ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
ชื่อสันสกฤต (อักษรทิเบต ตามตัวบท) པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๖ · หน้า 215a
རོལ་དུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་སྟོང་ངོ་། །ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་
བདུན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་སྟོང་ངོ་། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་།
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་རྣམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་ངོ་། །གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས། གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། རྣམ་པར་མ་
བྱས། མངོན་པར་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་མ་བགྱིས། རྣམ་པར་མ་བགྱིས། མངོན་པར་མ་བགྱིས་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་བགོས་པའི་སེམས་ཅན་དེ་དག་ཀྱང་ཅིའི་སླད་དུ་མ་བགྱིས། རྣམ་པར་མ་བགྱིས། མངོན་པར་མ་བགྱིས་པ་ལགས། བཅོམ་
เล่ม ๒๖ · หน้า 215b
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་
དག་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་
བྱེད་དོ། །རབ་འབྱོར་མིག་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རབ་འབྱོར་གཟུགས་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །སྒྲ་དང་།
དྲི་དང་། རོ་དང་། རེག་དང་། ཆོས་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དོ། །རབ་འབྱོར་མིག་གི་རྣམ་པར་ཤེས་པ་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་
ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་
རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་
རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ། །རབ་འབྱོར་བདག་ནི་མི་བྱེད། རྣམ་པར་མི་བྱེད།
เล่ม ๒๖ · หน้า 216a
མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་སེམས་ཅན་ནི་མི་བྱེད་རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །གསོ་བ་དང་། སྐྱེས་བུ་དང་།
གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་རྨི་ལམ་ནི་མི་བྱེད། རྣམ་པར་མི་བྱེད།
མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། སྤྲུལ་པ་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་
ཕྱིར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་
ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་
དམིགས་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་མི་བྱེད། རྣམ་པར་མི་
བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་
เล่ม ๒๖ · หน้า 216b
དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་
བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ཉིད་ནི་མི་བྱེད།
རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །མ་ནོར་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་
པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་
དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་དུ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་གྲངས་དེས་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མ་
བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། གོ་ཆ་མེད་པའི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་
เล่ม ๒๖ · หน้า 217a
གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་
གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཡིན་ནམ། སྨྲས་པ་ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་མ་བཅིངས་མ་གྲོལ་བའི་གཟུགས་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་
གང་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ། གང་འདི་རྨི་ལམ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨི་ལམ་ལྟ་བུའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུ་དང་།
སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། སྤྲུལ་པ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་
བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མ་འོངས་པའི་གཟུགས་ནི་མ་བཅིངས་མ་
གྲོལ་བའོ། །མ་འོངས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ད་ལྟར་བྱུང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་
เล่ม ๒๖ · หน้า 217b
ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་མེད་པའི་ཕྱིར། གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་
ལྡན་པ་གང་པོ་གཟུགས་དབེན་པའི་ཕྱིར། གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་གཟུགས་མ་སྐྱེས་པའི་ཕྱིར། གཟུགས་
མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མི་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་
པོ་ལུང་དུ་མ་བསྟན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་ལས་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་
ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་དང་བཅས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་
เล่ม ๒๖ · หน้า 218a
མེད་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མེད་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ། དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར། གཟུགས་མ་
བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར། གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
རྣམ་པར་ཤེས་པ་དབེན་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར། གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་
མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་
མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་
མེད་པའི་ཕྱིར། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་
ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ནང་སྟོང་པ་ཉིད་ཀྱང་མ་བཅིངས་
เล่ม ๒๖ · หน้า 218b
མ་གྲོལ་བའོ། །ཕྱི་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །
དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཕྱི་ནང་སྟོང་པ་
ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །
མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་
བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་
མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་བར་དུ་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་
เล่ม ๒๖ · หน้า 219a
དཔའ་ཡང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་ཉིད་ཀྱང་མ་
བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ཡང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་
མེད་པའི་ཕྱིར། དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཡང་དག་པའི་མཐའི་བར་དུ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །
མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདུས་མ་བྱས་ཀྱང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་
མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་
རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་སེམས་དཔའ་མ་བཅིངས་
མ་གྲོལ་བའོ། །སངས་རྒྱས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་།
เล่ม ๒๖ · หน้า 219b
ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་
པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ནས། མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས། མ་བཅིངས་མ་གྲོལ་བའི་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མ་ནོར་བ་དེ་བཞིན་ཉིད་དང་། མ་བཅིངས་མ་གྲོལ་
བའི་གཞན་མ་ཡིན་པ་དེ་བཞིན་ཉིད་དང་། མ་བཅིངས་མ་གྲོལ་བའི་ཆོས་ཉིད་དང་། མ་བཅིངས་མ་གྲོལ་བའི་ཆོས་ཀྱི་དབྱིངས་དང་། མ་བཅིངས་མ་གྲོལ་བའི་ཆོས་སྐྱོན་མེད་པ་ཉིད་དང་། མ་བཅིངས་མ་གྲོལ་བའི་ཡང་དག་པའི་མཐའ་ལ་གནས། མ་བཅིངས་མ་གྲོལ་བའི་འདུས་མ་བྱས་པ་ལ་གནས་ཏེ་
མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་
བསྙེན་བཀུར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་ཆོས་ཉན་ཏོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་
བའི་མངོན་པར་ཤེས་པ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་མིག་ལྔ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་གཟུངས་རྣམས་དང་ནམ་ཡང་འབྲལ་བར་མི་
འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་གྲོལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་
เล่ม ๒๖ · หน้า 220a
མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ། མ་བཅིངས་མ་གྲོལ་བའི་
སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་འགྱུར་ཏེ། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ་དེ་ཕ་རོལ་དུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བས། མེད་པ་དང་། དབེན་པ་དང་། སྐྱེ་བ་མེད་པ་ཉེ་བར་
བཟུང་ཞིང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ་ཐེག་པ་ཆེན་པོའི་གོ་ཆ་ཆེན་པོ་བགོས་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་
ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་གང་ལགས། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བགྱི་
བ་ལགས། ཐེག་པ་ཆེན་པོ་དེ་ནི་གང་ནས་བྱུང་བ་ལགས། ཐེག་པ་དེ་ནི་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེས་ནི་སུ་ཞིག་འབྱུང་བར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
རབ་འབྱོར་གང་ཁྱོད་དེ་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་གང་ཞེས་ཟེར་བ་ནི། རབ་འབྱོར་ཕ་རོལ་དུ་ཕྱིན་པ་དྲུག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་།
ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་
เล่ม ๒๖ · หน้า 220b
པའི་ཕ་རོལ་དུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་དོན་དུ་གཉེར་བ་རྣམས་ལ། ཕྱི་ནང་གི་དངོས་པོའི་སྦྱིན་པ་ཡོངས་སུ་
གཏོང་སྟེ། སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །གསོལ་པ།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་
བསྐྱེད་པས། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་ལ། སེམས་ཅན་ཕ་རོལ་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་སྐུལ་བ་དང་། གཞོག་པ་དང་། རབ་ཏུ་འགོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་ཉམས་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ལ། གཞན་ཡང་མི་དམིགས་པའི་ཚུལ་གྱིས་བཟོད་པ་ལ་ཡང་དག་པར་སྐུལ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
เล่ม ๒๖ · หน้า 221a
པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་ལ་བརྩོན་པ་མི་འདོར་ཞིང་། གཞན་ཡང་ཕ་རོལ་དུ་ཕྱིན་པ་དྲུག་ལ་མི་དམིགས་པའི་ཚུལ་གྱིས་སྦྱོར་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བསམ་གཏན་རྣམས་ལ་ཐབས་མཁས་པར་མཉམ་པར་གཞོག་ཀྱང་། དེ་དག་གི་དབང་གིས་མི་སྐྱེ་ཞིང་། གཞན་ཡང་བསམ་གཏན་རྣམས་ལ་མི་དམིགས་པའི་
ཚུལ་གྱིས་ཡང་དག་པར་སྐུལ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པར། ཆོས་ཐམས་ཅད་ཀྱི་རང་
བཞིན་ཡང་དམིགས་པ་མེད་པའི་ཚུལ་གྱིས་རྟོགས་པར་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པར་བྱ་བ་ལ། མི་དམིགས་པའི་ཚུལ་གྱིས་ཡང་དག་པར་སྐུལ་ཞིང་གཞོག་པ་དང་།
རབ་ཏུ་འགོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
เล่ม ๒๖ · หน้า 221b
ཐེག་པ་ཆེན་པོ་ནི། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་
འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་
ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ཆོས་ཞེས་བྱ་བ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར་ཏེ། མིག་མིག་གིས་སྟོང་ངོ་། །
དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མི་རྟག་མི་འཇིག་པའི་ཕྱིར། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ནང་སྟོང་པ་ཉིད་དོ། །དེ་ལ་ཕྱི་སྟོང་པ་ཉིད་
གང་ཞེ་ན། ཕྱིའི་ཆོས་ཞེས་བྱ་བ་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ཏེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མི་རྟག་མི་
འཇིག་པའི་ཕྱིར། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཆོས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་།
འདི་དག་ནི་ཕྱི་ནང་གི་ཆོས་ཞེས་བྱ་སྟེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར། ནང་གི་ཆོས་རྣམས་ཕྱིའི་ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཕྱིའི་ཆོས་རྣམས་ནང་གི་ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་
เล่ม ๒๖ · หน้า 222a
རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། མི་རྟག་མི་འཇིག་པའི་ཕྱིར། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་སྟོང་ངོ་། །དེ་ཅིའི་ཕྱིར་
ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། མི་རྟག་མི་འཇིག་པའི་ཕྱིར། ཤར་ཕྱོགས་ཤར་ཕྱོགས་ཀྱིས་སྟོང་། ལྷོ་ཕྱོགས་ལྷོ་ཕྱོགས་ཀྱིས་སྟོང་། ནུབ་ཕྱོགས་ནུབ་ཕྱོགས་
ཀྱིས་སྟོང་། བྱང་ཕྱོགས་བྱང་ཕྱོགས་ཀྱིས་སྟོང་། འོག་གི་ཕྱོགས་འོག་གི་ཕྱོགས་ཀྱིས་སྟོང་། སྟེང་གི་ཕྱོགས་སྟེང་གི་ཕྱོགས་ཀྱིས་སྟོང་། ཕྱོགས་མཚམས་རྣམས་ཕྱོགས་མཚམས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ།
འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར། མྱ་ངན་ལས་འདས་པ་དེ་ཡང་མྱ་ངན་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་
ཏེ། འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར། འདོད་པའི་ཁམས་འདོད་པའི་
ཁམས་ཀྱིས་སྟོང་ངོ་། །གཟུགས་ཀྱི་ཁམས་གཟུགས་ཀྱི་ཁམས་ཀྱིས་སྟོང་ངོ་། །གཟུགས་མེད་པའི་ཁམས་གཟུགས་མེད་པའི་ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་
མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་འདི་ནི་འདུས་མ་བྱས་ཞེས་བྱ་སྟེ། མི་རྟག་མི་འཇིག་པའི་ཕྱིར། འདུས་མ་བྱས་དེ་ནི་འདུས་མ་བྱས་ཀྱིས་སྟོང་ངོ་། །
เล่ม ๒๖ · หน้า 222b
དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་མཐའ་མི་དམིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར། མཐའ་ལས་འདས་པ་
མཐའ་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་མི་དམིགས་ཤིང་། ཐ་མ་ཡང་མི་དམིགས་པ་དེ་ལ་འགྲོ་
བ་མི་དམིགས། འོང་བ་ཡང་མི་དམིགས་ཏེ། མི་རྟག་མི་འཇིག་པའི་ཕྱིར། ཐོག་མ་དང་ཐ་མ་མེད་པ་ཐོག་མ་དང་ཐ་མ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་
པ་སྟོང་པ་ཉིད་གང་ཞེ་ན། གང་ལ་གང་ཡང་དོར་བ་མེད་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར། དོར་བ་མེད་པ་དོར་བ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན།
འདུས་བྱས་སམ། འདུས་མ་བྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི། ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བྱས། དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་བྱས་ཏེ། མི་རྟག་མི་འཇིག་པའི་ཕྱིར་རང་བཞིན་རང་བཞིན་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན།
ཆོས་ཐམས་ཅད་ཅེས་བྱ་བ་ནི། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་།
เล่ม ๒๖ · หน้า 223a
མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་
པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་།
ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། གཟུགས་ཡོད་པའི་ཆོས་དང་། གཟུགས་མེད་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཏེ།
འདི་དག་ནི་ཆོས་ཐམས་ཅད་ཅེས་བྱའོ། །དེ་ལ་མི་རྟག་མི་འཇིག་པའི་ཕྱིར། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་
སྟོང་པ་ཉིད་གང་ཞེ་ན། གཟུགས་ནི་འཇིག་པའི་མཚན་ཉིད། ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད་དེ། མི་རྟག་མི་འཇིག་པའི་
ཕྱིར། འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚན་ཉིད་དེ་དག་གིས། ཆོས་དེ་དག་ཐམས་ཅད་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་ནི་དེ་ཡིན་པའི་ཕྱིར་ཏེ།
འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་འདས་པ་མི་དམིགས་པ་དང་། མ་འོངས་པ་མི་དམིགས་པ་དང་། ད་ལྟར་བྱུང་བའི་གནས་མི་དམིགས་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར། མི་དམིགས་པ་མི་
เล่ม ๒๖ · หน้า 223b
དམིགས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། འདུས་པའི་ངོ་བོ་ཉིད་མེད་དེ།
མི་རྟག་མི་འཇིག་པའི་ཕྱིར། འདུས་པ་འདུས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཅུ་དྲུག་པ།
རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །དེ་ལ་དངོས་པོ་དངོས་པོ་ཞེས་བྱ་བ་གང་ཞེ་ན། ཕུང་པོ་ལྔ་སྟེ། ཕུང་པོ་དེ་
དག་ཀྱང་ཕུང་པོ་རྣམས་ཀྱིས་སྟོང་པས། དེ་ལྟར་ན་དངོས་པོ་དངོས་པོས་སྟོང་ངོ་། །ཇི་ལྟར་ན་དངོས་པོ་མེད་པ་དངོས་པོ་མེད་པས་སྟོང་ཞེ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི། འདུས་མ་བྱས་སྟེ། འདུས་མ་བྱས་དེ་ཡང་འདུས་མ་བྱས་ཀྱིས་སྟོང་པས། དེ་ལྟར་ན་དངོས་པོ་མེད་པ་
དངོས་པོ་མེད་པས་སྟོང་ངོ་། །ཇི་ལྟར་ན་རང་བཞིན་རང་བཞིན་གྱིས་སྟོང་ཞེ་ན། རང་བཞིན་ཞེས་བྱ་བ་ནི། ངོ་བོ་ཉིད་མ་ནོར་བ་སྟེ། དེ་ལ་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས། མཐོང་བས་མ་བྱས་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ལ་གཞན་གྱི་དངོས་པོ་
སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་
ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་བཞིན་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་
เล่ม ๒๖ · หน้า 224a
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་བཟང་པོ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་ཤིན་དུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟར་རབ་ཏུ་གནས་པ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་
ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོལ་བ་མེད་པ་
เล่ม ๒๖ · หน้า 224b
ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་བྱེད་པ་ཞེས་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་
ཏིང་ངེ་འཛིན་དང་། དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
མི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྒྲོན་མ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་མཐའ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་
པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམིགས་པ་གཅོད་པ་ཞེས་བྱ་བའི་
เล่ม ๒๖ · หน้า 225a
ཏིང་ངེ་འཛིན་དང་། འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་རིབ་
མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་མཉམ་པ་
དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟོགས་པས་
སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚན་ཉིད་ཡོངས་སུ་
སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
เล่ม ๒๖ · หน้า 225b
ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། འཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་འོད་
ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་དམིགས་སུ་མེད་པ་ལ་བརྩོན་པ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་
མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་སྟེ། འདི་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་
ཏོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེས་ཏིང་ངེ་འཛིན་ཐམས་ཅད་རྒྱས་བཏབ་པ་ལྟ་བུར་འགྱུར་བ་སྟེ། འདི་ནི་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལས་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
เล่ม ๒๖ · หน้า 226a
དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱིས་རྣམ་པར་རྩེ་བ་སྟེ། འདི་ནི་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ།
འདི་ནི་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་འཛིན་པ་སྟེ། འདི་ནི་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལས་ཤིན་དུ་
འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པ་སྟེ། འདི་ནི་ཆོས་ཐམས་ཅད་ལས་ཤིན་དུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་མི་འགྱུར་བའི་ཕྱག་རྒྱས་བཏབ་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་
རྣམ་པར་ལྟ་བ་སྟེ། འདི་ནི་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཀྱི་དབྱིངས་སུ་རྟོགས་པར་འགྲོ་བ་སྟེ། འདི་ནི་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་
འཛིན་ཏོ། །དེ་ལ་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་ངེས་པ་འཛིན་པ་སྟེ། འདི་ནི་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་
གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འཇིག་པར་མི་འགྱུར་བ་སྟེ། འདི་ནི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་
เล่ม ๒๖ · หน้า 226b
པ་སྟེ། འདི་ནི་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་སྟེ། འདི་ནི་ཏིང་ངེ་འཛིན་ལ་རྒྱལ་
པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་སྟེ། འདི་ནི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དཔུང་རྣམ་པར་
བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྣམ་པར་འགོད་པ་སྟེ། འདི་ནི་དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་
གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་འཕགས་པར་འགྱུར་བ་སྟེ། འདི་ནི་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་
ཅད་ཀྱི་ངེས་པའི་ཚིག་བསྟན་པ་ལ་འཇུག་པ་སྟེ། འདི་ནི་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚིག་བླ་དགས་ལ་
འཇུག་པ་སྟེ། འདི་ནི་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱོགས་རྣམ་པར་ལྟ་བ་སྟེ། འདི་ནི་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་
འཛིན་ཏོ། །དེ་ལ་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ། འདི་ནི་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་
เล่ม ๒๖ · หน้า 227a
འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉམ་པར་མི་འགྱུར་བ་སྟེ། འདི་ནི་ཉམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འདུ་ཞིང་ཁོངས་སུ་ཆུད་པར་འདོད་པ་སྟེ། འདི་ནི་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
ཏིང་ངེ་འཛིན་ཐམས་ཅད་ཀྱི་ནམ་མཁའ་རྒྱས་པར་འགེངས་པ་སྟེ། འདི་ནི་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་
འཁོར་ཡོངས་སུ་འཛིན་པ་སྟེ། འདི་ནི་རྡོ་རྗེའི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཇི་ལྟར་རྒྱལ་མཚན་དམ་པ་བཞིན། ཏིང་ངེ་འཛིན་ཐམས་ཅད་ལས་འཕགས་པ་སྟེ། འདི་
ནི་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་དམ་པ་ཐོབ་པ་སྟེ། འདི་ནི་དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱུན་
གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། རྒྱུན་གྱི་རྗེས་སུ་མ་ལོག་པར་ཡང་དག་པར་ཞུགས་པ་སྟེ། འདི་ནི་རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
འཛིན་དེ་ལ་གནས་ཤིང་། རྡུལ་དང་དྲི་མ་ཐམས་ཅད་རབ་ཏུ་སྤང་བའི་དབང་དུ་གྱུར་ཅིང་། ཇི་ལྟར་སེང་གེའི་རྒྱལ་པོ་བཞིན་དབང་ཐོབ་པས་བསྒྱིངས་པ་ལྟ་བུ་སྟེ། འདི་ནི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
เล่ม ๒๖ · หน้า 227b
འཛིན་དེ་ལ་གནས་ཤིང་། འཁོར་བའི་ཆོས་རྣམས་རྒྱུན་གཅོད་པར་བྱེད་པ་སྟེ། འདི་ནི་སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་རབ་ཏུ་སེལ་བ་སྟེ།
འདི་ནི་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལྷམ་མེ། ལྷན་ནེ། ལྷང་ངེར་བྱེད་པ་སྟེ། འདི་ནི་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །
དེ་ལ་ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་ཚོལ་བ་མེད་པ་སྟེ། འདི་ནི་ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
ཆོས་གང་ཡང་གནས་ལ་རྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། སེམས་ཀྱང་མི་འབྱུང་། སེམས་ལས་བྱུང་བ་
རྣམས་ཀྱང་མི་རྒྱུ་བ་སྟེ། འདི་ནི་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི་མ་མེད་པར་བྱེད་པ་སྟེ། འདི་ནི་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་
བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འོད་མཐའ་ཡས་པར་བྱེད་པ་སྟེ། འདི་ནི་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
དེ་ལ་གནས་ཤིང་། ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ། འདི་ནི་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་ཏིང་ངེ་
เล่ม ๒๖ · หน้า 228a
འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་འཐོབ་པ་སྟེ། འདི་ནི་དག་པ་དམ་
པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དྲི་མ་སེལ་བ་སྟེ། འདི་ནི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་
དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་ཉམས་སུ་མྱོང་བར་འགྱུར་བ་སྟེ། འདི་ནི་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་བྱེད་པ་སྟེ། འདི་ནི་
གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཟད་ཤེས་པ་དང་། ཟད་མི་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་
ཏོ། །དེ་ལ་མི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རབ་ཏུ་ཐོབ་པ་སྟེ། འདི་ནི་མི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་
གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཟི་བརྗིད་དང་། དཔལ་གྱིས་འབར་བར་འགྱུར་བ་སྟེ། འདི་ནི་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཟད་མི་ཤེས་པར་
རྗེས་སུ་མཐོང་ནས། རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་མཐོང་བ་སྟེ། འདི་ནི་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མི་གཡོ། མི་འགུལ།
เล่ม ๒๖ · หน้า 228b
རབ་ཏུ་མི་འབྱེད། རློམ་སེམས་སུ་མི་བྱེད་པ་སྟེ། འདི་ནི་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འཇིག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་འཇིག་
པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་
གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་མུན་པ་མེད་པར་བྱེད་པ་སྟེ། འདི་ནི་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་
ཀྱི་ཤེས་རབ་ཀྱི་འོད་ཀྱིས་མ་རིག་པའི་མུན་པ་ཐམས་ཅད་བསལ་བར་བྱེད་པ་སྟེ། འདི་ནི་ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་
པ་བཞི་རབ་ཏུ་འཐོབ་པ་སྟེ། འདི་ནི་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་
ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བ་རྣམས་བྱེད་པ་སྟེ། འདི་ནི་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་
འཛིན་ཐམས་ཅད་ཀྱི་ཡེ་ཤེས་དཔལ་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་ཏིང་ངེ་འཛིན་ཉིད་ཀྱང་། ཡང་དག་པར་རྗེས་སུ་མི་
เล่ม ๒๖ · หน้า 229a
མཐོང་བར་ཁོང་དུ་ཆུད་པར་བྱེད་པ་སྟེ། འདི་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། སེམས་མི་གཡོ། རྣམ་པར་མི་གཡོ། རྣམ་པར་མི་ལྡོག་ཡོངས་སུ་ཡིད་འཆད་པར་མི་འགྱུར།
ཉམས་སུ་མི་བདེ་བ་མེད་ལ། དེ་ལ་སེམས་ཞེས་བྱ་བ་ནི་འདི་ཡིན་ཞེས་བྱ་བར་སེམས་མི་འབྱུང་བ་སྟེ། འདི་ནི་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་སྣང་བར་ཡང་དག་པར་རྗེས་
སུ་མཐོང་བ་སྟེ། འདི་ནི་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པར་འགྱུར་བ་སྟེ། འདི་ནི་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རིན་ཆེན་མཐའ་
ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རིན་ཆེན་མཐའ་ལྟར་ཀུན་ནས་སྣང་བ་སྟེ། འདི་ནི་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་
ཐམས་ཅད་ཕྱག་རྒྱ་མེད་པའི་མཐས་ཕྱག་རྒྱས་བཏབ་པར་ཉེ་བར་བཟུང་བས་ཕྱག་རྒྱས་བཏབ་པར་འགྱུར་བ་སྟེ། འདི་ནི་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏི་ང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་
ཡང་མཉམ་པ་ཉིད་དུ་མ་ཆུད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་དགའ་བ་སྤོང་
བ་སྟེ། འདི་ནི་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་མུན་པ་སེལ་བ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་བ་སྟེ། འདི་ནི་ཆོས་ཀྱིས་
เล่ม ๒๖ · หน้า 229b
འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་རྣམ་པར་འཐོར་བ་སྟེ། འདི་ནི་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་
བའི་ཏིང་ངེ་འཛིན་གང་ཞེ་ན། ཏིངའཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་མཉམ་པ་ཉིད་རབ་ཏུ་འཐོབ་པ་སྟེ། འདི་ནི་ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་
ཀྱི་ཡི་གེ་གཅིག་ཀྱང་དམིགས་སུ་མེད་པ་སྟེ། འདི་ནི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པ་འཆད་པར་འགྱུར་བ་སྟེ། འདི་ནི་དམིགས་པ་གཅོད་པ་ཞེས་
བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་འགྱུར་བར་མི་དམིགས་པ་སྟེ། འདི་ནི་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་
གནས་ཤིང་། ཆོས་ཐམས་ཅད་ཀྱི་རྣམ་པ་ཙམ་ཡང་དམིགས་པ་མེད་པ་སྟེ། འདི་ནི་རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ངེས་པའི་ཚིག་ཐམས་ཅད་ནི་ཡང་དག་པར་དམིགས་སུ་མེད་ཅིང་། ཐ་སྙད་
ལ་ལྟོས་པ་ཙམ་མོ། །ཞེས་རྟོགས་པར་འཇུག་པ་སྟེ། འདི་ནི་མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་དེ་ཐམས་ཅད་ཀྱི་གནས་དམིགས་པ་མེད་པ་སྟེ། འདི་ནི་གནས་མེད་པར་སྤྱོད་པ་
เล่ม ๒๖ · หน้า 230a
ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་རབ་རིབ་རྣམ་པར་སེལ་བ་སྟེ། འདི་ནི་རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱོད་པ་དང་
ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་
འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཡོ་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་
ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདའ་བ་སྟེ། འདི་ནི་ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་
ཏན་གྱི་ཚོགས་རྗེས་སུ་འཐོབ་པ་སྟེ། འདི་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་སེམས་མི་འཇུག་པ་སྟེ། འདི་ནི་སེམས་མེད་པར་
གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་རབ་ཏུ་འཐོབ་པ་སྟེ། འདི་ནི་དགེ་བའི་མེ་ཏོག་རྒྱས་ཤིང་
གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་འཐོབ་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་
เล่ม ๒๖ · หน้า 230b
ཏིང་ངེ་འཛིན་ཏོ། །དེ་ལ་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་སྤོབས་པ་མཐའ་ཡས་པ་རབ་ཏུ་འཐོབ་པ་སྟེ། འདི་ནི་སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མི་མཉམ་པ་དང་
མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་མི་མཉམ་པ་དང་མཉམ་པ་རབ་ཏུ་འཐོབ་པ་སྟེ། འདི་ནི་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་
ཤིང་ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་སྟེ། འདི་ནི་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་
ཅད་ཀྱི་རྒྱུད་མཐོང་བ་སྟེ། འདི་ནི་ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་ལ་ནེམ་ནུར་རྣམ་པར་སེལ་བ་རབ་ཏུ་འཐོབ་
པ་སྟེ། འདི་ནི་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་གནས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་
ཏིང་ངེ་འཛིན་ཏོ། །དེ་ལ་གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་མངོན་པར་
སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་མངོན་པར་སྒྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་གཅིག་ཏུ་
เล่ม ๒๖ · หน้า 231a
གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་འདོར་བ་མེད་པ་ཞེས་བྱ་བའི་
ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་རྣམ་པ་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་
འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ལ་ཞུགས་ནས། དེ་ལ་ཞུགས་པའི་ཕྱིར་ཁོང་དུ་མི་ཆུད་པ་གང་ཡང་མེད་པ་སྟེ། འདི་ནི་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བརྡ་
དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་དང་སྒྲ་ལ་འཇུག་པ་སྟེ། འདི་ནི་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་དང་བྲལ་བར་རྗེས་སུ་མཐོང་བ་སྟེ། འདི་ནི་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་
ཅད་ཀྱི་གཟི་བརྗིད་ཀྱིས་ལྷམ་མེ། ལྷན་ནེ། ལྷང་ངེར་བྱེད་པ་སྟེ། འདི་ནི་སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་
དག་པར་འགྱུར་བར་བྱེད་པ་སྟེ། འདི་ནི་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མངོན་པར་དམིགས་པ་མེད་པར་ཡང་དག་པར་
เล่ม ๒๖ · หน้า 231b
རྗེས་སུ་མཐོང་བ་སྟེ། །འདི་ནི་མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་
འགྱུར་བ་སྟེ། འདི་ནི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་བདེ་བ་
དང་། སྡུག་བསྔལ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
ཏིང་ངེ་འཛིན་ཐམས་ཅད་ཟད་དུ་རུང་བར་ཡང་དག་པར་རྗེས་སུ་མ་མཐོང་བ་སྟེ། འདི་ནི་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། གཟུངས་ཐམས་ཅད་ཡོངས་སུ་
འཛིན་པ་སྟེ། འདི་ནི་གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པ་དང་ལོག་པར་ཡང་དག་
པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
ཏིང་ངེ་འཛིན་ཐམས་ཅད་འགལ་བ་དང་འགོག་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་
เล่ม ๒๖ · หน้า 232a
ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་འཐུན་པ་དང་འགལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་འཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟེ། འདི་ནི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་
ཅད་ཀྱི་སྙིང་པོ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འདི་ལྟ་སྟེ། དཔེར་ན་ཟླ་བ་
ཉ་བའི་དཀྱིལ་འཁོར་ལྟར་ཡོངས་སུ་རྒྱས་པར་འགྱུར་བ་སྟེ། འདི་ནི་ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། དག་ཅིང་གསལ་བའི་འོད་ཀྱིས་སེམས་ཅན་གྱི་རིས་
སྣང་བར་བྱས་ཤིང་། མུན་པ་མུན་ནག་གི་ཚ་བ་གདུག་པ་སེལ་བར་བྱེད་པ་སྟེ། འདི་ནི་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྒྱན་ཆེན་པོ་དང་ལྡན་
པར་འགྱུར་བ་སྟེ། འདི་ནི་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་
བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་འཁྲུག་པ་ཡང་མི་དམིགས། རྩེ་གཅིག་ཀྱང་མི་དམིགས་པ་སྟེ། འདི་ནི་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་
เล่ม ๒๖ · หน้า 232b
ཏིང་ངེ་འཛིན་ཏོ། །དེ་ལ་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་དང་ཆོས་ཐམས་ཅད་རྡུལ་ཅན་དང་། རྡུལ་དང་བྲལ་བར་མཉམ་པ་ཉིད་དུ་རྟོགས་པ་སྟེ། འདི་ནི་རྡུལ་མེད་ཅིང་རྡུལ་དང་
བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉོན་མོངས་པ་མེད་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་མེད་པར་
ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་
པར་གཞོལ་བ་འཐོབ་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།
ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་གཞི་ཉེ་བར་མི་དམིགས་པ་སྟེ། འདི་ནི་གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དེ་བཞིན་ཉིད་ལ་གནས་ཤིང་། སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་
འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པ་སྟེ། འདི་ནི་དེ་བཞིན་ཉིད་ལ་གནས་ཤིང་། སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་
ཐམས་ཅད་ཀྱི་ལུས་མི་དམིགས་པ་སྟེ། འདི་ནི་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་
เล่ม ๒๖ · หน้า 233a
ཀྱི་ངག་གི་ལས་མི་དམིགས་པ་སྟེ། འདི་ནི་ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པ་འཐོབ་པ་སྟེ། འདི་ནི་ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། རབ་འབྱོར་འདི་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བརྒྱད་པའོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
ཐེག་པ་ཆེན་པོ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ། བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། རབ་
འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་
རྣམ་པར་སྤྱོད་ཀྱང་། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ །ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས། ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་།
ཡིད་མི་བདེ་བ་རྣམ་པར་བསལ་ཅིང་། རྣམ་པར་སྤྱོད་ཀྱང་། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ །ཕྱི་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་
เล่ม ๒๖ · หน้า 233b
པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་ཀྱང་། ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ །ནང་གི་ཚོར་བ་དང་། སེམས་དང་། ཆོས་ལ་དེ་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་།
བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་ཀྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་ཀྱང་། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ །ཕྱིའི་ཚོར་བ་དང་། སེམས་དང་། ཆོས་
ལ་དེ་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་ཀྱང་། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་
མི་རྟོག་གོ །ཕྱི་ནང་གི་ཚོར་བ་དང་། སེམས་དང་། ཆོས་ལ་དེ་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་
ཀྱང་། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་ན་འགྲོའོ་
ཞེས་བྱ་བར་རབ་ཏུ་ཤེས་སོ། །འགྲེང་ན་འགྲེང་ངོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདུག་ན་འདུག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཉལ་ན་ཉལ་ལོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེའི་ལུས་ཉམས་བདེ་བ་འམ། མི་བདེ་ཡང་རུང་། ལུས་ཇི་ལྟ་ཇི་ལྟར་གནས་པ། དེ་ལྟ་དེ་ལྟར་དེས་
རབ་ཏུ་ཤེས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས། ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན། ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་
เล่ม ๒๖ · หน้า 234a
བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས། ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །དེ་འགྲོ་འམ་འོང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན།
ལྟའམ། རྣམ་པར་ལྟ་ཡང་། ཤེས་བཞིན་དུ་སྤྱོད་པ་ཡིན། བསྐུམ་འམ། བརྐྱང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། སྦྱར་མ་དང་། ལྷུང་བཟེད་འཆང་ཞིང་སྤྱོད་ཀྱང་ཤེས་བཞིན་དུ་སྤྱོད་པ་ཡིན། ཟོས་པ་དང་། འཆོས་པ་དང་། འཐུངས་པ་དང་། མྱངས་པ་ལ་ཡང་ཤེས་བཞིན་དུ་
སྤྱོད་པ་ཡིན། ཉལ་བ་དང་། གཉིད་ཀྱི་མྱ་མྱོ་བསལ་བ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། འགྲོ་བ་དང་། འོང་བ་དང་། འགྲེང་བ་དང་། འདུག་པ་དང་། གཉིད་ཀྱིས་ལོག་པ་དང་། མ་ལོག་པ་དང་། སྨྲ་བ་དང་། མི་སྨྲ་བ་དང་། ནང་དུ་ཡང་དག་འཇོག་ལ་ཡང་ཤེས་བཞིན་དུ་སྤྱོད་པ་
ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་
རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་ཞིང་དབུགས་ནང་དུ་རྒྱུ་ན་ཡང་། དྲན་ཞིང་དབུགས་ནང་དུ་རྒྱུའོ། །ཞེས་བྱ་
བར་རབ་ཏུ་ཤེས་སོ། །དྲན་ཞིང་དབུགས་ཕྱིར་རྒྱུ་ན་ཡང་། དྲན་ཞིང་དབུགས་ཕྱིར་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ནང་དུ་རིང་དུ་རྒྱུ་ན་ཡང་། དབུགས་ནང་དུ་རིང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཕྱིར་རིང་དུ་རྒྱུ་ན་ཡང་། དབུགས་ཕྱིར་རིང་དུ་རྒྱུའོ་ཞེས་བྱ་
བར་རབ་ཏུ་ཤེས་སོ། །དབུགས་ནང་དུ་ཐུང་དུ་རྒྱུ་ན་ཡང་། དབུགས་ནང་དུ་ཐུང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཕྱིར་ཐུང་དུ་རྒྱུ་ན་ཡང་། དབུགས་ཕྱིར་ཐུང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སྟེ། རབ་འབྱོར་འདི་ལྟ་སྟེ། དཔེར་ན། རྫ་མཁན་འཁོར་ལོ་བསྐོར་བ་
เล่ม ๒๖ · หน้า 234b
འམ། རྫ་མཁན་འཁོར་ལོ་བསྐོར་བའི་མཆན་བུ་མཁས་པ་ནི་རིང་དུ་བསྐོར་ན་རིང་དུ་བསྐོར་རོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཐུང་དུ་བསྐོར་ན་ཐུང་དུ་བསྐོར་རོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པར་དབུགས་ནང་དུ་རྒྱུས་ན་ཡང་། དྲན་པར་དབུགས་ནང་དུ་རྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དྲན་པར་དབུགས་ཕྱིར་རྒྱུས་ན་ཡང་། དྲན་པར་དབུགས་ཕྱིར་རྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་རིང་དུ་ནང་དུ་རྒྱུས་ན་ཡང་། དབུགས་
རིང་དུ་ནང་དུ་རྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་རིང་དུ་ཕྱིར་རྒྱུས་ན་ཡང་། དབུགས་རིང་དུ་ཕྱིར་རྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ནང་དུ་རྒྱུས་ན་ཡང་། དབུགས་ཐུང་དུ་ནང་དུ་རྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ཕྱིར་རྒྱུས་ན་
ཡང་། དབུགས་ཐུང་དུ་ཕྱིར་རྒྱུས་སོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་
བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཞིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ལ་སའི་
ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ། །ཞེས་བྱ་བར་ཁམས་ཀྱི་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་དུ་རྟོག་སྟེ། རབ་འབྱོར་འདི་ལྟ་སྟེ། དཔེར་ན། བ་ལང་གི་ཤེན་པའམ། བ་ལང་གི་ཤེན་པའི་མཆན་བུ་མཁས་པས།
མཚོན་རྣོན་པོ་ཐོགས་ཏེ། བ་ལང་བསད་ཅིང་བག་བཞིར་གཤེགས་ཏེ། སོ་སོར་ཕྱེ་ནས་འགྲེང་ངམ་འདུག་སྟེ། དེ་ལ་རབ་ཏུ་རྟོག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཡང་། ལུས་འདི་ལ་སའི་ཁམས་
เล่ม ๒๖ · หน้า 235a
དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་བྱ་བར་ཁམས་ཀྱི་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་ཅིང་། འགྲེང་ངམ་འདུག་སྟེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཅད། སྐྲ་དང་། ཀླད་པ་མན་ཅད། སེན་མོ་དང་། སྤུ་དང་། པགས་པ་ཡན་ཅད། མི་གཙང་བ་སྣ་ཚོགས་ཀྱིས་
གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་། པགས་པ་དང་། གློག་པ་དང་། ཤ་དང་། ཆུ་བ་དང་། ཁྲག་དང་། རུས་པ་དང་། རྐང་དང་། སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། མཚེར་པ་དང་། ལོང་ཀ་དང་།
རྒྱུ་མ་དང་། གཉེ་མ་དང་། ནང་གྲོལ་དང་། གཅིན་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་དང་། སྣབས་དང་། ངར་སྣབས་དང་། རྣག་དང་། མཁྲིས་པ་དང་། བད་ཀན་དང་། ཆུ་སེར་དང་། ཁ་ཆུ་དང་། དྲི་མ་དང་། ཀླད་པ་དང་། ཀླད་རྒྱས་དང་། རྔུ་མ་དང་། རྣ་སྤབས་
དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་དུ་རྟོག་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུན་པའི་སྒྱེ་སྣོད་ཏིལ་དང་། ཡུངས་ཀར་དང་། སྲན་ཆུང་དང་། བལ་སྲན་དང་། ནས་དང་། གྲོ་དང་། འབྲས་དང་། འབྲུ་སྣ་ཚོགས་ཀྱིས་གང་བ། མིག་དང་ལྡན་པའི་མི་ཞིག་
གིས་ཕྱེ་སྟེ་བལྟས་ན། འདི་ནི་ཏིལ་ལོ། །འདི་ནི་ཡུངས་ཀར་རོ། །འདི་ནི་སྲན་ཆུང་ངོ་། །འདི་ནི་བལ་སྲན་ནོ། །འདི་ནི་ནས་སོ། །འདི་ནི་གྲོའོ། །འདི་ནི་འབྲས་སོ། །འདི་དག་ནི་དེ་མ་ཡིན་པའི་འབྲུ་གཞན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་
เล่ม ๒๖ · หน้า 235b
སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཅད། སྐྲ་དང་། སྤྱི་བོ་མན་ཅད། སེན་མོ་དང་། སྤུ་དང་། པགས་པ་ཡན་ཆད། མི་གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་
པགས་པ་དང་། གློག་པ་དང་། ཤ་དང་། ཆུ་བ་དང་། ཁྲག་དང་། རུས་པ་དང་། རྐང་དང་། སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། མཚེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ནང་གྲོལ་དང་། གཅིན་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་དང་།
སྣབས་དང་། ངར་སྣབས་དང་། རྣག་དང་། མཁྲིས་པ་དང་། བད་ཀན་དང་། ཆུ་སེར་དང་། ཁ་ཆུ་དང་། དྲི་མ་དང་། ཀླད་པ་དང་། ཀླད་རྒྱས་དང་། རྔུ་མ་དང་། རྣ་སྤབས་དག་ཀྱང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་
ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པའི་ཚེ། ནམ་དུར་ཁྲོད་ན་ཡོད་པའི་གཟུགས་སྣ་ཚོགས་དུར་ཁྲོད་དུ་བོར་བ། རོའི་མལ་དུ་བསྙལ་བ། ཤི་ནས་ཞག་གཅིག་ལོན་པ་འམ། ཤི་ནས་ཞག་
གཉིས་ལོན་པ་འམ། ཤི་ནས་ཞག་གསུམ་ལོན་པ་འམ། ཤི་ནས་ཞག་བཞི་ལོན་པ་འམ། ཤི་ནས་ཞག་ལྔ་ལོན་པ་འམ། རྣམ་པར་བམ་པ་འམ། རྣམ་པར་སྔོས་པ་འམ། རྣམ་པར་རྣགས་པ་འམ། རྣམ་པར་གཞིགས་པ་འམ། རྣམ་པར་ཟོས་པ་འམ། རྣམ་པར་འཐོར་བ་མཐོང་ན། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་
དེ་དང་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་
เล่ม ๒๖ · หน้า 236a
དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་བོར་བའི་རོ་ཤི་ནས་ཞག་དྲུག་ལོན་པའམ། ཤི་ནས་ཞག་བདུན་ལོན་པ་བྱ་རོག་གམ། ཁྭའམ། འོལ་བའམ། བྱ་རྒོད་ངམ། སྤྱང་ཀི་འམ། ཝ་འམ། ཁྱི་འམ། དེ་མ་ཡིན་པའི་སྲོག་
ཆགས་ཀྱི་རིགས་སྣ་ཚོགས་ཀྱིས་བཟའ་བ་མཐོང་བ་དེའི་ཚེ་དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་སོ། །ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་
བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་དུ་བོར་བའི་རོ་རྣམ་པར་ཟོས་པ། མི་གཙང་བ། རྣགས་པ། རྣམ་པར་སྲུངས་པ་མཐོང་བ་དེའི་ཚེ།
ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ། །ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་
ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་
เล่ม ๒๖ · หน้า 236b
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ། ཀེང་རུས་ཤ་ར་རི་དང་། ཁྲག་ར་རི་ཆགས་པ། རྒྱུས་པས་བྲང་བྲེང་དུ་འབྲེལ་པ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་
འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་
དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ཀེང་རུས་ཤ་དང་། ཁྲག་མེད་པ། རྒྱུས་པའི་གཟུངས་མེད་པ། དུང་གི་མདོག་ལྟར་གྱུར་པ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་ཉེ་བར་སྦྱོར་ཏེ། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་འདི་
ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ། །ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་
ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཅུ་བདུན་པ།
རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ། ཀེང་རུས་གཟུངས་མེད་པ། གྱེས་པ། དུང་གི་མདོག་ལྟར་གྱུར་པ། ས་ལ་རྣམ་པར་འཐོར་བ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་
เล่ม ๒๖ · หน้า 237a
ཡང་དེ་དང་ཉེ་བར་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ས་ལ། ཕྱོགས་དང་ཕྱོགས་མཚམས་སུ་རྣམ་པར་འཐོར་བ། རྐང་པའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། བྱིན་པའི་རུས་པ་རྣམས་
ཀྱང་གཞན་དུ་འཐོར། བརླའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། དཔྱིའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། ཚིགས་པའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། རྩིབ་མའི་རུས་པ་རྣམས་ཀྱང་གཞན་དུ་འཐོར། མཇིང་པའི་རུས་པ་རྣམས་ཀྱང་གཞན་དུ་འཐོར།
མགོའི་རུས་པ་རྣམས་ཀྱང་གཞན་དུ་འཐོར་བ་མཐོང་ན། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པའོ། །ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་
དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ལོན་པ། རླུང་དང་ཉི་མས་གདུངས་པ། དུང་གི་མདོག་ལྟར་
เล่ม ๒๖ · หน้า 237b
གྱུར་པ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱང་དེ་དང་ཉེ་བར་སྦྱོར་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་ཚེ། ཕྱིའི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ལོན་པ། རབ་རིབ་སྣང་བ། སྔོན་པོར་གྱུར་པ། ཐི་བའི་མདོག་ལྟར་གྱུར་པ། ཟེགས་པ། བྲུལ་བ། སའི་རྡུལ་དང་འདྲེན་འདྲེན་དུ་གྱུར་
པ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་དེ་དང་སྦྱོར་ཏེ། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ། ཕྱིའི་ལུས་དང་། ཕྱི་ནང་གི་ལུས་འདི་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་
པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་ལ་དེ་མི་དམིགས་པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ། ནང་གི་སེམས་དང་། ཕྱིའི་སེམས་དང་། ཕྱི་ནང་གི་
སེམས་ལ་དེ་མི་དམིགས་པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ། ནང་གི་ཆོས་དང་། ཕྱིའི་ཆོས་དང་། ཕྱི་ནང་གི་ཆོས་ལ་དེ་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན། ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་
เล่ม ๒๖ · หน้า 238a
སེམས་དང་། ཡིད་མི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་
འདི་ལྟར་ཡང་དག་པར་སྤོང་བ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར། དེ་མི་དམིགས་པའི་ཚུལ་གྱིས་མོས་པར་སྐྱེད་ཅིང་
རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་ཀྱི་མཐུ་སྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་སོ། །སྡིག་ཏོ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར། དེ་མི་དམིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་ཀྱི་མཐུ་
སྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་སོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། དེ་མི་དམིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་ཀྱི་མཐུ་སྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་སོ། །དགེ་
བའི་ཆོས་སྐྱེས་པའི་རྣམས་གནས་པ་དང་། ཕྱིར་ཞིང་བསྒོམ་པ་དང་། ཉམས་པར་མི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་མི་དམིགས་པའི་ཚུལ་གྱིས་མོས་པ་སྐྱེད་ཅིང་རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། སེམས་ཀྱི་མཐུ་སྐྱེད་དོ། །ཡང་དག་པར་
སྨོན་ལམ་འདེབས་ཏེ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། བཞི་གང་ཞེ་ན། རབ་འབྱོར་
འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་། ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་
เล่ม ๒๖ · หน้า 238b
སྤོང་བས་ཡོངས་སུ་གྲུབ་པ་སྒོམ་མོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་སྒོམ་མོ། །སེམས་ཀྱི་ཏིང་ངེ་
འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་སྒོམ་མོ། །དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་
གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་སྒོམ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་དབང་པོ་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། རབ་འབྱོར་འདི་ཡང་དེ་མི་
དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་སྟོབས་ལྔ་སྟེ། །ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་
སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས། ཡོངས་སུ་གྲུབ་པ་
เล่ม ๒๖ · หน้า 239a
དེ་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས། ཡོངས་སུ་གྲུབ་པ་དེ་མི་དམིགས་པའི་ཚུལ་གྱིས་
སྒོམ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ཡང་གང་ཞེ་ན།
ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས། ཡོངས་སུ་གྲུབ་པ་དེ་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་
མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས། ཡོངས་སུ་གྲུབ་པ་དེ་མི་དམིགས་པའི་ཚུལ་
གྱིས་སྒོམ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར། ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་།
མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་རྟོག་པའི་ཚེ། སེམས་གནས་པ་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་སྟེ། འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་
เล่ม ๒๖ · หน้า 239b
འཛིན་ཅེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་རྟོག་པའི་ཚེ། སེམས་གནས་པ་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྨོན་པ་མེད་པའི་ཏིང་ངེ་
འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་དོ། །ཞེས་མངོན་བར་འདུ་མི་བྱེད་པའི་ཚེ། སེམས་གནས་པ་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ། འདི་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་ལ་ཞུམ་པ་མེད་
པར་དྲན་པར་བྱ་སྟེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་ཤེས་པ་བཅུ་གཅིག་
སྟེ། བཅུ་གཅིག་གང་ཞེ་ན། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། འདྲིས་
པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤོང་བར་ཤེས་པའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་
པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་ཤེས་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མེད་པར་
ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་པའོ། །དེ་ལ་རྗེས་སུ་རྟོགས་པ་ཤེས་པ་གང་ཞེ་ན། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་ཅེས་བྱ་བར་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་
เล่ม ๒๖ · หน้า 240a
གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཤེས་པའོ། །དེ་ལ་འདྲིས་པ་ཤེས་པ་གང་ཞེ་ན། གང་གིས་ལམ་ཤེས་པ་དང་། ཡོངས་སུ་བྱང་བ་ཤེས་པའོ། །དེ་ལ་སྒྲ་ཇི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་
གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་
པོ་ནི། འདི་ལྟར་དབང་པོ་གསུམ་སྟེ། གསུམ་གང་ཞེ་ན། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ། །ཞེས་བྱ་བའི་དབང་པོ་དང་། ཡོངས་སུ་ཤེས་པའི་དབང་པོ་དང་། ཡོངས་སུ་ཤེས་པས་རྟོགས་པའི་དབང་པོའོ། །དེ་ལ་ཡོངས་སུ་མ་ཤེས་པར་ཡོངས་སུ་ཤེས་
པར་བྱའོ། །ཞེས་བྱ་བའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་ཡོངས་སུ་སྣང་བར་མ་གྱུར་
པ་འདི་ནི། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བའི་དབང་པོའོ། །དེ་ལ་ཡོངས་སུ་ཤེས་པའི་དབང་པོ་གང་ཞེ་ན། གང་ཟག་སློབ་པ་ཡོངས་སུ་ཤེས་པར་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་།
ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། འདི་ནི་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་ཡོངས་སུ་ཤེས་པས་རྟོགས་པའི་དབང་པོ་གང་ཞེ་ན། གང་ཟག་མི་སློབ་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་།
དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། རབ་འབྱོར་འདི་ནི་ཡོངས་སུ་ཤེས་པས་རྟོགས་པའི་དབང་པོ་ཞེས་བྱ་སྟེ། རབ་འབྱོར་འདི་ཡང་མི་
เล่ม ๒๖ · หน้า 240b
དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། རྟོག་པ་དང་བཅས་ཤིང་
དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཤིང་གནས་པ་འདི་ནི། རྟོག་པ་དང་
བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པའི་བར་ཏེ། འདི་ནི་རྟོག་པ་མྱེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྟོག་པ་མྱེད་
ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་
སྐྱེ་མཆེད་དང་། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་སྟེ། འདི་ནི་མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རབ་འབྱོར་འདི་ཡང་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་རྗེས་སུ་དྲན་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་
เล่ม ๒๖ · หน้า 241a
དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། སྐྱེ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་སྟེ། རབ་འབྱོར་འདི་ཡང་དེ་མི་
དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་
པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། དེ་ལ་བསམ་གཏན་བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་
ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་
བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་
བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་བ་ལ་མི་
เล่ม ๒๖ · หน้า 241b
དམིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་དག་ནི་བསམ་གཏན་བཞི་པའོ། །དེ་ལ་ཚད་མེད་པ་བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་དང་ལྡན་
པའི་སེམས་རྒྱ་ཆེན་པོ་ཤིན་དུ་ཡངས་པ། མི་གཉིས་པ། ཚད་མེད་པ། གཅུགས་མེད་པ། གནོད་པ་མེད་པ། ལྟོད་པ་མེད་པ། ཡོངས་སུ་རྫོགས་པ། ཤིན་དུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་
རྒྱས་པར་བཀང་སྟེ་མོས་པར་བྱས་ཤིང་། མི་དམྱིགས་པའི་ཚུལ་གྱིས་རྣམ་པར་སྤྱོད་དོ། །སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་དུ་ཡངས་པ། མི་གཉིས་པ། ཚད་མེད་པ། གཅུགས་མེད་པ། གནོད་པ་
མེད་པ། ལྟོད་པ་མེད་པ་ཡོངས་སུ་རྫོགས་པ། ཤིན་དུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་། མི་དམིགས་པའི་ཚུལ་གྱིས་རྣམ་པར་སྤྱོད་དེ། དེ་དག་ནི་ཚད་
མེད་པ་བཞིའོ། །དེ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ།
ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་
ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་
เล่ม ๒๖ · หน้า 242a
སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དག་ནི་གཟུགས་མེད་པའི་སྙོམས་
པར་འཇུག་པ་བཞིའོ། །དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་བ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི། རྣམ་པར་ཐར་པ་
གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་བ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་
ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་
ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་
འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་བར་ལ་དེ་མི་དམིགས་པའི་ཚུལ་གྱིས་ཉེ་བར་
བསྒྲུབས་ཏེ་གནས་སོ། །དེ་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །དེ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན།
เล่ม ๒๖ · หน้า 242b
སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་སྤྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་
སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བ་དང་། དྲན་པ་དང་ལྡན་ཞིང་ཤེས་
བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་
ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་
ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་
སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་
ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །
เล่ม ๒๖ · หน้า 243a
དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པའི་བར་ལ་དེ་མི་དམིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་དག་ནི་མཐར་གྱིས་གནས་པའི་སྙོམས་
པར་འཇུག་པ་དགུའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། བཅུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་ལ་སྤྱོད་པའི་ཚེ། གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ལས་ཡོངས་
སུ་ལེན་པའི་རྣམ་པར་སྨིན་པ་གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ནི་སྣ་ཚོགས་ཅན་ཏེ། འཇིག་རྟེན་གྱི་ཁམས་ནི་དུ་མ་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་
གཞན་དང་། གང་ཟག་གཞན་གྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་ཡང་། གང་ཟག་གཞན་གྱི་དབང་པོ་རབ་དང་། ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་དུ་འགྲོ་
བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་བ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་
པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་པ་ནས། རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པའི་བར་དུ། རྣམ་པ་དུ་མར་སྔོན་གྱི་གནས་རྗེས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด