འཕགས་མ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་གྲ་ཧ་མཱ་ཧྲྀ་ཀཱ་ནཱ་མ་དྷཱ་ར་ཎཱི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๐๑ · หน้า 150a
༄༅། །རྒྱ་གར་སྐད་དུ། ཨཱརྱ་གྲ་ཧ་མཱ་ཧྲྀ་ཀཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་
མ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། འཕགས་མ་བཅོམ་ལྡན་འདས་མ་གཟའ་རྣམས་ཀྱི་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང་། ཀླུ་དང་། གནོད་
སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བདུད་དང་། གཤིན་རྗེ་དང་། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། གཟའ་ལྷག་དང་། ཕུར་བུ་དང་།
པ་བསངས་དང་། སྤེན་པ་དང་། སྒྲ་གཅན་དང་། མཇུག་རིངས་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དུ་མས་བསྟོད་ཅིང་། རྡོ་རྗེ་ཆེན་པོ་དམ་ཚིག་གི་རྒྱན་གྱིས་བྱིན་གྱིས་བརླབས་པའི་སེང་གེའི་ཁྲི་ལ་བཞུགས་ཏེ་བྱང་ཆུབ་སེམས་དཔའ་དུ་མ་དང་
เล่ม ๑๐๑ · หน้า 150b
ཐབས་ཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཏུམ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྡེ་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྡོ་རྗེ་གཞུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བདག་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འོད་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་གཟིགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་ཏོག་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞལ་རས་རྒྱས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྤྱན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་
དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བརྒྱ་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་བ་ལ་ཆོས་སྟོན་ཏེ། བཀོད་པ་ཆེན་པོའི་རྒྱན་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། ཐོག་
མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དགའ། ཡོངས་སུ་བྱང་བའི་ཆོས་སྟོན་པར་མཛད་དོ། །དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱག་ན་རྡོ་རྗེས་འཁོར་དེ་རྣམས་ལ་
བལྟས་ནས་ལངས་ཏེ། བདག་གི་རྫུ་འཕྲུལ་གྱི་བྱིན་གྱིས་བརླབས་ཀྱིས་བཅོམ་ལྡན་འདས་ལ་ལན་སྟོང་ཕྲག་དུ་མར་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ། སྙེམས་པ་དང་བཅས་པས་སྐྱིལ་མོ་ཀྲུང་ལེགས་པར་བཅས་པས་འཁོར་དེ་རྣམས་ལ་བལྟས་
เล่ม ๑๐๑ · หน้า 151a
ཏེ། རྡོ་རྗེ་ཐལ་མོ་རང་གི་སྙིང་གར་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟའ་རྣམས་ནི་གཏུམ་ཞིང་གཏུམ་པའི་གཟུགས་ཅན་དྲག་ཅིང་དྲག་པའི་གཟུགས་ཅན་ཁྲོ་ཞིང་ཁྲོ་བའི་སེམས་ཀྱིས་སེམས་ཅན་རྣམས་
ལ་རྣམ་པར་འཚེ་ཞིང་གནོད་པར་བགྱིད་ལ་མདངས་འཕྲོག་པར་བགྱིད་དེ། ཁ་ཅིག་ནི་ནོར་རྫས་འཕྲོག་པར་བགྱིད། ཁ་ཅིག་ནི་སྲོག་འཕྲོག་པར་བགྱིད། སེམས་ཅན་ཚེ་རིང་པོ་ཁ་ཅིག་ནི་ཚེ་ཐུང་བར་བགྱིད། དེ་ལྟར་སེམས་ཅན་རྣམས་ལ་གནོད་པས་འཚེ་
བར་བགྱིད་པས་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་རྣམས་ལ་སྲུང་བར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་ཁྱོད་ཀྱིས་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་དོན་དུ་
སྙིང་རྗེ་བསྐྱེད་ནས་གསང་བ་ཆེན་པོ་ཤིན་ཏུ་གསང་བ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ། །དེ་དག་ངས་བཤད་ཀྱིས་ཉོན་ལ་ལེགས་པར་རབ་ཏུ་ཟུང་ལ་ཡིད་ལ་གྱིས་ཤིག །གཟའ་རྣམས་གཏུམ་པའི་གཟུགས་ལ་ཤིན་ཏུ་ཁྲོ་ཞིང་འཇིགས་
པ་རྣམས་ལ་མཆོད་པ་བཟང་པོ་མཆོད་ཡོན་དང་བཟླས་བརྗོད་བཟང་པོ་གསང་བ་ལས་ཆེས་གསང་བ་ངས་བཤད་པར་བྱའོ། །དེ་དག་མཆོད་པས་མཆོད་འགྱུར་ཞིང་། །གནོད་པ་བྱས་ན་གནོད་བྱེད་པ། །གཟའ་དེ་ཀུན་གྱི་ཁ་དོག་དང་། །ཇི་ལྟར་དགའ་བར་འགྱུར་
བ་དང་། །ལྷ་རྣམས་དང་ནི་ལྷ་མིན་དང་། །མི་འམ་ཅི་དང་ཀླུ་དག་དང་། །གནོད་སྦྱིན་རྣམས་དང་སྲིན་པོ་དང་། །སྲུལ་པོ་དང་ནི་མི་རྣམས་དང་། །དྲག་པོ་གཟི་བརྗིད་ཆེན་པོ་དག །ཁྲོས་པ་ཞི་བར་བྱེད་པ་ཡི། །གསང་སྔགས་དང་ནི་མཆོད་པ་དག །རིམ་
པ་བཞིན་དུ་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱི་ཐུགས་ཀ་ནས་སྙིང་རྗེ་རྣམ་པར་རོལ་བ་ཞེས་བྱ་བའི་འོད་ཟེར་འབར་བ་ཕྱུང་ནས་གཟའ་རྣམས་ཀྱི་སྤྱི་བོར་ཞུགས་པར་གྱུར་ཏོ། །དེ་ནས་དེ་ཉིད་ཀྱི་སྐད་ཅིག་ཉིད་ལ་ཉི་མ་ལ་སོགས་པའི་
เล่ม ๑๐๑ · หน้า 151b
གཟའ་རྣམས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་རྣམས་ལ་སྨན་ཡོན་བཏགས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་
རྣམ་གྲངས་བསྟན་དུ་གསོལ། བཅོམ་ལྡན་འདས་གང་གིས་བདག་ཅག་རྣམས་ཚོགས་ནས་ཡོ་བྱད་དུ་གྱུར་པར་བྱེད་པའི་ཆོས་སྨྲ་བ་རྣམས་ལ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། རིམ་གྲོ་དང་ཆད་པ་བཟློག་
པ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བར་འགྱུར་བ་རྣམས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཤཱཀྱ་ཐུབ་པས་གཟའ་རྣམས་ཀྱི་མཆོད་པ་དང་གསང་སྔགས་བཀའ་སྩལ་པ། ཇི་ལྟ་བའི་རིམ་པའི་ཁ་དོག་གི་དབྱེ་བས་ཕྱོགས་རྣམས་སུ་དྲིའི་དཀྱིལ་འཁོར་བྱས་ལ་པདྨ་སོར་བཅུ་གཉིས་ཀྱི་ཚད་དུ་བྱས་པའི་འདབ་མ་བྲིས་ཏེ། ལྟེ་བ་ཡང་སོར་བཅུ་
གཉིས་པ་ལ་སྒོ་བཞིས་མཛེས་པ་རིམ་པ་བཞིན་དུ་བྱས་པ་ལ་པདྨ་རྒྱས་པའི་སྟེང་དུ་ལྷ་ཉི་མ་བསམ་པར་བྱ་བ་ནི་ལུས་གཟི་བརྗིད་ཀྱི་ཕུང་པོ་ལི་ཁྲི་ཉེ་བར་འབར་བ་ལྟ་བུ་ཉི་མ་སྟོང་དང་མཚུངས་བའི་འོད་ཟེར་ཅན་ནོ། །ཨོཾ་མཻ་གྷོལྐཱ་ཡ་སྭཱ་ཧཱ། ཤར་དུ་ཟླ་བ་དཀར་བོ།
ཨོཾ་ཤི་ཏཱཾ་ཤ་བེ་སྭཱ་ཧཱ། མེའི་མཚམས་སུ་མིག་དམར་པོ། ཨོཾ་རཀྟཱཾ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་རྒྱལ་རིགས་གཟའ་ལྷག་མདོག་སེར་པོ། ཨོཾ་བུ་དྷཱ་ཡ་སྭཱ་ཧཱ། བདེན་བྲལ་དུ་ཕུར་བུ་དམར་སེར། ཨོཾ་བྲཾ་ཧ་སྤ་ཧ་ཡེ་སྭཱ་ཧཱ། ནུབ་ཀྱི་
ཕྱོགས་སུ་བ་བ་སངས་དཀར་པོ། ཨོཾ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། རླུང་དུ་སྤེན་པ་མིག་སྨན་ལྟར་ཤིན་ཏུ་གནག་པ། ཨོཾ་ཀྲྀཥྞ་ཝརྞྞླ་ཡ་སྭཱ་ཧཱ། ལུས་ངན་པོའི་ཕྱོགས་སུ་སྒྲ་གཅན་དམར་ནག །ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་མཚམས་སུ་
เล่ม ๑๐๑ · หน้า 152a
དུད་སྤྲིན་གྱི་མདོག་ལྟ་བུའི་མཇུག་རིངས། ཨོཾ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། ཤར་གྱི་སྒོར་རྗེ་བཙུན་སངས་རྒྱས། ལྷོ་སྒོར་ཕྱག་ན་རྡོ་རྗེ། ནུབ་སྒོར་འཇིག་རྟེན་མགོན་པོ། བྱང་གི་སྒོར་འཇམ་དཔལ་ལོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་བྱང་ཤར་དུ་
གཟའ་ཐམས་ཅད་དོ། །ཤར་ལྷོའི་མཚམས་སུ་ཁྱིམ་རྣམས་དང་རྒྱུ་སྐར་རྣམས་སོ། །ལྷོ་ནུབ་ཏུ་གནོད་པ་ཐམས་ཅད་དོ། །ནུབ་བྱང་དུ་རྗེ་བཙུན་རིག་པ་ཆེན་མོའོ། །དཀྱིལ་འཁོར་གྱི་སྒོའི་ཕྱི་རོལ་གྱི་ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་
མིག་མི་བཟང་། བྱང་དུ་ལུས་ངན་པོའོ། །ཉི་མའི་འོ་ཐུག་དང་། ཟླ་བའི་ཞོ་ཟན་དང་། མིག་དམར་གྱི་སྲན་མ། མ་ཤའི་བཟའ་བ་དང་། ལྷག་པའི་མར་གྱི་ཁུར་བ་དང་། ཕུར་བུའི་འོ་མ་དང་། བ་བ་སངས་ཀྱི་ཁུར་བ་དང་། སྤེན་པའི་སྲན་མ། མ་ཤ་
དང་། མུ་ངག་བསྲེས་པ་དང་། སྒྲ་གཅན་གྱི་ཏིལ་གྱི་ཐུག་པ་དང་། མཇུག་རིངས་ཀྱི་ཏིལ་གྱི་ཐུག་པ་དང་། བུ་རམ་གྱི་ཚོད་མའོ། །གནོད་སྦྱིན་གྱི་གཏོར་མ་ནི་ཡུལ་འཁོར་སྲུང་གི་ཞོ་ཟན་ནོ། །འཕགས་སྐྱེས་པོའི་ཞོ་དང་སྲན་མ། མ་ཤའི་བཟའ་བའོ། །མིག་
མི་བཟང་གི་འོ་ཐུག་གི་བཟའ་བའོ། །ལུས་ངན་པོའི་ཞོ་དང་སྲན་མ། མ་ཤའི་བཟའ་བ་དང་བུ་རམ་ཆང་དང་སྦྱར་བའོ། །ཇི་ལྟ་བའི་རིམ་པའི་ཁ་དོག་གི་མེ་ཏོག་དབུལ་ལོ། །ཇི་ལྟ་བའི་རིམ་པའི་ཁ་དོག་གི་བདུག་སྤོས་དབུལ་ལོ། །ཇི་ལྟ་བའི་རིམ་པའི་ཁ་
དོག་གི་བ་དན་དབུལ་ལོ། །སོ་སོ་ལ་མར་མེ་དབུལ་ལོ། །ཇི་ལྟ་བའི་རིམ་པའི་མཆོད་པ་བྱའོ། །མར་དང་སྦྲང་རྩིས་དུང་ཕོར་བཀང་སྟེ་རིན་ཆེན་སྣ་ལྔ་བཅུག་ལ་མཆོད་ཡོན་དབུལ་ཞིང་གདོང་ལ་ཡང་དར་བཅིང་བར་བྱའོ། །ལག་ན་རྡོ་རྗེ་གཟའ་འདི་རྣམས་
ཀྱི་སྙིང་པོའི་སྔགས་བཀླགས་པས་འགྲུབ་པ་རྣམས་ཡིན་ཏེ། ཇི་ལྟ་བའི་རིམ་པའི་ཁ་དོག་དང་མཐུན་པའི་སྤོས་ཀྱི་དཀྱིལ་འཁོར་སོར་བཅུ་གཉིས་པ་བྱས་པའི་དབུས་སུ་མཆོད་པར་བྱའོ། །ཁམ་པའམ་ཟངས་ལ་སོགས་པ་འམ། གསེར་རམ་དངུལ་གྱི་
เล่ม ๑๐๑ · หน้า 152b
སྣོད་དུ་མཆོད་ཡོན་ཕུལ་ནས། རེ་རེ་ལ་ཡང་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་རྩ་བརྒྱད་བྱའོ། །ལག་ན་རྡོ་རྗེ་དེ་ནས་ཡང་དེའི་འོག་ཏུ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་སྔགས་ཀྱི་ཚིག་རྣམས་ལན་བདུན་བརྗོད་པར་བྱའོ། །དེ་ནས་གཟའ་ཉི་མ་ལ་སོགས་པའི་གཟའ་
ཐམས་ཅད་ཀྱིས་སྲུང་བར་བྱེད་པར་འགྱུར་རོ། །དབུལ་བའི་གདོན་ལས་གྲོལ་བར་བྱེད་དོ། །ཚེ་ཟད་པ་རྣམས་ཚེ་རིང་བར་འགྱུར་རོ། །ལག་ན་རྡོ་རྗེ་ཡང་གང་ཞིག་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་སམ། སེམས་
ཅན་གཞན་སེམས་ཅན་གྱི་སྐྱེ་བར་གཏོགས་པ་གང་དག་གི་རྣ་ལམ་དུ་ཐོས་ན་དེ་དག་ཀྱང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལག་ན་རྡོ་རྗེ་ཡང་གང་ཞིག་གཟའ་རྣམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མཆོད་ཅིང་། ཉིན་གཅིག་བཞིན་དུ་ཀློག་པར་བྱེད་
པའི་ཆོས་སྨྲ་བར་བྱེད་པ་དེ་ལ་གཟའ་རྣམས་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བདག་ཉིད་ཀྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེའི་རིགས་རྒྱུད་ཀྱི་དབུལ་བ་ཡང་ཉམས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་
ཐུབ་པས་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་བཀའ་སྩལ་པ། ན་མོ་བུད་དྷཱ་ཡ། ན་མོ་བཛྲ་དྷཱ་རཱ་ཡ། ན་མོ་པདྨ་དྷ་རཱ་ཡ། ན་མོ་ཀུ་མཱ་རཱ་ཡ། ན་མོ་གྲ་ཧཱ་ཎཱཾ། སརྦཱ་ཤ་པ་རི་པཱུ་ར་ཀཱ་ནཱཾ། ན་མོ་ནཀྵ་ཏྲཱ་ཎཱཾ། ན་མོ་དྭཱ་ད་ཤ་རཱ་ཤཱི་ནཱཾ། ཏདྱ་ཐཱ། ཨོཾ་
བུདྡྷེ་བུདྡྷེ། བཛྲེ་བཛྲེ། པདྨེ་པདྨེ། ས་ར་ས་ར། པྲ་ས་ར་པྲ་ས་ར། སྨ་ར་སྨ་ར། ཀྲཱི་ཌ་ཡ་ཀྲཱ་ཌ་ཡ། མཱ་ར་ཡ་མཱ་ར་ཡ། མཱརྡྷ་ཡ་མཱརྡྷ་ཡ། གྷཱ་ཊ་ཡ་གྷཱ་ཊ་ཡ། སརྦ་པིགྷྣཱཾ། ཀུ་རུ་ཀུ་རུ། མ་མ་ཀཱ་རྱཱཾ། ཚིནྡྷ་ཚིནྡྷ། སརྦ་དུཥྚཱཾ། ཀྵཱ་པ་ཡ་
ཀྵཱ་པ་ཡ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། ཧཱ་མ་ཡ་དཱ་མ་ཡ་སྭཱ་ཧཱ། དྲུ་ཏཱ་ན་ད་རྴ་ཡ། ཨཱཏྨ་ནཾ། རཀྵ་རཀྵ་མཱཾ། སརྦ་སཏྲཱཾ་ཤྩ། སརྦ་གྲ་ཧ་ན་ཀྵ་ཏྲ། བི་དྷྭཾ་ས་ནི་བརྟྟ་ཡ། བྷ་ག་བ་ཏི་མ་ཧཱ་མཱ་ཡེ། པྲ་སཱ་ད་ཡ། སརྦ་དུཥྚཾ་ཤོ་དྷ་ཡ་སརྦ་པཱ་པཾ། ཙཎྜེ་
เล่ม ๑๐๑ · หน้า 153a
ཙཎྜེ། ཏུ་རུ་ཏུ་རུ། ཙཎྜེ་ནི་ཙཎྜེ་ནི། མུ་ཡུ་སུ་ཡུ། མུ་ཙུ་མུ་ཙུ། བ་ཧ་བ་ཧ། ཨུ་གྲེ་ཨུ་གྲ་ཏ་མེ། པཱུ་ར་ཡ་མེ། མ་ནོ་ར་ཐཾ་པ་རི་པཱུ་ར་ཡ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་ས་མ་ཡེ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཧཱུྃ་སྭཱ་ཧཱ། ཧྲཱི་སྭཱ་ཧཱ། དྷྲུཾ་སྭཱ་ཧཱ།
དྷྲིཾ་སྭཱ་ཧཱ། པདྨ་དྷ་རཱ་ཡ་སྭཱ་ཧཱ། ཨཱ་དི་ཏྱཱ་ཡ་སྭཱ་ཧཱ། སཽ་མཱ་ཡ་སྭཱ་ཧཱ། དྷཱ་ར་ཎཱི་སུ་ཏཱ་ཡ་སྭཱ་ཧཱ། བཽ་དྷཱ་ཡ་སྭཱ་ཧཱ། པྲྀ་ཧ་སྤ་ཏ་ཡེ་སྭཱ་ཧཱ། ཤུ་ཀྲཱ་ཡ་སྭཱ་ཧཱ། ཀྲྀཥྞ་ཝརྞྞ་ཡ་སྭཱ་ཧཱ། རཱ་ཧ་བེ་སྭཱ་ཧཱ། ཀེ་ཏ་བེ་སྭཱ་ཧཱ། བུད་དྷཱ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པདྨ་
དྷ་རཱ་ཡ་སྭཱ་ཧཱ། ཀུ་མཱ་རཱ་ཡ་སྭཱ་ཧཱ། སརྦ་གྲ་ཧེ་བྷྱཿསྭཱ་ཧཱ། སརྦ་ན་ཀྵ་ཏྲེ་བྷྱཿསྭཱ་ཧཱ། སརྦ་དྭཱ་ད་ཤ་རཱ་ཤི་ནི་བྷྱཿསྭཱ་ཧཱ། སརྦ་ཨུ་པ་དྲ་བེ་བྷྱཿསྭཱ་ཧཱ། ཨོཾ་སརྦ་བི་དྱེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལག་ན་རྡོ་རྗེ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་སྔགས་ཀྱི་ཚིག་
འདི་དག་སྟོན་ཟླ་ཐ་ཆུངས་སྨིན་དྲུག་གི་ཟླ་བའི་ཡར་ངོའི་ཚེས་བདུན་ནས་བརྩམས་ཏེ། གསོ་སྦྱོང་བླངས་ནས་ཚེས་བཅུ་བཞིའི་བར་དུ་ཉིན་གཅིག་བཞིན་དུ་མཆོད་ཅིང་བརྗོད་པར་བྱས་ནས་དེ་ནས་ཉ་ལ་ཉིན་མཚན་ཐོག་ཐག་བཀླགས་ན་དེ་ལ་ལོ་དགུ་བཅུ་རྩ་དགུའི་བར་དུ་འཆི་
བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །སྐར་མདའ་ལྟུང་བ་དང་། གཟའ་དང་རྒྱུ་སྐར་གྱིས་གདུངས་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །སྐྱེ་བ་དྲན་པར་འགྱུར་རོ། །གཟའ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །གཟའ་རྣམས་ཀྱིས་དེ་ལ་ཅི་
འདོད་པའི་མཆོག་སྟེར་བར་འགྱུར་རོ། །དེ་ནས་གཟའ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས་མི་སྣང་བར་གྱུར་ཏོ། །འཕགས་མ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱལ་བློན་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་སྐུ་རིང་ལ་བསྒྱུར་བ་ལས། དུས་ཕྱིས་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་དབེན་གནས་སུ་རྒྱ་དཔེ་ལ་གཏུགས་ནས་ཤིན་ཏུ་དག་པར་བྱས་པའོ།། །།
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด