དཀར་ཆག
ชื่อนี้มาจากชื่อไฟล์ของเล่มในต้นทาง
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๑๓ · หน้า 251a
པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང༌། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆེན་པོ་ས་སྐྱ་པཎྜི་ཏ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པ་སྟེ། དཔལ་ས་སྐྱ་པའི་རྗེ་བཙུན་གོང་མ་ལྔར་གྲགས་
པའི་གསུང་རབ་ཀྱི་སྐོར་ལ། གསུང་རབ་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་སྐོར་གྱི་གླེགས་བམ་དང༌། ཆོས་སྲུང་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དང་དཔལ་མགོན་གདོང་བཞི་པའི་སྒྲུབ་སྐོར་དང༌། ལྕགས་རིའི་ཁོངས་ལས་མི་འདའ་བའི་གསེར་ཆོས་དང་
ཟབ་ཆོས་ལ་སོགས་པ། གསང་སྔགས་འཛིན་པ་ཐུན་མོང་བའི་སྤྱོད་ཡུལ་དུ་མ་བཏུབ་པ་རྣམས་ལོགས་སུ་བཞག །གསང་སྔགས་འཛིན་པ་ཐུན་མོང་བར་ཡོངས་སུ་གྲགས་པའི་བསྟན་བཅོས་རྣམས་བསྡོམས་པར་གླེགས་བམ་བཅོ་ལྔ་སྟེ། དེ་དག་གི་ཆོས་ཀྱི་རྣམ་གྲངས་རྒྱས་པར་ནི་
དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེ་མིག་ཏུ་བཀོད་པ་ལྟར། ཕྱི་མོ་རྫོགས་པ་མེ་མོ་སྦྲུལ་གྱི་ལོར་ཡོངས་སུ་གྲུབ་པ་ནས་བརྩམས་ཏེ། ཤིང་བྱི་འདི་ཡན་ཆད་དུ་ཡོངས་སུ་ཚང་བ་ཚར་གྲངས་བརྒྱ་ཕྲག་
གསུམ་ཙམ་ཆོས་ཀྱི་སྦྱིན་པར་བཏང་བ་དང༌། གཞན་ཡང་ངོར་ལུགས་གཙོ་བོར་བཏོན་པའི་ཆོས་སྤྱོད་ཀྱི་རིགས་དང༌། སྒྲུབ་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་དང༌། མཆོད་པ་དང༌། གཏོར་མ་ལ་སོགས་པ་ཉེ་བར་མཁོ་བའི་རིགས་སུ་གཏོགས་པ་དང༌། གསོ་བ་རིག་པའི་
རྒྱུད་བཞི་དང༌། མན་ངག་རྒྱུད་ཀྱི་ལྷན་ཐབས་སོགས། བསྡོམས་པ་གླེགས་བམ་བཅུ་གཅིག་ཙམ་པར་དུ་བསྒྲུབས་ཏེ་ཆོས་ཀྱི་སྦྱིན་པ་བཏང་ངོ༌། །ཁྱད་པར་སྡོམ་བརྩོན་བླ་མ་ཆེན་པོ་འདི་ཉིད་ཆོས་དང་སྲིད་པའི་གཙུག་ལག་ཉི་ཟླའི་སྒྲོན་མ་ཟུང་འབྲེལ་བ་ལྟ་བུའི་ཕྲིན་ལས་ཀྱི་སྣང་བ་དཀར་པོ་ཕྱོགས་
ཀྱི་དཀྱིལ་འཁོར་ཀུན་དུ་འཕྲོ་བ། དཔལ་སྡེ་དགེ་རྒྱལ་པོ་ཞེས་ཡོངས་སུ་གྲགས་པ་གང་གི་གདན་རབས་ཀྱི་ཁྲི་འཕང་མཐོན་པོ་གང་ན་བར། བསོད་ནམས་དཔག་ཏུ་མེད་པ་མངོན་པར་འདུ་བགྱིས་པའི་ལས་ཤུགས་དང༌། དམན་པ་མིན་པའི་སྟོབས་ཀྱི་འཁོར་ལོས་མངའ་བསྒྱུར་བ་ནས་བརྩམས་
เล่ม ๒๑๓ · หน้า 251b
ཏེ། ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་མ་ལུས་པ་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་བརྡའི་ལམ་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་
ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པ་ཞེས་བྱ་བ། སྲིད་པ་གསུམ་གྱི་མཆོད་སྡོང་སྔ་ན་མེད་པའི་ཆོས་སྦྱིན་གྱི་ཕྱི་མོ་འདི་ཉིད་གསར་དུ་བསྐྲུན་པར་བརྩམས་ཤིང༌། ཤིང་ཕོ་བྱི་བའི་ལོར་ཡོངས་སུ་གྲུབ་པར་བགྱིས་ཏེ། དེའི་འཕྲལ་ལའང་དགོངས་འགྲེལ་ཡོངས་སུ་ཚང་བ་ཚར་ཉི་ཤུ་རྩ་
གཅིག་ཙམ་ཆོས་ཀྱི་སྦྱིན་པར་སྩལ་བ་དང༌། ད་ལྟར་སྩོལ་བཞིན་པ་ནས། མ་འོངས་དུས་ཀྱི་བསྐལ་པ་ནས་བསྐལ་པའི་ཕྲེང་བ་ཀུན་དུ་ཡང་དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེ་ཞིང་རྒྱུན་མི་ཆད་པར་སྩལ་བའི་དམ་བཅའ་བརྟན་པའི་རྭ་བ་ནི་ནམ་ཡང་གཞིག་ཏུ་མེད་པའི་རང་བཞིན་ཅན་ནོ། །
དེ་ལྟར་ཇི་སྐད་བཤད་པའི་རྣམ་དཀར་གྱི་ལེགས་བྱས་ཆེན་པོ་དེ་དག་འགྲུབ་ཏུ་ཉེ་བ་དང༌། ཇི་ཙམ་ན་རྡོ་རྗེ་སྙེམས་མའི་བདག་པོ་དང་གཉིས་སུ་མེད་པའི་ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པའི་ཞལ་གྱི་སྒོ་ནས་སྡོམ་
བརྩོན་སྐྱེ་དགུའི་བདག་པོ་དེ་ལ་འདི་སྐད་དུ་མཆིད་པ་ཐོས་ཏེ། འདིར་གསུང་ངག་རིན་པོ་ཆེའི་ཁོག་ཕུབ་པ་ལ་སོགས་པ་མཚན་གྱི་ཕྲེང་བས་གསལ་བར་བྱས་པ་འདི་དག་ཀྱང་པར་གྱི་རྒྱུན་དུ་བསྒྲུབ་པའི་བདག་རྐྱེན་མཛོད་ཅིག །དེ་ལྟར་བྱུང་ན་འགྲོ་བ་མང་པོ་ཞིག་ལ་ཕན་པར་འགྱུར་རོ་ཞེས་
བཀའ་ལུང་སྙན་དགུ་རྫོགས་པའི་ཕྲིན་ཡིག་དམ་པ་དེ་ཉིད་ཀྱིས་ཉེ་བར་ཕྱིན་པར་གྱུར་ཏོ། །དེ་ལྟར་སོན་པ་དང༌། ཇི་སྐད་དུ། བློ་གྲོས་ཆེན་པོས་དགའ་སེམས་དང༌། །བླ་མའི་བཀའ་ནི་འབད་དེ་མཉན། །རིག་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ནི་ཚིག་གིས་སྦྱང༌། །བླ་མ་
ལས་ནི་དངོས་གྲུབ་དང༌། །མཐོ་རིས་དང་ནི་བདེ་བ་འཐོབ། །དེ་བས་འབད་པ་ཐམས་ཅད་ཀྱི། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་དང༌། བླ་མ་ལས་ནི་བཀའ་སྩོལ་ཞུ། །བཀའ་བཞིན་བགྱི་ཞེས་བརྗོད་བྱས་ལ། །ཐལ་མོ་སྦྱར་ཞིང་མ་ཡེངས་པར། །བླ་མའི་བསྒོ་
เล่ม ๒๑๓ · หน้า 252a
བ་མཉན་པར་བྱ། །ཞེས་འབྱུང་བ་ལྟར་བླ་མའི་བཀའ་བཞིན་སྒྲུབ་པའི་གང་ཟག་གང་ཡིན་པ་དེ་ནི་དངོས་གྲུབ་མང་པོའི་སྣོད་དུ་འགྱུར་བར་དགོངས་བཞིན་པས་ཇི་ལྟར་སྩལ་བ་དེ་ལྟར་དུ་བགྱི་ཞེས་འཛུམ་པའི་མདངས་དང་བཅས་པས་ཞལ་གྱིས་འཆེས་པ་
ལྟར། སླར་ཡང་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་གྱི་མན་ངག་གསུང་ངག་རིན་པོ་ཆེའི་བྱོན་ཚུལ་ཁོག་ཕུབ་དང་བཅས་པ་རྒྱས་པར་བཤད་པ་ལེགས་བཤད་འདུས་པའི་རྒྱ་མཚོ་ཞེས་བྱ་བ་དང༌། ཀུན་མཁྱེན་ཆེན་པོ་རོང་སྟོན་པའི་རྣམ་ཐར་ངོ་མཚར་དད་པའི་རོལ་མཚོ།
རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་བཟང་པོ་དཔལ་གྱི་རྣམ་ཐར་གཞན་ལ་ཕན་པའི་འོད་ཟེར་དང་གསུམ་ལ་གླེགས་བམ་གཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཆེན་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པའི་རྣམ་ཐར་ཕྱོགས་གཅིག་ཏུ་བསྒྲིགས་པ་
གླེགས་བམ་གསུམ། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་རྨད་དུ་བྱུང་བ་མཛད་པ་འཁྲུལ་པ་མེད་པར་བརྗོད་པ་བདེ་བར་གཤེགས་པའི་སྤྱོད་པ་མཆོག་གི་གཏེར་ཞེས་བྱ་བ་གླེགས་བམ་གཅིག །བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་
པོ་ཆེའི་མཛོད་དང༌། རྒྱལ་རབས་གསལ་བའི་མེ་ལོང་གཉིས་ལ་གླེགས་བམ་གཅིག །མ་ཎི་བཀའ་འབུམ་གླེགས་བམ་གཉིས། པདྨ་བཀའི་ཐང་ཡིག་གླེགས་བམ་གཅིག །ཐང་ཡིག་སྡེ་ལྔ་གླེགས་བམ་གཅིག །སྒྲ་བསྒྱུར་མར་པའི་རྣམ་ཐར་དང༌། རྗེ་བཙུན་མི་ལའི་
རྣམ་ཐར། རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་བཅས་གླེགས་བམ་གཅིག །ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻ་ཌཱུར་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར་གླེགས་བམ་གཉིས། བསྟན་བཅོས་བཻ་ཌཱུར་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་
སེལ་དོན་གྱི་བཞིན་རས་སྟོན་བྱེད་སྙན་སྒྲོན་དང་བཅས་པ་གླེགས་བམ་གཉིས། གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་སྨན་རྒྱུད་བཞིའི་གསལ་བྱེད་བཻ་ཌཱུར་སྔོན་པོའི་མལླི་ཀ་ཞེས་བྱ་བ་གླེགས་བམ་གཉིས། ཀླུ་འབུམ་དཀར་ནག་ཁྲ་གསུམ་གླེགས་བམ་
เล่ม ๒๑๓ · หน้า 252b
གཅིག སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན་གླེགས་བམ་གཅིག་སྟེ། མདོར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ཉིད་དང༌། ཤཱཀྱའི་
རྒྱལ་པོའི་སྲས་སུ་གྱུར་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ། ཤེས་པར་བགྱི་བའི་གནས་མ་ལུས་པ་ལ་སྦྱངས་པ་རྒྱ་མཚོའི་མཐར་སོན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པ། ཆོས་ཀྱི་སྤྱན་ཡངས་ཤིང་དྲི་མ་མེད་པ་མངའ་བ། ཆོས་བཞིན་སྤྱོད་ཀྱིན་ཆོས་བཞིན་དུ་
འདོམས་པ། ཆོས་ཀྱི་ཚུལ་མཐའ་དག་སོ་སོར་སྨྲ་བ་ལ་ཚིག་གི་དབང་ཕྱུག་གྲུབ་པ་རྣམས་ཀྱིས་ལེགས་པར་གསུངས་པའི་གསུང་གི་ཕྲིན་ལས་ཀྱི་རྒྱུན་ཆེན་པོའི་དམ་པའི་ཆོས་ཕལ་ཆེ་བ་དག་ནུབ་པར་མི་འགྱུར་བའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་རྟག་ཏུ་འབྱུང་བའི་པར་གྱི་མ་མོ་འདི་
དག །རྨད་དུ་བྱུང་བའི་བཟོད་པ་དམ་པའི་གོ་ཆས་ཀུན་ནས་བརླིང་བར་བྱས་པའི་ཐུགས་བསྐྱེད་དམན་པ་མིན་པའི་སྟོབས་ནི། སྲེད་མེད་བུའི་དཔལ་ལ་ཡང་ཅོ་འདྲི་བར་བཟོད་པའི་སྡོམ་བརྩོན་བསྟན་པའི་སྦྱིན་བདག་ཆེན་པོ་གང་གིས་འབད་པ་དུ་མའི་སྒོ་ནས་བདག་པོའི་རྐྱེན་
ལེགས་པར་སྦྱར་ཏེ། འཇིག་རྟེན་གྱི་ཁམས་མ་ལུས་པའི་མུན་པ་མཐའ་དག་དཔྱིས་འབྱིན་བྱེད་པའི་ཆོས་ཀྱི་ཉི་མ་ཆེན་པོ་འདི་དག་གསར་དུ་བསྒྲུབས་སོ། །བསྒྲུབས་ནས་ཀྱང་ཕྱོགས་བཅུའི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ཀྱང་སྡོམ་བརྩོན་སྐྱེ་དགུའི་བདག་
པོ་འདིའི་ཆོས་ཀྱི་སྦྱིན་པ་གཏོང་བའི་ཞིང་དུ་ལྷགས་པ་ནི། འདི་ལྟ་སྟེ། གང་དག་འགྲོ་བ་མང་པོའི་དོན་ལ་རྩེ་གཅིག་ཏུ་གཞོལ་བའི་བླ་མ་དང༌། དགེ་སློང་དང༌། དགེ་ཚུལ་དང༌། དགེ་བསྙེན་དང༌། གཞན་ཡང་མི་དཔོན་དང༌། བློན་པོ་དང༌། འཁོར་དང༌། ཡང་འཁོར་
དང༌། ཁྱིམ་བདག་དང༌། ཞོ་ཤས་འཚོ་བ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་གི་ཆོས་ཚུལ་རྙོག་པ་མེད་པ་གང་དག་བཞུགས་པ་ལ། གུས་པའི་རི་མོ་ཡོངས་སུ་ལྷོད་པར་མ་གྱུར་པའི་སའི་སྟེང་གི་སྐྱེ་འགྲོ་རིས་སུ་མ་ཆད་པ་རྣམས་ཏེ། དེ་དག་ཐམས་ཅད་ལ་བདེ་
เล่ม ๒๑๓ · หน้า 253a
བར་གཤེགས་པའི་བསྟན་པ་དམ་པའི་ཆོས་ཀྱི་སྦྱིན་པ་ཟད་མི་ཤེས་པའི་སྣང་བ་ཆེན་པོ་བཀྱེ་སྟེ། དེའང་དོན་དུ་གཉེར་བའི་འགྲོ་བ་རང་རང་གི་བློ་དང་མོས་པར་འཚམ་པའི་ཆོས་ཀྱི་རྣམ་གྲངས་གང་དང་གང་ཡིན་པ་དེ་དག །ཆེ་བའི་ཡོན་ཏན་དང་ཕན་ཡོན་བསམ་
གྱིས་མི་ཁྱབ་པ་རྣམས་རྗེས་སུ་གདམས་པ་དང་བཅས་པའམ། ཡང་ན་དགེ་བའི་རྩ་བ་གང་དག་གི་རྗེས་སུ་ཡི་རང་བར་བྱེད་པའི་ཚིག་གིས་སྙན་པར་སྨྲ་བ་དང་བཅས་པས་ལེན་དུ་འཇུག་གོ །དེ་ལ་བརྟེན་ནས་ཡངས་པའི་རྒྱལ་ཁམས་ཀྱི་སྣོད་ཐམས་ཅད་རྒྱལ་བའི་བསྟན་པ་རིན་
ཐང་གཞལ་དུ་མེད་པའི་འབྱོར་པ་བླ་ན་མེད་པ་དང་ལྡན་པའི་སྙིང་པོ་ཅན་དུ་བགྱིད་དོ། །དེ་ལྟ་བུའི་མཛད་པ་གང་ལ་ཕྱོགས་བཅུའི་རྣམ་པར་འདྲེན་པ་ཐམས་ཅད་ཀྱང་དབྱིངས་ནས་དགྱེས་པའི་བརྡ་མཚོན་དུ། ལེགས་སོའི་ལུང་གི་གླིང་བུ་མཐའ་དག་མགྲིན་གཅིག་ཏུ་བསྒྱུར་བ་ལ་མི་སྤྲོ་
བ་ཅུང་ཟད་ཀྱང་མེད་ན། འགྲོ་བ་ཕལ་པ་དག་མགུ་བ་ཙམ་ལ་ངོ་མཚར་ཆེ་བ་ཅི་ཞིག །གཞན་ཡང་ཆོས་ཀྱི་ཆེད་དུ་དམིགས་ནས་ཕུལ་བའི་ནོར་རྫས་ཀྱི་བྱེ་བྲག་ཇི་སྙེད་བྱུང་བ་རྣམས་ཀྱང་ཕལ་ཆེར་ནི་གོང་དུ་སྨོས་པའི་མཆོད་སྦྱིན་གྱི་ཞིང་དུ་གྱུར་པ་རྣམས་ལ་གཏོང་བ་དང༌། དགེ་
འདུན་འདུ་བའི་དྲིའི་གཙང་ཁང་བརྩིགས་པ་དང༌། དེ་བཞིན་གཤེགས་པ་རྣམས་དང༌། དེ་དག་གི་སྲས་དང་སློབ་མའི་ཚོགས་དང་བཅས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་རྣམས་བཞེང་བའི་རྒྱུར་སྦྱོར་བ་དང༌། དེང་གི་དུས་སུའང་འཇིག་རྟེན་གསུམ་གྱི་མཆོད་སྡོང་བླ་ན་མེད་པ་ཆོས་
སྦྱིན་པར་གྱི་ཕྱི་མོ་རྒྱ་ཆེན་པོ་འདི་དག་བསྐྲུན་པ་ལ་དགོས་པའི་ཡོ་བྱད་མཁོ་དགུ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་བསྒྲུབས་པའི་རྒྱུར་བྱེད་པ་དང༌། དེ་དག་གི་ལས་བྱེད་པ་རྣམས་ཀྱི་བཟའ་ཡོན་དུ་སྟོབ་པ་ལ་སོགས་པས། འགྲོ་བ་གང་དག་གིས་ཆོས་ཀྱི་སྦྱིན་པ་མངོན་
པར་འདུ་བྱས་པའི་ནོར་རྫས་ཀྱི་འབྲེལ་པ་ཅུང་ཟད་རེ་བཞག་པ་རྣམས་ཀྱང༌། ནམ་ཞིག་ན་དགེ་བ་ཉིད་ནས་དགེ་བ་ཉིད་ཀྱི་རྒྱུ་རྐྱེན་དུ་མཆི་བ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ནང་དུ་ཆུའི་ཐིགས་པ་ཉུང་ཟད་ཅིག་ལྟུང་བ་ན་ཡང༌། ཇི་སྲིད་རྒྱ་མཚོ་ཆེན་པོ་དེ་ཉིད་ཡོངས་སུ་སྟོང་པར་མ་གྱུར་
เล่ม ๒๑๓ · หน้า 253b
པ་དེ་སྲིད་དུ་རོ་གཅིག་པར་འདྲེས་ནས་སོ་སོར་དབྱེར་མི་བཏུབ་པ་ལྟ་བུའི་ལེགས་བྱས་ཀྱི་རྒྱུན་ཆེན་པོ་ཉིད་དུ་འགྲོ་བ་ཁོ་ན་ཉིད་དོ། །དེ་ལྟར་རླབས་ཆེན་དགེ་བའི་ལས་ལ་སྤྲོ་བ་མཆོག་ཏུ་བརྟས་པའི་མི་བདག་ཆེན་པོ་འདིའི་མཛད་པའི་ཕྲེང་བ་ལེགས་བྱས་ཀྱི་ཟེར་ཕྲེང་སྟོང་དང་ལྡན་པའི་
ངོ་མཚར་གྲགས་པའི་ཕུང་པོ་འདི་ནི། འབྲས་ལྡན་དུས་ཀྱི་ཟླ་འོད་ལས་ཀྱང་ཆེས་མཆོག་ཏུ་དཀར་ཞིང་བསིལ་བར་གྱུར་པ་གང་དག །ཕྱོགས་བཅུའི་འཛིན་མའི་དཀྱིལ་འཁོར་ཀུན་དུ་འཁོད་པའི་རྒྱལ་ཕྲན་དང༌། སྡེ་དཔོན་དང༌། སྟོབས་ལྡན་དང༌། འབྱོར་ལྡན་གྱི་སྐྱེ་འགྲོ་མཐའ་དག་
གི་རྣ་བའི་བཅུད་ལེན་མཆོག་ཏུ་འཛིན་པར་མི་བྱེད་པ་ནི་འགའ་ཡང་མེད་ཅིང༌། དེར་མ་ཟད་རྣམ་པར་དཀར་བའི་ལེགས་མཛད་དང༌། རྣམ་པར་ཐར་པ་གང་དག་གཏམ་དུ་གླེང་བར་ཐོས་པ་ལ་བརྟེན་ནས། ཕྱོགས་བཅུའི་འགྲོ་བ་སྔོན་ཆད་དགེ་བའི་རྩ་བ་རྒྱ་ཆེན་པོ་སྒྲུབ་པ་ལ་སྤོབས་པ་མ་
སྐྱེས་པ་རྣམས་ཀྱི་སྤོབས་པ་གསར་དུ་སྐྱེད་པ་དང༌། སྤོབས་པ་སྐྱེས་པ་རྣམས་གོང་ནས་གོང་དུ་བོགས་དབྱུང་སྟེ། སྦྱིན་པ་རྣམ་པ་བཞི་པོ་གང་ཡང་རུང་བ་ལ་འཇུག་པར་བསྐུལ་མ་འདེབས་པའི་མཆོག་ཏུ་ཡང་འགྱུར་བ་ཉིད་དོ། །དེས་ན་གོང་དུ་ལུང་དྲངས་པ་ལྟར་བྱང་ཆུབ་སེམས་
དཔའི་སྤྱོད་པ་བསྡུ་བ་རྣམ་པ་བཞིའི་ཐབས་ཀྱིས་སེམས་ཅན་གཞན་སྨིན་པར་བྱེད་པའི་ཚུལ་རྣམས་ཀྱང་ཅི་རིགས་པའི་སྒོ་ནས་ཚང་བ་ཡིན་ནོ། །དེ་ལས་གཞན་པ་མཁས་པ་ལ་འོས་པའི་བགྱི་བ་བླ་ན་མེད་པ་ནི། ཕྱི་རིག་པའི་གནས་ཀྱི་གཙུག་ལག་ཐམས་ཅད་དང༌། ནང་སྡོམ་
པ་རིན་པོ་ཆེ་རྣམ་པ་གསུམ་དང་རྗེས་སུ་འབྲེལ་བའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བང་མཛོད་མ་ལུས་པ་བཟུང་ནས། འཆད་པ་ཆོས་ཀྱི་འཁོར་ལོས་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་འཛིན་པ་དང༌། རྩོད་པ་ལུང་རིགས་ཀྱི་འཁོར་ལོས་ལོག་པར་རྟོགས་པ་ཚར་གཅོད་པ་དང༌། རྩོམ་
པ་ལེགས་བཤད་ཀྱི་འཁོར་ལོས་རྒྱལ་བའི་བསྟན་པ་གསལ་བར་བྱེད་པ་རྣམས་ཀྱི་སྒོ་ནས་ཆོས་ཀྱི་སྦྱིན་པ་གཏོང་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཆོས་ཀྱི་སྙིང་པོ་ཅན་དུ་བགྱིད་པ་ཉིད་ནི། སྡོམ་བརྩོན་བླ་མ་ཆེན་པོ་རང་ཉིད་སྡེ་དགེ་གོང་མ་རྣམས་ཀྱི་བསྟན་སྲིད་ཀྱི་བྱ་བ་
เล่ม ๒๑๓ · หน้า 254a
ཆེན་པོའི་ཁུར་ཁྱེར་བའི་ལས་ཅན་དུ་སོང་བས། ཐོག་མ་ཉིད་ནས་འབད་པ་གཙོ་བོར་མ་བརྩམས་པ་དང༌། གལ་སྲིད་བརྩམས་ཀྱང་མིའི་རྒྱལ་པོའི་ཀུན་སྤྱོད་དང་ལྡན་པའི་བླ་མར་སོང་བས། ཕན་འདགས་ཆུང་བ་ལ་དགོངས་ནས། རེ་ཞིག་དེའི་སྤྲོས་པ་མ་
མཛད་ཅིང༌།འོན་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྙིང་བརྩེའི་བདག་ཉིད་ཅན་རྣམས་ནི་གང་དང་གང་གི་རྣམ་པས་གནས་ཀྱང༌། གཞན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་བསམ་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་དག་ནི་ནམ་ཡང་མི་འདོར་བ་ཆོས་ཉིད་དེ། དེའང་འདི་ལྟར་བོད་ཆེན་
ལྗོངས་ཀྱི་ཡུལ་གྲུ་འདི་ཉིད་ཀྱིས་མཚོན་པའི་འཛིན་མའི་དཀྱིལ་འཁོར་ཐམས་ཅད་དུ། མི་ནུབ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བརྟན་པར་འཛུགས་པ་དང༌། འགྲོ་ཚོགས་རྒྱ་མཚོ་ལྟ་བུའི་དོན་ལ་ཕན་པའི་སེམས་དམ་པ་ཉེ་བར་བཞག་ནས། དུས་འདིར་ཁམས་གསུམ་ཆོས་ཀྱི་
རྒྱལ་པོ་ཆེན་པོ་མཁན་པོ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ། གོང་དུ་སྨོས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ། མཁས་པ་དང་གྲུབ་པའི་ཡོན་ཏན་གྱི་ཚོགས་མང་པོས་ཡོངས་སུ་བཟུང་བ་དེ་དག་
སྡོམ་བརྩོན་སྐྱེ་དགུའི་བདག་པོ་རང་གི་རིགས་ཀྱི་ཅོད་པཎ་དུ་མངོན་པར་མངའ་གསོལ་ཏེ། སྒོ་གསུམ་ལོངས་སྤྱོད་དང་བཅས་པས་མཉེས་པར་བྱེད་ཅིང༌། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་
གི་གསོས་སུ་རྟག་པར་ལེན་པ་དང༌། སྲོག་ཆགས་དཔག་ཏུ་མེད་པའི་དོན་དུ་ཡང་ལེགས་པར་གསུངས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ཞིང་རྒྱུན་མི་ཆད་པར་བསྐོར་བའི་གསོལ་བ་འདེབས་པ་པོ་བྱེད་པ་དང༌། གཞན་ཡང་དཔལ་ལྡན་ས་སྐྱ་པ་དང་ངོར་ཆེན་རྡོ་རྗེ་འཆང་དག་གི་ཕྲིན་
ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་ཆོས་ཀྱི་རྗེ་རིན་པོ་ཆེ། ཕྱོགས་བཅུ་ཀུན་དུ་ཆོས་ཀྱི་དགའ་སྟོན་འགྱེད་པ་པོ་ཇི་སྙེད་འབྱོན་པ་རྣམས་དང༌། ཆོས་གྲྭ་ཆེན་པོ་འདི་ཉིད་ན་གཉུག་མར་གནས་ཤིང་བཤད་པ་དང་སྒྲུབ་པའི་ཕྲིན་ལས་ཟུང་
เล่ม ๒๑๓ · หน้า 254b
གིས་བསྟན་པ་སྐྱོང་བར་བྱེད་པའི་ཟུར་ཆོས་པ་ཡང༌། མཁྱེན་རབ་ཀྱི་དབང་ཕྱུག་བསོད་ནམས་རྒྱལ་མཚན་ཞེས་པ། ཀུན་མཁྱེན་ཉི་མའི་གཉེན་གྱི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་མ་ལུས་པའི་བརྗོད་བྱར་གྱུར་པའི་བསླབ་པའི་གནས་རྣམས་འགྲོ་བ་རྒྱ་མཚོའི་རྡུལ་དང་མཉམ་པ་ལ་བློ་དང་
འཚམ་པར་ཚུལ་བཞིན་དུ་འདོམས་པ་ལ་འཇིགས་མེད་མགྲིན་པའི་འཁོར་ལོ་རྣམ་པར་ཡངས་པ་དེ་དང༌། རྡོ་རྗེ་འཛིན་པའི་དབང་ཕྱུག་བཀྲ་ཤིས་བཟང་པོ་ཞེས་པ། ཕྱི་རུ་མཁས་པ་དང་བཙུན་པའི་ཡོན་ཏན་སྟོན་པའི་འཁོར་གྱི་དགྲ་བཅོམ་པ་རྣམས་ཀྱི་རྣམ་པར་ཐར་པ་ལ་གནས་པ།
ནང་དུ་གྲུབ་པའི་ཡོན་ཏན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡང་འདི་ཉིད་ཀྱི་ངོ་ན་རིང་པོ་མ་ཡིན་པ། གཅིག་ཏུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བ་དེ་དང༌། གསང་སྔགས་གྲུབ་པའི་རྩེ་མོར་སོན་པ་རྗེ་བཙུན་ནམ་མཁའ་དཔལ་བཟང་ཞེས་པ། མདོ་རྒྱུད་ཀྱི་མཁྱེན་པ་རབ་ཏུ་
རྒྱས་ཤིང༌། གང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་ཟེག་མ་རེས་ཀྱང་ཡིད་ཀྱི་སྲུབ་ཤིང་དཔུང་དང་བཅས་པ་དཔག་ཚད་བརྒྱའི་ཕ་རོལ་དུ་ཡང་གནས་པའི་སྐབས་མེད་པར་བྱེད་པའི་ནུས་པ་མཆོག་གི་བདག་ཉིད་ཅན་དེ་དང༌། གཞན་ཡང་བསྟན་པའི་རྩ་ལག་དམ་པར་གྱུར་པ་ཡང་
དག་པའི་དགེ་བའི་བཤེས་གཉེན་གཞུང་ལུགས་མང་པོའི་དོན་ལ་སྦྱངས་པ་མཐའ་རུ་ཕྱིན་པར་གྱུར་པས་མགྲིན་པ་ཆོས་ཀྱི་བང་མཛོད་དུ་གྱུར་པ་གང་དག་བཞུགས་པ་རྣམས་ཏེ། དེ་དག་ཐམས་ཅད་ལ་ཡང་འགྲོ་བ་རིས་སུ་མེད་པའི་ངོར་རང་རང་གི་བློ་དང་མོས་པར་རྗེས་སུ་མཐུན་པའི་
དབང་བསྐུར་བ་དང༌། ལུང་འབོགས་པ་དང༌། མན་ངག་གི་ཚོགས་སྦྱིན་པའི་ཆོས་ཀྱི་གྲུ་ཆར་རྒྱུན་མི་ཆད་པར་བསྙིལ་དུ་འཇུག་པ་ལ་སོགས་པས་ཆོས་ཀྱི་སྦྱིན་པའི་སྒོ་མོ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་ཕྱོགས་མཐའ་དག་ནས་ཕྱེ་ཞིང༌། དེ་ལ་བརྟེན་ནས་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་
དཔག་ཏུ་མེད་པ་དག ཕལ་ཆེ་བ་ནི་ལས་དང་འབྲས་བུ་དང༌།དཀོན་མཆོག་ལ་ཡིད་ཆེས་པའི་དད་པའི་གཞི་འཛིན་པ་ལ་བཀོད། འགའ་ཞིག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་འཛིན་པའི་སྐལ་བ་ཅན་ལ་བཀོད། ཕལ་ཆེར་ནི་བླ་ན་མེད་པ་
เล่ม ๒๑๓ · หน้า 255a
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུང་འཛིན་པའི་སྐལ་བ་ཅན་ལ་བཀོད། ཁ་ཅིག་ནི་དཔལ་ལྡན་རྡོ་རྗེ་འཆང་གི་གསང་བའི་སྔགས་དང་རིག་པའི་སྔགས་འཆང་བའི་སྐལ་བ་བཟང་པོ་ཅན་ལ་བཀོད་དེ། མདོར་ན་འགྲོ་བ་ཕལ་མོ་ཆེ་སངས་རྒྱས་ལ་
གཞོལ་བ་དང༌། ཆོས་ལ་འབབ་པ་དང༌། དགེ་འདུན་ལ་བབ་པར་བགྱིས་ཏེ། དེ་དག་ཐམས་ཅད་ཀྱང་སྡོམ་བརྩོན་ཆོས་ལྡན་གྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་དྲིན་ལས་བྱུང་བ་ཉིད་དུ་ངེས་པར་ཤེས་དགོས་ཏེ། ཅིའི་ཕྱིར་ན། གནས་སྐབས་སུ་སངས་རྒྱས་ཀྱི་བསྟན་པའི་འཕེལ་འགྲིབ་
དང༌། སེམས་ཅན་གྱི་བདེ་སྡུག་རྣམས་ནི་ཡུལ་ཕྱོགས་གང་ཡིན་པའི་ས་བདག་རྒྱལ་པོ་དེའི་སྤྱོད་པ་ཉིད་ལ་རག་ལས་ཏེ། དཔེར་ན་སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲིན་ལས། བོད་ཡུལ་མུན་པའི་གླིང་འདིར་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་མཛད་དེ། འཁོར་
དང་ཆབ་འོག་ཏུ་གཏོགས་པའི་འགྲོ་བ་ཐམས་ཅད་ཀྱང༌། སངས་རྒྱས་ཀྱི་ཆོས་ཉན་པ་དང༌། བཤད་པ་དང༌། སྒྲུབ་པའི་ཕྲིན་ལས་དྲི་མ་མེད་པ་ལ་ལོངས་སྤྱོད་དུ་གཞུག་པ་དང༌། དེ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་བདེ་དགའི་ལོ་ཐོག་ཕུན་སུམ་ཚོགས་པ་ལ་ཡང་དག་པར་
སྦྱར་བ་ལྟ་བུའོ། །དེ་ལས་ལྡོག་པའི་ལས་ལའང་རྒྱལ་པོ་ཉིད་མཐུ་ཆེ་བ་ནི། དཔེར་ན་སྡིག་ཅན་ནག་པོའི་རྩ་ལག་གླང་དར་མས།ལོག་པའི་ཆོས་ཀྱི་ཁྲིམས་ལུགས་བཅས་ཏེ། འཁོར་དང་ཆབ་འོག་ཏུ་གཏོགས་པའི་འགྲོ་བ་མང་པོ་སངས་རྒྱས་དང་ཆོས་ཀྱི་སྒྲ་ཙམ་ཡང་མཉན་པའི་
སྐབས་མེད་པར། བླང་དོར་ཐམས་ཅད་ཕྱིན་ཅི་ལོག་པར་སྤྱད་དུ་གཞུག་པ་དང༌། དེ་ལ་བརྟེན་ནས་བསྟན་པ་དམ་པའི་ཆོས་ལ་གནོད་ཚབ་ཆེན་པོས་ཡུན་རིང་དུ་ཉམས་པར་བྱས་པ་དང༌། སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་དགའ་རིང་དུ་བཅོམ་པ་ལྟ་བུའོ། །
དེ་བས་ན་ས་ཕྱོགས་གང་དང་གང་གི་སེམས་ཅན་ཐམས་ཅད། བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སྦྱར་བའམ། བདེ་བ་དང་བདེ་བ་མ་ཡིན་པ་གང་ལ་སྦྱར་ནའང༌། མི་བདག་རྒྱལ་པོ་དེ་དང༌། དེའི་རྗེས་སུ་འབྲང་མི་དགོས་པ་ནི་འགའ་ཡང་མེད་པ་ལས། དེང་གི་དུས་ན་
เล่ม ๒๑๓ · หน้า 255b
ཆོས་བཞིན་སྤྱོད་པའི་སྡོམ་བརྩོན་སྐྱེ་དགུའི་བདག་པོ་འདིས། བསིལ་ལྡན་ཁ་བ་ཅན་གྱི་ལྗོངས་འདིར། རྒྱལ་བ་བུ་རམ་ཤིང་པའི་ལུགས་བཟང་དྲི་མ་མེད་པ་ཡུན་རིང་དུ་གནས་པའི་ཕན་འདོགས་རྨད་དུ་བྱུང་བ་ནི། ལུང་གི་ཆོས་ཀྱི་སྦྱིན་པ་སྟེ། དེའི་སྦྱིན་པའི་སྒོ་མོ་བྱེ་བ་བརྒྱ་སྟོང་
ཕྲག་དུ་མ་ཕྱོགས་ཐམས་ཅད་ནས་ཕྱེ་སྟེ། ལྷག་པའི་བྱ་བ་ཡང་དག་པ་ནི་བགྱིས། འཇིག་རྟེན་དུ་བདེ་ལེགས་རྒྱ་ཆེན་པོ་འབྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དག་ནི་མངོན་པར་འདུ་བགྱིས་པའི་སྐུ་དྲིན་གང་དག་གསོབ་པ་ལ་ནི་བསྟན་པ་དམ་པའི་ཆོས་རྒྱས་པ་ཉིད་ཀྱིས་འཚོབ་པར་ནུས་ཀྱི་
དེ་ལས་གཞན་པའི་ལས་དང་དངོས་པོ་གང་གིས་ཀྱང་གཞར་ཡང་འཚོབ་པའི་མཐའ་ཡོད་པ་མ་ཡིན་པར་སེམས་སོ། །གསུམ་པ་མི་འཇིགས་པ་དང་བྱམས་པའི་སྦྱིན་པས་འགྲོ་ལ་ཕན་པ་སྒྲུབ་པའི་ཁྱད་པར་ལ། དང་པོ་ནི། སྤྱིར་མི་འཇིགས་པའི་སྦྱིན་པ་ཞེས་བྱ་བ། དགྲ་གཉེན་
བར་མའི་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་ཕ་རོལ་གྱི་དམག་ཚོགས་དང༌། རྐུན་པོ་ལ་སོགས་པ་མིའི་འཇིགས་པ་དང༌། གདོན་བགེགས་དང༌། སེང་གེ་དང་སྟག་ལ་སོགས་པ་མི་མ་ཡིན་པའི་འཇིགས་པ་དང༌། མེ་དང་ཆུ་ལ་སོགས་པ་འབྱུང་བའི་འཇིགས་
པ་སྟེ། འཇིགས་པ་དེ་དག་གིས་ཉེན་པ་ལས་ཡོངས་སུ་སྐྱོབ་པའོ། །དེ་སྐད་དུ་ཡང༌། རྡོ་རྗེ་རྩེ་མོ་ལས། དགྲ་དང་གྲོགས་དང་བར་མ་ལ། །སེམས་སྙོམས་མི་འཇིགས་རབ་ཏུ་སྦྱིན། །ཞེས་དང༌། ཕལ་ཆེན་ཏ་ལ་ལར། མི་འཇིགས་སྦྱིན་པས་གང་ཞིག་བསྐྱབ་བྱ་བ། །
སྲོག་ཆགས་གསོད་ལས་བཟློག་པར་བྱས་པ་དང༌། །འཇིགས་པས་སྐྱབས་འཚོལ་རྣམས་ལ་སྐྱབས་བྱས་པ། །མི་འཇིགས་སྦྱིན་པའི་འོད་ཟེར་དེས་གྲུབ་བོ། །ཞེས་སོ། །དེ་ལྟ་བུའི་མི་འཇིགས་པའི་སྦྱིན་པ་དེ་ལ་བདག་ཅག་གི་སྟོན་པ་འདི་བྱང་ཆུབ་སེམས་དཔའ་སློབ་པའི་
ལམ་པར་གྱུར་པའི་ཚེ། སྒྲོན་མ་སྣང་བྱེད་ཅེས་བྱ་བའི་སྐྱེ་བར། འདོད་པས་ཡོངས་སུ་དྲངས་པའི་ཚངས་པ་འགའ་ཞིག་རྒྱ་མཚོ་ཆེན་པོར་ཞུགས་པ་ན། མི་མ་ཡིན་གྱི་ཆོ་འཕྲུལ་གྱིས་ཕྱོགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་མུན་བསྲོས་པར་བྱས་པས། ཕྱོགས་ཀྱི་མཚན་མ་
เล่ม ๒๑๓ · หน้า 256a
འཁྲུགས་ཏེ་གང་དུ་མཆི་བར་མ་ཤེས་པར་ཅི་བྱ་གཏོལ་མེད་དུ་གྱུར་པ་ན། བྱང་ཆུབ་སེམས་དཔའི་ཕྱག་གཡས་པ་ཞུན་མར་དུ་སྦགས་པའི་རས་ཀྱིས་དཀྲིས་པ་ལ་མེ་སྦར་ནས་ཞག་བདུན་གྱི་བར་དུ་སྣང་བའི་སྒྲོན་མ་བཏེག་ཅིང༌། ཚོང་པ་རྣམས་འཇིགས་པ་ཆེན་པོ་ལས་
ཡོངས་སུ་བསྐྱབ་པ་དང༌། སེང་གེའི་རྒྱལ་པོར་གྱུར་པའི་ཚེ། ཚོང་པ་ལྔ་བརྒྱ་དུག་སྦྲུལ་ནག་པོས་ཡོངས་སུ་འཁྱུད་ཅིང་བཟའ་བར་བརྩམས་པ་ན། རང་ཉིད་ཡལ་བར་བོར་ནས་སྡེར་མོ་རྣོན་པོས་དུག་སྦྲུལ་གྱི་གདེངས་ཀ་ལ་བསྣུན་ཅིང་བསད་དེ་འཇིགས་པ་དེ་ལས་བསྐྱབ་པ་དང༌།
རི་དྭགས་རུ་རུར་གྱུར་པའི་ཚེ། འབབ་ཆུ་དྲག་པོའི་ཤུགས་ཀྱིས་བདས་པའི་སྐྱེ་བོ་ངན་པའི་རང་བཞིན་ཅན་སྐམ་པར་ཕྱུང་བ་དང༌། རི་དྭགས་ཤ་ར་བྷ་དང་སྤྲེའུའི་རྒྱལ་པོར་གྱུར་པའི་ཚེ། གྲོག་རོང་དུ་ལྷུང་བའི་སྐྱེ་བོ་ཉམ་ཉེས་པ་ཡོངས་སུ་བསྐྱབ་པ་ལ་སོགས་པ་སྔོན་གྱི་བྱང་ཆུབ་
སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་དག་གིས་ཇི་ལྟར་བསླབས་པའི་རྗེས་སུ་སློབ་པའི་འདུན་པ་ལྷོད་པར་མ་གྱུར་པའི་སྡོམ་བརྩོན་མིའི་བདག་པོས། སྤྱིར་འཛིན་མའི་དཀྱིལ་འཁོར་རྣམ་པར་ཡངས་པའི་ཁྱོན་ཐམས་ཅད་དགེ་བའི་ལམ་དང་རྗེས་སུ་མི་མཐུན་པ་མེད་པའི་རྒྱལ་ཁྲིམས་རྡོ་རྗེ་
བརྩེགས་པའི་རྭ་བ་ལྟར་གཞིག་ཏུ་མེད་པར་བཅའ་བ་དང༌། སྔོན་དང་ད་ལྟའི་ལེགས་བྱས་དམན་པ་མིན་པའི་མཐུ་ཆེན་པོའི་སྲུང་བས་ལེགས་པར་བསྲུངས་པས་ན། འཇིགས་པ་ཐམས་ཅད་ཀྱིས་མི་ཚུགས་པར་ཡོངས་སུ་སྐྱོབ་པར་བྱེད་དེ། དེའང་མངའ་འོག་ཏུ་གཏོགས་པའི་སྐྱེ་
འགྲོ་ཐམས་ཅད་ནི། མཐོང་བའི་ཆོས་འདིར་ཕན་ཚུན་འཐབ་པ་དང༌། རྩོད་པ་དང༌། གཡུལ་འགྱེད་པ་དང༌། འཕྲོག་འཇོམས་ལ་སོགས་པ་མི་སྲུན་པའི་ལས་བརྩམས་པའི་འཇིགས་པ་རྣམས་ནི། མིའི་རྒྱལ་པོའི་ལུགས་ཀྱི་བཀའ་ཁྲིམས་དམ་པའི་ཆོས་དང་མཐུན་པ་ཉིད་
དུ་བཅའ་ཞིང༌། དེ་ལ་བརྟེན་ནས་ལས་ངན་པར་སྤྱོད་པ་གང་ཡིན་པ་དེ་ལས་བཟློག་ཅིང་ཡོངས་སུ་སྐྱོབ་པར་བྱེད་དོ། །ཕྲག་དོག་དྲག་པོའི་ཆང་གིས་རབ་ཏུ་མྱོས་པའི་ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང༌། དེ་བཞིན་དུ་དགྲ་དང༌། རྐུན་པོ་དང༌། རྒྱལ་པོའི་ཆད་པའི་ལས་ཀྱི་
เล่ม ๒๑๓ · หน้า 256b
འཇིགས་པ་ལ་སོགས་པ་མིར་གཏོགས་པའི་འཇིགས་པ་རྣམས་ནི། མི་བདག་ཆེན་པོ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྟོབས་ཕུན་སུམ་ཚོགས་པ་དང༌། དཔུང་གི་ཚོགས་ཆེན་པོ་དང༌། གྲགས་པ་དཀར་པོ་ཕྱོགས་ཀྱི་མཐར་རྒྱས་པ་དང༌། བསོད་ནམས་དཔག་ཏུ་མེད་པའི་མཐུ་
རྣམས་ཀྱིས་ཡོངས་སུ་སྐྱོབ་པར་བྱེད་དོ། །གདོན་དང་བགེགས་དང་ལོག་པར་འདྲེན་པ་དང༌། གཅན་གཟན་གདུག་པ་ཅན་གྱི་འཇིགས་པ་ལ་སོགས་པ་མི་མ་ཡིན་པའི་འཇིགས་པ་རྣམས་ནི། ཆོས་དང་ལྡན་པའི་རྒྱལ་པོས་སྔོན་གྱི་སྐྱེ་བར་དགེ་བ་བསགས་པའི་མཐུ་དང༌། ད་ལྟར་དགེ་བ་ལེགས་
པར་སྤྱོད་པ་ལ་ཞུགས་པ་དང༌། སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་པའི་བསམ་པ་སྟོབས་དང་ལྡན་པ་རྒྱུད་ལ་སྐྱེས་པའི་མཐུ་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཡོངས་སུ་སྐྱོབ་པར་བྱེད་དོ། །མེའི་འཇིགས་པ་དང་ཆུའི་འཇིགས་པ་ལ་སོགས་པ་འབྱུང་བའི་འཇིགས་པ་དང༌། ནད་དང་མུ་གེ་
དང་བཀྲ་མི་ཤིས་པ་ལ་སོགས་པ་བྱུར་དང་སྐལ་བ་ངན་པའི་འཇིགས་པ་རྣམས་ནི། མི་བདག་ཆེན་པོས་རྒྱལ་སྲིད་ཐམས་ཅད་དམ་པའི་ཆོས་བཞིན་དུ་སྐྱོང་བ་དང༌། དེའི་རྗེས་སུ་འབྲངས་པའི་ཆབ་འབངས་རྣམས་ཀྱང་དགེ་བའི་ལས་དང་སྡིག་པའི་ལས་རྣམས་ཀྱི་བླང་དོར་ཚུལ་བཞིན་པར་སྤྱོད་
དུ་འཇུག་པ་དང༌། འགྲོ་བ་མ་ལུས་པའི་བདེ་སྐྱིད་ཀྱི་མཛའ་བོ་གསར་དུ་འགུགས་པའི་རིམ་གྲོར་བགྱིད་པ་དང༌། དཀོན་མཆོག་ལ་མཆོད་པ་འབུལ་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་རྫས་དང་སྔགས་དང༌། ཏིང་ངེ་འཛིན་གྱི་སྲུང་བ་དང་བཟློག་པའི་ཆོ་ག་རྣམ་པ་མང་པོ་རྩོམ་པས་ཡོངས་སུ་
སྐྱོབ་པར་བྱེད་དོ། །དེ་བཞིན་དུ་ཕྱི་མའི་དུས་སུ་ངེས་པར་འབྱུང་བར་འགྱུར་བ་ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་པར་དཀའ་བའི་འཇིགས་པ་དང༌། མཐོ་རིས་སུ་སྐྱེས་པར་གྱུར་ཀྱང༌། རྟེན་དེ་ལ་ཚེ་ཐུང་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པའི་འཇིགས་པ་རྣམས་ནི།
ཆོས་དང་མཐུན་པའི་རྒྱལ་པོ་གང་གིས་ཆབ་འབངས་སུ་གཏོགས་པའི་སྐྱེ་འགྲོ་ཐམས་ཅད་ཀྱང་ད་ལྟ་ནས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དགེ་བ་བཅུའི་ཁྲིམས་ལ་སྦྱོར་བར་བྱེད་པས་ན་འཇིགས་པ་དེ་དག་མི་འབྱུང་བར་ཡོངས་སུ་སྐྱོབ་པར་བྱེད་དོ། །དེ་ལྟར་ཡང་རྒྱལ་པོ་བྱམས་པའི་སྟོབས་
เล่ม ๒๑๓ · หน้า 257a
ཀྱི་སྐྱེས་རབས་ལས། རྒྱལ་པོ་དེའི་མཐུ་ཁྱད་པར་ཆེ་བས་ན། །བདག་གི་ཡིན་པའི་བློ་ནི་གར་བཞག་པ། །དེ་ཉིད་དེ་ཡི་སྲུང་བ་མཆོག་ཡིན་པས། །དེ་དག་གིས་ཀྱང་མདངས་འཕྲོག་ནུས་མ་གྱུར། །ཞེས་དང༌། བདེ་ལེགས་ཆེན་པོའི་འགྲོ་བ་འདི། །ཡོངས་
སུ་བསྐྱང་བར་གྱུར་པ་ན། །ལྷ་ཡི་དབང་པོ་དག་གིས་ཀྱང༌། །འདི་དག་གཙེ་བར་མི་ནུས་ན། །ཤ་ཟ་རྣམས་ཀྱིས་ག་ལ་ནུས། །དེ་བས་ནགས་ན་ཁྱིམ་བཞིན་དུ། །མཚན་མོ་དག་ཀྱང་ཉིན་པར་བཞིན། །གཅིག་པུའང་གྲོགས་ཀྱི་ནང་འདུག་འདྲ། །བདག་ནི་འཇིགས་པ་མེད་པར་
འདུག །ཅེས་འབྱུང་བ་བཞིན་ནོ། །གཞན་ཡང་བཟོད་པ་དམ་པའི་ཆོས་དང་ལྡན་པ་མ་ཡིན་པའི་འགྲོ་བ་རྣམས་ཀྱི་སྡིག་པའི་ལས་ནི་ཁོང་ཁྲོ་བ་སྟེ། དེ་ཉིད་ཀྱིས་ཀུན་ནས་བསླངས་ཏེ་སྨྲ་ལྕེར་ཐུག་པ་རྣམས་ཀྱང༌། རྒྱལ་པོ་ཕལ་པའི་ཁྲིམས་ལུགས་འཁྱོག་པོ་ལྟ་བུ་མ་ཡིན་པར་རིགས་པའི་
ལམ་དང་རྗེས་སུ་མཐུན་པས་ལེགས་པར་བརྟགས་ཤིང་དཔྱད་པའི་མཐའ་མར། བཀའ་ལུང་གསེར་གྱི་གཉའ་ཤིང་ལྟ་བུའི་ལྗིད་ཀྱིས་མནན་ཏེ། ཕན་ཚུན་གཉིས་ཀའི་རྒྱུད་ཀྱི་ངན་སེམས་ཀྱི་ཚེར་མ་རྣོན་པོ་མཐའ་དག་དྲུང་ནས་འབྱིན་ཅིང་རྣལ་དུ་གནས་པའི་ཐབས་སུ་ཅི་འགྱུར་
མཛད་ཀྱི། དེ་ལས་གཞན་པའི་གཡོ་སྒྱུ་དང་ཕྱོགས་ལྷུང་གི་སྤྱོད་པར་མ་སོང་བ་ཉིད་གཙོ་བོར་མཛད་དོ། །དེའི་དབང་གིས་མི་བདག་ཆེན་པོ་རང་གི་མངའ་ཞབས་སུ་འཁོད་པ་རྣམས་དང༌། དེ་ལས་གཞན་དུ་གྱུར་པའི་མི་དཔོན་དང༌། བློན་པོ་དང༌། སྡེ་དཔོན་དང༌། དབང་བཙན་
པ་དང༌། མཛངས་པར་རློམ་པ་མང་པོས་ཐབས་ཀྱིས་བཟླུམ་པར་མ་ནུས་པའི་སྨྲ་མཆུ་ཐམས་ཅད་ཀྱང༌། འདི་ཉིད་དུ་ཕྱིན་ན་ལེགས་པར་འདུམ་པར་འགྱུར་རོ་ཞེས། ཕྱོགས་དང་ཕྱོགས་བྲལ་གྱི་འཛིན་མའི་དཀྱིལ་འཁོར་ཐམས་ཅད་ནས་བཀྲེས་པས་ཉེན་པ་བཟའ་བ་དོན་དུ་གཉེར་
བའི་ཕྱིར་རམ། སྐོམ་པས་ཉེན་པ་བཏུང་བ་དོན་དུ་གཉེར་བའི་ཕྱིར་ཇི་ལྟར་འོངས་པ་བཞིན་དུ་རིངས་པར་ལྷགས་ནས། སྐྱེ་དགུའི་བདག་པོ་གང་གི་སྒྲ་འཛིན་གྱི་དབང་པོ་ག་ལ་བར་ཇི་ལྟར་ནུས་པའི་ཚིག་གིས་གསོལ་བར་བྱེད་དོ། །ཇི་ལྟར་གསོལ་བ་དེ་དག་ཀྱང་གཟོད་མ་ནས་ཡོངས་སུ་དར་
เล่ม ๒๑๓ · หน้า 257b
བའི་ཁྲིམས་ལུགས་བཟང་པོ་གང་དག་གི་འཇལ་བར་བྱེད་པའི་སྲང་ལ་བཅལ་ཏེ། མཐའ་དོན་བསླབ་པར་བྱ་བ་གང་དང་གང་བསྒོ་བ་ཐམས་ཅད་ཀྱང༌། སྔོན་ཆད་མེད་པའི་གཙུག་གི་ནོར་བུའི་མཆོག་ཅིག་འདོད་ལྡན་གྱི་སྐྱེ་བོས་ཇི་ལྟར་ཐོབ་པ་དེ་ལྟར་དུ་ཡན་ལག་མཆོག་གིས་འདུད་པ་དང་
བཅས་ཏེ་གུས་པས་ལེན་ཅིང༌། འགྲོ་བ་ཐམས་ཅད་ཀྱི་ཡིད་བདེ་བར་བྱེད་པའི་སྨན་བཞིན་དུ་ངོམས་པ་མེད་པར་རྟག་ཏུ་འཐུང་བར་བྱེད་དོ། །ཁྱད་པར་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རྒྱལ་ངན་གཞན་གྱིས་གཙེས་པ་ན། །ལྷག་པར་ཆོས་རྒྱལ་དྲན་པར་འགྱུར། །
རིམས་ཀྱིས་བཏབ་པའི་སེམས་ཅན་འགའ། །གངས་ཆུ་འབའ་ཞིག་ཡིད་ལ་བྱེད། །ཅེས་པ་ལྟར་རྒྱལ་ཕྲན་དྲེགས་པ་རང་གི་འཁོར་ལ་ཡང་སྙིང་བརྩེ་བ་མེད་པ་རྣམས་ཀྱིས་གཙེས་པ་དང༌། ཆད་པའི་ལས་ཀྱིས་ཕོག་པ་དང༌། ཁྲི་མུན་དུ་བསྐྱུར་བ་དང༌། བཅིངས་པ་ལས་ཐར་ཏེ་
བྱུང་བ་དང༌། རང་གི་དགྲར་གྱུར་པས་འདས་པ་དང༌། ལུས་དང་སྲོག་གི་ཕུང་པོ་ལ་གཏུགས་སུ་ཉེ་བའི་སྐྱེ་བོ་མགོན་མེད་པ་དང་སྐྱབས་མེད་པ། རི་དྭགས་སྨས་མ་བཞིན་དུ་འབྲོས་ཤིང༌། སྐྲག་པའི་དབང་གིས་མིག་རྩ་རིག་རིག་ཏུ་གྱུར་པ་རྣམས་ཀྱང༌། སྡོམ་བརྩོན་སྐྱེ་དགུའི་བདག་
པོ་གང་གི་སྙིང་རྗེ་རྣམ་པར་ཡངས་པའི་བྲག་རྫོང་བཙན་པོ་ག་ལ་བར་སྐྱབས་སུ་འཚོལ་ཞིང༌། ཐར་པ་དམ་པའི་གྲོང་ཁྱེར་བཞིན་དུ་འཇུག་པར་བྱེད་དོ། །དེར་ཤུགས་རིང་དབུགས་ཀྱི་རྒྱུ་བ་རབ་ཏུ་བརྫངས་པས་རྗོད་བྱེད་ཀྱི་སྡེབ་སྦྱོར་ཤིན་ཏུ་འཁྲུགས་པར་གྱུར་པའི་ངོ་ཚ་དག་ནི་ཅི་ཡང་སྟོན་པར་
བྱེད། བ་སྤུ་རྣམ་པར་གཟིངས་པའི་ལག་པ་དག་ནི་ཐལ་མོ་སྦྱར་བ་འཆིང་བར་བྱེད་ཀྱིན་རིངས་པ་རིངས་པར་ལྷགས་ནས་འོངས་པ་དག་ལའང་ཐོག་མ་ཉིད་ནས་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་འཇམ་པའི་ངག་གི་དབུགས་དབྱུང་སྔོན་དུ་འགྲོ་བས། ནམ་ཞིག་ན་ལུས་དང་སྲོག་ནོངས་
པར་འགྱུར་བ་གང་ཡིན་པ་དེ་ལས་ཡོངས་སུ་སྐྱོབ་པར་བྱེད་དོ། །གཟུ་བོར་གནས་པ་མ་ཡིན་པའི་ཁྲིམས་སྲོལ་འཁྱོག་པོར་གྱུར་པ་རྣམས་ཀྱང་བདེན་རྫུན་རིག་པའི་ཐིག་གིས་བཏབ་སྟེ། ཆོས་ཀྱི་ཚུལ་དྲི་མ་མེད་པ་བཞིན་དུ་ཡང་དག་པར་འཆོས་པར་བྱེད་དོ། །སྡོམ་བརྩོན་ཆེན་པོ་རང་ཉིད་
เล่ม ๒๑๓ · หน้า 258a
ནི་སྔོན་གྱི་སྡེ་དགེ་གོང་མར་གྱུར་པ་རྣམས་ཀྱི་མཐུ་དང་སྟོབས་དང་དཔུང་གི་ཚོགས་དང༌། བྱམས་པའི་སེམས་ཀྱིས་ཡོངས་སུ་བསྲུངས་ཤིང་བརྟན་པར་བཞག་པའི་ཆབ་སྲིད་རྣམ་པར་ཡངས་པའི་དཀྱིལ་འཁོར་གང་ཡིན་པ་དང༌། སྔོན་གྱི་བསོད་ནམས་ཀྱི་ནུས་པ་དམན་
པ་མིན་པའི་བགོ་སྐལ་དུ་ཇི་ལྟར་བྱུང་བ་ཙམ་གྱིས་ཆོག་ཤེས་བསྟན་ཏེ་གནས་སོ། །དེ་ལྟ་ནའང་གནམ་གྱིས་བསྐོས་པའི་རྒྱལ་པོ་ཤར་ཕྱོགས་གོང་མ་ཆེན་པོའི་བཀའ་ལུང་གི་བཀོད་པ་བཙན་པོ་སྔ་ཕྱི་མང་པོར་སྩལ་ཏེ། བོད་ཆེན་པོའི་ལྗོངས་ཀྱི་བདེ་སྐྱིད་ཐམས་ཅད་གང་ལ་ཤེས་སུ་བཅུག་
སྟེ། འགྲོ་ཁམས་སྤྱིའི་མེས་པོ་ཉིད་དུ་བསྐོས་སོ། །དེའི་དབང་གིས་སྔོན་གྱི་བསྐལ་པར་བྱུང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ལྟར། ཡུལ་རིས་དང་སྐྱེ་བོ་མང་པོ་རང་དབང་དུ་འདུ་བར་གྱུར་པ་ཁོ་ན་ལས། གཞན་གྱི་མངའ་རིས་ལས་འཕྲོག་བཅད་ལ་སོགས་པ་ཆོས་མིན་གྱི་
བགྱི་བ་ནམ་ཡང་མི་མཛད་ཅིང༌། དེར་མ་ཟད་ཧ་ཅང་སྟོབས་དང་མཐུ་ཆེ་བ་མ་ཡིན་པའི་མི་དཔོན་གཞན་གྱི་མགོ་འདོན་མཛད་པའང་རབ་ཏུ་མང་བར་ཡོད་པ་དང༌། དགྲ་ཇག་གི་རྒྱུན་ལུགས་ཆེ་བའི་གནས་ནས། གཞན་གྱི་འདྲོན་པ་ལ་སོགས་པ་སྲོག་དང་ལོངས་སྤྱོད་ཀྱི་བར་དུ་གཅོད་པར་
འགྱུར་བའི་འཇིགས་པ་ལས་བསྐྱབས་པའི་སྐྱབས་དང་དཔུང་གཉེན་མཛད་པའང་བགྲང་གིས་མི་ལྡང་བ་ཉིད་དོ། །གཞན་ཡང་སྙིང་རྗེའི་བདག་ཉིད་ཅན་འདི་ནི་སློང་བའི་སྐྱེ་བོ་རྣམས་ཀྱི་དཔག་བསམ་གྱི་ལྗོན་པའི་མཆོག་ཏུ་གྱུར་ཏེ། དེའི་གྲགས་པའི་དྲི་བསུང་མངར་པོ་རིང་པོའི་ལམ་དུ་
སོང་བས། རྒྱ་གར་གྱི་ཡུལ་དང༌། ནཻ་པ་ལའི་ཡུལ་དང༌། ཀསྨི་རའི་ཡུལ་དང༌། བོད་ཀྱི་ཡུལ་ལ་སོགས་པ་ཕྱོགས་གཞན་དང་གཞན་ནས་འོངས་པའི་མིའི་འགྲོ་བ་བཀྲེས་པ་དང༌། ཕོངས་པ་དང༌། ཉམ་ཐག་པ་དང༌། འཁྱམས་པས་དུབ་པ་དང༌། མགོན་མེད་པ་དང༌། སྐྱབས་
མེད་པར་གྱུར་པ་རྣམས་ཀྱང་མེ་ཏོག་དང་པདྨའི་ཕྲེང་བས་རྣམ་པར་བརྒྱན་པའི་མཚོ་ལ་མ་བསྡུས་པར་ཡང་ངང་པའི་ཁྱུ་དག་རང་འདུ་བ་ལྟ་བུའམ། རི་དྭགས་སྐོམ་པ་ཆུ་ཀླུང་གི་ཆེད་དུ་བསྙགས་པ་ལྟར་ལྷགས་ནས་བག་ཚ་བ་མེད་པར་ཤིང་སྡོང་གོག་པོ་ལྟ་བུའི་ལུས་ཐམས་ཅད་ས་ལ་ཕབ་པའི་
เล่ม ๒๑๓ · หน้า 258b
ཕྱག་འཚལ་བ་དང་ཆབ་ཅིག་པར། ལྷའི་རྒྱལ་པོ་རྒྱལ་བར་གྱུར་ཅིག །བླ་མ་ཆེན་པོ་རྒྱལ་བར་གྱུར་ཅིག སློང་བའི་དཔག་བསམ་རྒྱལ་བར་གྱུར་ཅིག འདོད་པའི་རེ་སྐོང་རྒྱལ་བར་གྱུར་ཅིག་ཅེས་པའི་ཤིས་པར་བརྗོད་པའི་ཚིག་གི་ཕྲེང་བ་འགའ་ཞིག་གིས་མདུན་བསུ་སྟེ། ངོ་ཚས་
ཉམས་པར་བྱས་པའི་གདོང་གིས་ས་ལ་བལྟ་བ་དང་བཅས་ཏེ་རང་ཉིད་གང་དང་གང་གིས་ཉེན་པར་གྱུར་པ་དེ་དང་དེའི་གཉེན་པོ་དག་རྟབས་ཤིང་རྟབས་པའི་ངག་གིས་སློང་བར་བྱེད་དེ། །དེ་སྐད་སྨྲ་བ་སྐྱེ་དགུའི་བདག་པོ་གང་གི་སྙན་གྱི་དབང་པོར་སིམ་པར་གྱུར་པའི་མོད་ལ་སྔར་འདྲིས་ཀྱི་གྲོགས་དང་
ཕྲད་པ་བཞིན་དུ་འཛུམ་པའི་མདངས་ཕྱུང་ཞིང་སྙིང་རྗེས་ཤིན་ཏུ་འཇམ་པར་བྱས་པའི་གསུང་གིས་དབུགས་དབྱུང་མང་པོ་སྔོན་དུ་འགྲོ་བས། ཇི་ཙམ་ན་སློང་བའི་སྐྱེ་བོ་གང་ལ་བཟའ་བའི་རྣམ་པའམ། བགོ་བའི་རྣམ་པའམ། དབྱིག་གི་རྣམ་པའམ། བཞོན་པའི་རྣམ་པ་གང་དགོས་པ་
དེ་དག་གིས་ཡོངས་སུ་ཚིམ་པར་བྱེད་པའི་སྒོ་ནས། བཀྲེས་པ་དང་ཕོངས་པ་ལ་སོགས་པས་ཉམ་ཉེས་པར་གྱུར་པའི་འཇིགས་པ་ཆེན་པོ་གང་དག་ལས་ཅི་བདེ་བར་ཡོངས་སུ་སྐྱོབ་པར་བྱེད་དོ། །གཞན་ཡང་བཤས་རར་ཆུད་པའི་སྲོག་ཆགས་ཀྱི་རིགས་སྤྱན་ལམ་དུ་བབ་པ་ཐམས་ཅད་ལ་
ཡང་མི་བཟོད་པའི་སྙིང་རྗེས་ཀུན་ནས་བསླངས་པའི་མཆི་མ་འཁྲུགས་བཞིན་པས་རིངས་པ་རིངས་པར་འདོད་ལྡན་གྱི་སྐྱེ་བོ་སྡིག་པའི་ལས་ལ་ཇི་མི་སྙམ་པའི་བདག་པོ་གང་ཡིན་པ་དེ་ལ་རིན་ཐང་ཚད་དུ་ལངས་པར་བཅལ་ཏེ། སྲོག་ཆགས་དེ་དག་གི་སྲོག་བསླུ་བར་མཛད་པ་ཁོ་ན་ཡང་
བགྲང་དུ་མེད་དོ། །འོན་ཏེ་རྒྱལ་པོའི་ཁབ་འདི་དང་གཞན་དུ་ཡང་རུང་སྟེ། རང་དང་གཞན་གྱི་ཕྱོགས་རིས་མཐའ་དག་ནས་ལྷགས་པའི་མགྲོན་འགྲིམ་གྱི་རིགས་མང་བ་དང༌། རྟག་ཏུ་གཏོང་སྲོལ་ཆེ་བ་དང༌། རྒྱལ་པོའི་ཀུན་སྤྱོད་ཀྱི་དབང་དུ་གྱུར་པས་བཟའ་ཤའི་ཆེད་དུ་དམིགས་པའི་
གནག་ལུག་གི་སྲོག་གཅོད་མང་དུ་འགྲོ་བ་ཡོད་པ་འདི་ནི་ཤིན་ཏུ་སྤང་དཀའ་བར་མཆིས་མོད། དེ་དག་གི་སྡིག་སྦྱོང་དུ་དགེ་སློང་བཅུ་གཅིག་གིས་བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་ཚར་རེ་ཉིན་རེ་ཞིང་འདོན་པ་འདི་ཉིད་ཡིན་ཞིང༌། ལན་རེ་ཙ་ན་སྡེ་དགེ་བླ་མ་རང་གིས་བཞེས་ཤ་མཆོད་
เล่ม ๒๑๓ · หน้า 259a
པའི་རུས་པ་དུམ་བུ་བསགས་པ་ལ་དགེ་འདུན་རྣམས་ཀྱིས་བྱང་ཆོག་བཏང་ནས་རུས་བུ་དེ་ལས་སཱཙྪ་བཏབ་པའི་ལོ་རྒྱུས་ཀྱང་ཐོས་སོ། །གཞན་ཡང་སློབ་དཔོན་མ་ཏི་ཙི་ཏྲས་རྒྱལ་པོ་ཀ་ནིཥྐ་ལ་གདམས་པ་ལས། འགྲོ་བ་དམན་པ་ལོག་ལྟུང་བ། །མགོན་མེད་
ཉེས་མེད་ཕལ་ཆེར་ནི། །རྩྭ་དང་ཆུ་དང་འབྲས་བུ་ནི། །ཕལ་པས་འཚོ་བ་སྒྲུབ་བགྱིད་པ། །བྱ་དང་རི་དྭགས་ཕྱུགས་དག་ལ། །རྒྱལ་པོས་གསོད་དམ་གསོད་འཇུག་པ། །ཅི་ག་རིགས་སམ་མི་རིགས་པ། །བདེ་ལ་གནས་པ་ཁྱོད་ཉིད་གསུངས། །ཁྱོད་ནི་ཆེན་པོར་མི་ཁྲོ་
ཞིང༌། །གནོད་པ་བགྱིད་ལའང་བཟོད་ཅེས་གདའ། །ཁྱོད་ཀྱི་ཐུགས་རྗེ་དུད་འགྲོ་ལ། །ཀྱེ་མ་སུ་ཡིས་དགག་པར་བགྱིས། །གནོད་པ་བགྱིད་ལ་བཟོད་མཛད་ཅིང༌། །གནོད་མི་བགྱིས་པ་འགུམས་མཛད་པ། །ཁྱོད་ལ་བརྩེ་དང་མི་བརྩེ་བའི། །རྒྱུ་མཐུན་པ་ནི་གཉིས་ཀ་གདའ། །
སྔོན་ཆད་བགྱིས་པའི་སུག་ལས་ཀྱི། །འདི་ལྟར་འབེན་དུ་གྱུར་པ་ལ། །ཁྱོད་ཉིད་གནོད་པ་མཛད་ན་ཀོ །སུ་ལ་སྐྱབས་སུ་མཆི་བ་གསུངས། །གཞན་གྱིས་གནོད་པ་བགྱིས་ན་ཡང༌། །ཉིད་ཀྱི་ཕྱག་གིས་བཤུག་འཚལ་ན། །ཁྱོད་བཞེངས་མངོན་དུ་གནོད་མཛད་ན། །ཕྱོགས་
ཀུན་མུན་པར་མ་གྱུར་ཏམ། །ཀུན་ལ་སྲོག་ནི་ཕོངས་པ་སྟེ། །ཀུན་ལ་གསོན་པ་སྡུག་པ་ལགས། །ཐམས་ཅད་འཆི་བའི་ཆོས་ཅན་ཏེ། །ཐམས་ཅད་སྡུག་བསྔལ་རྣམས་ཀྱིས་གདུངས། །འདི་ལྟར་གང་ཞིག་མི་འཚལ་བ། །དེ་ཉིད་ཀྱིས་ནི་སྡུག་བསྔལ་ཏེ། །མཁས་པ་སུ་ཞིག་
མགར་བ་ལྟར། །ཚིག་པ་ལ་ནི་ཡང་སྲེག་བཞིན། །ཁྱོད་ནི་སྲོག་གཅོད་མི་དགྱེས་ཤིང༌། །སྲོག་གཅོད་དགྱེས་ལས་ཕྱིར་ལོག་ན། །རྒྱལ་སྲིད་ཉམས་པར་འགྱུར་རམ་ཅི། །ལུགས་འདི་ཅི་ཞིག་ལགས་པ་གསུངས། །མཚོན་ཆའི་ཐབས་ལ་མཁས་ཁྱོད་ཀྱིས། །གཡུལ་
ངོར་སྲོལ་བསྟོད་མཐོང་ལགས་ན། །གཞན་དུ་ཁྱོད་བརྟེན་རི་དྭགས་ལ། །ཅི་སླད་གནོད་པའི་ལས་རྣམས་མཛད། །རི་དྭགས་གཞོན་ནུའི་སྤྱན་མངའ་ཁྱོད། །སྤྱན་དང་འདྲ་བའི་རི་དྭགས་རྣམས། །རྟབས་ནས་རིག་རིག་ལྟ་བ་ལས། །ཅི་ཡི་སླད་དུ་ཐུགས་མི་རྗེ། །ཁྱོད་ཀྱི་སྤྱན་
เล่ม ๒๑๓ · หน้า 259b
དང་མིག་འདྲའི་ཕྱིར། །ཁྱོད་ལ་དགའ་བ་གང་ལགས་དེ། །རི་དྭགས་ལ་ཡང་དགའ་བགྱིད་ན། །ཁྱོད་ནི་ཇི་ལྟར་དགྱེས་མི་མཛད། །ལོག་པར་ལྟུང་དང་སྤྱན་འདྲ་དང༌། །མགོན་མེད་ཡུལ་ན་གནས་པ་ཉིད། །རེ་རེ་ཡང་ནི་རི་དྭགས་དག །མི་འགུམས་པ་ཡི་རྒྱུར་རུང་ངོ༌། །མི་
རྣམས་ལ་ནི་མཛད་པ་བས། །སྡུག་བསྔལ་ལྷག་པར་བརྟགས་པ་ཡི། །དུད་འགྲོ་རྣམས་ལ་ཆེས་ལྷག་པར། །ཁྱོད་ཀྱི་ཐུགས་རྗེས་མཛད་དུ་གསོལ། །ཞེས་དང༌། སྐྱེས་རབས་ལས་ཀྱང༌། གལ་ཏེ་བདག་ནི་དགའ་བར་ཁྱོད་བཞེད་ན། །དཔའ་བོ་ཁྱོད་ཀྱིས་རྔོན་པའི་ཕྲིན་
ལས་སྤངས། །དུད་འགྲོའི་རང་བཞིན་སེམས་ནི་གླན་པ་ཅན། །རི་དྭགས་ཉོན་མོངས་རྣམས་ལ་སྙིང་རྗེ་མཛོད། །བདེ་ལ་གནས་དང་སྡུག་བསྔལ་བྲལ་འདོད་པ། །སེམས་ཅན་ཐམས་ཅད་མཚུངས་པར་ཐུགས་ལ་དགོངས། །དེ་བས་བདག་ཉིད་མི་འདོད་གང་ཡིན་པ། །དེ་དག་
གཞན་ལ་བགྱི་བར་མི་རིགས་སོ། །གྲགས་པ་མེད་ཅིང་དམ་པས་སྨད་པར་འགྱུར། །སྡུག་བསྔལ་སྡིག་ལས་བྱུང་བར་རིག་ནས་ནི། །དགྲ་བོའི་ཕྱོགས་བཞིན་སྡིག་པ་སྤོང་བར་མཛོད། །དེ་ནི་རང་བཞིན་ཡལ་བར་དོར་མི་རིགས། །ཞེས་གསུངས་པ་བཞིན་འདོད་ལྡན་གྱི་སྐྱེ་
བོ་སྡིག་པའི་བྲེ་ག་མ་གང་བ། དུག་དང་ཁྲག་གི་ཁུ་བས་ལག་པ་དང་མཚོན་ཆ་ལ་སྦགས་པ་སྡང་བའི་རྒྱུ་མེད་པར་རི་དྭགས་ཀྱི་རིགས་ལ་བསྣུན་པ། དོན་དུ་རང་གི་བསོད་ནམས་ཀྱི་སྙིང་ལ་འབིགས་པ། ངན་སོང་འབབ་པའི་རྐང་སྟེགས་འཆའ་བ། མཐོ་རིས་ཀྱི་ལྟད་མོ་མཐོང་
བའི་ཐ་མར་གྱུར་པ། གཤིན་རྗེའི་སྐྱེས་བུ་བཞིན་དུ་སྲོག་ལེན་གྱི་ཆོ་ག་ལ་གོམས་པའི་རྔོན་པ་རྣམས་ལའང་རི་དྭགས་ཀྱི་རིགས་གསོད་དུ་མི་སྟེར་བའི་མངོན་རྒྱ་ལོ་གྲངས་ཀྱིས་ངེས་པར་བཅད་པའི་བཀའ་ཁྲིམས་ཀྱང་མང་དུ་འཆའ་བར་མཛད་དོ། །གཞན་ཡང་རང་དང་གཞན་གྱི་
བདེ་དགའ་དང་ལེགས་བྱས་ཀྱི་རྩ་བ་ཅིག་ཅར་དུ་འཇོམས་པའི་གཡུལ་གཤོམ་དང་དམག་འཁྲུག་གི་རིགས་རྣམས་ཀྱང་ཐབས་ཀྱིས་མགོ་གནོན་གང་ཐུབ་དང་ལེགས་འདུམ་དུ་ཅི་འགྲོ་གཙོ་བོར་མཛད་པ་ལས། དེ་ལས་ལྡོག་སྟེ་གཡུལ་གྱི་ལས་ལ་དགའ་བའི་དགའ་སྟོན་བཞིན་དུ་
เล่ม ๒๑๓ · หน้า 260a
ཆེས་ཆེར་སྤྲོ་བའི་རྒྱལ་རིགས་ངན་པའི་ངང་ཚུལ་དག་ནི་ནམ་ཡང་མི་འཛིན་པ་ཆོས་ལྡན་བླ་མ་སྐྱེ་དགུའི་བདག་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཉིད་དོ། །དེས་ན་ཚུལ་འདི་དག་ལ་ལེགས་པར་བསམས་ན་སེམས་ཅན་རིས་སུ་མེད་པ་ལ་རང་རང་གི་བརྟེན་གནས་
སུ་གྱུར་པའམ། ཕ་མར་གྱུར་པའམ། སྤུན་ཟླར་གྱུར་པའམ། མཛའ་བཤེས་སུ་གྱུར་པ་གང་དང་གང་ཡིན་པ་རྣམས་ལས་སྡོམ་བརྩོན་ཆེན་པོ་འདི་ཉིད་དྲིན་དུ་ཆེ་བར་ཁུམས་སོ། །གཉིས་པ་ནི། སྤྱིར་ཐེག་པ་ཆེན་པོའི་རིགས་སུ་སྐྱེས་པའི་བློ་ལྡན་རྒྱལ་བའི་མྱུ་གུ་དམ་པར་
གྱུར་པ། རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ལམ་ཡང་དག་པ་ལ་ཞུགས་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་འབྲས་བུ་ཅི་ཞིག་ཡིན་སྙམ་ན། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ཏེ། །སེམས་ཅན་སྲེད་ཕྱིར་བརྩེར་ལྡན་ཞི་ཐོབ་མིན། །དེ་
ལྟར་བློ་བརྩེ་བྱང་ཆུབ་ཐབས་བརྟན་པས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་གསུངས་པས། ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས་པར། ཁམས་གསུམ་གྱི་སྡུག་བསྔལ་ལས་འདས་ཤིང་སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་
གནས་པར། འཁོར་བ་སྲིད་དུ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་མི་གནས་མྱ་ངན་ལས་འདས་པའི་གོ་འཕང་དེ་ཉིད་ནི་བློ་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བའི་སྙིང་པོ་ཡིན་ནོ། །དེ་ཡང་རང་དགའ་ཙམ་གྱིས་ཐོབ་པར་འགྱུར་བ་མ་ཡིན་གྱི། ཐེག་པ་ཆེན་
པོའི་ལམ་ཚང་ལ་མ་ནོར་བ་ཞིག་ལ་ཚུལ་བཞིན་དུ་བསླབས་ནས། དེ་ཉིད་མཐར་ཕྱིན་པར་གྱུར་པ་ལས་འབྱུང་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྤྱན་རས་གཟིགས་ཀྱིས་གསོལ་པ།
བཅོམ་ལྡན་འདས་སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱིའི་ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ།འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་
เล่ม ๒๑๓ · หน้า 260b
ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆི་བ་ལགས་སོ་ཞེས་དང༌། ཡང་བྱང་ཆུབ་སེམས་དཔའ་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་
ཆུབ་སེམས་དཔའ་ཆོས་གཅིག་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན་འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ་ཞེས་དང༌། མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། དང་པོ་རྩ་བ་ཐ་མ་འབྲས་
མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱད་བཟོད་པ་ཉིད་མི་འགྱུར། །ཞེས་དང༌། སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ཀྱིས། །སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ལྟར་འདི་དག་ལ་ནི་སྡུག་བསྔལ་
ཡང༌། །བརྩེས་བསྐྱེད་བདེ་བ་གཞལ་དུ་མེད་པ་འབྱུང༌། །ཞེས་གསུངས་སོ། །དེ་ལྟ་བུའི་སྙིང་རྗེ་ཆེན་པོ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དེ་ཉིད་རྒྱུད་ལ་བསྐྱེད་པ་ལ་ཡང༌། ཐོག་མར་བྱམས་པའི་ཏིང་ངེ་འཛིན་ལ་ནན་ཏན་བྱ་དགོས་ཏེ། སྙིང་རྗེ་ནི་བྱམས་པའི་
རྩ་བ་ཅན་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། མདོ་སྡེ་རྒྱན་ལས། སྙིང་རྗེའི་ཆུ་བ་བྱམས་པས་ཏེ། །ཞེས་སོ། །དེ་བསྒོམས་པའི་ཕན་ཡོན་ནི། ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཕྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པའི་རྣམ་པ་དཔག་མེད་ཇི་སྙེད་པས། །སྐྱེས་
མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་དང༌། བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། ཆོས་བཞི་དང་ལྡན་ན་མཛེས་པར་འགྱུར་རོ། །དགྲ་བོ་ལ་ཡང་མི་ཁྲོ་བ་དང༌། བྱམས་པ་ལ་གནས་པ་དང༌། ཆོས་འདོད་པ་དང༌།
དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པའོ་ཞེས་གསུངས་པས་བྱམས་པའི་སྦྱིན་པ་བྱིན་པ་ལས་བསོད་ནམས་དཔག་ཏུ་མེད་པ་འཐོབ་སྟེ། དེའི་རྒྱུ་མཚན་ཡང་སྤྱོད་འཇུག་ལས། དེ་དག་དགའ་ནས་ཐུབ་པ་ཀུན་དགེས་ཤིང༌། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །
เล่ม ๒๑๓ · หน้า 261a
ཞེས་དང༌། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་དེས། །བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་དག་ཉིད། །མགོན་དེའི་བདག་ཉིད་ཅི་ཕྱིར་གུས་མི་བྱེད། །ཅེས་གསུངས་པས་སེམས་ཅན་ལ་གནོད་པ་བྱས་པ་ན། སངས་
རྒྱས་ལ་གནོད་པ་བྱས་པར་འགྱུར་བ་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཀྱིས་བདག་གིར་མཛད་པ་དང༌། སེམས་ཅན་རྣམས་ནི་རང་བཞིན་གྱིས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། མཐའ་མེད་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་
བའི་རྒྱུ་དང་ལྡན་པར་འདོད་པའི་དམིགས་རྣམ་ཅན་གང་ཡིན་པའོ། །དེ་ལྟར་ཡང་སློབ་དཔོན་ཟླ་བས། འགྲོ་ལ་ཕན་པ་ཉེར་བསྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱར་བརྗོད། །ཅེས་དང༌། རྩེ་མོ་ལས། སྙན་ཅིང་བདེན་པར་སྨྲ་བ་ཡིས། །ཞེ་སྡང་འཇོམས་བྱེད་བྱམས་པ་
བསྒོམ། །ཞེས་པ་སྟེ། དེ་ལ་དབྱེ་ན་གང་ཟག་གི་རིམ་པ་གསུམ་དུ་འགྱུར་ཏེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པ་ལ་དམིགས་པའོ། །དེ་སྐད་དུ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བྱང་ཆུབ་སེམས་དཔའ་སེམས་དང་པོ་
བསྐྱེད་པ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་པའོ། །སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་ནི་ཆོས་ལ་དམིགས་པའོ། །བཟོད་པ་ཐོབ་པ་རྣམས་ཀྱི་ནི་དམིགས་པ་མེད་པའོ་ཞེས་སོ། །དེ་ལྟ་བུའི་དབྱེ་བ་དེ་དང་ལྡན་པའི་བྱམས་པ་དེ་ནི་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བར་གྱུར་པ་
སྟེ། དེ་ཉིད་ཀྱི་སྦྱིན་པ་བྱིན་པ་ལ་བརྟེན་ནས་སེམས་ཅན་ལ་ཕན་འདོགས་བསྒྲུབས་པའི་ཚུལ་ནི། བླ་མ་ཆེན་པོ་འདི་ཉིད་རང་གི་མངའ་འོག་ཏུ་གཏོགས་པས་མཚོན་ཏེ། ས་ཆེན་པོ་ལ་འཁོད་པའི་སྐྱེ་བོ་མ་ལུས་པ་མཐོང་བའི་ཆོས་འདིར་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་
བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། སླད་མ་རྣམས་སུ་ཡང་བདེ་ལེགས་ཐམས་ཅད་ཀྱི་རྒྱུར་གྱུར་པའི་དགེ་བ་དང་ལྡན་པར་འདོད་པའི་མཉེས་གཤིན་བྱམས་པའི་སེམས་ཀྱིས་ཡོངས་སུ་བསྲུང་བ་ལ་སུས་ཀྱང་བརྫི་བ་མི་མངའ་བ་ནི། རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབས་སུ། །
เล่ม ๒๑๓ · หน้า 261b
དེའི་དཔུང་བྱམས་པ་རུ་མཚོན་ཁྲོ་བོའི་དཔུང་ནི་ཆོ་ག་ཙམ། །དེ་ནི་མི་ཁྲོ་ཚིག་རྩུབ་མི་སྨྲ་ས་ཡང་ལེགས་པར་བསྲུངས། །དེ་ཡི་བཀའ་ཁྲིམས་ཆོས་ཡིན་རྒྱུ་མེད་ནོར་ཡང་དམ་པ་མཆོད། །དེ་ལྟར་རྨད་དུ་བྱུང་ཡང་ངན་པའི་ཆོས་ཉིད་དྲེགས་པ་མེད། །ཅེས་དང༌། སྐྱེ་དགུ་རྣམས་ནི་བདེ་དང་
སྡུག་བསྔལ་གང༌། །རྒྱལ་པོ་དེ་ཡང་དེ་དག་དེ་བཞིན་འགྱུར། །དེ་བས་དེ་ནི་སྐྱེ་དགུ་བསྲུང་ལ་མཁས། །མཚོན་ཆ་རྣམས་དང་གཙུག་ལག་རྣམས་ལ་གོམས། །མི་ཡི་བདག་པོའི་བཀའ་ཁྲིམས་སྤྱི་བོས་མནོས། །དེ་ཡི་མཚོན་ཆ་རྒྱན་དང་འདྲ་བར་གྱུར། །འཇིག་རྟེན་ཕན་འབྱུང་
བསྟན་བཅོས་ཚུལ་རྣམས་ཀྱིས། །གཙུག་ལག་དག་ཀྱང་རྣམ་པར་གསལ་བར་སྣང༌། །ཚར་གཅད་པ་དང་ཕན་གདགས་བྱས་པ་ལ། །ཆོས་དང་འགལ་བ་དེ་ནི་ཡོངས་མི་བྱེད། །ཚུལ་ལ་མཁས་ཤིང་གཞན་ལ་ཕན་པར་སེམས། །སྐྱེ་དགུ་རྣམས་ལ་རྟོག་མཁས་པ་དང་འདྲ། །ཞེས་འབྱུང་
བ་བཞིན་དུ། འདིར་བྱམས་ལྡན་དམ་པ་གང་གི་མཉེས་གཤིན་བྱམས་པའི་ཐུགས་ཀྱི་སྲུང་བས་ལེགས་པར་བསྲུངས་པའི་འཛིན་མའི་དཀྱིལ་འཁོར་རྣམ་པར་ཡངས་པའི་ཁོངས་སུ། ཆབ་འབངས་ཀྱི་འགྲོ་བ་ཀུན་ཀྱང་འཇིགས་པ་དང་བག་ཚ་བ་མེད་པར་ཅི་བདེར་གནས་པར་བྱེད། རང་
རང་གི་སྐྱེ་བ་སྔོན་མའི་ལས་ཀྱི་བདག་པོས་ལེགས་པར་སྩལ་བའི་བགོ་སྐལ་གང་དང་གང་ཡིན་པ་དེ་ལ་ལོངས་སུ་སྤྱོད་པར་བྱེད་དོ། །མིའི་བདག་པོ་གང་གི་ཐུགས་བརྩེ་དང་བྱམས་པའི་སྒོ་མོ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དག་ནི་ཕྱེ་སྟེ། དེ་ལས་བྱུང་བའི་ཕན་འདོགས་ཀྱི་རིགས་རྣམ་པ་སྣ་ཚོགས་པ་
དག་འགྲོ་བ་རང་རང་གི་སྐལ་བ་དང་མཉམ་པར་ལེགས་པར་འགྱེད་པར་མཛད་དོ། །དེ་དག་ཀྱང་བག་ཚ་བ་མེད་པར་དཔེར་ན་བདག་པོ་རང་གིས་སྔོན་ཆད་བཅོལ་བའི་ནོར་ལ་ཇི་ལྟར་བྱ་བ་དེ་བཞིན་དུ་ལེན་པར་བྱེད་དོ། །སྐྱེ་དགུའི་བདག་པོ་དེ་ཡིས་ཇི་ལྟར་བསྒོས་པའི་བཀའ་ལུང་གི་བྱ་བའི་ཁུར་
ལྕི་བ་དང་ཡང་བ་གང་ཡིན་པ་དེ་ནི་སྐྱེ་བོའི་ཚོགས་དེ་དག་གིས་རྒྱན་གྱི་དམ་པ་བཞིན་དུ་སྤྱི་བོས་བཏུད་ཅིང་གུས་པར་ལེན་པར་བྱེད་དོ། །བྱམས་པའི་སེམས་ཀྱིས་ཀུན་ནས་སྦགས་པའི་ཞལ་བཟང་འཛུམ་པའི་བདུད་རྩི་མང་པོ་ཡང་རྟག་ཏུ་འཐུང་བར་བྱེད་དོ། །ཚིག་རྩུབ་ཀྱི་ཚེར་མ་མེད་
เล่ม ๒๑๓ · หน้า 262a
པའི་འཛུམ་སྒྲོས་པདྨ་དམར་པོའི་འདབ་མ་ཁ་བྱེ་བ་ལས་བྱུང་བའི་གསུང་འཇམ་གྱི་སྦྲང་རྩི་མངར་པོ་ནི་ཅི་ཡང་འཇིབ་པར་བྱེད་དོ། །ཆབ་འབངས་ཀྱི་འགྲོ་བ་དེ་ཐམས་ཅད་ཀྱང་བདེ་བ་དང་སྡུག་བསྔལ་བའི་གནས་སྐབས་ཀྱི་རྣམ་པ་ཅི་འདྲར་གྱུར་ཀྱང་མིའི་བདག་པོའི་
མཁྱེན་པའི་མིག་དཀྱུས་ཡངས་པ་དང་དྲི་མ་མེད་པ་ཉིད་དུ་སྤྲོས་ཏེ་ཡང་དང་ཡང་དུ་གཟིགས་པར་བྱེད་དོ། །དེ་ལྟ་བུའི་བྱམས་པའི་གོ་ཆ་བཟང་པོས་ལེགས་པར་བསྲུངས་པའི་ས་ཕྱོགས་གང་དུ་དགྲའི་འཇིགས་པ་དང་ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དག་གིས་གླགས་རྙེད་པའི་
སྐབས་ཅི་ཞིག །འོན་ཀྱང་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །ཞེས་དང༌། རྒྱལ་པོ་ལ་གདམས་པ་ལས། སྐྱེས་བུ་དེ་ནི་གང་དང་གང་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །
ཞེས་གསུངས་པ་ལྟར་སེམས་ཅན་གྱི་ཁམས་རྣམས་སུ་རང་རང་གི་སྔོན་བསགས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་འབྱོར་པ་དང་རྒུད་པ་དང་བཀྲེས་སྐོམ་གྱི་རྣམ་པ་སྣ་ཚོགས་པ་ཞིག་འབྱུང་བ་འདི་ནི་བཟློག་ཏུ་མ་མཆིས་པ་ཉིད་དེ། དེའང་འདི་ལྟར། སྔོན་གྱི་སྦྱིན་པའི་སྟོབས་ལས་སྐྱེས་པའི་སྐྱེ་
བོ་འགའ་ཞིག་ནི། བདོག་པའི་རྫས་ཀྱི་འབྱོར་པ་རྒྱ་ཆེ་ཞིང་ཟད་མི་ཤེས་པ་མཆོད་པ་དང་སྦྱིན་པ་ལ་སོགས་པའི་ཆེད་དུ་ཇི་ཙམ་ཟད་པར་བྱས་པ་དེ་ཙམ་དུ་གང་བར་འགྱུར་བ། རིན་ཆེན་འབྱུང་གནས་ཆེན་པོའི་ཆུ་ལྟ་བུ་ལ་ལོངས་སུ་སྤྱོད་པ་དག་ཡོད་དོ། །ཕལ་ཆེར་ནི་འབྱོར་པའི་ཚོགས་སྦོམ་ཞིང་
རྒྱུན་རིང་བ། དུས་དུས་སུ་འཕེལ་འགྲིབ་ཀྱི་རྣམ་པ་ཅུང་ཟད་སྟོན་ཀྱང་ཡོངས་སུ་ཟད་པར་བྱར་མེད་ཅིང་རྟག་ཏུ་འབྱུང་བ་ཆུ་ཀླུང་ཆེན་པོའི་རྒྱུན་ལྟ་བུ་ལ་སྤྱོད་པའང་ཡོད་དོ། །ཁ་ཅིག་ནི་ཇི་ལྟར་འབྱོར་པར་གྱུར་པ་ཡོངས་སུ་བཟུང་བ་ལ་མཁས་ཀྱང་གཏོང་བ་ལ་མི་མཁས་པ། ཡུན་ཇི་སྲིད་ཅིག་ནས་
དགོས་པའི་ཆེད་དུ་ཡང་སྤྱོད་པར་བྱར་མེད་པས་ཡོངས་སུ་གཏུགས་པར་འགྱུར་བ་རྫིང་བུའི་ཆུ་ལྟ་བུ་ལ་སྤྱོད་པའང་ཡོད་དོ། །གཞན་པ་ཕལ་ཆེར་ནི་བསགས་པའི་རྫས་ཀྱི་རྒྱུན་མང་པོ་དང་ལྡན་པ་ཡང་མ་ཡིན་ལ། ཤིན་ཏུ་འགྲིབ་པར་འགྱུར་བ་ཡང་མིན་པ། ཇི་ལྟར་དགོས་པའི་དུས་ཉིད་
เล่ม ๒๑๓ · หน้า 262b
ནའང་རྩོལ་བ་ཆུང་ངུས་འབྱུང་བ། ཆུ་མིག་རྟག་ཏུ་འབབ་པའི་ཆུ་ལྟ་བུ་ལ་སྤྱོད་པ་དག་ཀྱང་ཡོད་དོ། །འགའ་ཞིག་ནི་བདོག་པའི་རྫས་གཙང་བ་དང་མི་གཙང་བ་ཇི་སྙེད་ཅིག་ཉུང་ངུ་ཉུང་ངུ་ནས་ཤིན་ཏུ་འབད་པས་བསགས་ཀྱང་མང་པོ་ཉིད་དུ་འཕེལ་བ་མི་སྲིད་ལ། ཉུང་ཟད་གང་བ་ལྟར་སྣང་
ཡང་ཡོངས་སུ་རྫོགས་པ་ཉིད་རང་དབང་དུ་སྤྱོད་པའི་སྐབས་མེད་པར། གཞན་རྐྱེན་ཕྲ་མོ་རེས་འཁྱག་པའམ་སྐོམ་པར་འགྱུར་བ་རྨིག་རྗེས་ཀྱི་ཆུ་ལྟ་བུ་ལ་སྤྱོད་པའང་ཡོད་དོ། །འགའ་ཞིག་ནི་ཕན་པའི་ཐབས་ཀྱི་ཁྱད་པར་མང་པོས་ལན་འགར་བསྐྱངས་ནའང༌། བདག་ཏུ་བཟུང་བའི་ཡོ་
བྱད་རྣམས་ནི་དེའི་ཉེས་པ་དྲན་པ་བཞིན་དུ་སྤངས་ཏེ་སྡིག་མེད་ཀྱི་ལོངས་སྤྱོད་དག་ནི་ཡང་དང་ཡང་དུ་ཡིད་སྨོན་བྱེད་ཅིང་བསྒུགས་ནས་དེ་ཉིད་ནམ་བྱུང་བ་ན་ལེན་པ་ཙམ་གྱིས་མི་ཚེ་ཕྱིད་པར་བྱེད་པ་ཆར་སྡོད་ཀྱི་བྱིའུའི་ཆུ་ལྟ་བུ་སྤྱོད་པ་དག་ཀྱང་ཡོད་དོ། །དེ་ལྟ་བུའི་མངའ་རིས་རྣམས་ལ་ནི།
སྤྱིར་མིའི་བདག་པོ་འདིས་ཕན་པའི་སེམས་དང་རྗེས་སུ་འབྲེལ་པའི་བགྱི་བ་རྨད་དུ་བྱུང་བས། གནའི་ལུགས་སྲོལ་དུ་དར་བའི་བགྱི་བ་ཐམས་ཅད་གཙོ་བོར་བཟུང་ནས། དགོས་པའི་དཔྱ་འབུལ་རྣམས་ཀྱང་དུས་དང་གནས་སྐབས་ཀྱི་ཁྱད་པར་ལ་མངོན་པར་དཔགས་པའི་སྒོ་ནས་བསྡུ་ཞིང་
མངའ་རིས་ཐམས་ཅད་ཡུན་རིང་དུ་གནས་པའི་བྱ་བ་ཁོ་ན་ལྷུར་ལེན་པར་མཛད་དེ། དཔེར་ན་སྦྲང་རྩི་ལེན་པ་ལ་མཁས་པ་བཞིན་ནོ། །དེའང་ཇི་ལྟར་ཞེ་ན། སྦྲང་རྩི་ལེན་པ་ལ་མཁས་པ་དག་ནི། ནམ་ཞིག་དུས་ལ་བབ་པ་ན་སྦྲང་བུ་འཚོ་བའི་གསོས་སུའང་འཇོག་ཅིང་རང་གི་དགོས་པ་ཉིད་ཀྱང་
ལེན་པར་བྱེད་ཀྱི། སྦྲང་རྩི་འཛིན་པ་ཉིད་ཀྱང་ཡུན་རིང་དུ་གནས་པར་མི་འགྱུར་བའི་ལས་གང་ཡིན་པ་དེ་ནི་ནམ་ཡང་རྩོམ་པར་མི་བྱེད་པ་དེ་བཞིན་དུ། སྡོམ་བརྩོན་མིའི་བདག་པོ་འདིས་ཀྱང་མངའ་རིས་ལ་ལོངས་སུ་སྤྱོད་པའི་ཚེ། ལན་ཅིག་མ་ཡིན་པར་རྟག་ཏུ་སྤྱད་པར་བགྱིར་རུང་བའི་
ལས་ཁོ་ན་རྩོམ་པ་གཙོ་བོར་མཛད་ཅིང༌། དུས་གཅིག་ཉིད་དུ་རྩ་བ་ནས་འབྱིན་པར་འགྱུར་བའི་ལས་རྣམས་ནི་རྣམ་པ་ཐམས་ཅད་དུ་བགྱིད་པ་མ་ལགས་ཤིང༌། ཁྱད་པར་ཉེ་བར་སྤྱད་པའི་ལོངས་སྤྱོད་ཀྱི་སྐལ་བ་རྨིག་རྗེས་ཀྱི་ཆུ་དང་བྱེའུའི་བཏུང་བ་ལྟ་བུ་ལ་སྤྱོད་པའི་རིགས་ཅན། གནའ་
เล่ม ๒๑๓ · หน้า 263a
ནས་དར་བའི་ཤོག་མ་ཙམ་ཡང་སྟོབ་པར་མི་ནུས་པ་དང༌། ཅུང་ཟད་སྟོབ་པར་ནུས་ཀྱང་ཕྱི་ནས་ལག་པ་དག་ནི་དཎྜ་དང་ཡོལ་གོས་བྲེལ་བའི་སྐལ་བ་ཅན་དུ་འགྱུར་བ་རྣམས་ལ་ནི། བདོག་པ་ངན་ངོན་གང་རུང་རེས་ཀྱང་འཚོ་བར་བྱེད་པ་དང༌། དེའང་མེད་ན་དཀོན་མཆོག་གསུམ་གྱི་
རྟེན་ལ་ཕྱག་འཚལ་བའམ། བསྐོར་བ་བྱེད་པའམ། ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་བཟླས་བརྗོད་ཙམ་གྱིས་འཚོབ་པར་བྱེད་ཅིང༌། སླར་ཡང་རང་རང་གི་གནས་སུ་བཀོད་པའམ་ཁོལ་པོར་བཀོལ་བའི་བྱ་བ་གང་རུང་དག་ལ་འགོད་པར་མཛད་དོ། །དེ་ལས་གཞན་པ་ཚུལ་བཞིན་མ་ཡིན་པའི་ལས་ལ་
རྟག་ཏུ་གོམས་པ། བྱེད་པ་རྒྱུ་མཐུན་གྱི་བག་ཆགས་སད་པ་དང༌། སྙིགས་མ་ལྔའི་མྱོས་བྱེད་ཀྱི་བཏུང་བས་མངོན་པར་ཁེངས་པའི་སྐྱེ་བོ་མི་སྲུན་པའི་རིགས་ཅན། གཞན་གྱི་འཚོ་བ་འཕྲོག་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམས་པ་ལ་སོགས་པ་མི་དགེ་བའི་ལས་
ལ་དགའ་བའི་ཚལ་བཞིན་དུ་ཞུགས་པ་རྣམས་ཀྱང༌། གནས་སྐབས་སུ་ཉེས་པ་གང་དང་གང་ཡིན་པ་དེ་གསལ་བར་བསྒྲགས་ཏེ། སྤྱོ་བ་དང༌། བསྡིགས་པ་དང༌། ལོངས་སྤྱོད་ཀྱི་ཆ་ལས་ཕྲི་བ་ལ་སོགས་པའི་ཐབས་ཀྱི་རྣམ་པ་མང་པོ་དག་གིས་སྐྱོ་བ་སྐྱེད་པ་དང༌། ཇི་སྲིད་ཅིག་ནས་སྐྱོ་བ་སྐྱེས་པར་
གྱུར་པ་ན། གོས་རྙིང་པའི་དྲི་མ་བཀྲུས་ནས་དག་པར་གྱུར་པ་ན་རང་གིས་ཡོངས་སུ་སྤྱད་པ་དེ་ཇི་ལྟ་བ་བཞིན་དུ། སྤྱོད་པ་ངན་པ་དེ་ལས་བཟློག་ནས་རྣལ་དུ་གནས་པར་གྱུར་པ་དང་ཕན་འདོགས་ཀྱི་རྣམ་པ་གང་ཡང་རུང་བ་དག་གིས་སེམས་མགུ་བར་བྱེད་དོ། །ཡང་ཇི་སྐད་དུ། ཆུ་ནི་ཇི་ལྟར་བཟློག་
གྱུར་ཀྱང༌། །ཐུར་དུ་འབབ་པ་ཁོ་ནར་འདོད། །ཅེས་པ་ལྟར་རང་བཞིན་ངན་པའི་མཐའ་རུ་ལྷུང་བའི་སྐྱེ་བོ་མི་དགེ་བའི་ལས་ལས་ཇི་ལྟར་བཟློག་ཀྱང་འཆོས་སུ་མ་བཏུབ་པ་རྣམས་ཀྱང༌། རེ་ཞིག་ཡུལ་གཞན་དུ་སྤྱུགས་ནས་འབྲེལ་ཐག་གཅོད་པ་ཙམ་མཛད་ཀྱི་དྲི་མ་དང་ལྡན་པའི་གོས་རྙིང་པ་མེ་ལ་
སྦྱངས་པ་བཞིན་དུ། རྒྱལ་རིགས་བློ་ངན་རྣམས་ལ་ཡོངས་སུ་དར་བའི་ཁྲིམས་ལུགས་ངན་པ་དུག་གི་སྡོང་པོ་ལྟ་བུ་དེ་བཟུང་ནས་སྲོག་གི་དབང་པོ་བཀུམས་པ་ལ་སོགས་པའི་བྱ་བ་ནམ་ཡང་མི་བྱེད་པ་ནི། ཆོས་དང་ལྡན་པའི་ས་སྐྱོང་ཆེན་པོ་རྣམས་ཀྱི་ལུགས་ལ་བྱམས་པའི་སྦྱིན་པས་འགྲོ་བ་ལ་ཕན་པ་སྒྲུབ་
เล่ม ๒๑๓ · หน้า 263b
པའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཉིད་དུ་ཤེས་པར་བྱའོ། །གསུམ་པ་དེ་ལྟར་པར་དུ་བསྒྲུབ་པར་བསྐུལ་བའི་དགོས་པ་ནི། སྤྱིར་རང་རེ་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་གང་དང་མཇལ་བའི་སྐལ་བ་སྦོམ་པ་ལས་ཆེས་སྦོམ་པར་གྱུར་པའི་སྐབས་
འདིར། སྐྱེས་བུ་དམ་པ་བློ་དང་ལྡན་པ་རྣམས་ཀྱིས་ཚེ་འདིའི་བགྱི་བ་ཆུ་ཤིང་བཞིན་དུ་སྙིང་པོ་རྣམ་པར་དབེན་པ་ཐམས་ཅད་ལས་རྒྱང་བསྲིངས་ཏེ། རྗེ་ངོར་ཆེན་རྡོ་རྗེ་འཆང་གིས། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཞེས་མཐའ་དང་མུར་
ཐུག་པ་མེད་པའི་ལུས་ཅན་ཐམས་ཅད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བླ་ན་མེད་པ་བྱང་ཆུབ་མཆོག་གི་བར་གྱི་དགེ་ལེགས་དང་བདེ་སྐྱིད་ཀྱི་འབྲས་བུ་གང་དང་གང་འདོད་པ་ཐམས་ཅད་འཛད་པ་མེད་པའི་གཏེར་བཞིན་དུ་འབྱུང་བའི་སྒོ་གཅིག་པུ་ཉིད་ནི། ཀུན་མཁྱེན་སངས་རྒྱས་
བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་ཞེས་བྱ་བ། རིན་ཐང་གཞལ་དུ་མེད་པའི་བདག་ཉིད་ཅན་འདི་ཁོ་ན་སྟེ། དེ་ཉིད་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་པོར་གནས་པར་བྱེད་པའི་ཐབས་ཀྱི་ཁྱད་པར་གང་ཡིན་པ་དག་ལ་ཤིན་ཏུ་འབད་པར་བྱ་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལས་
ལག་པར་གྱུར་པའམ། ཕུལ་དུ་བྱུང་བའམ། ཆེས་མཆོག་ཏུ་གྱུར་པའི་བསྒྲུབ་པར་བྱ་བའི་དགོས་པ་ནི། འཇིག་རྟེན་གསུམ་པོ་མ་ལུས་ཤིང་ལུས་པ་མེད་པའི་ཁོངས་ན་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་འབད་པར་བྱ་བའི་ཚུལ་ཡང༌། སློབ་དཔོན་དབྱིག་
གཉེན་གྱིས། དེ་འཛིན་པ་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་སྟེ། དེའང་དེའི་རང་འགྲེལ་དུ། དེ་ལ་ལུང་ནི་མདོ་སྡེ་དང༌། འདུལ་བ་དང༌། མངོན་པ་རྣམས་སོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཏེ། དེ་ལྟར་ན་དམ་པའི་ཆོས་ནི་རྣམ་པ་གཉིས་ཏེ་ཞེས་
དང༌། ལུང་འཛིན་པར་བྱེད་པ་དང་སྨྲ་བར་བྱེད་པ་ཡིན་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ་ཞེས་པ་ལྟར་ལུང་གི་ཆོས་རྣམས་ནི་ཉན་པ་དང་བཤད་པ་ཡང་དག་པའི་སྒོ་ནས་གནས་པར་
เล่ม ๒๑๓ · หน้า 264a
བྱེད་པ་དང༌། རྟོགས་པའི་ཆོས་ནི་སྒྲུབ་པ་ལྷུར་ལེན་གྱི་སྒོ་ནས་གནས་པར་བྱེད་པའམ། ཡང་ན་ཆོས་རྗེ་པཎྜི་ཏས། དེས་ན་སངས་རྒྱས་གསུང་རབ་དང༌། །མཁས་པ་རྣམས་ཀྱི་བསྟན་བཅོས་ཀྱི། །ཚིག་དོན་ལ་ནི་བྱིན་རླབས་ཡོད། །འདི་འདྲ་ཉན་བཤད་བྱེད་
པ་ལ། །ཐོས་པ་ཞེས་ནི་བརྗོད་པ་ཡིན། །དེ་དོན་དཔྱོད་པ་བསམ་པ་ཡིན། །ནན་ཏན་གྱིས་ནི་དེ་སྒྲུབ་པ། །སྒོམ་པ་ཡིན་པར་ཤེས་པར་བྱ། །ཐོས་བསམ་སྒོམ་གསུམ་དེ་ལྟར་གྱིས། །ཞེས་གསུངས་པ་ལྟར་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་སྟེ་གསུམ་གྱི་སྒོ་ནས་འཛིན་
པའམ། ཡང་ན་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང༌། སྤོང་བ་བསམ་གཏན་གྱི་འཁོར་ལོ་དང༌། བྱ་བ་ལས་ཀྱི་འཁོར་ལོ་སྟེ་གསུམ་གྱི་སྒོ་ནས་འཛིན་དགོས་ཤིང༌། གང་ཞིག་ཉན་བཤད་བྱ་བའི་ཆོས་དེ་ཡང༌། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་
བརྟགས་པ་ཞིག་དགོས་ཏེ། འདི་ལྟར་བཟོ་མགར་མཁས་པས་མེར་བསྲེགས་པ་ལ་སོགས་པའི་ཐབས་ཀྱིས་སླད་འབྱིན་ཅིང་དོན་དུ་རུང་བར་བྱས་པའི་གསེར་གང་ཞིག །ཚོང་དུས་ཆེན་པོ་ལ་སོགས་པ་གང་དུ་ཡང་མི་བྲིན་པ་མེད་པ་དེ་བཞིན་དུ། ཉན་བཤད་བྱ་བའི་ཆོས་གང་
གིས། མངོན་གྱུར་བརྗོད་བྱར་བྱེད་པ་ལ་མངོན་སུམ་གྱིས་མི་གནོད་པ་དང༌། ལྐོག་གྱུར་བརྗོད་བྱར་བྱེད་པ་ལ་རྗེས་སུ་དཔག་པས་མི་གནོད་པ་དང༌། ཤིན་ཏུ་ལྐོག་གྱུར་བརྗོད་བྱར་བྱེད་པ་ལ་ལུང་རང་གིས་མི་གནོད་པ་ཅིག་དགོས་ཏེ། ཆོས་མངོན་པའི་མདོ་ལས། དགེ་སློང་དག་
གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དང༌། འཇམ་མགོན་ས་སྐྱ་པཎྜི་ཏས། ལུང་རིགས་རྗེས་སུ་གདམས་པའོ། །ཞེས་དང༌། དེའི་བཤད་པར། མདོ་
རྒྱུད་བསྟན་བཅོས་དང་མཐུན་པའི་ལུང༌། སྒྲ་ཚད་དངོས་སྟོབས་དང་མཐུན་པའི་རིགས་པ། ཆོས་ཉིད་ཟབ་མོ་དང་མི་འགལ་བའི་གདམས་པའོ་ཞེས་འབྱུང་བ་ལྟར་མཚན་ཉིད་གསུམ་མམ་གཉིས་སམ་གང་རུང་ཅིག་དང་ལྡན་ཡང་རུང༌། དེ་རྣམས་ཀྱི་ནང་ནས་ཀྱང་ཡིད་ཆེས་པའི་ལུང་དང་
เล่ม ๒๑๓ · หน้า 264b
བརྒྱུད་པ་དྲི་མ་མེད་པ་ལས་འོངས་པའི་གདམས་པ་གཙོ་ཆེ་སྟེ། ཤིན་ཏུ་ལྐོག་གྱུར་ལ་སྤྱོད་པའི་ཚེ་ལུང་ཉིད་ཚད་མར་ཡིན་པའི་ཕྱིར་དང༌། ལུང་དོན་བརྒྱུད་པ་ཡང་དག་པའི་མན་ངག་གི་འགྲོས་ཀྱིས་བརྒྱན་པ་མེད་ན་ཉམས་སུ་མི་ལོན་པ་མང་དུ་ཡོད་པའི་ཕྱིར་དང༌། གང་ཟག་ཁ་ཅིག་ལུང་གི་
ཚིག་སྒྲ་ཇི་བཞིན་པར་ཞེན་ནས་དོན་དུ་མི་འགྱུར་བ་ཡང་དུ་མ་ཡོད་པར་བཤད་པའི་ཕྱིར་རོ། །དེ་ལྟ་བས་ན་ཉན་པ་དང་བཤད་པར་བྱ་བའི་ཆོས་ནི་སངས་རྒྱས་ཀྱིས་གསུངས། སྡུད་པོས་བསྡུས། མཁས་གྲུབ་རྣམས་ཀྱིས་བཀྲལ། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། བླ་མ་བརྒྱུད་པའི་མན་
ངག་དང་ལུང་གི་རྒྱུན་དང་ལྡན་པ། མཁས་པ་རྣམས་ལ་གྲགས་པ་ཞིག་དགོས་ཀྱི། དེ་ལས་གཞན་པའི་ཆོས་ལ་བཤད་སྒྲུབ་བྱས་ཀྱང་ཆོས་བཞིན་དུ་མི་འགྱུར་བ་ཡང་ཡོད་པར་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་དེང་འདིར་བློ་དང་ལྡན་པའི་སྐྱེས་བུ་དམ་པ་སུ་དག་གིས་ཉན་པ་དང་བཤད་
པ་ལ་སོགས་པའི་བྱ་བ་ཡང་དག་པའི་སྒོ་ནས་གཅེས་སྤྲས་སུ་བྱ་བའི་སྙིང་པོ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གང་དེས། སེམས་ཅན་ཐམས་ཅད་ལ་
ཕན་པའི་ཕྱིར་ལེགས་པར་བསྟན་པའི་བདུད་རྩིའི་བཏུང་བ་ཇི་སྙེད་ཅིག་སྩལ་བ་ཐམས་ཅད་ཀྱང༌། བསྒྲུན་དུ་མེད་པའི་མཁྱེན་རབ་དང༌། སྤོབས་པ་དང༌། ཏིང་ངེ་འཛིན་དང༌། དྲན་པའི་སྙིམ་པ་དག་རབ་ཏུ་བརྐྱངས་ནས་ཡང་དག་པ་ཉིད་དུ་འཐུངས་པས། ཆོས་ཀྱི་ཚུལ་ཐམས་ཅད་ལ་ཞུམ་
པ་མེད་པའི་ཡོན་ཏན་གྱི་ཁོ་ལག་ཕྱོགས་ཐམས་ཅད་བརྟས་པར་གྱུར་པའི་སྲས་ཀྱི་ཐུ་བོར་གྱུར་པ་གང་དག་བྱོན་པ་སྟེ། དེའང་སྟོན་པ་ཉིད་ཀྱིས་རྒྱལ་ཚབ་ཆེན་པོར་དབང་བསྐུར་བའི་རྗེ་བཙུན་མ་ཕམ་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་དཔལ་ལྡན་ལག་ན་
རྡོ་རྗེ་ལ་སོགས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་ཏེ་འཁོར་བ་ལས་རིང་དུ་མངོན་པར་འཕགས་པའི་དགྲ་བཅོམ་པ་རྣམས་དང༌། སྟོན་པ་ཉིད་ཀྱིས་ངེས་པ་དོན་གྱི་ལུང་གི་ཚོགས་ཀྱིས་མངོན་པར་བསྔགས་པའི་
เล่ม ๒๑๓ · หน้า 265a
བསྟན་སྐྱོང་ཆེན་པོ། ཕྱི་དང་ནང་གི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་པའི་མཁས་པ་དང་གྲུབ་པའི་ས་ལ་གནས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་པའི་ཚིག་དང་དོན་གྱི་ཆ་རྣམ་
པར་འགྲེལ་པའི་བསྟན་བཅོས་དང༌། དེ་དག་གི་དགོངས་དོན་གསལ་བར་བྱེད་པ་བསྟན་བཅོས་ཆེན་པོ་རང་རྒྱུད་དུ་བརྩམས་པ་ལ་བསྙེངས་པ་མི་མངའ་བའི་དབང་དམ་པའི་ཕ་རོལ་ཏུ་སོན་པ། སྟོན་པ་ཉིད་ཀྱིས་ཕྱོགས་བཅུའི་སེམས་ཅན་གྱི་ཁམས་སུ་ཆོས་ཀྱི་སྣང་བ་མི་ནུབ་པར་བྱ་བའི་ཁུར་
ཡོངས་སུ་གཏད་པ། ཉོན་མོངས་པའི་བྲོ་ནད་ཀྱིས་ཀུན་ནས་གཙེས་པ་རྣམས་སྐྱོབ་པར་ངེས་པའི་ཆོས་ཀྱི་སྨན་པ་བླ་ན་མེད་པ། ཆོས་ཐམས་ཅད་ལ་འཇིགས་པ་མེད་པའི་སྨྲ་སྤོབས་ཕུན་སུམ་ཚོགས་པའི་ང་རོ་མཐོན་པོས་ལྟ་བ་ངན་པའི་རི་དྭགས་ཐམས་ཅད་རིང་དུ་འབྱེར་བར་བྱེད་
པ། མི་ཤེས་པའི་རབ་རིབ་སྟུག་པོས་རྣམ་པར་དཔྱོད་པའི་ལྟ་བྱེད་ལོང་བ་རྣམས་ཀྱི་དམིགས་བུར་གྱུར་པ། གདུལ་བར་བྱ་བའི་བློ་གྲོས་ཀྱི་ཀུ་མུ་དཱའི་དགའ་ཚལ་མཐའ་དག་ཅིག་ཅར་དུ་ཁ་འབྱེད་པར་བྱེད་པ་ཚིག་གི་འོད་དཀར་ཅི་ཡང་འཇོ་བ། གཙུག་ལག་རབ་འབྱམས་
ཀྱི་དོན་ལ་དཔྱོད་པའི་སྤྱན་ཡངས་པ། སྨྲ་བའི་དབང་ཕྱུག །སྨྲ་བའི་རྒྱལ་པོ། ཆོས་ཀྱི་གྲུ་དམ་པ། ཆོས་ཀྱི་སྦྱིན་བདག་ཆེན་པོ། རྨོངས་པ་ངེས་པར་འཇིགས་པ། སོམ་ཉིའི་དྲྭ་བ་གཅོད་པ། བདེན་པ་ཡང་དག་པར་སྟོན་པ། ཆོས་བཞིན་དུ་སྨྲ་
བའི་རྩོམ་པ་པོ་ཚད་མར་གྱུར་པ་རྣམས་ཀྱིས། བློ་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསླབ་པར་བགྱི་བའི་གནས། རིག་པའི་གཞུང་ལུགས་རྣམ་པ་ལྔ་ལས་བརྩམས་པའི་བསྟན་བཅོས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། འདིར་
བོད་གངས་ཅན་པའི་བརྡའི་ལམ་དུ་ཇི་སྙེད་ཅིག་བསྒྱུར་བ་རྣམས་སྔོན་གྱི་མཁས་པ་རྒྱ་ཆེན་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྡེབས་པར་བསྟན་བཅོས་འགྱུར་རོ་འཚལ་ཞེས་ཡོངས་སུ་གྲགས་པ་འདི་དག་སུ་ཞིག་གིས་གླེགས་བམ་དུ་འདྲི་བ་དང༌། ཉན་
เล่ม ๒๑๓ · หน้า 265b
བཤད་ལ་སོགས་པའི་རྒྱུན་ལ་བརྟེན་ནས། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་པོར་འཚོ་ཞིང་གཞེས་པའི་གསོས་སྨན་བླ་ན་མེད་པ་ཉིད་དུ་འགྱུར་བ་ལ་སོགས་པའི་དགོས་པ་དང་ཕན་ཡོན་དཔག་ཏུ་མེད་པའི་ལུང་དང་
རིགས་པའི་དག་བྱེད་ལྷའི་བུ་མོས་ཤིན་ཏུ་འཇེབས་པའི་ལྷུང་ལྷུང་གི་སྒྲ་སྙན་འབུམ་དུ་འབྱིན་བཞིན་པར་བླ་ན་མེད་པའི་བྱང་ཆུབ་ཏུ་རྩེ་གཅིག་པས་འདུན་པའི་སེམས་ཀྱི་རྒྱ་མཚོ་གང་ལ་མངའ་བ་དེ་ཉིད་དུ་གཞོལ་ཞིང་བབ་པ་ལ་བརྟེན་ནས་རྒྱ་ཆེན་སྤྱོད་པའི་ལེགས་བྱས་ཀྱི་རླབས་
ཕྲེང་གི་ལྕེ་ཞགས་སྲིད་པའི་རྩེ་མོའི་བར་དུ་ལུད་པར་འཕྱུར་བའི་ངོ་མཚར་གྱི་ལྟད་མོ་ཅི་ཡང་བྱུང་བ་ཉིད་དོ། །འདིར་སྨྲས་པ། (*མངོན་གནས་གསུམ་གྱི་གསལ་བྱེད་ལས་བྱ་བ་བརྗོད་བགོད་པའི་གསལ་བྱེད།)པར་སྦྲུལ་ལོ་ས་གཞི་ཆུ་གཏེར་ལས། །གདོན་པ་གང་ཚེ་ཁྱབ་འཇུག་ཕག་པའི་གཟུགས། །རྩོད་པའི་དུས་འདིར་རྒྱལ་བསྟན་བསྐྱོང་བའི་ཚེ། །
ཐུབ་པའི་ཕྲིན་ལས་དེ་ཡང་མི་བདག་ཚུལ། ༡ །(*བཻ་དརྦ་བའི་མཛེས་པ་བསྔགས་པ་ལ་སྦྱར་བ།)རིགས་རུས་གང་དུ་དྲན་དབང་གྲུབ་པའི་བདག །དཔའ་མཛངས་ལྡན་པ་སྔོན་གྱི་སྐྱེས་བུ་ཡིས། །འབབ་སྟེགས་བྱིན་གྱིས་བརླབས་པ་དེ་ནས་བཟུང༌། །ལྷ་བཞིན་འཇིག་རྟེན་
འདི་ན་བསྔགས་པ་ཐོབ། ༢ །(*སྲིད་མིན་གྱི་དཔེ།)ག་པུར་བཏུང་བ་ལ་བརྟེན་ཚ་བའི་ཡམས། །དཔལ་གྱི་དུམ་བུ་ལས་ནི་དྲི་ངན་བཞིན། །རིགས་ཀྱིས་མངོན་པར་མཐོ་བའི་སྐྱེ་བ་ལས། །མ་རབས་ཀུན་སྤྱོད་མི་འབྱུང་ཁྱད་པར་ཆོས། ༣ །(*ཀུན་དུ་ཕན་པར་བྱེད་པ།)སྙིང་བརྩེས་མངའ་འབངས་
ཐམས་ཅད་བདེ་བ་ལ། །འགོད་པའི་མི་བདག་མཆོག་ཅིག་འགྲོ་བ་འདིས། །སྨོན་ལམ་དབྱངས་སུ་ལེན་ཚེ་འཇིག་རྟེན་ཁམས། །ཀུན་དུ་ཕན་བྱེད་མཆོག་འདི་སྐལ་བས་ཐོབ། ༤ །བསོད་(*མཐའ་དག་གི་གཟུགས་ཅན།)ནམས་ཟླ་བ་ཚེས་པའི་འོད་འཐུང་བས། །སྔ་ན་མེད་པའི་
དགེ་མཚན་ཀུ་མུ་དཱའི། །འདབ་སྟོང་རབ་ཏུ་རྒྱས་པའི་ངོ་མཚར་གྱིས། །ཆབ་སྲིད་ཡངས་པའི་དགའ་ཚལ་མཛེས་པར་བྱས། ༥ །(*རབ་རྟོག་འདྲ་བའི་སྒྲ་ཅན།)ཨེ་མ་སྐབས་གསུམ་བདག་པོར་འོས་པའི་བུ། །ས་སྟེངས་རྒྱན་དུ་ཐོབ་པས་འཚེང་ངོ་ཞེས། །ནོར་འཛིན་
เล่ม ๒๑๓ · หน้า 266a
དགའ་བས་རང་ལུས་འདོད་པ་དགུའི། །འབྱུང་གནས་སྤྲུལ་པའི་དགའ་སྟོན་འགྱེད་པ་འདྲ། ༦ །(*ལྡན་པའི་གཟུགས་ཅན།)ལང་ཚོའི་མེ་ཏོག་དུས་སུ་དགོད་པ་དང༌། །འགྲོགས་པའི་ཡི་གེ་རྩིས་དང་འགྱེད་སྟོབས་དང༌། །འཕོང་སྐྱེན་ལྔ་དང་གེར་ལིང་རྩེན་པ་སོགས། །
སྒྱུ་རྩལ་བུང་བའི་རྩེ་འཇོ་ཅི་ཡང་བསྒྱུར། ༧ །(*རྐང་པ་བཞི་ཀའི་ཐོག་མར་ཡོད་པ་བར་ཆོད་པའི་ཟུང་ལྡན།)དགེ་བར་གོམས་པ་རྣམས་ཀྱི་བག་ཆགས་མཐུ། །དགེ་བའི་བཤེས་ཀྱིས་འཕེལ་བའི་ཚུལ་རྟོགས་ནས། །དགེ་བའི་བློ་གྲོས་ཤིང་རྟ་བཟུང་བ་དེས། །དགེ་བའི་འབྱུང་གནས་མང་པོ་སྐྱབས་སུ་ཐོབ། ༨ །(*ནང་ཤེས་བྱེད་ཀྱི་རྒྱུ།)ཁྱིམ་གྱི་ཉེས་
པ་དྲན་པས་བཞིན་གནག་པ། །ལང་ཚོ་ལས་བྱུང་གཏམ་ལ་མ་འཛུམ་ཞིང༌། །འདོད་ལྷའི་སྒྱུ་འཕྲུལ་ཀུན་དུ་མ་ཁུགས་པར། །ཚིགས་གསུམ་རིམ་པར་བཟླས་པའི་བརྟུལ་ཞུགས་བཟུང༌། ༩ །(*རྨད་བྱུང་གི་དཔེ།)སྦྲང་རྩིའི་བཅུད་བཟང་འཁྱིལ་
པའི་པདྨ་དཀར། །བསླབ་པའི་གནས་ཀྱིས་མཉེན་བྱས་ཉིད་ཡིན་ན། །སྲིད་ཞིའི་འབྱོར་པ་རྫོགས་པའི་སྡོམ་བརྩོན་གྱི། །ཞི་དུལ་ཡོན་ཏན་འཇལ་བའི་དཔེ་རུ་བྱེད། ༡༠ །(*སྦྱར་བའི་དཔེ་རྒྱན།)རིས་བྲལ་སེམས་ཅན་ཀུན་གྱི་རེ་བ་དག །བདེ་བར་འགེངས་པ་གང་གི་རིན་ཐང་ནི། །གཞལ་བར་ཆེས་
དཀའ་བྱང་ཆུབ་སེམས་དཔའ་ཡི། །ཚུལ་ཁྲིམས་དབང་གི་རྒྱལ་པོ་བཞིན་དུ་བཟུང༌། ༡༡ །(*བར་ཆོད་པའི་ཟུང་ལྡན།)རྡོ་རྗེ་འཆང་བ་ལས་བྱུང་ཆོ་ག་ཡིས། །རྡོ་རྗེའི་ཕོ་བྲང་མཆོག་ཏུ་ལེགས་བཅུག་ནས། །རྡོ་རྗེ་གསུམ་གྱི་བདག་ཉིད་སྨིན་བྱས་པའི། །རྡོ་རྗེའི་དམ་ཚིག་འཛིན་པའི་སྐལ་བས་བརྒྱན། ༡༢ །(*རྒྱུ་ལས་འབྲས་བུ་སྔ་བ་ཅན།)རྣམ་
འདྲེན་སྐྱེ་དགུའི་བླ་མ་ཉིད་དང་དེ་སྲས་ས་ལ་གནས་པའི་བདག་ཉིད་ཆེན་པོ་རྣམས། །ཞིང་རབ་སྦྱོང་དང་སེམས་ཅན་ཡོངས་སུ་སྨིན་པའི་སྤྱོད་པ་དཔག་མེད་བསྐལ་པའི་སྔོན་དུ་སྤྱད། །སླད་ནས་རང་གི་རྣམ་པར་འཕྲུལ་པས་གཞུང་ལུགས་ཀུན་གྱི་ཐོས་པ་མི་དམན་རྒྱུད་
ལ་བསགས། །རྩོད་པའི་དུས་སུ་དམ་པའི་ཆོས་ཚུལ་སྟོབས་ཀྱིས་སྐྱོང་བའི་དུས་ལ་བབ་ན་རྒྱལ་སྲིད་བྱེད། ༡༣ །(*དངོས་པོའི་དཔེ།)སྐབས་གསུམ་བདག་པོའི་སྟོབས་དང་འབྱོར་པ་དག །ས་ལ་འཕོས་ལྟའི་རྫོང་ཆེན་དྲུག་གསུམ་གྱིས། །མཚོན་པའི་བོད་ཆེན་སྤྱི་ཡི་རྗེ་བོ་རུ། །རྒྱུ་སྐར་
เล่ม ๒๑๓ · หน้า 266b
དབུས་སུ་རྒྱུ་སྐར་བདག་པོ་བཞིན། ༡༤ །(*འབྱོར་བ་རྒྱ་ཆེ་བ།)འདི་ཡི་རྐང་བཀོད་སྟེགས་བུ་ཀཉྩ་ནའི། །པ་དྲྭའི་གློག་གི་རྩེ་འཇོས་དམ་འཁྱུད་པའི། །ནོར་བུ་བརྒྱ་ཕྲག་འབར་བའི་མེ་ལོང་དུ། །ཕྱོགས་ཀྱི་ས་འཛིན་འདུད་པའི་བཞིན་རས་འཆར། ༡༥ །(*ཡན་ལག་གཅིག་པའི་གཟུགས་ཅན།)དེ་ན་ཀུན་དགའི་དཔལ་སྟེར་རྒྱལ་བའི་བསྟན། །སྲིད་པར་
བཅས་པའི་ཕྲིན་ལས་འཁོར་ལོ་ཡིས། །རྒྱ་མཚོའི་གོས་ཅན་ཡངས་པར་དབང་སྒྱུར་བའི། །སྡེ་བཞིའི་བདག་པོ་ཉིད་དུ་གནམ་གྱིས་བསྐོས། ༡༦ །(*བྱ་བ་ལྷན་ཅིག་བརྗོད་པ།)གང་ཚེ་མཆོག་གི་རྡོ་རྗེའི་སློབ་དཔོན་དང༌། །ལྷན་ཅིག་རྒྱལ་བ་སྲས་དང་སློབ་མར་བཅས། །འདུས་
པ་ཀུན་གྱི་སྲིད་ཞིའི་ཡ་མཚན་ནི། །རྟག་ཏུ་ཤིས་པའི་དབྱངས་སྙན་མགྲིན་པ་བསྒྲིགས། ༡༧ །(*བྱ་བ་བརྗོད་པ་བར་གྱི་གསལ་བྱེད།)དེར་དེའི་གནས་གསུམ་ལྷ་ཡི་སྐུ་གསུང་ཐུགས། །རྡོ་རྗེའི་རང་བཞིན་བསྒྲུབས་པའི་སྤྱི་བོ་ནས། །དབང་བསྐུར་རིགས་ཀྱི་ཅོད་པཎ་བཅིང་བ་ཡིས། །བདུད་ལས་
རྣམ་པར་རྒྱལ་བའི་གོ་འཕང་བྱིན། ༡༨ །(*རྣམ་པར་རྨོངས་པའི་དཔེ།)དེ་ཚེ་དཔལ་ལྡན་ས་ཡི་བདག་པོའི་དཔལ། །རྫོགས་ལྡན་འཁོར་ལོས་སྒྱུར་དུ་རྣམ་འཁྲུལ་ཏེ། །བི་ཤྭ་ཀརྨས་དགྲ་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་བྱིན་པའི་ཤེས་པ་བསྒྲུབས། ༡༩ །(*རབ་རྟོག་གི་དཔེ།)གང་བསམས་ཡིད་བཞིན་
འཇོ་བ་ཁྱོད་ཀྱི་དཔེ། །ང་ཉིད་འོས་སྙམ་དེ་ཚེ་ལག་པ་ན། །བཞག་པའི་ནོར་བུ་རིན་ཆེན་ཅི་ལ་རྒྱགས། །དཔལ་དེ་དཔག་བསམ་ཡོངས་འདུ་ལ་ཡང་ཡོད། ༢༠ །(*ཀུན་ཕན།)སྡོམ་བརྩོན་མི་ཡི་བདག་པོར་མི་འདུད་པའི། །ཕྱོགས་བྲལ་ཁེངས་པ་ལྡན་པའི་སྐྱེ་བོའི་
ཚོགས། །དབང་བྱེད་མིག་ཟུར་འཁྱོག་པོས་འདེབས་པ་ཡི། །གྲོགས་སུ་བཙུན་མོ་རིན་ཆེན་འཛུམ་ཞིང་བྱུང༌། ༢༡ །(*བྱ་བའི་རང་བཞིན་བརྗོད་པ།)བགྱི་བ་ཀུན་ལ་སྒྲིན་ཅིང་ཡིད་རབ་གཞུང༌། །གྲུངས་པའི་མིག་ལམ་དེ་རུ་ལྐོག་ན་མོའི། །དབྱིག་གི་རྣམ་པ་མི་མཐོང་འགའ་ཡང་མེད། །འདོད་དོན་སྒྲུབ་པའི་
བློན་པོ་རིན་ཆེན་མང༌། ༢༢ །(*ངག་དོན་གྱི་དཔེ་ལས་བཞིན་སྒྲ་གཅིག་པ།)གཟུགས་མཛེས་ཡན་ལག་རྫོགས་པའི་གོམ་ལྷོད་ཀྱིས། །བསམས་པའི་གནས་སུ་མྱུར་སྐྱེལ་གཉིས་ལས་འཐུང༌། །སྟོན་ཀའི་སྤྲིན་དཀར་གཡོ་བའི་ཕུང་པོ་ལ། །ཉི་གཞོན་འོད་ཀྱིས་འཁྱུད་བཞིན་མངོན་པར་རྒྱུ། ༢༣ །
เล่ม ๒๑๓ · หน้า 267a
(*སྲིད་པ་ཅན།)འགྲས་པ་མེད་པར་དབང་སྔོན་རི་དང་འཐབ། །སྙིང་གྲོགས་མིན་ཡང་རླུང་དང་ལྷན་ཅིག་རྩེ། །བསླུ་འདོད་མེད་པར་ཀུན་གྱི་ཡིད་འཕྲོག་པའི། །རྔ་རྔོག་ཟར་བུ་གཡོ་བའི་ཅང་ཤེས་རྟ། ༢༤ །(*གཟི་བརྗིད་ལྡན་པ།)དཔའ་རྟུལ་ཡན་ལག་མཆོག་གི་ལང་ཚོ་ཡིས། །ཁེངས་ལྡན་རལ་གྲི་བསྐྱོད་པའི་
དམག་དཔོན་འདིས། །ཉེས་བྲལ་སྐྱེ་བོ་གཞོམ་པའི་དོགས་པ་མེད། །སྡང་སེམས་འཆང་བ་མིན་རྣམས་རྗེས་སུ་སྲུང༌། ༢༥ །(*ཉམས་ལྡན་ལས་དཔའ་བའི་ཉམས་དང་ལྡན་པ།)འཆི་མེད་དཔལ་འབྱོར་ལ་སྡང་ལྷ་མ་ཡིན། །བསད་པ་ཁྲག་གིས་ས་གཞི་མ་བརླན་པར། །ཀུན་ལས་རྒྱལ་བའི་དཔའ་མཚན་བཀྲ་
ཤིས་རྟགས། །རྣམ་བརྒྱད་མཆོད་པའི་ཡུལ་དུ་གྱུར་འདི་ཅི། ༢༦ །(*རབ་སྤེལ་གྱི་རྒྱན།)ཤཱཀྱའི་སྐྱེས་མཆོག་དེ་ཡི་བྱིན་རླབས་ཀྱིས། །འབབ་སྟེགས་ལེགས་པར་བྱས་པའི་རྫས་མཆོག་བརྒྱད། །ཤིས་པ་བརྗོད་པའི་གླུ་དང་མཉམ་འགྲོགས་པས། །ལུགས་བརྒྱའི་མདུན་ས་ཆེ་
ལ་མངའ་གསོལ་ཏོ། ༢༧ །(*གཽ་ཌ་བའི་མཛེས་པ་བསྔགས་པ་ལ་སྦྱར་བ།)དཀར་མིན་ངག་གི་ཉེས་པ་ཟད་པའི་བཀའ། །ཤིས་པ་ཡང་དག་བསྒྲུབས་པའི་ཉིན་མོ་ནས། །མི་བདག་གང་གི་དགེ་བའི་ཕྲིན་ལས་ནི། །ནམ་མཁའི་ཕ་རོལ་བགྲོད་པའི་བཀྲ་ཤིས་ཕྱུག ༢༨ །(*བྱ་བ་ལྷན་ཅིག་བརྗོད་པ།)འགྲོ་བ་ཐམས་ཅད་བདེ་དང་བདེ་བའི་རྒྱུར། །དགོད་པའི་སྙིང་
སྟོབས་བརླིང་བར་བཟུང་བ་དང༌། །ལྷན་ཅིག་ཤར་ཕྱོགས་གོང་མའི་ལས་ལུང་གིས། །ལན་མང་དག་ཏུ་རྡོ་རྗེའི་ཁམས་སུ་བསྒྲུབས། ༢༩ །(*ལྡན་པའི་གཟུགས་ཅན།)དཀའ་ལུང་ཟླ་འོད་གསར་པའི་ཟེར་གྱི་ཕྲེང༌། །ཕྱོགས་བྲལ་ས་གཞི་སྐྱོང་བ་གཞན་དང་དེའི། །ཆབ་འབངས་བཅས་པའི་
བདེ་སྐྱིད་ས་མོས་ཚལ། །འདབ་སྟོང་རྣམ་པར་བཞད་པའི་བཅུད་དུ་འཐུང༌། ༣༠ །(*ཆོས་དཔེ།)རྟག་ཏུ་གུས་པས་བསྟེན་དང་དམ་ཚིག་ཆུ། །འཐུངས་པ་རྗེས་སུ་དྲན་པས་མཉམ་འགྲོགས་ཤིང༌། །མཐུན་པ་བསྒྲུབ་དང་བར་ཆད་བསྒྲལ་བ་ཡི། །ལས་ལ་ཡིད་ལྟར་མགྱོགས་པ་སྲུང་མའི་ཚོགས། ༣༡ །(*དྲག་ཤུལ་གྱི་ཉམས།)རབ་ཁྲོས་སྡང་
མིག་བལྟ་བའི་འགྱུར་བ་རེས། །བསྟན་དགྲའི་དོན་སྙིང་དམར་པོ་རང་གནས་སུ། །སྐད་ཅིག་གཉིས་པར་མི་ཚུགས་ཁ་ཡི་སྒོར། །ཁྲག་གི་དབའ་རླབས་རྩེ་ན་འཕེན་པར་བྱེད། ༣༢ །(*རིག་བྱེད་ཀྱི་གཏམ་རྒྱུད་ལས་དྲངས་པའི་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ།)སྙིང་རྗེའི་བདག་ཉིད་རང་དོན་སྒྲུབ་པ་ཡི། །ཟོལ་གྱིས་
เล่ม ๒๑๓ · หน้า 267b
འགྲོ་བ་ཀུན་ལ་ཕན་པ་བརྩོན། །རྒྱལ་པོ་སྐལ་ལྡན་ཤིང་རྟའི་དཀའ་སྤྱད་ཀྱིས། །གངྒཱ་མི་ཡུལ་ཕབ་པ་བདག་དོན་ནམ། ༣༣ །(*མཚུངས་པ་གསལ་བྱེད་ཀྱི་སྒྲ་གཞུང་གིས་ཟིན་པའི་དཔེ།)གང་ཕྱིར་ལྗོངས་འདིས་མཚོན་པའི་སྐྱེ་བོའི་ཚོགས། །རྒྱ་མཚོའི་རྡུལ་གྱི་གྲངས་ལ་འཕྱ་བ་ཡི། །མགོན་དུ་དཔལ་དང་ལྡན་པ་སྟོབས་བཅུ་པའི། །ཆོས་ཀྱི་རྒྱལ་
སྲིད་སྐྱོང་གིས་མཛེས་པར་བྱས། ༣༤ །(*རིམ་པ་ཅན་གྱི་རྒྱན།)མངོན་པར་འདོད་པའི་འབྲས་བུ་ཆོས་དང་དབྱིག །འདོད་པ་ཐར་པ་སྡེ་བཞིའི་དགེ་མཚན་རྣམས། །བསྐལ་པའི་ཆར་དང་ཆུ་གཏེར་དཔག་བསམ་ཤིང༌། །འབྲས་བུ་ཕུན་ཚོགས་དཔྱིད་ཀྱི་དཔལ་ལ་སྙེགས། ༣༥ །(*རྒྱུ་འགོག་པ།)ཁྱོད་ཉིད་
སྦྱིན་པའི་གནས་གྱུར་ཐམས་ཅད་ཀྱི། །དཔལ་ཀུན་འབྱུང་བའི་གནས་སུ་ངེས་ན་ཡང༌། །རིང་ནས་སེམས་ཅན་ཀུན་གྱི་ཉེར་འཚོ་རུ། །འགྱུར་བའི་སྨོན་ལམ་བཏབ་ཕྱིར་སུ་ཞིག་བསྟོད། ༣༦ །(*སེམས་མེད་རབ་རྟོག)སྦྱིན་པ་རྣམས་བཞིའི་དངོས་པོའི་རང་དབང་དུ། །འཛིན་པའི་ཐག་པ་ཆད་པས་ཆེས་
འཐོར་བ། །རྗེས་སུ་འཚོལ་ལ་ཁྱོད་ཀྱི་གྲགས་པ་དེས། །ཕྱོགས་བཅུ་ཀུན་དུ་རྒྱུག་པས་བྲེལ་ལམ་སྙམ། ༣༧ །(*ངོ་མཚར་ཕུལ་བྱུང༌།)ཐུབ་བསྟན་རིང་དུ་གནས་བྱེད་མི་བདག་གི །ཆོས་དྲིན་རྣམ་པར་བརྡལ་བའི་དཀྱིལ་འཁོར་འདི། །རྫོགས་པར་ཆུད་པའི་སྟོང་གསུམ་མི་མཇེད་ཞིང༌། །བྱེད་པ་པོ་དེའི་སྙིང་སྟོབས་ཨེ་མ་ཆེ། ༣༨ །མི་རྣམས་
ནོར་ནི་ཕལ་ཆེར་བུང་བའི་དཔལ་བཞིན་བསགས་ལ་རང་ཡང་སྤྱད་པའི་སྐལ་བ་ཕྲ། །ཕལ་ཆེར་སྙིམ་པར་གནས་པའི་ཆུ་བཞིན་ཇི་ཙམ་བཙིར་བ་དེ་ཙམ་འཛད་ལ་ཤིན་ཏུ་ཉེ། །འདི་ཡི་དཔལ་ནི་རིན་ཆེན་གསེར་བཞིན་བསོད་ནམས་འབབ་སྟེགས་དམ་པའི་རྟེན་གསུམ་འགྲུབ་བྱེད་དང༌། །དག་དང་མ་སྦྱར་བའི་དགེ་
དག་སྦྱིན་པའི་ཞིང་གྱུར་ཀུན་གྱི་ནོར་མཆོག་མི་ཟད་གྲགས་པ་འཕེལ་ཕྱིར་གནས། ༣༩ །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་
རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། བསྟན་པ་གནས་པའི་ཆེད་དུ་དགོངས་འགྲེལ་པར་དུ་བསྒྲུབ་པར་བསྐུལ་བའི་སརྒ་སྟེ་ལྔ་པའོ།། །།
เล่ม ๒๑๓ · หน้า 268a
༄༅། །ཀལྤསྱཙིརཱམྦུཔེཡམརྷཥྱཱཤྭཱསཱགཏཡཱབཏཿཀཐཱརྵེཿཀཱཔྱཔཏིབྷཱནཤཱསནེམཾཀཱརྻཾཀྲྀནྣརཔཏྱནེནསཾཛྙཿ།
༄༅། །(*མཆོག་གི་ངེས་པར་བསྟན་པ།)སྐལ་པའི་སྲིད་དུ་བཏུང་བར་འོས་པའི་ཆབ། །ཇི་སྙེད་རྀ་ཥིའི་ཧུབ་ཏུ་སོང་བའི་གཏམ། །བསྟན་པ་འདི་ལ་སུས་ཀྱང་མ་སྤོབས་པའི། །བྱ་བ་མི་བདག་འདི་ཡིས་སྒྲུབ་པ་སྟོན། །
เล่ม ๒๑๓ · หน้า 268b
(*བྱ་བའི་རང་བཞིན་བརྗོད་པ།)ཀུན་དུ་དགའ་བའི་དཔལ་སྟེར་དཀོན་མཆོག་གསུམ། །སྐྱབས་ཀྱི་དམ་པར་བརྙེས་པའི་བརྟུལ་ཞུགས་ཀྱི། །མཆོག་གསུམ་དགྱེས་པའི་ཕྲིན་ལས་རྒྱ་མཚོ་ཡི། །སྐ་རགས་ལྡན་པ་མཛེས་བྱེད་སྡེ་བཞིའི་བདག །དེས་ནི་སེམས་ཅན་བྱང་ཆུབ་གནས་འདོང་བའི། །ཐེག་པ་མི་
བསླུ་ངེས་པ་དམ་པའི་ཆོས། །མཆོག་ཏུ་ལེགས་པར་རྟོགས་པའི་བློ་གྲོས་ཀྱིས། །ལེགས་བྱས་འདི་ཡི་སྒོ་འཕར་འབྱེད་ལ་ཞུགས། །(*ངག་དོན་གྱི་དཔེ།)ཟླ་གཞོན་ཟེར་གྱིས་ཆུ་ཡི་གཏེར་བཞིན་དང༌། །མི་སྦྱིན་སྐྱེས་ཀྱིས་པདྨའི་ཚལ་ལ་བཞིན། །གཏོང་བ་འདི་ཡི་ཕན་ཡོན་བསམ་ཡས་
ཀྱིས། །མི་བདག་དེ་ཡི་བློ་གྲོས་མཛེས་པར་བྱས། །(*ཡན་ལག་གཅིག་པའི་གཟུགས་ཅན།)ཐུབ་པའི་བསྟན་པ་ཇི་སྲིད་གནས་བར་ལ། །ཆོས་ཀྱི་སྦྱིན་པ་མི་ཟད་འབྱུང་བའི་མ། །གང་ལ་པར་ཞེས་བྱ་བ་ཐ་སྙད་དུ། །འཕྲིན་ཡིག་གསལ་བ་ཕྱོགས་ཀྱི་མཁས་པས་བྲིས། །(*བཞི་གའི་ཐོག་མར་ཡོད་པ་ཆོད་པའི་ཟུང་ལྡན།)མི་མཆོག་ཆོས་ཀྱི་མཆོད་སྡོང་བླ་ན་མེད།
མི་དགེའི་མཚན་རིས་དབེན་པའི་ཡུལ་དུས་སུ། །མི་མཁས་བྲལ་བའི་གྲོགས་དང་གཏོང་པ་ཡིས། །མི་མཐུན་ཕྱོགས་ལས་རྒྱལ་བ་ཉིད་དུ་བསྒྲུབས། །(*རྣམ་པར་རྨོངས་པའི་དཔེ།)ཡ་མཚན་གཏམ་དུ་གླེང་ལ་དབྱངས་ཅན་མ། །འདི་ན་མཆིས་ཞེས་བྱིས་
པའི་བློ་འཁྲུལ་ཏེ། །རྒྱུད་མང་སྒྲ་དང་བསྲེས་པའི་ཆོས་འཆད་པ། །བལྟ་འདོད་འདི་ན་ཡང་དང་ཡང་རྒྱུའོ། །སྤྱི་དོན་དྲུག་པ་བསྐུལ་བ་མི་ལྡོག་ཆེད་དུ་ཇི་ལྟར་པར་དུ་བསྒྲུབ་པ་ལ། གང་དུ་བསྒྲུབ་པའི་ཡུལ་གྱི་ཁྱད་པར། ནམ་ཞིག་བསྒྲུབ་པའི་དུས་
ཀྱི་ཁྱད་པར། ཇི་ལྟར་བསྒྲུབ་པའི་ལས་ཀྱི་འཁོར་ལོ་དང་གསུམ་ལས། དང་པོ་ནི་སྤྱིར་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང༌། བསིལ་ལྡན་སྟོན་དུས་ཟླ་བ་ཞུན་མའི་ཚོན་གྱིས་ལན་བརྒྱར་བྱུགས་པ་ལ་ཅོ་འདྲིར་བྱེད་པའི་ཁ་བའི་རྡུལ་དཀར་གྱི་ཕྲེང་བ་བརྩེགས་པའི་ས་
འཛིན་གྱི་རྭ་བས་ཡོངས་སུ་བསྐོར་བའི་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཏེ། དེའང་མདོ་སྡེ་པདྨ་དཀར་པོ་ལས། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་དུས་ན། སྨིན་མཚམས་ཀྱི་མཛོད་སྤུ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་ཏེ། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ལ་སོང༌། དེར་གཟིགས་
เล่ม ๒๑๓ · หน้า 269a
ཏེ་ཞལ་འཛུམ་མཛད་པས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་དེའི་རྒྱུ་རྐྱེན་བཤད་དུ་གསོལ་ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས།
འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་སུ་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །མཐའ་འཁོབ་དེ་འདུལ་བའི་གཉེན་
པོ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ནོ། །དེ་གང་ཞེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གིས་དུས་གསུམ་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་
བཅགས་པའི་གནས། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ལ་ཡོད་པའི་སེམས་ཅན་གདུལ་དཀའ་བ་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུར་ཅིག མཐའ་འཁོབ་དེ་ཡང་བདག་གིས་འདུལ་བའི་ཞིང་དུ་གྱུར་ཅིག །བདག་འདྲེ་སྲིན་ལ་སོགས་པའི་སེམས་
ཅན་དེ་དག་གི་ཕ་མ་ལྟ་བུར་གྱུར་ཅིག །འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུར་གྱུར་ཅིག །མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་ཅིག །དུས་གསུམ་སངས་རྒྱས་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་མཐའ་འཁོབ་ཀྱི་ཡུལ་དེར་དར་
ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་དེ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་མཚན་ཐོས་ཏེ་སྐྱབས་སུ་སོང་ནས། བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་སྟེ། དམ་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་བཤད་པ་དང༌། ཟ་མ་
ཏོག་བཀོད་པའི་མདོའི་འཁོར་ལོ་ཐ་མ་ལས། སྟོན་པ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ཞབས་ཀྱིས་མ་བཅགས། གསུང་གིས་མ་བསྐྱངས་པ་འདི་རྣམས་ཀྱི་དོན་དུ་བཞུགས་པར་ཞུ་ཞེས་གསོལ་བས། བཅོམ་ལྡན་འདས་ཀྱི་ཞལ་ནས།
เล่ม ๒๑๓ · หน้า 269b
ངའི་གདུལ་བྱ་ནི་རྫོགས་པ་ཡིན། ད་གདུལ་བྱར་གྱུར་པ་མེད་པས་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བ་དང༌། རྟག་པར་སུན་འདོན་པའི་ཕྱིར་མྱ་ངན་ལས་འདའ་བའི་ཚུལ་སྟོན་ནོ། །བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་སེམས་ཅན་ནི་ད་ལྟ་དུད་འགྲོར་སོང་བས་སེམས་ཅན་
མིའི་མིང་མེད་དོ། །མུན་པ་མུན་ནག་ཏུ་གྱུར་པ། ཤི་བ་ཐམས་ཅད་ཀྱང་མི་ལྡོག་པ། མཚོ་ལ་ཁ་བ་བབས་པ་བཞིན་དུ་ངན་འགྲོའི་འཇིག་རྟེན་དུ་འགྲོ་བ་ཡིན་པས། མ་འོངས་པའི་དུས་ན་ངའི་བསྟན་པ་མར་འགྲིབ་ཀྱི་དུས་སུ། བྱང་ཆུབ་སེམས་དཔའ་ཁྱོད་ཉིད་ཀྱི་གདུལ་བྱར་འགྱུར་
གྱིས། ཐོག་མར་བྱང་ཆུབ་སེམས་དཔའི་སྤྲུལ་པས་མིའི་འགྲོ་བ་བསྐྱེད། དེ་ནས་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ཀྱིས་བསྡུས། འགྲོ་བའི་དོན་དུ་འགྱུར་རོ་ཞེས་དང༌། ཇོ་བོ་རྗེ་ལྷ་གཅིག་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་མེད་པའི་ལྷ་ཁང་ཞིག་ཡོད་པའི་ནང་དུ་
བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་བཞུགས་པ་ན། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་མངོན་སུམ་དུ་བསྟན་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ། འདི་
ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཤིག་ཅེས་བྱ་བ་ལ་སོགས་པའི་བོད་ཀྱི་ཡུལ་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པར་
ལུང་གིས་བསྟན་ཅིང་དངོས་སུ་གྲུབ་པ་འདི་ནི། བདེ་མཆོག་ཉུང་ངུ་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། །མ་ལ་ཝ་དང་པུལླི་སོགས། །ཉི་ཤུ་རྩ་བཞིའི་ཡུལ་ཡིན་ནོ། །ཞེས་པ་ཉི་ཤུ་རྩ་བཞིའི་ཡུལ་གྱི་གསུང་གི་འཁོར་ལོའི་ནང་ཚན་དུ་བཤད་པ་དང༌།
ཀྱེ་རྡོ་རྗེ་ལས་གནས་དང་ས་སྦྱར་བའི་བཅུ་གཉིས་པར་བཤད་ཅིང༌། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །
เล่ม ๒๑๓ · หน้า 270a
ཞེས་དང༌། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་དང༌། ཤེར་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་མདོའི་ཡུལ་ཡོངས་སུ་སྦྱོང་བར། ཡུལ་
དབུས་ནས་ལྷོ་ཕྱོགས་སུ་དར་བར་འགྱུར་རོ། །ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ་ཞེས་དམ་པའི་ཆོས་ཡོངས་སུ་དར་བར་ལུང་གི་ཕྲེང་བ་མང་པོས་མངོན་པར་བསྔགས་པའི་ལྗོངས་འདི་ཉིད་ཇི་ལྟར་ཆགས་པའི་
ཚུལ་ནི། ཐོག་མར་དག་བྱེད་ཀྱི་ཕུང་པོས་ཡོངས་སུ་གཏམས་ཤིང་བཻ་ཌཱུརྻ་སྔོན་པོའི་མཎྜལ་ཕྱིས་པ་ལྟ་བུ་མཚོར་གྱུར་པ་དེ་རིམ་གྱིས་བྲི་ནས། ཤུག་པ་ལ་སོགས་པའི་རྩི་ཤིང་ནགས་ཚལ་སྟུག་པོས་ཁྱབ་པས། སཱ་ལའི་ལྗོངས་ཞེས་གྲགས་པའི་ཡུལ་དུ་གྱུར་པ་སྟེ། དེའང་
འཇམ་དཔལ་རྩ་བའི་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་སོ། །དེར་ཁྱད་པར་བོད་ཀྱི་འགྲོ་བ་ཆགས་པའི་ཚུལ་ནི། ལྷ་ལས་ཕུལ་བྱུང་གི་བསྟོད་པར། ཁྱབ་འཇུག་གིས་ནི་འཐབ་དཀའ་བསད། །
ཅེས་པའི་འགྲེལ་པར། འདི་ལྟར་ཁྱབ་འཇུག་གིས་འཐབ་དཀའ་ལ་དྲིས་པ། དཔུང་གི་ཚོགས་བཅོ་བརྒྱད་ཁྱེར་རམ། འོན་ཏེ་ནོར་ལྷ་གཅིག་པུ་ཁྱེར་ཞེས་དྲིས་པས། དེས་དཔུང་གི་ཚོགས་རྣམས་ཁྱེར་རོ་ཞེས་སྨྲས་པ་དང༌། དེས་ཞེ་འགྲས་པར་གྱུར་ནས། ཁྱབ་འཇུག་
གིས་སྐྱ་བསེང་གི་ཕྱོགས་བྱས་ཏེ་གཡུལ་ངོར་ཆས་པ་ན། སྲིད་སྒྲུབ་ཀྱིས་ཀུན་དུ་བལྟས་ཏེ་སྨྲས་པ། ཁོ་བོས་ནི་ཉེ་དུའི་ཚོགས་གསོད་པར་མི་ནུས་ཏེ། གང་གི་དོན་དུ་རྒྱལ་སྲིད་ཐོབ་པར་འདོད་པའི་ཉེ་དུའི་ཚོགས་དེ་ཇི་ལྟར་གསད་པར་བྱ་ཞེས་སྨྲ་སྟེ། སྲིད་སྒྲུབ་འཐབ་པ་ལས་
ལྡོག་པར་གྱུར་པ་དང༌། ཁྱབ་འཇུག་གིས་སྨྲས་པ། ཁྱེད་ནི་བླུན་པ་ཡིན་ཏེ། གང་གིས་མི་ནི་གསད་པ་དང༌། །གང་ཞིག་གསོད་པར་བྱེད་པ་དག །དེ་དག་གཉིས་ཀ་མི་དམིགས་ཏེ། །བསད་དང་གསོད་པ་པོ་ཡོད་མིན། །རིགས་དང་འདུལ་བ་ཕུན་སུམ་ཚོགས། །བྲམ་
เล่ม ๒๑๓ · หน้า 270b
ཟེ་བ་ལང་གླང་པོ་དང༌། །ཁྱི་དང་སྨེ་ཤ་ཅན་དག་དང༌། །མཁས་པ་རྣམས་ནི་མཉམ་པར་བལྟ། །ཞེས་བྱ་བ་ལ་སོགས་པ་མེད་པར་ལྟ་བའི་ཚིགས་སུ་བཅད་པ་མང་པོ་བསྟན་ཅིང༌། སྣ་ཚོགས་པའི་གཟུགས་བསྟན་པས་བསླུས་ནས། སྲིད་སྒྲུབ་ཀྱི་ཁ་ལོ་པ་རང་ཉིད་ཀྱིས་བྱས་ཏེ། གཡུལ་
བགྱེ་བས་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ། །རཱུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་
ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ་ཞེས་འབྱུང་བ་དང༌། བོད་ཀྱི་གཏམ་རྒྱུད་ལྟར་ན་སྤྱན་རས་གཟིགས་དབང་ཕྱུག་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ་ཁྱོད་ཁ་བ་ཅན་གྱི་རྒྱལ་ཁམས་བྱ་བ་ཡོད་པས། བཅོམ་
ལྡན་འདས་ཤཱཀྱ་ཐུབ་པའི་གདུལ་བྱར་མ་གྱུར་པས་སྐུའི་ཞབས་ཀྱིས་མ་བཅགས། གསུང་གི་འོད་ཟེར་གྱིས་མ་ཁྱབ། ཐུགས་ཀྱི་བྱིན་གྱིས་མ་བརླབས་པས། ཁྱོད་ཀྱིས་ཁ་བ་ཅན་གྱི་སེམས་ཅན་རྣམས་དང་པོར་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ཀྱི་སྦྱིན་པས་ཐུལ་ལ་དེ་རྣམས་ཀྱི་
རྒྱུད་སྨིན་པར་མཛོད་ཅིག་ཅེས་བྱ་བ་འབྱུང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕོ་བྲང་རི་ཏཱ་ལའི་རྩེ་མོ་རིན་པོ་ཆེ་སྣ་ཚོགས་པའི་ཁང་བཟངས་ནས་ཁ་བ་ཅན་དུ་གདུལ་བྱའི་སེམས་ཅན་ལ་གཟིགས་པས། སངས་རྒྱས་ཀྱི་བསྟན་པ་མེད་པར་
མཚན་མོ་མུན་པ་མུན་རུམ་དང་འདྲ་བར་མུན་ནག་འཐིབས་པོར་འདུག་པ་གཟིགས་ནས། དེར་སྐྱེས་པའི་སེམས་ཅན་རྣམས་མཚོ་ལ་ཁ་བ་བབ་པ་ལྟར་ཡར་འཐོན་པ་མེད་པར་མར་ངན་སོང་དུ་འགྲོ་བར་འདུག །དེ་ནས་ཐར་པ་མེད་པར་ལྕགས་ཀྱི་ཟ་མ་ཏོག་ཁ་བཅད་པ་འདྲ་བར་གཟིགས་
ནས་དེར་འགྲོ་བའི་དོན་བྱེད་པ་ལ་ནི། དུས་དེ་ཙམ་ན་བོད་ཁམས་གླིང་དགུ་ཞེས་པ། རིན་པོ་ཆེ་འོད་ཀྱི་གླིང་ནི་སྟོད་ཁམས་གསུམ་སྟེ། གཡའ་རི་དང༌། གངས་རིའི་བར་ན་གླང་པོ་ཆེ་དང་རི་དྭགས་རྣམས་ཀྱིས་དབང་བྱས་པ། རུ་བཞི་སོགས་པའི་གླིང་ནི་བར་ཁམས་གསུམ་སྟེ། བྲག་རི་
เล่ม ๒๑๓ · หน้า 271a
དང་སྤང་རིའི་ཤོད་ན་བྲག་སྲིན་དང་སྤྲེའུ་རྣམས་ཀྱིས་དབང་བྱས་པ། རྨ་བྱ་འོག་གླིང་ནི་སྨད་ཁམས་གསུམ་སྟེ། ནགས་ཚལ་དང་ལྗོངས་ཀྱི་དབུས་ན་བྱ་དང་སྲིན་པོ་རྣམས་ཀྱིས་དབང་བྱས་པས་སེམས་ཅན་མི་ཞེས་བྱ་བའི་མིང་ཡང་མ་བྱུང་བ་དང༌། དུད་འགྲོ་ནི་
ཧ་ཅང་གླེན་ཞིང་གཏི་མུག་པས་བླང་དོར་ཚུལ་བཞིན་དུ་སྟོན་པའི་ཡུལ་དུ་མ་བཏུབ་བོ། །དེས་ན་ཐོག་མར་མིའི་འགྲོ་བ་བསྐྱེད་པར་དགོངས་ཏེ། འཕགས་པ་གྲུ་འཛིན་གྱི་མགོན་པོའི་ཕྱག་གཡོན་པའི་འོད་ཟེར་ལས་བྱང་ཆུབ་སེམས་དཔའ་སྤྲེའུའི་རྒྱལ་པོ་ཧ་ལུ་མཉྫུ་ཞེས་བྱ་བ་ཞིག་སྤྲུལ་ཏེ།
དེ་ལ་གཏན་ཁྲིམས་ལྔའི་སྡོམ་པ་ཕོག་སྟེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་ཡང་མང་དུ་སྩལ་ཏེ། བྱང་ཕྱོགས་ཁ་བ་ཅན་ཞེས་བྱ་བའི་རྒྱལ་ཁམས་སུ་སོང་ལ་བྲག་དུམ་བུ་གཅིག་པ་ལ་སྒོམས་ཤིག་ཅེས་སྒོམ་བྱེད་དུ་བཏང་ངོ༌། །དེས་ཀྱང་རྫུ་འཕྲུལ་གྱིས་བགྲོད་པས་སྐད་ཅིག་གཅིག་
གི་ཡུན་ལ་ཁ་བ་ཅན་དུ་ཕྱིན་ཏེ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །ཇི་ཙམ་ན། རྗེ་བཙུན་སྒྲོལ་མའི་སྒྱུ་འཕྲུལ་གྱི་ཟློས་གར་ཡིན་པའི་བྲག་སྲིན་མོ་ཞིག་རྩེ་དགའི་བདེ་བ་རྗེས་སུ་དྲན་པའི་ཚུལ་གྱིས་རང་གི་རིགས་དང་མཐུན་པར་སྤྲེའུ་མོའི་ཆ་བྱད་དུ་བཟུང་སྟེ་མདུན་
དུ་འོངས་སོ། །འོངས་ནས་ཀྱང་བསམ་གཏན་པ་དེ་དང་དགའ་མགུར་སྤྱོད་པའི་བརྡ་ཐབས་ཀྱི་རྣམ་པ་ཅི་ཡང་བསྟན་པས་ཞག་བདུན་གྱི་བར་དུ་དུས་འདའ་བར་བྱས་ཀྱང་དེའི་སེམས་ནི་ཅུང་ཟད་ཀྱང་གཡོ་བར་མ་ནུས་སོ། །སྤྲེའུ་མོས་བསམས་པ། ཁ་དོག་དང་བྱད་བཞིན་མི་སྡུག་པས་ལན་
ནོ་སྙམ་སྟེ། ཉིན་གཅིག་བུད་མེད་བཟང་མོ་མཛེས་ཤིང་ལྟ་ན་སྡུག་པ་ལང་ཚོ་གཞོན་ནུར་གྱུར་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཅིག་ཏུ་སྤྲུལ་ནས། སླར་ཡང་འདོད་པའི་རྩེ་དགའ་ལ་སྤྱོད་པའི་བརྡ་བསྟན་པ་དང༌། སྤྲེའུ་དེའི་སེམས་ཅུང་ཟད་གཡོས་པ་བཞིན་དུ་དེའི་གདོང་ལ་མིག་ཟུར་གཏད་དེ་
ཅུང་ཟད་གནས་པར་གྱུར་ཏོ། །ཇི་ཙམ་ན་དེས་ཀྱང་གླགས་རྙེད་པར་ཤེས་ནས། ངོ་ཚས་སྤངས་པ་བཞིན་དུ་དེའི་གམ་དུ་ལྷགས་ཏེ། བདག་ཅག་གཉིས་ནི་མཐུན་པའི་ཁྱིམ་ཐབས་བྱའོ་ཞེས་ལན་གཅིག་མ་ཡིན་པར་སྨྲ་བར་བྱས་སོ། །སྤྲེའུས་སྨྲས་པ། ང་ནི་འཕགས་པ་སྤྱན་རས་
เล่ม ๒๑๓ · หน้า 271b
གཟིགས་ལས་དགེ་བསྙེན་དུ་བསླབས་ནས་དེའི་བསླབ་བྱ་ལ་སློབ་པ་ཞིག་ཡིན་པས་སྲོག་གི་དབང་པོ་འགགས་པ་ནི་བླའི། བསླབ་བྱ་འདོར་བ་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་སོ། །དེར་བྲག་སྲིན་མོས་སྨྲས་པ། ཀྱེ་མ་སྤྲེའུའི་རྒྱལ་པོ་བདག་ལ་དགོངས་ཤིང་གསོན། །བདག་ནི་ལས་ཀྱི་
དབང་གིས་སྲིན་མོའི་རིགས་སུ་སྐྱེས། །འདོད་ཆགས་དབང་གིས་ཁྱོད་ལ་ཞེན་ཅིང་ཆགས། །ཆགས་པའི་དབང་གིས་ཁྱོད་ལ་བསྐོར་ཞིང་གསོལ། །བདག་ནི་ཁྱེད་དང་ཁྱིམ་ཐབས་མི་བྱེད་ན། །ཐ་མར་སྲིན་པོ་དག་དང་འགྲོགས་ནས་ནི། །ཉི་མ་རེ་ལ་སྲོག་ཆགས་ཉི་ཁྲི་གསོད། །
ནང་མ་རེ་ལ་སྲོག་ཆགས་སྟོང་སྟོང་ཟ། །སྲིན་མོའི་ཕྲུ་གུ་མང་པོ་སྐྱེས་གྱུར་ནས། །ཁ་བ་ཅན་གྱི་ཡུལ་ཕྱོགས་འདི་ཉིད་ནི། །སྲིན་པོའི་རྒྱལ་ཁམས་དག་ཏུ་གྱུར་ནས་ཀྱང༌། །ཛམྦུའི་གླིང་ཀུན་སྲིན་པོས་ཟ་བར་འགྱུར། །དེས་ན་བདག་ནི་འདི་རུ་འཆི་བར་བགྱི། །ཤི་ནས་བདག་ཅག་ལས་ཀྱི་
དབང་གིས་ཀྱང༌། །བདག་ནི་མི་བཟད་དམྱལ་བའི་གནས་སུ་ལྟུང༌། །སྡོམ་པ་བསྲུངས་པས་མི་ཕན་ཁྱོད་ལ་སྡིག་པ་འོང༌། །ཁྱོད་ཀྱི་བྱང་སེམས་སྡོམ་པའང་ཉམས་ནས་འགྲོ། །དེ་བས་བདག་ལ་དགོངས་ལ་ཐུགས་རྗེས་གཟིགས། །ཞེས་གདུང་བའི་སྨྲེ་སྔགས་འདོན་པ་དང༌།
མཆི་མའི་རྒྱུན་ནི་ཁྲག་གི་ཆུ་གཏེར་བཞིན་དུ་དབབ་པར་བརྩམས་སོ། །བྱང་ཆུབ་སེམས་དཔས་བསམ་པ་མ་ལ་འདིའི་བསམ་པ་བཞིན་བྱས་ན་ནི་བསླབ་པ་དང་འགལ་བར་འགྱུར་ལ། ཅིག་ཤོས་དེ་ལས་བཟློག་སྟེ་བསླབ་པ་ལ་གནས་པར་བྱས་ན་ནི་སྲིན་མོ་ཤི་བར་འགྱུར་གྱི། ད་ནི་འཕགས་པ་
ཉིད་ལ་གསོལ་ཏེ། དེས་ཇི་ལྟར་བཀའ་སྩལ་པ་དེ་ལྟར་བགྱིའོ་སྙམ་དུ་རྫུ་འཕྲུལ་གྱིས་རི་པོ་ཏ་ལའི་གཞལ་མེད་ཁང་ན་འཕགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དྲུང་དུ་མངོན་པར་དོང་སྟེ་ཕྱིན་ནས་གསོལ་པ། ཀྱེ་མ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །བདག་གི་དགེ་བསྙེན་
སྡོམ་པ་སྲོག་བཞིན་བསྲུངས་ལགས་ཀྱང༌། །བདུད་ཀྱི་རིགས་ཀྱི་སྲིན་མོ་འདོད་སེམས་ཅན། །བདག་ལ་ཐོ་འཚམ་ལགས་སམ་སྡོམ་པ་དབྲོག་ཏུ་བྱུང༌། །དེ་ལ་ཇི་ལྟར་བགྱིས་ལ་བདག་གིས་སྡོམ་པ་བསྲུང༌། །བྱམས་མགོན་ཁྱེད་ཀྱིས་བདག་ལ་གནང་བར་ཞུ། །ཞེས་གསོལ་པ་ལ།
เล่ม ๒๑๓ · หน้า 272a
འཕགས་པས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་བྲག་སྲིན་མོ་དང་བཟའ་ཚོ་གྱིས་ཤིག །བར་ཆད་དུ་མི་འགྲོ་ཞིང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་གྲོགས་སུ་འགྲོ་སྟེ། མ་འོངས་པ་ན་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཁྱོད་ཀྱི་བུ་ཚ་རིགས་རྒྱུད་འཕེལ་ཞིང་མིའི་འགྲོ་བར་གྱུར་ཏོ། །
དེ་དག་གིས་དམ་པའི་ཆོས་འཛིན་པར་འགྱུར་བས་ན་མཆོག་ཏུ་འགྱུར་རོ་ཞེས་དང༌། རྗེ་བཙུན་མ་སྒྲོལ་མས་ཀྱང༌། དེ་ནི་ལེགས་ཀྱི་དེས་ནི་མིའི་འགྲོ་བ་འཕེལ་ནས་དམ་པའི་ཆོས་འཛིན་པའི་རྟེན་དུ་འགྱུར་རོ་ཞེས་གསུངས་སོ། །དེ་སྐད་ཐོས་ནས་སླར་ཡང་ཁ་བ་ཅན་དུ་ལོག་སྟེ་བྲག་སྲིན་མོ་དང་བཟའ་ཚོ་བྱས་
ཏེ། དགའ་བ་དང་རྩེ་བ་དང་དགའ་མགུར་སྤྱོད་པ་ལས། ཟླ་བ་དགུ་དང་ངོ་བཅུ་ནས་འགྲོ་བ་རིགས་དྲུག་ནས་ཚེ་འཕོས་པའི་ཕྲུ་གུ་གཤིས་མི་འདྲ་བ་དྲུག་བྱུང་སྟེ། ལུས་ཐམས་ཅད་སྤུས་ཁེངས་པ་དང༌། མ་སྲིན་མོ་ཡིན་པས་མཇུག་མ་མེད་ཅིང་གདོང་དམར་བ། དེའང་ལྷ་ལས་འཕོས་པ་
ནི། དལ་བ་དང༌། ཡིད་གཞུངས་པ་དང༌། རྒྱུད་འཇམ་པ། ལྷ་མ་ཡིན་ལས་འཕོས་པ་ནི་ཞེ་སྡང་ཆེ་བ་དང་འཐབ་པ་ལ་དགའ་བ། མི་ལས་འཕོས་པ་ནི་འདོད་པའི་ལོངས་སྤྱོད་ལ་སྲེད་པ་ཆེ་བ། དུད་འགྲོ་ལས་འཕོས་པ་ནི་གོ་བ་ཞན་པ་དང་ཤེས་རབ་ཆུང་བ། ཡི་དྭགས་ལས་འཕོས་པ་ནི་ལྟོ་
ལ་ཞེན་པ་དང་སེར་སྣ་ཆེ་བ། དམྱལ་བ་ལས་འཕོས་པ་ནི་ཁྲོ་གཏུམ་ཆེ་བ་དང་སྡུག་བསྔལ་ལ་བཟོད་སྲན་ཆེ་བ་རྣམས་བྱུང་སྟེ། དེ་ཐམས་ཅད་ཀྱང་ཕ་ལ་ལྟོས་ནས་ལུས་ལ་སྤུས་གང་བ་དང༌། མ་ལ་ལྟོས་ནས་མཇུག་མ་མེད་པ་དང༌། ཤ་ཁྲག་ལ་དགའ་བ་དང༌། མགོ་ལ་སྐྲ་ཡོད་པ་
དང༌། སྨྲ་ཤེས་པ་རྣམས་སུ་གྱུར་ཏོ། །ཇི་ཙམ་ན་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་ལྷོ་ཕྱོགས་ཀྱི་ནགས་ཚལ་རྨ་བྱ་ཅན་ཞེས་བྱ་བ་ན་སྤྲེའུ་མང་དུ་ཡོད་པའི་ཟླར་བསྐྱལ་ཏེ་བཞག་གོ། །རིང་ཞིག་ལོན་ན་དེ་ཐམས་ཅད་སྤྲེའུ་ཡང་མ་ཡིན་ལ། མི་ཡང་མ་ཡིན་པ་ཁོ་ན་ལྔ་བརྒྱ་ཙམ་འཕེལ་
ནས། རང་རང་གི་ཕ་མ་དང་མེས་པོ་དག་མཐོང་བ་ན། ཁ་དུ་མ་ནས་ལག་པ་གདེངས་པ་རོང་རོང་བྱེད་ཅིང་ང་ལ་ཟས་བྱིན་ཞེས་སློང་བར་བྱེད་དོ། །དེ་དག་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་མཐོང་ནས་ཤིང་ཐོག་ལ་སོགས་པ་བཏུས་ནས་བྱིན་པས་ཚིམ་པར་ཡང་མ་ནུས་ཤིང་ལུས་སེམས་
เล่ม ๒๑๓ · หน้า 272b
ཤིན་ཏུ་གདུང་བར་གྱུར་པས་ཡིད་ལ་འདི་ལྟར་བྱེད་དེ། ང་ལ་ལུས་སེམས་གདུང་བ་འདི་ལྟ་བུ་འབྱུང་བ་ནི་འཕགས་པའི་བཀའ་བཞིན་དུ་བསྒྲུབས་པ་ལས་བྱུང་གི་ཁོང་ལ་ནི་འཁྲུལ་པ་ཅི་ཞིག་སྲིད། དེས་ན་ད་ནི་ཇི་ལྟར་བགྱི་ཞེས་འཕགས་པ་ཉིད་ལ་ཞུ་བར་རིགས་སོ་སྙམ་ནས་རི་བོ་གྲུ་འཛིན་གྱི་གཞལ་
མེད་ཁང་དུ་ཕྱིན་ཏེ་འཕགས་པ་ལ་གསོལ་པ། ཀྱེ་མ་ཁྱིམ་ཐབས་བདུད་ཀྱི་བཙོན་རར་མ་ཤེས་ཤིང༌། །བུད་མེད་བདུད་ཀྱི་འཆིང་བར་མ་ཤེས་ལ། །བུ་ཚ་འཁོར་བའི་བདུད་དུ་མ་ཤེས་པས། །འདོད་པ་དུག་གི་ལོ་མར་མ་རྟོགས་ཏེ། །སྙིང་རྗེས་ཆགས་པར་གྱུར་ནས་བདག་བསླུས་ན། །
འདོད་པའི་འདམ་བྱིང་སྡུག་བསྔལ་རི་ཡིས་མནན། །ཉོན་མོངས་དུག་འཐུང་ལས་ངན་རིམས་ཀྱིས་བཏབ། །སྡུག་བསྔལ་ནད་ཀྱིས་བདག་ཉིད་མནར་གྱུར་ན། །འཁོར་བའི་གནས་སུ་བདག་ཉིད་རང་གིས་བཅིངས། །མ་རིག་མུན་འཐིབས་རྟོག་པའི་དྲྭ་བར་ཆུད། །ད་ནི་ཇི་ལྟར་བྱས་ལ་བུ་ཚ་
བསྐྱོང་བར་བགྱི། །འཕགས་པས་བཀའ་ཡིས་གནང་ནས་བདག་ལ་འདི་ལྟར་བྱུང༌། །ཕྱི་མ་དམྱལ་བར་ལྟུང་བར་ཐེ་ཚོམ་མེད། །དེ་ཕྱིར་བདག་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ཞུས་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས། བོད་ཁ་བ་ཅན་གྱི་
ཡུལ་ནི་མུན་པའི་སྨག་རུམ་དང་འདྲ། མི་མ་ཡིན་གྱི་སེམས་ཅན་གྱི་དབང་བྱས་ནས་ངའི་གདུལ་བྱའི་རྟེན་དུ་མ་གྱུར། འདི་རྣམས་འགྲོ་བ་མིར་སྤེལ་ལ། མཐོ་རིས་དང་ཐར་པ་ཐོབ་པའི་ཆེད་དུ་ཁྱོད་བཏང་བ་ཡིན། ཁྱོད་ང་ལ་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་ཅིག །ཁྱོད་ཀྱང་སྡུག་བསྔལ་
བར་མ་བྱེད་ཅིག །ཁྱོད་ཀྱི་བུ་ཚ་བོ་འདི་རྣམས་མཐར་མིར་འགྱུར་གྱིས་དེ་དུས་ནམ་ཞིག་ན་ངའི་གདུལ་བྱར་འགྱུར་བ་ཡིན་པས། ཁྱོད་ལ་ཉེས་པ་མེད་ཀྱིས་ཐར་པའི་ཆ་དང་མཐུན་ནོ། །ཤིན་ཏུ་ལེགས་སོ། །སྡུག་བསྔལ་བར་མ་སེམས་ཤིག །ཁྱོད་ཀྱི་རིགས་བརྒྱུད་དེ་རྣམས་ཀྱི་ཟས་
སྐལ་འདི་ཡིན་ནོ་གསུངས་ནས། ནས་དང༌། གྲོ་དང༌། སྲན་མ་ལ་སོགས་པའི་འབྲུ་སྣ་བདུན་གནང་ནས་འདི་ཁ་བ་ཅན་གྱི་ཡུལ་དབུས་སུ་ཐོབ་ཅིག་དང་འབྲུའི་ཚོགས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ་ཞེས་གསུང་ཞིང་གསེར་དང༌། དངུལ་དང༌། ཟངས་དང༌། ལྕགས་ལ་
เล่ม ๒๑๓ · หน้า 273a
སོགས་པ་རིན་པོ་ཆེའི་ཕྱེ་མ་སྙིམ་པ་གང་ཁ་བ་ཅན་གྱི་ཕྱོགས་སུ་གཏོར་ནས་ས་གཞི་རིན་པོ་ཆེའི་འབྱུང་གནས་སུ་བྱིན་གྱིས་བརླབས་ཏེ། ཁྱོད་ཀྱི་རིགས་རྒྱུད་འདི་དག་མིར་གྱུར་པའི་ཚེ་གསེར་དངུལ་ལ་སོགས་པས་ཀྱང་འཚོ་ཞིང༌། རིན་པོ་ཆེའི་འབྱུང་ཁུངས་རྣམས་ཀྱང་དུས་
དུས་སུ་ཁ་བྱེ་བར་འགྱུར་རོ་ཞེས་དང༌། ལྗགས་ཀྱི་མཆིལ་མ་ཞིག་ཀྱང་ཁ་བ་ཅན་གྱི་ཕྱོགས་སུ་འཕངས་ཏེ། མ་འོངས་པ་ན་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆོས་སྐྱོང་བ་ཐོད་བརྒལ་བ་རེ་འབྱུང་བར་འགྱུར་རོ་ཞེས་དབུགས་ཕྱུང་ནས་བཏང་ངོ༌། །སྤྲེའུ་བྱང་ཆུབ་སེམས་དཔས་ཀྱང་ཁ་བ་
ཅན་གྱི་ཡུལ་དུ་འོངས་ཏེ་ཡུལ་དབུས་སུ་འབྲུ་དེ་དག་བཏབ་བོ། །དེ་ལེགས་པར་སྨིན་པ་དང་སྤྲེལ་ཕྲུག་རྣམས་ལ་བསྟན་ཏེ། འདི་དག་འཕགས་པས་ཁྱེད་རྣམས་ཀྱི་ཟས་སྐལ་དུ་གནང་བ་ཡིན་པས་འདི་ཟོ་དང་ཞེས་སྨྲས་པས། ཡུལ་དེ་ལ་ཟོ་དང་དུ་གྲགས་སོ། །དེ་ནས་སླར་
ཡང་ཐུགས་རྗེ་ཆེན་པོའི་ཕྱག་མཐིལ་གྱི་འོད་ཟེར་ལས་ཁྱེའུ་ཆུང་མཚན་དང་དཔེ་བྱད་དུ་ལྡན་པ་ཅིག་སྤྲུལ་ཏེ། སྔར་གྱི་མི་ཡང་མིན་ལ་སྤྲེའུ་ཡང་མིན་པ་དེ་རྣམས་ཀྱི་ཁྲོད་ཏུ་བཏང་བ་ན། དེ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ལུས་བྱད་མཛེས་ཤིང་ལྟ་ན་སྡུག་པ་འདི་ཅི་ལས་བྱུང༌།
ཁྱེའུ་ཆུང་གིས་སྨྲས་པ། ངས་མི་དགེ་བ་བཅུ་སྤོང་བ་དང༌། དགེ་བ་བཅུ་སྤྱད་པ་ལས་བྱུང་ངོ༌། །འོ་ན་བདག་ཅག་རྣམས་ལ་ཡང་སློབས་ཤིག་དང་དེ་ལྟར་དུ་སྤྱད་པར་བགྱིའོ་ཞེས་གསོལ་ལོ། །དེ་ནས་སྤྲུལ་པའི་ཁྱེའུ་དེས་སྤྲེལ་ཕྲུག་རྣམས་ལ་མི་དགེ་བ་བཅུ་སྤོང་བ་དང༌། དགེ་
བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པའི་ཚུལ་རྣམས་ལེགས་པར་བཤད་དོ། །དེ་དག་གིས་ཀྱང་བླང་དོར་ཚུལ་བཞིན་དུ་བྱེད་པའི་སྒོ་ནས་བསྒྲུབས་པས། གཟུགས་བྱད་ཇེ་བཟང་དུ་སོང་སྟེ་མཐར་ཐམས་ཅད་ཀྱང་མིར་གྱུར་ཏོ། །རེ་ཞིག་ན་དེ་དག་གཅིག་ལ་གཅིག་འཇིགས་
པའི་སྣང་བ་དང་བཅས་མཆིས་པ་ལ། མེས་པོས་ཆེ་བཞི་བྱས་ཏེ་ཞིང་རྣམས་ཁག་བཞིར་བགོས་ནས་གཏད་པ་ལྟར་སོ་སོར་གྱེས་པས། སེ་དང༌། རྨུ་དང༌། ལྡོང་དང༌། སྟོང་སྟེ་ནང་གི་མིའུ་རིགས་བཞིའམ་གདུང་དྲུག་ཏུ་གྲགས་སོ། །དེ་ལྟར་ཇི་སྐད་བཤད་པ་ལྟ་བུའི་
เล่ม ๒๑๓ · หน้า 273b
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གདུལ་ཞིང་དུ་གྱུར་པའི་ཡུལ་དེའི་གནས་ཚུལ་དང་ངོ་མཚར་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། པུ་རྒྱལ་བོད་ཀྱི་ཡུལ་ལ་བསྔགས་པ་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་མགུར་དུ་བླངས་པ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུ་རྒྱལ་
བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་མི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་
བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་
མདོག །དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ། །ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད། །དུང་དཀར་པོ་གཡས་སུ་འཁྱིལ་པ་ལ། །
དར་དམར་པོ་རཱ་གའི་ཅོད་པཎ་ཡོད། །མི་ཁྱོད་ཀྱི་སྙན་པ་ཕྱོགས་བཅུར་འཕེལ། །དཔལ་བེའུས་རི་སྐོར་བརྒྱན་པ་ལ། །ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད། །མི་ཁྱོད་ཀྱི་བུ་སློབ་ཕྱོགས་བཅུར་འཕེལ། །རི་བོགས་ཆད་གཡུ་ཡི་བུམ་པ་ལ། །ཆུ་ཡན་ལག་བརྒྱད་
ལྡན་ཆུ་མིག་འབབ། །མི་ཁྱོད་ཀྱི་ཐུགས་རྗེས་བསིལ་བར་བྱེད། །གནམ་སྔོན་པོ་གཡུ་བྱའི་གདུགས་སུ་ཕུབ། །ལས་ཉོན་མོངས་ཚད་པ་ཞི་བར་བྱེད། །མི་ཁྱོད་ཀྱི་དགེ་བཤེས་འཕེལ་བའི་རྟགས། །རི་ཟུར་གསུམ་བྲ་གཞུང་གནམ་དུ་མཐོ། །དེང་མཁའ་འགྲོའི་རྒྱལ་མཚན་བསྒྲེང་བ་
འདྲ། །མི་ཁྱོད་ཀྱི་གནས་དེར་བསྟན་པ་སྤེལ། །ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས། །ཀྱེ་འཁོར་ལོ་རྩིབས་བརྒྱད་ཕབ་པ་འདྲ། །མི་ཁྱོད་ཀྱི་མི་མཐུན་གཅོད་པའི་རྟགས། །ཐང་ཆེན་པོའི་གསེབ་ན་རི་ཆུང་ཉལ། །མཚོ་ཆེན་པོའི་ནང་གི་ཉ་མོ་འདྲ། །མི་ཁྱོད་ཀྱི་སྤྱན་ལྔ་འཕེལ་བའི་
เล่ม ๒๑๓ · หน้า 274a
རྟགས། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །མི་ཁྱོད་ཀྱི་ཞིང་ཁམས་དེ་ན་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །འབྲུ་སྣ་ཚོགས་སྨིན་པའི་ཞིང་ས་ཅན། །འབྲུ་བང་མཛོད་རྒྱས་པའི་རྟགས་སུ་བཟང༌། །ཤིང་སྣ་ཚོགས་སྐྱེས་པ་ནགས་ཀྱི་ཁྲོད། །གནས་
ཁང་བཟངས་འཕེལ་བའི་རྟགས་སུ་བཟང༌། །ཆུ་མི་ཆེ་རྒྱ་མཚོ་ཆེན་པོ་མེད། །ཆུ་མི་ཆུང་ཆུ་བོ་དཔག་མེད་འབབ། །ཆུ་སྙོམས་པས་ཡུལ་མི་རྟག་ཏུ་བདེ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ནི་ཁྱོད་ཀྱི་ཞིང་ཁམས་ཡིན། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །
ཤར་ལྷུན་པོའི་རྩེ་ནས་ཉི་མ་འཆར། །ཕྱོགས་གཞན་གསུམ་མི་ནོར་ཤུགས་ལ་ཤེས། །འཆར་མི་སྔ་སྔ་དུས་བསམ་གཏན་འཕེལ། །འཆར་མི་འཕྱི་ཉི་འོད་སྨིན་པ་ལ། །ལུས་བག་ཕེབ་བདེ་བར་སྤྱོད་པར་བྱེད། །རྒས་མི་སྔ་ཕོ་རབ་མདུན་སྟངས་འཕེལ། །རྒས་མི་འཕྱི་མཛངས་
མའི་ལས་རྣམས་འགྲུབ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །ཡུལ་བཀྲ་ཤིས་འབྱུང་དེ་ཁྱོད་ཀྱི་ཞིང༌། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་གསུངས་པ་དང༌། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྟོད་མངའ་རིས་ནས་བོད་སྟོན་རྣམས་ཇོ་བོ་རྗེ་ལྷ་གཅིག་
སྤྱན་འདྲེན་པའི་གྲོགས་སུ་སྦྲེན་པའི་ཕྲིན་ཤོག་ལས། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རིའི་བྱང༌། །ལོ་ཧི་ཏ་འགྲམ་རིན་ཆེན་ཁུངས། །ཁ་བ་ཅན་ཞེས་མང་གྲགས་ན། །བླ་ཆེན་སྟོབས་ལྡན་མི་བསྲུན་པ། །བོད་ཅེས་བྱ་བར་གནས་པའི་ཕྱིར། །ཞེས་
དང༌། ནཻ་པ་ལའི་རྒྱལ་པོ་དེ་ཝ་ལྷས་རང་གི་སྲས་མོ་ལྷ་གཅིག་ཁྲི་བཙུན་ལ་གསུངས་པ། ང་ཡི་སྙིང་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་མེད་ཁང༌། །ངོ་
མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང༌། །ཞེས་དང༌། རྒྱ་ནག་ཏོང་འཁུན་རྒྱལ་པོས་ལྷ་གཅིག་ཀོང་ཇོ་ལ་བསླབ་བྱར་གདམས་པ་ལས། བོད་ཅེས་བྱ་བ་ཁ་བ་ཅན་གྱི་ཡུལ། །
เล่ม ๒๑๓ · หน้า 274b
ཡུལ་ལ་ཁྱད་པར་འཕགས་པ་དེ་ཡིན་ཏེ། །གངས་རི་རང་བྱུང་མཆོད་རྟེན་ཡ་མཚན་ཅན། །ལྷུན་གྱིས་གྲུབ་པའི་གནས་མཆོག་དམ་པ་ནི། །མཚོ་བཞི་གཡུ་ཡི་མཎྜལ་བཀྲམ་པ་འདྲ། །ཐང་བཞི་ཡིད་འོང་མཆོད་པ་བཤམས་པ་འདྲ། །ཆུ་བོ་བཞི་ཡི་འགྲོས་བཞིའི་རང་བཞིན་ཅན། །རི་མཐོ་
ས་གཙང་གངས་རི་གཉན་གྱི་ལྗོངས། །བཀྲ་ཤིས་ཉམས་དགའ་གཡུང་དྲུང་བྲིས་པ་འདྲ། །ཞེས་དང༌། འཕྲུལ་གྱི་བློན་པོ་མགར་གྱིས་ལྷ་གཅིག་ཀོང་ཇོ་ལ་འདི་ལྟར།ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་ཁྱེད། །བདག་གི་ཚིག་ལ་གསོན། །བཀྲ་ཤིས་ཉམས་སུ་དགའ། །
བོད་ཀྱི་རྒྱལ་ཁམས་ན། །རིན་ཆེན་ལྔ་ལས་གྲུབ། །རྒྱལ་པོའི་ཕོ་བྲང་ན། །མི་རྗེ་ལྷ་ཡིས་མཛད། །སྲོང་བཙན་སྒམ་པོ་དེ། །རིགས་གཟུགས་དཔལ་གྱིས་བརྗིད། །མཐོང་ན་སེམས་ཡིད་འཕྲོག །ཐུགས་རྗེ་ཆེན་པོ་ལགས། །རྒྱལ་སྲིད་ཆོས་བཞིན་བསྐྱངས། །
འབངས་རྣམས་བཀའ་ལ་ཉན། །རྒྱལ་བློན་འཁོར་འབངས་རྣམས། །དགའ་སྐྱིད་གླུ་རུ་ལེན། །ཆོས་ཀྱི་ཉི་མ་ཤར། །དཔལ་གྱི་སྒྲོན་མེ་བཏེག །རི་ལ་ཤིང་སྣ་ཚང༌། །ས་གཞི་ཡངས་པ་ལ། །འབྲུ་སྣ་ལྔ་ཡི་ཚོགས། །གོ་མཚམས་མེད་པར་སྐྱེས། །གསེར་དངུལ་
ཟངས་ལྕགས་སོགས། །རིན་ཆེན་དུ་མ་ཡོད། །གནག་རྟ་ལུག་གསུམ་རྒྱས། །དགའ་སྐྱིད་དེ་ལྟར་ཡོད། །ཅེས་དང༌། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བཻ་ཌཱུརྻའི་ཚོང་དུས་ནས་པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་འདྲེན་པོའི་ཕོ་ཉ་པཎ་ཆུང་ཛ་ཡ་ཤྲཱི་དང༌། ཝཱ་རཱ་ཎ་སཱི་བ་སོགས་
མངགས་པའི་དུས་ཀྱི་ཞུ་ཡིག་ཏུ། མ་ག་དྷཱ་སོགས་རིག་འབྱུང་གནས་ན་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམ་ཨཽ་རྒྱན་ཁ་ཆེ་བལ་ཡུལ་ཡང༌། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་
ཞུ། །ཞེས་གསུངས་པ་ལྟར་ཁ་བ་ཅན་གྱི་རྒྱལ་ཁམས་ནི་ས་གཞི་མཐོ་ཞིང་གཙང་བ། འཆི་བ་མེད་པའི་གཞལ་མེད་ཁང་དུ་སོན་པ་ལྟར་ཧ་ཅང་གྲང་བ་ཡང་མིན་པའི་རེག་པ་བསིལ་པོ་འཇོ་བས་སྙིང་ལ་དགའ་བ་སྟེར་བ། ཤེལ་དཀར་པོ་དང་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་བཏགས་
เล่ม ๒๑๓ · หน้า 275a
པའི་ཕྱེ་མ་དག་ལེགས་པར་སྤུངས་པ་དང་འདྲ་བའི་གངས་རིའི་ཕྲེང་བ་མཚར་དུ་དངར་བས་བསྐོར་བའི་ལྗོངས། རྩྭ་དང༌། ཤིང་ལྗོན་པ་དང༌། གེལ་པ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་དང༌། འབྲུ་དང༌། སྨན་གྱི་རྣམ་པ་མང་པོ་རྩི་བཅུད་ཆེ་ཞིང་དྲི་ཞིམ་པོའི་
ཚོགས་ཀྱིས་ཀུན་ནས་གཏམས་པ། རིན་པོ་ཆེའི་རིགས་སུ་གཏོགས་པ། གསེར་དང༌། དངུལ་དང༌། ཟངས་དང༌། ལྕགས་ལ་སོགས་པ་ས་གཞི་ལས་རང་འབྱུང་བ། ཕྱོགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་བཀྲ་ཤིས་པའི་རྟགས་ཀྱིས་ཉམས་དགའ་བར་བྱས་པ། འཕགས་པ་རིགས་
གསུམ་མགོན་གྱིས་རྣམ་པར་འཕྲུལ་པའི་ལྷ་བཙན་པོ་རིམ་པར་བྱོན་པ་རྣམས་ཀྱི་དགེ་བ་བཅུའི་ཁྲིམས་ཀྱིས་ལེགས་པར་བསྐྱངས་པ། མི་དཔའ་ཞིང་རྟ་མགྱོགས་པ་ལ་སོགས་པ་རྟེན་དང་བརྟེན་པའི་ཡོན་ཏན་འབའ་ཞིག་གིས་རྣམ་པར་བཀླུབས་པ། དེའི་ཤར་དུ་རྒྱ་ནག་དང་ཁྲི་བརྟན།
ལྷོར་རྒྱ་གར་དང་ཁ་ཆེ། ནུབ་ཏུ་སྟག་སྡེ་གཟིག་ཕན། བྱང་དུ་ཁྲོམ་དང་གེ་སར་ཏེ་བརྒྱད་ཀྱིས་ཀུན་ནས་བསྟེན་པའི་ཡུལ་ལྗོངས་གང་ལ་སྤྱིའི་མིང་དུ་བོད་ཡུལ་ཞེས་གྲགས་སོ། །གཉིས་པ་བྱེ་བྲག་ཏུ་ཆོས་ཀྱི་སྦྱིན་པའི་མ་མོ་འདི་གང་དུ་བསྒྲུབ་པའི་གནས་ནི། སྤྱིར་སྐོར་གསུམ་དང༌། རུ་བཞི་
དང༌། ཁམས་གསུམ་མམ།སྒང་དྲུག་ཏུ་དབྱེ་བའི་རྣམ་བཞག་བྱུང་བ་ལྟར་ན། སྤུ་རངས་དང༌། མང་ཡུལ་དང༌། ཟངས་དཀར་གསུམ་སྐོར་གཅིག་གོ །ལི་དང༌། བྲུ་ཤ་དང༌། སྦལ་ཏེ་གསུམ་སྐོར་གཅིག་གོ །ཞང་ཞུང་དང༌། ཁྲི་ཏེ་དང༌། སྟོད་སྨད་གསུམ་སྐོར་གཅིག་སྟེ་
སྟོད་ཀྱི་མངའ་རིས་སྐོར་གསུམ་མོ། །དབུས་ན་དབུ་རུ་དང་གཡོ་རུ་གཉིས། གཙང་ན་གཡས་རུ་དང་རུ་ལག་གཉིས་ཏེ་བར་གྱི་དབུས་གཙང་རུ་བཞིའོ། །མདོ་ཁམས་ལ་སྨད་ཁམས་བཏགས་པ་ཁམས་གཅིག་དང༌། མདོ་སྨད་ལ་དབྱར་མོ་ཐང་བཏགས་པ་ཁམས་གཅིག་དང༌། གཙོང་
ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་སྟེ་སྨད་ཁམས་གསུམ་དུ་བཏགས་པའི་དབང་དུ་བྱས་ན་མདོ་སྨད་ཀྱི་ཁམས་དང༌། ཡང་ན་རྔུལ་རྫ་ཟལ་མོ་སྒང་དང༌། ཚ་བ་སྒང་དང༌། སྨར་ཁམས་སྒང་དང༌། སྤོ་འབོར་སྒང་དང༌། དམར་རྫ་སྒང་དང༌། མི་ཉག་རྭ་བ་སྒང་སྟེ་སྨད་ཀྱི་མདོ་ཁམས་
เล่ม ๒๑๓ · หน้า 275b
སྒང་དྲུག་ནི་བོད་ཆེན་པོའི་རྒྱལ་ཁམས་སུ་གྲགས་པ་ལས། ཟལ་མོ་སྒང་དང༌། ཡང་ཚེ་རིང་གནམ་གྱི་མཐོངས་ནས་བསྐོས་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཇིང་གིར་གན་གྱིས། ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པ་ལ་དབང་ཡོན་
རིམ་པ་གསུམ་ཕུལ་བའི་དང་པོ་ལ་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང༌། བར་པ་ལ་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱིས་གཙོས་པའི་བོད་ཆོལ་ཁ་གསུམ་ཕུལ་བ་དང༌། རྗེས་མ་ལ་བླ་མའི་བཀའ་བཞིན་དུ་རྒྱའི་མི་ཡུར་ཆེན་པོ་ཕུལ་བ་ལས། བར་པ་ཆོལ་ཁ་གསུམ་ཞེས་བྱ་བའི་ཐ་སྙད་
གདགས་གཞི་ཡང༌། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོའི་བར་ལ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང༌། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པའི་བར་ལ་མདོ་སྟོད་མགོ་ནག་མིའི་ཆོལ་ཁ་དང༌། རྨ་ཆུ་ཁུག་པ་ནས་རྒྱ་མཆོད་རྟེན་དཀར་པོའི་བར་ལ་མདོ་སྨད་གེར་ལིང་རྟའི་ཆོལ་ཁ་སྟེ་
གསུམ་པོ་འདི་ལ་ཞིང་གཅིག་ཏུ་བརྩིས་པ་ཡིན་ཏེ། དེའང་ཧོར་སེ་ཆེན་རྒྱལ་པོའི་མངའ་འོག་ཏུ་ཞིང་བཅུ་གཅིག་ཡོད་པ་ལས། འདིར་ཆོལ་ཁ་གསུམ་དུ་ཞིང་གཅིག་ཅུང་ཟད་མ་ལང་ནའང༌། བླ་མ་བཞུགས་པའི་གནས་ཡིན་པ་དང་བསྟན་པ་དར་བའི་གནས་ཡིན་པས་གཞན་ལས་ཁྱད་པར་
འཕགས་པར་དགོངས་ནས་ཞིང་གཅིག་ཏུ་བརྩིས་ནས་ཕུལ་བར་གྲགས་སོ། །དེ་ལྟར་ཇི་སྐད་བཤད་པའི་ཆོལ་ཁ་གསུམ་ལས་ཆོལ་ཁ་ཕྱི་མ་བོད་དང་བོད་ཆེན་པོ་གཉིས་ལས། བོད་ཆེན་པོར་གྲགས་པའི་སའི་ཐིག་ལེ་གང་ཡིན་པ་སྟེ། དེའང་འདི་ལྟར་གང་དག་འདས་པ་དང༌། མ་བྱོན་
པ་དང༌། ད་ལྟར་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བྱོན་པ་དང༌། འབྱོན་པར་འགྱུར་བ་ཐམས་ཅད་ཀྱང་ཡིད་ཀྱི་སྲུབ་ཤིང་དཔུང་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་གོ་འཕང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་བགྱིད་
པ་དང་བགྱི་བར་འགྱུར་བ། དུས་དང་གནས་སྐབས་ཐམས་ཅད་དུ་ཡང་མི་ཤིགས་རྡོ་རྗེ་ཆེན་པོའི་ཁམས་སུ་བྱིན་གྱིས་བརླབས་པའི་གནས། གླིང་རྣམས་ཀྱི་ནང་ནས་ཆེས་ཁྱད་པར་དུ་འཕགས་པ། ཛམྦུ་རྐང་འཐུང་གི་རྒྱལ་མཚན་གྱིས་ཉེ་བར་སྤུད་ཅིང༌། ཤིང་དེའི་འབྲས་བུ་ལེགས་པར་
เล่ม ๒๑๓ · หน้า 276a
སྨིན་པ་ཆུར་ལྷུང་བའི་སྒྲ་ལས་ཉེ་བར་དྲངས་ཏེ། ཛམྦུ་གླིང་ཞེས་བྱ་བའི་ཡུལ་དབུས་གྱུར་འཆང་གི་ལྟེ་བ་འཕགས་ཡུལ་རྡོ་རྗེའི་གདན་ནོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོའི་ཕྱོགས་སུ་དཔག་ཚད་བརྒྱ་ཕྲག་གཅིག་གཞལ་བའི་ནོར་འཛིན་དགའ་མའི་བཞིན་གྱི་དཀྱིལ་འཁོར་
རྣམ་པར་ཡངས་པ་ག་ལ་བར། ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པ་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་རྩལ་མ་ལུས་པ་རྫོགས་པར་གྱུར་ཀྱང༌། དུས་འདིར་འགྲོ་བ་ཐུན་མོང་བ་དག་གི་སྣང་ངོ་རུ། དཔེར་ན་ནམ་མཁའ་དྭངས་པའི་
དུས་ཀྱི་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་མ་གཡོས་བཞིན་དུ། ཆུའི་སྣོད་ཆེ་ཆུང་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་གཟུགས་བརྙན་འགོག་པ་མེད་པར་སྟོན་པ་དེ་བཞིན་དུ་འཕགས་པ་རིགས་གསུམ་མགོན་པོའི་རྣམ་པར་འཕྲུལ་པའི་སྒྱུ་འཕྲུལ་གྱི་རོལ་རྩེད། འོད་གསལ་ལྷའི་
རིགས་ཀྱི་ཤིང་སཱ་ལ་ཆེན་པོའི་པང་པར་རྒྱུན་མི་ཆད་པ་ཉིད་དུ་སྐྱེ་བ་ལེན་ཅིང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུགས་མཆོག་དྲི་མ་དང་བྲལ་བ་གང་དག་བཞུགས་པ་མ་ལུས་པ་ལེགས་པར་བཟུང་ནས། མཁས་པའི་ཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས། ཕྱོགས་ཀྱི་དཀྱིལ་འཁོར་མ་
ལུས་པ་ཡང་དག་པའི་འབྱོར་པ་བླ་ན་མེད་པས་སྣང་བར་བྱེད་དོ། །རབ་ཏུ་སྣང་བར་བྱེད་དོ། །ཀུན་དུ་རབ་ཏུ་སྣང་བར་བྱེད་ཅིང་བྱིན་གྱིས་བརླབས་པའི་གདན་ས་ཆེན་པོ་དཔལ་ས་སྐྱའི་དགོན་པ་ཞེས་ཡོངས་སུ་གྲགས་པ། མཁས་ཤིང་གྲུབ་པའི་ས་ལ་གནས་པ་གྲངས་མེད་པའི་བསྟི་གནས་
སུ་གྱུར་པའི་བོད་ཡུལ་དབུས་ཀྱི་རྡོ་རྗེའི་གདན་ཆེན་པོ། འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་ཆེན་པོའི་ཞབས་ཀྱིས། སེམས་ཅན་རྒྱ་མཚོའི་ཁམས་སུ་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་གཟིགས་ནས་
བདག་གི་སྐལ་བ་དང་ལྡན་པའི་གདུལ་བྱ་སུ་ཞིག་ནི་ཡོངས་སུ་སྨིན་པར་བགྱི། སུ་ཞིག་ནི་རྣམ་པར་གྲོལ་བའི་ལམ་དུ་བཀྲི་བར་བགྱི། སུ་ཞིག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བགྱི། སུ་ཞིག་ནི་སེམས་ཅན་གྱི་དོན་དུ་བསྐུལ་བར་བགྱི་སྙམ་པ་རྩེ་གཅིག་ཏུ་དགོངས་ཏེ། སྐུ་དངོས་
เล่ม ๒๑๓ · หน้า 276b
སུ་བྱོན་ནས་གདན་ས་ཆེན་པོ་དེ་ཉིད་དུ་ཕེབས་པ་ན། དེར་ལེགས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་འཛོམ་པར་བརྟེན། ས་འདི་ཐམས་ཅད་ང་ལ་དབང་བ་ཡིན་ནོ་ཞེས་གསུངས་ཤིང་བདག་གིར་མཛད་ཅིང་བྱིན་གྱིས་བརླབས་པའི་གནས་དེ་ཉིད། ལྷ་དང་བཅས་པའི་སྐྱེ་དགུ་མ་ལུས་པའི་
མཆོད་སྡོང་ཕུལ་དུ་བྱུང་བའི་རང་བཞིན་དུ་བཞུགས་སོ། །སླར་ཡང་གདན་ས་ཆེན་པོ་དེ་ཉིད་ནས་ཀྱང༌། མེ་ལྷའི་མཚམས་སུ་ཞག་གི་ཕུང་པོ་གསུམ་ཙམ་ཞིག་བསྐལ་བ་ན། འཆི་བ་མེད་པའི་ཡུལ་གྱི་དུམ་བུ་མིའི་ཡུལ་ན་འཕོས་པ་ལྟ་བུའི་ངོ་མཚར་དང་ལྡན་པའི་ནོར་འཛིན་མའི་ཆ་
གླིང་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ཡོད་དོ། །དེ་ཡང་ཆུ་བོ་ཆེན་པོ་བཞི་ལས་འབྲི་ཞེས་བྱ་བའི་ཆུ་ཀླུང་གསེར་དང་ལྡན་པའི་རྒྱུན་ཆེན་པོ་དང༌། ཤར་ཟླའི་ཆུ་ཀླུང་ཆེན་པོ་གཉིས་ནོར་རྒྱས་ཀྱི་བུ་སའི་སྟེང་ན་གྱ་གྱུར་འཕྱན་ཞིང་དལ་གྱིས་འོངས་པ་ན། སླར་ཡང་རྒྱ་མཚོ་ཆེན་པོའི་རང་གནས་
རྗེས་སུ་དྲན་ཏེ་དེ་ཉིད་དུ་འཇུག་པ་བཞིན་དུ་དལ་གྱིས་འབབ་པའི་བར་ན་ཆུད་ཅིང༌། ཡུལ་གྱི་དགེ་བཅུ་དང་བཀྲ་ཤིས་པའི་ལྟས་བཟང་ཐམས་ཅད་མ་ཚང་བ་མེད་པ་ཞིག་སྟེ། ཇི་སྐད་དུ། ཞིང་ས་ཁང་ས་ས་ཡི་དགེ །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ །འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ །ཁང་
ཤིང་བུད་ཤིང་ཤིང་གི་དགེ །གམ་འབྲོག་རྐྱང་འབྲོག་རྩྭ་ཡི་དགེ །ཞེས་བཤད་པ་ལྟ་བུའི་ཡུལ་གྱི་དགེ་བཅུ་དང༌། ཁྱད་པར་ས་ཕྱོགས་འདིར་མཁས་པ་དང་བཙུན་པ་དང་གྲུབ་པའི་དབང་ཕྱུག་གི་ས་ལ་གནས་པའི་བསྟན་འཛིན་གྱི་སྐྱེས་བུ་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་མང་པོའི་ཞབས་
ཀྱི་འཁོར་ལོས་བཅགས་ཤིང་བྱིན་གྱིས་བརླབས་པ་དང༌། ས་སྐྱོང་ཆེན་པོ་ཡབ་མེས་སྲས་དང་བཅས་པ་རྣམས་ཀྱིས་སྔོན་གྱི་བསྐལ་པར་ལེགས་བྱས་རྒྱ་མཚོ་ལྟ་བུ་བསགས་པའི་མཐུ་དང༌། དགེ་བ་བཅུ་དང་མཐུན་པའི་བཀའ་ཁྲིམས་ཀྱིས་ཆབ་འབངས་ཐམས་ཅད་ཆོས་བཞིན་དུ་བསྐྱངས་པ་
དང༌། འགྲོ་བ་རྒྱ་མཚོའི་ཚོགས་རྣམས་ཀྱང་མི་དགེ་བའི་ལས་རྔམ་ཆེན་བསགས་པ་ཉུང་ཞིང༌། སྤྱི་མཐུན་དུ་དགེ་བའི་རྩ་བ་བསགས་པའི་སྟོབས་བདོ་བར་གྱུར་པའི་བདག་པོའི་འབྲས་བུ་ལེགས་པར་སྨིན་པའི་ས་ཕྱོགས་ཕུན་སུམ་ཚོགས་པ་ཞིག་ཏུ་གདོན་མི་ཟ་སྟེ། གཞན་དུ་ན་མི་དགེ་བ་སྤྱད་
เล่ม ๒๑๓ · หน้า 277a
པའི་བདག་པོའི་འབྲས་བུར། རིན་ཆེན་ཕྲེང་བར། ས་གཞི་གཟི་ཆུང་ས་ཆར་མང༌། །རྡུལ་འཁྲིགས་དྲི་ང་མཐོ་དམའ་ཅན། །ཚ་སྒོ་ཅན་དང་དུས་ལོག་དང༌། །འབྲས་བུ་ཕྲ་ཁ་ཆུང་ངུའང་མེད། །ཅེས་གསུངས་ཤིང་དགེ་བ་སྤྱད་པའི་འབྲས་བུ་ནི་དེ་ལས་ལྡོག་སྟེ་འབྱུང་བར་
གསུངས་པ་བཞིན་དུ། ལྗོངས་འདིའི་འཛིན་མའི་དཀྱིལ་འཁོར་གྱི་ཐ་གྲུ་རྣམ་པར་ཡངས་པ་དང༌། གཟི་ཆེ་ཞིང་སྣུམ་བག་དང་ལྡན་པ། དམ་པའི་ཆོས་དང་སྲིད་ཀྱི་གཙུག་ལག་རབ་འབྱམས་ཀྱི་ལོངས་སྤྱོད་དང་དགེ་ལེགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཚུལ་དུ་འབྱུང་བའི་སྒོ་ཆེན་པོ་
ཅིག་ཏུ་ངེས་པའི་ཕྱིར་རོ། །ཁྱད་པར་ཡུལ་ཕྱོགས་འདི་ན་དགེ་ཞིང་བཀྲ་ཤིས་པའི་རྟགས་དང་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་དགེ་ལེགས་ཀྱི་ལྟས་བཟང་ཐམས་ཅད་རང་བྱུང་དུ་གྲུབ་པ་ཡོད་དོ། །དེའང་འདི་ལྟར་སྔོན་གྱི་བསྐལ་པར་བྱུང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་ལེགས་
བྱས་ཀྱི་བགོ་སྐལ་དུ་ཐོབ་པའི་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང༌། བསོད་ནམས་བརྒྱ་པའི་གཟུགས་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ལ་ཡོངས་སུ་ཚང་བའི་བཀྲ་ཤིས་ཀྱི་རྟགས་རྣམ་པ་བརྒྱད་དེ། དེ་དག་གི་གཟུགས་བརྙན་ཅི་རིགས་
པ་རྣམས་ཀྱང༌། ལྗོངས་འདིའི་ཕྱོགས་ཀྱི་འཁོར་ལོ་ཀུན་ཏུ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཚང་སྟེ། དེ་ཡང་ཇི་ལྟར་ཞེ་ན་ཆོས་དང་སྲིད་པའི་དགེ་ལེགས་དང་དཔལ་འབྱོར་གྱིས་བསྡུས་པའི་སྡེ་བཞིའི་འབྲས་བུ་ཕུན་སུམ་ཚོགས་པ་དག་གི་འབྱོར་པ་མ་ཚང་བ་མེད་པས་མངོན་པར་གཏམས་པའི་
ངོ་མཚར་འཛད་པ་མེད་པའི་ཕུང་པོ་མ་ལུས་པ་ཡོངས་སུ་ཆུད་པར་དཀའ་བའི་དོགས་པ་མང་པོས་ཡིད་ཀྱི་དབང་པོ་ཀུན་ནས་བསླངས་ཏེ། གསེར་ལྡན་དགའ་མ་རང་གི་ལུས་འདི་པདྨ་འདབ་མ་བརྒྱད་པ་ཤིན་ཏུ་རྒྱས་ཤིང་རྣམ་པར་ཡངས་པའི་དཀྱིལ་འཁོར་ཆེན་པོ་ཉིད་དུ་སྤྲུལ་པ་སྙམ་བྱེད་པའི་
ས་གཞིའི་ཁྱོན་ཐམས་ཅད་ཐ་གྲུ་རྣམ་པར་ཡངས་ཤིང༌། ཕྱོགས་ཐམས་ཅད་ནས་ཁོད་མི་སྙོམས་པ་མེད་པ། སེམས་ཅན་ཀུན་གྱི་ཉེར་འཚོའི་གཞིར་གྱུར་པ་ནི། འདི་ལྟ་སྟེ། ས་གཞི་གང་ལས་རིན་པོ་ཆེ་གསེར་དང༌། དངུལ་དང༌། བཻ་ཌཱུརྻ་དང༌། དུང་དང༌། མན་ཤེལ་ལ་སོགས་པའི་རིན་པོ་ཆེ་དུ་
เล่ม ๒๑๓ · หน้า 277b
མའི་འབྱུང་གནས་སུ་གྱུར་པ། འབྲུའི་རིགས་སུ་གྱུར་པ་སོ་བ་དང༌། ནས་དང༌། གྲོ་དང༌། སྲན་མ་དང༌། ཏིལ་དང༌། ཡུངས་ཀར་ལ་སོགས་པ་ཆེད་དུ་བཏབ་པ་དང༌། ཆེད་དུ་བཏབ་པ་མ་ཡིན་པར་འཁྲུངས་པའི་ལོ་ཐོག་དང་སྙེ་མ་དང༌། འབྲས་བུ་ལ་སོགས་པ་བཟའ་བ་དང་བཅའ་བའི་རིགས་
རྣམ་པ་སྣ་ཚོགས་པ་དག་སྐྱེ་ཞིང༌། སྐྱེས་པ་དེ་རྣམས་ཀྱང་རང་རང་གི་དྲི་དང་རོ་དང་ནུས་པ་དང༌། བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་མང་པོ་རང་དབང་དུ་འབྱུང་བའི་ས་གཞི་རིན་པོ་ཆེ་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་བ་དེ་ལྟ་བུ་དག་ཡོད་དོ། །ཇི་སྐད་བཤད་པའི་ས་གཞི་རིན་པོ་ཆེ་གང་ལ་
བརྟེན་ནས་ཕྱོགས་དང་ཕྱོགས་བྲལ་གྱི་ཁོ་ར་ཁོར་ཡུག་རྣམས་སུ་རི་བོའི་ཕྲེང་བ་མཛེས་ཤིང་ལྟ་ན་སྡུག་པ། དབྱིབས་ལེགས་པ་མཚར་དུ་དངར་བ་དག་ཡོད་དེ། དེའང་འདི་ལྟར་ལྷའི་ནོར་བུ་རིན་པོ་ཆེ་རྒྱུ་བཻ་ཌཱུརྻའི་རང་བཞིན་ལས་གྲུབ་པ། དཔག་ཚད་གཅིག་གི་ཁོར་ཡུག་ཏུ་སྣང་བའི་འོད་ཟེར་གྱི་དྲྭ་བ་དཀྲིགས་
པ། རྣམ་པ་ཟུར་བརྒྱད་དང་ལྡན་པ་གང་ལས་ཇི་ལྟར་འདོད་པའི་དགོས་འདོད་ཐམས་ཅད་འབད་པ་མེད་པར་འབྱུང་བ་དེ་གཅིག་པུའི་རྣམ་པའམ། དེ་ལྟ་བུ་མང་དུ་བརྩེགས་ཤིང་ཕྱུར་བུར་སྤུངས་པ་དང་འདྲ་བའི་སྤང་རི་དང༌། ནགས་རི་དང༌། བྲག་རི་བརྩེགས་མར་ཡོད་པ་རྣམས་ནི། རིན་པོ་ཆེ་མར་
ཀ་ཏི་དང༌། ཨནྡ་རྙིལ་དང༌། མཐོན་ཀ་དང༌། མཐོན་ཀ་ཆེན་པོའི་ཁ་དོག་གི་དཔལ་ལ་ཅུང་ཟད་སྡང་བ་སྙམ་བྱེད་པའི་རྩྭ་སྔོན་པོ་གསར་པར་སྐྱེས་པ་དང༌། ལྡུམ་བུ་དང༌། ལོ་འདབ་དང༌། མྱུ་གུ་གཞོན་ནུའི་ཚོགས་སྟུག་པོར་སྐྱེས་པ། དེ་དག་གི་རོ་དང་ནུས་པས་རྟ་དང་ཕྱུགས་ཀྱི་རིགས་དང༌། རི་དྭགས་
ཀྱི་རིགས་རྣམ་པ་སྣ་ཚོགས་པ་དག་གིས་སྲོག་གི་དབང་པོ་ཡོངས་སུ་བསྲུང་བ་དང༌། ཡིད་ལ་རེ་བའི་ཤིང་རྟ་ཐམས་ཅད་འགེངས་པར་བྱེད་པའི་ཡོན་ཏན་དང་ལྡན་པའོ། །གཞན་ཁ་ཅིག་ན་ནི་བུད་མེད་རིན་པོ་ཆེ་མཛེས་ཤིང་ལྟ་ན་སྡུག་པ། དེའི་ལུས་ལ་ལྷའི་གོས་དང༌། ལྷའི་ནོར་བུ་རིན་པོ་ཆེ་བཻ་ཌཱུརྻ་
དང༌། ཨིནྡྲ་ནཱི་ལ་དང༌། མུ་ཏིག་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་ལས་སིལ་ཁྲོལ་གྱི་སྒྲ་སྙན་པར་འབྱིན་ཅིང༌། སྔོ་བསངས་སྒྲའི་ལན་བུ་མཛེས་པ་གཡོ་བ་དང་འདྲ་བའི་སྐྱེད་མོས་ཚལ་དང༌། སྨན་ལྗོངས་དང༌། ནགས་ཚལ་
เล่ม ๒๑๓ · หน้า 278a
སྟུག་པོ་རྣམས་ཏེ། དེ་དག་ནི་སྤང་ལྗང་མརྒད་ཀྱི་ཁ་དོག་འཛིན་པའི་རྩི་ཤིང་དང༌། ལོ་འདབ་དང༌། ལྡུམ་བུའི་ཚོགས་མང་པོ་སྐྱེས་པ། ཨུཏྤལ་ལ་སོགས་པའི་མེ་ཏོག་རྣམ་པ་སྣ་ཚོགས་པ་བཀྲ་བས་མཛེས་པར་བྱས་པ། རྩི་སྨན་གྱི་བྱེ་བྲག་མང་པོ་རོ་དང་བཅུད་དང་དྲི་ཞིམ་པོ་མཆོག་
ཏུ་རྒྱས་པའི་ཚོགས་ཀྱིས་ཡོངས་སུ་ཁེབས་པར་སྐྱེས་པ་དག་ལ་སེར་བུ་བསིལ་ཞིང་ཡིད་དུ་འོང་བ་ལངས་པ་དག་གིས་བསྣུན་པ་ན་རྔ་ཡབ་ལྟར་གཡོབ་ཅིང༌། དེ་དག་གི་དྲི་ཞིམ་པོ་རྣམས་རིང་དུ་ཁྱེར་བ། དེའི་ཡོན་ཏན་དང་རོ་བཅུད་བཟང་པོ་དག་རྗེས་སུ་དྲན་པའི་བུང་པ་མང་པོ་དག་ཉེ་བར་ལྷགས་ནས་
མགྲིན་པའི་གླིང་བུ་རབ་ཏུ་སྙན་པའི་གླུར་བསྒྱུར་བ། གོས་བཟང་ལྟར་འཇམ་པའི་ལོ་མ་དང་ཀུ་སུ་མ་དང་འབྲས་བུ་གཡུར་དུ་ཟ་བས་དུད་པར་གྱུར་པའི་ལྗོན་ཤིང་གི་ནགས་ཚལ་རབ་ཏུ་འཁྲིགས་པ་རྣམས་ཀྱི་ཁྲོད་ན། སྤྲེའུ་རྣམས་ཀྱི་གར་བསྒྱུར་བ་དང༌། འདབ་ཆགས་ཀོ་ཀི་ལ་ལ་སོགས་པ་སྐད་
སྙན་པ་རྣམས་ཀྱི་རོལ་མོ་འཁྲོལ་བ་སྙམ་བྱེད་པ། ས་ཕྱོགས་ལ་ལར་ནི་དཔའ་ཞིང་མཛངས་པའི་བློན་པོ་རིན་པོ་ཆེ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ལ་དར་ལྗང་གུའི་སྨད་གཡོགས་དང༌། ཀཱ་ཤི་ཀའི་རས་ཀྱིས་སྟོད་གཡོགས་བྱས་པ། དབུ་ལ་དར་དཀར་པོ་དྲི་མ་མེད་པའི་ལ་ཐོད་བཅིངས་
པས་མཛེས་པར་བྱས་པ་དང་འདྲ་བའི་ཀེ་ལ་ཤའི་རི་བོའི་ཕྲེང་བ་རྣམས་ནི། བགྲོད་པས་དུབ་པའི་འགྲོན་པ་རྣམས་ཀྱི་ཚ་བའི་གདུང་བ་འཇིལ་བར་བྱེད་པའི་རླུང་གི་བསིལ་ཡབ་ཡིད་དུ་འོང་བ་དག་གཡོབ་པ་དང༌། དངུལ་ཆུའི་རེག་པ་ལྟར་བསིལ་བའི་ཆུ་གཙང་མའི་རྒྱུན་འབེབས་པ་ལ་བརྩོན་པ།
རེས་འགའ་ནི་ན་བུན་གསར་པ་ཡིད་དུ་འོང་བ་ལང་ལིང་འཁྲིགས་པའི་སྟོད་གཡོགས་ཀྱིས་བསྒྲིབ་པའི་ཐབས་ལ་བརྩོན་པར་བྱེད་དོ། །ཁ་ཅིག་ནི་སྐྱེ་བ་ལྔ་པའི་ཆོས་དུང་ཁ་དོག་དཀར་ཞིང་གཡས་སུ་འཁྱིལ་བ་ལ་སྟོང་འཁུན་གྱི་གན་མཛོད་ནས་འཕོས་པའི་དར་ལྗང་སེར་གྱི་ཤམ་བུར་འཕྱང་
བའི་བརྟུལ་ཞུགས་ལ་གནས་པ་ནི། གངས་ལྡན་གྱི་རི་བོ་རྣམས་རང་གི་ལང་ཚོ་དང་ཁ་དོག་རྒྱས་པས་ནོར་བུ་ཆུ་ཤེལ་དང༌། ཟླ་བ་དག་པ་དང༌། སྟོན་ཀའི་སྤྲིན་དཀར་བརྩེགས་པ་རྣམས་ཀྱི་མཛེས་སྡུག་དང་ངོ་མཚར་དག་ལ་ཅོ་འདྲིར་རྩོམ་པར་བྱེད་དོ། །སྐབས་ཁ་ཅིག་ཏུ་ནི་རིན་པོ་ཆེའི་
เล่ม ๒๑๓ · หน้า 278b
གདུགས་མཆོག་དྲི་མ་མེད་པ་དབྱིབས་ལེགས་པ་ལྟ་ན་སྡུག་པ། རིན་པོ་ཆེའི་ཏོག་གི་འོད་ཟེར་འཕྲོ་བ། ཁོར་ཡུག་ཀུན་དུ་རིན་པོ་ཆེའི་རྒྱན་གྱི་དྲྭ་བ་དང་དྲྭ་བ་ཕྱེད་པ་རྣམ་པར་དཔྱངས་པ་གང་ཞིག །གསེར་ལྡན་དགའ་མ་རང་གི་ལུས་ལ་དྲོད་ཀྱི་གདུང་བ་རྒྱས་པ་གང་དག་འཕྲོག་པར་བྱེད་པའི་ཆེད་དུ། བླ་
མ་ཉིད་ན་ལེགས་པར་ཕུབ་པ་ལྟ་བུའི་རིན་པོ་ཆེའི་ལྷུན་པོ། མེ་ཏོག་གི་རིགས་རྣམ་པ་མང་པོ་གཅལ་དུ་བཀྲམ་པ་ལྟར་སྐྱེས་པ་ལྷུན་ཆགས་ཤིང་ཀུན་ནས་ཟླུམ་པོར་གྱུར་པ་ཤིན་ཏུ་མཐོ་བས། ཕྲག་པ་ན་ནོར་བུ་ཆུ་ཤེལ་གྱི་དབང་པོ་འཆར་ཞིང༌། ནོར་བུ་ཆུ་ཤེལ་གྱི་འོད་ཟེར་རིང་པོའི་ལམ་དུ་སྣང་བས།
ཚ་བའི་གདུང་བ་མཐའ་དག་བསིལ་བར་བྱེད་པ་དག་ཡོད་དོ། །དེ་ལས་གཞན་པའི་ཕྱོགས་འགའ་ཞིག་ན་ནི། དཔེར་ན་གཉིས་འཐུང་གི་དབང་པོ་འདུལ་མཁན་མཁས་པའི་ཐབས་ཀྱིས་དུལ་བར་བྱས་པ། གསེར་གྱི་དྲྭ་བ་དང༌། གསེར་གྱི་པདྨ་དང༌། ནོར་བུ་དང༌། མུ་ཏིག་གི་ཚོམ་བུ་ཅན་གྱི་
ཆུན་འཕྱང་གིས་མཛེས་པར་བྱས་པ་ལ་འདོད་པའི་ཡོན་ཏན་མི་དམན་པའི་ཁུར་དང་ལྡན་པ་གང་དག །བདག་པོ་ལ་འདུད་ཅིང་བག་ཕེབས་པར་གནས་པའི་རྣམ་པ་དང་རྗེས་སུ་མཐུན་པའི་རི་བོ་འགའ་ཞིག་བརྗིད་ཅིང་ལྷུན་ཆགས་པ། རྒྱབ་དང་སྤྱི་བོ་མཐོ་ཞིང་སྣ་ལག་ལེགས་པར་བརྐྱངས་པ་
ལ་སོགས་པའི་རྣམ་པ་དང་ལྡན་པ། དེའི་ངོས་ལོགས་ཀྱི་སྐབས་རྣམས་སུ། གྲོང་དང༌། གྲོང་ཁྱེར་དང༌། སྤྱིལ་བུ་དང༌། བྱ་སྐྱིབས་དང༌། ནགས་ཚང་ཚིང་དང༌། མེ་ཏོག་རྣམ་པ་སྣ་ཚོགས་པས་ཀུན་ནས་བཀྲ་བར་གྱུར་པའི་སྐྱེད་ཚལ་ཡི་གར་འོང་བ་ཅན་དང་ལྡན་པ་མང་པོ་ཁོར་ཡུག་
ཏུ་འཁོད་པ། ལོགས་འགའ་ཞིག་ན་ནི་དཔའ་ཞིང་རྟུལ་ཕོད་པའི་དམག་མི་རིན་པོ་ཆེ་སྟོབས་དང་ཁོ་ལག་ཡོངས་སུ་རྫོགས་པ་ཡ་ལད་བགོས་ནས་རལ་གྲི་དང༌། ཤགྟི་དང༌། རུ་མཚོན་རྣོན་པོ་ལ་སོགས་པ་ལག་ཆར་བསྲེལ་ཞིང༌། མཐུན་པའི་ཕྱོགས་དང་ལེགས་པའི་ཕྱོགས་རྣམས་ལ་
རྟག་ཏུ་ཐོ་བཙམ་ཞིང་བསྡོ་བའི་དགྲ་བོ་རྣམས་ནི་སྐད་ཅིག་ཙམ་གྱི་ཡུན་དུ་གསོན་པར་གནས་སུ་ཅི་ཞིག་རུང་ཞེས་འཇིགས་པའི་ང་རོ་དང་བཅས་ཏེ། ཁོང་ནས་འཁྲུགས་པའི་བ་སྤུ་རྣམ་པར་གཟིངས་པ་དང་འདྲ་བའི་བྲག་རི་རྡོ་རྗེའི་རང་བཞིན་དུ་བརྩེགས་པ། འཇིགས་ཤིང་སྐྱི་གཡའ་བ། འབྱུང་
เล่ม ๒๑๓ · หน้า 279a
པོའི་འདབ་ཆགས་མང་པོས་མི་སྙན་པའི་གདངས་ཀྱི་ང་རོ་མཐོན་པོར་སྒྲོགས་པ་ལ་སོགས་པ་མི་སྡུག་པའི་ཉམས་ཀྱི་ཁྱད་པར་ཅི་ཡང་སྟོན་པའི་རྭ་བས་བསྐོར་བ། དེ་དག་ཏུ་སྐྱེས་པའི་ཚེར་མ་ཅན་གྱི་ལྗོན་པའི་ནགས་རུམ་སྟུག་པོ་རྣམས་ནི། ཡལ་གའི་ལག་པ་འཁྱོག་
པོ་དག་བརྐྱངས་ནས་གཡུལ་གྱི་དགའ་སྟོན་ལ་ཆགས་པ་ལྟར་འཁོད་པ། དེ་དག་དང་ངང་ཚུལ་མཐུན་པའི་སྟག་དང༌། གཟིག་དང༌། དོམ་དང༌། དྲེད་དང༌། གསའ་དང༌། ཛམྦུ་ཀ་ལ་སོགས་པའི་སྲོག་ཆགས་མཆེ་བའི་མཚོན་ཆ་དང་ལྡན་པ་མང་པོས་རྒྱུ་འགྲུལ་བྱེད་པ། ངང་ཚུལ་དེ་
ལས་ལྡོག་པའི་བྲག་རི་འགའ་ཞིག་དག་ནི། དཔེར་ན་རིན་པོ་ཆེའི་རྒྱལ་མཚན་མཐོ་ཞིང་ལྟ་ན་སྡུག་པ། ཀཽ་ཤམྦཱིའི་རས་སམ། ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ། ཁ་དོག་མི་འདྲ་བ་མང་པོ་བརྩེགས་པའི་ལྷབ་ལྷུབ་ཁོར་ཡུག་ཏུ་དཔྱངས་པ། དེ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་ཟེར་
སྟོང་གི་དྲྭ་བ་དཀྲིགས་པའི་དཔལ་དང་ལྡན་པ་གང་ཞིག །མཐུན་པ་མ་ཡིན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་དགའ་སྟོན་གྱི་རྒྱན་དུ་བསླངས་པ་ཇི་ལྟ་བ་དེ་ལྟར་གནས་པའི་བྲག་རི་དང༌། ནགས་རི་དང༌། སྤང་རི་དང༌། ཀཻ་ལ་ཤའི་རི་རྣམས་གད་པ་བང་རིམ་གྱི་རྣམ་པར་བརྩེགས་པ་དེ་ཉིད་
ཀྱིས་ནམ་མཁའ་འབིགས་བྱེད་ཀྱི་རི་བོའི་ཁེངས་པ་ཡང་ཐུང་ངུར་བྱེད་པའི་རང་བཞིན་ཅན་ཏེ། དེའི་ཕྲག་ན་ནི་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཡང་ངལ་བསོར་སྤྱོད་པས་ཕྱོགས་ཀྱི་མཚན་མ་དག་ཀྱང་མ་འཁྲུལ་བར་སྟོན་པར་བྱེད་དོ། །ཕྱོགས་མཚམས་ཐ་དད་པ་མང་པོ་ན་ནི། རྟ་མཆོག་རིན་
པོ་ཆེའི་ཁ་དོག་རྨ་བྱའི་མགྲིན་པ་ལྟར་རབ་ཏུ་སྔོ་བ། གང་དག་མུཀྟི་ཀའི་སྒ་སྲབ་དང་རྒྱན་གྱི་རྣམ་པ་མང་པོས་སྤྲས་པའི་དྲིལ་ཆུང་གི་ཕྲེང་བ་རྣམས་ནི་ཕན་ཚུན་འཐབ་པའི་ཁ་ནས་སྒྲ་སྙན་པར་འཁྲོལ་བ་དང་ཆབ་ཅིག་ཏུ་དྲི་གཞོན་གྱི་འཚུབས་མའམ། གློག་གི་གྱ་གྱུ་ལའང་སྨ་འབེབས་སྟེར་བའི་གོམ་
སྟབས་སྟོང་དུ་བསྒྱུར་བ་ལ་མི་མཁས་པ་མེད་པ་དེ་བཞིན་དུ། ཆུ་ཀླུང་དང༌། ཆུ་ཕྲན་དང༌། འབབ་ཆུ་དང༌། གཙང་ཆབ་བསིལ་མའི་རྒྱུན་གཙང་མ་དྭངས་ཤིང་དྲི་མ་མེད་པ་མང་པོ་རྟག་པར་གཞོལ་ཞིང་འབབ། ཁ་ཅིག་ནི་དུས་སུ་བབ་སྟེ། དེ་དག་ལས་མང་པོ་ཞིག་ནི་སྐྱེས་བུ་ཆེན་པོ་མཚན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด