར་ཡང་ཨ་ཀུ་ཧ་རྣམ་པར་བཅད་པ་ནི་མགྲིན་པ་ལས་བྱུང་བའོ། །ཨི་ཙུ་ཡ་ཤ་ནི་རྐན་ལས་བྱུང་བའོ། །རྀ་ཊུ་ར་ཥ་ནི་སྤྱི་བོ་ལས་བྱུང་བའོ། །

ཨུ་པུ་ཝ་ྉྤ་ནི་མཆུ་ལས་བྱུང་བའོ། །ལྀ་ཏུ་ལ་ས་ནི་སོ་ལས་བྱུང་བའོ། །ཞེས་སྐྱེ་བའི་གནས་གསུངས་སོ། །མགྲིན་རྐན་སྟེང་གི་ཆ་ཇི་ལྟར་གྱུར་པ་ཞེན་མཁའ་རླུང་བསྲེག་བྱ་ལས་སྐྱེས་པའི་གནས་སོ། །མཆུ་དང་སོ་ནི་ཆུ་དང་ས་དག་གི་སྐྱེ་བའི་གནས་སུ་ཨ་ཡིག་ལ་སོགས་པ་རྣམ་

གྲངས་ཇི་ལྟ་བ་བཞིན་དུ་སྐྱེ་བ་སྟེ་སྐྱེ་བ་ཅེས་པ་ནི་གནས་དེ་དག་ཏུ་བརྗོད་པ་རྣམས་ཀྱི་སྒྲའི་དོན་རྟོགས་པའོ། །འདིར་སྔགས་ཀྱི་བཟླས་པའི་ཆོ་ག་བསྒྲུབ་པའི་དོན་དུ་སྐྱེ་བའི་གནས་རིག་པར་བྱ་སྟེ་གཞན་ནི་བསྒོམ་པའི་གནས་ཀྱི་དོན་དུ་ལུས་ཀྱི་འཁོར་ལོའི་དབྱེ་བས་བརྗོད་པ། ཨ་སོགས་

རྣམས་ནི་གཙུག་ཏོར་འཁོར་ལོ་སྙིང་མགྲིན་མགོ་བོ་ལྟེ་བའི་འཁོར་ལོ་དག་ལ་རིམ་པས་ཏེ། ཞེས་པ་ལ་ཨ་སོགས་ཞེས་པ་ཨ་ཡིག་ལ་སོགས་པ་དབྱངས་རྣམས་ཀྱི་གྲངས་བཞིན་དུ་ནམ་མཁའ་ལ་སོགས་པའི་རིགས་ཀྱི་དབྱེ་བས་གྲངས་བཞིན་དུ་གཙུག་ཏོར་ལ་སོགས་པའི་འཁོར་ལོ་རྣམས་

བསྒོམ་པའི་དོན་དུ་སྐྱེ་བའི་གནས་སུ་རིག་པར་བྱའོ། །འདིར་ཨ་ཀུ་ཧ་རྣམ་པར་བཅད་པ་ནི་གཙུག་ཏོར་གྱི་འཁོར་ལོ་ལ་བསྒོམ་པར་བྱའོ། །ཨི་ཙུ་ཡ་ཤ་ནི་སྙིང་ཁའི་འཁོར་ལོ་ལའོ། །རྀ་ཊུ་ར་ཥ་ནི་མགྲིན་པའི་འཁོར་ལོ་ལའོ། །ཨུ་པུ་ལ་ྉྤ་ནི་དཔྲལ་བའི་འཁོར་ལོ་ལའོ། །ལྀ་ཏུ་ལས་ནི་ལྟེ་བའི་འཁོར་ལོ་ལ་བསྒོམ་

པར་བྱའོ། །སྣ་ཚོགས་ནི་ཁ་དོག་སྣ་ཚོགས་ལྗང་ཁུ་སྟེ་གཙུག་ཏོར་གྱི་འཁོར་ལོའོ། །ནག་པ་ནི་སྙིང་ཁའི་འཁོར་ལོའོ། །དམར་བ་ནི་མགྲིན་པའི་འཁོར་ལོའོ། །རི་བོང་ཅན་གྱི་མདོག་ནི་དཔྲལ་བའི་འཁོར་ལོའོ། །གསེར་འདྲ་ནི་ལྟེ་བའི་འཁོར་ལོའོ། །ཕུང་པོ་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལའོ། །

เล่ม ๑๐๒ · หน้า 59b

ཞེས་པ་ནི་གྲངས་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་གཙུག་ཏོར་གྱི་འཁོར་ལོའོ། །འདུ་བྱེད་དང་རླུང་གི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་སྙིང་ཁའི་འཁོར་ལོའོ། །དེ་བཞིན་དུ་ཚོར་བ་དང་མེའི་ཁམས་ཀྱི་ལྷག་པའི་ལྷ་དང་

ལྡན་པ་མགྲིན་པའི་འཁོར་ལོའོ། །འདུ་ཤེས་དང་ཆུའི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་དཔྲལ་བའི་འཁོར་ལོའོ། །གཟུགས་དང་སའི་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལྟེ་བའི་འཁོར་ལོ་སྟེ་དེ་ལྟར་ཕུང་པོ་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལའོ། །འཆད་པར་འགྱུར་བ་ལ་

ཡན་ལག་དགོད་པ་ལ་སོགས་པ་རིག་པར་བྱའོ། །དབྱངས་རྣམས་ཀྱི་སྐྱེ་བའི་གནས་ངེས་པར་བསྟན་པའོ། །དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་འཇིག་རྟེན་

གྱི་ཁམས་བསྡུས་པའི་མདོར་བསྡུས་ཏེ་བདུན་པའོ།། །།ད་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་གསུངས་པ་སྡུད་པར་མཛད་པ་པོ་འཇམ་དཔལ་གྱིས་ཚིགས་སུ་བཅད་པ་བཅུ་པ་ལ་སོགས་པས་མཆོག་གི་དང་པོའི་སངས་རྒྱས་ལས་

བསྡུས་པ་རླུང་གི་མཐའ་ནས་ལྷུན་པོའི་མཚམས་ཞེས་པ་ལ་སོགས་པ་དེ་ཉིད་བདག་གིས་དགྲོལ་བར་བྱའོ། །རླུང་གི་མཐའ་ནས་ལྷུན་པོའི་མཚམས་སུ་དམྱལ་བ་གདེངས་ཅན་གྲོང་ཁྱེར་ལ་ནི་དཔག་ཚད་འབུམ་ཕྲག་གཉིས་ཞེས་པ་ལ་འདིར་འཇིག་རྟེན་གྱི་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་

སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་སེམས་ཅན་རྣམས་ལ་གསུངས་ཤིང་རབ་ཏུ་སྣང་ངོ་། །དོན་དམ་པར་ནི་འཇིག་རྟེན་གྱི་ཁམས་ལ་ཚད་དང་དཔངས་མེད་དེ་སེམས་ཅན་རྣམས་ཀྱི་བསོད་ནམས་དང་སྡིག་པའི་དབང་གིས་སོ། །འདིར་ཕུག་ཁྲུ་ལྔ་པའི་ཚད་

གང་དུ་འདོད་ཆགས་དང་བྲལ་བའམ། བྱང་ཆུབ་སེམས་དཔའ་གནས་པའི་ཕུག་དེར་བསོད་ནམས་དང་ཡེ་ཤེས་བསྟེན་པ་དེའི་མཐུ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་སྡེ་དང་བཅས་པ་འོངས་ཤིང་རབ་ཏུ་འཇུག་སྟེ་དེ་སུས་ཀྱང་མ་བསྐྱེད་ཅིང་ཕུག་དེར་ཞུགས་པའི་འཁོར་

เล่ม ๑๐๒ · หน้า 60a

ལོས་སྒྱུར་བའི་སྡེ་ཡང་དག་པ་ཉིད་མ་ཡིན་ནོ། །དོན་དམ་པར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །འདིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་གང་ཡིན་པ་དེ་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་ཞེས་གསུངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་འཇིག་རྟེན་

གྱི་ཁམས་དཀྱིལ་འཁོར་གྱི་དོན་དང་། ལུས་ཀྱི་ཚད་ལུས་ཀྱི་དཀྱིལ་འཁོར་གྱི་དོན་དུ་སྟེ། ལུས་ནི་དཀྱིལ་འཁོར་ཞེས་བརྗོད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་དུ་འཇིག་རྟེན་པའི་ཚད་ཀྱིས་ལྷུན་པོའི་དཔངས་དཔག་ཚད་འབུམ་ཡིན་པ་དེ་བཞིན་དུ་ལུས་ཀྱི་སྒལ་ཚིགས་ཀྱི་དཔངས་

ཁྲུ་གང་སྟེ་ཁྲུའི་ཚད་དེས་ལུས་ནི་ཁྲུ་བཞིའོ། །ལྷུན་པོ་དཔག་ཚད་འབུམ་གྱི་ཚད་ཀྱིས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཞིའོ། །རྣམ་པ་གཞན་དུ་ན་ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་སུ་མི་འགྱུར་ཏེ་མི་མཉམ་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀུན་རྫོབ་ཏུ་ཇི་ལྟ་བ་དེ་ལྟར་

འགྱུར་དུ་ཆུག་མོད། །འདིར་བསྲེགས་བཅད་ཅེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་དམ་བཅས་པ་ནི་མ་ཡིན་ཏེ། འོན་ཀྱང་དམ་བཅས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཡུལ་ལ་ཡིན་ནོ། །གང་གི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཡུལ་ལ་མཛོད་ཀྱི་འདོད་པ་དང་། རིག་

བྱེད་ཀྱི་གྲུབ་པའི་མཐའི་བསམ་པས་རྣམ་པ་སྣ་ཚོགས་པ་དང་། ཚངས་པའི་ཡུལ་ས་གཅིག་ནི་དཔག་ཚད་བྱེ་བའི་ཁྱོན་ནོ་ཞེས་བརྫུན་དུ་སྨྲ་བའི་ཕྱིར་ཉི་མའི་ཤིང་རྟ་ལ་སོགས་པ་ཡོངས་སུ་སྨིན་པར་བྱ་བའི་སླད་དུ་ཚངས་པའི་ཡུལ་སའི་ཚད་དེ་རྣམ་པར་གཞོམ་པའི་དོན་དུ་གཟའ་དང་རྩིས་དང་ཁྱིམ་

གྱི་འཁོར་ལོ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་རབ་ཏུ་བཀོད་དོ། །དེའི་ཕྱིར་ཚད་འདི་ལ་སངས་རྒྱས་པའི་མཛོད་མཐོང་ནས་འཁྲུལ་པ་འདི་མི་བྱ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་འབུམ་ཕྲག་སུམ་ཅུ་སོ་དྲུག་ལྷག་པ་དང་། ཇི་ལྟར་འཇིག་རྟེན་གྱི་

ཁམས་དཔག་ཚད་འབུམ་ཕྲག་བཞིའི་ཚད་དུ་གསུངས། འདིར་བཅོམ་ལྡན་འདས་བརྫུན་གསུང་བ་པོ་ཡིན་ནམ་ཅི་ཞེས་པ་འགའ་ཞིག་འདོད་པར་གྱུར་ན་དེའི་ཚིག་མཁས་པ་རྣམས་ཀྱིས་ཁས་བླང་བར་མི་བྱ་སྟེ་སེམས་ཅན་གྱི་བསམ་པའི་དབང་གིས་སོ། །དེ་བཞིན་དུ་ཡང་། སེམས་ཅན་

เล่ม ๑๐๒ · หน้า 60b

མོས་པ་སྣ་ཚོགས་པ། །གྲུབ་མཐའ་སྣ་ཚོགས་རིག་པ་པོ། །སྣ་ཚོགས་ལམ་ལ་རབ་གནས་པ། །ཤེས་པའི་ང་རྒྱལ་ཁེངས་པ་ཅན། །དེ་དག་རང་བཞིན་གྲུབ་མཐའ་ལ། །ཇི་སྲིད་རིགས་པ་མ་བསྟན་པ། །དེ་སྲིད་ཁེངས་པ་ཅན་དེ་དག །ཀུན་མཁྱེན་གྱི་ཡང་དབང་མི་འགྱུར། །

སེམས་ཅན་ཕན་ལས་མི་བདེན་པ། །བསོད་ནམས་ཚོགས་ཀྱི་རྒྱུ་ཡིན་ཏེ། །གཞན་ལ་གནོད་ལས་བདེན་པ་ནི། །མནར་མེད་ལ་སོགས་རབ་ཏུ་སྟེར། །གཏོང་བ་པོ་མིན་ཡི་དགས་ཀྱིས། །ཁྱིམ་གྱི་གནས་ནི་རིར་མཐོང་སྟེ། །སྡིག་པ་བྱེད་པ་དག་གིས་ཁྱིམ། །ཁབ་རྩེ་རི་ཡི་རྣམ་

པར་རོ། །ས་འོག་དངོས་གྲུབ་ཐོབ་གྱུར་ཅིང་། །ལྷ་མོ་རྣམས་ཀྱི་གྲོང་འགྲོ་བ། །གྲུབ་པ་རྣམས་ཀྱིས་རབ་བརྟན་ས། །ཀུན་ནས་བུག་པ་བཅས་པར་མཐོང་། །ཞེས་གསུངས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་སེམས་ཅན་རྣམས་

ཀྱི་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྣང་བ་སྟེ། དེ་བཞིན་གཤེགས་པས་མངོན་པར་ཞེན་པས་འཇིག་རྟེན་གྱི་ཁམས་གཟིགས་ནས་གཟུང་བ་དང་འཛིན་པའི་ངོ་བོས་དངོས་པོའི་ཚད་གསུངས་པ་ནི་འགའ་ཡང་མེད་དོ། །དེ་ལྟར་ཐམས་ཅད་ཡོངས་སུ་མཁྱེན་ནས་དྲང་

སྲོང་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ལུས་ཀྱི་ཚད་དཀྱིལ་འཁོར་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་རླུང་གི་མཐའ་ནས་ལྷུན་པོའི་མཚམས་སུ་ཞེས་པ་ནི་ས་དང་ཆུ་དང་མེའི་དཀྱིལ་འཁོར་རྣམས་ཀྱི་འོག་ན་རླུང་གི་དཀྱིལ་འཁོར་

ནམ་མཁའི་ཁམས་ལ་རྣམ་པར་གནས་ཏེ། རླུང་གི་མཐའ་དེ་ནས་ལྷུན་པོའི་བར་དུ་དམྱལ་བའི་གནས་བདུན་དང་བརྒྱད་པ་ནི་གདེངས་ཅན་གྱི་གྲོང་ཁྱེར་ཏེ། དམྱལ་བ་གདེངས་ཅན་གྲོང་ཁྱེར་ལ་ནི་དཔག་ཚད་འབུམ་ཕྲག་གཉིས་ཡིན་ནོ། །འདིར་རླུང་གི་དཀྱིལ་འཁོར་སྟོང་ཕྲག་ལྔ་

བཅུར་འགྱུར་ཏེ་དྲག་པོའི་རླུང་ཆེན་པོ་དང་མུན་པ་ཆེན་པོ་དེ་ལ་དམྱལ་བའི་གནས་གཉིས་སྟེང་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་ཆ་སྟེ་རྒྱའི་ཚད་ནི་སའི་དཀྱིལ་འཁོར་གྱི་ཚད་དོ། །དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་དམྱལ་བའི་གནས་གཉིས་ཏེ། མེའི་དམྱལ་བ་གཅིག་

เล่ม ๑๐๒ · หน้า 61a

དང་དེའི་སྟེང་དུ་དུ་བ་མི་བཟད་པའི་དམྱལ་བའོ། །དེ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་དམྱལ་བ་གཉིས་ཏེ་འདམ་གྱི་ཆུ་འདམ་དང་ཆུ་ཡང་དག་པར་ལྡན་པ་དང་བྱེ་མའི་ཆུ་བྱེ་མ་དང་ཆུ་ཡང་དག་པར་ལྡན་པ་སྟེ་གྲང་བ་ཆེན་པོའོ། །སའི་དཀྱིལ་འཁོར་ལ་གསེག་མ་ཆུའི་དམྱལ་

བ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེའི་སྟེང་དུ་གདེངས་ཅན་གྱི་གྲོང་ཁྱེར་སྟེང་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེ་ཉིད་ལ་ཚད་རྣམ་པ་གཉིས་ཏེ་ཕྱེད་ནི་ལྷ་མ་ཡིན་གྱི་གནས་ཡིན་ལ་ཕྱེད་ནི་ཀླུའི་འཇིག་རྟེན་གྱི་གནས་སོ། །དེ་བཞིན་དུ་ལུས་ལ་རྐང་པའི་མཐིལ་

ནས་རྐེད་པའི་བར་དུ་ཁྲུ་གཉིས་ཏེ་ཁྲུ་གཉིས་པོ་དེ་ཉིད་ཆ་བརྒྱད་དུ་བྱས་ནས་ཆ་རེ་རེ་ལ་རིམ་པ་བཞིན་དུ་དམྱལ་བ་དང་གདེངས་ཅན་གྱི་གྲོང་ཁྱེར་རྣམས་རིག་པར་བྱའོ། །ལྷུན་པོའི་ཚད་ནི་འབུམ་ཕྲག་གཅིག་སྟེ་སའི་དཀྱིལ་འཁོར་དེ་ནས་ལྷུན་པོའི་ཚད་ནི་སྟེང་འོག་ཏུ་དཔག་ཚད་འབུམ་ཕྲག་གཅིག་

སྟེ་ལུས་ལ་རྐེད་པ་ནས་མགྲིན་པའི་འོག་གི་བར་དུ་ཁྲུ་གང་ངོ་། །དེ་ཉིད་དུ་གཟའི་ཚོགས་རྣམས་འཁོར་ཏེ་གཟའི་ཚོགས་ཀྱི་གནས་དེ་ནས་སྟོང་ཕྲག་དག་ནི་ཉི་ཤུ་ལྔ་ལྷུན་པོའི་མགྲིན་པ་སྟེ་ལུས་ལ་སོར་དྲུག་གོ། །དེ་ནས་གདོང་ལ་ལྔ་བཅུ་ལྷུན་པོའི་གདོང་མགྲིན་པ་ནས་དཔྲལ་བའི་མཐའི་

བར་དུ་སྟེ་ལུས་ལ་སོར་བཅུ་གཉིས་སོ། །དེ་ནས་བརྟན་པའི་གོ་འཕང་གཡོ་མེད་གཙུག་ཏོར་ནི་སྟོང་ཕྲག་ཉི་ཤུ་ལྔ་སྟེ། ལུས་ལ་དཔྲལ་བའི་མཐའ་ནས་གཙུག་ཏོར་གྱི་གནས་ཀྱི་བར་དུ་སོར་དྲུག་གི་ཚད་དོ། །དེའི་ཕྱི་རོལ་སྟོང་པ་གཅིག་པུ་སྲིད་པ་གསུམ་བྲལ་ཡོན་ཏན་མེད་ཅིང་དེ་ཉིད་

ཀྱིས་དམན་པའོ་ཞེས་པ་ནི་འོག་རླུང་གི་དཀྱིལ་འཁོར་དང་སྟེང་གཙུག་ཏོར་དེའི་ཕྱི་རོལ་སྟོང་པ་གཅིག་པུ་སྟེ་རྡུལ་ཕྲ་རབ་སོ་སོའི་ངོ་བོ་ཁམས་ལྔ་པ་སྟོང་པ་གཅིག་པུའོ། །ནམ་མཁའ་ནི་མ་ཡིན་ཏེ་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་སྟོང་པ་གཅིག་པུར་རྟོགས་པར་མི་བྱའོ། །དེ་ལྟར་འཇིག་

རྟེན་གྱི་ཁམས་ཀྱི་ཚད་འབུམ་ཕྲག་བཞི་སྟེ་ལུས་ལ་ཁྲུ་བཞིའོ། །ཁྲུ་ཡང་སོར་ཉི་ཤུ་རྩ་བཞིའི་བདག་ཉིད་དོ། །ད་ནི་འདིར་ཞེང་གི་ཚང་གསུངས་པ་རླུང་གི་མཐའ་ནས་རླུང་གི་མཚམས་ལ་འབུམ་ཕྲག་བཞི་སྟེ་རླུང་ནས་རླུང་གི་མཐའ་ཤར་ནས་ནུབ་ཀྱི་རླུང་གི་དཀྱིལ་འཁོར་གྱི་མཐའི་བར་དང་དེ་

เล่ม ๑๐๒ · หน้า 61b

བཞིན་དུ་ལྷོ་ནས་བྱང་གི་མཐའི་བར་རོ། །བརྟན་པ་འཛིན་མའི་གཞི་ལ་གླིང་དང་རི་དང་རྒྱ་མཚོ་རྣམས་ཞེས་པ་ནི་དེ་ནས་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་མེའི་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་དང་། དེ་བཞིན་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་ཆུའི་དཀྱིལ་འཁོར་དང་། ཆུའི་དཀྱིལ་འཁོར་

གྱི་དབུས་སུ་སའི་དཀྱིལ་འཁོར་རོ། །དེ་ཉིད་ནི་བརྟན་པ་འཛིན་མའི་གཞི་སྟེ་དེ་ལ་གླིང་དྲུག་དང་རི་དྲུག་དང་། རྒྱ་མཚོ་དྲུག་གོ། །བདུན་པ་ཆུའི་དཀྱིལ་འཁོར་དང་བཅས་པས་རྒྱ་མཚོ་བདུན་དང་། བདུན་པ་འཛམ་བུའི་གླླིང་དང་བཅས་པས་གླིང་བདུན་དང་། རྡོ་རྗེའི་རི་དང་བཅས་པས་རི་

བདུན་ནོ། །རྡོ་རྗེའི་རི་ནི་རྟ་གདོང་གི་མེ་སྟེ་ལན་ཚྭའི་རྒྱ་མཚོ་ཆུའི་དཀྱིལ་འཁོར་གྱི་མཐར་འོག་དང་ཐད་ཀའི་ཆ་ལ་གནས་སོ། །ས་འཛམ་བུའི་གླིང་ཆེན་པོའི་མཐར་ཕྱོགས་ཐམས་ཅད་དང་འོག་ཏུ་ལན་ཚྭའི་རྒྱ་མཚོ་རྣམ་པར་གནས་སོ། །ལན་ཚྭའི་རྒྱ་མཚོའི་མཐའ་ནས་ལན་ཚྭའི་རྒྱ་མཚོའི་

མཐར་འབུམ་ཕྲག་བཞིའི་ཕྱེད་དེ། བཞི་ཕྱེད་འབུམ་ཕྲག་གཉིས་ཏེ་ཞེས་པ་ལྷུན་པོའི་དབུས་ནས་གཡས་གཡོན་དུ་ལན་ཚྭའི་རྒྱ་མཚོའི་དཀྱིལ་འཁོར་གྱི་མཐར་འབུམ་ཕྲག་གཉིས་ཏེ་གཡས་སུ་འབུམ་ཕྲག་གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་སྟེ། དེ་བཞིན་དུ་ཤར་དང་ནུབ་དང་རླུང་

དང་མེ་དང་བདེན་བྲལ་དང་དབང་ལྡན་དུའོ། །ལན་ཚྭའི་ཆུའི་དཀྱིལ་འཁོར་དེ་ལས་གཡས་དང་གཡོན་དུ་མེ་དང་རླུང་གི་དཀྱིལ་འཁོར་འབུམ་ཕྲག་གཉིས་སུ་འགྱུར་རོ། །གཡས་སུ་འབུམ་ཕྲག་གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་སྟེ་ཕྱོགས་ཐམས་ཅད་དུ་དེ་བཞིན་ནོ། །དབུས་

ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་མོར་འཁོར་བ་སྟེ། །ཞེས་པ་ནི་དབུས་ན་ལྷུན་པོའོ། །དེ་ཅི་འདྲ་བ་ཞིག་ཅེ་ན་གང་གི་སྟེང་ན་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་སྐར་མའི་ཕུང་པོ་མཐའ་ཡས་པ་དང་བཅས་པའི་སྐར་བཅས་ཉིན་དང་མཚན་མོར་འཁོར་བའོ།

འདིར་ཚིག་འདི་ལ་རིགས་པ་ཅི་ཞིག་ཡོད། གང་གིས་འདི་བརྗོད་པར་བྱ་བ་ལྷུན་པོ་གཞན་ཡང་ཡོད་དམ་ཅི་ཞེ་ན། བརྗོད་པ་འདིར་མནྡར་ཡང་ལྷུན་པོའི་མིང་གིས་སྨོས་པ་དེས་ན་མནྡ་ར་ལས་ཐ་དད་དུ་བྱ་བའི་སླད་དུ་ཚིག་འདི་རིགས་སོ། །ཆ་དྲུག་ལ་ནི་འབུམ་ཕྲག་གཉིས་གཉིས་ཞེས་པ་ནི་

เล่ม ๑๐๒ · หน้า 62a

འདིར་བརྗོད་པའི་རིམ་པས་འོག་དང་སྟེང་དང་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཆ་དྲུག་ལ་སའི་དཀྱིལ་འཁོར་གྱི་དབུས་ནས་འབུམ་ཕྲག་གཉིས་གཉིས་སོ། །སྲིད་གསུམ་མཐའ་དག་ནི་མཐོ་རིས་དང་མི་ཡུལ་དང་ས་འོག་སྟེ། སྲིད་གསུམ་མཐའ་དག་དུས་ཀྱི་སྦྱོར་བ་དག་ལས་

རབ་ཏུ་སྐྱེས། །ཞེས་པ་ཆགས་པ་སྐྱེ་བའི་དུས་ཀྱི་དབང་གིས་ཡང་དག་པར་འཛིན་པ་དང་སྲུང་བ་དང་། དབྱིབས་ཀྱི་རླུང་གི་དུས་ཀྱི་སྦྱོར་བ་དག་ལས་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་སྐྱེས་སོ། །ད་ནི་འདིར་ཁོར་ཡུག་གི་ཚད་

བརྗོད་པ་འཇིག་རྟེན་ཁམས་ཀྱི་ཀུན་ནས་ཁོར་ཡུག་ཏུ་ནི་ཐད་ཀའི་ཚད་ཀྱི་སུམ་འགྱུར་དུ་ཡང་འགྱུར་བ་སྟེ། ཞེས་པ་ནི་འདིར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཐད་ཀའི་ཚད་ཀྱི་སུམ་འགྱུར་ཁོར་ཡུག་གི་ཚད་དུ་འགྱུར་ཏེ། ལྷུན་པོ་ལ་སོགས་པ་ནས་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་

པ་གླིང་དང་རི་དང་རྒྱ་མཚོ་ལ་སོགས་པ་ཐམས་ཅད་ཀྱིའོ། །སའི་ཁོར་ཡུག་འབུམ་ཕྲག་གསུམ་དང་ཞེས་པ་ལ་ས་ཡི་ནི་སའི་དཀྱིལ་འཁོར་གྱི་མཐའི་བར་དུ་ཐད་ཀའི་ཚད་འབུམ་ཕྲག་གཅིག་སྟེ་ཁོར་ཡུག་གི་ཚད་འབུམ་ཕྲག་གསུམ་དུ་འགྱུར་རོ། །དེ་བཞིན་དུ་ཆུ་མེ་རླུང་རྣམས་ཀྱི་ཞེས་པ་ནི་ཆུ་དང་

མེ་དང་རླུང་གི་དཀྱིལ་འཁོར་རྣམས་ཀྱི་རང་རང་གི་དཀྱིལ་འཁོར་གྱི་མཐའ་ནས་རང་རང་གི་དཀྱིལ་འཁོར་གྱི་མཐའི་བར་དུ་ཐད་ཀའི་ཚད་ནི་འབུམ་ཕྲག་གཉིས་དང་། འབུམ་ཕྲག་གསུམ་དང་། འབུམ་ཕྲག་བཞི་སྟེ། ཁོར་ཡུག་གི་ཚད་ནི་དྲུག་དགུ་ཉི་མ་རིམ་པས་སོ་ཞེས་པ་སྟེ། ཆུའི་

དཀྱིལ་འཁོར་ལ་འབུམ་ཕྲག་དྲུག་དང་། མེའི་དཀྱིལ་འཁོར་ལ་འབུམ་ཕྲག་དགུ་དང་། རླུང་གི་དཀྱིལ་འཁོར་ལ་ཉི་མ་སྟེ་འབུམ་ཕྲག་བཅུ་གཉིས་སུ་རིམ་པས་རིག་པར་བྱའོ། །མིའི་དབང་པོ་ཕྱི་རོལ་སྲིད་པ་གསུམ་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཅིག་ཉིད་གང་ཡིན་པ། །དེ་ནི་སའི་

སྟེང་གི་གནས་སུ་ལུས་ལ་རང་རང་དག་གི་ཚད་ཀྱིས་ཡང་དག་ཁྲུ་གང་ངོ་། །ཞེས་པ་ནི་སྔར་བརྗོད་པའི་རིམ་པས་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ལ་དཔག་ཚད་འབུམ་ཕྲག་གཅིག་གང་ཡིན་པ་དེ་ཉིད་རང་གི་ལུས་ལ་རང་གི་ཁྲུ་ཡིས་ཁྲུ་གང་གི་ཚད་དུ་འགྱུར་རོ། །ད་ནི་ཕྲ་རབ་ཅེས་པ་ལ་

เล่ม ๑๐๒ · หน้า 62b

སོགས་པས་རྡུལ་ཕྲ་རབ་ལ་སོགས་པ་རྣམས་ཀྱི་དཔག་ཚད་བརྗོད་དེ། ཕྲ་རབ་བརྒྱད་རྣམས་དག་གིས་ཕྲ་མོ་འདི་གཅིག་ཅེས་པ་ནི་འདིར་ཕྲ་རབ་རྡུལ་ཕྲ་རབ་བརྒྱད་ཕྲེང་བར་གནས་པ་དག་གིས་ཕྲ་མོ་གཅིག་སྟེ་ཕྲ་མོ་གཅིག་གི་ཚད་དུ་འགྱུར་རོ། །ཕྲ་མོ་འདི་བརྒྱད་རྣམས་ཀྱིས་མི་རྣམས་ཀྱི་སྐྲ་ཡི་

རྩེ་མོར་འགྱུར་རོ། །སྐྲ་ཡི་རྩེ་མོ་འདི་བརྒྱད་ཕྲེང་བར་གནས་པས་སྐེ་ཚེའི་ཚད་དོ། །དེ་རྣམས་ཀྱིས་ཤིག་གི་ཚད་དོ། །དེ་རྣམས་ཀྱིས་ནས་ཀྱི་ཚད་དོ། །ལྟོས་འགྲོ་ནས་ཞེས་པ་ནི་དེ་བརྒྱད་ཀྱིས་སོར་དུ་འགྱུར་རོ། །སོར་མོ་ཉི་མ་ནི་ཟུང་གིས་ཞེས་པ་ཉི་མ་ནི་བཅུ་གཉིས་ཡིན་ལ་ཟུང་རྣམ་པ་གཉིས་

ཀྱིས་ཉི་ཤུ་རྩ་བཞི་སྟེ་སོར་མོ་ཉི་ཤུ་རྩ་བཞི་ཕྲེང་བར་གནས་པས་ཁྲུའི་ཚད་དུ་འགྱུར་རོ། །དེ་བཞིས་གཞུར་འགྱུར་ཏེ་འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང་གྲག་དག་ཏུ་འགྱུར་རོ། །དེ་བཞིས་དཔག་ཚད་དུ་འགྱུར་རོ། །དཔག་ཚད་དེ་ཡིས་ལྷ་ཡུལ་ལ་ལྷ་རྣམས་ཀྱི་ཚད་དང་། ས་ལ་མི་རྣམས་ཀྱི་

ཚད་དང་། ནམ་མཁའ་ལ་ཉི་མ་དང་ཟླ་བ་ལ་སོགས་པ་འཁོར་བའི་དོན་དུ་ཚད་ཡིན་ནོ། །ད་ནི་གཟུགས་མེད་པའི་སྲིད་པ་ལ་སོགས་པ་སྲིད་པ་སུམ་ཅུ་རྩ་གཅིག་གསུངས་པ། དང་པོར་ཆོས་བཟང་བསྐལ་པ་ཞེས་པ་སྟེ། དང་པོར་ནི་ཐོག་མར་རོ། །ཆོས་བཟང་གི་སྒྲས་ནི་གཟུགས་མེད་པའི་སྲིད་

པ་ཞེས་བརྗོད་དོ། །བསྐལ་པ་ཞེས་པ་ནི་གང་དུ། ལྷ་རྣམས་ཚེ་བསྐལ་པར་གནས་པའོ། །གནས་དེ་ནི་ཆོས་བཟང་བསྐལ་བ་ཞེས་པ་སྟེ་མཐོ་རིས་ཀྱི་སའོ། །ཟུང་ནི་ཟུང་དང་ལྡན་པ་དག་སྟེ་ཞེས་པ་ལ་ཟུང་ནི་གཉིས་ཡིན་ལ་དེ་དག་ཟུང་དང་ལྡན་པ་ནི་བཞི་སྟེ། ཟུང་ནི་ཟུང་དང་ལྡན་པ་དག་སྟེ་

ཞེས་པ་གཟུགས་མེད་པའི་སྲིད་པའི་གནས་རྣམ་པ་བཞི་ཞེས་པའི་དོན་ཏོ། །བསྐལ་པ་ཆེན་པོ་གཅིག་དང་། བསྐལ་པ་གཉིས་དང་། གསུམ་དང་བཞིའི་ཚེའོ་ཞེས་དགོངས་སོ། །རི་རབ་ཀྱི་གཙུག་ཏོར་གྱི་འོག་སྐྲའི་གནས་ཏེ་ཟད་པར་སྟོང་པ་རྣམ་པ་བཞི་བསྒོམས་པ་རྣམས་ཀྱིའོ། །དེ་བཞིན་

དུ་ཚངས་པའི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་དཔྲལ་བའི་གནས་ཏེ། ཟད་པར་རླུང་རྣམ་པ་བཞི་བསྒོམས་པ་རྣམས་ཀྱིའོ། །དེ་བཞིན་དུ་ཚངས་པ་འཇིག་རྟེན་ལས་འདས་པ་ཟུང་ནི་ཟུང་དང་ལྡན་པ་དག་སྣའི་གནས་ཏེ། ཟད་པར་མེ་རྣམ་པ་བཞི་བསྒོམས་པ་རྣམས་ཀྱིའོ། །དེ་བཞིན་དུ་དཔལ་

เล่ม ๑๐๒ · หน้า 63a

གྱི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་སྣའི་འོག་ཀོ་སྐོའི་མཐར་ཏེ། ཟད་པར་ཆུ་རྣམ་པ་བཞི་བསྒོམས་པ་རྣམས་ཀྱིའོ། །དེ་བཞིན་དུ་དཀར་པོའི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་མགྲིན་པའི་གནས་ཏེ། ཟད་པར་ས་རྣམ་པ་བཞི་བསྒོམས་པ་རྣམས་ཀྱིའོ། །དེ་ལྟར་ན་

གཟུགས་ཅན་རྣམས་ཀྱི་བསྐལ་པ་བཅུ་དྲུག་སྟེ། བསྐལ་པ་བཅུ་དྲུག་ནས་བརྩམས་ནས་བསྐལ་པ་རེ་རེའི་བར་གྱི་ཚེའོ། །མགྲིན་པའི་འོག་དེ་ནས་བརྩམས་ནས་འོག་རླུང་གི་དཀྱིལ་འཁོར་གྱི་མཐའི་བར་དུ་འདོད་པའི་སྲིད་པ་བཅུ་གཅིག་སྟེ། ཤིན་ཏུ་དབང་གྱུར་གནས་ནས་འདོད་པ་བཅུ་གཅིག་

གོ། །ཞེས་གསུངས་ཏེ་འདོད་པ་བཅུ་གཅིག་གི་དབྱེ་བས་ཐ་དད་དོ་ཞེས་པའི་དོན་ཏོ། །གཟུགས་མེད་དག་ནི་ཨ་སོགས་བཞི་པོ་ཧ་འཁྲིག་བྲལ་བ་རྣམས་ཏེ། ཞེས་པ་ནི་འདིར་གཟུགས་མེད་ལ་སོགས་པ་རྣམས་ཀྱི་ས་བོན་གྱི་ཡི་གེ་ནི་ཨ་ཡིག་ལ་སོགས་པའི་དབྱངས་བཞི་སྟེ། དེ་དག་

ཀྱང་ཧ་ཡིག་གཉིས་དང་བྲལ་བའོ། །འདི་ནི་སྟོང་པ་དྲུག་ཏུ་དོགས་པ་མེད་པའི་ཚིག་གོ། །ཨི་ལ་སོགས་པ་བཅུ་དྲུག་གཟུགས་ཞེས་པ་ནི། འདིར་དབྱངས་བཅུ་དྲུག་པོ་གང་དག་གི་དང་པོ་ཨི་ཡིག་ཡིན་པ་དེ་དག་ནི་ཨི་ལ་སོགས་པ་ཞེས་བརྗོད་དེ། ཨི་ལ་སོགས་པ་བཅུ་དྲུག་ནི་

གཟུགས་རྣམས་སོ། །ཧ་སོགས་ལ་མཐའ་ཡང་ནི་འདོད་པ་རྣམ་བཅུར་རབ་ཏུ་གསལ་ཏེ་ཞེས་པ་ནི་དབྱངས་བཅུའི་རྣམ་པར་འགྱུར་བ་གང་དག་གི་དང་པོ་ཧ་ཡིག་ཡིན་ལ་མཐའ་ལ་ཡིག་ཡིན་པ། དེ་དག་ནི་ཧ་སོགས་ལ་མཐའ་སྟེ་འདོད་པ་རྣམ་པ་བཅུར་འགྱུར་རོ། །རབ་ཏུ་གསལ་ཏེ་ལུང་

ལས་གསུངས་པ་ཡོད་པའོ། །གསལ་བྱེད་གཅིག་པ་ཀ་སའོ་ཞེས་པ་ནི་གསལ་བྱེད་ཀ་ཡིག་ལ་སོགས་པ་མཐའ་དག་སོ་སོར་བརྗོད་པས་ཡང་དག་པར་བསྡུས་པ་ནི་ཡི་གེ་གཅིག་པ་ཀ་སར་འགྱུར་ཏེ། ཀ་དང་ས་བརྩེགས་པ་ཀྵ་ཡིག་གོ་ཞེས་པའི་དོན་ཏོ། །དེ་ཡང་འདོད་པའི་སྲིད་པ་

བཅུ་གཅིག་པའོ། །སྲིད་པ་སུམ་ཅུ་རྩ་གཅིག་དག་གིས་འདིར་ནི་སྲིད་གསུམ་དུ་འགྱུར་ཞེས་པ་ནི་ཨ་ཡིག་ལ་སོགས་པ་སྲིད་པ་སུམ་ཅུ་རྩ་གཅིག་པོ་འདི་དག་གིས་སྲིད་པ་གསུམ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པར་འགྱུར་རོ། །འདིར་

เล่ม ๑๐๒ · หน้า 63b

སྲིད་པ་སུམ་ཅུ་རྩ་གཅིག་ཅེས་པ་ནི་གཟུགས་མེད་ལ་སོགས་པ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་

བར་འགྲོ་བ་ཞེས་བྱ་བ་ནི་གཟུགས་མེད་པ་བཞིའོ། །འོག་མིན་ལ་སོགས་པ་གཟུགས་བཅུ་དྲུག་སྟེ། འོག་མིན་དང་། ཤིན་ཏུ་མཐོང་དང་། མི་གདུང་བ་དང་། མི་ཆེ་བ་དང་། འབྲས་བུ་ཆེ་བ་དང་། བསོད་ནམས་སྐྱེས་དང་། སྤྲིན་མེད་དང་། དགེ་རྒྱས་དང་། ཚད་མེད་དགེ་བ་དང་

དགེ་ཆུང་དང་། འོད་གསལ་བ་དང་། ཚད་མེད་འོད་དང་། འོད་ཆུང་དང་། ཚངས་ཆེན་དང་། ཚངས་པ་མདུན་ན་འདོན་དང་། ཚངས་རིས་ཞེས་བྱ་བ་ནི་གཟུགས་བཅུ་དྲུག་གོ། །གཞན་འཕྲུལ་དབང་བྱེད་ལ་སོགས་པ་འདོད་པ་བཅུ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་དང་།

འཕྲུལ་དགའ་དང་། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་སྟེ། བསྐལ་པ་ཆུང་ངུ་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་བསྐལ་པའི་ཚེ་དང་ལྡན་པའོ། །འདིར་དེའི་

ནང་དུ་འདུས་པའི་ལྷ་མ་ཡིན་དང་མི་དང་། དུད་འགྲོ་དང་། ཡི་དགས་དང་དམྱལ་བ་ཞེས་བྱ་བ་ནི་འདོད་པའི་སྲིད་པ་ལྔ་སྟེ། དེ་ལྟར་ན་སྲིད་པ་སུམ་ཅུ་རྩ་གཅིག་གོ། །གཟུགས་མེད་པ་ལ་སོགས་པ་འདི་རྣམས་ཀྱི་མིང་གི་སྔགས་ཨ་ཡིག་ལ་སོགས་པ་རྣམས་བརྗོད་པའི་རིམ་པས་གྲངས་

བཞིན་ནོ། །འདི་ལྟ་སྟེ་ཨ་ཨཱ་ཨཾ་ཨཿཞེས་པ་ནི་གཟུགས་མེད་པ་སྟེ་ཟད་པར་ནམ་མཁའོ། །ཨི་ཨཱི་ཨེ་ཨཻ་ཞེས་པ་ནི་ཟད་པར་རླུང་ངོ་། །རྀ་རཱྀ་ཨར་ཨཱར་ཞེས་པ་ནི་ཟད་པར་མེའོ། །ཨུ་ཨཱུ་ཨོ་ཨཽ་ཞེས་པ་ནི་ཟད་པར་ཆུའོ། །ལྀ་ལཱྀ་ཨ་ལ་ཨཱ་ལ་ཞེས་པ་ནི་ཟད་པར་ས་སྟེ། ཚུལ་ཁྲིམས་ཀྱི་

སྟོབས་དང་། ཟད་པར་རླུང་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འོག་མིན་ལ་སོགས་པ་གཟུགས་བཅུ་དྲུག་ཏུ་འགྱུར་རོ། །ཧ་ཧཱ་ཡ་ཡཱ་ར་རཱ་ཞེས་པ་འདོད་པ་ན་སྤྱོད་པ་དྲུག་ཏུ་སྦྱིན་པའི་སྟོབས་དང་སྔགས་བཟླས་པའི་སྟོབས་ཀྱིས་འགྱུར་རོ། །ཝ་ཝཱ་ཞེས་པ་ནི་ལྷ་མ་ཡིན་དང་།

เล่ม ๑๐๒ · หน้า 64a

མི་སྟེ་སྦྱིན་པའི་སྟོབས་ཀྱིས་ལྷ་མ་ཡིན་དང་། དགེ་བ་དང་། མི་དགེ་བའི་ལས་ཀྱི་སྟོབས་ཀྱིས་མིར་འགྱུར་རོ། །ལ་ལཱ་ཞེས་པ་ནི་དུད་འགྲོ་དང་ཡི་དགས་ཏེ་སྡིག་པ་ཆུང་ངུས་དུད་འགྲོ་དང་སྡིག་པ་འབྲིང་གིས་ཡི་དགས་སོ། །ཀྵ་ཡིག་གིས་དམྱལ་བ་སྟེ་སྡིག་པ་ཆེན་པོས་འགྱུར་རོ། །

ཀླུའི་འཇིག་རྟེན་དང་པོར་བསོད་ནམས་ཀྱི་སྟོབས་དང་། དམྱལ་བའི་གནས་དང་པོར་སྡིག་པའི་སྟོབས་ཀྱིས་བསྐལ་པ་ཆུང་ངུའི་ཚེའོ། །དམྱལ་བའི་གནས་གཉིས་པ་དང་གསུམ་པར་བསྐལ་པ་བར་མའི་ཚེའོ། །དམྱལ་བའི་གནས་བཞི་པ་དང་ལྔ་པར་བསྐལ་པ་མཆོག་གི་ཚེའོ། །དམྱལ་བའི་

གནས་དྲུག་པ་དང་བདུན་པར་བསྐལ་པ་ཆེན་པོའི་ཚེའོ། །བརྒྱད་པར་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་ཚེ་སྟེ། དེ་ལྟར་སྲིད་པ་སུམ་ཅུ་རྩ་གཅིག་གིས་སྲིད་པ་གསུམ་མོ་ཞེས་པའི་དོན་ཏོ། །ཁམས་ཀྱི་དབྱེ་བས་ནི་ཁམས་གསུམ་མོ། །སྲིད་གསུམ་མ་ལུས་ནི་མཐོ་རིས་དང་མི་ཡུལ་དང་ས་

འོག་གོ། །འདི་ཡང་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་འགྱུར་ཏེ། ཨ་སོགས་ཀ་སོགས་རབ་ཏུ་དབྱེ་བ་ལས་ཞེས་ཤེས་པར་བྱའོ། །བསྐལ་པ་ཆུང་ངུའི་ཚད་ནི་ཆུ་དང་ཞེང་ལ་དཔག་ཚད་གཅིག་པའི་དོང་སྟེ་དེ་ཡང་སྐྲའི་རྩེ་མོ་ཕྲ་མོ་རྣམས་ཀྱིས་ཡོངས་སུ་བཀང་བ་ལས་ལོ་བརྒྱན་

སྐྲའི་རྩེ་མོ་རེ་རེ་ཕྱུང་བས་གང་གི་ཚེ་སྟོང་པར་གྱུར་པ་དེའི་ཚེ་བསྐལ་པ་ཆུང་ངུའི་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་ཅུའི་ཚད་ཀྱིས་ཟླ་བའོ། །ཟླ་བ་བཅུ་གཉིས་ཀྱིས་ལོའོ། །ལོ་བརྒྱ་ལ་བསྐལ་པ་ཞེས་བརྗོད་དོ། །དེ་བཞིན་དུ་དེའི་སྡེ་ནི་བསྐལ་པ་བར་མ་སྟེ། བསྐལ་པ་བར་མའི་

སྡེས་མཆོག་གི་བསྐལ་པའོ། །དེ་ལྟར་སེམས་ཅན་རྣམས་སྡིག་པའི་དབང་གིས་བསྐལ་པའི་གྲངས་དུ་མར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བར་འགྱུར་རོ། །ལྷ་རྣམས་བསོད་ནམས་ཀྱི་དབང་གིས་བསྐལ་པ་དུ་མར་མཐོ་རིས་ལ་སོགས་པའི་བདེ་བར་འགྱུར་རོ། །ད་ནི་ཀླུའི་གནས་

ལ་སོགས་པ་རྣམས་ཀྱི་མིང་གསུངས་ཏེ་མིང་དེ་ལ་རྩོད་པ་མེད་དོ། །རིན་ཆེན་སྣང་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ་ཞེས་པ་ནི་འདིར་གནས་གང་ན་རིན་པོ་ཆེ་རྣམས་ཀྱིས་སྣང་བའི་གནས་དེ་ནི་རིན་ཆེན་སྣང་སྟེ་ལྷ་མ་ཡིན་དང་ཀླུའི་འཇིག་རྟེན་དེ་ནས་འོག་ཏུ་དཔག་ཚད་སྟོང་ཕྲག་

เล่ม ๑๐๒ · หน้า 64b

ཉི་ཤུ་རྩ་ལྔའི་ཚད་དེ་རིན་ཆེན་སྣང་དེ་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ་བཤད་ཅེས་པའི་དོན་ཏོ། །བྱེ་མའི་ཆུ་ཞེས་བྱ་བ་ནི་གཉིས་པའོ། །འདམ་གྱི་ཆུ་ནི་གསུམ་པ་སྟེ་གྲང་བའི་དམྱལ་བ་གཉིས་སོ། །དེའི་འོག་ཏུ་མི་བཟད་པའི་དུ་བ་ནི་བཞི་པའོ། །མེ་ནི་ལྔ་པ་སྟེ་ཚ་བའི་དམྱལ་

བ་གཉིས་སོ། །དེ་ནས་འོག་ཏུ་མུན་པ་ནི་དྲུག་པའོ། །ངུ་འབོད་མུན་པ་ཆེན་པོ་ནི་བདུན་པ་སྟེ། དྲག་པོའི་རླུང་གི་དམྱལ་བ་གཉིས་སོ། །རྡོ་རྗེ་མེ་ལྕེ་དང་བཅས་པ་བརྒྱད་པ་ནི་དང་ཡིག་གིས་ཏེ་རྡོ་རྗེ་ཁབ་རྩེའི་སའི་ཆ་རྟག་ཏུ་རབ་ཏུ་འབར་བའོ། །དམྱལ་བ་ཆེན་པོ་བརྒྱད་པོ་རྣམས་ནི་ས་འོག་

ནའོ། །ལན་ཚྭ་ཆང་དང་ཆུ་དང་འོ་མ་དང་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ་ཞེས་པའི་ལན་ཚྭ་ནི་སའི་དཀྱིལ་འཁོར་གྱི་ཕྱི་རོལ་ནའོ། །ཆང་ལ་སོགས་པ་ནི་སའི་སྟེང་ནའོ། །རི་བོ་ནི་བདུན་ཏེ་འོད་སྔོན་མནྡ་ར་རི་ནི་ཥ་ཊ་དང་། ནོར་བུའི་འོད་ཟེར་ཏྲོ་ཎ་བསིལ་རི་རྡོ་རྗེའོ་ཞེས་པའི་རྡོ་རྗེ་ནི་

ལན་ཚྭའི་རྒྱ་མཚོའི་ཕྱི་རོལ་ནའོ། །ཁ་བ་ཅན་ལ་སོགས་པའི་རི་རྒྱུད་སོ་སོ་ནི་ཆང་ལ་སོགས་པའི་རྒྱ་མཚོ་སོ་སོའི་ཕྱི་རོལ་ན་ཆུའི་ཕྲེང་བ་འཆིང་བ་བཞིན་ནོ། །གླིང་ནི་ཟླ་བ་འོད་དཀར་དག་དང་རབ་མཆོག་ཀུ་ཤ་དང་ནི་མི་འམ་ཅི་དང་། ཁྲུང་ཁྲུང་དང་། དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པ་

འཛམ་བུ་མི་རྣམས་གནས་པ་དག་ནི་ལས་ཀྱིས་བདུན་པ་འཛམ་བུའི་གླིང་ཆེན་པོ་ཟླུམ་པོའི་རྣམ་པ་ཞེང་དུ་དཔག་ཚད་འབུམ་ཕྲག་གཅིག་དང་ཁོར་ཡུག་ཏུ་འབུམ་ཕྲག་གསུམ་ཡོད་པ་གང་དུ་མི་རྣམས་གནས་པ་དེ་ནི་ལས་ཀྱི་ས་དང་། དྲུག་ནི་ལོངས་སྤྱོད་ཀྱི་སར་རིག་པར་བྱའོ། །འཛམ་བུའི་གླིང་ནི་

ལན་ཚྭའི་རྒྱ་མཚོའི་ངོགས་ན་སྟེ། ལྷག་མ་ནི་ཆང་ལ་སོགས་པའི་ངོགས་ནའོ། །ད་ནི་འཛམ་གླིང་ཆེན་པོ་ལ་གླིང་བཞི་རྣམས་གསུངས་པ། ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོ་ཞེས་པ་ནི་ཤར་དུ་རླུང་གི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཤིན་ཏུ་ཟླུམ་པོ་སྟེ་ཟླ་བ་ཉ་བའི་རྣམ་པའོ། །ལྷོ་རུ་མེའི་

དཀྱིལ་འཁོར་གྱི་རང་བཞིན་གྱིས་གྲུ་གསུམ་མོ། །བྱང་དུ་ཆུའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཟླུམ་པོ་ཕྱེད་པའོ། །ནུབ་ཏུ་སའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་གྲུ་བཞི་སྟེ་ཆུ་ཡི་གཏེར་གྱི་ཟུར་ཞེས་སོ། །དབུས་སུ་ལྷུན་པོ་སྟོང་པའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཐིག་ལེའི་རྣམ་

เล่ม ๑๐๒ · หน้า 65a

པའོ། །རྡོ་རྗེ་མཆོག་གི་རང་བཞིན་དཀྱིལ་འཁོར་རྣམས་ཀྱི་དབུས་སུའོ་ཞེས་པ་ནི་ཤར་དང་། ལྟོ་དང་བྱང་དང་ནུབ་ཀྱི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ལྷུན་པོའོ། །སའི་སྟེང་དུ་དཔག་ཚད་སྟོང་ཕྲག་རྣམས་ནི་རི་དང་ཀླུ་དང་གཟའ་དང་ཕྱོགས་རྣམས་དག་ཏུ་འགྱུར། །དཀྱིལ་

འཁོར་ཆེན་པོ་བཞི་པོ་འདི་རྣམས་ཀྱི་དཔག་ཚད་ཀྱི་ཚད་ནི་གྲངས་བཞིན་དུ་སའི་སྟེང་དུ་རི་ཞེས་པ་སྟོང་ཕྲག་བདུན་ནོ། །ཀླུ་ཞེས་པ་སྟོང་ཕྲག་བརྒྱད་དོ། །གཟའ་ཞེས་པ་སྟོང་ཕྲག་དགུའོ། །ཕྱོགས་ཞེས་པ་སྟོང་ཕྲག་བཅུ་སྟེ་གླིང་བཞི་རྣམས་ཀྱི་དཔག་ཚད་ཀྱི་ཚད་རིམ་པ་བཞིན་ནོ། །འདིར་

གང་ཞིག་ཤར་ཟླུམ་པོ་ཕྱེད་དང་ནུབ་གྲུ་བཞི་ཡིན་པ་དེའི་ཕྱིར་རང་གི་ལུས་རང་བཞིན་གྱིས་མདུན་དང་རྒྱབ་རླུང་དང་། སའི་རང་བཞིན་དང་། གཡོན་དང་གཡས་ཀྱི་ལུས་ནི་ཆུ་དང་མེའི་རང་བཞིན་ནོ། །དེའི་ཕྱིར་དཀྱིལ་འཁོར་བཞིའི་རྣམ་པས་གླིང་བཞི་རྣམས་ཀྱི་མཚན་ཉིད་དོ། །ད་ནི་ལྷུན་

པོ་ལ་སོགས་པ་རྣམས་ཀྱི་རྒྱའི་ཚད་གསུངས་པ། ལྷུན་པོ་ཡི་ནི་སྟེང་གི་རྒྱ་ཤར་དང་ནུབ་དང་བྱང་དང་ལྷོའི་ཆའི་བར་དུ་སྟོང་ཕྲག་ལྔ་བཅུའོ། །ས་གཞི་དག་གི་གནས་ལ་རྒྱར་སྟོང་ཕྲག་བཅུ་དྲུག་གོ། །སྟོང་ཕྲག་གཅིག་ནི་ཁོར་ཡུག་དག་གི་ཡང་དག་པའི་ཞིང་ངོ་། །རྭ་ནི་ལྔ་པོ་རྣམས་དག་སྟེང་དང་

ས་གཞི་དག་གི་གནས་ལ་ནི་ཕྱིར་སོན་པའོ། །ཕྱོགས་ཀུན་དུ་ནི་ཁོར་ཡུག་ཀྱང་ངོ་། །དེའི་ཕྱི་རོལ་གླིང་དང་རི་བོ་དག་དང་ཞེས་པ་ནི་ཁོར་ཡུག་དེའི་ཕྱི་རོལ་རྭ་བཞིའི་ཁང་སྐྱིབས་ཀྱི་གནས་སུ་གླིང་དྲུག་དང་མཚོ་དྲུག་དང་རི་དྲུག་སྟེ་དེ་རྣམས་ལས་ཁ་བའི་རི་དང་རྭ་མཉམ་པའོ། །བདུན་པ་ནི་འཛམ་བུའི་

གླིང་སྟེ་དེའི་ཕྱི་རོལ་ན་ལན་ཚྭའི་ཆུ་གཏེར་གྱི་དཀྱིལ་འཁོར་དང་ཐམས་ཅད་ནས་མེའི་དཀྱིལ་འཁོར་དང་རླུང་གི་དཀྱིལ་འཁོར་རོ། །ཆུ་གཏེར་དྲུག་པོ་ཐམས་ཅད་དག་ཀྱང་ཟླ་བ་ཟླ་བ་གཅིག་གིས་དམན་པའི་སྟོང་ཕྲག་རེ་རེ་སྟེ་ཞེས་པ་ནི་རྒྱ་མཚོ་དྲུག་སྟེ། རྒྱ་མཚོ་སོ་སོ་ལ་བཅུ་གཅིག་ལྷག་པའི་

བརྒྱས་དམན་པའི་སྟོང་ཕྲག་ཏུ་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་གླིང་རྣམས་དྲུག་དང་རི་རྒྱུད་མཆོག་རྣམས་དྲུག་ཉིད་དེ་གླིང་དང་རི་དང་། རྒྱ་མཚོ་བཅྭ་བརྒྱད་པོ་འདི་རྣམས་ཚད་མཉམ་མོ། །དེ་ཉིད་ཞིབ་མོར་ནི་སྟོང་ཕྲག་བཅུ་དྲུག་ལས་བཅྭ་བརྒྱད་ཀྱིས་ཐོབ་པའི་ཆས་གསལ་བར་འགྱུར་རོ། །

เล่ม ๑๐๒ · หน้า 65b

ཟླ་བ་ཟླ་བ་གཅིག་གིས་དམན་པ་ཞེས་པ་ནི་རྩིང་གེའི་ཚད་མདོར་བསྡུས་ཏེ་བརྗོད་པའོ། །འདིར་ལྷུན་པོའི་འོག་གི་ཆ་ལ་ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་ཕྲག་བརྒྱད་དང་ཁོར་ཡུག་གི་གཅིག་གོ། །དཔག་ཚད་སྟོང་ཕྲག་དགུའི་ཕྱི་རོལ་དཔག་ཚད་སྟོང་ཕྲག

བཅུ་དྲུག་གི་བར་དུ་གླིང་དྲུག་ལ་སོགས་པ་རྣམས་གནས་སོ། །དེའི་ཕྱིར་སྟོང་ཕྲག་བཅུ་དྲུག་ལས་བཅྭ་བརྒྱད་ཀྱིས་ཐོབ་པའི་ཆས་ཚད་གསལ་བར་འགྱུར་རོ། །དེའི་ཕྱི་རོལ་ལྷུན་པོའི་ཕྱོགས་བརྒྱད་དུ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་འཛམ་བུའི་གླིང་ཆེན་པོའི་ཡངས་པ་སྟེ་ཟླུམ་པོའི་རྣམ་པའོ། །དེའི་

ཕྱི་རོལ་ཕྱོགས་ཐམས་ཅད་དུ་ལན་ཚྭའི་ཆུ་གཏེར་འབུམ་ཕྲག་ཕྱེད་ཀྱི་ཚད་དུ་འགྱུར་རོ། །སྲིད་པ་གསུམ་པོ་འཛིན་པ་ཡི་ནི་མཐའ་མ་དག་གི་མེའི་དཀྱིལ་འཁོར་དང་རླུང་གི་དཀྱིལ་འཁོར་གྱི་ཚད་དག་དེ་བཞིན་ནོ། །དེ་ལྟར་ན་ལྷུན་པོ་ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དུ་དཔག་ཚད་

འབུམ་ཕྲག་གཉིས་གཉིས་སུ་འགྱུར་ཏེ། ལུས་ལ་བྲང་གི་ཕྱེད་ནི་སའི་དཀྱིལ་འཁོར་རོ། །དཔུང་པ་ནི་ཆུའི་དཀྱིལ་འཁོར་རོ། །ཉེ་བའི་དཔུང་པ་ནི་མེའི་དཀྱིལ་འཁོར་རོ། །ནོར་བུ་འཆིང་བ་ནས་ལག་པའི་མཐར་ནི་རླུང་གི་དཀྱིལ་འཁོར་ཏེ། དེ་ལྟར་ན་འཇིག་རྟེན་གྱི་ཁམས་

ཀྱི་ཚད་དོ། །ད་ནི་ཚངས་པའི་གནས་སུ་དུས་ཀྱི་འཁོར་ལོ་ཞེས་པ་ལ་སོགས་པས་དུས་ཀྱི་འཁོར་ལོ་དང་ལྷ་དང་ཀླུ་དང་གནས་དང་། ཉེ་བའི་གནས་ལ་སོགས་པ་རྣམས་ཀྱི་གནས་གསུངས་ཏེ། ཕྱི་རོལ་དུ་ཚངས་པའི་གནས་དང་ལུས་ལ་གཙུག་ཏོར་གྱི་ནོར་བུ་ལ་དུས་ཀྱི་འཁོར་ལོ་སྟེ། དེ་ཉིད་

ནི་རྒྱལ་བ་མཆོག་བཅས་ཡང་དག་བསྟོད་པ་སྟེ། སངས་རྒྱས་ཐམས་ཅད་དང་བཅས་པ་འདུས་ཤིང་གཅིག་ཏུ་འདྲེས་པར་གྱུར་པ་དང་། ལྷའི་ཚོགས་བྱང་ཆུབ་སེམས་དཔའ་དང་ཚངས་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་བསྟོད་པའོ། །ལྷུན་པོ་ལ་ནི་ཚིག་མངའ་ཚངས་པ་ལ་

སོགས་པ་རྣམས་ཀྱི་ཚོགས་སོ། །ས་གཞིའི་འོག་ན་གནས་པ་ཀླུ་རྣམས་དག་ནི་རིགས་ལྔའི་ཚོགས་སོ། །དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་དུ་སྟེ། ཕྱོགས་བརྒྱད་དུ་སའི་དཀྱིལ་འཁོར་ལ་སོན་གནས་རྣམས་ཀུན་དང་ཉེ་བའི་གནས་ཞེས་པ་ལ་གནས་ནི་ཕྱོགས་བཞིར་རླུང་དང་

เล่ม ๑๐๒ · หน้า 66a

མེ་དང་ཆུ་དང་སའི་རང་བཞིན་གྱིས་གནས་པ། ཤར་གྱི་ལུས་འཕགས་དང་འཛམ་བུའི་གླིང་ཆུང་ངུ་དང་བྱང་གི་སྒྲ་མི་སྙན་དང་ནུབ་ཀྱི་བ་ལང་སྤྱོད་དོ། །ཉེ་བའི་གནས་ནི་རང་བཞིན་དེ་ཉིད་ཀྱིས་ཕྱོགས་མཚམས་རྣམས་སུ་སྟེ། མེ་དང་བདེན་བྲལ་དང་དབང་ལྡན་དང་།

རླུང་གི་ཕྱོགས་སུའོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ནི་རྒྱ་མཚོའི་ཕྱེད་ལའོ། །འདུན་པ་དང་ཉེ་བའི་འདུན་པ་ནི་རྒྱ་མཚོའི་ཕྱེད་གཞན་ལའོ། །འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན་ནི་མེའི་དཀྱིལ་འཁོར་གྱི་ཕྱེད་ལའོ། །ཁང་པ་དང་ཉེ་བའི་ཁང་པ་ནི་མེའི་ཕྱེད་གཞན་

ལའོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལའོ། །དུར་ཁྲོད་ཆེན་པོ་བརྒྱད་ནི་རླུང་གི་དཀྱིལ་འཁོར་གྱི་མཐའ་ལ་སྟེ། དེ་ལྟར་གནས་ལ་སོགས་པ་རྣམས་ས་བཅུ་གཉིས་སུ་རིག་པར་བྱ་སྟེ། ལུས་ལ་ཡངས་བཅུ་གཉིས་ནི་ལག་པ་དང་རྐང་པ་དག་གི་

ཚིགས་བཅུ་གཉིས་སོ། །ད་ནི་ཕྱོགས་སྐྱོང་རྣམས་ཀྱི་གནས་གསུངས་པ་ཤར་དུ་བརྒྱ་བྱིན་ཞེས་པ་སྟེ། ཤར་དུ་བརྒྱ་བྱིན་ནི་ལྷུན་པོའི་སྟེང་གི་ཤར་ཕྱོགས་སུ་བརྒྱ་བྱིན་ནོ། །མེར་ནི་མེ་ལྟའོ། །གཤིན་རྗེའི་ཕྱོགས་སུ་གཤིན་རྗེའོ། །བདེན་བྲལ་དུ་སྲིན་པོའོ། །ནུབ་ཕྱོགས་སུ་ཆུ་ལྷའོ། །

རླུང་དུ་རླུང་ལྷའོ། །ནོར་སྦྱིན་དུ་གནོད་སྦྱིན་ནོ། །འཕྲོག་བྱེད་ཀྱི་ཕྱོགས་སུ་དྲག་པོའོ། །སྟེང་གི་ཆང་ཚངས་པའོ། །འོག་ཏུ་ཁྱབ་འཇུག་གོ། །བརྒྱ་བྱིན་ལ་སོགས་པ་འདི་དག་མཚོན་ལྡན་འཁོར་གྱི་སྐྱེ་བོ་དང་བཅས་རང་རང་ཕྱོགས་ནི་སྲུང་ཞིང་སྐྱོང་བ་སྟེ། དེ་དག་རྣམས་ཀྱི་དབུས་

སུ་དུས་ཀྱི་འཁོར་ལོ་རྒྱལ་བ་རྣམས་ཀྱི་སྐྱེད་མཛད་གཞོམ་དུ་མེད་པ་རྡོ་རྗེའི་སྐུ་སྟེ། ཕྱོགས་སྐྱོང་རྣམས་ཀྱི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ད་ནི་ས་དུམ་བུ་བཅུ་གཉིས་ལ་འཁོར་ལོས་སྒྱུར་བ་ཆེན་པོ་འཁོར་བ་གསུངས་པ་ལྷུན་པོའི་རྒྱབ་ཀྱི་ཕྱོགས་ཞེས་པ་ལ་སོགས་པ་སྟེ། ལྷུན་པོའི་རྒྱབ་ཀྱི་

ཕྱོགས་རྣམས་སུ་ནི་ས་གཞི་དང་། ལ་ལྷ་མིན་ཀླ་ཀློ་རྣམས་ཀྱིས་རྒྱལ་བར་དཀའ་བ་འཁོར་རོ། །སའི་དུམ་བུ་གང་དུ་དེ་བཞིན་གཤེགས་པའི་ཆོས་ནི་རྣམ་པར་ཉམས་ཤིང་དེ་དག་ལས་བཟློག་པའི་ཆོས་འཇུག་པའི་ས་གཞི་དེར་འཁོར་ལོ་ཅན་འཁོར་ཏེ། རྩོད་དུས་ལ་ཆོས་མིན་རབ་ཏུ་

เล่ม ๑๐๒ · หน้า 66b

འཇུག་པ་དེ་ཉིད་རྩོད་དུས་འཇུག་པ་ཞེས་པའི་དོན་ཏོ། །ཆོས་མ་ཡིན་པའི་བདག་ཉིད་རྩོད་པའི་དུས་སོ། །དུམ་བུ་གང་དང་གང་དུ་ཀླ་ཀློའི་ཆོས་ཞུགས་པའི་དུམ་བུ་དེ་དང་དེ་ཉིད་དུ་རབ་ཏུ་གྱུར་པས་བགྲོད་པར་བྱེད་པ་ནི་རབ་ཏུ་བགྲོད་པར་བྱེད་པའོ། །ཀླ་ཀློ་རྣམས་དང་ཀྱང་ཡིག་གིས་ལྷ་མིན་

ལ་སོགས་པ་རྣམས་ཀྱང་གཡུལ་དུ་བཅོམ་སྟེ། རང་གི་ཆོས་ལ་ཀླ་ཀློ་ལ་སོགས་པ་དེ་དག་དགོད་པ་བྱས་ནས་མདུན་དུ་རྣམ་པར་རྒྱུའོ། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར་ཞེས་པ་ནི་འདིར་རྫོགས་ལྡན་ལ་སོགས་

པ་དུས་བཞི་གཞན་ཏེ། རྫོགས་ལྡན་ཆེན་པོ་ལ་སོགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དུས་བཞི་འདི་ནི་དུས་ཀྱི་སྦྱོར་བས་འབྱུང་བར་འགྱུར་ཏེ། དུས་ནི་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །དེའི་སྦྱོར་བ་ནི་དུས་ཀྱི་སྦྱོར་བ་སྟེ་མཚམས་བཞིའི་དབྱེ་བས་འབྱུང་བར་འགྱུར་རོ། །

དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་ཏེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། རྫོགས་ལྡན་དུས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་བགྲོད་དོ་ཞེས་པའི་དོན་ཏོ། །རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་ཞེས་པ་ནི་རྒྱལ་པོའི་རྒྱབ་ཏུ་རྫོགས་ལྡན་གྱི་མཐར་

ཆོས་ཀྱི་རྐང་པ་གཅིག་མེད་པ་དང་། གསུམ་ལྡན་གྱི་མཐར་རྐང་པ་གཉིས་མེད་པ་ནི་གསུམ་ལྡན་དུ་འགྱུར་རོ། །རྩོད་པའི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་སྟེ། བསྐལ་པའི་མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ། །གཉིས་ཀྱི་བར་དུ་གཉིས་ལྡན་ནོ་ཞེས་པ་ནི་རྩོད་དུས་དང་གསུམ་

ལྡན་གཉིས་ཀྱི་བར་དུ་ཆོས་ཀྱི་རྐང་པ་གསུམ་མེད་པའི་གཉིས་ལྡན་ནོ། །དུས་བཞི་པོ་རྣམས་དག་གི་ལོའི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། རོ་བརྒྱ་ཞེས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་ཚད་དེར་འགྱུར་རོ། །རེ་རེ་དག་གི་ཚད་ནི་

དུས་དང་མདའ་ཡིས་བསྒྱུར་བའི་ཞེས་པ་ལ་དུས་ནི་བཞིའོ། །མདའ་ནི་ལྔ་སྟེ་ལྔ་བཅུ་རྩ་བཞི་པོ་དེ་དག་གིས་བསྒྱུར་བ་ནི་དུས་དང་མདའ་ཡིས་བསྒྱུར་བའོ། །མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ་ཞེས་པ་ལོ་བརྒྱ་བསྒྱུར་བ། བཞི་བརྒྱ་ལྷག་པའི་སྟོང་ཕྲག་ལྔར་འགྱུར་ཏེ་དུས་སོ་སོའི་

เล่ม ๑๐๒ · หน้า 67a

ཚད་མཉམ་མོ། །ད་ནི་མིའི་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་དབུགས་ཀྱི་ཚད་གསུངས་པ་ཕྲ་དབུགས་ཞེས་པ་ལ་སོགས་པ་སྟེ། ཕྲ་ཞེས་པ་ནི་མིའི་དབུགས་འཇུག་པ་དང་། འབྱུང་བ་གཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་གྱུར་པའི་

ཆ་གཅིག་ནི་ཕྲ་མོའི་དབུགས་ཏེ། དབུགས་དེ་དྲུག་ནི་ལུས་སྐྱེས་སྲིན་བུའི་རིགས་ལ་སོགས་པའི་ཆུ་སྲང་གཅིག་གོ། །ཆུ་སྲང་དྲུག་ཅུ་ནི་ཆུ་ཚོད་དོ། །ཆུ་ཚོད་དྲུག་ཅུ་ནི་ཉིན་ཞག་སྟེ་ཉིན་ཞག་ཅེས་བྱ་བ་ནི་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་དབུགས་འཇུག་པ་དང་། འབྱུང་བ་

དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་གྲངས་སོ། །དབུགས་དེ་དག་འདས་པས་མི་རྣམས་ཀྱི་རང་གི་ཉིན་ཞག་གོ། །དྷྲུ་རྣམས་ཀྱི་འབྱུང་པོ་ཡི་དགས་རྣམས་ཀྱི་རང་གི་ཉིན་ཞག་སྟེ། དྷྲུ་ཞེས་པ་ནི་མིའི་དབུགས་སུམ་ཅུ་འགྱུར་གྱི་དབུགས་ཏེ། ནག་པོའི་ཕྱོགས་ཉིན་

མོ་དང་དཀར་པོའི་ཕྱོགས་མཚན་མོ་ནི་ཡི་དགས་ཕ་མེས་ལ་སོགས་པ་རྣམས་ཀྱི་རང་གི་ཉིན་ཞག་གོ། །ཆུ་ཚོད་ཅེས་པ་ནི། མི་རྣམས་ཀྱི་དབུགས་སུམ་བརྒྱ་དྲུག་ཅུ་སྟེ་ལྷ་རྣམས་ཀྱི་དབུགས་གཅིག་གོ། །ཉིན་ཞག་ཅེས་པ་ནི་མི་རྣམས་ཀྱི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་

ཤུ་རྩ་གཅིག་སྟེ་ལྷ་མིན་རྣམས་ཀྱི་དབུགས་གཅིག་གོ། །དྷྲུ་ཞེས་པ་ནི་མི་རྣམས་ཀྱི་ལོ་སྟེ་ནུས་པའི་དབུགས་གཅིག་གོ། །ནུས་པ་ཞེས་པ་ནི་འོག་མིན་པའི་སྐྱེ་བའོ། །དུས་བཞི་ཞེས་པ་ནི་མི་རྣམས་ཀྱི་ལོའི་ཚོགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ་གཙོ་བོའི་དབུགས་

གཅིག་གོ། །གཙོ་བོ་ཞེས་པ་ནི་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་སྐྱེ་བའོ། །ཕྲ་དབུགས་དྷྲུ་དང་ཆུ་ཚོད་ཉིན་ཞག་དྷྲུ་དང་དུས་བཞི་དག་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། དྲུག་བརྒྱ་རྣམས་ནི་རིམ་པས་ལུས་སྐྱེས་ཕྲ་དང་མི་དང་འབྱུང་པོ་ལྷ་དང་ལྷ་མིན་རྣམས་དང་ནི།

ནུས་དང་གཙོ་བོའི་ཉིན་ཞག་གཅིག་གི་ཚད་དེ་དེ་ལྟར་སྔར་བརྗོད་པའི་རིམ་པས་ལུས་སྐྱེས་ལ་སོགས་པ་འདི་རྣམས་ཀྱི་རང་རང་གི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ཉིན་ཞག་ཏུ་འགྱུར་རོ། །ཚད་འདི་དག་ལས་ནུས་པའི་ཚད་ནི་འོག་མིན་གྱི་ལྷའི་ཚད་དེ་ས་

เล่ม ๑๐๒ · หน้า 67b

གཞི་དག་ལ་འཁོར་ལོ་ཅན་གྱི་དུས་བཞི་ནུས་པའི་ཚད་དུ་འཇུག་ཅེས་སོ། །དུམ་བུ་དུམ་བུར་ཞི་བའི་གོ་འཕང་འཁོར་ལོ་ཅན་བགྲོད་དུམ་བུ་སོ་སོར་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྐོར་ནས་ཞི་བའི་གོ་འཕང་བདེ་བ་ཆེན་པོའི་གནས་བགྲོད་དོ། །ཉིན་ཞག་གཅིག་ལ་ཉི་མ་བཅུ་གཉིས་སོ།

དུམ་བུ་སོ་སོ་རེ་རེར་འཁོར་ལོས་སྒྱུར་བ་ཆོས་རབ་ཏུ་སྟོན་པ་པོ་ཡང་སོ་སོ་རེ་རེ་སྟེ། ཉིན་ཞག་གཅིག་ལ་འཁོར་ལོས་སྒྱུར་བ་བཅུ་གཉིས་སུ་འགྱུར་རོ། །ནུས་པའི་དབུགས་དང་མི་རྣམས་ཀྱི་ལོ་བརྒྱ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་ཀྱིས་རེ་རེ་བགྲོད་དེ་དེ་ལྟར་ན་ཆོས་ཀྱི་ཉིན་མོར་བྱེད་པ་

བསོད་ནམས་དང་ཡེ་ཤེས་ཀྱི་ལམ་རབ་ཏུ་སྟོན་པའི་ཉི་མ་བཅུ་གཉིས་སོ། །ཕྱི་རོལ་དུ་ལོ་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ཉི་མ་བཅུ་གཉིས་སུ་འགྱུར་རོ། །ད་ནི་ཕྲ་མོ་ལ་སོགས་པ་རྣམས་ཀྱི་དབུགས་ཀྱི་དབྱེ་བས་ཉིན་ཞག་སོ་སོ་ལ་དུས་ཀྱི་དབྱེ་བ་གསུངས་པ་ཕྱོགས་ཞེས་པ་ལ་སོགས་པ་

སྟེ། འདིར་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ཕྱོགས་ཉི་ཤུ་རྩ་བཞི་དང་། ཟླ་བ་མཐའ་དག་ཅེས་པ་ཟླ་བ་བཅུ་གཉིས་དང་། དུས་དྲུག་དང་། དུས་བཞི་དང་། མེ་དུས་ཞེས་པ་དུས་གསུམ་དང་བགྲོད་པ་གཉིས་ཏེ། རྒྱལ་པོ་ལོ་ནི་མཐའ་དག་ཅེས་པ་ནི་འདི་མཐའ་དག་

ལོའི་དབྱེ་བར་ཤེས་པར་བྱའོ། །དེ་བཞིན་དུ་རྗེས་སུ་ཉིན་ཞག་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུའོ། །དུས་སྦྱོར་ཆུ་ཚོད་དག་དང་ཆུའི་སྲང་རྣམས་ཏེ་དུས་སྦྱོར་ནི་སུམ་བརྒྱ་ཉི་ཤུ་ལྷག་པའི་སྟོང་ཕྲག་བཞིའོ། །ཆུ་ཚོད་ནི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་གྲངས་སོ། །ཆུ་

སྲང་ནི་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་སོ། །འདི་རྣམས་དེ་ལྟར་བགྲོད་པ་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ལོའི་ཡན་ལག་འདི་དག་དབུགས་ཀྱི་དབྱེ་བས་བགྲོད་དོ། །དེ་ལ་དབུགས་དགུ་བརྒྱས་ཕྱོགས་སུ་འགྱུར་ཏེ་ཕྱོགས་ཉི་ཤུ་རྩ་

བཞིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་སྟོང་བརྒྱད་བརྒྱས་ཟླ་བ་སྟེ་ཟླ་བ་བཅུ་གཉིས་ཀྱིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་སུམ་སྟོང་དྲུག་བརྒྱས་དུས་ཏེ་དུས་དྲུག་གིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་ལྔ་སྟོང་བཞི་བརྒྱས་དུས་སུ་འགྱུར་ཏེ་དུས་བཞི་

เล่ม ๑๐๒ · หน้า 68a

ཉིན་ཞག་དང་ལོར་འགྱུར་རོ། །དབུགས་བདུན་སྟོང་ཉིས་བརྒྱས་དུས་གཅིག་ཏུ་འགྱུར་ཏེ་དུས་གསུམ་གྱིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་ཁྲི་བརྒྱད་བརྒྱས་བགྲོད་པར་འགྱུར་ཏེ་བགྲོད་པ་གཉིས་ཀྱིས་ཉིན་ཞག་དང་ལོར་འགྱུར་རོ། །དེ་ལྟར་ན་ལུས་སྐྱེས་

ལ་སོགས་པ་རྣམས་ཀྱི་རང་རང་གི་ཚད་ཀྱི་དབུགས་ཉི་ཁྲི་ཚིག་སྟོང་དྲུག་བརྒྱས་སོ་སོའི་ཉིན་ཞག་དང་ལོར་འགྱུར་རོ། །དེ་བཞིན་དུ་དབུགས་དྲུག་ཅུས་ཉིན་མཚན་དུ་འགྱུར་ཏེ་ཉིན་མཚན་སུམ་བརྒྱ་དྲུག་ཅུས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་ལྔས་དུས་སྦྱོར་དུ་འགྱུར་ཏེ་དུས་

སྦྱོར་བཞི་སྟོང་སུམ་བརྒྱ་ཉི་ཤུས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་གཅིག་གིས་ཆུ་ཚོད་དུ་འགྱུར་རོ། །དབུགས་གཅིག་གིས་དྲུག་ཅུའི་ཆས་ཆུ་སྲང་དུ་འགྱུར་རོ། །དབུགས་སུམ་བརྒྱ་དྲུག་ཅུའི་ཆས་དབུགས་སུ་འགྱུར་ཏེ། ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ཉིན་

ཞག་དང་ལོར་འགྱུར་རོ། །ཆུ་སྲང་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་ཀྱིས་ཉིན་ཞག་དང་ལོར་འགྱུར་རོ། །དབུགས་སྟོང་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱིས་ཉིན་ཞག་དང་ལོར་འགྱུར་རོ། །དེ་བཞིན་དུ་དབུགས་འབུམ་

ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་ཉིན་ཞག་བརྒྱ་དང་ལོ་བརྒྱར་འགྱུར་རོ། །མཆོག་གི་ཚེ་འདི་ནི་ལས་ཀྱི་དབང་གིས་རང་རང་གི་ཚད་ལས་ལྷག་པ་དང་དམན་པར་འགྱུར་རོ། །རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་སྟོབས་དང་དཀའ་ཐུབ་པ་རྣམས་

ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ལྷག་པར་འགྱུར་ཏེ། དབུགས་གཅིག་ཆུ་ཚོད་དུ་འགྱུར་རོ། །སེམས་ཅན་སྡིག་པ་ཅན་རྣམས་ཀྱི་སྡིག་པའི་སྟོབས་ཀྱིས་དམན་པར་འགྱུར་རོ། །འདི་ལུང་དང་རིགས་པ་དམ་པས་ངེས་པ་ནི་མེད་དེ་འོན་ཀྱང་རིག་བྱེད་དག་ལས་སྐྱེས་བུ་ཚེ་ལོ་བརྒྱ་པ་

དབང་པོ་བརྒྱ་བ་ཞེས་བརྗོད་དོ། །འདིར་མི་རྣམས་ཀྱི་མཆོག་གི་ཚེ་ལོ་བརྒྱའོ་ཞེས་པའི་ཚིག་འདི་ནི་སྤྲོས་པ་སྟེ། རྫོགས་ལྡན་གྱི་དུས་ཀྱི་མི་རྣམས་ཀྱི་ཚེ་འཕེལ་བའི་དབང་གིས་སོ། །འདིར་ངེས་པའི་དོན་དུ་སྐྱེས་བུའི་སྒྲས་ཉིན་ཞག་སོ་སོ་དང་ལོ་སོ་སོ་བརྗོད་དེ། ཉིན་ཞག་བརྒྱ་

เล่ม ๑๐๒ · หน้า 68b

དང་ལོ་བརྒྱས་ནང་དང་ཕྱི་ལའོ། །སླར་ཡང་དབུགས་ཀྱི་འཁོར་ལོ་གཞན་ལ་འཇུག་པའི་ཕྱིར་སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་སོ། །དེ་ལྟར་ནང་དུ་ཉིན་ཞག་བརྒྱ་ཕྲག་གཉིས་ཀྱིས་དུས་བཞི་རྣམས་སུ་འགྱུར་ཏེ། དབུགས་སྟོང་ཕྲག་ཉི་ཤུ་ལྷག་པའི་འབུམ་ཕྲག་

བཞི་བཅུ་རྩ་གསུམ་གྱིས་སོ། །ཕྱི་རོལ་དུ་ནི་ལོ་རྣམས་ཀྱིས་སོ། །དེ་ལྟར་འཁོར་ལོ་གཉིས་ཀ་ཡོངས་སུ་འཁོར་བས་སྐྱེས་བུ་གཉིས་ཀའི་ཚེ་ཟླ་བ་གཉིས་དང་དུས་གཅིག་གོ། །གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་སྟེ། ལོ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་

ཕྲག་བཞིས་དཀྱིལ་འཁོར་གཅིག་ཏུ་སྲོག་རབ་ཏུ་འབབ་བོ། །དེ་བཞིན་དུ་དཀྱིལ་འཁོར་ལྔ་ལ་གཟའ་ཐམས་ཅད་རང་རང་གི་སྐྱེ་བའི་གནས་སྟོང་པ་ལ་འཇུག་གོ། །དེ་ནས་ཡང་རྒྱུ་བ་གཞན་ལ་འཇུག་པས་སྐྱེས་བུ་གཞན་དབུ་མ་ལས་ངེས་པར་འབྱུང་ཞེས་པ་སྟེ་འཆད་པར་འགྱུར་

བ་ལ་བརྗོད་པར་བྱའོ། །དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྡུས་པའི་མདོར་བསྡུས་ཏེ་བརྒྱད་པའོ།། །།ད་ནི་ལོ་འདི་

ནས་ནི་ཞེས་པ་ལ་སོགས་པས་ཤམ་བྷ་ལའི་ཡུལ་དུ་འཇམ་དཔལ་འབྱུང་བ་དང་། ཀླ་ཀློའི་ཆོས་བྱུང་ནས་སྐར་རྩིས་ཀྱི་གྲུབ་པའི་མཐའ་རྣམ་པར་ཉམས་པ་དང་། ཉུང་ངུའི་བྱེད་པ་རབ་ཏུ་འཇུག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་བདག་གིས་དགྲོལ་བར་བྱའོ། །ལོ་

འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང་ཞེས་པ་ལ་ལོ་འདི་ཞེས་པ་ནི་དེ་བཞིན་གཤེགས་པས་ཆོས་བསྟན་པའི་ལོ་སྟེ། ལོ་དེ་ནས་ལོ་དྲུག་བརྒྱ་ན་ཆུ་བོ་ཤཱི་ཏའི་བྱང་ཤམ་བྷ་ལ་ཞེས་བྱ་བའི་ཡུལ་དུ་གྲགས་པ་ཞེས་པ་ནི་

ལུང་གི་བརྗོད་པ་སྟེ། འཇམ་དཔལ་གྲགས་པ་ཆེན་པོ་གསལ་བར་འབྱུང་ཞེས་པ་སྤྲུལ་པའི་སྐུ་འཛིན་པར་མཛད་པར་འགྱུར་ཞེས་པའི་དོན་ཏོ། །དེ་ནས་ཀླུའི་ལོ་བརྒྱ་རྣམས་ཀྱིས་ཞེས་པ་ནི་གྲགས་པ་མྱ་ངན་ལས་འདས་པ་དེ་ནས་ཀླུ་ཞེས་པ་ལོ་བརྒྱད་བརྒྱ་ནས་ངེས་པར་ཞེས་པ་ནི་

เล่ม ๑๐๒ · หน้า 69a

གདོན་མི་ཟ་བར་མཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ། ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་མཁའི་ཡུལ་གྲོང་བྱེ་བས་རྣམ་པར་བརྒྱན་པར་ཀླ་ཀློ་སྟག་གཟིག་རྣམས་ཀྱི་ལྷ་མ་ཡིན་གྱི་ཆོས་རབ་ཏུ་འཇུག་པར་འགྱུར་རོ། །ཀླ་ཀློ་དེའི་དུས་སུ་འཛིན་མ་ལ་

ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱའོ། །གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་ཞེས་པ་ནི་ཚངས་པ་དང་ཉི་མ་པ་དང་། གཅེར་བུ་པ་དང་སྐྲ་ཅན་གྱི་གྲུབ་པའི་མཐའ་སྟེ། འདི་བཞི་རྣམ་པར་ཉམས་པ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པའོ། །

མཐའ་དག་ས་གཞི་ལ་ནི་ཞེས་པ་ལ་མཐའ་དག་ནི་གང་དུ་མུ་སྟེགས་པའི་གྲུབ་པའི་མཐའ་ཞུགས་པ་དེ་མཐའ་དག་གོ། །ས་གཞི་ནི་ཆུ་བོ་ཤཱི་ཏའི་ལྷོ་སྟེ་ས་གཞི་དེར་རོ། །ཤམ་བྷ་ལ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་པའི་གྲུབ་མཐའ་རྣམ་པར་ཉམས་པ་ནི་མ་ཡིན་ནོ། །དུས་

ཀྱི་སྦྱོར་བ་ལ་འབྱུང་འགྱུར་ཞེས་པ་ལ་དུས་ཀྱི་སྦྱོར་བ་ནི་ཀླ་ཀློའི་ཆོས་ཏེ། དེའི་གྲུབ་པའི་མཐའ་རྣམས་ལ་སྦྱོར་བ་ནི་དུས་ཀྱི་སྦྱོར་བ་ལས་འབྱུང་བར་འགྱུར་རོ། །དུས་ཀྱི་སྦྱོར་བ་ལ་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པའོ། །གྲུབ་པའི་མཐའ་རྣམ་པར་ཉམས་པ་དེའི་ཕྱིར་ཉུང་ངུའི་བྱེད་པ་གསལ་

ཞེས་པ་ནི་མའི་ལ་དུའི་ཚིག་སྟེ། དོན་དམ་པར་ནི་མུ་སྟེགས་པ་རྣམས་ཀྱི་ཉུང་ངུའི་བྱེད་པ་ལ་སོགས་པ་གསལ་བ་མ་ཡིན་ནོ། །གང་གི་ཕྱིར་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་ཞེས་པའི་ཚིག་ཟུར་གྱི་ཕྱིར་རོ། །གལ་ཏེ་བྱེད་པ་ལ་སོགས་པ་གསལ་བ་ཡིན་པ་དེ་ལྟ་ན་གྲུབ་པའི་མཐའ་

རྣམས་རྣམ་པར་ཉམས་པ་མེད་དེ་བྱེད་པ་ལས་ཀྱང་གཟའ་འགྲུབ་པའི་ཕྱིར་རོ། །བྱང་དུ་བགྲོད་པའི་ཉིན་ཞག་ལ་གྲིབ་མས་ཡོངས་སུ་བརྟགས་པས་བྱེད་པ་གཞན་ལ་ཡང་ཉི་མ་དག་པ་མ་མཐོང་ངོ་། །བྱང་དུ་བགྲོད་པ་ལ་གྲིབ་མ་དག་པ་མེད་ན་ཉི་མའི་ལོངས་སྤྱོད་མ་དག་གོ། །ཉི་མའི་ལོངས་

སྤྱོད་མ་དག་པས་ཟླ་བའི་ལོངས་སྤྱོད་མ་དག་སྟེ། དེ་བཞིན་དུ་བཀྲ་ཤིས་ལ་སོགས་པ་རྣམས་ཀྱང་ཉི་མའི་ལོངས་སྤྱོད་ལ་སྦྱངས་པར་གྱུར་པ་ནི་ཉི་མའི་ལོངས་སྤྱོད་མ་དག་པ་ཉིད་ཀྱི་ཕྱིར་དེ་དག་གི་ལོངས་སྤྱོད་ཀྱང་མ་དག་གོ། །དེ་ལྟར་གཟའི་ལོངས་སྤྱོད་མ་དག་པ་ཉིད་ཀྱི་ཕྱིར་མུ་སྟེགས་

เล่ม ๑๐๒ · หน้า 69b

པ་རྣམས་ཀྱི་གཟའི་འབྲས་བུ་སྐྱེས་རབས་ལ་སོགས་པ་རྣམས་དོན་མེད་དོ། །འདིར་གྲུབ་པའི་མཐའ་ལ་གཟའ་རྣམས་ཀྱི་བགྲོད་པ་བུད་མེད་དང་བྱིས་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ན་བྱིས་པའི་སྐྱེ་བོ་ལ་སོགས་པ་དེ་དག་རྣམས་ཀྱིས་གཟའ་མྱུར་དུ་ཤེས་པར་འགྱུར་རོ། །དེས་ན་ཕྲག་

དོག་གི་ཆ་ལས་སྐྱེས་པའི་མུ་སྟེགས་གདུག་པ་རྣམས་ཀྱིས་གལ་ཏེ་བུད་མེད་དང་བྱིས་པ་ལ་སོགས་པ་ཐམས་ཅད་ཀྱིས་གཟའི་རྒྱུ་བ་ཤེས་པར་གྱུར་པ་དེ་ལྟ་ན་བདག་ཅག་ལ་སུ་ཞིག་གུས་པར་བྱེད་པར་འགྱུར། དེའི་ཕྱིར་གྲུབ་པའི་མཐའ་སྦས་ཏེ་རྒྱུད་ཀྱི་བྱེད་པ་ལ་སོགས་པ་བྱའོ་ཞེས་

གྲོས་བྱས་ནས་གྲུབ་པའི་མཐའ་རྣམས་སྦ་བ་བྱས་ཤིང་རྒྱུད་ཀྱི་བྱེད་པ་ལ་སོགས་པ་གསལ་བར་བྱས་ཏེ། གང་གིས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མི་བཟད་པར་མཐོང་ནས་རིང་དུ་འབྲོས་པར་བྱེད་ཅིང་སྐར་རྩིས་ཀྱི་མིང་མི་བྱེད་པར་འགྱུར་བ་རྒྱུད་ལ་ཉིན་ཞག་གི་ཚོགས་ཀྱི་ཕུང་པོ་དུ་མ་དང་

བྱེད་པ་ལ་ཡང་དལ་བ་དང་མྱུར་བ་ལ་སོགས་པའི་ལས་བཞིའི་སྤྲོས་པ་བྱས་སོ། །དེ་ལྟར་དུས་ཀྱི་དབང་གིས་བྱེད་པ་ལ་ངེས་པ་མི་གས་ལ་ཏེ། མི་གསལ་བ་ཉིད་ཀྱི་ཕྱིར་ཉི་མའི་ལོངས་སྤྱོད་མི་དག་གོ། །ཉི་མའི་ལོངས་སྤྱོད་མ་དག་པས་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་མ་དག་པར་

འགྱུར་རོ། །འདིར་གདུག་པའི་མུ་སྟེགས་རྣམས་ཀྱིས་གཞན་དག་གིས་མི་ཤེས་པར་བྱ་བའི་དོན་དུ་བྱེད་པ་ལ་སོགས་པ་བཀོད་པ་གང་ཡིན་པ་དེ་ཉིད་དུས་ཀྱི་དབང་གིས་དེ་དག་གིས་ཡོངས་སུ་མི་ཤེས་པར་འགྱུར་ཏེ། གཞན་ལ་གནོད་པ་བྱས་པའི་ཕྱིར་རོ། །དེའི་ཕྱིར་གཞན་ལ་གནོད་

པ་བྱེད་པ་ནི་ཐམས་ཅད་དུ་འགལ་བ་ཡིན་ནོ། །འདིར་ཉིན་ཞགས་སོ་སོ་ལ་གཟའ་རྣམས་ཀྱི་ལོངས་སྤྱོད་བགྲོད་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ད་ནི་རེ་ཞིག་ཉུང་ངུའི་བྱེད་པ་གསུངས་པ་མེ་མཁའ་རྒྱ་མཚོ་རྣམས་ཞེས་པའོ། །རྒྱུད་ཀྱི་རྒྱལ་པོ་འདི་ལ་ངེས་པ་ནི་མི་རྟག་པ་སྟེ་ལོ་

དྲུག་ཅུའི་མཐར་སླར་ཡང་ངེས་པ་འགོད་པའི་ཕྱིར་རོ། །འདིར་བྱེད་པ་ལ་ངེས་པ་ནི་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་

เล่ม ๑๐๒ · หน้า 70a

གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་དཀའི་དུས་སོ། །དུས་དེ་ཉིད་ནི་བྱེད་པ་ལ་ངེས་པར་འགྱུར་ཏེ་ཀླ་ཀློའི་ལོ་ལས་སོ། །རབ་བྱུང་ལ་སོགས་འདས་པ་ཞེས་པ་ནི་ལོ་དྲུག་ཅུ་པོ་གང་དག་གི་དང་པོ་རབ་བྱུང་ཡིན་པ་དེ་དག་ནི་རབ་བྱུང་ལ་སོགས་པ་སྟེ་

དེ་དག་ལས་སོ་སོར་ད་ལྟར་བའི་ལོའི་སྔ་མའི་ལོ་ནི་རབ་བྱུང་ལ་སོགས་འདས་པའོ། །དེ་དག་གསུམ་ལྷག་པའི་བཞི་བརྒྱའི་ཕུང་པོ་ལ་བསྲེས་པ་ནི་ཀླ་ཀློའི་ལོར་རབ་ཏུ་གྲུབ་པར་འགྱུར་རོ། །ལོ་གཅིག་དང་པོར་བྱས་ནས་ལོ་དྲུག་ཅུ་ཇི་སྙེད་པ་དེ་སྙེད་ནི་རབ་བྱུང་ལ་སོགས་འདས་པ་རྣམ་

བསྲེས་སུ་འགྱུར་རོ། །ལོ་དེ་ཉིད་ནི་བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པ་ཡིན་ཏེ་གཟའ་ཉི་མ་བཞིན་ནོ། །གསུམ་ལྷག་པའི་བཞི་བརྒྱའི་ལོའི་ཕུང་པོ་ལ་དེས་བསྲེས་པ་ནི་ཀླ་ཀློའི་ལོར་རབ་ཏུ་གྲུབ་སྟེ། ཀླ་ཀློ་ནི་སྦྲང་རྩིའི་བློ་གྲོས་ཏེ་རཧྨ་ཎའི་འཇུག་པ་ཀླ་ཀློའི་ཆོས་སྟོན་པ་པོ་

ཀླ་ཀློ་སྟག་གཟིག་རྣམས་ཀྱི་བླ་མ་དང་རྗེ་བོའོ། །ཀླ་ཀློའི་དབང་པོའི་ལོ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པ་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པ་སྟེ། ཤམ་བྷ་ལའི་ཡུལ་དུ་རིགས་ལྡན་རྒྱལ་དཀའི་དུས་ཀྱི་ལོའོ། །དེ་ཉིད་

ནི་ཉུང་ངུའི་བྱེད་པ་ལ་ལོའི་ཚོགས་སོ། །ལྷག་མ་དག་ཀྱང་ཉི་མས་བསྒྱུར་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པའི་ལྷག་མ་ལོའི་ཚོགས་དེ་ཉིད་ཟླ་བའི་ཚོགས་ཀྱི་དོན་དུ་ཉི་མས་བསྒྱུར་བ་ནི་བཅུ་གཉིས་ཀྱིས་བསྒྲེས་པ་སྟེ་ཟླ་བའི་ཚོགས་སུ་འགྱུར་རོ། །ནག་པ་ལ་སོགས་ཟླ་

བ་བསྲེས་ཏེ་ཞེས་པ་ནི་ཟླ་བའི་ཚོགས་དེ་ཉིད་ལ་ད་ལྟར་གྱི་ཟླ་བའི་དོན་དུ་ནག་པ་ལ་སོགས་པའི་ད་ལྟར་བའི་ཟླ་བ་རྣམས་ཀྱིས་བསྲེས་པའོ། །འོག་ཏུ་དུས་ཀྱིས་བསྒྱུར་བ་ཞེས་པ་ནི་འོག་དང་སྟེང་གི་ཕུང་པོ་ལ་ཟླ་བའི་ཚོགས་དེ་ཉིད་དེ་འོག་གི་ཕུང་པོ་ལ་ཟླ་བའི་ཚོགས་བྱས་ནས་ལྷག་པའི་

ཟླ་བ་གཟུང་བའི་དོན་དུ་དུས་ཀྱིས་བསྒྱུར་བ་ནི་བཞིས་བསྒྲེས་པ་ཡིན་ནོ། །མཁའ་མེ་ཟླ་བས་རྣམ་པར་དབྱེ་ཞེས་པ་ནི་འདིར་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཏེ། གནམ་སྟོང་ལ་ཉི་མའི་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་པར་མི་འགྱུར་

เล่ม ๑๐๒ · หน้า 70b

རོ། །དེའི་ཕུང་པོ་བཞིས་བསྒྱུར་བ་ནི་ཆའི་ཕུང་པོར་འགྱུར་རོ། །ཆའི་ཕུང་པོ་བཞིས་བསྒྱུར་བར་གྱུར་པ་ན་རྒྱུ་མེད་ན་རྒྱུ་ཅན་ཡང་མི་འབྱུང་ངོ་ཞེས་པའི་རིགས་པས་བགོ་བར་བྱ་བའི་ཕུང་པོ་བཞིས་བསྒྱུར་བར་འགྱུར་རོ། །དེའི་ཕྱིར་བགོ་བར་བྱ་བའི་ཕུང་པོ་ལ་ཆའི་ཕུང་པོས་རྙེད་པ་ནི་

འབྲས་བུར་འགྱུར་ཏེ། རྙེད་པ་སྟེང་དུ་བསྲེས་པ་རྙེད་པ་ལྷག་པའི་ཟླ་བའི་ཚོགས་དེ་ཉིད་སྟེང་གི་ཕུང་པོའི་ཟླ་བའི་ཚོགས་ལ་བསྲེས་པ་དག་ནི་མིའི་བདག་པོ་ཟླ་བའི་ཚོགས་པ་རྣམ་པར་དག་པར་འགྱུར་ཏེ། ད་ལྟར་གྱི་ཟླ་བ་ལ་ཚེས་སུམ་ཅུའི་རྩིས་ཀྱི་དོན་དུའོ། །ད་ནི་ཟླ་བའི་

ངེས་པ་གསུངས་པ་ཟླ་བ་གནས་གསུམ་གྱུར་པའི་དབུས་མའི་ཕུང་པོ་དག་ལ་གང་གནས་ལག་པ་རྩེ་མོ་ཅན་གྱིས་བསྒྱུར་ཞེས་པ་སྟེ། འདིར་ཟླ་བ་དག་པ་གནས་གསུམ་དུ་བྱས་ནས་གང་ཞིག་དབུས་མའི་ཕུང་པོ་ལ་གནས་པའི་ཟླ་བ་དེ་དག་ཟླ་བ་སོ་སོའི་གཟའི་ཆུ་ཚོད་ཀྱི་དོན་དུ་ལག་པ་

རྩེ་མོ་ཅན་གྱིས་བསྒྱུར་བ་ནི་སུམ་ཅུ་རྩ་གཉིས་ཀྱིས་བསྒྱུར་བ་ཡིན་ནོ། །རྩ་བ་དག་ལ་དྲུག་གི་ཆས་རྙེད་ཅེས་པ་ནི་རྩ་བའི་ཕུང་པོ་ལ་དྲུག་གི་ཆས་རྙེད་པ་དབུས་མའི་ཕུང་པོ་ལ་བུ་ལོན་དུ་འགྱུར་རོ། །དེས་དབུས་མའི་ཕུང་པོ་ལ་སྦྱང་བར་བྱ་སྟེ་བུ་ལོན་ཡིན་པའི་ཕྱིར་རོ། །སྟེང་འོག་དག་ལ་མིག་དང་

སུམ་ཅུའི་ནོར་ནི་བསྲེས་པ་གསལ་བར་བྱ་སྟེ། ངེས་པ་འདི་ནི་མིག་དམར་ལ་སོགས་པ་ནུབ་པར་བྱེད་པ་ལ་འོངས་པ་སྟེ། དེས་ན་ཉི་མ་ལ་སོགས་པ་འཆར་བར་བྱེད་པའི་དོན་དུ་སྟེང་གི་ཕུང་པོར་གཟའ་གཉིས་ནོར་དུ་འགྱུར་རོ། །འོག་གི་ཕུང་པོར་ཆུ་ཚོད་སུམ་ཅུ་ནོར་དུ་འགྱུར་རོ། །དེའི་

ཕྱིར་སྟེང་དང་འོག་ལ་གྲངས་བཞིན་དུ་མིག་དང་སུམ་ཅུ་བསྲེའོ། །དྲུག་ཅུའི་ཆ་དག་གིས་རྙེད་པ་རྩ་བའི་ཆུ་ཚོད་ཀྱི་ཕུང་པོ་ལ་དྲུག་ཅུའི་ཆས་རྙེད་པ་ནི་གཟའི་ཚོགས་སུ་འགྱུར་ཏེ། ལྷག་མ་ནི་གཟའི་ལོངས་སྤྱོད་ལ་ཆུ་ཚོད་ཀྱི་ཕུང་པོར་འགྱུར་རོ། །སྟེང་དུ་རབ་བསྲེས་དྲུག་ཅུའི་ཆས་རྙེད་པའི་

གཟའི་ཚོགས་དེ་ཉིད་སྟེང་གི་གཟའི་ཕུང་པོ་ལ་རབ་ཏུ་བསྲེས་པ་ཡིན་ནོ། །ཐུབ་པ་མཆོག་རྣམས་དག་གིས་ཏེ་བདུན་གྱིས་བཅད་པ་སྟེ་རྣམ་པར་ཕྱེ་བར་གྱུར་པའི་ལྷག་མ་དེ་ནི་གཟའ་ཉིད་དོ། །ཟླ་བའི་ངེས་པ་ལ་གཟའ་ནི་སྟེང་དུ་དགོད་པར་བྱ་ཞིང་གཟའི་འོག་ཏུ་ཆུ་ཚོད་ཀྱི་ཚོགས་སོ། །

เล่ม ๑๐๒ · หน้า 71a

ད་ནི་གཟའི་རྐང་པ་རྣམས་གསུངས་པ་གནས་གཉིས་ཉི་ཟླ་བསྲེས་པ་ཞེས་པ་སྟེ། གནས་གཉིས་ལ་ཟླ་བའི་ཚོགས་དེ་ཉིད་ཉི་ཟླ་བསྲེས་པ་ནི་བརྒྱ་རྩ་བཅུ་གཉིས་བསྲེས་པ་སྟེ། ཉི་ཟླ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་པ་ནི་མ་ཡིན་ནོ། །དུས་

དང་ཉི་མས་ཐོབ་པ་འོག་གི་ཟླ་བའི་ཚོགས་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་ཐོབ་པ་སྟེ། རྙེད་པ་ནི་སྟེང་གི་ཕུང་པོར་ནོར་དུ་འགྱུར་རོ། །སྟེང་གི་ཕུང་པོ་ལ་སྦྱིན་པར་བྱ་སྟེ་ཟླ་བ་སོ་སོ་ལ་ཚོགས་གཉིས་ཀྱི་དོན་དུ་དང་པོ་ལག་པས་བསྒྱུར་ལ་ཕྱི་ནས་སྦྱིན་པར་བྱའོ། །འབྱུང་བ་བསྲེས་པ་མཐའ་དག་

ཅེས་བྱ་བ་ནི་བྱེད་པ་ལ་ལྟོས་པའོ། །དུས་དང་ཉི་མས་ཆ་ཐོབ་པ་ནི་གྲུབ་པའི་མཐའ་སྟེ། གང་གི་ཕྱིར་ཟླ་བ་བརྒྱ་ཉི་ཤུ་རྩ་དྲུག་ན་ཚོགས་ཀྱི་གནས་སུ་ཚོགས་གཅིག་ལྷག་པར་འགྱུར་བའི་ཟླ་བའི་རྐང་པའི་དབང་གིས་སོ། །བརྒྱད་དང་གཉིས་ཀྱིས་ཕྱེ་བ་ཚོགས་ཞེས་པ་ནི་ཉི་ཤུ་རྩ་བརྒྱད་

ཀྱིས་ཕྱེ་བ་ཚོགས་སུ་འགྱུར་རོ། །གཟའ་བདུན་གྱི་རྐང་པ་ཡིན་པའི་ཕྱིར་ཉི་ཤུ་རྩ་བརྒྱད་ཀྱི་ཆར་འགྱུར་རོ། །ཆ་དེས་ཐོབ་པ་ནི་ཟླ་བ་སོ་སོའི་གཟའི་རྐང་པར་འགྱུར་ཏེ་གཟའི་ཆུ་ཚོད་ཀྱི་འོག་ཏུའོ། །དུས་དང་ཉི་མས་ཆ་ཐོབ་པའི་ལྷག་མ་ནི་ཚོགས་ཀྱི་ཆ་ཤས་སུ་འགྱུར་ཏེ་ཚོགས་ཀྱི་འོག་

ཏུ་གཞག་པར་བྱའོ། །ད་ནི་ཉི་མའི་སྐར་མའི་ངེས་པ་གསུངས་པ་གནས་གསུམ་དབུས་མ་དག་ནི་དབང་ཕྱུག་གིས་བསྒྱུར་ཞེས་པ་སྟེ། ཟླ་བ་དག་པ་དེ་དག་སྟེང་དང་དབུས་དང་འོག་གི་གནས་གསུམ་དུ་འགྱུར་རོ། །གང་ཞིག་དབུས་མ་ལ་གནས་པའི་ཟླ་བ་དེ་དག་དབང་ཕྱུག་གིས་

བསྒྱུར་ཏེ་བཅུ་གཅིག་གིས་བསྒྱུར་རོ། །བཅུ་གཅིག་གིས་བསྒྱུར་བ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་པ་མ་ཡིན་ནོ། །འོག་མ་དགུ་དང་ཡོན་ཏན་རྣམས་ཀྱིས་ཆ་ཐོབ་པར་གཉིས་བསྲེས་ཞེས་པ་ནི་འོག་གི་ཕུང་པོ་ལ་དགུ་དང་། ཡོན་ཏན་རྣམས་ཀྱིས་ཏེ་སུམ་

ཅུ་རྩ་དགུ་རྣམས་ཀྱིས་ཆ་ཐོབ་པའོ། །གཉིས་བསྲེས་ཞེས་པ་ནི་བྱེད་པ་ལ་ལྟོས་པས་བསྲེས་པའོ། །དམན་པའི་དབུས་མ་ནི་དབུས་ཀྱི་ཕུང་པོ་ལ་དམན་པ་སྟེ་བུ་ལོན་ནོ་ཞེས་པའི་དོན་ཏོ། །ཆུ་ཚོད་དག་གིས་ཐོབ་པ་ནོར་ཏེ་ཞེས་པ་ནི་དབུས་མའི་ཕུང་པོ་ལས་ཆུ་ཚོད་དག་གིས་ཏེ་དྲུག་

เล่ม ๑๐๒ · หน้า 71b

ཅུས་ཐོབ་པའི་རྙེད་པ་ནི་སྐར་མའི་ཚོགས་ཏེ་སྟེང་གི་ཕུང་པོ་ལ་ནོར་དུ་འགྱུར་རོ། །དྲུག་ཅུའི་ཆའི་ལྷག་མ་ནི་སྐར་མའི་ཆུ་ཚོད་དུ་འགྱུར་རོ། །ནོར་དེ་ཉིད་སྟེང་གི་ཕུང་པོར་གཉིས་ཀྱིས་ནི། བསྒྱུར་ནས་བྱིན་ལ་སྐར་མས་བགོས་པ་སྟེ་ཉི་ཤུ་རྩ་བདུན་གྱིས་བགོས་པའི་ལྷག་མའོ། །མི་བདག་

ནི་བོད་པ་སྟེ་ཉི་མའི་སྐར་མ་ལ་སོགས་ལོངས་སྤྱོད་དག་ཏུ་འགྱུར་རོ། །འདིར་སྟེང་དུ་སྐར་མའི་ཚོགས་དང་འོག་ཏུ་སྐར་མའི་ཆུ་ཚོད་ཀྱི་ཚོགས་སོ། །སླར་ཡང་མ་དག་པ་ལས་ཀྱང་མ་དག་པའི་ཟླ་བའི་ངེས་པ་བྱིས་པ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་བཀོད་པ་གཟའ་ལ་

གཟའ་ནི་རབ་སྦྱིན་གཟའི་གནས་སུ་གཟའ་གཅིག་སྦྱིན་པར་བྱའོ། །མི་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཏེ་མི་བདག་ཅེས་པ་ནི་བཅུ་དྲུག་སྟེ། མི་བདག་ཉིས་འགྱུར་ཆུ་ཚོད་ནི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཆུ་ཚོད་ཀྱི་གནས་སུ་སྦྱིན་པར་བྱའོ། །འོག་ཏུ་ཚོགས་དག་ལ་ཡང་

གཉིས་ཞེས་པ་ནི་ཆུ་ཚོད་ཀྱི་འོག་ཚོགས་ཀྱི་གནས་སུ་གཉིས་སྦྱིན་པར་བྱ་བར་འགྱུར་རོ། །སྐར་མའི་གནས་སུ་སྐར་མར་གཉིས་དང་ཆུ་ཚོད་དྲག་པོ་སྐར་མའི་ཆུ་ཚོད་ཀྱི་གནས་སུ་དྲག་པོ་ཞེས་པ་ཆུ་ཚོད་བཅུ་གཅིག་སྦྱིན་པར་བྱ་བའི་ཕྱིར་ནོར་དུ་རབ་ཏུ་གསལ་ཏེ། ཉི་མའི་ལོངས་

སྤྱོད་དག་ལ་རབ་ཏུ་སྦྱིན་ཞེས་པ་ནི་སྐར་མ་ལ་སོགས་པའོ། །དེའི་ཕྱིར་ཟླ་བའི་ངེས་པར་འགྱུར་ཏེ་སླར་ཡང་ཟླ་བ་ཟླ་བ་དག་ལ་རབ་ཏུ་སྦྱིན་པར་གསུངས་ཟླ་བའི་ངེས་པ་བྱེད་པ་ལ་ལྟོས་པའི་དབང་གིས་ཟླ་བ་སོ་སོ་ལ་རབ་ཏུ་སྦྱིན་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་མ་འོངས་པ་ཉིད་ལུང་བསྟན་

ཏོ། །ད་ནི་ཟླ་བའི་ངེས་པ་ལས་ཚེས་ལ་སོགས་པའི་རྩིས་གསུངས་པ་ཚེས་རྣམས་སྦྱིན་དང་དོར་དང་སླར་ཡང་སྦྱིན་པ་དག་ནི་གཟའ་དང་ཆུ་ཚོད་རྐང་པ་རྣམས་སུ་སྟེ་ཞེས་པ་སྟེ་འདིར་ཟླ་བ་སོ་སོའི་ངེས་པ་ལ་དཀར་པོའི་ཚེས་གཅིག་ལ་སོགས་པའི་ཚེས་གཅིག་ནས་བརྩམས་ནས་སུམ་ཅུ་པ་

གནམ་སྟོང་གི་བར་ཇི་སྙེད་པ་དེ་སྙེད་ཀྱི་ཚེས་རྣམས་སྦྱིན་དང་དོར་དང་། སླར་ཡང་སྦྱིན་ཞེས་པ་ནི་གཟའི་གནས་སུ་སྦྱིན་ཏེ་ཉིན་ཞག་སོ་སོའི་གཟའི་དོན་དུའོ། །ཆུ་ཚོད་ཀྱི་གནས་སུ་དོར་ཏེ་ཟླ་བའི་ཆས་ཆུ་ཚོད་དེ་དམན་པའི་ཕྱིར་རོ། །ཚོགས་ཀྱི་གནས་སུ་སླར་ཡང་སྦྱིན་ཏེ་ཟླ་བའི་རྐང་

เล่ม ๑๐๒ · หน้า 72a

པ་རྣམས་ཀྱི་ནོར་དང་བུ་ལོན་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །ཚོགས་ཀྱི་ཆ་ལ་ཆུ་གཏེར་ཟླ་བས་མཉམ་དང་མི་མཉམ་ཐོབ་པ་དག་ལ་སྦྱིན་དོར་རྐང་པའི་དོན་ཞེས་པ་ནི་ཚོགས་ཀྱི་གནས་སུ་ཚོགས་ལས་ཆུ་གཏེར་ཟླ་བ་སྟེ། བཅུ་བཞིའི་ཆས་མཉམ་པ་ཐོབ་པས་རྐང་

པའི་དོན་ནོར་དུ་འགྱུར་རོ། །མི་མཉམ་པ་ཐོབ་པས་རྐང་པའི་དོན་བུ་ལོན་དུ་འགྱུར་རོ། །འདིར་མཉམ་པའི་ཆ་ནི་གཉིས་ཐོབ་པའམ་བཞི་ཐོབ་པ་སྟེ་མཐོ་བ་པ་ཡང་མཉམ་པའོ། །མི་མཉམ་པའི་ཆ་ནི་གཅིག་ཐོབ་པའམ་གསུམ་ཐོབ་པའོ། །དེ་ལས་ལྷག་པའི་ཆ་ནི་མེད་དེ་ཚེས་སུམ་

ཅུ་དང་བཅས་པའི་ཚོགས་ཉི་ཤུ་རྩ་བདུན་ནི་ལྔ་བཅུ་རྩ་བདུན་ལས་ལྷག་པར་མི་འགྱུར་རོ། །དེ་ལས་ཆ་བཅུ་བཞིས་རྣམ་པར་ཕྱེ་བ་ནི་བཞིར་འགྱུར་རོ། །མཉམ་པ་དང་མི་མཉམ་པའི་ཆ་དེས་རྐང་པའི་དོན་སྦྱིན་པའམ་དོར་བར་རིག་པར་བྱའོ། །རྐང་པའི་དོན་ཞེས་པ་ནི་ཟླ་བའི་རྐང་པ་

རྣམས་ཏེ་གནས་བཅུ་བཞིར་སྟེང་དང་འོག་གི་རྐང་པ་བདུན་བདུན་བཟློག་པ་ས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་ཐ་དད་པ་རྣམས་སོ། །རྐང་པའི་དོན་དེ་དག་ཀྱང་སྦྱིན་པའམ་དོར་བར་འགྱུར་རོ། །སྟོང་ལ་སྟོང་པ་རྣམ་དག་ཅེས་པ་ནི་བཅུ་བཞིའི་ཆའི་ལྷག་མ་གལ་ཏེ་སྟོང་པར་གྱུར་ན་

དེའི་ཚེ་རྐང་པའི་དོན་ཡང་སྟོང་པ་སྟེ། སྦྱིན་པ་དང་དོར་བ་མེད་དོ་ཞེས་པ་ནི་བྱེད་པ་ལ་རིགས་པའོ། །བཅུ་གསུམ་ཟླ་བའི་རྐང་པར་ལྔ་སྟེ་ཞེས་པ་ནི་ལྷག་མ་རྐང་པ་བཅུ་གསུམ་པའམ་རྐང་པ་གཅིག་པ་མཐོང་ན་ཆུ་ཚོད་ལྔ་ནོར་རམ་བུ་ལོན་དུ་འགྱུར་རོ། །དེ་བཞིན་དུ་མིག་དང་ཉི་མ་

དག་ལ་ཕྱོགས་ཞེས་པ་ནི་ལྷག་མ་རྐང་པ་གཉིས་པའམ་བཅུ་གཉིས་པ་ལ་ཆུ་ཚོད་བཅུ་སྦྱིན་པའམ་དོར་བར་འགྱུར་རོ། །བཅུ་གཅིག་པ་དང་མེ་ལ་ཞེས་པ་གསུམ་པ་ལ་ཚེས་ཞེས་བྱ་སྟེ་ཞེས་པ་བཅྭ་ལྔར་འགྱུར་རོ། །རྐང་པ་བཅུ་པ་དང་ཆུ་གཏེར་ཞེས་པ་ཆའི་ལྷག་མ་རྐང་པ་བཞི་པ་མཐོང་ན་ཉི་

ཤུར་གཅིག་གིས་དམན་པར་འགྱུར་རོ། །ལྔ་དང་བུག་པར་ཉི་ཤུ་རྩ་གཉིས་ཞེས་པ་ལྔ་པ་དང་དགུ་པ་ལ་འགྱུར་རོ། །དུས་ཞེས་པ་དྲུག་དང་ནོར་ཞེས་པ་རྐང་པ་བརྒྱད་པ་ལ་རྒྱལ་བ་སྟེ་ཉི་ཤུ་རྩ་བཞིར་འགྱུར་རོ། །ཆའི་ལྷག་མ་རྐང་པ་བདུན་པ་མཐོང་ན་ཆུ་ཚོད་ཉི་ཤུ་རྩ་ལྔ་མཉམ་པ་ལ་

เล่ม ๑๐๒ · หน้า 72b

སྦྱིན་པ་དང་མི་མཉམ་པ་ལ་དོར་བར་འགྱུར་ཏེ་ཟླ་བའི་ཆ་འཕེལ་བ་དང་འགྲིབ་པའི་དབང་གིས་སོ། །དེ་ལ་ཉི་མའི་རབ་ཏུ་དབྱེ་བས་གསལ་བྱས་ཉི་མའི་རྐང་པ་དག་ནི་སྦྱིན་དང་དོར་བར་འགྱུར། །ཚེས་ཀྱི་ལོངས་སྤྱོད་དེ་ལ་ཉི་མའི་རྐང་པ་རྣམས་ཉི་མའི་རབ་ཏུ་དབྱེ་བས་འགྱུར་ཏེ་ཉི་མའི་བུ་

ལོན་ནི་དེ་ལ་བུ་ལོན་ནོ། །ཉི་མའི་ནོར་ནི་དེ་ལ་ནོར་ཉིད་དོ་ཞེས་པ་ནི་ཉི་མའི་རབ་ཏུ་དབྱེ་བའོ། །འདིར་ཟླ་བའི་རྐང་པ་རྣམས་ནི་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ཅན་ནི་སྔ་མའི་ཆ་དང་གཞན་ལ་ཡང་ཞེས་པ་སྟེ་འབྱུང་དང་ཞེས་པ་ལྔའོ། །སླར་ཡང་འབྱུང་བ་ཞེས་པ་དེའི་

འོག་ཏུ་ལྔའོ། །མདའ་ཞེས་པ་དེའི་འོག་ཏུ་ལྔའོ། །རིག་བྱེད་ཅེས་པ་དེའི་འོག་ཏུ་བཞིའོ། །མེ་ཞེས་པ་དེའི་འོག་ཏུ་གསུམ་མོ། །ལག་པ་ཞེས་པ་དེའི་འོག་ཏུ་གཉིས་སོ། །རི་བོང་ཅན་ཞེས་པ་དེའི་འོག་ཏུ་རྐང་པ་གཅིག་སྟེ། དེ་ལྟར་གནས་བདུན་པོ་དག་ཏུ་རྐང་པ་རྣམས་

སོ། །གཞན་གནས་བདུན་པོ་རྣམས་སུ་གཅིག་ལ་སོགས་པ་ལུགས་ལས་བཟློག་པ་སྟེ། གནས་བཅུ་བཞི་པོ་རྣམས་སུ་རྐང་པ་ལྔའི་བར་དུའོ། །དེ་ལྟར་གནས་བཅུ་བཞི་པོ་རྣམས་སུ་ཟླ་བའི་རྐང་པ་རྣམས་དགོད་པར་འགྱུར་རོ། །ཚོགས་ཀྱི་ཆ་ལ་ཆུ་གཏེར་ཟླ་བས་མཉམ་

དང་མི་མཉམ་ཐོབ་ལ་རྒྱུ་བ་རྣམས་ནི་སྦྱིན་དང་དོར་ཞེས་པ་ནི། འདིར་ཡང་ཆ་བཅུ་བཞིའི་ལྷག་མ་མཐོང་བར་གྱུར་པ་ན་མཉམ་པར་ཐོབ་པ་ལ་རྒྱུ་བ་ལྔ་ལ་སོགས་པ་རྣམས་སྦྱིན་ནོ། །མི་མཉམ་པ་ཐོབ་པ་ལ་དོར་རོ་ཞེས་པ་སྟེ་ཆ་བཅུ་བཞིའི་ལྷག་མ་གཅིག་མཐོང་ན་ཆུ་ཚོད་ལྔ་གཟུང་བར་

བྱའོ། །གཉིས་པ་ལ་གཉིས་པའི་གནས་ན་གནས་པ་དང་ལྷན་ཅིག་བཅུའོ། །གསུམ་པ་ལ་གསུམ་པའི་གནས་ན་གནས་པ་དང་ལྷན་ཅིག་བཅྭ་ལྔའོ། །བཞི་པ་ལ་བཞི་པའི་གནས་ན་གནས་པ་བཞི་དང་ལྷན་ཅིག་ཉི་ཤུར་གཅིག་གིས་དམན་པའོ། །ལྔ་པ་ལ་ལྔ་པའི་གནས་ན་

གནས་པ་གསུམ་དང་ལྷན་ཅིག་ཉི་ཤུ་རྩ་གཉིས་སོ། །དྲུག་པ་ལ་དྲུག་པའི་གནས་ན་གནས་པ་གཉིས་དང་ལྷན་ཅིག་ཉི་ཤུ་རྩ་བཞིའོ། །བདུན་པ་ལ་བདུན་པའི་གནས་ན་གནས་པ་གཅིག་དང་ལྷན་ཅིག་ཉི་ཤུ་རྩ་ལྔའོ། །དེ་ནས་ཟླ་བའི་རྐང་པ་འཕེལ་བ་བཟློག་སྟེ་བརྒྱད་པ་མཐོང་

เล่ม ๑๐๒ · หน้า 73a

བར་གྱུར་པ་ན་རྐང་པ་བརྒྱད་པ་སྔ་མ་བདུན་དང་བཅས་པ་རྣམས་དོར་ཏེ་གཞན་མ་སྤྱད་པའི་རྐང་པ་དྲུག་པོ་རྣམས་ཚོགས་གཅིག་ཏུ་བྱས་ནས་ཆུ་ཚོད་ཉི་ཤུ་རྩ་བཞི་སྦྱིན་པའམ་དོར་བར་འགྱུར་རོ། །དགུ་པ་ལ་རྐང་པ་ལྔ་པོ་རྣམས་ཀྱི་ཆུ་ཚོད་ཉི་ཤུ་རྩ་གཉིས་སོ། །བཅུ་པ་ལ་

རྐང་པ་བཞི་པོ་རྣམས་ཀྱི་ཉི་ཤུར་གཅིག་གིས་མཚང་བའོ། །བཅུ་གཅིག་པ་ལ་རྐང་པ་གསུམ་པོ་རྣམས་ཀྱི་བཅྭ་ལྔའོ། །བཅུ་གཉིས་པ་ལ་རྐང་པ་གཉིས་པོ་དག་གི་བཅུའོ། །བཅུ་གསུམ་པ་ལ་རྐང་པ་གཅིག་གི་ལྔའོ། །བཅུ་བཞི་པ་ལ་སྟོང་པའོ་ཞེས་པ་ནི་གྲུབ་པའི་

མཐའི་ངེས་པའོ། །རྒྱུ་ཞིང་ཡོད་པས་ལྷག་མ་བསྒྱུར་བ་ལས་ནི་དུས་དང་ཉི་མས་ཆ་ཐོབ་དག་ཀྱང་དེ་བཞིན་ནོ་ཞེས་པ་ལ། །འདིར་རྒྱུ་ཞིང་ཡོད་པ་ཞེས་པ་ནི་ཚོགས་ཀྱི་འོག་ན་གནས་པའི་ཚོགས་ཀྱི་ཆ་ཤས་དུས་དང་ཉི་མས་ཆ་ཐོབ་པའི་ལྷག་མ་རྣམས་རྒྱུ་ཞིང་ཡོད་པ་སྟེ། ཚོགས་

ལས་བཅུ་བཞིའི་ཆའི་ལྷག་མ་རྒྱུ་བའི་རྐང་པ་གང་ཡིན་པ་དེའི་སྔོན་མ་ནི་རྒྱུ་ཞིང་ཡོད་པའི་རྐང་པ་སྟེ། ཚོགས་ཀྱི་ཆ་ཤས་རྣམས་ཡོད་པའི་རྐང་པར་འགྱུར་རོ། །དེར་གཟའ་རབ་ཏུ་ཞུགས་ཏེ་དེའི་ཕྱིར་སྦྱིན་པ་དང་དོར་བའི་དོན་དུ་དེ་གཟུང་བར་བྱའོ། །རྐང་པ་དེས་ལྷག་མ་ཚོགས་

ཀྱི་ཆ་ཤས་བསྒྱུར་ཏེ། དེ་ལས་བརྒྱ་ཉི་ཤུ་རྩ་དྲུག་གིས་ཆ་ཐོབ་པ་ཡང་དེ་བཞིན་དུ་སྦྱིན་ཏེ། ཐམས་ཅད་སྔར་གྱི་རྐང་པའི་ཆུ་ཚོད་ཀྱི་ཚོགས་ཇི་ལྟ་བ་དེ་བཞིན་ནོ། །དེ་ཉིད་ལ་ཉི་མའི་རབ་ཏུ་དབྱེ་བས་སྔར་བཞིན་དུ་ཉི་མའི་རྐང་པ་རྣམས་སྦྱིན་པའམ་དོར་བར་འགྱུར་རོ་ཞེས་པ་ནི་གྲུབ་

པའི་མཐའོ། །ད་ནི་ཉིན་ཞག་སོ་སོའི་ཉི་མའི་ལོངས་སྤྱོད་གསུངས་པ། གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་གསལ་བར་ནོར་ཏེ། དེ་ཡི་སུམ་ཆ་དག་གིས་བསྲེས་པའོ་ཞེས་པ་ལ་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་བ་ནི་བསྒྲེས་པ་སྟེ། རིག་བྱེད་རྣམས་ཀྱིས་ཚེས་

བསྒྱུར་བ་ནི་ཉི་མའི་ཆུ་ཚོད་ཀྱི་གནས་སུ་གསལ་བར་ནོར་དུ་འགྱུར་རོ། །བསྒྱུར་བའི་ཚེས་གྲངས་དེ་ཡི་སུམ་ཆ་དག་གིས་བསྲེས་པ་ནི་ནོར་ཏེ་ཆུ་ཚོད་ཀྱི་གནས་སུ་སྦྱིན་པར་བྱའོ། །དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ། ཉི་མའི་ལོངས་སྤྱོད་དབུས་ནས་སྦྱང་བར་

เล่ม ๑๐๒ · หน้า 73b

བྱ་ཞེས་པ་ནི་འདིར་ཉི་མའི་རྐང་པ་རྣམ་པར་དག་པར་བྱ་བའི་དོན་དུ་གང་གིས་ཉི་མའི་ལོངས་སྤྱོད་ཉིན་ཞག་སོ་སོ་ལ་རྒྱུ་བའི་ཆུ་ཚོད་དང་ཆུ་སྲང་ལ་སོགས་པ་རྣམས་ཤེས་པར་བྱེད་པ་ཉི་མའི་སྐྱེ་བའི་ཁྱིམ་སྦྱང་བར་བྱའོ། །རྣམ་པ་གཞན་དུ་ན་བྱེད་པ་ལ་ཉི་མའི་ཉིན་ཞག་སོ་སོ་དག་པ་མེད་དོ། །

དེའི་ཕྱིར་ཐ་སྐར་ལ་སོགས་པའི་སྐར་མའི་ལོངས་སྤྱོད་ལས་རྒྱུ་སྐར་དྲུག་དང་རྐང་པ་གསུམ་བཅས་ཞེས་པ་ཆུ་ཚོད་བཞི་བཅུ་རྩ་ལྔ་སྟེ། ཉི་མའི་རྐང་པ་དག་པར་བྱ་བའི་ཕྱིར་ལུག་ལ་སོགས་པའི་ཁྱིམ་གསུམ་ཡོངས་སུ་སྦྱངས་པར་འགྱུར་ཞིང་ཀཪྐ་ཊ་སྐྱེ་བའི་ཁྱིམ་དུ་འགྱུར་རོ། །དེའི་ཕྱིར་

དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ་ཉི་མའི་ལོངས་སྤྱོད་དབུས་ནས་སྦྱང་བར་བྱའོ། །ལོངས་སྤྱོད་ནི་སྐར་མ་ལ་སོགས་པའི་ལོངས་སྤྱོད་དེ་ཉི་མའི་ལོངས་སྤྱོད་ཐ་དད་དུ་བྱས་ལ་ལོངས་སྤྱོད་དེའི་དབུས་ནས་སྐར་མའི་གནས་ནས་སྐར་མ་སྦྱང་བར་བྱ་ཞིང་ཆུ་ཚོད་ཀྱི་གནས་ནས་ཆུ་

ཚོད་སྦྱང་བར་བྱའོ། །བྱ་བ་ལྷག་མ་མིག་དམར་ཇི་བཞིན་ཞེས་པ་ནི་འདིར་བྱ་བ་ལྷག་མ་རྣམས་མིག་དམར་གྱི་ཇི་ལྟ་བ་དེ་བཞིན་དུ་ཉི་མའི་ཡང་ཤེས་པར་བྱའོ། །འོན་ཀྱང་མིག་དམར་གྱི་རྒྱུ་བའི་རྐང་པ་རྣམས་ཐ་དད་དོ། །ཉི་མ་ཡི་ནི་རོ་དུས་རི་བོང་ཅན་རྣམས་དལ་བའི་ལས་ལ་རྐང་པ་སྟེ་རོ་ཞེས་

པ་དྲུག་གོ། །དུས་ཞེས་པ་དེའི་འོག་ཏུ་བཞིའོ། །རི་བོང་ཞེས་པ་དེའི་འོག་ཏུ་གཅིག་སྟེ་ཁྱིམ་གསུམ་ལ་ཕྱེད་སྔ་མའོ། །ཕྱེད་ཕྱི་མ་ནི་ལུགས་ལས་བཟློག་པ་སྟེ་ཁྱིམ་བཞི་པ་ལ་གཅིག་གོ། །ཁྱིམ་ལྔ་པ་ལ་བཞིའོ། །ཁྱིམ་དྲུག་པ་ལ་དྲུག་སྟེ་ཁྱིམ་འདི་དག་གི་ལས་ནི་དལ་བའི་ལས་

སོ། །དལ་བའི་ལས་འདི་ལ་ཀཪྐ་ཊ་ལ་སོགས་པའི་ཁྱིམ་དྲུག་པོ་རྣམས་སུ་དྲུག་པོ་འདི་དག་རྐང་པར་འགྱུར་རོ། །གཞན་ནི་མིག་དམར་ལ་བརྗོད་པར་བྱའོ། །ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ནས་མདའ་དང་ཡོན་ཏན་ཟླ་བས་ཆ་ཐོབ་ལོངས་སྤྱོད་དང་བཅས་པ། །བགྲོད་དང་

འགྲོ་བའི་དབང་གིས་ཉི་མ་ལ་ནི་སྦྱིན་དང་དོར་ཏེ་གཞན་དུ་དག་པ་ཡོད་མ་ཡིན་ཞེས་པའི་ཚིག་འདི་ནི་ངེས་པའི་དོན་ཏེ། ཇི་ལྟར་བཀྲ་ཤིས་ལ་རྒྱུ་བའི་རྐང་པས་ཆུ་ཚོད་བསྒྱུར་ཏེ། དེ་ལས་མདའ་དང་ཡོན་ཏན་ཟླ་བས་ཞེས་པ་ཁྱིམ་གཅིག་གི་ཆུ་ཚོད་ཀྱི་ཚོགས་ཏེ་བརྒྱ་སུམ་ཅུ་རྩ་ལྔའོ། །ཆ་དེས་

เล่ม ๑๐๒ · หน้า 74a

ཐོབ་པ་ནི་ཆུ་ཚོད་ཀྱི་ཚོགས་ཏེ་ཆུ་ཚོད་ཀྱི་གནས་སུ་ནོར་དུ་འགྱུར་རོ། །བགྲོད་པ་འགྲོ་བའི་དབང་གིས་བུ་ལོན་དུ་ཡང་འགྱུར་ཏེ། བགྲོད་པ་འགྲོ་བའི་དབང་གིས་ཆུ་སྲིན་ལ་སོགས་པ་ལ་ནོར་དང་། ཀཪྐ་ཊ་ལ་སོགས་པ་ལ་བུ་ལོན་དུ་འགྱུར་རོ། །གཞན་དུ་བྱེད་

པ་ལ་བརྗོད་པའི་ཆོ་གས་ནི་ཉིན་ཞག་སོ་སོ་དག་པ་མེད་དོ། །འདིར་བྱེད་པ་ལ་བརྗོད་པའི་ཆོ་ག་གསུངས་པ་ཉི་མ་ལ་ནི་དུས་རོ་ཞེས་པ་སྟེ། ཀཪྐ་ཊ་ལ་བུ་ལོན་ནི་ཕྱོགས་དང་པོ་ལ་དུས་ཞེས་པ་ཆུ་ཚོད་གསུམ་དང་། ཀཪྐ་ཊའི་ཕྱོགས་གཉིས་པ་ལ་རོ་ཞེས་པ་དྲུག་གོ། །དེ་བཞིན་དུ་སེང་གེ་

ལ་སྦྲུལ་ཞེས་པ་བརྒྱད་དང་བཅུའོ། །དེ་བཞིན་དུ་བུ་མོ་ལ་འཕྲོག་བྱེད་དེ་བཅུ་གཅིག་དང་སླར་ཡང་འཕྲོག་བྱེད་དེ་བཅུ་གཅིག་གོ། །དེ་ནས་སྲང་ལ་དྲག་པོ་ཞེས་པ་བཅུ་གཅིག་དང་ཕྱོགས་ཞེས་པ་བཅུའོ། །དེ་བཞིན་དུ་སྡིག་པ་ལ་ཀླུ་ཞེས་པ་བརྒྱད་དང་དྲུག་གོ། །དེ་ནས་གཞུ་

ལ་མེ་ཞེས་པ་གསུམ་དང་ནམ་མཁའ་ཞེས་པ་སྟོང་པ་བགྲོད་པའི་མཐར་རོ། །དེ་བཞིན་དུ་ཆུ་སྲིན་ལ་སོགས་པ་ལ་ནོར་རོ་ཞེས་པ་ནི་བྱེད་པ་ལ་སྟེ་ཐམས་ཅད་དུ་གྲུབ་པའི་མཐའ་ལ་དགོངས་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཟླ་བའི་འཕོ་བའི་དབྱེ་བ་དག་ལས་ཕྱོགས་ཀྱི་དབྱེ་བས་ཟླ་བ་དྲུག་ནི་ཉིན་མོར་

བྱེད་པས་སྤྱོད་དོ། །ད་ནི་ཟླ་བའི་ལོངས་སྤྱོད་གསུངས་པ་ཉི་མ་ལ་བྱིན་ཞེས་པ་ནི་ཉི་མའི་ལོངས་སྤྱོད་ལ་ཚེས་གྲངས་བྱིན་ནས་འོག་ཏུ་རོ་ཡིས་བསྒྱུར་ལ་ཞེས་པ་ནི་ཚེས་གྲངས་དེ་དག་འོག་ཏུ་དྲུག་གིས་བསྒྱུར་བའོ། །གཟའི་ལོངས་སྤྱོད་བསྲེས་པ་དག་ཅེས་པ་ནི་གཟའི་ལོངས་སྤྱོད་ཆུ་ཚོད་

ལ་སོགས་པ་རྣམས་བསྲེས་པ་དག་ཆུ་ཚོད་ཀྱི་གནས་ནས་དམན་པར་གྱུར་པ་ནི་རི་བོང་མཚན་མའི་ལོངས་སྤྱོད་དུ་འགྱུར་རོ། །ཉི་ཟླ་བསྲེས་པ་སྦྱོར་བའོ། །ཉི་མ་དང་ཟླ་བའི་ལོངས་སྤྱོད་བསྲེས་པ་དག་སྦྱོར་བར་འགྱུར་རོ། །བྱེད་པ་དག་ནི་ཚེས་ལ་མིག་གིས་བསྒྱུར་བ་ཟླ་བྲལ་གང་

ཞིག་ཅེས་པ་ནི་མིག་སྟེ་གཉིས་ཀྱིས་ཚེས་གྲངས་རྣམས་བསྒྱུར་བ་ལས་གཅིག་དང་བྲལ་བ་བདུན་གྱི་ལྷག་མ་ནི་བྱེད་པར་འགྱུར་རོ། །གཟའི་ལོངས་སྤྱོད་ནི་ལོངས་སྤྱོད་དུ་འགྱུར་རོ། །འདིར་ཡན་ལག་ལྔ་ནི་གཟའ་དང་ཚེས་དང་རྒྱུ་སྐར་དང་སྦྱོར་བ་དང་བྱེད་པའོ། །དེ་ལ་གཟའ་

เล่ม ๑๐๒ · หน้า 74b

ནི་ཉི་མ་དང་ཟླ་བ་དང་མིག་དམར་དང་གཟའ་ལག་དང་ཕུར་བུ་དང་པ་བསངས་དང་སྤེན་པ་སྟེ་བདུན་ནོ། །ཚེས་ནི་ཚེས་གཅིག་ལ་སོགས་པ་བཅྭ་ལྔའོ། །རྒྱུ་སྐར་ནི་ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་དང་། སྣར་མ་དང་མགོ་དང་ལག་དང་ནབ་སོ་དང་། རྒྱལ་དང་སྐག་དང་མཆུ་དང་

གྲེ་དང་དབོ་དང་མེ་བཞི་དང་ནག་པ་དང་། ས་རི་དང་ས་ག་དང་ལྷ་མཚམས་དང་སྣྲོན་དང་སྣུབས་དང་། ཆུ་སྟོད་དང་ཆུ་སྨད་དང་གྲོ་བཞིན་དང་མོན་གྲེ་དང་མོན་གྲུ་དང་། ཁྲུམས་སྟོད་དང་ཁྲུམས་སྨད་དང་ནམ་གྲུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ་སྦྱོར་བ་ནི་སེལ་བ་དང་མཛའ་བ་དང་

ཚེ་དང་ལྡན་པ་དང་སྐལ་བཟང་དང་བཟང་པོ་དང་། ཤིན་ཏུ་སྐྲང་དང་ལས་བཟང་དང་འཛིན་པ་དང་ཟུག་རྔུ་དང་། སྐྲང་བ་དང་འཕེལ་བ་དང་ངེས་པ་དང་ཀུན་འཇོམས་དང་། དགའ་བ་དང་རྡོ་རྗེ་དང་གྲུབ་པ་དང་ཤིན་ཏུ་ལྷུང་དང་། མཆོག་ཅན་དང་ཡོངས་འཇོམས་དང་། ཞི་བ་དང་

གྲུབ་པ་དང་བསྒྲུབ་བྱ་དང་དགེ་བ་དང་དཀར་པོ་དང་། ཚངས་པ་དང་དབང་པོ་དང་ཁོ་ན་འཛིན་ཞེས་པ་སྟེ་སྦྱོར་བ་ཉི་ཤུ་རྩ་བདུན་ནོ། །དཀར་པོའི་ཚེས་གཅིག་གི་བྱེད་ཕྱི་མ་ལ་བྱེད་པ་དང་པོ་བ་བྃ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ལ་བྃ་དང་ཀཽ་ལ་བྃ་མོ། །གསུམ་པའི་

ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལྃ་དང་ག་ར་ཛཾ་མོ། །བཞི་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛྃ་དང་བིཥྚིའོ། །དེ་བཞིན་དུ་ལྔ་པ་ལ་བ་བྃ་དང་པཱ་ལ་བྃ་མོ། །དྲུག་པ་ལ་ཀཽ་ལ་བྃ་དང་ཏཻ་ཏི་ལྃ་མོ། །བདུན་པ་ལ་ག་ར་ཛྃ་དང་བ་ནི་ཛྃ་མོ། །བརྒྱད་པའི་ཕྱེད་སྔ་མ་ལ་བིཥྚིའོ། །བརྒྱད་པའི་

ཕྱེད་ཕྱི་མ་ལ་བ་བྃ་མོ། །དགུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ལ་བྃ་དང་ཀཽ་ལ་བྃ་མོ། །བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལྃ་དང་ག་ར་ཛཾ་མོ། །བཅུ་གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛྃ་དང་བིཥྚིའོ། །སླར་ཡང་བཅུ་གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་བྃ་དང་བཱ་ལ་

བྃ་མོ། །བཅུ་གསུམ་པ་ལ་ཀཽ་ལ་བྃ་དང་ཏཻ་ཏི་ལྃ་མོ། །བཅུ་བཞི་པ་ལ་ག་ར་ཛྃ་དང་བ་ནི་ཛྃ་མོ། །ཟླ་བ་ཉ་བའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་བ་བྃ་མོ། །ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ལ་བྃ་དང་ཀཽ་ལ་བྃ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་

เล่ม ๑๐๒ · หน้า 75a

ལ་ཏི་ཏི་ལྃ་དང་ག་ར་ཛྃ་མོ། །གསུམ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛྃ་དང་བིཥྚིའོ། །དེ་བཞིན་དུ་བཞི་པ་ལ་བ་བྃ་དང་བཱ་ལ་བྃ་མོ། །ལྔ་པ་ལ་ཀཽ་ལ་བྃ་དང་ཏཻ་ཏི་ལྃ་མོ། །དྲུག་པ་ལ་ག་ར་ཛྃ་དང་བ་ནི་ཛྃ་མོ། །བདུན་པའི་ཕྱེད་སྔ་མ་ལ་བིཥྚིའོ། །ཕྱེད་ཕྱི་མ་ལ་

བ་བྃ་མོ། །བརྒྱད་པ་ལ་བཱ་ལ་བྃ་དང་ཀཽ་ལ་བྃ་མོ། །དགུ་པ་ལ་ཏཻ་ཏི་ལྃ་དང་ག་ར་ཛྃ་མོ། །བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛྃ་དང་བིཥྚིའོ། །དེ་བཞིན་དུ་བཅུ་གཅིག་པ་ལ་བ་བྃ་དང་བཱ་ལ་བྃ་མོ། །བཅུ་གཉིས་པ་ལ་ཀཽ་ལ་བྃ་དང་ཏཻ་ཏི་ལྃ་མོ། །བཅུ་གསུམ་པ་ལ་ག་ར་ཛྃ་དང་བ་

ནི་ཛྃ་མོ། །བཅུ་བཞིའི་ཕྱེད་སྔ་མ་ལ་བིཥྚི་སྟེ་བྱེད་པ་བདུན་ཡོངས་སུ་ལོངས་སྤྱོད་དོ། །དེ་ནས་ནག་པོའི་བཅུ་བཞིའི་ཕྱེད་ཕྱི་མ་ལ་ཤ་ཀུ་ནིའོ། །གནམ་སྟོང་གི་ཕྱེད་སྔ་མ་ལ་རྐང་བཞིའོ། །ཕྱེད་ཕྱི་མ་ལ་ཀླུའོ། །དཀར་པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལ་ཀིཾ་སྟུ་གྷྣྃ་ངོ་། །ཕྱེད་ཕྱི་མ་

ལ་སླར་ཡང་བ་བྃ་མོ། །དེ་ལྟར་ན་བྱེད་པ་བཅུ་གཅིག་སྟེ་ཡན་ལག་ལྔའི་རིམ་པའོ། །ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་ལའོ། །དེ་བཞིན་དུ་རྐང་པ་དགུ་དགུ་ནི་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོར་རིག་པར་བྱའོ། །མིག་དམར་དང་པ་བསངས་

དང་གཟའ་ལག་དང་ཟླ་བ་དང་ཉི་མ་དང་། གཟའ་ལྷག་དང་པ་བ་སངས་དང་ས་སྐྱེས་དང་བླ་མ་དང་སྤེན་པ་དང་ཉི་མའི་བུ་དང་། ལྷའི་བླ་མ་སྟེ་འདི་དག་གྲངས་བཞིན་དུ་ལུག་ལ་སོགས་པའི་ཁྱིམ་རྣམས་ལ་ཞིང་བདག་གོ། །ད་ནི་མུ་སྟེགས་པ་རྣམས་ཀྱིས་ཁྱིམ་གཟུང་བའི་དོན་དུ་མིང་

གི་ཡི་གེ་བརྟགས་པ་བརྗོད་པར་བྱ་སྟེ། འདིར་སྐྱེས་རབས་ཀྱི་དཀྱིལ་འཁོར་དབྱངས་དང་གསལ་བྱེད་ཡོངས་སུ་མ་ཤེས་པའི་ཕྱིར་དྲང་སྲོང་རྣམས་ཀྱིས་མིང་གི་ཡི་གེ་བརྟགས་ནས་བཀོད་པ་འདི་ལྟ་སྟེ། ཨ་ཨི་ཨུ་ཨེ་ནི་སྨིན་དྲུག་གོ། །ཨོ་ཝ་ཝི་ཝུ་ནི་སྣར་མའོ། །ཝེ་ཝོ་ཀ་

ཀི་ནི་མགོའོ། །ཀུ་གྷ་ང་ཚ་ནི་ལག་གོ། །ཀེ་ཀོ་ཧ་ཧི་ནི་ནབ་སོའོ། །ཧུ་ཧེ་ཧོ་ཌ་ནི་རྒྱལ་ལོ། །ཌི་ཌུ་ཌེ་ཌོ་ནི་སྐག་གོ། །མ་མི་མུ་མེ་ནི་མཆུའོ། །མོ་ཊ་ཊི་ཊུ་ནི་གྲེའོ། །ཊེ་ཊོ་པ་པི་ནི་དབོའོ། །པུ་ཥ་ཎ་ཋ་ནི་མེ་བཞིའོ། །པེ་པོ་ར་རི་ནི་ནག་པའོ། །རུ་རེ་རོ་ཏ་ནི་ས་རིའོ། །ཏི་ཏུ་ཏེ་ཏོ་

เล่ม ๑๐๒ · หน้า 75b

ནི་ས་གའོ། །ན་ནི་ནུ་ནེ་ནི་ལྷ་མཚམས་སོ། །ནོ་ཡ་ཡི་ཡུ་ནི་སྣོན་ནོ། །ཡེ་ཡོ་བྷ་བྷི་ནི་སྣྲུབས་སོ། །བྷུ་དྷ་ཕ་ཌྷ་ནི་ཆུ་སྟོད་དོ། །བྷེ་བྷོ་ཛ་ཛི་ནི་ཆུ་སྨད་དོ། །ཛུ་ཛེ་ཛོ་ཁ་ནི་གྲོ་བཞིན་ནོ། །ཁི་ཁུ་ཁེ་ཁོ་ནི་བྱི་བཞིན་ནོ། །ག་གི་གུ་གེ་ནི་མོན་གྲུའོ། །གོ་ཤ་ཤི་ཤུ་ནི་མོན་གྲེའོ། །ཤེ་ཤོ་ད་དི་ནི་

ཁྲུམས་སྟོད་དོ། །དུ་ཥ་ཤ་ས་ནི་ཁྲུམས་སྨད་དོ། །དེ་དོ་ཙ་ཙི་ནི་ནམ་གྲུའོ། །ཙུ་ཙི་ཙོ་ལ་ནི་ཐ་སྐར་རོ། །ལི་ལུ་ལེ་ལོ་ནི་བྲ་ཉེའོ། །ཞེས་བྱ་བ་ནི་ཁྱིམ་བཅུ་གཉིས་ཀྱི་མིང་གི་དབྱེ་བའི་ཡི་གེ་རྣམས་ཏེ། ཡི་གེ་འདི་དག་གིས་སེམས་ཅན་རྣམས་ཀྱི་ཁྱིམ་ཤེས་པར་བྱ་ཞིང་དེས་དགེ་

བ་དང་མི་དགེ་བའི་འབྲས་བུ་ཤེས་པར་བྱའོ་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཀྱི་བསམ་པ་རིགས་པས་སྟོང་པའོ། །དོན་དམ་པར་དགེ་བ་དང་མི་དགེ་བ་ནི་རང་གི་ལས་ཀྱི་དབང་གིས་ཡིན་ཏེ། དེ་ལྟར་ཡང་གཟའ་ཚེས་རྒྱུ་སྐར་སྦྱོར་བ་དང་། །བྱེད་པ་ཉིད་དང་དུས་སྦྱོར་དང་། །གདུག་

པའི་གཟའ་སྟེ་འདི་དག་ནི། །བསོད་ནམས་བྱེད་པ་རྣམས་ལ་དགེ། །སྐད་ཅིག་གཅིག་ལ་སྐྱེས་རྣམས་ཀྱི། །སྐྱེས་རབས་ཐ་དད་འབྲས། །རང་རང་ལས་ལ་ཉེར་སྤྱོད་པས། །དེ་རྣམས་འབྲས་བུ་གཅིག་པ་མིན། །གཡུལ་དང་ནགས་བསྲེགས་པ་དང་ནི། །ཉ་པས་རྒྱ་

ནི་བཅིངས་པ་ལ། །གང་གིས་ལུས་ཅན་མང་པོ་རྣམས། །ཅིག་ཅར་དུ་ནི་འཆི་བར་འགྱུར། །ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱིས། །ཚེ་སྟོབས་བརྩོན་འགྲུས་རྫུ་འཕྲུལ་དང་། །སྐལ་བཟང་གཟུགས་ཉིད་སྡིག་པས་ནི། །ཚེ་ཟད་བརྩོན་འགྲུས་རྫུ་འཕྲུལ་ཉམས། །ཞེས་གསུངས་

སོ། །ཡན་ལག་ལྔའི་ཕྱེད་པ་མདོར་བསྡུས་པའོ། །ད་ནི་བྱེད་པ་ལ་ལོའི་འཕོ་བའི་ངེས་པ་གསུངས་པ་དག་པའི་ལོ་ལ་ཀླུ་བསྲེས་ཞེས་པ་སྟེ། དག་པའི་ལོ་ནི་བྱེད་པའི་ལོའོ། །ཀླུ་བསྲེས་ནི་བརྒྱད་བསྲེས་པའོ། །མཁའ་དང་ནམ་མཁའ་ཆུ་གཏེར་གྱིས་བསྒྱུར་ཞེས་པ་ནི་བཞི་བརྒྱས་

བསྒྱུར་བ་ཡིན་ནོ། །ཀླུ་བསྲེས་རྣམས་ཀྱིས་སྦྱངས་པ་དག་ཅེས་པ་ནི་བྱེད་པའི་ལོ་བརྒྱད་བསྲེས་པ་རྣམས་ཀྱིས་སྦྱངས་པ་སྟེ་དམན་པར་བྱས་པའོ། །རི་ཟླ་མེ་ཡིས་རབ་ཏུ་ཕྱེ་སྟེ་ཞེས་པ་ནི་སུམ་བརྒྱ་བཅུ་བདུན་གྱིས་ཕྱེ་བ་གཟར་འགྱུར་རོ། །ནམ་མཁའ་རོས་བསྒྱུར་ཞེས་པ་ནི་སླར་ཡང་

เล่ม ๑๐๒ · หน้า 76a

ཆའི་ལྷག་མ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར་ཏེ་རི་ལ་སོགས་པས་ཕྱེ་བ་ནི་ཆུ་ཚོད་དུ་འགྱུར་རོ། །གཉིས་དང་སུམ་ཅུའི་གཟའ་དང་ཆུ་ཚོད་ངེས་པ་འདིར་ལྡན་ཞེས་པ་འདིར་ནི་མིག་དམར་ལ་སོགས་པའི་ངེས་པ་ལས་ཉི་མ་ལ་སོགས་པ་བྱེད་པའི་དོན་ཏོ། །གཟའི་གནས་སུ་

གཉིས་སྦྱིན་ཞིང་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་སྟེ་དྲུག་ཅུའི་ཆས་ཐོབ་པ་ནི་གཟར་འགྱུར་རོ། །ལྷག་མ་ནི་གཟའི་ཆུ་ཚོད་དུ་འགྱུར་རོ། །གཟའི་གནས་སུ་བདུན་གྱི་ཆའི་ལྷག་མ་གཟའ་སྟེ་ཟླ་བ་དག་ལ་ལོའི་འཕོ་བར་འགྱུར་རོ་ཞེས་པ་ནི་རིག་པའོ། །ད་ནི་ལོའི་ངེས་པ་ལ་ལུག་ལ་སོགས་

པའི་འཕོ་བ་ལ་སྣོན་པར་བྱེད་པ་ལ་སྣོན་བྱེད་བཅུ་གཉིས་གསུངས་པ་ལུག་སོགས་རྣམས་ཀྱི་སྣོན་བྱེད་དག་ལ་གཟའ་དང་ཆུ་ཚོད་ཅེས་པ་སྟེ། གཟའི་གནས་དང་ཆུ་ཚོད་ཀྱི་གནས་སུ་གཟའ་དང་ཆུ་ཚོད་རིམ་པར་ཡོངས་བཀོད་བཅུ་གཉིས་འདི་དག་སྟེ། ཟླ་བ་རི་འབྱུང་ཞེས་པ་ལ་ཟླ་

བ་ནི་གཟའི་གནས་སུ་གཅིག་གོ། །རི་འབྱུང་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་བདུན་ནོ། །འདིར་ལོའི་ངེས་པ་དང་བཅས་པས་གཟའི་གནས་སུ་གཟའ་གང་བྱུང་བའི་གཟའ་དེས་ལུག་གི་འཕོ་བར་འགྱུར་ཏེ། ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་གང་བྱུང་བའི་ཆུ་ཚོད་དེ་རྣམས་ཀྱིས་

སོ་ཞེས་བྱ་བ་ནི་བྱེད་པའི་རིགས་པའོ། །རིག་བྱེད་དག་དང་ཞེས་པ་གཉིས་ཀྱི་ཚིག་ནི་སྡེབ་སྦྱོར་གྱི་དབང་གིས་ཏེ། རིག་བྱེད་ནི་གཟའི་གནས་སུ་བཞིའོ། །ཡོན་ཏན་མདའ་སྟེ་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གསུམ་སྟེ་གླང་གི་འཕོ་བ་ལའོ། །རི་བོང་ཅན་ཞེས་པ་གཟའི་

གནས་སུ་གཅིག་གོ། །རི་ཟླ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་བཅུ་བདུན་ཏེ་གསུམ་པ་ལ་ཞེས་པ་ནི་འཁྲིག་པའི་འཕོ་བ་ལའོ། །རིག་བྱེད་ཅེས་པ་ནི་གཟའི་གནས་སུ་བཞིའོ། །མེ་འབྱུང་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གསུམ་སྟེ་ཀཪྐ་ཊའི་འཕོ་བ་ལའོ། །ཟླ་བ་ཞེས་པ་གཟའ་ལ་

གཅིག་གོ། །མིག་དང་ལག་པ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ཉི་ཤུ་རྩ་གཉིས་ཏེ་སེང་གེ་ལའོ། །དུས་ཞེས་པ་གཟའི་གནས་སུ་བཞིའོ། །རིག་བྱེད་མིག་ཅེས་པ་ཆུ་ཚོད་ཀྱི་གནས་སུ་ཉི་ཤུ་རྩ་བཞི་སྟེ་དྲུག་པ་དག་ལའོ་ཞེས་པ་བུ་མོའི་འཕོ་བ་ལའོ། །གཟའ་ལ་དྲུག་དང་ཟླ་བ་མདའ་

เล่ม ๑๐๒ · หน้า 76b

ཞེས་པ་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གཅིག་སྲང་གི་འཕོ་བ་ལའོ། །ཟླ་བཞེས་པ་གཟའ་ལ་གཅིག་གོ། །རི་དུས་ཞེས་པ་ཆུ་ཚོད་ཀྱི་གནས་སུ་བཞི་བཅུ་རྩ་བདུན་ཏེ་སྡིག་པའི་འཕོ་བ་ལའོ། །མེ་ཞེས་པ་གཟའི་གནས་སུ་གསུམ་མོ། །དྲུག་ཟླ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་བཅུ་དྲུག་སྟེ་གཞུའི་འཕོ་བ་

ལའོ། །རིག་བྱེད་ཅེས་པ་གཟའི་གནས་སུ་བཞིའོ། །རི་དང་འཇིག་རྟེན་ཞེས་པ་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་རྩ་བདུན་ཏེ་ཆུ་སྲིན་གྱི་འཕོ་བ་ལའོ། །གཟའི་གནས་སུ་དྲུག་གོ། །རིག་བྱེད་སྟོང་པ་དག་ཅེས་པ་ཆུ་ཚོད་ཀྱི་གནས་སུ་བཞི་སྟེ་བུམ་པའི་འཕོ་བ་ལའོ། །སྟོང་པ་ཞེས་པ་གཟའི་

གནས་སུ་ཅི་ཡང་སྦྱིན་པར་མི་བྱ་བའོ། །མིག་མདའ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གཉིས་ཏེ་ཉི་མའི་གོ་འཕང་ཉའི་ཁྱིམ་ལ་སྦྱིན་པར་བྱ་བར་འགྱུར་རོ་ཞེས་པ་ནི་བྱེད་པ་ལ་འཕོ་བའི་ལོངས་སྤྱོད་དུ་ཤེས་པར་བྱའོ། །གྲུབ་པའི་མཐའ་ལ་ནི་འདི་འཕོ་བའི་ལོངས་སྤྱོད་དུ་མི་འགྱུར་ཏེ། གང་

ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་གསལ་བར་ནོར་ཏེ་དེ་ཡི་སུམ་ཆ་དག་གིས་བསྲེས་པའོ་ཞེས་པ་འདིས་ཟླ་བའི་ནང་དུ་ཆུ་ཚོད་གཅིག་མེད་དོ། །སྤྲོས་པ་ཡིས་ཀྱང་གནས་གསུམ་དབུ་མ་དབང་ཕྱུག་གིས་བསྒྱུར་ཞེས་པ་འདིས་ཡང་ཉམས་པ་སོས་ནས་ཉི་མའི་ལོངས་སྤྱོད་གསལ་བར་

འགྱུར་རོ། །ལོ་གཅིག་གི་བར་དུ་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་གི་ཆ་མ་གཏོགས་པར་ཉིན་ཞག་སོ་སོའི་ལོངས་སྤྱོད་དག་པར་འགྱུར་རོ། །སླར་ཡང་ལོ་གཞན་ལ་འཕོ་བའི་ངེས་པ་གཞན་དུ་འགྱུར་རོ། །དེས་ན་ནག་པའི་ཟླ་བ་ནས་སླར་ཡང་ནག་པའི་ཟླ་བའི་བར་ལོ་སོ་སོ་ཙམ་ཉི་མའི་

ལོངས་སྤྱོད་དག་གོ། །དེའི་ཕྱིར་ལ་བྱེད་པའི་ལོ་གཞན་ལ་ལྟོས་ནས་དེས་ཟླ་བ་གཅིག་གི་ངེས་པ་ཅུང་ཟད་དག་གོ། །དེ་ནས་ཉི་མའི་ཉིན་ཞག་གི་ལོངས་སྤྱོད་ཉིན་ཞག་སོ་སོ་ལ་དབུགས་བཞི་དང་། ཆུ་སྲང་གསུམ་མེད་པས་མ་དག་སྟེ་ལོངས་སྤྱོད་ཀྱི་དབང་གིས་བྱང་དུ་བགྲོད་ང་ནས་

བྱང་དུ་བགྲོད་པའི་བར་ལ་ཉིན་ཞག་ལྔ་འཆད་པར་འགྱུར་རོ། །ཟླ་བ་སོ་སོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་འཆད་པར་འགྱུར་རོ། །བྱེད་པ་འཕོ་བའི་དུས་ནས་བྱེད་པ་འཕོ་བའི་དུས་ཀྱི་ཟླ་བ་སོ་སོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་ལྷག་སྟེ། ལོའི་མཚམས་སུ་གཟའ་ལྔ་ལྷག་གོ། །འདིར་ཆད་པ་དང་ལྷག་པ་ཇི་

เล่ม ๑๐๒ · หน้า 77a

ལྟར་ཤེས་ན་བྱང་དུ་བགྲོད་པའི་ཟླ་བ་དང་པོ་ལ་ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མས་ཡོངས་སུ་བརྟག་པར་བྱ་སྟེ། ཉིན་ཞག་གང་ནས་བརྩམས་ཏེ། ཐུར་མའི་གྲིབ་མ་བྱང་ནས་ལོག་པར་གྱུར་པ་དེ་ནི་གཟའ་དེ་དང་ཚེས་དེ་དང་སྦྱོར་བ་དེ་དང་བྱེད་པ་དེས་ཉི་མ་འཕོ་བའི་ཉིན་

ཞག་གོ། །ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་སྐར་མའི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་སུ་བཅྭ་ལྔ་ཞེས་པ་རྩ་བའི་ངེས་པའོ། །ངེས་པ་དེ་ལ་ཉིན་ཞག་སོ་སོར་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་རྣམས་ཀྱིས་ཐོབ་པ་རབ་ཏུ་བསྲེས་ཏེ། དེ་ནས་སྔར་བརྗོད་པའི་ཆོ་གས་ཉི་མའི་རྐང་

པ་རྣམས་སྦྱང་བར་བྱའོ། །རྩ་བའི་རྒྱུད་ལས་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་དང་། ཆུ་ཚོད་དང་། ཆུ་སྲང་དང་དབུགས་དང་ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པའི་མཐར་ཐུག་པ་གསུངས་པ་འདི་ལྟ་སྟེ། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །གནས་གཉིས་འོག་མ་གཉིས་

ཀྱིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །སྟེང་གི་ཕུང་པོར་ནོར་དུ་སྦྱིན། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ཡི་འོག་ཏུ་ཡང་། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ལས་ཀྱང་འོག་སྟེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། །དྲུག་ཅུ་རྩ་

ལྔས་བགོས་ཐོབ་པ། །དབུགས་ཀྱི་ཚོགས་ཏེ་མི་ཡི་བདག །དེ་ཡི་ཡང་ནི་འོག་ཏུ་གཞག །ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། །དབུགས་སུ་བྱས་ནས་རྣམ་གསུམ་སླར། །འོག་ལ་རི་མཁའ་རིས་ཐོབ་པ། །དབུས་ཀྱི་ཕུང་པོར་ནོར་དུ་སྦྱིན། །དེ་ལས་དྲུག་ཅུ་རྩ་བཞིས་ཐོབ། །སྟེང་

གི་ཕུང་པོར་བུ་ལོན་དབྲོག །ལྷག་མ་འདིར་ནི་ཉིན་ཞག་དང་། །ཆུ་ཚོད་ཆུ་སྲང་དག་དང་དབུགས། །འདི་དག་འཁོར་ལོ་ལོངས་སྤྱོད་པས། །ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཉི་མའི་དཀྱིལ་འཁོར་

ལོངས་སྤྱོད་ཀྱིས། །ཐོབ་པ་ཞག་རེའི་ཆུ་ཚོད་དོ། །སླར་ཡང་དྲུག་ཅུས་བསྒྱུར་ཆུ་སྲང་། །དྲུག་གིས་བསྒྱུར་ལས་དབུགས་སུ་འགྱུར། །ལོངས་སྤྱོད་འདི་ནི་ཉི་མ་ཡི། །རྒྱུ་སྐར་ཆུ་ཚོད་སོགས་ལ་སྦྱར། །བགྲོད་ནས་ཉིན་ཞག་སོ་སོར་སླར། །བགྲོད་པར་འགྱུར་གྱི་བར་དུ་སྦྱིན། །

เล่ม ๑๐๒ · หน้า 77b

བརྗོད་པའི་ལས་ཀྱི་ཆོ་ག་ཡིས། །ཉི་མའི་རྐང་པ་སྦྱང་བར་བྱ། །གཞན་དུ་བྱེད་པའི་ལམ་གྱིས་ནི། །ཉི་མ་རྟག་ཏུ་དག་པ་མེད། །ཉི་མའི་ལོངས་སྤྱོད་མ་དག་ན། །འདི་ལ་སྦྱངས་པའི་མིག་དམར་སོགས། །རྩ་བ་ཉམས་པའི་ལྗོན་པ་བཞིན། །འདིར་ནི་གསལ་བ་ཉིད་མི་འགྱུར། །

ཁྱིམ་གྱི་འཁོར་ལོ་ལོངས་སྤྱད་པས། །ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། །འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད། །ཟླ་བའི་ལོངས་སྤྱོད་བསྲེས་པ་དག །སུམ་ཅུའི་ཆས་ཐོབ་ཟླ་ལོངས་སྤྱོད། །ཉིན་ཞག་སོ་སོའི་ཆུ་ཚོད་འགྱུར། །ཟླ་བས་ཉིན་ཞག་ཆུ་ཚོད་དང་། །ཆུ་སྲང་དབུགས་ནི་

གང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། །དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། །ཉིན་ཞག་སྟོང་ཕྲག་དྲུག་དང་ནི། །དགུ་བརྒྱ་སྒྲ་གཅན་དཀྱིལ་འཁོར་ཏེ། །མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་རྒྱུ་བ་ལས་རབ་གྲུབ། །ཉིན་གཅིག་རྒྱུ་སྐར་རྣམས་

ཀྱིས་བསྒྱུར། །དཀྱིལ་འཁོར་གྱིས་ནི་རྣམ་པར་དབྱེ། །ཐོབ་པ་དག་ནི་སྐར་མར་འགྱུར། །ལྷག་མ་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་འཁོར་ཆ་ཡིས་ཆུ་ཚོད་དེ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང་། །དཀྱིལ་འཁོར་ཆས་ཐོབ་གཟའ་རྣམས་ཀྱི། །ཉིན་ཞག་སོ་སོར་མི་ཡི་

བདག །དེ་ཉིད་སྦྱིན་པ་བྱས་ནས་ནི། །གཟའ་ཡི་རྒྱུ་བས་གཟའ་སྦྱང་བྱ། །གང་ཚེ་གཟའ་ཡི་ལོངས་སྤྱོད་དག །དེ་ཚེ་ཟླ་བའི་ཆ་འཆར་ལ། །བགྲོད་པའི་རི་མོ་ལ་གནས་པ། །ཟླ་བའི་ལོངས་སྤྱོད་ཀྱིས་ཤེས་བྱ། །བགྲོད་པས་ཉི་མ་སྦྱངས་བྱས་ཏེ། །ལོངས་སྤྱོད་ཆ་གཅིག་ལ་

གནས་པའི། །ཟླ་བ་ཉི་མས་སྦྱང་བར་བྱ། །ཟླ་བས་མིག་དམར་ལ་སོགས་སོ། །ཚིགས་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉིས་ཀའི་དབུས་སུ་ནི། །ཟླ་བ་ཉི་མ་རྣམ་འཇོམས་པ། །སྒྲ་གཅན་འཇུག་པས་ཚེས་གྲངས་སོ། །དེ་ལྟར་ཐམས་ཅད་ཡོངས་ཤེས་ནས། །

གྲུ་བ་མཐའི་ལོངས་སྤྱོད་རྣམ་པ་གཞན། །རྣམ་གཞན་ཉུང་ངུའི་བྱེད་ལ་སོགས། །འདི་ལས་མ་དག་རྣམ་པར་སྤངས། །ཞེས་སོ། །དེ་ལྟར་བརྗོད་པའི་རིམ་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ལས་གྲུབ་པའི་མཐའི་མཚན་ཉིད་གསུངས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་

เล่ม ๑๐๒ · หน้า 78a

ལས་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་ཞེས་པའི་ཚིག་གིས་བསྡུས་ཏེ། རྒྱུད་ལས་གསལ་པོར་མ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདིར་མུ་སྟེགས་པ་རྣམས་ཀྱིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་མཐོང་སྟེ། ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་མཐོང་ནས། བདག་

ཅག་གི་བྱེད་པ་ལ་ཡང་ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་ཡོད་དོ་ཞེས་རང་གི་བྱེད་པའི་ནང་དུ་འདྲི་བར་འགྱུར་ཏེ། རྒྱུ་དེས་ན་འགྲེལ་བཤད་ལ་ལྟོས་ནས་གསལ་པོར་མ་མཛད་དོ། །ད་ནི་ཉིན་མོ་དང་མཚན་མོ་འཕེལ་བ་དང་འགྲིབ་པ་གསུངས་པ་ཟླ་དྲུག་འཕེལ་དང་། འགྲིབ་པ་

ཞེས་པ་སྟེ་གྲངས་བཞིན་དུ་འཕེལ་བ་དང་འགྲིབ་པ་གཉིས་སུ་འགྱུར་རོ་ཉིན་དང་མཚན་མོ་དག་ཀྱང་ཞེས་པ་ནི་ཉིན་མོ་དང་མཚན་མོ་དག་གོ། །ཉི་མ་རབ་ཏུ་རྒྱུ་བས་སོ་ཞེས་པ་ནི་ཉི་མ་བྱང་དུ་རྒྱུ་བ་དང་ལྷོར་རྒྱུ་བས་ནི་ཉི་མ་རབ་ཏུ་རྒྱུ་བས་སོ། །ཆུ་གཏེར་སྲོག་དང་ཆུ་སྲང་མེ་ནི་ཉིན་ཞག་སོ་སོའི་

དུས་སུ་འཕེལ་འགྲིབ་བགྲོད་པའི་ཡན་ལག་གིས་ཚད་འདི་ནི་ཀཻ་ལཱ་ཤའི་བྱང་གི་ཆ་ཁ་བ་ཅན་གྱི་བར་དུ་སྟེ་ཉིན་ཞག་སོ་སོ་ལ་དབུགས་བཞི་དང་ཆུ་སྲང་གསུམ་བགྲོད་པའི་ཡན་ལག་གིས་འཕེལ་ཞིང་འགྲིབ་བོ། །བགྲོད་པའི་ཡན་ལག་ནི་ཕྱེད་དང་བཅས་པའི་བརྒྱད་ཅུ་རྩ་གཉིས་ལྷག་

པའི་ཉིན་ཞག་བརྒྱ་སྟེ་བགྲོད་པའི་ཡན་ལག་ཉིན་ཞག་དེ་རྣམས་ཀྱིས་ལྷོ་ཕྱོགས་སུ་མཚན་མོ་འཕེལ་བར་འགྱུར་ཏེ། བྱང་དུ་ཉིན་མོའོ། །ཀཻ་ལཱ་ཤའི་ལྷོ་ཕྱོགས་ལ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ཚད་འདི་ལ་ལྷོར་བགྲོད་པའི་འཕོ་བའི་ཉིན་ཞག་ལ་ཆུ་ཚོད་སུམ་ཅུ་རྩ་

དྲུག་གིས་ཉིན་མོར་འགྱུར་ཞིང་ཉི་ཤུ་རྩ་བཞིས་མཚན་མོར་འགྱུར་རོ། །དེ་བཞིན་དུ་བྱང་དུ་བགྲོད་པ་ལ་མཚན་མོ་དང་ཉིན་མོའི་ཚད་བཟློག་པས་ཤེས་པར་བྱའོ། །ད་ནི་སྒྲ་གཅན་རྒྱུ་སྐར་ལ་ལོངས་སྤྱོད་པ་གསུངས་པ་ཟླ་བ་ཞེས་པ་སྟེ། ཟླ་བ་ནི་བྱེད་པའི་ཟླ་བའོ། །མིག་དང་ཉི་མ་

བསྲེས་པ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་པ་མ་ཡིན་ནོ། །མིག་དང་ཉི་མ་ཞེས་པ་བརྒྱ་ཉི་ཤུ་རྩ་གཉིས་བསྲེས་པའོ། །མིག་གིས་རྣམ་འགྱུར་ཞེས་པ་ནི་ཕྱོགས་ཀྱི་ཕུང་པོའི་དོན་དུ་གཉིས་ཀྱིས་བསྒྱུར་བའོ། །ཟླ་བའི་ཚིགས་ལ་གཅིག་བསྲེས་ཏེ་

เล่ม ๑๐๒ · หน้า 78b

ཞེས་པ་ནི་ཉའི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་གཅིག་བསྲེས་པ་དང་གནམ་སྟོང་གི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་གཉིས་བསྲེས་པ་ཕྱོགས་ཀྱི་ཕུང་པོར་འགྱུར་རོ། །མཁའ་དུས་ཆུ་ཡིས་རབ་ཕྱེ་ཞེས་པ་ནི། སྒྲ་གཅན་གྱི་ཕྱོགས་ཀྱི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་ཀྱི་འཁོར་ལོ་ཕྱོགས་བཞི་བརྒྱ་དྲུག་ཅུས་བགོས་

ཏེ་མཁའ་དུས་ཆུ་དེས་རབ་ཏུ་ཕྱེ་བའི་ལྷག་མའི་ཕྱོགས་གང་ཡིན་པ་དེ་དག་ཐུབ་པ་ལག་པས་བསྒྱུར་བར་འགྱུར་རོ། །སྐར་མའི་ལོངས་སྤྱོད་ཀྱི་དོན་དུ་མཁའ་སོགས་ཆ་ཡིས་སྐར་མའོ་ཞེས་པ་ནི་སྟོང་པ་ལ་སོགས་པ་བཞི་བརྒྱ་དྲུག་ཅུའི་ཆས་ཐོབ་པ་སྐར་མར་འགྱུར་རོ། །སླར་ཡང་ལྷག་མ་ནི་ལྷག་མ་དྲུག་ཅུས་

བསྒྱུར་བ་གང་ཡིན་པ་ལས་ཆ་དེ་ཉིད་ཀྱིས་ཐོབ་པ་ཆུ་ཚོད་དུ་འགྱུར་རོ། །དེ་བཞིན་དུ་དྲུག་ཅུས་བསྒྱུར་བ་ལས་ཆ་དེ་ཉིད་ཀྱིས་ཆུ་སྲང་དུ་འགྱུར་རོ། །དྲུག་གིས་བསྒྱུར་བ་ལས་ཆ་དེ་ཉིད་ཀྱིས་དབུགས་སུ་འགྱུར་རོ། །ཐོབ་པས་དམན་པའི་འཁོར་ལོ་གདོང་འདིར་མཁའ་དུས་ཆུ་ཡིས་ཐོབ་པའི་སྐར་

མ་ལ་སོགས་པ་གང་ཡིན་པ་དེ་དག་གིས་འཁོར་ལོ་སྐར་མ་ཉི་ཤུ་རྩ་བདུན་གྱི་བདག་ཉིད་ལ་དམན་པར་བྱས་པའི་འཁོར་ལོ་ནི་གདོང་དུ་འགྱུར་ཏེ་ཐ་སྐར་ལ་སོགས་པས་གདོང་གི་སྐར་མའི་ལོངས་སྤྱོད་དུ་འགྱུར་རོ། །མུན་ཅན་ནི་སྒྲ་གཅན་ཏེ་འདི་ལ་མུན་པ་ཡོད་པའི་ཕྱིར་མུན་ཅན་ནོ། །མུན་ཅན་དེའི་

མཇུག་མ་དག་ཀྱང་རྒྱུ་སྐར་ཕྱེད་བསྲེས་པའོ་ཞེས་པ་ལ་རྒྱུ་སྐར་ཕྱེད་ནི་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་སྟེ། དེ་དག་གདོང་གི་ལོངས་སྤྱོད་ལ་བསྲེས་པ་ནི་མཇུག་མ་ཞེས་པ་མཇུག་མའི་ལོངས་སྤྱོད་དུ་འགྱུར་རོ། །ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་

གི་ཚོགས་གསུངས་པ་ཟླ་བ་ཞེས་པ་བྱེད་པའི་ཟླ་བའོ། །ཉིན་ཞག་གི་ཕུང་པོའི་དོན་དུ་སུམ་ཅུས་བསྒྱུར་བས་དེ་དག་ཉིན་ཞག་ཏུ་འགྱུར་རོ། །ཉིན་ཞག་དེ་དག་ད་ལྟར་བའི་ཟླ་བའི་ཉིན་ཞག་སོ་སོ་དང་བཅས་པ་གནས་གསུམ་དུ་འགྱུར་རོ། །འོག་གི་ཕུང་པོ་ལས་རི་མཁའ་རིས་ཐོབ་པ་ཞེས་པ་

བདུན་བརྒྱ་བདུན་གྱིས་ཆ་ཐོབ་པ་དབུ་མའི་ཕུང་པོར་རྣམ་པར་བསྲེའོ། །དབུ་མའི་ཕུང་པོ་དེ་དག་ལས་ཀྱང་ཆུ་གཏེར་རོ། །དྲུག་ཅུ་རྩ་བཞིས་ཆ་ཐོབ་པས་དམན་པ་མི་གསལ་ཉིན་ཞག་གོ། །ཁ་ཅིག་ཏུ་ཉིན་ཞག་སོ་སོའི་གཟའ་ལྷག་པས་གསལ་བའི་དོན་དུ་གཟའ་གཅིག་དམན་པར་

เล่ม ๑๐๒ · หน้า 79a

འགྱུར་རོ། །དེའི་ཕྱིར་གསལ་བའི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །ད་ནི་བཀྲ་ཤིས་གསུངས་ཏེ་རི་དུས་གཅིག་གིས་བསྲེས་པ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་པ་མ་ཡིན་ནོ། །བརྒྱ་དྲུག་ཅུ་རྩ་བདུན་གྱིས་བསྲེས་པ་ནི་རི་དུས་གཅིག་གིས་

བསྲེས་པའོ། །གསལ་བའི་ཉིན་ཞག་ཚོགས་ཏེ་རི་ཀླུ་དུས་ཀྱིས་བགོས་པ་ཡིས། ཉིན་ཞག་གི་ཚོགས་དེ་ཡང་མིག་དམར་གྱི་དཀྱིལ་འཁོར་ཉིན་ཞག་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱིས་བགོས་པའོ། །འདི་ལས་མིག་དམར་གྱི་ཡོངས་སུ་བསྐོར་བ་ཤེས་ནས་ལྷག་མ་སྐར་མས་བསྒྱུར་

ཞེས་པ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་ལས་སླར་ཡང་རི་ཀླུ་དུས་རྣམས་ཀྱིས་ཐོབ་པ་ནི་སྐར་མར་འགྱུར་རོ། །ནམ་མཁའ་རོ་དྲུག་ཅུ་ཡིས་བསྒྱུར་བ་ལས་ཀྱང་རི་ལ་སོགས་པ་རྣམས་ཀྱིས་ཐོབ་པ་ནི་ཆུ་ཚོད་དེ་མིག་དམར་གྱི་ལོངས་སྤྱོད་ལ་ཐོབ་པར་འགྱུར་རོ། །ཆུ་སྲང་ལ་སོགས་པ་ནི་སྔར་བརྗོད་

པའི་ཆོ་གས་སོ། །འདིར་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་གནས་རྣམ་པ་ལྔར་འགྱུར་ཏེ། ཁྱིམ་གྱི་གནས་དང་། སྐར་མའི་གནས་དང་། ཆུ་ཚོད་ཀྱི་གནས་དང་། ཆུ་སྲང་གི་གནས་དང་། དབུགས་ཀྱི་གནས་རྣམས་འོག་ནས་འོག་ཏུ་འགྱུར་རོ། །དབུགས་ཀྱི་གནས་སུ་དབུགས་

དྲུག་ལས་ལྷག་པ་མི་གནས་ཏེ་དྲུག་གི་ཆས་ཐོབ་པ་ནི་ཆུ་སྲང་ལ་གཞུག་གོ། །ཆུ་སྲང་ནི་དྲུག་ཅུ་ལས་ལྷག་པར་མི་གནས་ཏེ་དྲུག་ཅུའི་ཆས་ཐོབ་པ་ནི་ཆུ་ཚོད་ཀྱི་ཕུང་པོར་གཞུག་གོ། །ཆུ་ཚོད་རྣམས་ཀྱང་དེ་བཞིན་དུ་རྒྱུ་སྐར་གྱི་ཕུང་པོར་གཞུག་གོ། །སྐར་མ་ནི་ལས་གཉིས་ལ་ཕྱེད་དང་

བཅས་པའི་བཅུ་གསུམ་པས་ལྷག་པར་མི་གནས་ཤིང་ཁྱིམ་དྲུག་ཏུ་གནས་སོ་ཞེས་བྱ་བ་ནི་ངེས་པའོ། །ད་ནི་མིག་དམར་དག་པ་གསུངས་པ་མིག་དམར་ལ་ནི་ཕྱེད་བཅས་དགུ་སྦྱང་ཞེས་པ་སྟེ། འདིར་མིག་དམར་གྱི་སྐར་མ་ལ་སོགས་པའི་ལོངས་སྤྱོད་ཐ་དད་དུ་བྱས་ཏེ་མིག་དམར་གྱི་ལོངས་

སྤྱོད་གཅིག་ལ་སྐྱེ་བའི་རྐང་པ་གཟུང་བའི་དོན་དུ་སྐར་མ་དགུ་སྦྱང་བར་བྱའོ། །ཕྱེད་བཅས་ཞེས་པ་ནི་ཆུ་ཚོད་སུམ་ཅུ་ཆུ་ཚོད་ཀྱི་གནས་ནས་སྦྱང་བར་བྱའོ། །ཐ་སྐར་ལ་སོགས་པའི་སྐར་མའི་ལོངས་སྤྱོད་ལ་གལ་ཏེ་བུ་ལོན་ལྷག་ན་འཁོར་ལོ་བསྲེས་ལ་རྣམ་པར་སྦྱང་ཞེས་པ་ནི། འདིར་

เล่ม ๑๐๒ · หน้า 79b

སྐར་མའི་ལོངས་སྤྱོད་ཐ་སྐར་ལ་སོགས་པ་ལ་གདོན་མི་ཟ་བར་བུ་ལོན་སྦྱང་བར་བྱ་སྟེ་གལ་ཏེ་བུ་ལོན་གྱི་ཕུང་པོ་ལྷག་པ་དང་བཅས་ཤིང་ལོངས་སྤྱོད་ཀྱི་ཕུང་པོ་དམན་པར་གྱུར་ན། དེའི་ཚེ་འཁོར་ལོ་བསྲེས་ལ་རྣམ་པར་སྦྱང་ངོ་། །འཁོར་ལོ་ནི་སྐར་མ་ཉི་ཤུ་རྩ་བདུན་གྱི་ཚོགས་ཏེ་དེ་དག་

བསྲེས་ལ་བུ་ལོན་རྣམ་པར་སྦྱང་ངོ་ཞེས་པའི་དོན་ཏོ། །འཁོར་ལོ་ཕྱེད་ནི་དོར་བར་བྱ་སྟེ་ཞེས་པ་ནི་འདིར་གལ་ཏེ་སྦྱངས་པའི་ལྷག་མ་འཁོར་ལོ་ཕྱེད་དུ་གྱུར་ན། དེའི་ཚེ་དོར་བར་བྱ་སྟེ་ཕྱེད་པས་ལྷག་པར་གྱུར་ནའང་འདིར་ལྷག་མ་གང་ཡིན་པ་ཕྱེད་པས་ལྷག་པར་གྱུར་ནའོ། །དོར་བའི་

ལྷག་མ་དེ་ནི་རིམ་པ་མིན་པར་འགྱུར་རོ། །གཟའ་ཐམས་ཅད་ཀྱི་དལ་བའི་ལས་ལ་རིམ་པ་མིན་པས་ནོར་དུ་འགྱུར་ཏེ་རིམ་པས་ནི་བུ་ལོན་ནོ། །སྐར་མ་དྲུག་ཅུས་བསྒྱུར་ཏེ་ཆུ་ཚོད་དག་དང་རབ་ཏུ་ལྡན་པར་གྱུར་པ་ཞེས་པ་ནི་ཆུ་ཚོད་ཀྱི་ཚོགས་ཀྱི་དོན་དུ་རྒྱུ་སྐར་གྱི་ཚོགས་དྲུག་ཅུས་བསྒྱུར་བར་

གྱུར་པ་ལ་འོག་ན་གནས་པའི་ཆུ་ཚོད་ཀྱི་ཚོགས་སྟེང་དུ་ལྡན་པར་འགྱུར་རོ། །འབྱུང་མེ་ཟླ་བས་བགོ་ཁྱིམ་གྱི་རྐང་པའི་དོན་དུ་ཆུ་ཚོད་ཀྱི་ཕུང་པོ་ལ་བརྒྱ་སུམ་ཅུ་རྩ་ལྔས་བགོ་སྟེ་གང་ཐོབ་པ་དེ་ཁྱིམ་གྱི་རྐང་པར་འགྱུར་རོ། །དལ་བའི་ལས་དག་ལ་ཡང་ནོར་དང་བུ་ལོན་དག་ནི་རིམ་པ་མིན་དང་རིམ་

པས་སོ། །གྲངས་བཞིན་དུ་རིག་པར་བྱའོ། །འདིར་ཁྱིམ་རྒྱུ་བའི་རྐང་པ་ནི་དེ་ཉིད་ཅེས་པ་སྐྱེ་བ་ནས་ཁྱིམ་དང་པོ་ལ་ཉི་ཤུ་རྩ་ལྔའོ། །གཉིས་པ་ལ་བཅྭ་བརྒྱད་དོ། །གསུམ་པ་ལ་རི་ཞེས་པ་བདུན་ཏེ། ཁྱིམ་སྔ་མ་གསུམ་ལའོ། དེ་ནས་འཁོར་ལོ་ཕྱེད་ཀྱི་ཕྱེད་གཞན་ལ་ནི་ཁྱིམ་བཞི་པ་ལ་

བདུན་ནོ། །ལྔ་པ་ལ་བཅྭ་བརྒྱད་དོ། །དྲུག་པ་ལ་ཉི་ཤུ་རྩ་ལྔའོ། །རབ་ཏུ་གསལ་བར་རོ་རྐང་འཁོར་ལོ་ཕྱེད་ལ་སྟེང་དང་འོག་ཏུ་སྟེ་ཞེས་པའོ། །ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ལས་ཞེས་པ་ནི། ཆུ་ཚོད་ཀྱི་ཚོགས་ལས་བརྒྱ་སུམ་ཅུ་རྩ་ལྔའི་ཆས་ཐོབ་པ་ནི་ཁྱིམ་གྱི་ལོངས་སྤྱོད་དུ་འགྱུར་

ཏེ། དེ་ཉིད་རྐང་པ་དྲུག་གི་ནང་ནས་རྐང་པའོ། །དེ་ནས་གཉིས་པ་ནི་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་དེ། ལོངས་སྤྱོད་ལྷག་མ་དེས་ཆུ་ཚོད་ལྷག་མ་བསྒྱུར་བ་ལས་མདའ་དང་ཡོན་ཏན་ཟླ་བས་འཁོར་ལོ་ཕྱེད་ལས་ཆ་ཐོབ་པ། ལོངས་སྤྱོད་ཀྱིས་ཆུ་ཚོད་བསྒྱུར་བའི་ཕུང་པོ་ལས་བརྒྱ་སུམ་ཅུ་

เล่ม ๑๐๒ · หน้า 80a

རྩ་ལྔའི་ཆས་ཐོབ་པ་ནི་སྔ་མ་ཕྱེད་ལ་གཟུང་བྱར་འདོད་དེ། རྐང་པའི་དབང་གིས་ཞེས་པ་ནི་གཟའ་ཕྱེད་ཕྱི་མར་མ་བགྲོད་ཀྱི་བར་དུའོ། །དེའི་འོག་ཏུ་དེ་བཞིན་ཕྱི་མ་ཕྱེད་ལ་དོར་བྱར་འགྱུར་ཞེས་པ་ནི་ལོངས་སྤྱོད་དེ་ཉིད་ཕྱེད་ཕྱི་མ་ལ་དོར་བྱར་འགྱུར་རོ། །ཟོས་པ་ཚོགས་གཅིག་བྱས་

ནས་ཞེས་པ་ནི་སྔ་མ་ཕྱེད་ལ་གནས་པ་ལ་གཟའ་རྣམས་ཀྱིས་ཁྱིམ་གྱི་དབང་གིས་རྐང་པ་ཟོས་པ་གང་ཡིན་པ་དེ་དག་ཚོགས་གཅིག་ཏུ་བྱས་པ་དང་། ཕྱི་མ་ཕྱེད་ལ་སྔ་མ་དང་ཕྱི་མ་ཟོས་པ་དོར་ནས་མ་ཟོས་པ་ཚོགས་གཅིག་ཏུ་བྱས་ཏེ། གཟའ་ཡི་བགྲོད་པའི་དབང་གིས་སྦྱིན་དང་དོར་བདག་ཀྱང་

ཆུ་ཚོད་ལའོ་ཞེས་པ་ལ་གཟའ་རྣམས་ཀྱི་བགྲོད་པ་ནི་རིམ་པ་མིན་པ་དང་རིམ་པ་སྟེ། དེའི་དབང་གིས་སྦྱིན་པ་དང་དོར་བ་ནི། རིམ་པ་མིན་པའི་དབང་གིས་སྦྱིན་པ་དང་རིམ་པའི་དབང་གིས་དོར་བའོ། །ཆུ་ཚོད་ལའོ་ཞེས་པ་ནི་ཆུ་ཚོད་ཀྱི་ཕུང་པོ་དང་གཟའི་ལོངས་སྤྱོད་སྐར་མའི་ཕུང་པོ་ལའོ་ཞེས་བྱ་བ་ནི་བཀྲ་

ཤིས་ལ་སོགས་པ་རྣམས་ཀྱི་དལ་བའི་ལས་ཐམས་ཅད་ལ་ངེས་པ་སྟེ་ཁྱིམ་གྱི་ལས་ཀྱི་ཆོ་ག་སྐྱེ་བའི་རྒྱུ་བ་དག་པའོ། །ད་ནི་མྱུར་བའི་ལས་ཀྱི་ཆོ་ག་གསུངས་པ་དེ་ནས་ཉི་མས་སྐྱེས་རྣམ་པར་སྦྱང་སྟེ་བླ་མ་ཉི་སྐྱེས་དག་ཀྱང་མྱུར་བའི་ལས་ལའོ་ཞེས་པ་སྟེ། དེ་ནས་ནི་དེ་མ་ཐག་ཉིད་ལའོ། །སླར་ཡང་

ཁྱིམ་གྱི་ལས་ཀྱིས་རྣམ་པར་དག་པའི་གཟའི་ལོངས་སྤྱོད་ཀྱིས་ཉི་མའི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །ཉི་མར་ས་སྐྱེས་རྣམ་པར་སྦྱང་སྟེ་ཞེས་པ་ནི་དལ་བའི་ལོངས་སྤྱོད་ཉི་རྐང་དང་བྲལ་བ་ལས་ཏེ་གཟའི་ལོངས་སྤྱོད་ཐ་དད་དུ་བྱས་ནས་སོ། །དེ་ནས་ཞེས་པ་སྟེ་བླ་མ་ཡང་སྦྱང་བར་བྱ་ཞིང་ཉི་སྐྱེས་སྤེན་

པ་ཡང་སྦྱང་བར་བྱ་སྟེ་ཀྱང་གི་སྒྲས་མིག་དམར་ཇི་ལྟ་བ་བཞིན་དུའོ། །གང་ལ་ཞེན་མྱུར་བའི་ལས་ལའོ། །དེ་བཞིན་དུ་ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་ལ་གཟའ་ལག་གི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། །དཀར་པོ་ལ་ཡང་སྟེ་དཀར་པོའི་ལོངས་སྤྱོད་ལ་ཡང་དཀར་པོའི་ལོངས་སྤྱོད་

ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། །འདིར་གཟའ་མ་ཐོན་པོས་གཟའ་དམའ་མོ་ལ་རྣམ་པར་སྦྱང་ངོ་ཞེས་པ་ནི་ངེས་པ་སྟེ་དེས་ན་ཟླ་སྐྱེས་དང་དཀར་པོ་ལ་ཡང་ཉི་མས་སྦྱང་བར་བྱའོ། །མྱུར་བའི་ལས་ལ་ངེས་པར་རིམ་པས་ནོར་དུ་འགྱུར་ཞེས་པ་ནི་འདིར་མྱུར་བའི་ལས་ཏེ་མྱུར་བའི་བྱ་བ་ལ་རིམ་

เล่ม ๑๐๒ · หน้า 80b

པས་ནོར་དུ་འགྱུར་རོ། །ངེས་པར་ཞེས་པ་གདོན་མི་ཟ་བར་རོ། །རིམ་པ་མིན་པས་བུ་ལོན་དུ་འགྱུར་རོ། །གཟའ་མཐོན་པོའི་ལོངས་སྤྱོད་དག་པའི་ལྷག་མ་ལས་འཁོར་ལོ་ཕྱེད་ཡོངས་སུ་དོར་ཏེ་སྦྱངས་པའི་ལྷག་མ་ནི་འདིར་རྐང་པའོ། །གཟའ་མཐོན་པོའི་ལོངས་སྤྱོད་རྣམ་པར་དག་པའི་ལྷག་

མའི་སྐར་མ་ནི་གཟའ་རྣམས་ཀྱི་ཉིན་ཞག་གི་ལོངས་སྤྱོད་ཀྱི་དབང་གིས་རྒྱུ་བའི་སྐར་མར་འགྱུར་རོ། །དེ་ཉིད་གཟའ་རྒྱུ་བའི་རྐང་པ་སྟེ་ཆུ་ཚོད་དུ་མའི་བདག་ཉིད་ཅན་ནོ། །གཟའ་རྒྱུ་རྐང་པའི་ཆུ་ཚོད་དེ་དག་རྣམས་ཀྱིས་ལྷག་མའི་ཆུ་ཚོད་བསྒྱུར། །དྲུག་ཅུའི་ཆ་ཡིས་ཐོབ་པ་གཟའ་རྒྱུ་རྐང་པ་

དག་ལས་གཟུང་བྱ་དང་ནི་དབྲོག་བྱ་དེ་བཞིན་ཉིད་ཅེས་པ་ནི་སྔ་མ་བཞིན་དུ་ཕྱེད་སྔ་མ་ལ་གཟུང་བར་བྱ་བ་དང་ཕྱེད་ཕྱི་མ་ལ་དབྲོག་པར་བྱ་བའོ། །ཟོས་པ་དག་ནི་ཚོགས་གཅིག་བྱས་ནས་གཟའ་ཡི་བགྲོད་པའི་དབང་གིས་སྦྱིན་དང་དོར་བ་མཐའ་དག་སྟེ་ཞེས་པ་ནི་འདིར་མྱུར་བའི་ལས་ལ་རིམ་

པས་སྦྱིན་པ་དང་རིམ་པ་མིན་པས་དོར་བ་སྟེ་ཕྱེད་སྔ་མ་ལ་ཟོས་པའི་ཚོགས་དང་ཕྱེད་ཕྱི་མ་ལ་མ་ཟོས་པའི་ཚོགས་ནི་སྔ་མ་བཞིན་ནོ། །ས་སྐྱེས་ལ་ནི་རྐང་པ་རྒྱལ་བ་སོགས་ཏེ་ཞེས་པ་ལ་རྒྱལ་བ་ནི་ཉི་ཤུ་རྩ་བཞིའོ། །དེ་དག་ཀྱང་དང་པོ་ལ་གནས་པ་སྟེ་མ་ནུའི་གནས་གནས་བཅུ་བཞི་ལ་

གནས་པའི་རྐང་པ་བཅུ་བཞི་པོ་གང་དག་གི་གནས་དང་པོ་ལའོ། །ས་སྐྱེས་ལ་དེ་ལ་སོགས་པའི་རྐང་པ་ནི་རྐང་པ་རྒྱལ་བ་སོགས་ཏེ་རབ་གསལ་མ་ནུའི་གནས་རྒྱུ་སྐར་གྱི་གནས་བཅུ་བཞི་ལ་མཐའ་དག་གཞག་པར་བྱ་སྟེ། དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི་ནི་རིམ་པར་ཡོངས་སུ་བརྩི་བར་

རིག་པར་བྱའོ་མིའི་དབང་ཞེས་སོ། །ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་དང་དཀར་པོ་ལས་ཉི་མས་རྣམ་པར་དག་པ་ནི་ཟླ་བའི་བུ་གཟའ་ལག་ཏུ་འགྱུར་ཞིང་། དཀར་པོ་ལས་རྣམ་པར་དག་པར་གྱུར་པ་ནི་དཀར་པོར་འགྱུར་ཏེ། ཟླ་སྐྱེས་དང་དཀར་པོའི་ལོངས་སྤྱོད་ལས་སོ། །བཀྲ་ཤིས་

རྣམ་པར་དག་པའོ། །ད་ནི་གཟའ་ལག་གསུངས་པ་སྟོང་དང་ནམ་མཁའ་ཟླ་བས་བསྒྱུར་བའི་མཐའ་དག་ཉིན་ཞག་ཚོགས་ལ་ཞེས་པ་སྟེ། སྔར་རྣམ་པར་དག་པའི་ཉིན་ཞག་གི་ཚོགས་མཐའ་དག་བརྒྱས་བསྒྱུར་བ་ནི་སྟོང་དང་ནམ་མཁའ་ཟླ་བས་བསྒྱུར་བའོ། །མེ་དང་ཉི་མ་རི་ཡིས་

เล่ม ๑๐๒ · หน้า 81a

དམན་ཞེས་པ་ནི་བརྒྱས་བསྒྱུར་བའི་ཉིན་ཞག་གི་ཚོགས་དེ་ཉིད་བདུན་སྟོང་བརྒྱ་ཉི་ཤུ་རྩ་གསུམ་གྱིས་དམན་པའོ། །རི་ནས་བུག་པ་རི་དང་ཀླུ་ཡིས་བགོ་སྟེ་ཞེས་པ་ལ་རི་ནས་ནི་བདུན་ནས་ཏེ་བུག་པ་རི་དང་ཀླུ་ཞེས་པ་ནི་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་ཏེ་རང་གི་རྐང་པའི་

དཀྱིལ་འཁོར་གྱི་ཉིན་ཞག་རི་ནས་བུག་པ་རི་དང་ཀླུ་དེ་དག་གིས་བགོ་སྟེ་རྣམ་པར་དབྱེའོ། །སླར་ཡང་ལྷག་མ་སྐར་མ་ལ་སོགས་དབྱེ་བས་བསྒྱུར་ཞེས་པ་ནི་དཀྱིལ་འཁོར་གྱི་ཉིན་ཞག་གི་ཆའི་ལྷག་མའི་ཉིན་ཞག་གི་ཚོགས་སླར་ཡང་བསྒྱུར་ཏེ་སྐར་མ་ལ་སོགས་དབྱེ་བ་ཉི་ཤུ་རྩ་བདུན་གྱིས་

བསྒྱུར་རོ། །སོགས་པའི་སྒྲས་སླར་ཡང་དཀྱིལ་འཁོར་གྱི་ཆའི་ལྷག་མ་དྲུག་ཅུས་བསྒྱུར་ཏེ་དེ་བཞིན་དུ་ཆུ་སྲང་རྣམས་ཀྱིས་བསྒྱུར་ཞིང་དབུགས་དྲུག་གིས་བསྒྱུར་རོ། །རབ་བརྗོད་དཀྱིལ་འཁོར་གྱི་ཉིན་ཞག་གི་ཆ་ཡིས་ཐོབ་པ་ནི་སྐར་མར་འགྱུར་རོ། །སླར་ཡང་ཆུ་ཚོད་ཀྱི་གནས་སུ་ཆུ་

ཚོད་དེ། དེ་བཞིན་དུ་ཆུ་སྲང་དང་དབུགས་ནི་ཐོབ་པའོ། །ཟླ་སྐྱེས་ལོངས་སྤྱོད་དེ་རྐང་པའི་ལོངས་སྤྱོད་དག་ཏུ་འགྱུར་རོ། །ཟླ་སྐྱེས་དོར་ཏེ་ཉི་མའི་དབུས་ནས་མི་བདག་བཟང་པོ་མི་བདག་སྐར་མ་ཕྱེད་ཀྱང་ཡང་དག་སྤང་ཞེས་པ་ནི་རི་ལ་སོགས་པའི་དཀྱིལ་འཁོར་གྱིས་ཐོབ་པ་ཟླ་སྐྱེས་ཀྱི་ལོངས་སྤྱོད་

གང་ཡིན་པ་དེ་དག་མྱུར་བའི་ལས་ལ་རྣམ་པར་དག་པའི་དོན་དུ་དོར་ཏེ། དེ་ནས་ཉི་མའི་དབུས་ནས་ཀྱེ་མི་བདག་བཟང་པོ་མི་བདག་སྟེ་བཅུ་དྲུག་དང་སྐར་མ་ཕྱེད་ཀྱང་ཞེས་པ་ཆུ་ཚོད་སུམ་ཅུ་ཉི་མའི་ཆུ་ཚོད་ཀྱི་ལོངས་སྤྱོད་ལས་སོ། །ཅི་སྟེ་བུ་ལོན་དག་པར་མ་གྱུར་ན་དེའི་ཚེ་རྒྱུ་སྐར་གྱི་འཁོར་ལོ་རབ་

ཏུ་བསྲེས་ནས་བུ་ལོན་རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བ་ནི་སྔ་མའི་ངེས་པ་ལས་སོ། །ལྷག་མའི་བྱ་བ་ནོར་དང་བུ་ལོན་དལ་དང་མྱུར་བའི་ལས་ཀྱང་མིག་དམར་ཇི་ལྟ་བཞིན་དུ་འགྱུར་ཞེས་པ་ནི་གོ་སླའོ། །ཟླ་སྐྱེས་རྐང་པ་དལ་བའི་ལས་ལ་བཅུ་རི་མེ་སྟེ་ཞེས་པ་ལ་ཟླ་སྐྱེས་གཟའ་ལག་སྟེ། དལ་བའི་

ལས་ལ་ནི་ཁྱིམ་གྱི་ལས་ལ་སྔ་མ་དང་ཕྱི་མའི་གནས་དྲུག་ལ་ཁྱིམ་གྱི་གནས་དང་པོ་ལ་བཅུའོ། །ཁྱིམ་གྱི་གནས་གཉིས་པ་ལ་རི་ཞེས་པ་བདུན་ནོ། །ཁྱིམ་གྱི་གནས་གསུམ་ལ་མེ་ཞེས་པ་གསུམ་སྟེ་ཕྱེད་སྔ་མ་ལའོ། །དེ་ནས་ཕྱེད་ཕྱི་མ་ལ་ཁྱིམ་གྱི་གནས་བཞི་པ་ལ་གསུམ་མོ། །ཁྱིམ་གྱི་

เล่ม ๑๐๒ · หน้า 81b

གནས་ལྔ་པ་ལ་བདུན་ནོ། །ཁྱིམ་གྱི་གནས་དྲུག་པ་ལ་བཅུ་སྟེ་བཅུ་རི་མེ་ནི་དལ་བའི་ལས་ལ་རྐང་པའོ། །མྱུར་བའི་ལས་ཏེ་རྒྱུ་སྐར་གྱི་ལས་ལ་མི་བདག་ལ་སོགས་ནི་བཅུ་དྲུག་ལ་སོགས་པ་སྟེ་གནས་བཅུ་བཞི་ལ་རྐང་པ་བཅུ་བཞིར་འགྱུར་རོ། །དེ་དག་ཀྱང་འཆད་པར་འགྱུར་བ་ལས་

བརྗོད་པར་བྱའོ། །གཟའ་ལག་ཡོངས་སུ་དག་པའོ། །ད་ནི་ཕུར་བུ་གསུངས་པ་ཉིན་ཞག་ཚོགས་ནི་མཁའ་མཁའ་རོ་དང་མིག་གིས་དམན་པ་བྱས་ནས་ཞེས་པ་སྟེ། ཉིན་ཞག་ཚོགས་ནི་སྔར་གྱི་ཉིན་ཞག་གི་ཚོགས་ཏེ་བརྒྱ་ཕྲག་ཉི་ཤུ་རྩ་དྲུག་གིས་དམན་པ་བྱས་ནས་སོ། །མཁའ་

མཁའ་རོ་དང་མིག་གིས་དམན་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་པ་མ་ཡིན་ནོ། །སོ་མེ་ཆུ་གཏེར་དག་གིས་བགོ་ཞེས་པ་ནི་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་ཀྱིས་བགོ་བའོ། །ལྷག་མ་ནི་བགོས་པའི་ལྷག་མ་སྟེ་སྐར་མས་བསྣུན་པ་ནི་ཉི་ཤུ་རྩ་བདུན་གྱིས་བསྒྱུར་

བ་ལས་དཀྱིལ་འཁོར་གྱི་ཆས་སྐར་མར་འགྱུར་རོ། །སླར་ཡང་སྔར་བརྗོད་པའི་རིམ་པས་བླ་མའི་ལོངས་སྤྱོད་ལ་ཡང་ཆུ་ཚོད་ལ་སོགས་པར་འགྱུར་རོ། །རྒྱུ་སྐར་ཉི་མ་སྦྱང་སྟེ་ཞེས་པ་ནི་ཕུར་བུའི་ལོངས་སྤྱོད་འདི་ལས་སྐར་མ་བཅུ་གཉིས་སྦྱང་བར་བྱ་སྟེ་བྱ་བ་ལྷག་མ་ནི་མིག་དམར་བཞིན་ནོ། །

འཕྲོག་བྱེད་དགུ་དང་རྩེ་མོ་ཅན་ནི་དལ་བའི་ལས་ལ་རྐང་པའོ་ཞེས་པ་ནི་སྔར་བཞིན་དུ་ཁྱིམ་གྱི་གནས་དྲུག་ལ་སྟེ་འཕྲོག་བྱེད་ཅེས་པ་བཅུ་གཅིག་གོ། །དེ་ནས་དགུའོ། །དེ་ནས་རྩེ་མོ་ཅན་ཞེས་པ་གསུམ་སྟེ་དེ་བཞིན་དུ་ཕྱེད་ཕྱི་མ་ལས་ང་ལུགས་ལས་བཟློག་པས་སོ། །སླར་ཡང་མྱུར་བའི་

ལས་དག་ལ་རྐང་པ་རབ་གསལ་མ་ནུའི་གནས་ཏེ། གནས་བཅུ་བཞི་ལ་ཕྱོགས་རྐང་ལ་སོགས་དེ་དག་གོ་ཞེས་པ་ལ་ཕྱོགས་ཞེས་པ་བཅུ་ལ་སོགས་པ་སྟེ། རྒྱུ་སྐར་རྒྱུ་བའི་རྐང་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ཕུར་བུ་དག་པའོ། །ད་ནི་པ་སངས་གསུངས་པ་ཉིན་ཞག་

མཁའ་དང་ཟླ་བས་བསྒྱུར་ཞེས་པ་སྟེ་བཅུས་ཉིན་ཞག་གི་ཚོགས་བསྒྱུར་ནས་ཆུ་གཏེར་ནོར་གྱིས་དམན་པ་ཞེས་པ་བརྒྱད་ཅུ་རྩ་བཞིས་དམན་པར་བྱས་ཏེ། རི་དང་རྒྱལ་བ་མིག་གིས་བགོ་ཞེས་པ་ནི་རྐང་པའི་དཀྱིལ་འཁོར་གྱི་ཉིན་ཞག་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་གྱིས་ཏེ་མྱུར་བའི་

เล่ม ๑๐๒ · หน้า 82a

རྐང་པ་དག་པའི་དོན་དུའོ། །ལྷག་མ་སྐར་མས་བསྒྱུར་བ་ལས་ཀྱང་སྐར་མའི་ལོངས་སྤྱོད་སླར་ཡང་ཆུ་ཚོད་ཀྱི་ལོངས་སྤྱོད་མིག་དམར་བཞིན་ཏེ་དེ་བཞིན་དུ་ཆུ་སྲང་ལ་སོགས་པའི་ལོངས་སྤྱོད་ནི་མྱུར་བའི་ལས་ལ་སྟེ་བས་ངས་ཀྱི་ཡིན་ནོ། །པ་སངས་ཀྱི་དལ་བའི་ལས་ལ་ཡང་

རྒྱུ་སྐར་དུས་ནི་ཞེས་པ་རྒྱུ་སྐར་དྲུག་གོ། །ཉི་མ་ལ་སྤྱང་ཞེས་པ་ཉི་མའི་ལོངས་སྤྱོད་ལ་སྟེ་ཐམས་ཅད་དུ་ལྔ་པའི་དོན་ལ་བདུན་པར་རིག་པར་བྱའོ། །མདའ་དུས་རི་བོང་ཅན་ནི་དལ་བའི་ལས་ལ་རྐང་པ་སྟེ་ཞེས་པ་ནི་སྔ་མ་བཞིན་དུ་ཁྱིམ་གྱི་གནས་དྲུག་ལ་མདའ་ཞེས་པ་ལྔའོ། དུས་ཞེས་

པ་བཞིའོ། །རི་བོང་ཅན་ཞེས་པ་གཅིག་སྟེ་ཕྱེད་སྔ་མ་ལའོ། །དེ་བཞིན་དུ་ཕྱེད་ཕྱི་མ་ལ་ལུགས་ལས་བཟློག་པས་སོ། །མྱུར་ལ་སྟེ་མྱུར་བའི་ལས་ལ་དེ་ཉིད་ལ་སོགས་དབྱེ་བས་ཞེས་པ་ནི་ཉི་ཤུ་རྩ་ལྔ་ལ་སོགས་པའི་དབྱེ་བས་ཏེ་དེ་ཉིད་ལ་སོགས་དབྱེ་བས་ཞེས་སོ། །རབ་གསལ་

མ་ནུའི་གནས་དག་ལ་སྟེ་ཞེས་པ་རྒྱུ་སྐར་གྱི་རྐང་པའི་གནས་བཅུ་བཞི་ལའོ། །སྦྱིན་དོར་མིག་དམར་བཞིན་ཞེས་པ་ནི་བཀྲ་ཤིས་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱུ་བའི་རྐང་པ་སྦྱིན་པ་དང་དོར་བར་ཡང་འགྱུར་རོ། །པ་སངས་དག་པའོ། །ད་ནི་སྤེན་པ་གསུངས་པ་མཁའ་མིག་ཀླུ་དང་རིག་བྱེད་ཀྱིས་

དམན་གསང་བའི་ཉིན་ཞག་ཚོགས་ནི་ཞེས་པ་སྟེ། སྔར་གྱི་ཉིན་ཞག་གི་ཚོགས་གསལ་བ་ལ་བཞི་སྟོང་བརྒྱད་བརྒྱ་ཉི་ཤུས་དམན་པ་སྟེ་དམན་པ་ཞེས་པ་ནི་བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་པ་མ་ཡིན་ནོ། །དྲུག་རོ་རི་མཁའ་ཟླ་བ་ཡིས་བགོ་ཞིང་ཞེས་པ་ནི་དཀྱིལ་

འཁོར་གྱི་ཉིན་ཞག་ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གིས་བགོ་བའོ། །ལྷག་མ་སྐར་མས་བསྒྱུར་བ་ལས་དཀྱིལ་འཁོར་གྱི་ཉིན་ཞག་གི་ཆས་ཐོབ་པ་ནི་སྐར་མར་འགྱུར་ཏེ་དེ་བཞིན་དུ་ཆུ་སྲང་ལ་སོགས་པའི་ལོངས་སྤྱོད་དུ་འགྱུར་རོ། །སྤེན་པ་ཡི་ནི་དོར་བྱ་དག་ཀྱང་བཅྭ་བརྒྱད་དོ་ཞེས་པ་ནི་སྤེན་

པའི་ལོངས་སྤྱོད་ལས་རྒྱུ་སྐར་བཅྭ་བརྒྱད་དོར་བར་བྱ་བར་འགྱུར་རོ། །བུ་ལོན་ལྷག་ན་འཁོར་ལོ་བྱིན་ནས་སྦྱང་བར་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་སྔ་མའི་ངེས་པ་སྟེ་སྐྱེ་བའི་སྐར་མ་རྒྱུ་བའི་དོན་དུའོ། །འདིའི་དལ་བའི་ལས་ལ་རྐང་པ་ཉི་ཤུ་རྩ་གཉིས་ཚེས་དུས་ཞེས་པ་ནི་ཁྱིམ་གྱི་གནས་དྲུག་

เล่ม ๑๐๒ · หน้า 82b

ལ་རྐང་པ་རྣམས་ཏེ་ཁྱིམ་དང་པོ་ལ་ཉི་ཤུ་རྩ་གཉིས་སོ། །དེ་ནས་ཚེས་ཞེས་པ་བཅོ་ལྔའོ། །དེ་ནས་དུས་ཞེས་པ་དྲུག་གོ། །དེ་བཞིན་དུ་ཕྱེད་ཕྱི་མ་ལ་ཡང་ཤེས་པར་བྱ་སྟེ་རབ་གསལ་རོའི་གནས་ལའོ་ཞེས་གསུངས་པའི་ཕྱིར་རོ། །མྱུར་བའི་ལས་ལ་རོ་ལ་སོགས་ཞེས་པ་ནི་མྱུར་བ་སྟེ་རྒྱུ་

སྐར་གྱི་ལས་ལ་གནས་བཅུ་བཞིར་རོ་ལ་སོགས་པ་ནི་དྲུག་ལ་སོགས་པའི་རྐང་པ་རྣམས་སྦྱིན་པ་དང་དོར་བའོ། །དེ་དག་ཀྱང་འཆད་པར་འགྱུར་བ་ལ་བརྗོད་པར་བྱ་སྟེ། གཟའི་རྐང་པའི་ཚོགས་ལ་རྣམ་པ་ཐམས་ཅད་དུ་སྤེན་པ་དག་པའོ། །ད་ནི་རྒྱུ་བའི་མཚན་ཉིད་གསུངས་པ་མྱུར་དལ་

རྒྱུ་བ་དག་ཀྱང་རིམ་པས་རྐང་པ་བགྲོད་པ་ལ་སྟེ་ཞེས་པ་ནི་མྱུར་བའི་ལས་ལ་ཉི་མའི་དཀྱིལ་འཁོར་ལས་ཤར་བའི་གཟའི་རྐང་པ་བཅུ་བཞིའི་ཆུ་ཚོད་ཕྱེད་སྔ་མ་ལོངས་སྤྱོད་པ་ནི་མྱུར་བར་རྒྱུ་བ་ཞེས་བརྗོད་དོ། །རིམ་པས་རྐང་པ་བགྲོད་པར་བྱེད་པའི་ཕྱིར། རིམ་པས་རྐང་པ་བགྲོད་པ་ལ་

སྟེ། ཕྱེད་ཕྱི་མ་ལ་གང་ཞིག་ལོངས་སྤྱོད་པ་དེ་ནི་དལ་བར་རྒྱུ་བ་ཞེས་བརྗོད་དོ། །འཁྱོག་པོ་ཉིད་ནི་རིམ་མིན་གྱིས་ཞེས་པ་ནི་དེ་ནས་འཁོར་ལོ་ཕྱེད་ཡོངས་སུ་དོར་བ་ལ་གཟའི་རིམ་པ་མིན་པར་འགྱུར་རོ། །རིམ་པ་མིན་པ་དེ་ཡང་འཁྱོག་པོར་རྒྱུ་བ་ཞེས་བརྗོད་དེ་ཕྱེད་སྔ་མ་ལའོ། །ཕྱེད་

ཕྱི་མར་ཡང་ཉི་མ་འགྲོ་བའི་དབང་གིས་གཟའ་རྣམས་ཀྱིས་ནི་འབྱུང་བ་ཡང་ཞེས་པ་འབྱུང་བར་རྒྱུ་བ་ཞེས་བརྗོད་དེ་འཁྱོག་པོ་ཡོངས་སུ་བཏང་བ་ལས་སོ། །འདིར་ཤར་ནས་རིམ་པར་བགྲོད་པ་ལ་ཕྱེད་སྔ་མའི་བར་དུ་ནོར་འཕེལ་ལོ། །དེ་ནས་ཕྱེད་ཕྱི་མ་ལ་འཁོར་ལོ་ཕྱེད་ཀྱི་བར་དུ་ནོར་

འགྲིབ་བོ། །དེ་ནས་འཁོར་ལོ་ཕྱེད་ཡོངས་སུ་དོར་ནས་རིམ་པ་མིན་པས་ཕྱེད་སྔ་མ་ལ་བུ་ལོན་འཕེལ་ལོ། །ཕྱེད་ཕྱི་མ་ལ་ཉི་མའི་རྒྱུ་སྐར་ལ་རབ་ཏུ་ཞུགས་ཀྱི་བར་དུ་བུ་ལོན་འགྲིབ་བོ། །དེ་ནས་ནུབ་སྟེ་སླར་ཡང་འཆར་བ་ནི་རིམ་པ་དེ་ཉིད་ཀྱིས་རིག་པར་བྱའོ། །སུམ་ཅུ་རྩ་བདུན་ལག་

པས་བསྒྱུར་བའི་ཟླ་བ་རྣམས་ཀྱིས་མཇུག་རིངས་དག་ནི་མྱུར་དང་འཁྱོག་པོར་འགྱུར་ཞེས་པ་འདིར་མཇུག་རིངས་མདོར་བསྟན་པའི་རྐང་པ་འདི་ནི་འཆད་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་བྱའོ། །གཟའི་སྐབས་སོ། །ད་ནི་གཟའ་རྣམས་ཀྱི་འཆར་བ་དང་ནུབ་པའི་དུས་གསུངས་པ་

เล่ม ๑๐๒ · หน้า 83a

གང་དག་སུ་ཞིག་ཉི་མའི་ལོངས་སྤྱོད་ལ་ནི་ར་བཞུགས་གཟའ་དེ་དག་ཀྱང་ངེས་པར་ནུབ་པར་འགྱུར་ཞེས་པ་སྟེ། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་གྱིས་མི་མཐོང་བའི་ཕྱིར་ནུབ་པར་གྱུར་པ་ཞེས་བརྗོད་ཀྱི་གཟའ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །ཉི་མ་བཏང་ནས་

འཆར་བར་འགྱུར་ཏེ་ཞེས་པ་ནི་ནུབ་པར་གྱུར་པའི་གཟའ་དེ་ཉིད་ཀྱིས་རང་གི་རྒྱུ་བའི་དབང་གིས་ཉི་མ་བཏང་བར་གྱུར་པ་ན་འཆར་བར་འགྱུར་ཏེ་ཉི་མའི་འོད་ཟེར་གྱིས་ཡོངས་སུ་བཏང་བའི་ཕྱིར་རོ། །དེའི་ལམ་ཡང་བགྲོད་པ་འགྲོ་བའི་རྣམ་པར་དབྱེ་བས་སོ་ཞེས་པ་ནི་འཆར་བའི་གཟའ་དེའི་ལམ་

ཡང་བགྲོད་པ་འགྲོ་བའི་རྣམ་པར་དབྱེ་བས་སོ། །བགྲོད་པ་དག་གི་རྣམ་པར་དབྱེ་བ་ནི་བགྲོད་པའི་རྣམ་པར་དབྱེ་བ་སྟེ་མེའི་དཀྱིལ་འཁོར་ནས་ཀཻ་ལཱ་ཤའི་བྱང་དུ་གངས་ཅན་གྱི་བར་དང་། གངས་ཅན་ནས་ལྷོར་མེའི་དཀྱིལ་འཁོར་གྱི་བར་དུ་ཕྱེད་དང་བཅས་པའི་ཉིན་ཞག་བརྒྱ་བརྒྱད་ཅུ་རྩ་གཉིས་

ཀྱི་རྣམ་པར་དབྱེ་བ་སྟེ་དེས་ཉི་མའི་བགྲོད་པ་འགྲོ་བའི་རྣམ་པར་དབྱེ་བའོ། །ཉི་མ་འགྲོ་བའི་རྣམ་པར་དབྱེ་བ་དེས་འཆར་བའི་གཟའ་དེ་དག་གི་ལམ་དུ་ཡང་འགྱུར་རོ། །གཡོན་པའི་ལམ་ལ་གནས་པ་གང་ཡིན་དེ་ནི་ཉི་མ་འགྲོ་བའི་དབང་གིས་གཡོན་ནས་འགྲོ་བ་སྟེ་ཞེས་པ་ནི་འདིར་གཡོན་གྱི་ལམ་

ལ་གནས་པ་ནི་ཞི་བའི་གཟའ་ཟླ་སྐྱེས་ལ་སོགས་པ་རྣམས་ཏེ། གཟའ་ལག་དང་པ་སངས་དང་མཇུག་རིངས་རྣམས་ནི་གཡོན་གྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ལ་ནུབ་པའི་དུས་སུ་ཡང་གཡོན་གྱི་ཡན་ལག་ནས་རབ་ཏུ་འཇུག་ཅིང་འཆར་བ་ཡང་གཡོན་

གྱི་ཡན་ལག་ནས་སོ། །དེའི་ཕྱིར་གཡོན་པའི་ལམ་ལ་གནས་པའི་གཟའ་གང་ཡིན་པ་དེ་ནི་དྲག་པོའི་གཟའ་རྣམས་ཀྱི་གཡོན་ནས་འགྲོ་སྟེ་ཉི་མའི་ཇི་ལྟ་བ་བཞིན་ནོ། །གཡས་ལ་གནས་པ་དག་ནི་གཡས་ཀྱིས་ཞེས་པ་ལ་འདིར་གཡས་ལ་གནས་པ་ནི་གང་ཞིག་གཡས་ཀྱི་ལམ་ནས་ཉི་མའི་

དཀྱིལ་འཁོར་ལ་ནུབ་པར་འགྱུར་བ་སྟེ་བཀྲ་ཤིས་དང་ཕུར་བུ་དང་སྤེན་པའོ། །དྲག་པོ་ནི་ཞི་བའི་གཟའ་རྣམས་ཀྱི་གཡས་ནས་འགྲོ་སྟེ་གཡས་ཀྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་རོ། །འདིར་མཇུག་རིངས་ནི་གཡོན་གྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་ལུས་ཀྱི་དབྱེ་བས་ཞི་བའོ། །

เล่ม ๑๐๒ · หน้า 83b

ཕུར་བུ་ནི་གཡས་ཀྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་ལུས་ཀྱི་དབྱེ་བས་དྲག་པོའོ། །དེ་བཞིན་དུ་སླར་ཡང་གསལ་བར་འདིར་ནི་ཕན་ཚུན་འཐབ་སྟེ་དགྲ་ཡིན་ཕྱིར་ཞེས་པ་ནི་ཞིབ་དང་དྲག་པོ་གཟའ་ལག་དང་བཀྲ་ཤིས་དག་དང་། ཕུར་བུ་དང་པ་སངས་དག་དང་། སྤེན་པ་དང་མཇུག་

རིངས་འདི་དག་ཕན་ཚུན་འཐབ་པར་འགྱུར་ཏེ་དགྲ་ཉིད་ཡིན་པའི་ཕྱིར་རོ། །རང་གི་ཞིང་ལ་ཡང་དག་གནས་རྣམས་གལ་ཏེ་དེ་ལ་དགྲ་དག་གྱུར་ན་ངེས་པར་འཐབ་པའོ་ཞེས་པ་ནི་མིག་དམར་གྱི་རང་གི་ཞིང་ལུག་གི་ཁྱིམ་དང་སྡིག་པའི་ཁྱིམ་སྟེ་ཞིང་དེ་ལ་མིག་དམར་ཡང་དག་པར་གནས་པ་དེའི་

ཚེ་གལ་ཏེ་ཞིང་དེ་ལ་གཟའ་ལག་ལོངས་སྤྱོད་པར་གྱུར་ན་དེའི་ཚེ་ངེས་པར་འཐབ་བོ། །དེ་བཞིན་དུ་གཟའ་ལག་གི་ཞིང་འཁྲིག་པ་དང་བུ་མོར་གལ་ཏེ་མིག་དམར་རྒྱུ་བའི་དབང་གིས་ལོངས་སྤྱོད་པར་གྱུར་པ་དེ་ལྟར་ན་ཡང་འཐབ་བོ། །དེ་བཞིན་དུ་ཕུར་བུའི་ཞིང་གཞུ་དང་ཉ་ལ་གལ་ཏེ་པ་སངས་གྱུར་ན་

དེའི་ཚེ་ཕུར་བུ་དང་པ་སངས་འཐབ་བོ། །དེ་བཞིན་དུ་པ་བ་སངས་ཀྱི་ཞིང་གླང་དང་སྲང་ལ་ཡང་ངོ་། །དེ་བཞིན་དུ་སྤེན་པའི་ཞིང་ཆུ་སྲིན་དང་བུམ་པ་ལ་གལ་ཏེ་མཇུག་རིངས་གྱུར་ན་དེའི་ཚེ་འཐབ་བོ། །དེ་བཞིན་དུ་རི་བོང་ཅན་གྱི་ཞིང་ཀཪྐ་ཊ་ལག་ལ་ཏེ་སྤེན་པ་གྱུར་ན་དེའི་ཚེ་མཇུག་རིངས་དང་ལྷན་

ཅིག་རྩོད་དོ། །མཇུག་རིངས་གཡོན་གྱི་ཡན་ལག་ཏུ་སྐྱེས་པའི་ཕྱིར་རོ། །སྐར་མ་ལ་སྟེ་གཞན་ལ་འཐབ་པ་མིན་པར་ཞེས་པ་ནི་འདིར་སླར་ཡང་གཟའ་རྣམས་ཀྱི་སྐྱེ་བའི་སྐར་མ་ལ་ལྟོས་ནས་སྐར་མ་ལའོ། །རང་གི་ཞིང་གི་ཁྱིམ་འབའ་ཞིག་ལ་འཐབ་པ་མ་ཡིན་ཏེ་སྐྱེ་བའི་སྐར་མ་ལ་ཡང་དགྲ་དག་

འཐབ་པར་འགྱུར་ཏེ་པ་སངས་སྐར་མ་ནབ་སོ་ལའོ། །བཀྲ་ཤིས་སྐར་མ་མཆུ་ལའོ། །ཕུར་བུ་སྐར་མ་མེ་བཞི་ལའོ། །གཟའ་ལག་སྐར་མ་ལྷ་མཚམས་ལའོ། །སྤེན་པ་སྐར་མ་སྣྲུབས་ལའོ། །མཇུག་རིངས་སྐར་མ་ཆུ་སྨད་ལའོ། །ཟླ་སྐྱེས་དང་བཀྲ་ཤིས་དག་རང་རང་གིས་སྐར་མ་ལ་

འཐབ་སྟེ། དེ་བཞིན་དུ་པ་སངས་དང་ཕུར་བུ་དག་དང་། སྤེན་པ་དང་མཇུག་རིངས་དག་གོ། །རང་རང་གི་སྐར་མ་མ་གཏོགས་པར་སྐར་མའམ་ཞིང་གཞན་ལ་འཐབ་པ་མིན་པར་འགྱུར་བར་ངེས་པ་ནི་གདོན་མི་ཟ་བའོ། །སྐར་མ་གཞན་ལ་ཕན་ཚུན་མཚུངས་པ་དག་ཏུ་ལྡན་པར་འགྱུར་རོ། །

เล่ม ๑๐๒ · หน้า 84a

དེ་བཞིན་དུ་ཟླ་བའི་རྭ་མཐོ་བ་ཡང་གལ་ཏེ་ཉི་མ་ཡི་ནི་གཡོན་དུ་ཟླ་བ་ཞུགས་པར་གྱུར་ཅིང་འབྱུང་བ་ཡང་ནི་གཡོན་པ་ཡིས་ཡིན་པར་གྱུར་ན་དེའི་ཚེ་བྱང་གི་རྭ་ནི་མཐོ་བར་འགྱུར་ཏེ་ཁ་ཅིག་ཏུ་ནི་བགྲོད་པའི་དབང་གིས་ལྷོ་རུ་སྟེ་ལྷོར་བགྲོད་པ་ལའོ། །མུ་གེ་དང་ཆར་མི་འབབ་པ་ལ་

སོགས་པའི་རྒྱུ་ལས་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །ད་ནི་སྒྲ་གཅན་རབ་ཏུ་འཇུག་པ་གསུངས་ཏེ་ཚིགས་མཚམས་སུ་ནི་ཉའི་མཚམས་སུ་སྟེ་ཡང་ཡིག་གིས་གནམ་སྟོང་གི་མཚམས་སུ་ཡང་ངོ་། །སྒྲ་གཅན་གདོང་དང་ཟླ་བ་མཉམ་པར་འགྲོ་སྟེ་མངོན་དུ་ཕྱོགས་པར་འཛིན་པ་ཁོ་ནར་འགྱུར་

རོ། །འདིར་མངོན་དུ་ཕྱོགས་པ་ནི་ཤར་དུ་འཛིན་པའོ། །དེ་ཉིད་སྒྲ་གཅན་འཁོར་བའི་དབང་གིས་ཤེས་པར་བྱ་སྟེ་བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པའི་ཕྱིར་འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པ་མ་མཛད་དོ། །གཡོན་དུ་རྒྱུ་བ་དག་ལ་གཡས་མིན་དུ་སྟེ་ཞེས་པ་ནི་གཡོན་

དུ་སྒྲ་གཅན་འཁོར་བ་ལ་གཡས་མིན་གཡོན་དུ་ཟླ་བ་འཛིན་པར་འགྱུར་རོ། །ཉི་མའི་བགྲོད་པའི་དབང་གིས་གཡས་ལ་གཡས་པའི་ཆར་ཞེས་པ་ནི་ཉི་མའི་ལོངས་སྤྱོད་ལས་བྱུང་བ་ཟླ་བའི་བགྲོད་པའི་དབང་གིས་ཏེ་ཉི་མའི་བགྲོད་པའི་དབང་གིས་ཞེས་སོ། །གཡས་ལ་སྟེ་གཡས་སུ་འཁོར་

བ་ལ་གཡས་སུ་ཟླ་བ་འཛིན་པར་འགྱུར་རོ། །དེ་ལྟར་སྒྲ་གཅན་གྱིས་ནི་ཕྱོགས་མཚམས་སུ་འཛིན་རི་བོང་འཛིན་པ་ཞེས་པ་ནི་དེ་ལྟར་བརྗོད་པའི་རིམ་པས་འཁོར་བའི་དབང་གིས་རི་བོང་འཛིན་པ་སྒྲ་གཅན་གྱིས་ཕྱོགས་མཚམས་སུ་འཛིན་ནོ། །འབྱུང་བ་དག་ནི་རྒྱབ་ཏུ་ཡང་། ཤར་ལ་སོགས་

པ་འཁོར་ནས་འབྱུང་བ་དག་ནི་ནུབ་ཏུ་འཁོར་བས་རྒྱབ་ཏུ་འཛིན་ནོ། །རྩ་བའི་རྒྱུད་དམ་གཞན་གྱི་བྱེད་པ་གཞན་ལ་ཡང་སྒྲ་གཅན་འཁོར་བ་ལ་སོགས་པ་ཤེས་པར་བྱའོ། །ད་ནི་རྒྱུ་སྐར་གྱི་འགོ་ལ་གསུངས་པ་ཐ་སྐར་ལ་སོགས་ནག་པ་ཕྱེད་དུ་ཉིན་དང་མཚན་མོ་མཉམ་པའི་དབུས་སུ་འགོ་

ལའི་རི་མོའོ། །ཐ་སྐར་ལ་སོགས་པ་ནག་པ་ཕྱེད་དང་ནག་པ་ཕྱེད་ལ་སོགས་པ་ནམ་གྲུའི་མཐར་ལུག་དང་སྲང་ལ་སོགས་པ་ཉིན་མཚན་མཉམ་པ་ལ་དབུས་སུ་ཉིན་མཚན་མཉམ་པའི་འགོ་ལའི་རི་མོ་སྟེ། ཉི་མ་འཆར་བ་དང་ནུབ་པའི་རྒྱུ་ལས་ཆུ་ཚོད་སུམ་ཅུ་སུམ་ཅུའི་བདག་ཉིད་ཅན་དུ་

เล่ม ๑๐๒ · หน้า 84b

འགྱུར་རོ། །འགོ་ལ་དེ་ཉིད་ནི་རྒྱུ་སྐར་གྱི་དབྱེ་བས་འགྱུར་ཏེ། རྒྱུ་སྐར་གཡས་དང་གཡས་མིན་དག་ལ་ངེས་པར་སྲིད་པའི་གནས་སུ་ཁྱིམ་གྱི་དབྱེ་བས་ཡང་དག་གནས་ཞེས་པ་ནི་ལས་ཀྱིས་འདིར་མི་ཤེས་པའི་དབང་གིས་འགོ་ལའི་འདོད་པ་རྣམ་པ་སྣ་ཚོགས་གནས་ལ་སོགས་པའི་དབྱེ་

བ་ཐ་དད་པས་བརྗོད་དོ། །འདིར་འགོ་ལ་ལ་གཟའ་བརྒྱད་པོ་དག་གི་མྱུར་བ་དང་དལ་བར་འགྲོ་བའི་དབྱེ་བས་ཁྱིམ་ལོངས་སྤྱོད་པ་ནི་མཉམ་སྟེ། དཔེར་ན་སོ་བ་འཆག་པ་ལ་བ་ལང་ཀ་བ་ལས་རིང་དུ་འཁོར་བ་གང་ཡིན་པ་དེ་ནི་འགྱོགས་པར་འགྲོ་ཞིང་གོམ་པ་མང་པོ་དག་གིས་སྐོར་བར་བྱེད་

ལ། ཀ་བ་ལ་ཉེ་བར་འཁོར་བ་གང་ཡིན་པ་དེ་ནི་དལ་བར་འགྲོ་ཞིང་གོམ་པ་ཉུང་ངུས་སྐོར་བར་བྱེད་དེ་དེ་བཞིན་དུ་གཟའ་རྣམས་ཀྱང་རིག་པར་བྱའོ་ཞེས་གྲག་གོ། །འཇིག་རྟེན་པའི་འདོད་པ་དང་པོ་རིགས་པས་རྣམ་པར་དཔྱད་དེ་འདིར་རང་རང་གི་གྲུབ་པའི་མཐའི་བསམ་པའི་དབང་གིས་རྩིས་

ཀྱི་ཐ་སྙད་མེད་ཅིང་འདོད་པ་གཅིག་ཏུ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་དཔྱད་པར་བྱ་སྟེ། འདིར་འགོ་ལ་ལ་ཉི་མ་ལས་མྱུར་བ་དང་དལ་བར་འགྲོ་བའི་གཟའ་གང་ཡིན་པ་དེ་དག་ཅི་སྟེང་ནས་སྟེང་དང་འོག་ནས་འོག་ཏུ་གནས་སམ། འོན་ཏེ་གཡོན་གྱི་ཆ་དང་གཡས་ཀྱི་ཆར་གནས།

རྣམ་པ་གཉིས་ཀ་ཡང་འགལ་ཏེ། གལ་ཏེ་ཉི་མ་ལས་འོག་དང་སྟེང་དུ་རྣམ་པར་གནས་ན་དེའི་ཚེ་མྱུར་བ་དང་དལ་བ་དག་ཏུ་ཕྲད་པར་མི་འགྱུར་ཏེ། རང་གི་གནས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཅི་སྟེ་ཕ་རོལ་གྱི་གྲུབ་པའི་མཐའ་སྨྲ་བ་པོས་སྨྲས་པ། འོག་ན་གནས་པའི་སེམས་ཅན་

རྣམས་ཀྱིས་འོག་དང་སྟེང་གི་གཟའ་ཕྲད་ཅིང་མཉམ་པར་མཐོང་སྟེ་འོག་གི་གཟས་སྟེང་གི་གཟའ་བསྒྲིབས་པ་ནི་མཉམ་པ་ཉིད་དོ་ཞེ་ན། འདི་ལ་བརྗོད་པ་འདིར་མཉམ་པ་ཉིད་ནི་ཉི་མའི་གུང་གི་དུས་ལ་སྟེ་འཆར་བ་དང་ནུབ་པའི་དུས་ལ་མ་ཡིན་ནོ། །འཆར་བའི་དུས་སུ་གནས་ཐ་དད་པའི་

མཐུ་ལས་སེམས་ཅན་རྣམས་ཀྱིས་འོག་དང་སྟེང་དུ་གཟའ་རྣམས་བལྟ་བར་བྱ་བར་འགྱུར་རོ། །དེ་བཞིན་དུ་ནུབ་པའི་དུས་སུ་ཡང་སྟེ། དེ་ལྟར་ཡང་མ་ཡིན་ནོ། །དེ་བཞིན་དུ་གཡས་དང་གཡོན་ལ་གནས་པ་རྣམས་ཀྱང་ཉི་མ་དང་ལྷན་ཅིག་ཕྲད་པ་མེད་དེ་རང་གི་གནས་ཡོངས་སུ་མི་གཏོང་

เล่ม ๑๐๒ · หน้า 85a

བའི་ཕྱིར་རོ། །དེ་ལྟར་ན་གཟའ་རྣམས་ཉི་མའི་དཀྱིལ་འཁོར་ལ་ནུབ་པ་དང་འཆར་བ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་དོན་དམ་པར་གཟའ་རྣམས་ཀྱི་གནས་གཞན་པ་མེད་དོ། །བྱིས་པ་རྣམས་ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པའི་ཚིག་རིགས་པ་དང་བྲལ་བ་འདི་

དག་ཀྱང་སྐྱེ་བོ་མི་ཤེས་པ་རྣམས་ཀྱིས་བཀོད་པ་སྟེ། འདིར་གནས་དང་པོ་ལ་ཟླ་བ་དང་། གཉིས་པ་ལ་གཟའ་ལག་དང་། གསུམ་པ་ལ་པ་སངས་དང་། བཞི་པ་ལ་ཉི་མ་དང་། ལྔ་པ་ལས་སྐྱེས་དང་། དྲུག་པ་ལ་ཕུར་བུ་དང་། བདུན་པ་ལ་སྒྲ་གཅན་དང་། བརྒྱད་པ་ལ་སྤེན་པ་གནས་སོ་

ཞེས་བྱ་བ་ནི་སྲིད་པའོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་ལྷོར་འགྲོ་བ་ཡོད་དེ་དཔེར་ན་ཉི་མའི་རྒྱུ་སྐར་ལོངས་སྤྱོད་པའི་དབང་དང་ཁྱིམ་དྲུག་ལོངས་སྤྱོད་པའི་དབང་གིས་བཞིན་ནོ། །བྱང་དུ་འགྲོ་བ་དང་ལྷོར་འགྲོ་བའི་ཉི་མ་དེ་དང་ཕྲད་པ་ན་གཟའ་འགའ་

ཞིག་ཉི་མའི་སྟེང་དུ་འགྲོ་བ་དང་འགའ་ཞིག་འོག་ཏུ་འགྲོ་བ་ཡང་མེད་དོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་དལ་བར་འགྲོ་བའི་དབང་གིས་གཟའ་འགའ་ཞིག་ཉི་མའི་རྒྱབ་ནས་འོང་ངོ་། །ཤར་བར་གྱུར་པ་ན་ཟླ་བ་ནི་མདུན་ནས་འགྲོ་སྟེ་མྱུར་བར་བགྲོད་པའི་དབང་གིས་སོ། །གཟའ་ལག་དང་

པ་སངས་ནི་རྐང་པའི་དབང་གིས་རེས་འགའ་མདུན་དང་རེས་འགའ་རྒྱབ་ཏུ་ཤར་ནས་བགྲོད་དོ། །འདི་དག་གི་བགྲོད་པ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་ཁྱིམ་གྱི་འགོ་ལ་གསུངས་ཏེ། རྒྱུ་སྐར་གཡས་སུ་གནས་བཅུ་བཞི་དང་གཡས་མིན་དུ་གནས་བཅུ་བཞི་དག་ལ་ཁྱིམ་གྱི་དབྱེ་བས་ཡང་དག་

གནས་ཞེས་པ་ནི་ཁྱིམ་རྣམས་ཀྱི་དབྱེ་བ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཏེ། ཁྱིམ་སོ་སོའི་ཁྱིམ་གྱི་དབྱེ་བ་དེ་དག་གིས་བྱང་དུ་འགོ་ལའི་རི་མོའི་དབུས་སུ་ཐ་སྐར་ལ་སོགས་པ་ནག་པ་ཕྱེད་ཀྱི་བར་ཕྱེད་དང་བཅས་པའི་རྒྱུད་སྐར་བཅུ་གསུམ་མོ། །ལྷོ་རུ་ཡང་འགོ་ལའི་རི་མོའི་དབུས་སུ་ནག་པ་

ཕྱེད་ལ་སོགས་པ་ནམ་གྲུའི་མཐར་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་མོ། །གཞུ་ཡི་རྣམ་པའི་དུས་ཁྱིམ་དག་ལ་འགོ་ལའི་དབུས་ནས་ལྷོར་ནི་མེའི་དཀྱིལ་འཁོར་ལ་གནས་ཤིང་ཞེས་པ་ནི་གཞུའི་རྣམ་པའི་ཁྱིམ་དྲུག་ལ་འགོ་ལ་ཉིན་མཚན་མཉམ་པའི་རི་མོའི་དབུས་ནས་རྒྱུ་སྐར་གྱི་འཁོར་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด