སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) བརྞཱརྷ་བརྞ་བྷ་ག་བ་ཏོ་བུདྡྷཱ་སྟོ་ཏྲ་ཨ་ཤཱཀྱ་སྟ་བ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑ · หน้า 84a

༄༅༅། །རྒྱ་གར་སྐད་དུ། བརྞཱརྷ་བརྞ་བྷ་ག་བ་ཏོ་བུདྡྷཱ་སྟོ་ཏྲ་ཨ་ཤཱཀྱ་སྟ་བ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་

เล่ม ๑ · หน้า 84b

ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞིང་དང་ཞིང་མིན་མ་འཚལ་ཏེ། །སྒྲ་ཙམ་གྱི་ནི་རྗེས་འབྲངས་ནས། །བདག་གིས་ནོངས་ཏེ་སྔོན་ཆད་ནི། །བསྔགས་མིན་བསྔགས་པ་

བརྗོད་པ་གང་། །ངག་གི་འདམ་གྱིས་གོས་པ་དེ། །ཐུབ་པ་བསོད་ནམས་འབབ་ཀྱིས་སྟེགས། །བཞུད་པ་ཁྱོད་ལ་རྟེན་བཅས་ནས། །རབ་ཏུ་བཀྲུ་བ་འདི་བརྩམ་མོ། །འདི་ནི་བདག་གིས་མཆོག་ཚོགས་ལ། །གཏི་མུག་ལྡོངས་པས་ནོངས་བགྱིས་གང་། །སྡིག་པ་དེ་ཡི་ནོངས་པ་དག །སེལ་བར་

བགྱིད་པའི་བསང་བྱེད་ལགས། །བདག་ནི་མྱ་ངན་འདས་བར་དུ། །ཁྱོད་ཀྱི་གསུང་དང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་པ་གང་ལགས་པའི། །ཚིག་ལམ་གཉིས་ལས་ཉམས་མ་གྱུར། །གཏམ་འདི་ཙམ་ཞིག་སྙིང་པོར་བས། །དེ་ལས་གཞན་དོན་མ་མཆིས་པས། །སྨྲ་ན་འདི་ཉིད་སྨྲ་བར་

ཤོག །ཡང་ན་བདག་ནི་མི་སྨྲར་ཤོག །ཁྱོད་ཀྱི་ཆོས་ནི་ཁོ་ན་དང་། །ཁྱོད་མཉམ་ཁྱོད་ནི་ཉིད་ལ་མངའ། །དེ་སླད་ཆོས་གཞན་ཐམས་ཅད་ནི། །ཁྱོད་ལས་ཁྱད་དུ་ཁོར་མ་ལགས། །གལ་ཏེ་སངས་རྒྱས་ཆོས་རྣམས་ནི། །བསམ་པ་བགྱིས་ན་ཐམས་ཅད་ཀྱི། །ཕུལ་དུ་ཕྱིན་གྱུར་

དངོས་པོ་གཞན། །མི་གཙང་ཉིད་དང་འདྲ་བར་གྱུར། །ཁྱོད་འདྲ་འགའ་ཡང་མ་མཆིས་ན། །ལྷག་པ་ལྟ་ཞིག་སྨོས་ཅི་འཚལ། །ཁྱོད་པས་ཁྱད་པར་ཅུང་ཟད་ཀྱིས། །དམན་པ་ཙམ་ཡང་འགའ་མ་མཆིས། །འདྲེན་པ་ཁྱོད་ལ་གང་ཞིག་གིས། །དཔེར་བརྗོད་དཔེ་ནི་མ་མཆིས་པས། །

དཔེ་ཡི་གླགས་ནི་སྤངས་པའོ། །དཔེ་མེད་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ནི་གཞལ་ལས་ཕྱིར། །དེ་ལས་གཞན་པའི་གང་ཟག་ནི། །རྣམ་གྲོལ་འདྲ་བ་ཐོབ་རྣམས་ཀྱང་། །ཁྱོད་དང་ཁྱད་པར་ཤིན་ཏུ་ཆེ། །སྟོང་པ་ཙམ་དུ་འདྲ་སླད་དུ། །སུ་ཞིག་ཁྱད་པར་མ་འཚལ་ནས། །

བ་སྤུའི་བུ་ག་སྟོང་པ་ནི། །ཆུང་ངུ་ནམ་མཁའ་དག་དང་བསྒྲུན། །གྲངས་མེད་པ་ལ་སུ་ཞིག་བགྲང་། །ཚད་མེད་པ་ལ་སུ་ཞིག་འཇལ། །ཁྱོད་ཀྱི་ཡོན་ཏན་གྲངས་དང་ནི། །མཐུ་ལ་དཔོགས་པ་མ་མཆིས་སོ། །ཇི་ལྟར་དཔག་བསམ་ཤིང་གི་ཚལ། །འབྱམས་ཀླས་ནང་དུ་འཁྱམས་པ་ལྟར། །

เล่ม ๑ · หน้า 85a

བདག་ནི་ཁྱོད་ལ་ལེགས་སྤྱད་ཀྱིས། །ངོམས་མ་འཚལ་ཏེ་མཐའ་མི་རྟོགས། །ཡོན་ཏན་རྣམས་ཀྱི་ཡོན་ཏན་མཚོ། །ཁྱོད་ཀྱི་དེ་བཞིན་གཤེགས་ཆོས་རྣམས། །གལ་ཏེ་བསྟན་དུ་མཆིས་གྱུར་ན། །ནམ་མཁར་ཡང་ནི་ཤོང་མི་འགྱུར། །ཁྱོད་ཀྱི་མངོན་སུམ་བསྙེན་བཀུར་

བ། །སངས་རྒྱས་ཆོས་ཀྱི་སྡེ་དཔོན་པོ། །ཉན་ཐོས་ཀུན་གྱི་ཏོག་གྱུར་པ། །ཟབ་མོ་རྗེས་སུ་སྒྲོགས་པ་ལ། །ཀུན་མཁྱེན་ཉིད་ཕྱིར་བཅོམ་ལྡན་གྱིས། །རྨས་ན་མ་མཚལ་ཞེས་གསོལ་པས། །སངས་རྒྱས་ཆོས་ཀྱི་ཟབ་མོ་ཉིད། །བས་མ་འཚལ་བར་བཤད་པ་ལགས། །གལ་ཏེ་གཙོ་བོ་དེ་

དག་ཀྱང་། །ཁྱོད་ལ་ནུས་པ་རྡུགས་ལགས་ན། །བདག་འདྲ་སྲིད་པ་མི་གཙང་བའི། །སྲིན་བུས་བསམ་སྐབས་ག་ལ་མཆིས། །སཱ་ལའི་ཤིང་ཆེན་ཁྱོད་ཉིད་ཀྱི། །ཡོན་ཏན་ཡལ་ག་ཐུགས་བརྩེ་བས། །བཏུད་པ་རྣམས་ལ་སྐྱེ་བོ་འདི། །ཅུང་ཟད་འཇུ་བ་ཙམ་དུ་བས། །ཆར་སྤྲིན་ཚོགས་ནི་

ཆེན་པོ་ཡིས། །ཆར་གྱི་རྒྱུན་རྣམས་ཕབ་པ་ལས། །སོ་གའི་ཚ་བས་གདུངས་པ་ཡི། །ཁུག་རྟས་འཚལ་ནའང་ཅི་ཞིག་འཚལ། །མ་དྲོས་པ་ཡི་མཚོ་ལས་ནི། །ཆུ་བོ་ཆེན་པོ་བཞི་འབབ་ཀྱང་། །དེ་ཟད་བགྱིད་པར་མི་ནུས་ན། །གཞན་དག་འབབ་པས་སྨོས་ཅི་འཚལ། །རིན་ཆེན་འབྱུང་ཁུངས་

རྣམས་ཀྱིས་ནི། །འཇིག་རྟེན་རྒྱས་བགྱིས་པས་མ་འཚལ། །མགོན་ཁྱོད་ཡོན་ཏན་བརྗོད་པའང་། །བདག་ནི་དེ་འདྲ་ཁོ་ནར་སེམས། །བསྒྲིམས་ནས་ཁྱོད་ཀྱི་བསྟན་ཉིད་ལས། །ཡོན་ཏན་མེ་ཏོག་རྣམས་བཏུས་ཏེ། །རང་གི་མེ་ཏོག་དག་གིས་ནི། །ཤིང་བཞིན་ཁྱོད་ལ་མེ་ཏོག་གསོལ། །

རང་གི་དབྱིག་གི་འབྱུང་ཁུངས་བཞིན། །རང་གི་མཚོན་རྩིས་རི་ལྟ་བུར། །རང་གི་དྲི་ཡིས་ཙནྡན་བཞིན། །རང་གི་ཆུ་ཡིས་མཚོ་ལྟ་བུར། །རང་ལས་བྱུང་བའི་གསེར་ཉིད་ཀྱིས། །གསེར་འབྱུང་བ་ཡི་རིན་ཆེན་བཞིན། །ཁྱོད་བསྟན་ཉིད་ལས་བཏུས་པ་ཡི། །ཡོན་ཏན་རྣམས་ཀྱིས་ཁྱོད་མཆོད་

དོ། །ནམ་མཁའི་དཀྱིལ་ནས་ཟླ་འོད་ཐམས་ཅད་དུ། །འཕྲོས་པ་རིལ་གྱིས་འབབ་འགྱུར་པ་ཡིན་ལ། །ཟླ་འོད་ས་སྟེངས་བབ་པས་ཁ་ཕྱེ་ན། །མེ་ཏོག་ཀུ་མུ་ཏ་ཚལ་མི་རྒྱས་མིན། །དེ་བཞིན་ཡོན་ཏན་དཔག་མེད་ཆུ་ལྡན་པ། །རྒྱལ་བའི་བསྔགས་པ་རྒྱ་མཚོ་མཐའ་མེད་ལ། །དེ་ཡི་ཕྱོགས་

เล่ม ๑ · หน้า 85b

གཅིག་བརྗོད་པས་དད་ལྡན་པའི། །སྐྱེ་བོའང་འདོད་པའི་འབྲས་བུར་མི་ལྡན་མིན། །སངས་རྒྱས་བསྔགས་པ་བརྗོད་ཚིག་འབྲས་བུ་ཡོད། །སྐྱེ་བའི་ཟོང་བྲིན་བདེར་འགྱུར་གེགས་མེད་ལམ། །ཚངས་པའི་ཐེག་འགྱུར་དད་སོགས་ཡོན་ཏན་གྱི། །རྩ་བའི་སེར་རྨེ་དེ་ལ་སོགས་པ་ཡོད། །དབང་

པོ་རབ་ཏུ་དད་པར་གཞོལ་གྱུར་ཅིང་། །སངས་རྒྱས་བསྟོད་པའི་གཞུང་ལ་བརྩོན་པ་རྣམས། །སྐད་ཅིག་རེ་རེར་ཆོས་རྒྱུན་འབྱུང་བ་གང་། །ཀུན་མཁྱེན་མིན་པས་ཅུང་ཟད་བཟུང་མི་ནུས། །མཐུ་བདོག་མི་རྟག་པར་ཡང་ཞུགས་གྱུར་པ། །དལ་འབྱོར་འདི་ཡང་ཤིན་ཏུ་དཀའ་བ་ལས། །གང་

དག་ལས་འདི་ལ་ནི་མི་བརྩོན་པ། །དེ་ལས་བསླུས་པར་གྱུར་པ་གཞན་ཅི་ཡོད། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པ་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།། །།བཅོམ་ལྡན་ཁྱོད་ནི་ཞལ་བཞུགས་ཚེ། །བདག་ནི་

དད་དབང་གཞོལ་གྱུར་པ། །གང་སླད་ཐུགས་རྗེས་བརླན་པ་ཡི། །སངས་རྒྱས་སྤྱན་གྱིས་གཟིགས་མཛད་པ། །ཁྱོད་ཀྱི་ཐུགས་རྗེ་དེ་ཉིད་ནི། །ཡིད་ལ་མཆིས་པ་མངོན་བགྱིས་ནས། །ཕྱག་བགྱིར་འོས་པ་ཁྱོད་ལ་བདག །མངོན་སུམ་བཞིན་དུ་ཕྱག་འཚལ་ལོ། །ཀུན་མཁྱེན་མ་ལགས་གང་གིས་

ཀྱང་། །ཀུན་མཁྱེན་ཁྱོད་ཀོ་ཇི་ལྟར་རྟོགས། །བདག་ཉིད་ཆེ་རྒྱས་བདག་ཉིད་ཀྱིས། །མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །འདི་ལགས་འདི་འདྲའོ་ཞེས་བགྱིར་ཁྱོད། །བདག་འདྲ་བ་ཡི་ཡུལ་མ་ལགས། །གང་ལགས་གང་འདྲའང་མི་བསྔོ་སྟེ། །ཁྱོད་འདྲ་བ་ལ་ཕྱག་འཚལ་ལོ། །མགོན་

པོ་ཁྱོད་ནི་ཉིད་དང་འདྲ། །རྒྱལ་རྣམས་ཅི་འདྲ་ཁྱོད་དང་འདྲ། །གང་གཞན་འགའ་འང་མ་མཆིས་པ། །དེ་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ཁྱོད་ནི་ཉིད་ཀྱིས་མཁྱེན། །ཇི་ལྟར་ཁྱོད་ནི་ཁྱོད་འདྲས་མཁྱེན། །ཇི་ལྟར་ཁྱོད་གཞན་མ་འཚལ་བ། །དེ་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ཁྱོད་

ནི་བདག་ཉིད་ཀྱིས། །ཐུགས་རྗེ་སྟོབས་བཅུ་ལ་སོགས་ཀྱི། །ཡོན་ཏན་རྣམས་ཀྱིས་བསྒྲགས་མཛད་པ། །དེ་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །དེང་ནས་བཟུང་ནས་ཁྱོད་ཀྱི་ནི། །ཡོན་ཏན་འབྱུང་གནས་སྙིང་པོ་དག །དེ་ཉིད་ལས་ནི་མངོན་བཏུས་ནས། །ཅི་ནུས་ཁྱོད་ལ་ཕྱག་འཚལ་ལོ། །

เล่ม ๑ · หน้า 86a

དགྲ་བཅོམ་ཁྱོད་ལ་ཕྱག་འཚལ་འདུད། །མཆོད་འོས་ཁྱོད་ལ་ཕྱག་འཚལ་འདུད། །རིགས་པ་ཁྱོད་ལ་ཕྱག་འཚལ་འདུད། །ཁྱོད་ལ་འདུད་ཅིང་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་རིན་ཆེན་ཏེ། །རིན་ཆེན་ཆོས་ཀྱི་རང་བཞིན་ལགས། །དགེ་འདུན་རིན་ཆེན་འབྱུང་

གནས་ཏེ། །རིན་ཆེན་གསུམ་ཚོགས་ཁྱེད་ལ་འདུད། །མཆོད་འོས་ཁྱོད་ནི་རིན་ཆེན་ཏེ། །ཐུགས་ཀྱི་དགོངས་པའང་རིན་ཆེན་ལགས། །དམ་ཆོས་རིན་ཆེན་འབྱུང་གནས་ཏེ། །ཀུན་ནས་རིན་ཆེན་ཁྱོད་ལ་འདུད། །རིན་ཆེན་ཀུན་གྱི་མཆོག་གྱུར་པས། །རིན་ཆེན་ཐམས་ཅད་ཟིལ་གྱིས་གནོན། །རིན་

ཆེན་ཀུན་གྱི་འབྱུང་གནས་པ། །ཡང་དག་རིན་ཆེན་ཁྱོད་ལ་འདུད། །ཕྱག་འཚལ་རིན་ཆེན་ཐུགས་ཁྱོད་ལ། །ཕྱག་འཚལ་རིན་ཆེན་ཆོས་ཁྱོད་ལ། །ཕྱག་འཚལ་ཐམས་ཅད་རིན་ཆེན་ལ། །སྲིད་མེད་བསྒོམ་པ་གོམས་མཛད་པས། །ཐུབ་པ་ཀུན་གྱི་མཆོག་གྱུར་པ། །ཕྱག་བགྱིར་འོས་པའི་དགྲ་

བཅོམ་པ། །ཁྱོད་ལ་གུས་པར་ཕྱག་འཚལ་ལོ། །འགལ་བར་བགྱིས་པ་གང་ལགས་པ། །ཡང་དག་མཐའ་ལ་གནས་པ་པོ། །དགེ་སྦྱོང་གི་ནི་མཐར་ཕྱིན་པ། །བླ་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་ཕུན་ཚོགས་པས། །མཛེས་པ་གཞན་ཀུན་ཟིལ་གནོན་ཅིང་། །དུས་

རྣམས་ཀུན་ཏུ་དགའ་མཛད་པ། །སངས་རྒྱས་པདྨ་ཁྱོད་ལ་འདུད། །ཁ་དོག་བཟང་ལ་དྲི་ཞིམ་ཞིང་། །བལྟ་ན་སྡུག་ལ་མི་རིངས་པ། །རྫོགས་པའི་སངས་རྒྱས་པདྨ་དཀར། །ཁ་བྱེ་ཁྱོད་ལ་ཕྱག་འཚལ་ལོ། །བདེ་བའི་སྙིང་ཁུ་རབ་སྦྱངས་པ། །བཞེད་དགུར་རེག་པ་བརྙེས་པ་པོ། །སྐྱིད་པར་

བསྐྲུན་པའི་དགེ་སྦྱོང་ནི། །རབ་གཞོན་ཁྱོད་ལ་ཕྱག་འཚལ་ལོ། །འོ་བརྒྱལ་འབྲས་བུ་མཆིས་གྱུར་པས། །མཐར་ཕྱིན་མཐའ་དག་བརྙེས་ནས་ནི། །དམ་པ་གསུང་པར་དམ་བཅས་པའི། །དགེ་སྦྱོང་ཁྱོད་ལ་ཕྱག་འཚལ་ལོ། །ཚངས་སྤྱོད་བརྟེན་ཅིང་རིག་བྱེད་དང་། །རིག་བྱེད་ཀུན་གྱི་

ཡན་ལག་མཁྱེན། །རིག་དང་ཞབས་ཀྱིས་བསངས་པ་ཡི། །ཚངས་པ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་པའི་ཆོས་ནི་མ་འཕྲོགས་ཤིང་། །འཕགས་པའི་ཕྲིན་ལས་ཕུལ་དུ་བྱུང་། །འཇིག་རྟེན་སློབ་དཔོན་བྱ་བ་མཛད། །འཕགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་ནི་དཀའ་

เล่ม ๑ · หน้า 86b

ཐུབ་བརྟུལ་ཞུགས་དག །ཡང་དག་བླངས་པས་གཙང་མར་མཛད། །སྡིག་པ་ཐམས་ཅད་བཀྲུས་གྱུར་པ། །ཁྲུས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མངའ་བདག་མཆོག་ནི་བརྙེས་གྱུར་ཅིང་། །སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན། །སེང་གེའི་ང་རོ་སྒྲོགས་མཛད་པ། །སེང་གེ་

ཁྱོད་ལ་ཕྱག་འཚལ་ལོ། །རྟོག་པ་བརྗོད་པའི་རྗེན་ཤུལ་ཆེ། །དམ་ཆོས་སྤོ་ལ་བསྟེན་པ་མཛད། །ཆོས་གཞན་ཐམས་ཅད་འཇིག་པ་པོ། །གླང་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཤིན་ཏུ་དཀའ་བའི་ལམ། །ཁྱོད་མིན་གཞན་གྱིས་མི་བཟོད་པ། །གསལ་མཛད་གཤེགས་པ་འཇིག་

རྟེན་གྱི། །ལམ་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དེས་ལ་ཤིན་ཏུ་དུལ་གྱུར་བཟོད། །ཤུགས་དང་མདོག་བཟང་སྟོབས་དང་ལྡན། །ཡན་ལག་རྫོགས་པའི་སྐུ་མངའ་བ། །ཅང་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །ཕྱོགས་དང་འབབ་སྟེགས་སྤྱོད་ཡུལ་མཁྱེན། །བརྟན་ལ་གྱ་གྱུར་བཞུད་མི་མངའ། །

ཁྱུ་མཆོག་གནས་ནི་བརྙེས་པ་ཡི། །ཁྱུ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །གདུལ་བའི་ཐབས་ནི་མཐའ་དག་ལ། །མཁས་ཤིང་ལེ་ལོ་མི་མངའ་བ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར། །མཆོག་རབ་ཁྱོད་ལ་ཕྱག་འཚལ་ལོ། །གང་སླད་ཁྱོད་བསྟན་མ་མཆིས་ན། །སྐལ་བ་ཅན་ཡང་དོན་མ་མཆིས། །

དེ་སླད་ཀུན་གྱི་ཚངས་སྤྱོད་དུ། །གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་ཕུན་སུམ་ལྡན་པ་ཀུན། །ཡང་དག་ཤིན་ཏུ་ཡོངས་རྫོགས་པས། །དགེ་བའི་ཆོས་ལ་འདུན་པ་ཀུན། །རྒྱུན་བཅད་ཁྱོད་ལ་ཕྱག་འཚལ་ལོ། །ཉིད་ཀྱི་དོན་ནི་ཡོངས་རྫོགས་ཤིང་། །གཞན་གྱི་དོན་ལ་མངོན་བརྩོན་པ། །དམ་

ཆོས་བདུད་རྩི་སྩོལ་བ་པོ། །ཚིམ་པར་མཛད་པ་ཁྱོད་ལ་འདུད། །འཇིགས་པ་དུ་མས་འཇིགས་གྱུར་པ། །ཕ་རོལ་མིན་པའི་མུ་སྤངས་ནས། །ཆུ་བོ་ཆེན་པོ་ལེགས་རྒལ་ཞིང་། །ཕ་རོལ་གཤེགས་པ་ཁྱོད་ལ་འདུད། །ཉོན་མོངས་ནད་ནི་ཀུན་སེལ་ཅིང་། །ཟུག་རྔུ་ཐམས་ཅད་འབྱིན་མཛད་པ། །རིག་

སྔགས་འཆང་བ་གྲུབ་པ་པོ། །སྨན་པའི་གཙོ་བོ་ཁྱོད་ལ་འདུད། །མཆོག་དང་མཆོག་མིན་ལམ་མཁྱེན་ཅིང་། །ཞི་བའི་ཕྱོགས་ནི་སྟོན་པར་མཛད། །གྲུབ་དང་བདེ་བ་སྐྱེད་པ་ཡི། །དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །རྟག་ཏུ་མུན་པ་སེལ་མཛད་ཅིང་། །རྟག་ཏུ་སྤྱན་ནི་འབྱེད་པར་མཛད། །རྟག་ཏུ་

เล่ม ๑ · หน้า 87a

མི་བསྙེལ་ཆོས་མངའ་བ། །ཤིན་ཏུ་བཞེངས་པ་ཁྱོད་ལ་འདུད། །དྲི་མའི་འདམ་ནི་ངེས་བཀྲུས་པས། །དམ་ཆོས་དྲི་མ་མེད་པའི་ཆུ། །མཆོག་ཏུ་རྣམ་པར་བྱང་བ་པོ། །ཤིན་ཏུ་རྣམ་དག་ཁྱོད་ལ་འདུད། །སྡིག་དང་བསོད་ནམས་སྤངས་གྱུར་ཅིང་། །སྟོང་པ་ཉིད་ཀྱིས་བསྒོས་པའི་

བདག །ཕན་དང་གནོད་པ་བགྱིད་སྙོམས་པ། །ཤིན་ཏུ་ཆགས་བྲལ་ཁྱོད་ལ་འདུད། །ཀུན་ནས་ཉོན་མོངས་བག་ཆགས་ཀུན། །ངེས་པར་བསལ་བས་དྲི་མེད་ཐུགས། །རྣམ་ཐར་སྒྲིབ་པ་མི་མངའ་བ། །ཤིན་ཏུ་རྣམ་གྲོལ་ཁྱོད་ལ་འདུད། །བལྟ་བས་མི་ངོམས་གཟུགས་མངའ་ཞིང་། །སྐུ་

ནི་འོད་ཀྱིས་ལྷག་གེར་མཛེས། །བལྟ་བྱ་ཀུན་གྱི་ནང་ན་ནི། །བལྟ་ན་སྡུག་མཆོག་ཁྱོད་ལ་འདུད། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །དཔེ་བྱད་བཟང་པོའི་ཚོགས་བཅས་པ། །སུམ་ཅུ་རྩ་གཉིས་དང་ལྡན་པས། །བལྟ་བར་འོས་པ་ཁྱོད་ལ་འདུད། །སངས་རྒྱས་ཆོས་ནི་བླ་མེད་པ། །མི་

འཇིགས་པ་དང་སྟོབས་སོགས་ཀྱིས། །འགྲོ་བའི་ནང་དུ་སྒྲ་བསྒྲགས་པ། །དགའ་བར་འོས་པ་ཁྱོད་ལ་འདུད། །འཕགས་ཆོས་དཀར་པོ་བླ་མེད་པ། །གོམས་པར་བྱ་བ་རྣམས་ཀྱིས་ནི། །སྐུ་གཉིས་པོ་དག་བསྒོས་གྱུར་པ། །བསྒོམ་པར་བྱ་བ་ཁྱོད་ལ་འདུད། །སྐུ་གསུང་ཐུགས་ཀྱི་ཕྲིན་

ལས་རྣམས། །ཤིན་ཏུ་རྣམ་པར་བྱང་གྱུར་པས། །ཚུལ་ཁྲིམས་བསྲུངས་པ་ལས་འདས་པ། །གཙང་སྦྲ་དག་པ་ཁྱོད་ལ་འདུད། །ཉོན་མོངས་པ་ཡི་བརྗོད་པ་སྤངས། །ཞི་བའི་ལས་ཀྱི་མཐའ་ལ་དགོངས། །མི་གསུང་དང་དུ་བཞེས་མཛད་པ། །ཐུབ་པ་ཞི་བ་ཁྱོད་ལ་འདུད། །བདེ་

བ་དང་ནི་སྡུག་བསྔལ་གྱིས། །ཐུགས་མི་འཕྲོགས་ལ་བརྟན་པའི་ཐུགས། །ཐམས་ཅད་ཟིལ་གནོན་སེམས་ཅན་གྱི། །སྙིང་པོ་མཆོག་གྱུར་ཁྱོད་ལ་འདུད། །ཀུན་ལ་རྣམ་པ་ཐམས་ཅད་དང་། །རྟེན་གྱི་བློ་དང་དགོངས་པ་དག །ལེགས་པར་གནས་ཕྱིར་མི་བསྙེལ་བའི། །ཆོས་ཅན་ཁྱོད་

ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་ཀྱི་ཡོན་ཏན་ཕྱུག །འཇིག་རྟེན་ཟང་ཟིང་རྣམ་པར་འཇིག །འཇིག་རྟེན་སྣང་བར་མཛད་པ་པོ། །འཇིག་རྟེན་མགོན་པོ་ཁྱོད་ལ་འདུད། །བཤེས་དང་དགྲ་དང་བར་མར་སྙོམས། །སེམས་ཅན་ཀུན་ལ་ཕན་དགོངས་པ། །རྗེས་སུ་བརྩེ་བར་མཛད་པ་པོ། །

เล่ม ๑ · หน้า 87b

ཐུགས་རྗེ་ཆེན་པོ་ཁྱོད་ལ་འདུད། །ཆོས་ཀྱི་འདུ་ཤེས་ཀུན་རྫོགས་པ། །སྐྱོབ་པ་མངོན་ཤེས་ཆེན་པོ་མངའ། །བྱས་མཁྱེན་མ་བྱས་མཁྱེན་པ་པོ། །ཐམས་ཅད་མཁྱེན་པ་ཁྱོད་ལ་འདུད། །གླགས་ཀྱི་སྐབས་ནི་ཀུན་སྤངས་ཤིང་། །ཀུན་ནས་འཆིང་བ་བཅད་གྱུར་པ། །ཤེས་རབ་

གསལ་བར་མཛད་པ་པོ། །སྲེད་པ་གསལ་བ་ཁྱོད་ལ་འདུད། །མཉེས་པར་བགྱི་འོས་ཕྱག་བགྱིར་འོས། །བརྒལ་བར་འོས་མིན་ནོངས་མི་མངའ། །འབད་དེ་མཆོད་པར་བགྱི་འོས་པ། །རིགས་པ་གསུམ་ལྡན་ཁྱོད་ལ་འདུད། །ཕན་པ་མ་ལགས་སེལ་མཁས་ཤིང་། །ཕན་པ་

སྐྱེད་པར་མངོན་བརྩོན་པ། །གཅིག་ཏུ་བརྩེ་བར་གཞོལ་བ་ཡི། །བཤེས་གཉེན་དམ་པ་ཁྱོད་ལ་འདུད། །སྐྱེ་དགུ་ལམ་ལོག་ཞུགས་པ་རྣམས། །རྟག་ཏུ་དམ་པའི་ལམ་ལ་ནི། །མངོན་ཕྱོགས་མཛད་པར་མངོན་བརྩོན་པ། །རྩ་ལག་དམ་པ་ཁྱོད་ལ་འདུད། །གོ་འཕང་མཁྱེན་པ་རྣམས་

ཀྱི་ཕུལ། །ཁྱོད་ཀྱིས་གོ་འཕང་མཆོག་བརྙེས་ནས། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །དེ་ལས་གོ་འཕང་འཕགས་མ་མཆིས། །གོ་འཕང་བླ་ན་མེད་བརྙེས་ནས། །སྡུག་བསྔལ་ཐམས་ཅད་སེལ་མཛད་ཅིང་། །མ་ཆགས་ཉེར་ལེན་མི་མངའ་བའི། །རྐང་གཉིས་མཆོག་

གྱུར་ཁྱོད་ལ་འདུད། །ཁྱོད་ཀྱི་བསྟན་ལ་མ་བརྟེན་པར། །འགས་ཀྱང་དེ་ཉིད་མི་མཐོང་བས། །འཇིག་རྟེན་ལོང་བ་ལྟ་བུ་ཡི། །མིག་ཏུ་གྱུར་པ་ཁྱོད་ལ་འདུད། །ས་སྟེངས་གདུགས་ནི་མ་མཆིས་ན། །ཞུགས་མཆིས་མར་མེའང་མཆིས་གྱུར་ལ། །རྒྱུ་སྐར་ནོར་བུ་ཟླ་བ་དག །མཆིས་

ཀྱང་གསལ་བ་རྫོགས་མི་འགྱུར། །སྣང་བ་དེ་དང་གཞན་དང་ནི། །དེ་བས་ཁྱད་པར་ཆེས་འཕགས་པ། །མཆིས་ཀྱང་ཁྱོད་ནི་མི་བཞུགས་ན། །འགྲོ་བ་སྣང་བ་མཆིས་མ་ལགས། །དེ་ལྟར་འཇིག་རྟེན་མ་རིག་པའི། །མུན་ནག་ཐིབས་པོའི་ལིང་ཏོག་གིས། །བསྒྲིབས་པའི་སེམས་ལྡན་

སྨག་གྱུར་པའི། །སྒྲོན་མར་གྱུར་པ་ཁྱོད་ལ་འདུད། །ཆོས་ལ་བློ་གྲོས་མ་བྱང་བས། །ཕན་པའང་ཕན་པར་མ་འཚལ་ཞིང་། །གནོད་པའང་གནོད་པར་མ་འཚལ་ལ། །བྱང་བའང་ཁྱོད་ལ་བརྟེན་ནས་འགྱུར། །བྱིས་པ་ཕལ་ཆེར་གནོད་པ་དག །དོར་བར་འཚལ་ལ་ཕན་པ་སྤོང་། །ཕན་

เล่ม ๑ · หน้า 88a

པ་གཉེར་ཡང་མ་འཚལ་བས། །གནོད་པ་སོ་སོར་བསྟེན་པར་བགྱིད། །དེ་དག་ཐབས་ནི་སྟོན་མཛད་ཕྱིར། །ཁྱོད་ལ་བརྟེན་ནས་གཉིས་ཀ་ཡང་། །ཡང་དག་ཇི་བཞིན་རྟོགས་འགྱུར་བས། །སྨན་པར་གྱུར་པ་ཁྱོད་ལ་འདུད། །གཙོ་ཁྱོད་གང་གི་བླར་གྱུར་པ། །དེ་ཡང་འཇིག་

རྟེན་བླ་མ་ལགས། །དེ་སླད་བླ་མ་རྣམས་ཀྱི་ཡང་། །བླར་གྱུར་བླ་མ་ཁྱོད་ལ་འདུད། །འཇིག་རྟེན་མཁས་པས་མཆོད་པ་ཡང་། །ཡིད་ཆེས་ངོ་བོ་ཁྱོད་ལ་མཆོད། །མཆོད་འོས་རྣམས་ཀྱིས་མཆོད་བྱ་བ། །མཆོད་འོས་དམ་པ་ཁྱོད་ལ་འདུད། །བསྔགས་འོས་བསྔགས་པ་གང་ལགས་

པའི། །སྐྱེ་བོ་དེས་ཀྱང་ཁྱོད་བསྔགས་ཏེ། །བསྔགས་པར་འོས་པ་རྣམས་ཀྱིས་ཀྱང་། །བསྔགས་པར་བགྱི་བ་ཁྱོད་ལ་འདུད། །ལྷ་རྣམས་ཀྱང་ནི་ཁྱོད་ལ་འདུད། །ཁྱོད་ལ་དྲང་སྲོང་རྣམས་ཀྱང་འདུད། །ཕྱག་བགྱིར་འོས་པ་རྣམས་ཀྱིས་ཀྱང་། །འདུད་པར་བགྱི་བ་ཁྱོད་ལ་འདུད། །སེམས་

དང་བཅས་པ་སུ་ཞིག་ནི། །བསོད་ནམས་ཞིང་ནི་དཔག་མེད་པ། །འདུད་འོས་ཁྱོད་ལ་ཕྱག་བགྱིད་པས། །ནམ་ཞིག་ན་ནི་ངོམས་པར་འགྱུར། །དེ་ལྟས་ཁྱོད་ལ་ཕྱག་འཚལ་འདུད། །འདུད་པར་འོས་པ་ཁྱོད་ལ་འདུད། །ཕྱག་གི་རྒྱུན་ནི་མི་འཆད་པར། །རྟག་ཏུ་ཁྱོད་ལ་ཕྱག་འཚལ་ལོ། །

རྟག་ཏུ་དམ་པའི་སྤྱོད་པ་མཛད་པ་ལམ་དང་ལྡན། །བྱས་དང་མ་བྱས་ཐོབ་པ་ཡང་དག་རིག་པ་མཁྱེན། །མཆོད་པ་ཆེ་མངའ་ཕྱག་བགྱིར་འོས་པ་མཚུངས་མེད་པ། །འདུད་པར་འོས་པའི་དགྲ་བཅོམ་ཁྱོད་ལ་ཕྱག་འཚལ་ལོ། །དཔེ་མེད་ཡིད་འོང་སྐུ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །མཆོག་ཏུ་

གསུང་སྙན་མངོན་སྒྲོགས་ཁྱོད་ལ་ཕྱག་འཚལ་ལོ། །དྲི་མེད་རྣམ་དག་ཐུགས་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་ཚོགས་བསྒོམས་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །ཞིང་ཞེས་བསམ་པས་སངས་རྒྱས་ལ་འདུད་པ། །དྲི་མ་མེད་ལ་བཀྲ་ཤིས་ཐམས་ཅད་ཀྱིས། །ཆར་ཡང་

མི་ཕོད་མཆོད་སྦྱིན་ཀུན་གྱིས་མིན། །དཀའ་ཐུབ་བརྟུལ་ཞུགས་མིན་ཏེ་ཁྲུས་ཀུན་མིན། །ཐུབ་པའི་དབང་པོ་ལ་འདུད་པ། །སྙན་པར་གྲགས་ཤིང་དཔལ་དུ་བྱེད། །སྡིག་པ་ཐམས་ཅད་དྲུངས་ནས་འབྱིན། །གཟི་བརྗིད་དག་ཀྱང་རྣམ་པར་འཕེལ། །དགྲ་རྣམས་ཐམས་ཅད་སེལ་བར་བྱེད། །

เล่ม ๑ · หน้า 88b

འཇིག་རྟེན་དག་ན་མི་རྣམས་ཀྱི། །རྒྱུད་ནི་བདེ་འགྲོར་ངེས་བྱེད་ཅིང་། །ངེས་མཐར་ཞི་བའི་འབྲས་བུར་སྨིན། །དེ་ལྟར་ཡོན་ཏན་མང་བསམས་ཤིང་། །ལུས་ཀྱང་འཇིག་པའི་ངང་བསམས་ན། །མཁས་གང་སངས་རྒྱས་ཕྱག་འཚལ་ལས། །ལུས་ཀྱི་ལས་གཞན་སྤྱད་པར་བྱེད། །

འཆི་བདག་སེལ་བར་བྱེད་པ་ཡི། །བསྟན་པ་འདི་ནི་ནུབ་གྱུར་ཅིང་། །ཀུན་ནས་མུན་པས་ཁེབས་གྱུར་ན། །གང་ཞིག་ལ་ནི་བཀུར་སྟི་བྱ། །དེ་ལྟ་བས་ན་མཚུངས་མེད་པའི། །མཆོད་པ་བྱ་བ་སྨྱུར་ཏེ་གྱིས། །མ་འོངས་པ་ཡི་འཇིགས་པ་དག །ད་ལྟ་ཉིད་ནས་བྱུང་ཟིན་ཏོ། །སངས་རྒྱས་

བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ཕྱག་འཚལ་བ་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ།། །།ཉི་མའི་གཉེན་གྱུར་ཉི་མ་ཡི། །འོད་པས་ཤིན་ཏུ་འོད་གསལ་བ། །ཕྱག་བྱ་ཀུན་གྱི་རབ་དང་མཆོག །ཕྱག་འོས་ཕྱག་བགྱིས་ཁྱོད་ལ་འདུད། །སྟོབས་

ཆེན་དཔའ་བོ་ཆེན་པོ་པ། །མངོན་ཤེས་ཆེ་ལ་མཐུ་ཡང་ཆེ། །གཡུལ་ངོར་མདའ་ཆེན་འཕེན་མཛད་པ། །དགའ་སྟོན་ཆེན་པོ་ཁྱོད་ལ་མཆོད། །འཇིག་རྟེན་མཆོད་འོས་མཆོད་འོས་མཆོག །འཇིག་རྟེན་མཆོད་པས་མཆོད་པ་པོ། །མཆོད་པའི་སྣོད་ནི་བླ་མེད་པ། །མཆོད་པར་འོས་པ་

ཁྱོད་ལ་མཆོད། །མཆོད་དང་མཁྱེན་པས་རྟོགས་པ་བརྙེས། །དགོངས་པ་ང་རྒྱལ་བག་མི་མངའ། །རྗེད་འོས་ཁྱོད་ལ་ང་རྒྱལ་གྱི། །སེམས་བོར་ནས་ནི་རྗེད་པར་བགྱི། །གུས་བགྱིད་མ་གུས་པ་ལ་སྙོམས། །འཇིག་རྟེན་གུས་པས་མཆོད་བགྱིས་པ། །ཁྱོད་ལ་བཀུར་སྟིར་གཞོལ་བ་

ཡི། །དབང་པོ་གུས་པར་བཀུར་སྟི་བགྱིད། །ཁྱོད་དང་འདྲ་བ་འགའ་མ་མཆིས། །ལྷག་པ་མ་བྱུང་འབྱུང་མི་འགྱུར། །དེ་སླད་སེམས་ཅན་ཀུན་ལ་ཁྱོད། །དགྲ་ཟིན་སྙོམས་པའི་མཉམ་མེད་ལགས། །མ་འདྲེས་འཕགས་པའི་གདུང་ལས་བྱུང་། །སངས་རྒྱས་ཀུན་དང་སྐལ་བ་

མཉམ། །མདོག་དང་ཤེས་རབ་སྣང་བ་ཡིས། །ཕྱོགས་རྣམས་སྣང་བར་མཛད་དེ་འཁྲུངས། །སུམ་ཅུ་རྩ་གཉིས་མཚན་དང་ལྡན། །འདོམ་གང་འོད་ཀྱི་འོད་ཟེར་སྤ། །མཚན་དང་མཐུན་པའི་དཔེ་བྱད་བཟང་། །བརྒྱད་ཅུས་འབར་བའི་གཟི་བརྗིད་ཅན། །རྒྱལ་ཆེན་དཔལ་དང་ལྡན་པའི་སྐུ། །

เล่ม ๑ · หน้า 89a

ཀུན་གྱི་མཛེས་པ་ཟིལ་གནོན་པ། །འཇིག་རྟེན་སྣང་བར་མཛད་ནས་ནི། །ཉི་མ་གཞན་ཞིག་ལྟ་བུར་བཞུགས། །བཅོམ་ལྡན་དུས་ཀུན་རྟོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ཕྱག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ནི་སྤྱོད་ཡུལ་གྱུར། །ཆོས་རྣམས་

གཡོ་དང་མི་གཡོར་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་ནི་ཐོགས་མི་མངའ། །བྱ་བ་མཛད་པ་ཁྱོད་ཀྱིས་ནི། །ཇི་ལྟར་ཐུགས་བསྐྱེད་ཙམ་གྱིས་སུ། །ཁྱོད་ལ་བཞེད་དགུར་ཀུན་འགྲུབ་པ། །དེ་ལྟར་ཆོས་དབྱིངས་ལེགས་ཐུགས་ཆུད། །

དགེ་མཐར་ཕྱིན་པ་ཁྱོད་ལ་ནི། །སྦྱོར་བྱུང་དགེ་བ་འགའ་མི་མངའ། །ཁྱོད་ནི་གང་ཞིག་བཞེད་ན་ཡང་། །བཞེད་པ་ཙམ་ལ་རག་ལས་སོ། །ཆོས་རྣམས་ཀྱི་ནི་ཆོས་ཡོད་དང་། །ཆོས་ཉིད་དང་ནི་ཆོས་ཀྱི་མཐུ། །སོ་སོར་རྒྱུ་དང་བཅས་གནས་ཤིང་། །རྐྱེན་དང་འབྲས་བུར་བཅས་པ་དག །ཁམས་

དང་དབྱེ་བ་ཐ་དད་བཅས། །སྐྱེ་དང་འཇིག་བཅས་རྒྱས་པ་དེ། །ཐམས་ཅད་སོ་སོར་རྣམ་ཀུན་དུ། །ཀུན་མཁྱེན་ཁྱོད་ཀྱིས་མཁྱེན་གཞན་མིན། །ཁྱོད་ལ་ཤིན་ཏུ་བསྒྲིབས་པའང་མངོན། །ཤིན་ཏུ་རིང་བའང་ཉེ་བ་སྟེ། །ཤིན་ཏུ་འཛིངས་པའང་སལ་གྱིས་དག །ཤིན་ཏུ་མཐོན་པོའང་དམའ་

བ་ལགས། །ཤིན་ཏུ་གནག་པའང་སྣང་བར་བཅས། །ཤིན་ཏུ་ཐེ་ཚོམ་གནས་ཀྱང་ངོས། །ཤེས་བྱ་ཤིན་ཏུ་ཟབ་མོ་ཡང་། །ཁྱོད་ལ་ས་ལེར་གདའ་བ་ལགས། །དབང་པོ་ཆེན་པོའི་གླང་ཆེན་གྱི། །རྐེད་བཅིངས་གསེར་ལས་བགྱིས་པ་ལྟར། །ཆོས་ཉིད་ཤིན་ཏུ་ཟབ་མོས་ཀྱང་། །ཁྱོད་ནི་འོ་

བརྒྱལ་འགྱུར་མ་ལགས། །ཆོས་ཀྱི་ནང་ན་ཆགས་བྲལ་ལྟར། །ངེས་འབྱིན་ནང་ན་དྲང་པོ་ལྟར། །ཕུན་ཚོགས་ནང་ན་སངས་རྒྱས་ལྟར། །ཁྱོད་ནི་སེམས་ཅན་ཀུན་གྱི་མཆོག །རྣམ་གྲོལ་ནང་ན་མི་གཡོ་ལྟར། །རིགས་པའི་ནང་ན་ཆོས་ཉིད་ལྟར། །ཤེས་རབ་ནང་ན་ཀུན་མཁྱེན་ལྟར། །

ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག །དག་པའི་ནང་ན་རྣམ་གྲོལ་ལྟར། །དེ་ཉིད་ནང་ན་སྟོང་པ་ལྟར། །དཀའ་ཐུབ་ནང་ན་བཟོད་པ་ལྟར། །ཁྱོད་ནི་སྲོག་ཆགས་ཀུན་གྱི་མཆོག །གཟུགས་ཀྱི་ནང་ན་ཁྱོད་སྐུ་ལྟར། །སེམས་ཀྱི་ནང་ན་ཁྱོད་ཐུགས་ལྟར། །ཆོས་ཀྱི་ནང་ན་ཁྱོད་ཆོས་ལྟར། །ཁྱོད་

เล่ม ๑ · หน้า 89b

ནི་སྲོག་ཆགས་ཀུན་གྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས། ཐམས་ཅད་མཁྱེན་པ་ཉིད་གྲུབ་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།བདེ་བར་གཤེགས་པ་ཁྱོད་གཅིག་པུ། །ཆོས་གཅིག་ཆོས་ཀུན་སྣང་

མཛད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡིས། །དེ་དང་ལྡན་གྱི་གཞན་མ་ལགས། །ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །རྒྱུ་རྐྱེན་འདི་

ལས་འབྲས་བུ་འདི། །འདི་ལས་འདི་ནི་མ་ཡིན་ཞེས། །གནས་དང་གནས་མིན་ངེས་པ་ཀུན། །ཁྱོད་ཀྱིས་མཁྱེན་གྱི་གཞན་གྱིས་མིན། །ལས་ཆོས་ཡང་དག་བླངས་པ་ཡི། །རྣམ་སྨིན་དུས་ནི་ཐམས་ཅད་པ། །ས་ཀུན་རྟོགས་པ་ཐམས་ཅད་ནི། །རྣམ་ཀུན་ཁྱོད་མཁྱེན་གཞན་གྱིས་མིན། །

རྣལ་འབྱོར་ས་ནི་མ་ལུས་པ། །ཀུན་ནས་ཉོན་མོངས་རྣམ་བཞག་དང་། །རྣམ་པར་བྱང་བཅས་ཟབ་མོར་བཅས། །ཁྱོད་གཅིག་ཁོ་ནས་ཐུགས་སུ་ཆུད། །དབང་པོ་མཆོག་དང་མཆོག་མིན་པ། །ཆུང་དང་འབྲིང་དང་ཆེན་པོ་དང་། །ཆ་ཤས་དབྱེ་བ་མཐའ་ཡས་པ། །ཁྱོད་ལས་གཞན་

གྱིས་རྟོགས་མ་མཆིས། །མཐུན་པར་འགྱུར་བ་གང་ལགས་དང་། །མི་མཐུན་འགྱུར་བ་གང་ལགས་པ། །མི་ཡི་མོས་པ་སྣ་ཚོགས་ཀུན། །ཁྱོད་གཅིག་ཁོ་ནས་ཐུགས་སུ་ཆུད། །འཇིག་རྟེན་འདི་ཁམས་སྣ་ཚོགས་ཏེ། །སྣ་ཚོགས་ཁམས་ཉིད་མཐའ་དག་ནི། །སྣ་ཚོགས་ཁམས་

དབྱེ་ཁྱོད་གཅིག་པུས། །མཁྱེན་གྱི་གཞན་གྱིས་མ་ལགས་སོ། །རྒྱུ་དང་རྐྱེན་ནི་སྣ་ཚོགས་ལས། །སྣ་ཚོགས་མངོན་པར་འགྲུབ་པ་ནི། །ཀུན་དུ་འགྲོ་བའི་ལམ་སྟོབས་ཀྱིས། །ཐམས་ཅད་ཁྱོད་ཀྱིས་ཐུགས་སུ་ཆུད། །ཐོག་མེད་སྲིད་པར་བྱུང་བ་དང་། །ཐ་མ་མེད་པར་འབྱུང་འགྱུར་གང་། །

དེ་ལ་ཁྱོད་ཀྱི་ཡེ་ཤེས་ནི། །མངོན་སུམ་བཞིན་དུ་གཟིགས་པ་འཇུག །སྔོན་གྱི་མཐའ་དང་ཕྱི་མའི་མཐའ། །འཇིག་རྟེན་ཡང་དག་འགྲུབ་པ་དང་། །དེ་བཞིན་ཉིང་མཚམས་སྦྱོར་བ་ནི། །མཐའ་ཡི་བར་བཞིན་ཁྱོད་ཀྱིས་གཟིགས། །ཉེ་འམ་ཡང་ན་རིང་ཡང་རུང་། །ཇི་ལྟར་ཁྱོད་ལ་མངོན་

เล่ม ๑ · หน้า 90a

སུམ་པ། །དེ་ལྟར་སྒྲིབ་པ་བག་ཆགས་དང་། །བཅས་ཏེ་ཁྱོད་ཀྱིས་སྤངས་པ་ལགས། །དངོས་འདི་ཡོངས་སུ་མ་མཁྱེན་ཅིང་། །ཉོན་མོངས་འདི་ཡི་བག་ཆགས་ནི། །ལྷག་མ་ལུས་ཞེས་མི་བསྙད་པའི། །གོ་འཕང་དེ་ནི་ཁྱོད་ཀྱིས་བརྙེས། །ཁྱོད་ཀྱིས་བར་དུ་གཅོད་

གསུངས་གང་། །ངེས་པར་དེ་དག་བར་དུ་གཅོད། །ཁྱོད་ཀྱིས་ལམ་བསྟན་གང་ལགས་པ། །དེ་གཅིག་ཁོ་ན་ངེས་པར་འབྱིན། །དེ་ཡིས་བར་གཅོད་མི་ནུས་ཤེའམ། །དེ་ཡིས་ངེས་འབྱིན་མི་འགྱུར་ཞེས། །གཞན་གྱི་ཀླན་ཀ་ཆ་ཤས་ཀྱང་། །དེ་ལ་སྲིད་པ་མ་མཆིས་སོ། །ཁྱོད་ཀྱིས་

རྒྱལ་བགྱི་མ་རྒྱལ་མིན། །ཤེས་བྱ་མི་སྣང་བགྱིས་མ་མཆིས། །དབང་ཕྱུག་ཁྱོད་ཉིད་ཀུན་མཁྱེན་ཅིང་། །ཀུན་རྒྱལ་ལགས་ཀྱི་གཞན་མ་ལགས། །སྟོབས་ལྡན་འཇིགས་མི་འགྱུར་བས་ཁྱོད། །མི་བསྙེངས་གང་ལགས་རིགས་ལགས་ན། །མཐུ་མངའ་བཞིན་དུ་འགའ་ལ་ཡང་། །ཁྱད་དུ་

མི་གསོད་གང་དེ་རྨད། །ལོག་པའི་ང་རྒྱལ་ཅན་འགའ་ཞིག །དྲེགས་དང་འབྲལ་བར་མཛད་པ་གང་། །གདུལ་བ་ཡི་ནི་ཐབས་ཙམ་སྟེ། །དེས་ནི་སྟོབས་སྙེམས་ཡོད་མ་ལགས། །འཇིག་རྟེན་དག་ན་སྟོབས་ལྡན་པས། །ཀུན་ལས་རྒྱལ་ཞེས་གང་བརྗོད་པ། །དེ་ནི་གཞན་ལ་བསྟོད་པར་བས། །

གོ་འཕང་དེ་ནི་ཁྱོད་ལ་རྫོགས། །འདྲེན་པ་ཁྱོད་ལ་ཆོས་མཐུན་པར། །འགས་ཀྱང་རྒལ་བར་ནུས་མ་ལགས། །ཀླན་ཀ་བཙལ་འོས་མ་ལགས་ཏེ། །ནོངས་མི་མངའ་བའི་བདེ་བ་བརྙེས། །ནོངས་མི་མངའ་བས་གང་ལས་ཀྱང་། །བཞི་ནི་བསྲུང་བར་བགྱི་མི་འཚལ། །བཞི་པོ་ཡོངས་སུ་

རྫོགས་སླད་དུ། །ཁྱོད་ལ་སུས་ཀྱང་གླགས་མི་ཐོད། །ཀུན་ལ་མི་ཐོགས་བློ་གྲོས་ཅན། །དགོངས་པ་ཀུན་དུ་ཉེ་བར་གནས། །ཀུན་ལ་ཐུགས་རྗེ་སྙོམས་པ་པོ། །ཐུགས་ནི་ཀུན་ལ་ཆགས་མི་མངའ། །ཤེས་བྱའི་རྒྱ་མཚོ་ཀུན་རྒལ་བ། །བག་ཆགས་ཐམས་ཅད་གཏན་ནས་སྤངས། །བར་ཆད་

ཀུན་གྱི་ཁྱད་པར་མཁྱེན། །ངེས་པར་འབྱིན་པ་ཀུན་ལ་མཁས། །ཀུན་གྱི་བསམ་པ་མཁྱེན་པ་པོ། །གདུལ་བ་ཐབས་ཀྱི་ཕ་རོལ་གཤེགས། །ཉོན་མོངས་སྣ་ཚོགས་ཐམས་ཅད་ཀྱི། །གཉེན་པོ་ལ་ཡང་བསྙེངས་མི་མངའ། །ཁྱོད་ལ་བརྟེན་ནས་སྨྲ་བ་པོ། །བྱིས་པ་ཤེད་བྱེ་མ་གྱུར་

เล่ม ๑ · หน้า 90b

གང་། །དེ་ནི་མ་རིག་མུན་པ་ཡི། །ཚང་ཚིང་མི་བཟད་མཐུ་ལགས་སོ། །ཁྱོད་ཀྱི་བཀའ་ལ་བརྟེན་ནས་ཀྱང་། །བྲལ་བར་མ་གྱུར་གང་ལགས་པ། །དེ་དང་དེ་སྒྲིབ་ཅེས་བགྱི་སྟེ། །དེ་དང་དེ་སྒྲིབ་མི་ཟད་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་

བསྔགས་པ་ལས་སྟོབས་དང་མི་འཇིགས་པ་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།། །།ཇི་ལྟར་ཐུབ་པ་ཁྱོད་ཀྱི་བཀའ། །ཉེས་དམིགས་བརྗོད་ལྡན་ཐོས་པ་ལྟར། །འཁོར་བའི་སྡུག་བསྔལ་མི་བཟད་པའི། །མེ་ཡི་ཀུན་དུ་སྤར་ཀྱང་ནི། །འགྲོ་བ་མི་ཤེས་གོ་བགོས་པ། །དེ་

ལྟར་སྐྱོ་བར་འགྱུར་མ་ལགས། །དེ་ལྟར་མགོན་པོ་ཁྱོད་ཀྱི་བཀའ། །མངོན་སུམ་པས་ཀྱང་དོན་གསལ་རབ། །ཆོས་ཉིད་ཟབ་མོ་གཏིང་ཡངས་པ། །བཤད་པས་ས་ལེར་གྱུར་ལགས་པས། །ཁྱོད་ཀྱི་བཀའ་ནི་སྣྲེལ་ཞི་ཡི། །ཆོ་འཕྲུལ་དག་ཀྱང་མཛད་པ་ལགས། །ཚིག་གི་མཐའ་ནི་མི་

མཐོང་ཞིང་། །དོན་གྱི་གཏིང་ཡང་མི་དཔོགས་ལ། །ཕན་ཚུན་རྗེས་སུ་ཞུགས་པ་ནི། །དེ་ལས་ཡ་མཚན་ཆེ་ཅི་མཆིས། །སྨྲ་བའི་དམ་པ་ཁྱོད་ཀྱི་བཀའ། །རྣམ་གྲངས་དུ་མ་ཉིད་མཆིས་ཤིང་། །ཟློས་བུ་ཡང་ནི་མ་མཆིས་ལ། །སྦྱོར་བའི་ལུགས་ཀྱང་རིགས་པ་ལགས། །སྨྲ་བའི་

དམ་པ་ཁྱོད་ཀྱི་བཀའ། །གནས་པ་བཞི་ཡི་ཡོན་ཏན་ལྡན། །ལུང་བསྟན་བཞི་ཡི་རྟེན་གྱུར་ཀྱང་། །དོན་དུ་གཉིས་སུ་འགྱུར་མ་མཆིས། །གནང་བ་དང་ནི་དགག་པ་ལ། །ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས། །ལ་ལར་ངེས་པ་མ་ལགས་ལ། །ཕན་ཚུན་འགལ་བའང་མ་མཆིས་

སོ། །ཆོས་ཀྱི་དེ་ཉིད་དོན་སླད་དུ། །རྩོད་པ་མེད་པའི་གོ་འཕང་གཞི། །རིགས་འཐད་ཡོན་ཏན་བཟང་པོ་ཡིས། །ངན་སྨྲ་ཐམས་ཅད་སུན་འབྱིན་པ། །གཅིག་ཏུ་དོན་དམ་ལ་གཞོལ་ལ། །ཀུན་རྫོབ་ལ་ཡང་སྐྱོན་མ་མཆིས། །བདེན་པ་གཉིས་དང་མི་འགལ་བས། །ཁྱོད་ཀྱི་

བཀའ་ནི་རིགས་པ་འབྱུང་། །ཉོན་མོངས་མེད་ལ་གཅིག་ཏུ་འཇམ། །ཉོན་མོངས་ཅན་ལ་ངེས་བསླང་ཡང་། །ཁྱོད་ཀྱི་བཀའ་ནི་བསྙེན་པ་དང་། །སྲིད་པའི་སྐྱོན་དང་ལྡན་མ་ལགས། །རྣམ་པར་བྱང་བའི་རྗེས་མཐུན་ལ། །དེ་ཡི་ཕྱོགས་སུ་ལྷུང་མི་མངའ། །ཀུན་ནས་ཉོན་

เล่ม ๑ · หน้า 91a

མོངས་དགྲར་གྱུར་ལ། །མི་བཟོད་མི་མངའ་ཁྱོད་ཀྱི་བཀའ། །སྨོད་པའི་ཚིག་ནི་བརྒྱས་གང་ཡང་། །ཕྱར་ཀ་གཏོང་བའི་སྐྱོན་ལྡན་མིན། །རབ་ཏུ་བསྔགས་པའི་ཚིག་ཕྱུང་ཀྱང་། །འགའ་ལའང་རྟེན་པ་མངའ་མ་ལགས། །བསྣན་དང་དོར་བ་མི་མངའ་ལ། །བསྡུས་

དང་རྒྱས་པ་དང་ཡང་ལྡན། །བརྟགས་ཤིང་འཐད་པར་འགྱུར་ལགས་ལ། །དང་པོ་ནས་ཀྱང་མི་བཟང་མིན། །ཤིན་ཏུ་སྙན་གསུང་ཆགས་མི་འགྱུར། །མང་ལ་སྙིང་པོ་མ་མཆིས་མིན། །སྣ་ཚོགས་པ་ལ་དོན་མ་འཁྲུགས། །བཀའ་ནི་ངོ་མཚར་མང་པོ་ལགས། །གསུང་གི་

བདག་པོ་ཁྱོད་ཀྱི་བཀའ། །ཡིད་འཕྲོག་མཛད་ལ་ཞེན་མི་མངའ། །གཟི་བྱིན་ཅན་ལ་གནོད་མི་འགྱུར། །ཁྱབ་ལ་ངན་པས་རྟོགས་མ་ལགས། །བ་སྤུ་དག་ཀྱང་ལྡང་བགྱིད་ཅིང་། །རྡུལ་ཡང་ཀུན་དུ་འཐོན་པར་བགྱིད། །ལུས་རྣམས་དག་ནི་སྟོན་བགྱིད་ཅིང་། །འདར་བ་དག་ཀྱང་

སྐྱེད་པར་བགྱིད། །ལྷ་ཡི་འཇིག་རྟེན་སྐྱོ་བགྱིད་ཅིང་། །སྒྲ་ཡང་ཀུན་དུ་སྒྲོགས་པར་བགྱིད། །ས་ནི་རྣལ་མར་གནས་པ་ཡང་། །རྣམ་པ་དྲུག་ཏུ་གཡོ་བར་བགྱིད། །ཐོག་མེད་དུས་ནས་གོམས་པ་ཡི། །ལུས་ཅན་རང་བཞིན་བཟློག་མཛད་ཅིང་། །རང་བཞིན་འདྲིས་པ་མ་ལགས་པ། །

གཞན་ནི་སྙིང་ལ་འཇོག་པར་མཛད། །རང་གི་ཉེས་པས་མི་འགལ་ལ། །ཡིད་ནི་གདུང་བར་བགྱིད་དང་འདྲ། །རིགས་པས་ཞུགས་པ་མཁས་རྣམས་ལ། །བདུད་རྩིའི་ཆར་པ་བབ་པ་བཞིན། །ཁྱོད་ཀྱི་བཀའ་ནི་ཐོག་མ་དང་། །བར་དང་ཐ་མར་དགེ་བ་དག །ཐོས་དང་སེམས་དང་སྒོམ་པ་

ན། །དེ་སྒྲུབ་པ་ལ་བདུད་རྩིར་འགྱུར། །མོས་པ་དུ་མ་དང་ལྡན་པ། །མང་པོ་འཁོད་པར་གྱུར་པ་ལ། །གསུང་གཅིག་བཀའ་ནི་སྩལ་བ་ལས། །དུ་མ་ལྟ་བུར་སྣང་འགྱུར་ཏེ། །ཀུན་གྱིས་འདི་ནི་བདག་གི་ཆེད། །ཁོ་ནའོ་སྙམ་དུ་གོ་བ་གང་། །དེ་ལས་ཡ་མཚན་ཆེ་ཅི་མཆིས། །དེ་ལས་

ངོ་མཚར་ཆེ་ཅི་མཆིས། །ཆོས་ཉིད་འདོར་བར་མི་མཛད་ལ། །འཇིག་རྟེན་ཀུན་རྫོབ་དང་ཡང་མཐུན། །རྗེས་སུ་སྒྲོགས་པར་མཛད་བཞིན་དུ། །ཅིག་ཤོས་རྣམ་པར་བསྒོམ་པའང་མཛད། །ཀུན་ནས་ཉོན་མོངས་རྣམ་བྱང་མཆིས། །ལས་དང་ལས་ཀྱི་འབྲས་བུའང་མཆིས། །དེ་ལྡན་

เล่ม ๑ · หน้า 91b

བྱེད་དུ་འཇུག་པ་དང་། །བྱེད་པ་མ་མཆིས་ཁྱོད་ཀྱི་བཀའ། །དེ་ནི་ལྷ་དང་མིར་བཅས་པའི། །འཇིག་རྟེན་དག་གིས་མངོན་ཐོས་ནས། །ཆུ་ཡི་ཟླ་བ་གཡོ་བ་བཞིན། །སོ་སོར་རབ་ཏུ་གཡོས་པར་གྱུར། །བཟང་དང་ངན་པ་ཉིད་དུ་ན། །འབྱུང་བར་འགྱུར་བ་ཐ་དད་པ། །ཐམས་ཅད་

རྐྱེན་ལ་རག་ལས་ན། །བྱེད་པོ་ཅི་ག་མཆིས་འགྱུར་རམ། །འགའ་ལ་རང་དབང་ཉིད་མཆིས་ན། །བྱེད་པོར་འགྱུར་ན་དེ་མི་རིགས། །དེ་ལྟ་ལགས་པས་ཆོས་ཀུན་ལ། །བྱེད་པོ་མེད་པར་ཁྱོད་ཀྱིས་གསུངས། །ལྷ་དང་བཅས་པའི་འཇིག་རྟེན་ལ། །ཆོས་འདི་སྟོང་པ་ཉིད་ཀྱི་ནི། །

སེང་གེ་སྒྲ་ཡིས་རྔ་བརྡུངས་ནས། །མཚམས་བཅད་བགྱིས་ཏེ་གནས་པ་ལགས། །དེ་ཡིས་ཉི་མའི་འོད་བཞིན་དུ། །འཇིག་རྟེན་སྣང་བར་བགྱིས་པས་ན། །དེ་ལས་གཞན་པའི་ཚིག་ཀུན་ནི། །ཤིན་ཏུ་ཅིར་ཡང་མ་རུང་གྱུར། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་

བསྔགས་པར་འོས་པ་བསྔགས་པ་ལས་གསུང་རྣམ་པར་དག་པ་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།ཆོས་རྣམས་ཐམས་ཅད་བདག་མེད་པ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །མྱ་ངན་འདས་ཞི་ཞེས་བགྱི་བ། །མཚན་ཉིད་འདི་གསུམ་ཆོས་ཀྱི་རྒྱ། །སྨྲ་

བ་ཀུན་གྱི་ཡུལ་མིན་པ། །མི་ཕྱེད་ཁྱོད་ཀྱིས་གཞག་པ་མཛད། །ཇི་སྐད་བརྗོད་ཀྱང་འཇིག་རྟེན་ན། །རང་བཞིན་ལས་ནི་གང་ཞིག་འདའ། །གལ་འཛིན་པ་ཡིས་ཤགས་ལ་ནི། །གོམས་པར་བགྱིས་ཀྱང་སུ་ཞིག་གིས། །མེ་ཉིད་གྲང་བ་ལྟ་བུར་ནི། །དེ་ཉིད་གཞན་དུ་བགྱི་

བར་ནུས། །ནམ་མཁའ་ཐོགས་པ་མེད་པ་ལ། །འགའ་ཡིས་རྨ་ཕྱིན་འགྱུར་སྲིད་ཀྱི། །ཆོས་ཀྱི་ཕྱག་རྒྱ་འདི་ལ་ནི། །ཆོས་དང་མཐུན་པར་འགལ་མ་ལགས། །ཆོས་ཉིད་དེ་ཉིད་མཁྱེན་ཁྱོད་ཀྱི། །བཀའ་ལ་ནག་པོ་ཆེན་པོ་དག །བསྟན་པས་འདི་ནི་མཆིས་གྲགས་ཀྱི། །སྨྲ་བ་གཞན་

ལ་མཆིས་མ་ལགས། །ཐ་དད་ལྟ་ལ་བརྟེན་པ་ཡིས། །འཇིག་རྟེན་རྣམས་ནི་རྩོད་པར་ལྟུང་། །ཁྱོད་ནི་གཅིག་པུས་རྩོད་མེད་པའི། །གནས་ཀྱི་གོ་འཕང་ཐུགས་སུ་ཆུད། །ལོང་བ་རྣམས་ནི་རྩོད་གྱུར་ཀྱང་། །མིག་ཅན་གཟུགས་རྣམས་མཐོང་བ་ནི། །ཇི་ལྟར་རྩོད་པར་མི་འགྱུར་བ། །དེ་

เล่ม ๑ · หน้า 92a

ཉིད་ཁྱོད་དང་བྱིས་པའི་དཔེ། །ཆོས་བཞིན་གསུང་བ་ཁྱོད་ལ་ནི། །འགའ་དང་ལྷན་ཅིག་རྩོད་མི་མངའ། །ལེགས་པར་སྨྲ་ཕྱིར་མཁས་དང་མིན། །ཁྱད་དུ་གསོད་ཕྱིར་མི་མཁས་མིན། །འདོད་པ་རྣམས་ནི་མི་སྣང་གྱུར། །ལྟ་བའི་དྲ་བ་རབ་ཏུ་བཅོམ། །གཞི་མ་མཆིས་ན་

ཅི་སླད་ཁྱོད། །གཞི་མ་མཆིས་པ་རྩོད་པར་འགྱུར། །རྒྱལ་ཐབས་བརྙེས་པ་ཁྱོད་ལྟ་བུའི། །བརྟན་པ་ཅི་ཞིག་རྩོད་པ་མཛད། །འོད་ཟེར་སྟོང་ལྡན་རོ་ལྟ་བུའི། །མུན་དང་ལྷན་ཅིག་ཅི་ཞིག་འགྱེད། །མཁའ་ལ་ལྕག་གིས་འཇུ་བ་བཞིན། །བརྩད་པས་ཁྱོད་ལ་བརྫི་མི་འགྱུར། །རླུང་གིས་བཟློག་

ཕྱོགས་གཏོར་བའི་རྡུལ། །འཐོར་བ་ཉིད་ལ་འབབ་ཅིང་འགོ །འཇིག་རྟེན་རྣམས་ནི་རྟག་པར་ལྟུང་། །ཡང་དག་ཇི་བཞིན་སྤྱོད་ཡུལ་ཁྱོད། །དེ་སླད་ཕྱིན་ཅི་ལོག་གྱུར་པ། །མང་པོ་རྣམས་དང་ཁྱོད་མི་མཚུངས། །དཔེར་ན་ལྕགས་དང་གསེར་བཞིན་དུ། །ལོག་པར་མངོན་པར་ཞེན་རྣམས་

དང་། །མངོན་ཞེན་མི་མངའ་ཁྱོད་དུ་ནི། །ལྷན་ཅིག་བསྒྲུན་དུ་ག་ལ་མཆིས། །བྱིས་པ་རྣམས་ནི་མ་འཚལ་ཏེ། །མགོན་པོ་ཕན་དང་བདེ་བཞེད་པ། །དེ་མིན་ཁྱོད་ལ་བསྔོ་བགྱིད་པ། །བདག་གིས་བདག་ཉིད་བརླག་པར་བས། །བདག་གིས་བདག་ཉིད་མེ་འབར་བའི། །ཕྲེང་བ་འཁྲིགས་པར་མི་བསྔོ་

ཡི། །རྒྱལ་བ་ཐུབ་པ་མེད་པ་ཡི། །གཟི་བྱིན་ཅན་ལ་བསྡོར་མི་རུང་། །ཁྱོད་ལ་འདིར་བརྒལ་དུས་བཏབ་ནས། །ཁྱོད་ཀྱིས་སླར་གཞན་དུས་བཏབ་པ། །བརྟོད་པ་དམ་པོས་བཏགས་པ་བཞིན། །སྟན་ལས་ལྡང་བར་ནུས་མ་མཆིས། །ཁྱོད་ཀྱིས་ཚོགས་པར་བདེན་སྨྲའི་བུའི། །རྒོལ་བའི་

མཆེ་བ་བཅག་པས་ན། །ཕ་རོལ་རྒོལ་བ་ཐམས་ཅད་ཀྱི། །རྭ་ཡང་བཅག་པ་ཉིད་དུ་འགྱུར། །ཕ་རོལ་རྒོལ་བ་ཁ་ཅིག་ནི། །ཁྱོད་དང་འཕྲད་ནས་འདུད་པར་བགྱིད། །ཁ་ཅིག་ཐག་རིང་སླར་ལྡོག་སྟེ། །གཞན་དག་སྤྱན་སྔར་ཞུམ་ནས་མཆིས། །ཁ་ཅིག་ཁྱོད་ཀྱིས་དམ་པའི་ཆོས། །བདུད་རྩིའི་རྒྱུན་

གྱི་ཆར་ཕབ་པས། །ཡང་དག་སྒྲུབ་པ་ཕུན་སུམ་གྱིས། །དམ་པའི་ཆོས་ལ་བསྟེན་པར་བགྱིད། །ཀྱེ་མ་མགོན་པོ་ཐུགས་རྗེའི་བདག །ཀྱི་ཧུད་གཏི་མུག་ཉོན་མོངས་ངན། །ཀྱི་ཧུད་སྲེད་པ་རྣམ་པར་འཕྲོ། །ཀྱི་ཧུད་ང་རྒྱལ་ཕུང་བར་བྱེད། །དམ་ཆོས་མ་ཡིན་འདི་གསུམ་གྱིས། །སྐྱེ་བོ་འདི་ནི་ཀུན་

เล่ม ๑ · หน้า 92b

དཀྲུགས་ཏེ། །མི་བཟད་རྒྱུན་གྱིས་བདས་པ་བཞིན། །ཁྱོད་ཀྱི་གཞུང་དང་བྲལ་བར་བགྱིད། །འདི་ཡི་གཞི་ཡིས་ལྟ་བ་དང་། །ཐེ་ཚོམ་ལ་སོགས་ཉེ་ཉོན་མོངས། །སོ་སོར་ལམ་གྱི་བར་གཅོད་པ། །ཀུན་ནས་ཉོན་མོངས་ཐམས་ཅད་འཕེལ། །ཀ་ལ་པིང་ཀའི་སྐད་ཐོས་ནས། །ཁྭ་ཡི་སྒྲ་ལ་

ཆགས་མེད་ལྟར། །ཁྱོད་ཀྱི་ཆོས་ཀྱི་རོ་མྱོང་ན། །གཞན་གྱི་ཚིག་ལ་ཆགས་མི་འགྱུར། །གང་དག་ཆོས་ལ་སྒྱུ་བཤམས་ནས། །ཁྱོད་ཀྱི་བཀའ་ལ་ཞུགས་གྱུར་པ། །ང་ན་ངོན་ཐོས་པ་དེ་ལའང་དེ། །རྔ་མོ་སྦྲང་རྩི་བཞིན་དུ་འགྱུར། །བདེན་ཞིང་གོ་སླ་དོན་དང་ལྡན། །བསམ་པ་དང་ནི་ཆོ་འཕྲུལ་

བཅས། །ཟད་མི་ཤེས་ལ་མདོར་འདུས་པ། །གཅིག་ཏུ་མཐུ་ནི་ཆེན་པོར་ལྡན། །སྙིང་པོ་མཆོག་ལྡན་རོ་མཆོག་ལྡན། །རྣམ་གྲངས་ལྡན་ཞིང་ཐབས་དང་ལྡན། །ཡོངས་སུ་རྫོགས་ལ་མ་འདྲེས་པ། །གཟི་བརྗིད་དང་ལྡན་གྲགས་དང་ལྡན། །དེ་འདྲའི་ཡོན་ཏན་དང་ལྡན་པའི། །ཁྱོད་གསུང་

ཐོས་པ་སུ་ཞིག་ནི། །དེ་ལས་བཟློག་པ་གཞན་གྱི་ཚིག །རུལ་པ་ལྟ་བུ་སྣོམ་པར་བགྱིད། །སྡུག་བསྔལ་ཡང་རུང་བདེ་ཡང་རུང་། །དོན་དང་མི་ལྡན་གང་ཡིན་པ། །དེ་ནི་ཡོངས་སུ་སྤང་བྱ་ཞིང་། །བཟློག་པ་བསྟེན་པར་བྱ་བར་གསུངས། །འདོད་དང་མི་འདོད་བསྟེན་པ་ལ། །དེ་ལྟར་ཁྱད་

པར་གསུངས་ཁྱོད་ཀྱི། །ལམ་མལ་ཐང་ཆད་སྨྲ་བ་རྣམས། །ཇི་ལྟ་བུར་ན་རྗེས་འབྲང་འགྱུར། །སྤྱད་པ་རྣམས་ལ་ཁྱོད་ཀྱིས་ནི། །འདི་ཡི་ཆེད་དུ་བསྟན་པ་གང་། །དེ་ཉིད་ཁྱོད་ཀྱི་བཀའ་དང་ནི། །གཞན་གྱི་ཚིག་གི་མཚམས་རྫོགས་པ། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །ཇི་

ལྟར་ཁྱད་པར་ཆེ་ཞུགས་པ། །དུག་དང་བདུད་རྩི་དེ་ལྟ་མིན། །མུན་དང་སྣང་བའང་མ་ལགས་སོ། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །ཇི་ལྟར་ཁྱད་པར་རྒྱང་ཆད་པ། །མཐོ་རིས་ངན་སོང་དེ་ལྟར་མིན། །ཟིལ་དངར་བཀུས་ཏེ་བོར་བའང་མིན། །དེ་ནི་ཚིག་ཙམ་སྙིང་པོ་སྟེ། །འདི་ནི་

ཚིག་དང་ཚིག་དོན་ལྡན། །དེ་ཡིས་ཁྱོད་ཀྱི་བཀའ་དང་ནི། །གཞན་གྱི་ཚིག་གི་ཁྱད་པར་བཤད། །བདེ་བར་གཤེགས་པ་ཁྱོད་དང་ནི། །སྨྲ་དེ་རྣམས་ཀྱི་ཁྱད་པར་གང་། །དེ་ཉིད་ཁྱོད་ཀྱི་བཀའ་དང་ནི། །གཞན་གྱི་ཚིག་གི་མཐོ་དམན་ལགས། །ཇི་ལྟར་སྲིད་དང་ཐར་པའི་ཆད། །དེ་ནི་དཔྱད་

เล่ม ๑ · หน้า 93a

དུ་མེད་པ་ལྟར། །དཔའ་བོ་ཁྱོད་ཀྱི་བཀའ་དང་ནི། །གཞན་ཚིག་ཁྱད་ཀྱང་དེ་དང་འདྲ། །འཇུག་དང་ལྡོག་པ་གང་ལགས་པ། །ཀུན་ནས་ཉོན་མོངས་རྣམ་བྱང་གང་། །དེ་ཉིད་དཔའ་བོ་ཁྱོད་བཀའ་དང་། །གཞན་གྱི་ཚིག་གི་ཁྱད་པར་ལགས། །འདི་ནི་གཅིག་པུ་དེ་བཞིན་ཉིད། །

དེ་ནི་སླུ་ཆོས་འབའ་ཞིག་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་ཁྱད་ཞུགས་གཞན་ཅི་འཚལ། །འདི་ནི་གཅིག་པུ་དགེ་ལ་དེ། །གཅིག་ཏུ་བར་ཆད་བགྱིད་ལགས་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་མི་འདྲ་ཅི་ཞིག་མཆིས། །དེ་ཡིས་བསྒོས་ཤིང་ཉེར་བསྒོས་པ། །འདི་ཡིས་

དག་པར་བགྱིད་འགྱུར་བ། །དེ་ཉིད་མགོན་པོ་ཁྱོད་བཀའ་དང་། །གཞན་གྱི་ཚིག་གི་ཁྱད་པར་ལགས། །དེ་ཀུན་དམ་པ་མ་ཡིན་བརྡོལ། །འདི་གཅིག་ལེགས་གསུངས་དེ་ཡི་སླད། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །བརྩན་དང་མི་བརྩན་ངེས་པ་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་

བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་རྩོད་པ་མི་མངའ་བར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།། །།འཇུག་པ་དང་ནི་ལྡོག་པ་ལ། །འགྲོ་འདིའི་རང་བཞིན་གང་ལགས་དང་། །ལྷ་དང་བཅས་པའི་འཇིག་རྟེན་ཀུན། །སོ་སོར་གང་ལས་མི་འདའ་བའི། །ལུགས་མཐུན་

ལུགས་དང་མི་མཐུན་པ། །ཚིག་བཅུ་གཉིས་ཀྱི་ཡི་གེ་གཉིས། །དེ་ནི་དམ་ཆོས་ཉི་མ་ཡི། །ཉི་མ་མཆོད་པའི་འོས་སུ་བསྟན། །དེ་ཉིད་རྫུས་ཏེ་སྐྱེ་བ་ཡི། །སྲིད་གཅིག་ཡན་ལག་མ་ཚང་བས། །ཇི་བཞིན་ཡན་ལག་སོ་སོ་ལ། །བཞི་རུ་བསྒྲེས་པས་གསུམ་མཆོད་ལགས། །དེ་ཉིད་ཡན་ལག་ཚང་

བ་ལས། །ཡི་གེ་བཅུ་གཉིས་ཚིག་དག་གིས། །བདེན་པའི་ལུགས་སུ་སྔ་མ་བཞིན། །བསྒྲེས་ན་རབ་ཏུ་འགྲོ་བ་ལགས། །ཚངས་པ་འདི་ནི་ཁྱོད་བསྟན་ལ། །གང་དག་ཇི་བཞིན་བསྟེན་བགྱིད་པ། །བྲམ་ཟེ་དེ་དག་ཚངས་འགྱུར་བའི། །གསང་གསུམ་མཐུན་པའི་ཚངས་པ་ལགས། །ཚངས་

པའི་ཚུལ་དང་ཚངས་པ་དང་། །ཚངས་ཚུལ་འབྲས་བུ་ཚངས་པའི་དོན། །ཚངས་མཆོག་ཁྱོད་ཀྱི་བསྟན་པ་ལས། །གཞན་ལ་མཆིས་པ་མ་ལགས་སོ། །ཚངས་པའི་ཚུལ་ནི་མ་མཆིས་པར། །འགའ་ཡང་བྲམ་ཟེར་འགྱུར་མ་ལགས། །དྲང་པོ་ཡི་ནི་ལམ་འདི་ཡང་། །གཞན་ནི་འགའ་ལའང་

เล่ม ๑ · หน้า 93b

མ་མཆིས་སོ། །རིག་དང་ཞབས་སུ་ལྡན་པ་ནི། །ཚངས་པ་ལགས་པར་བྲམ་ཟེས་བཤད། །རེག་པ་དེ་དང་ཞབས་དེ་ཡང་། །ཁྱོད་ཀྱི་བསྟན་ལས་གཞན་ལ་མིན། །སློབ་དང་མི་སློབ་རིག་པ་དེ། །ཞབས་ནི་དེ་ཐོབ་བགྱིད་པ་ལགས། །གཞན་ལ་ཆོས་ཀྱི་ལམ་དེ་ནི། །མིང་ཡང་མཆིས་པ་

མ་ལགས་སོ། །གང་ཞིག་གོམས་པར་བགྱིས་པ་ཡིས། །རིགས་ཀུན་བྲམ་ཟེར་འགྱུར་བགྱིད་པ། །བདུད་རྩིའི་སྒོ་ནི་རིང་ཞིག་ནས། །བཅད་པ་ཁྱོད་ཀྱིས་དབྱེ་བ་མཛད། །ལྟ་བ་ངན་དང་ཡིད་གཉིས་ཀྱིས། །ཟིན་པ་བྲམ་ཟེར་ཅི་ཞིག་འགྱུར། །ཁྱོད་ཀྱི་གཞུང་ལུགས་མ་གཏོགས་པར། །

གཞན་གྱིས་མདུད་པ་འདི་མི་ཆོད། །བྲམ་ཟེ་ཚངས་པའི་བུ་ཡིན་ཏེ། །སྙིང་དང་ཁ་ལས་སྐྱེས་ཞེས་པ། །འཇིག་རྟེན་གྱི་ནི་གྲགས་པ་དེ། །ཁྱོད་ལ་འབྲས་བུ་བཅས་པར་གྱུར། །ཚངས་ཁྱོད་ཚངས་ལམ་ཁྱོད་ལ་མངའ། །ཁྱོད་ནི་བྲམ་ཟེའི་ཁྱུ་མཆོག་སྟེ། །ཉེ་བར་འདྲེན་དང་སྟོན་པའང་ཁྱོད། །

ཁྱོད་ནི་དུས་མཆོད་མདུན་ན་འདོན། །ཁྱོད་ཀྱིས་ལེགས་པར་བསྟན་པ་ཡི། །བྲམ་ཟེ་མི་གཙང་འགྱུར་མ་ལགས། །ཉེ་བར་དྲངས་པའི་བྲམ་ཟེ་ཡང་། །ཚངས་པའི་ཚུལ་ལས་ལྟུང་མི་འགྱུར། །ཁྱོད་བསྟན་ལས་གཞན་འགའ་ལ་ཡང་། །བྲམ་ཟེར་འགྱུར་བའི་ཆོས་མ་མཆིས། །ཚངས་པ་

ཡི་ནི་མཆོད་པ་དང་། །ཚངས་པའི་ལམ་ཡང་མཆིས་མ་ལགས། །ཚངས་པའི་བདེན་པ་གསུམ་དང་ནི། །ཚངས་པའི་མཚན་ཉིད་རྣམ་གསུམ་དང་། །ཚངས་པའི་མཆོག་རབ་གསུམ་དང་ནི། །ཚངས་པའི་རིགས་ཀྱང་མཆིས་མ་ལགས། །འཇིག་རྟེན་ལེགས་བཤད་ཇི་སྙེད་པ། །

ཐམས་ཅད་ཁྱོད་ཀྱི་བསྟན་ལས་འབྱུང་། །སྐྱོན་མེད་མངོན་པར་བརྗོད་པ་འདི། །བདེ་གཤེགས་ཁོ་ནའི་མ་འདྲེས་པ། །ཁྱོད་ལས་གཞན་པ་གང་དག་ཅིག །ངག་ལ་སྐྱོན་མེད་གདའ་བ་དེ། །ཐམས་ཅད་ཆོས་ཀུན་མཁྱེན་ཁྱོད་ཀྱི། །ལེགས་པར་གསུངས་པའི་བྲམ་ཟེ་ལགས། །སྲིན་

བུས་ཟོས་པའི་ཡི་གེ་ལྟར། །འདི་ལས་གཞན་པའི་ལེགས་བཤད་གང་། །དེ་ནི་ལྕགས་ལས་གསེར་བཞིན་དུ། །དེ་ལ་འཚམ་པ་མ་ལགས་སོ། །ཨེ་རཎྜ་ཡི་ཤིང་ཁྲོད་དུ། །ཙནྡན་ས་མཆོག་བཞག་པ་ལྟར། །ལྟག་འོག་འགལ་བ་དེ་ལ་དེ། །མཆིས་པར་སུ་ཞིག་ཡིད་ཆེས་འགྱུར། །

เล่ม ๑ · หน้า 94a

གང་ཞིག་ནིམ་པའི་ཤིང་ལ་ནི། །ཨ་མྲའི་འབྲས་བུ་སྨིན་བཏགས་པ། །དེ་ལས་སྐྱེས་ཞེས་ཡིད་ཆེས་ཏེ། །གཞན་ལ་ལེགས་བཤད་ཡོད་སེམས་གྲང་། །མ་ལ་ཡ་ལས་ཙནྡན་བཞིན། །ཁྱོད་ལས་གཞན་ལ་ལྷར་བཅས་པའི། །འཇིག་རྟེན་འདི་ན་ལེགས་བཤད་

པའི། །རིན་ཆེན་འབྱུང་བ་མ་མཆིས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ཚངས་པ་དང་མཐུན་པར་གསུང་བར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། །།བརྒྱ་ལ་རེས་འགའ་གང་ཞིག་གིས། །མི་གསུང་ཐུགས་ལས་ཆུད་དགྱེས་

པ། །རང་བྱུང་བསེ་རུ་ལྟ་བུ་རྣམས། །རྣམ་པར་འགྱིང་ཞིང་བཞུད་གྱུར་པ། །ཉམས་པར་འགྱུར་བའི་ལམ་མང་བས། །རྟགས་པར་ཡང་ནི་རབ་དགའ་བ། །མྱ་ངན་འདས་པའི་ལམ་དེ་ནི། །ཁྱོད་ཀྱིས་ལམ་ཆེན་སྲོལ་དུ་བཏོད། །དེ་ནི་གླང་པོ་ཆེ་རྣམས་ལྟར། །དགའ་མགུར་གཞོན་ནུ་དག་དང་ནི། །

སྟོབས་དང་བློ་ནི་སོར་གཉིས་པའི། །བུད་མེད་ཀྱིས་ཀྱང་གོམས་པར་བགྱིས། །དེ་ནི་གཟི་བྱིན་ལྡན་པའི་མཆོག །ཁྱོད་ལ་བསྟེན་པའི་ཆོ་འཕྲུལ་ཏེ། །སངས་རྒྱས་ཀྱི་ནི་མ་འདྲེས་པ། །མཐུ་དཔག་མེད་པའི་གཟི་བྱིན་ལགས། །ཀུན་ནས་ཉོན་མོངས་སྦྲུལ་དག་གིས། །རྣམ་པ་དུ་མར་ཟིན་རྣམས་ལ། །

ཁྱོད་ནི་སྤྱི་ཡི་གཉེན་པོ་ཡི། །སྐྱོན་མེད་འབྱུང་གནས་མ་འདྲེས་པ། །འདོད་ཆགས་ལ་སོགས་འབགས་རྣམས་ལ། །སྐྱོན་ནི་སྐྱོན་མེད་མཛད་ཁྱོད་ཀྱིས། །མི་སྡུག་སྒོམ་པ་ལ་སོགས་པའི། །ཆོས་ཀྱང་རབ་ཏུ་བསྟན་པ་མཛད། །ཁྱོད་ཀྱིས་ལམ་གྱི་ཚོགས་ཀྱི་ཆོས། །དགེ་བ་ཟག་བཅས་བསྟན་མཛད་

པས། །དངོས་པོ་རྣམས་ཀྱི་ནང་གི་ནི། །ཕན་ཚུན་ཁྱད་པར་དག་ཀྱང་བསྟན། །དེ་ཡང་ཉེ་བའི་ཉོན་མོངས་དང་། །འབགས་ཕྱིར་སྤྱི་ཡི་རྣམ་པས་བཅོམ། །དུར་ཁྲོད་མགལ་བའི་ཡོག་པ་ལྟར། །དེ་དག་ཡེ་ཤེས་མེ་ལ་བསྲེགས། །བྱང་ཆུབ་པ་ཡི་སྔ་རོལ་དུ། །འཇུག་པ་བདེ་བའི་རྒྱུ་ཆོས་

བསྟན། །དེ་ནས་བྱང་ཆུབ་བརྙེས་ནས་ནི། །ལྡོག་པ་བདེ་བའི་ཆོས་ཀྱང་བསྟན། །སངས་རྒྱས་ནས་ཀྱང་དགེ་བའི་ཆོས། །ཟག་བཅས་དེ་དག་མ་བཤད་མིན། །ཕལ་ཆེར་མྱ་ངན་འདས་པ་ཡི། །རྒྱུ་མཐུན་ཉིད་དུ་ཡོངས་སུ་བསྔོས། །ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་

เล่ม ๑ · หน้า 94b

དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཁྱོད་ཀྱིས་ཡིད་གཉིས་མདུད་པ་བཅད། །ལྟ་བ་ངན་པའི་ཚེར་མ་དཀྲུགས། །སྲེད་པའི་དུག་གི་ལྕུག་མ་བསྲེགས། །ཁྲོ་བའི་དུག་ཀྱང་ཐམས་ཅད་བཅོམ། །མ་རིག་པ་ཡི་ལིང་ཏོག་བསལ། །ང་རྒྱལ་

གྱི་ནི་རྒྱལ་མཚན་བསྒྱེལ། །སེམས་ཀྱི་ཐ་བ་རྣམས་ཀྱང་བཅོམ། །རྣམ་པར་འཆིང་བ་རྣམ་པར་གཏུབས། །མདུད་པ་ཐམས་ཅད་རྣམ་པར་བཀྲོལ། །ཆུ་བོ་ལ་ནི་གཟིངས་ཀྱང་བཅས། །ཁྱོད་ཀྱིས་ཆུ་བོ་རྣམས་ཀྱི་གཞི། །མཚོ་ཆེན་གང་ལགས་དེ་ཡང་བསྐམས། །སྐྱོན་དང་སྙིགས་མ་ཡོན་པོ་

དག །སེམས་ལ་མི་མངོན་འཁྲས་བགྱིད་པ། །ཀུན་ནས་ཉོན་མོངས་དུག་ཤིང་གི། །རྩ་བ་ཁྱོད་ཀྱིས་དྲུངས་ནས་ཕྱུང་། །ཕྱིན་ཅི་ལོག་གིས་འཚལ་པ་ཡི། །ངན་པའི་ལམ་ནི་ཐམས་ཅད་བཅད། །འཆི་མེད་བགྲོད་པ་གཅིག་པ་ཡི། །དཔལ་ལྡན་ལམ་ནི་དྲང་པོ་ཕྱེ། །གཞན་དག་གདུལ་བར་

བགྱི་བ་ཡི། །སྐྱོན་བརྒྱད་ལས་ནི་ངེས་དྲངས་ནས། །འདོད་པའི་ཡན་ལག་བརྒྱད་ལྡན་པ། །ཅང་ཤེས་བཟང་པོའི་གནས་སུ་བཀོད། །ཀུན་ནས་ཉོན་མོངས་སྲིན་འཁྲུག་པའི། །མི་གཙང་རྒྱུན་ནས་དྲངས་ནས་ཀྱང་། །ཉོན་མོངས་མིན་པའི་ཡན་ལག་ཅན། །དྲི་མེད་ཆུ་ལ་འཕྱོ་རུ་སྩལ། །

འཆལ་བའི་ཚུལ་ཁྲིམས་སྐྱོན་བསལ་ནས། །ཚུལ་ཁྲིམས་ཀྱི་ནི་བྱུག་པས་བྱུགས། །ངོ་ཚ་ཤེས་དང་ཁྲེལ་ཡོད་པའི། །དྲི་མེད་གོས་ཀྱིས་དགབ་པ་མཛད། །དམ་པའི་ཆོས་རྒྱན་དཀར་པོ་ནི། །སྤ་བ་དག་གིས་བརྒྱན་མཛད་ནས། །དེ་དག་བསམ་གཏན་སེང་གེའི་ཁྲི། །ཆེན་པོའི་རྐྱེན་དུ་འབབ་

ལ་བཞག །བྱང་ཆུབ་ཡན་ལག་མེ་ཏོག་ནི། །ཟག་མེད་དྲི་ཞིམ་རྣམས་ཀྱིས་གཏོར། །ཆོས་ཀྱི་དགའ་བ་འཕགས་པའི་རོས། །ཟང་ཟིང་མེད་པས་ཚིམ་པར་མཛད། །སྲིད་པའི་བྲན་ནི་འཚེ་མང་བ། །ཐོག་མ་མེད་པ་ལས་བཏོན་ནས། །ཉིད་ཀྱི་སྲས་པོ་གཏན་དུ་ནི། །ཉམས་པ་མེད་པ་ཁོ་ནར་

མཛད། །གཞན་དག་མ་འོངས་དུས་ན་ནི། །རང་རྒྱལ་བ་ཡི་སྣོད་དུ་མཛད། །གཞན་དག་ཐེག་པ་ཆེན་པོ་ཡི། །རྒྱལ་ཚབ་མཆོག་ཏུ་དབང་ཡང་བསྐུར། །ཆོས་ཀུན་གྱི་ནི་ཚིག་མཁྱེན་ཅིང་། །དོན་རྣམས་ཀུན་གྱི་གཞི་ལ་མཁས། །སྐད་ཀྱི་དབྱེ་བ་ཀུན་མཁྱེན་ཅིང་། །ཕྱོགས་རྣམས་ཀུན་དུ་སྤོབས་

เล่ม ๑ · หน้า 95a

དང་ལྡན། །ང་ནི་མགོན་མེད་ཁྱེད་རྣམས་ཀྱི། །གྲོགས་སུ་གྱུར་པ་ཞེས་སྒྲོགས་ཤིང་། །ཐུགས་རྗེ་ཆེན་པོས་འགྲོ་བ་ནི། །མཐའ་དག་འཁྱུད་པ་བཞིན་དུ་བཞུགས། །སྟོན་པ་ཐུགས་རྗེ་ཆེ་མངའ་བ། །བརྩེ་བར་ལྡན་ཞིང་ཐུགས་བརྩེར་མཛད། །དེར་བརྩོན་ལེ་ལོ་མི་མངའ་བ། །

ཁྱོད་དང་འདྲ་བ་གཞན་སུ་མཆིས། །ཁྱོད་ནི་སེམས་ཅན་ཀུན་གྱི་མགོན། །སྤྱི་ཡི་རྩ་ལག་བཟང་པོ་ལགས། །མགོན་དུ་ཁྱེད་བཞུགས་མ་འཚལ་བས། །དེ་སླད་སྐྱེ་བོ་བྱིང་བར་གྱུར། །གང་ཞིག་ཡང་དག་བླངས་ནས་ནི། །ཐ་ཤལ་བས་ཀྱང་གྲོགས་ནུས་པ། །གྲོགས་བྱེད་པ་ཡི་ཆོས་དག་ནི། །

ཁྱོད་ལས་གཞན་པ་འགས་མི་རྟོགས། །ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་སྟེན། །འཇིག་རྟེན་སྤྱོད་པ་མེད་དང་སྦྱར། །ཆོས་ཉིད་ཟབ་པ་དང་ཡང་སྦྱར། །དམན་ལ་མོས་པ་ཉིད་

དང་སྦྱར། །ལམ་ནི་ངན་པ་མང་དང་སྦྱར། །ཐོག་མེད་དུས་ནས་གོམས་པ་ཡི། །བྲེལ་བ་ངང་གི་འབྱུང་དང་སྦྱར། །བསྒོམ་པ་འབད་པ་ཆེན་པོས་ཀྱང་། །ཐོབ་པར་དཀའ་བ་དང་སྦྱར་ན། །འཇིག་རྟེན་དུ་ནི་ཁྱོད་ལྟ་བུ། །ཆོས་དཀར་ཡང་དག་བླང་བ་ཡི། །དངོས་པོ་གསལ་བར་སྟོན་པའི་རྩ། །

བཟང་པོ་གལ་ཏེ་མ་བྱུང་ན། །འགྲོ་ཀུན་མུན་པར་འགྱུར་ལགས་ཏེ། །མི་འདོད་ཚོར་བ་བྱུང་བ་ཡིས། །ཉམ་ཐག་འོ་དོད་ཆེར་འབོད་པའི། །ངན་སོང་རང་བཞིན་ཁོ་ནར་འགྱུར། །ཁྱོད་ལ་གང་གིས་འགྲོ་རྣམ་གསུམ། །དེ་ནི་གཞན་གྱིས་སྒྲུབ་པར་བས། །ཁྱོད་ནི་དགྲ་བཤེས་བར་མ་ལ། །བཤེས་

མཆོག་ཉིད་དུ་རྩེ་བར་མཛད། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ཕན་པར་མཛད་པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའོ།། །།བགོ་བཤའ་མཛད་པའི་ཆོས་ཉིད་ནི། །ཁྱོད་གཅིག་པུ་ལ་རྫོགས་མངའ་ཡི། །གཞན་ལ་ཕན་གདགས་

བགྱི་བ་ལ། །སྐྱེ་བོ་གཞན་ནི་ཚོགས་ཤིང་མཆིས། །ཁྱོད་ཀྱི་སློབ་མ་བསྡུ་བ་ཡི། །དངོས་ལ་མཁས་པར་གདའ་བ་གང་། །དེ་ཡང་རྫོགས་པར་མི་མཁས་པས། །ཁྱོད་ཀྱི་ཆ་ཤས་རྗེས་སུ་འབྲང་། །བཅོམ་ལྡན་ཁྱོད་ཀྱི་ཟང་ཟིང་གི། །བགོ་བཤའ་སྲོག་གི་བར་ལགས་ཏེ། །དམ་པའི་

เล่ม ๑ · หน้า 95b

ཆོས་ཀྱི་བགོ་བཤའ་ནི། །སློབ་དཔོན་དཔེ་མཁྱུད་བྲལ་བ་ལགས། །ཁྱོད་ནི་བགོ་བཤའ་བགྱི་བའི་ལས། །བླ་ན་མེད་པའི་མཛད་པ་པོ། །ཕུན་སུམ་ཐམས་ཅད་རྫོགས་མངའ་བ། །ཁྱོད་ནི་བཏང་བར་བགྱི་མ་ལགས། །འགྲོ་བ་ཕལ་ཆེར་མི་བཟད་པ། །གཞན་ལ་གནོད་པ་བགྱིད་པར་དགའ། །

ཁྱོད་ནི་འཇིག་རྟེན་རང་བཞིན་ཏེ། །རྒྱུན་ལས་བཟློག་པའི་ཕྱོགས་སུ་འཇུག །བྱས་པ་གཟོ་གང་དེ་དག་ཉུང་། །ཕན་འདོགས་བགྱི་བ་འགའ་ཙམ་སྟེ། །དེ་ཡང་ཕལ་ཆེར་རེ་བ་ཅན། །ཁྱོད་གཅིག་དག་པའི་ཆོས་ཅན་ལགས། །ཕན་བཏགས་པ་ཡིས་ཁྱོད་མི་འཇུག །གནོད་པ་བགྱིས་པས་

ལྡོག་མ་ལགས། །སྐལ་པ་མཆིས་ཞེས་ཐམས་ཅད་ལ། །ཁྱོད་ནི་མཉམ་པ་ཉིད་དུ་འཇུག །མཚན་མོ་མེ་ཏོག་ཀུ་མུ་ད། །ཁ་འབྱེ་འགྱུར་ཞིང་པདྨ་ཟུམ། །ཉིན་པར་པདྨ་ཁ་འབྱེ་ཞིང་། །ཅིག་ཤོས་ཟུམ་པར་འགྱུར་མོད་ཀྱི། །འོན་ཀྱང་ཉི་མ་ཟླ་བ་ཡི། །འོད་ལ་ཕྱོགས་སུ་ལྷུང་མ་མཆིས། །

དེ་ཉིད་ཁྱོད་ཀྱིས་བྱིས་པ་དང་། །མཁས་པ་དག་ལ་བསྟན་པའི་དཔེ། །གང་ཚེ་མགོན་ཁྱོད་མཛད་པ་ནི། །ཐམས་ཅད་གཞན་དོན་ཁོ་ནར་བས། །དཔག་མེད་ཕན་པ་མཛད་པ་པོ། །ཁྱོད་ལ་ལན་ཅིས་ལོན་པར་འགྱུར། །སེམས་ཅན་དར་བར་མི་འགྱུར་བའི། །སྒྲུབ་པ་ཁྱོད་ལ་འགའ་མི་མངའ། །

ཁྱོད་ཀྱི་དབུགས་ཕྱུང་ཙམ་ཡང་ནི། །འགྲོ་ལ་ཕན་དང་བདེ་བ་སྐྱེད། །སངས་རྒྱས་དབུགས་ནི་ཕྱུང་བའི་ངད། །དྲི་ཀུན་ཟིལ་གྱིས་གནོན་མཛད་པ། །ཚོར་ན་ཞེ་འགྲས་གྱུར་པ་ཡང་། །ཁྱོད་ལ་དང་བ་བསྐྱེད་པར་བགྱིད། །སངས་རྒྱས་དབུགས་ཀྱི་ངད་བབ་ན། །བག་མེད་པ་ཡི་ལྷ་རྣམས་ཀྱང་། །

ལྷ་ཡི་ཡུལ་ཡང་སྤངས་ནས་ནི། །འདུལ་བ་དག་ལ་མངོན་ཕྱོགས་འགྱུར། །ཁྱོད་ལས་དམ་པའི་ཆོས་མཉན་པས། །ཐམས་ཅད་ཚིམ་པར་འགྱུར་མ་འཚལ། །དེ་སླད་དམ་པའི་དོན་དུ་ན། །ཁྱོད་ཉིད་ངོམས་འགྱུར་ཚིམ་མཛད་ལགས། །སྐྱེ་དགུ་རྣམས་ལ་ཆར་བཞིན་དུ། །ཁྱོད་ནི་མཁས་

པ་ཀུན་གྱི་གསོས། །འདི་ལྟར་ཁྱོད་ཀྱི་གསོས་འགྱུར་གང་། །དེ་དང་དེ་ནི་མཆིས་མ་ལགས། །དགྲོངས་པར་འཚལ་བ་རྣམས་ལ་ཡང་། །ཁྱོད་ཀྱི་ཕན་དགོངས་ཅི་འདྲ་བ། །དེ་བློ་མ་སྦྱངས་བྱིས་པ་ཡིས། །ཡིད་ཆེས་བགྱི་བར་ནུས་མ་ལགས། །ཁྱོད་ནི་སྡང་བ་རྣམས་ལ་ཡང་། །ལེགས་པ་ཅི་

เล่ม ๑ · หน้า 96a

འདྲ་སྒྲུབ་མཛད་པ། །ས་དེ་ཡིད་ལ་སྨོན་པའི་ཡང་། །ཡུལ་ལས་འདས་པར་གྱུར་པ་ལགས། །ལ་ལ་ཕན་འདོགས་མཛད་པ་ཡི། །རོ་མཆོག་རྟོགས་པ་དེ་དག་ཀྱང་། །ཁྱོད་ཀྱི་ཆོས་ཀྱི་བགོ་སྐལ་ལ། །སྤྱོད་པར་འགྱུར་བའི་གཉེན་ལགས་སོ། །གལ་ཏེ་སེམས་ཅན་

འདི་དག་གིས། །ཁྱོད་མངའ་ཐུགས་རྗེའི་དགོངས་པ་འཚལ། །ཁྱོད་ཀྱི་བསྟན་པས་འཚོ་བཞིན་དུ། །ཀུན་དུ་འབར་བའི་མེར་ཡང་འཇུག །གང་སླད་བདུད་ཀྱི་དགྲས་ཐེབས་པས། །རྟོགས་པར་མི་འགྱུར་དེ་སླད་དུ། །ཁྱོད་ཀྱི་བསྟན་ལས་འགལ་བགྱིད་པའི། །བྱིས་པ་རྣམས་ནི་བདག་

ཉིད་འགུམས། །ཁྱོད་ཀྱི་བསྟན་ལས་གཞན་ཕྱོགས་པ། །གཡང་ས་ཆེན་པོའི་མུན་པ་དང་། །ཡོངས་སུ་གདུང་བ་མྱོང་བ་རྣམས། །ཀྱེ་མ་ཡུན་རིང་འཁྱམ་པར་འགྱུར། །ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོན་ནས་ཀྱང་། །སྡུག་བསྔལ་

ཡང་འབྱུང་སྲིད་པ་སྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་ཟློག་པར་བགྱིད། །ཁྱོད་ཀྱིས་དང་པོར་ལྷ་བུ་ཡི། །བདུད་ཀྱི་མེ་ཏོག་རྒྱལ་མཚན་བསྙལ། །དེ་ནས་ཉོན་མོངས་བདུད་ཀྱི་ནི། །ང་རྒྱལ་

རྒྱལ་མཚན་མཐོན་པོ་བརྟིབ། །ཁྱོད་ཀྱིས་བྱང་ཆུབ་མ་བརྙེས་པར། །འདོད་ཁམས་དབང་ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ། །དབང་ཕྱུག་ཁྱོད་ཉིད་འཇིག་རྟེན་འདིར། །དཔའ་བོ་རྣམས་ཀྱི་དཔའ་རབ་སྟེ། །ཉོན་མོངས་དབང་གྱུར་སྐྱེ་བོ་

ལ། །དཔའ་བའི་རབ་ཏུ་གང་ཞིག་རྩི། །ཁྱོད་ཀྱིས་རང་གཞན་གཉིས་ཀ་ཡི། །རྒྱུད་ལ་ཉོན་མོངས་སྡེ་བཅོམ་པས། ཁྱོད་ལས་དཔའ་མཆོག་གཞན་དང་ནི། །མི་བཟད་གཡུལ་རྒྱལ་གཞན་མ་མཆིས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ལན་མི་ལོན་

པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་དགུ་པའོ།། །།སྤྱན་གྱི་ཡོན་ཏན་མཐོན་མཐིང་དང་། །དཀར་གནག་གསུམ་པོ་གང་ལགས་པ། །དེ་ལ་གཙོར་བཅས་འཇིག་རྟེན་གྱི། །ཡོན་ཏན་རྣམས་ཀྱིས་ཁྱད་མི་ཁོར། །སྒྲོས་གང་དཔལ་གྱིས་བླ་ན་མེད། །འོག་མ་དཔལ་མངའ་གཉིས་ཀ་ཡང་། །འབྱུང་

เล่ม ๑ · หน้า 96b

དང་འབྱུང་བ་ལས་གྱུར་པའི། །ཕུན་སུམ་ཚོགས་པ་བླ་ན་མེད། །དེ་དག་འགའ་ཞིག་མ་མཆིས་ན། །ཟླ་མཐུན་འགའ་ཡང་མ་མཆིས་པས། །གོང་མ་གང་གིས་ལྟག་གནས་གྱུར། །འོག་མའང་གང་གི་གཞི་བོར་འགྱུར། །ཁྱོད་ཀྱི་སྒྲོས་ནི་དཔལ་གྱི་གནས། །ཕན་ཚུན་འཚམ་པར་གྱུར་པ་འདི། །

ཨེ་མའོ་ལེགས་པར་ཟུང་དུ་འབྲེལ། །ཨེ་མའོ་འཕྲོད་པ་བླ་ན་མེད། །སྟོན་པའི་དུས་ན་གཡོ་འགྱུར་ཞིང་། །གསལ་བ་ཉིད་ལ་གཡོ་མི་མངའ། །ཚེམས་ཀྱི་ཟླ་བ་ཤར་བའི་དཔལ། །ནང་ནས་བག་ཙམ་གདའ་འགྱུར་བ། །ཉིད་ཀྱི་གནས་ནས་འབྱུང་བའི་སྒྲ། །མེ་ཏོག་བཞིན་དུ་འགྲེམས་མཛད་

ཅིང་། །གཞན་གྱིས་ཉེ་བར་བསྐྱེད་རྣམས་ཀྱི། །འགྲོ་བའི་ལམ་ལ་ཕན་འདོགས་པ། །ཟངས་ཞུན་འོད་འདྲ་འདི་དག་གི། །དཔལ་འབར་འདི་ཡི་ཐད་ན་ནི། །བིམ་པའི་འབྲས་བུ་མཚམས་སྤྲིན་དང་། །ཨུཏྤལ་དམར་མཛེས་རོ་དང་འདྲ། །ཁྱོད་ཀྱི་སྒྲོས་ནི་མཛེས་བསྐྱོད་པ། །གང་གིས་མཐོང་བ་

དེ་དག་གི། །ལེགས་པར་མིག་རྙེད་དེ་དག་གིས། །མཐོང་བའང་འབྲས་བུ་མཆིས་པ་ལགས། །མགོན་པོ་མུ་ཏིག་ཕྲེང་བས་མིན། །ཀུན་ད་ཀུ་མུ་ཏ་ཕྲེང་མིན། །གངས་ཅན་རྩེ་མོ་སྦྲེངས་པའི་ལུས། །ཟླ་བའི་འོད་ཀྱིས་བབ་པས་མིན། །སྟོན་ཀའི་ཆུ་བོ་སུན་འབྱིན་པ། །མཁའ་འགྲོ་དཀར་

པོའི་ཕྲེང་བས་མིན། །སྤྲིན་མེད་མཁའ་ལ་ལྷག་གེ་བ། །སྟོན་ཀའི་ཟླ་བ་ཚེས་པས་མིན། །དུལ་བ་ཁྱོད་ཀྱིས་ཚེམས་རྣམས་ཀྱི། །ཕྲེང་བ་འོད་གསལ་དཀར་འདི་ལ། །མར་མེའི་འོད་ཀྱིས་ཉི་འོད་བཞིན། །ཆ་ཤས་སུ་ཡང་ཕོད་མ་ལགས། །རྡོ་རྗེ་མྱུ་གུའི་ཕྲེང་བ་ལ། །འཕགས་པའི་ཆོས་

ཀྱི་བདུད་རྩིའི་རོས། །བརླན་པས་བསྒོས་པ་འདི་དང་ནི། །འདྲ་བར་འགྱུར་བའི་དངོས་ཅི་མཆིས། །ཀུ་མུ་ད་ཟླ་ཀུན་ད་སོགས། །དཀར་པོའི་དཔེར་བརྗོད་བཞི་པ་དག །ཁྱོད་ཀྱི་ཚེམས་ཕྲེང་བྱུང་གྱུར་ནས། །ཐབས་ནི་ཤོར་བ་ལྟ་བུར་གདའ། །འཇིག་རྟེན་དུ་ནི་འདི་བྱུང་བས། །དཀར་པོ་དང་

ནི་མཛེས་པ་ཡི། །རྫས་རྣམས་ཐམས་ཅད་མ་ལུས་པ། །དྲི་མ་ཅན་དང་འདྲ་བར་གྱུར། །ཁྱོད་ཀྱི་ལྗགས་དང་སྒྲོས་བར་ན། །འདི་དག་ཐགས་བཟངས་གནས་པ་ནི། །རྟོགས་དང་ཞི་བའི་བར་དག་ན། །རྣམ་པར་གྲོལ་བ་བཞིན་དུ་མཛེས། །ཁྱོད་ཀྱི་དཔལ་གྱིས་འགྲོ་བ་འདི། །ཚེམས་ཀྱི་ཕྲེང་

เล่ม ๑ · หน้า 97a

བས་ཟིལ་མནན་པར། །གཟིགས་ནས་རྒྱལ་བར་གྱུར་ཏོ་ཞེས། །རུ་མཚོན་ལྟ་བུར་མཆེ་བ་བསྒྲེང་། །ཁྱོད་ཀྱི་མཆེ་བ་མཉམ་ལ་ཟླུམ། །མཛེས་ཤིང་རྩེ་མོ་རྣོ་དཀར་བ། །དཔེ་ཀུན་ཐབས་ཀྱིས་མནན་ནས་ནི། །འབར་བ་བཞིན་དུ་གནས་པ་ལགས། །ཟླ་བ་ཚེས་པ་འཇིག་རྟེན་ན། །

ཡོན་པོར་གསལ་གྱུར་གང་ལགས་ཏེ། །ཁྱོད་ཀྱི་མཆེ་བ་མི་ཡོ་ཞིང་། །མཛེས་པའི་ལུས་ཅན་རྣམས་ཀྱིས་བགྱིས། །ཚེས་པའི་གནས་སྐབས་མཆེ་བ་ཡིས། །ཉ་བ་ཞལ་རས་བཟང་པོ་ཡིས། །ཁམ་པ་འཕྲལ་བས་འཁྱིལ་པས་ནི། །འདོམ་གང་འོད་ཀྱིས་ཟིལ་མནན་ཏེ། །ཐུབ་པ་ཟླ་བ་ཁྱོད་ཀྱི་ནི། །

གཟུགས་ཀྱི་ཡོན་ཏན་ཕུན་ཚོགས་པས། །ཟླ་བའི་ཡོན་ཏན་ཕུན་སུམ་ཀུན། །གནས་སྐབས་ཀུན་དུ་ཉམས་པར་བགྱི། །བདེ་བར་གཤེགས་པ་ཁྱོད་ཀྱི་སྐུ། །གསེར་གྱི་པདྨོའི་སྙིང་པོ་ལྟར། །བ་སྤུ་གཡས་འཁྱིལ་ཉག་རེ་བ། །འཇམ་ལ་དྲི་མེད་གྱེན་དུ་འཁྲུངས། །སྣུམ་ལ་མ་འཛིངས་མ་འཁྲུགས་

པ། །ཨིནྡྲ་ནཱི་ལའི་རྔམས་ལྟ་བུར། །སྔོན་པོས་རིན་ཆེན་བསྐྱིལ་བ་ནི། །ཕྲ་མོ་ལྟ་བུར་སྤྲས་པར་གདའ། །སྐྱེས་བུ་གླང་ཆེན་ཁྱོད་ཀྱི་ནི། །གླང་པོ་ཆེ་མཚན་མ་འདྲེས་གང་། །ནང་དང་ཕྱི་ཡི་དྲི་མ་ཡིས། །ཤིན་ཏུ་ཉེ་བར་མ་གོས་གང་། །ཁྱོད་ཀྱི་ཡན་ལག་རྒྱན་འདྲ་གང་། །ཡན་ལག་མཛེས་པ་དེ་

ལེགས་ཏེ། །ལྷད་མེད་གསེར་ལས་བླུགས་པ་ཡི། །ཁོར་ཡུག་ལྟ་བུར་གནས་པ་ལགས། །རང་གི་དབྱིབས་ནི་མཛེས་པ་ཡི། །ཅང་ཤེས་གཙོ་བོ་ཐམས་ཅད་ཀྱི། །སྐྱེས་ཀྱི་མཚན་མ་མཛེས་པ་དག །ཟིལ་གྱིས་མནན་ཏེ་གནས་པ་གང་། །མགོན་པོ་ཚངས་སྤྱོད་གནས་སླད་དང་། །དབྱིབས་

ཀྱང་ཤིན་ཏུ་མཛེས་སླད་དུ། །ཁྱོད་ཀྱིས་སྦ་བ་ཉིད་ལགས་ཤིང་། །སྦ་བར་བགྱི་བ་མིན་པའང་ལགས། །ཐུགས་རྗེས་ཐེ་ཚོམ་ཅན་རྣམས་ལ། །ཁྱོད་ཀྱིས་མཚན་མ་གཞན་ཚུལ་གྱིས། །སྤྲིན་མཐོངས་ཟླ་བའི་གཟུགས་ལྟ་བུར། །ཤིན་ཏུ་ལན་མང་བསྟན་པ་གང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་རི། །

མི་གཡོ་བསྐྱོད་པ་ལྟར་མཛད་ནས། །ཐུགས་རྗེ་ཆེན་པོའི་མིག་གིས་ནི། །བློ་ཡི་ཡུལ་དུ་མཛད་པ་གང་། །དལ་གྱིས་འབབ་པའི་པདྨ་ནི། །ཅུང་ཟད་ཁ་བྱེའི་ཟེ་བའི་ཚོགས། །མགོན་པོ་ཡན་ལག་མཛེས་ཁྱོད་ཀྱི། །མཛེས་པ་དེ་ལ་དེས་མི་བསྐྱོད། །དཔལ་ལྡན་ཟླ་བ་ཉ་བ་ལ། །འཁྱིལ་པར་གནས་

เล่ม ๑ · หน้า 97b

པ་མཆིས་ན་ཡང་། །འོན་ཀྱང་ཡན་ལག་མཆོག་ཁྱོད་ཀྱི། །དཔེ་ཡི་གཞི་བོར་རྫོགས་མི་འགྱུར། །བསོད་ནམས་བརྒྱ་ཕྲག་རྒྱ་ཆེན་གྱི། །ལས་ཀྱིས་སྤྲུལ་པ་མཛེས་ལམ་ལ། །དེ་ལས་གཞན་པའི་སེམས་པ་ཡིས། །འཕངས་པས་ཡོང་ཡང་རྗེས་སླེབས་སམ། །ཉིད་ཀྱི་སྦུབས་དང་ན་བཟའ་དང་། །

སྡོམ་པས་ཤིན་ཏུ་བཀབ་ཀྱང་ནི། །མཚན་གཞན་ཕུན་སུམ་ཚོགས་པ་ཡིས། །གསལ་བར་གྱུར་པ་ལྟ་བུ་ལགས། །ཡན་ལག་དམ་པ་ལྡན་ཁྱོད་ཀྱི། །ཡན་ལག་མཆོག་གྱུར་དེ་ལ་ནི། །མགོས་བཏུད་ཡིད་རབ་དང་བ་དང་། །ངག་གིས་ཀྱང་ནི་མཆོད་པ་བགྱི། །དད་པར་བགྱི་བ་རྣམས་ཀྱི་མཆོག །

བལྟ་བས་མི་ངོམས་ཁྱོད་ལ་ནི། །གལ་ཏེ་ཁོང་ཁྲོ་བགྱིད་མཆིས་ན། །མུན་ནག་ཐ་ཤལ་ངན་པ་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་སྐུའི་ཕྱོགས་གཅིག་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ།། །།སེམས་ཅན་རྣམས་ཀྱི་

མོས་པ་ནི། །ཁམས་རྣམས་ཇི་བཞིན་གནས་ལགས་པས། །རེ་ཞིག་བདག་གི་བསམ་པ་ནི། །ཡངས་པའི་ལྗགས་ལ་རྒྱ་ཆེར་དང་། །སུ་ཞིག་མགོ་དང་ཡིད་དང་ནི། །ངག་གིས་ལྗགས་ཡངས་མཆོད་མི་བགྱིད། །དེ་ནི་གསུང་རབ་འདི་ཀུན་གྱི། །ཡུམ་སྟེ་རིན་ཆེན་བསྐྲུན་པ་ལགས། །

བདག་ལ་གཙོ་བོ་ཁྱོད་ཀྱི་ནི། །མཛད་པ་བླ་མེད་ཐམས་ཅད་ཀྱི། །ནང་ན་ཡངས་པའི་ལྗགས་འདི་ནི། །བླ་ན་མེད་པའི་ཕུལ་དུ་གདའ། །འགྲོ་ལ་བསྟན་པ་རབ་སྒྲོགས་པ། །ཆོས་ཀྱི་ཕྲིན་ལས་མཛད་སླད་དུ། །རྒྱལ་པོ་བཞིན་དུ་མཚན་ཀུན་གྱི། །ནང་ན་གཙོ་བོ་ལགས་པར་གནས། །གཞན་གྱི་

ཐེ་ཚོམ་བཅད་སླད་དུ། །གང་ཞིག་ཞལ་ནས་མངོན་ཕྱུང་ན། །སྟོན་གྱི་མཚམས་སྤྲིན་ཚོགས་ལྟ་བུར། །ཞལ་རས་ཟླ་བ་ཁེབས་པ་ལགས། །དེ་ལྟར་ཡངས་ཤིང་མཛེས་པ་དེ། །ཚེམས་ཀྱིས་གཏམས་པའི་ཞལ་ནང་དུ། །དོག་པ་མེད་པར་གནས་པ་ཡང་། །དེ་ལས་ཡ་མཚན་ཆེ་ཅི་མཆིས། །

དེ་ནི་ངེས་པར་དཔག་མེད་པའི། །མཐུ་ཅན་བཟང་པོ་དེ་ཡི་ནི། །ཤིན་ཏུ་འཇམ་པ་ཉིད་དང་ནི། །མཉེན་པ་ཉིད་ཀྱི་མཐུ་ལགས་སོ། །ཁྱོད་ཞལ་འབྲུག་སྒྲ་སྒྲོགས་པ་ན། །འཛམ་བུའི་ཆུ་གསེར་ཞུན་མ་ལྟར། །ཟངས་བཞུ་བ་ཡི་འོད་ལྟ་བུར། །གློག་ཕྲེང་འགྱུ་བ་ལྟ་བུར་མཛད། །བསླབ་

เล่ม ๑ · หน้า 98a

པ་བཟང་པོ་ཕུན་སུམ་གྱི། །རྒྱལ་ཐབས་ལྟ་བུ་བརྙེས་ནས་ནི། །ཁྱོད་ཀྱི་ཞལ་ནས་བག་ཡངས་སུ། །གནས་གཞན་དག་ཏུ་རོལ་ཞིང་སྤྱོད། །གང་གི་དྲི་ཞིམ་ཚོར་ནས་འདི། །མེ་ཏོག་གསུང་བ་ཞེས་སྒྲོགས་པ། །གསུང་གི་མེ་ཏོག་སྐྱོན་མེད་པ། །དེ་དག་འདིས་ནི་

འགྲེམས་པར་མཛད། །དེ་ཉིད་སླད་དུ་རྒྱལ་ཁྱོད་ལས། །མཆོག་ཏུ་སྙན་པའི་གསུང་སྙན་འབྱུང་། །དེ་ཡི་དྲི་རབ་ཞིམ་པས་ཁྱོད། །སྙན་པ་གསུང་ཞེས་རྣམ་པར་གྲགས། །གང་གི་མཐུ་ཡིས་ཁྱོད་འདྲ་བ། །བདུད་རྩི་སྩོལ་བར་རབ་གྲགས་པ། །གདམས་ངག་རྗེས་སུ་སྟོན་པ་དེ། །

འདི་ཉིད་ལ་ནི་རག་ལས་སོ། །གང་གིས་ལྷར་བཅས་འཇིག་རྟེན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ། །ཉིད་ཀྱི་འོ་བརྒྱལ་མི་གཟིགས་པ། །དགེ་བ་འདི་ཡིས་བགྱིས་པ་ལགས། །གང་གིས་རིན་ཆེན་བཀྲམ་པ་ལྟར། །ལེགས་པར་བཤད་པ་བརྒྱས་བཀང་ནས། །འཇིག་རྟེན་འདི་ནི་སྣང་

བགྱིས་པ། །དེ་ནི་འདི་ཡི་མཐུ་ལགས་སོ། །རིགས་དང་སྤྱད་པར་མངོན་བརྗོད་པ། །ཆོས་ཀུན་གསུང་བའི་འཕགས་པ་སྟེ། །དཔག་བསམ་ལྗོན་པའི་ལྕུག་མ་ལྟར། །རིན་ཆེན་སྣ་ཚོགས་འབྲས་བུ་སྩོལ། །ལྗགས་ཡངས་མེད་པར་འཇིག་རྟེན་ན། །ཀུན་མཁྱེན་ཉིད་ལྡན་སྤོབས་པ་ནི། །སོ་སོ་

ཡང་དག་རིག་པ་ཡི། །སྤོབས་པའི་ཁུར་ནི་སུ་ཡིས་བསྐུར། །ཁྱོད་ཀྱིས་དགོངས་ཏེ་དེ་ལ་ནི། །ཆོས་ནི་གང་དང་གང་བཤད་པ། །འདི་ནི་སྙོམ་ལས་མི་མངའ་བར། །མེ་ཏོག་བཞིན་དུ་ཕྲེང་བར་བརྒྱུད། །གལ་ཏེ་འདི་ཡིས་མ་བསྟན་ན། །ཁྱོད་ལ་ཀུན་མཁྱེན་མངར་སུས་འཚལ། །ཐུགས་རྗེ་

ཆེན་པོས་མངའ་བར་སུས། །ཡོན་ཏན་གཞན་ཡང་མངར་སུས་འཚལ། །བསྟན་པ་དག་ནི་མ་མཆིས་ན། །ཁྱོད་འདྲའི་མཁས་པ་མངོན་མི་འགྱུར། །བསྟན་པ་ཡང་ནི་ལྗགས་ཡངས་ལ། །གཞུང་ལ་དངོས་གྲུབ་བཞིན་དུ་རྟེན། །རྣམ་པ་སྣ་ཚོགས་ཆོས་གསུང་ཞིང་། །རྣམ་པ་སྣ་ཚོགས་རོ་

བསྟར་ཡང་། །འདམ་རྫབ་ཀྱིས་ནི་ནམ་མཁའ་བཞིན། །རོ་ལ་ཆགས་པས་གོས་མི་མངའ། །མི་གསུང་བཞུགས་པའི་རྗེས་སུ་མཐུན། །གསུང་བ་ལ་ཡང་སྐྱོན་མི་མངའ། །མི་མཐུན་ཆོས་ནི་གཉིས་ཀ་ལ། །གཅིག་ཏུ་ཡང་ནི་མཐུན་པ་ལགས། །མི་གསུང་བཞུགས་ན་སྤྲོ་མི་མཛད། །

เล่ม ๑ · หน้า 98b

སྟོན་པར་མཛད་ལ་སྐྱོ་མི་མངའ། །ཅང་མཁྱེན་ཉིད་ཀྱི་དགེ་བ་སྟེ། །ཐམས་ཅད་ལ་ནི་སྙོམས་པར་འཇུག །འདི་ལྟར་ཐམས་ཅད་གསུང་སྤྱོད་ལ། །ཆོས་རྣམས་འབའ་ཞིག་བཀའ་སྩོལ་བ། །སྤྱོད་པ་ལ་ནི་འཇུག་པར་མཚར། །རིགས་པ་ལ་ཡང་གཞོལ་བར་མཚར། །འབྱུང་བ་ལས་གྱུར་

བསོད་ནམས་དང་། །ཆོས་གསུང་བ་ཡི་རང་བཞིན་གྱིས། །སངས་རྒྱས་པ་ཡི་དྲི་ཞིམ་པ། །གཉིས་ཀྱིས་རྟག་ཏུ་བསྒོས་པ་ལགས། །མིག་གི་སྤྱོད་ཡུལ་དག་པ་དང་། །བསོད་ནམས་སྙན་པའི་རང་བཞིན་གྱིས། །ཤིན་ཏུ་རྣམ་པར་གྲགས་པ་ཡི། །སྙན་པ་གཉིས་ཀྱི་ཕྱོགས་སུ་

གྲགས། །གང་གིས་སྐྱོན་ཀུན་མེད་པ་འདི། །ཞལ་ནས་ཕྱུང་བ་མཐོང་གྱུར་པ། །སྐྱེ་བོ་དེ་དག་མིག་དང་ལྡན། །མིག་དེ་དག་ཀྱང་དཔལ་དང་ལྡན། །གང་གིས་དེ་ཡི་གསུང་སྙན་པ། །མངོན་སུམ་རྣ་བའི་སྙིམ་པ་ཡིས། །བདུད་རྩིའི་རྒྱུན་དང་འདྲ་འཐུངས་པ། །མཁས་པ་དེ་དག་ཆེས་

དཔལ་ལྡན། །སྒྲ་རྣམས་བརྒྱན་པར་མཛད་པ་བཞིན། །སྒྲ་ཡིས་ས་རྣམས་བརྒྱན་པ་བཞིན། །བཤད་པ་མཛད་ན་ཁྱོད་ཀྱི་ཞལ། །ཤིན་ཏུ་སྦ་བར་མཛད་པ་བཞིན། །འདི་ནི་ཉིད་མཛེས་ཡོན་ཏན་གྱིས། །ཐུབ་པ་ཁྱོད་ཀྱི་ཟླ་ཞལ་ནི། །འཇིག་རྟེན་རྒྱན་དུ་གྱུར་པ་ཡང་། །ལྷག་པའི་རྒྱན་

དུ་གྱུར་པར་གདའ། །མདོག་དང་དབྱིབས་དང་སྙན་གསུང་དང་། །ཤིན་ཏུ་འཇམ་པ་ཉིད་ཀྱི་མཐུས། །ལྗགས་ཡངས་ལྟ་བུ་གཟུགས་ཅན་གྱི། །རྫས་ནི་འགའ་ཡང་མ་མཐོང་ངོ་། །གལ་ཏེ་ལྷ་མོ་དབྱངས་ལྡན་མ། །དེ་ནི་གཟུགས་ཅན་འགའ་མཆིས་ན། །སྐྱོན་ཀུན་མེད་པའི་ཡན་ལག་

ཅན། །ལྗགས་ཡངས་འདི་ནི་དེ་ལགས་གྲང་། །ཡངས་པའི་ལྗགས་ཀྱི་ཆོས་ཀྱི་རྔ། །ཀུན་དུ་རྡུང་བར་ཞུགས་པའི་ཚེ། །ལྷ་དང་མི་ཡི་སྒྲ་རྣམས་ནི། །ཐམས་ཅད་རོ་བྲོ་མེད་པར་འགྱུར། །སྟོན་པ་ཁྱོད་དང་ལྗགས་འདི་དང་། །བླ་ན་མེད་པའི་བཀའ་འདི་ནི། །ཉོན་མོངས་དུག་ཀུན་

འཇོམས་པ་ཡི། །ཡན་ལག་གསུམ་ལྡན་སྨན་གྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ལྗགས་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཅིག་པའོ།། །།ཁྱོད་དང་འདྲ་བའི་ཞིང་དག་ནི། །འཇིག་རྟེན་གསུམ་ན་མ་མཆིས་

เล่ม ๑ · หน้า 99a

ཏེ། །ཁྱོད་ནི་སྦྱིན་གནས་རྣམས་ཀྱི་མཆོག །གྲལ་གཙང་མཛད་པའི་གཙང་མ་ལགས། །ནམ་མཁའ་མཐར་ཐུག་མ་མཆིས་པའི། །ཆུ་དང་ཞིང་དག་ཇི་ལྟ་བར། །ཁྱོད་ལ་སྨན་གནོད་བགྱིད་པ་ཡི། །རྣམ་པར་སྨིན་པ་ཐུག་མ་མཆིས། །གང་དག་ཁྱོད་ལ་བར་

མར་གནས། །དེ་ཡང་རེ་ཞིག་ཚད་མེད་པའི། །མུན་པས་བསྒོས་པས་མ་རུང་ན། །སྐྱེ་བོ་ལོག་བགྱིད་སྨོས་ཅི་འཚལ། །ཇི་ལྟར་བླ་མེད་ཡོན་གྱི་གནས། །ཁྱོད་ལ་ཡང་དག་སྒྲུབ་བགྱིད་པ། །ལས་གང་ལགས་པ་དེ་ཡི་ནི། །དར་བའི་མཐར་ཐུག་མི་མཐོང་ལ། །ཡང་དག་སྒྲུབ་པའི་

མཐར་བྱོན་པ། །ཁྱོད་ལ་ལོག་པར་ཞུགས་པ་གང་། །ལས་དེ་རྒུད་པའི་མཐར་ཡང་ནི། །དེ་བཞིན་ཐུག་པ་མ་མཆིས་སོ། །གང་གིས་རྣམ་པ་ཐམས་ཅད་དུ། །སྟོབས་ལྡན་ཁྱོད་ལ་མ་བཙས་པ། །རབ་ཏུ་མཚམས་ནི་མི་ཟིན་པའི། །མ་རབས་མི་རྟག་ཉིད་རེང་ན། །ཀྱེ་མའོ་འཁོར་བ་

བདག་ཉིད་ངན། །ཀྱེ་མའོ་མྱ་ངན་འདས་པ་ཞི། །ཁྱོད་འདྲའི་ཐུགས་རྗེའི་བདག་ཉིད་ཅན། །མངའ་མཆིས་པའང་དེ་རུ་གཤེགས། །མ་འོངས་འཇིགས་པ་རྣམས་ཀྱང་གསུངས། །ཆོས་ཀྱི་ཚུལ་ཡང་བཤད་པ་མཛད། །འཁོར་ནི་རྣམ་པ་བཞི་པོ་ཡང་། །མི་འཇིགས་པ་དག་ཐོབ་པར་

མཛད། །ལམ་བཟང་འདི་ནི་བསྲུང་སླད་དུ། །བློ་གྲོས་སྦྱངས་པ་བགྱིས་གྱུར་པ། །འོད་སྲུང་ཆེ་དང་ཀུན་དགའ་དང་། །དེ་ལ་སོགས་པ་བསྐོས་མོད་ཀྱི། །འཇིག་རྟེན་གྱི་ནི་མིག་གཅིག་པུ། །དྲི་མ་མེད་པ་ཁྱོད་ཟུམ་ན། །སྣང་བ་མཆིས་ཀྱང་འཇིག་རྟེན་འདི། །མུན་པས་ཁེབས་དང་འདྲ་

བ་ལགས། །བདེ་བར་གཤེགས་པ་བདེ་གཤེགས་ཀྱི། །བཀའ་འདིའང་མཆིས་ལ་ཁྱོད་ཀྱི་སྲས། །སྲས་ཀྱི་དམ་པ་སློབ་པ་དང་། །མི་སློབ་འདི་ཡང་མཆིས་མོད་ཀྱི། །འགྲོ་བའི་མགོན་ཁྱོད་མི་བཞུགས་ན། །གཟའ་སྐར་གསལ་བས་མཚན་པ་ཡི། །ནམ་མཁའ་ཟླ་བས་སྟོང་པ་

བཞིན། །ཤིན་ཏུ་བརླག་གིས་མ་མཆིས་སོ། །ཁྱོད་མི་བཞུགས་ན་གསུང་རབ་འདི། །ཀླུ་འཕོས་པ་ཡི་མཚོ་ཡི་དཔལ། །རིང་པོ་མི་ཐོགས་འཇིག་པ་ལྟར། །འཚམ་པའི་སྙིང་པོ་དང་བྲལ་བས། །ཡོན་ཏན་གཟི་ཡང་མི་སྤ་ལ། །ཆོ་ག་གཞན་དང་ལུགས་གཞན་གྱིས། །འཕན་

เล่ม ๑ · หน้า 99b

དང་རྨ་ཡང་ཕྱུང་ལགས་པས། །ལུས་ཀྱི་བརྗིད་ཀྱང་ཡལ་དུ་ཆ། །སངས་རྒྱས་མངའ་དབང་བསྐུར་བ་རྣམས། །ཡོངས་སུ་མྱ་ངན་འདས་བསམས་ན། །སྲིད་པ་རལ་གྲི་འབར་འདྲ་ལ། །སུ་ཞིག་འཇིགས་པར་མི་བགྱིད་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་

བསྔགས་པར་འོས་པ་བསྔགས་པ་ལས་སྲིད་པ་ལས་སྐྱོ་བ་སྐྱེད་པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཉིས་པའོ།། །།སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་

གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སྙན་ངག་རྩོམ་ལ་སྐལ་ཆེན་པོ། །ཁྱོད་ལ་བརྟེན་ནས་བདག་གི་བློ། །དབྱར་ཀ་ཡི་ནི་ཆུ་བོ་ལྟར། །ཆུང་ངུའང་ཤིན་ཏུ་འཕེལ་བར་འགྱུར། །མི་ཡི་

རྙེད་པ་རྙེད་དཀའ་དང་། །ལྕེ་འདི་རྙེད་པར་གྱུར་ནས་ནི། །མགོན་པོའི་ཡོན་ཏན་སྒྲོགས་བྱེད་པའི། །རང་ལ་ཕན་པ་སུ་མི་བྱེད། །ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་ཀའི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །

ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཡང་། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་

དང་བྲལ་ལ་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང་། །པདྨ་ཉི་མས་ཁ་ཕྱེ་བ། །བུང་བས་མཐོང་ན་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུ་འགྱུར། །ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡིས། །ཟླ་ཟེར་དྲི་མེད་ཞུགས་

པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་འདྲས། །ས་གཞི་འདི་ནི་བྲིས་གྱུར་

เล่ม ๑ · หน้า 100a

པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཁྱོད་ནི་གཤེགས་སྟབས་མཉམ་མེད་དེ། །གླང་ཆེན་མཆོག་ནི་མྱོས་པ་དང་། །ངང་པ་ཆུང་མར་ལྡན་པའམ། །ཁྱུ་མཆོག་པས་ཀྱང་བརྟན་པར་གཤེགས། །ཚུལ་ཁྲིམས་ཕུང་པོས་སྐུ་ཆེ་ཞིང་། །ཏིང་འཛིན་ཤིང་གིས་རྣམ་པར་

བརྒྱན། །ཡེ་ཤེས་འབབ་ཆུས་ཁྱབ་གྱུར་པ། །རྒྱུ་བའི་གངས་ཅན་རི་བོ་ལགས། །ཡོན་ཏན་རྒྱ་མཚོ་ཁྱོད་གང་གི། །ལུས་ཀྱིས་ཁྱོད་ལ་རེག་གྱུར་པ། །ལྷ་དང་མི་ཡི་མཆོད་གྱུར་པའི། །འབབ་སྟེགས་སུ་ནི་དེ་དེ་མཛད། །ཁྱོད་ཀྱི་གནས་ནི་གྲུབ་པའི་ཞིང་། །མཐོང་བས་སེམས་དག་གྱུར་

ལགས་ན། །དག་པར་འདོད་པའི་མཁས་པ་རྣམས། །སྒྲ་ངན་ཞིང་གིས་ཅི་ཞིག་བྱ། །ཁྱོད་ནི་ཕ་རོལ་ཕྱིན་དྲུག་དང་། །ལྡན་པས་ཡང་དག་མཛེས་གྱུར་པ། །ཟླ་བ་རྒྱས་པར་གྱུར་པ་ནི། །སྨིན་དྲུག་གིས་ནི་བརྒྱན་པ་འདྲ། །གདུལ་བྱའི་སྐྱེ་བོ་པདྨ་ནི། །གཉིད་ལོག་ཁྱོད་ཀྱིས་སད་མཛད་པ། །

ཉི་མ་ཤར་བར་གྱུར་པ་ཡིས། །པདྨ་ཁ་བྱེར་བྱེད་པ་འདྲ། །ཉོན་མོངས་དུག་གིས་ཟིན་གྱུར་ལ། །ཁྱོད་ནི་ཡེ་ཤེས་སྨན་སྩོལ་བ། །མཆེ་བའི་དུག་ཅན་གྱིས་ཟིན་ལ། །འགྲོ་སྐྱོབ་ཀྱི་ནི་དུག་བསལ་མཚུངས། །ཁྱོད་ཀྱི་ཡེ་ཤེས་ནགས་མེ་ཡིས། །ལྟ་བའི་དྲ་བ་བསྲེགས་གྱུར་པ། །ནགས་མེས་

ཤིན་ཏུ་འབར་བ་ཡིས། །ཤིང་གི་ལྕུག་ཕྲན་བསྲེགས་དང་མཚུངས། །ཡེ་ཤེས་རང་བཞིན་འབར་བ་ཡིས། །ཐུབ་ཁྱོད་ཉི་མས་ཉོན་མོངས་པའི། །རང་བཞིན་འདམ་ནི་སྐེམས་མཛད་པ། །འདི་ནི་ཉི་མའི་འོད་དང་མཚུངས། །ཁྱོད་ཀྱི་གསུང་གིས་མི་ཡི་སེམས། །བྱ་བ་མ་ཡིན་ལས་

བཟློག་པ། །ཁ་ལོ་སྒྱུར་ཆེན་ཞགས་པ་ཡིས། །བ་གླང་མོ་འཁྲུལ་ཟློག་དང་མཚུངས། །གལ་ཏེ་རེ་བ་ཁྱོད་གཅིག་པུ། །ཉོན་མོངས་འཆིང་བ་ལས་གྲོལ་ན། །འོན་ཀྱང་གཞན་དག་གྲོལ་མཛད་པས། །ཕལ་ཆེར་མཆོད་འོས་ཉིད་དུ་འགྱུར། །ཁྱོད་ཀྱི་གསུང་གི་འོད་ཟེར་གྱིས། །ཉོན་

མོངས་ཀྱིས་གདུངས་ཚིམ་མཛད་པ། །སོས་ཀའི་ཚ་བས་གདུངས་པ་ལ། །མཚན་མོའི་ཟླ་ཟེར་ཇི་བཞིན་ནོ། །གདུལ་བྱའི་སྐྱེ་བོ་ཆོས་ཀྱིས་ནི། །སྐོམ་གདུངས་ཁྱོད་ཞལ་རྟོག་པ་ནི། །ཁུག་རྟ་སྐོམ་གྱིས་གདུངས་པ་ནི། །དབྱར་གྱི་ཆར་སྤྲིན་ཚོགས་ལྟར་མཚུངས། །ཁྱོད་གསུང་ཆོས་

เล่ม ๑ · หน้า 100b

ཀྱི་སྒྲ་ཡིས་ནི། །གདུལ་བྱ་ཀུན་ལ་དགའ་མཛད་པ། །སྙན་པའི་གླུ་ཡི་སྒྲ་ཡིས་ནི། །རི་དགས་འགྲོ་བའང་སྡོད་དང་མཚུངས། །སྐྱབས་འདོད་གང་དག་སྐྱབས་འོས་པ། །ཁྱོད་ལ་སྐྱབས་སུ་མི་མཆི་སྟེ། །མུ་སྟེགས་ལ་ནི་སྐྱབས་འགྲོ་བ། །སྐྱབས་མེད་ཡུན་རིང་སྡུག་བསྔལ་འགྱུར། །

བརྒྱ་བྱིན་མིག་ནི་སྟོང་གིས་ཀྱང་། །དེ་ཉིད་མཐོང་བར་མ་གྱུར་གང་། །ཁྱོད་ཀྱིས་ཡེ་ཤེས་སྤྱན་གྱིས་དེ། །གཟིགས་ཤིང་གཞན་ལའང་སྟོན་པར་མཛད། །བསྟན་བཅོས་ངས་ཤེས་རློམ་པ་ཅན། །རྩོད་པ་སྨྲ་བ་མང་པོ་ནི། །ཁྱོད་ཀྱི་གཟིགས་པས་ཞུམ་གྱུར་ཅིང་། །བུང་བ་ལྟ་བུར་

རྣམ་པར་འཁོར། །ཁྱོད་ཀྱི་གསུང་ནི་གཅིག་ཙམ་གྱིས། །ཕ་རོལ་ཚར་གཅོད་མཛད་པ་ན། །གཞན་དག་མི་སྨྲའི་ཚུལ་གནས་པ། །དགུན་གྱི་ཁུ་བྱུག་ལྟ་བུ་ལགས། །ཁྱོད་ཀྱི་སློབ་མ་བཟང་པོའི་ཤིང་། །དགེ་བའི་མེ་ཏོག་ཆེས་རྒྱས་པ། །དཔྱིད་ཀའི་ཤིང་ནི་མེ་ཏོག་གིས། །བརྒྱན་

པ་ལྟ་བུར་མཛེས་པ་ལགས། །ཐུབ་པ་ཁྱོད་ཀྱི་བློ་གྲོས་མདས། །ཤེས་བྱའི་འབེན་ནི་ཕུག་གྱུར་ཏེ། །དགའ་བྱེད་གྲོང་ན་གཞུ་རྒྱལ་གྱིས། །སྔོན་ཆད་ཕུག་པར་མ་གྱུར་ཏོ། །མཁས་པར་རློམ་པའི་དྲེགས་པ་ཅན། །ཁྱོད་ཀྱི་ཐར་ལམ་མ་འཚལ་བས། །སྲིད་པའི་དགོན་པར་འཁྱམས་

གྱུར་པ། །འབྲོག་སྟོང་དམུས་ལོང་ཚོགས་དང་མཚུངས། །ལས་འབྲས་ཡོད་དམ་མེད་འགྱུར་ཞེས། །འཇིག་རྟེན་པ་ནི་ཐེ་ཚོམ་སྐྱེ། །དགེ་བའི་ལས་ཀྱི་དཔང་པོར་ནི། །གྱུར་པ་ཁྱོད་སྐུ་འདི་ལགས་སོ། །ཡོན་ཏན་རྒྱ་མཚོ་ཁྱོད་ཡོན་ཏན། །མཐར་ཐུག་བདག་གིས་མི་རྟོགས་ཏེ། །

ནམ་མཁའ་བཻ་ཌཱུརྱ་སྔོ་མདོག །བྱ་ཡིས་མཐའ་རྟོགས་མི་འགྱུར་མཚུངས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་དཔེ་ལས་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གསུམ་པའོ།། །།སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་

བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด