བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤ་ཏ་པཉྩ་ཤ་ཏི་ཀ་ནཱ་མ་སྱ་སྟོ་ཏྲ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑ · หน้า 116a
༄༅༅། །རྒྱ་གར་སྐད་དུ། ཤ་ཏ་པཉྩ་ཤ་ཏི་ཀ་ནཱ་མ་སྱ་སྟོ་ཏྲ་ཊཱི་ཀ །བོད་སྐད་དུ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
སྤེལ་མར་བསྟོད་པ་ཕྱོགས་གླང་པོས། །ཟབ་མོ་ཉེ་བར་བཤད་པ་ནི། །བརྒྱ་ནི་ལྔ་བཅུ་པ་ཡི་དོན། །རྨད་བྱུང་དེ་ལས་རྣམ་ཤེས་ནས། །རྒྱལ་བ་ལ་ནི་གུས་པ་ཡི། །དགའ་བྱེད་སྙན་པའི་དགེ་སློང་གིས། །དེ་ཡི་ཕྱོགས་ལ་དད་པ་ཡིས། །རྣམ་པར་དབྱེ་བ་རབ་ཏུ་བྱ། །དེ་ལ་འདིར་
བརྒྱ་ལྔ་བཅུ་པའི་བསྟོད་པ་རེ་ཞིག་དང་པོར་གླེང་བསླང་བ་དང་། རྒྱུ་དང་འབྲས་བུ་དང་། སྨན་འདོགས་པའི་སྒོ་ནས་བསྟོད་པ་དང་། བཅུ་གསུམ་དུ་རབ་ཏུ་བསྟན་པ་ནི་འདི་ལྟ་སྟེ། གླེང་བསླང་བའི་བསྟོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་ཐུན་མོང་མ་ཡིན་པའི་ཕྱིར་གཅིག་ཏུ་བྱས་ནས་
เล่ม ๑ · หน้า 116b
རྒྱུ་ལ་བསྟོད་པའོ། །འབྲས་བུ་ལ་བསྟོད་པ་ནི་དཔེ་མེད་པ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་སྟེ། དཔེ་མེད་པ་ལ་བསྟོད་པ་དང་། རྨད་དུ་བྱུང་བ་ལ་བསྟོད་པ་དང་། སྐུ་ལ་བསྟོད་པ་ཞེས་བྱ་བའོ། །སྨན་འདོགས་པའི་བསྟོད་པ་ནི་སྙིང་རྗེ་ལ་སོགས་པའི་དབྱེ་བས་རྣམ་པ་བརྒྱད་དེ།
ཐུགས་རྗེ་ལ་བསྟོད་པ་དང་། གསུང་ལ་བསྟོད་པ་དང་། བསྟན་པ་ལ་བསྟོད་པ་དང་། སྨོན་ལམ་ལ་བསྟོད་པ་དང་། ལམ་ལ་འཇུག་པ་ལ་བསྟོད་པ་དང་། དཀའ་བ་མཛད་པ་ལ་བསྟོད་པ་དང་། མཁས་པར་བསྟོད་པ་དང་། བུ་ལོན་མེད་པ་ལ་བསྟོད་པ་ཞེས་བྱའོ། །དེ་རྣམས་ཀྱི་བསྡུས་
པའི་ཚིགས་སུ་བཅད་པ་དག་ནི། གླེང་བསླང་བསྟོད་དང་རྒྱུ་ལ་ནི། །རྣམ་དྲུག་འབྲས་བུ་དཔེ་མེད་དང་། །རྨད་དུ་བྱུང་དང་དེ་བཞིན་སྐུ། །སྨན་འདོགས་རྣམ་བརྒྱད་དེ་ཡང་ནི། །ཐུགས་རྗེ་གསུང་དང་བསྟན་པ་དང་། །སྨོན་ལམ་དང་ནི་ལམ་འཇུག་དང་། །དཀའ་མཛད་ཉིད་དང་མཁས་པ་དང་། །
བུ་ལོན་མེད་དང་བཅུ་གསུམ་མོ། །བསྟོད་པ་བཅུ་གསུམ་པོ་དེ་རྣམས་ཀྱི་རེ་རེའི་བཤད་པ་ཡོངས་སུ་རྫོགས་པ་ནི་ཕྱིས་བཤད་པར་བྱའོ། །དེ་ལ་གླེང་བསླང་བ་ཞེས་བྱ་བ་ནི་དང་པོར་བརྩམ་པའོ། །གླེང་བསླང་བ་དེར་དོན་གང་དང་གང་གིས་བཤད་པ་ཞེས་བྱ་བ་བསྟན་པ་དང་། རྒྱུ་ལ་བསྟོད་
པ་ལ་སོགས་པ་རྣམས་ལ་ཡང་ཚིགས་སུ་བཅད་པ་གང་གིས་དོན་གང་བཤད་པ་དེ་ཡང་རབ་ཏུ་བཤད་པར་བྱའོ། །རེ་ཞིག་གླེང་བསླང་བའི་བསྟོད་པའི་ཚིག་གི་དོན་ནི་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་ཉིད་དང་། དེ་བཞིན་གཤེགས་པའི་རྒྱུ་ཉིད་དང་དེ་
བཞིན་གཤེགས་པའི་ཉེས་པ་མ་ལུས་པ་ཟད་པ་རྗེས་སུ་དཔག་པ་དང་། ཡོན་ཏན་མ་ལུས་པ་མི་ཤེས་པས་ཀྱང་བཅོམ་ལྡན་འདས་ལ་ཡོན་ཏན་གྱི་ཕྱོགས་གཅིག་ཙམ་གྱིས་བསྟོད་པ་དང་ཕྱག་འཚལ་བའི་ཡོན་ཏན་གྱི་ཕྱོགས་ཙམ་བཤད་པ་ཞེས་བྱའོ། །འདིར་ཡང་བསྡུས་པའི་ཚིགས་
སུ་བཅད་པ་ནི། སྟོན་ལ་སྐྱབས་འགྲོ་སོགས་མཆོད་འོས། །ཉེས་པ་མེད་པ་རྗེས་སུ་དཔག །ཡོན་ཏན་མཐའ་ཡས་ཀྱང་ནི་ཆས། །བསྟོད་པ་འདིར་ནི་ཕྱག་འཚལ་ཕྱོགས། །དེ་ལ་གང་ལའང་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་རྒྱས་པར་བཤད་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་བརྩམ་
เล่ม ๑ · หน้า 117a
པར་བྱ་སྟེ། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལའང་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་
ཡི་བསྟན་ལ་གནས་པའི་རིགས། །གང་ཞིག་ལ་ནི་ཉེས་པ་ཀུན། །ཞེས་སྨོས་པ་ལ། དེ་ཉིད་ལ་ནི་སྐྱབས་སུ་འགྲོ་བའི་རིགས་ཞེས་བྱ་བ་ལ་སོགས་པའི་ཚིག་དང་སྦྱར་རོ། །གང་ཞིག་ཅེས་བྱ་བ་ནི་ཐུན་མོང་གི་སྒྲ་ཡིན་ཡང་དོན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ལ་འཇུག་གོ །
གང་གི་ཕྱིར་ཉེས་པ་ཐམས་ཅད་ཟད་པ་དང་ཡོན་ཏན་མ་ལུས་པ་དང་ལྡན་པ་ནི་གཞན་མེད་པ་དེའི་ཕྱིར་འདི་ལྟར་བཤད་དེ། ཐམས་ཅད་མཁྱེན་ལ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམས་མི་མངའ། །ཉེས་པ་བག་ཆགས་བཅས་དེ་ཡང་། །སྐྱོབ་པ་གཅིག་པུ་ལ་མི་མངའ། །
ཞེས་བྱའོ། །ཉེས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྟེ། ཉེས་པ་བྱེད་པ་ཞེས་བྱ་བའི་ཕྱིར་རོ། །ཡང་ན་ལུས་དང་ངག་དང་ཡིད་ཀྱི་རྒྱུད་ལ་ཉེས་པ་བྱེད་པ་ནི་སྣོད་མ་ཡིན་པར་བྱེད་པ་ཞེས་བྱ་བས་ན་ཉེས་པའོ། །མི་མངའ་ཞེས་བྱ་བ་ནི་མི་མངའ་བ་སྟེ། སྐྱོན་དུ་གྱུར་པ་མ་བརྙེས་
པའི་ཕྱིར་རོ། །ཡོང་ཡེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྤངས་པ་ཕུན་སུམ་ཚོགས་པས་ངོ་མཚར་བ་གསལ་བར་བྱེད་པའོ། །ཡང་ན་ཚིག་ཁ་བསྐང་བའི་ཕྱིར་ཚིག་གི་ཕྲད་དོ། །གང་ཞིག་ལ་ཉེས་པ་མི་མངའ་བ་དེ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་ཞེས་བྱའོ། །ཕྱི་
རོལ་གྱི་འདོད་ཆགས་དང་བྲལ་བ་དང་། སློབ་པ་རྣམས་ལ་ཉེས་པ་མེད་པའི་ཕྱིར་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་སུ་ཐལ་བར་འགྱུར་ཞེས་པས་ན། དེ་བསལ་བར་བྱ་བའི་ཕྱིར་འདི་བཤད་དེ། ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྱི་རོལ་གྱི་འདོད་
ཆགས་དང་བྲལ་བ་དེ་རྣམས་ཀྱི་ཉེས་པ་མེད་ན་ཡང་དེ་བཞིན་དུ་སྲིད་པའི་རྩེ་མོའི་ཉེས་པ་ངེས་པར་མ་སྤངས་པའི་ཕྱིར་དང་། སློབ་པ་པོ་རྣམས་ཀྱི་ཡང་ཇི་ལྟ་བར་སྦྱོར་བས་ཁམས་གསུམ་དང་། གཉིས་དང་གཅིག་གི་ཐོབ་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་མ་སྤངས་པའི་ཕྱིར་རོ། །དགྲ་
เล่ม ๑ · หน้า 117b
བཅོམ་པ་རྣམས་ལ་ཡང་ཁམས་གསུམ་གྱི་ཉེས་པ་མེད་ན་དེ་རྣམས་ཀྱང་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་སུ་ཐལ་བར་འགྱུར་ཞེས་པས་ན་བཤད་པ། གཏན་ནས་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ་ཞེས་བྱ་བའོ། །དོན་གང་ཡིན་ཞེ་ན། གལ་ཏེ་དགྲ་བཅོམ་པ་རྣམས་ལ་ཡང་
ཉེས་པ་ཐམས་ཅད་མེད་མོད་ཀྱི་གཏན་ནས་མེད་པ་ནི་མ་ཡིན་ཏེ། ཡོངས་སུ་སྤངས་པའི་དུས་སུ་ཡོད་པ་དང་། དགྲ་བཅོམ་པ་རྣམས་ཀྱིས་ཡོངས་སུ་མ་སྤངས་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །འོ་ན་རང་སངས་རྒྱས་རྣམས་ལ་ཡང་ཉེས་པ་ཐམས་ཅད་གཏན་ནས་མེད་པས་དེ་ལ་
ཡང་སྐྱབས་སུ་འགྲོ་བའི་མཆོད་འོས་སུ་ཐལ་བར་འགྱུར་རོ་ཞེས་བྱ་བས་ན་དེ་རྣམས་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ། རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་འདོད་ཆགས་པ་ལ་སོགས་
པ་སྤངས་པར་མ་གྱུར་ཏེ། དེ་རྣམས་ཀྱིས་བག་ཆགས་མ་སྤངས་པའི་ཕྱིར་རོ། །དེ་བས་ན་དེ་རྣམས་ཀྱང་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་མ་ཡིན་ནོ། །བཅོམ་ལྡན་འདས་ལ་ཡང་ཉེས་པ་ཐམས་ཅད་ནི་གཏན་ནས་རྣམ་པ་ཐམས་ཅད་དུ་མི་མངའོ། །དེའི་ཕྱིར་ན་ཉེས་པ་མ་
ལུས་པ་ཤིན་ཏུ་མི་མངའ་བའི་སླད་དུ་བཅོམ་ལྡན་འདས་ཁོ་ན་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་ཡིན་ནོ་ཞེས་བཤད་དོ། །གང་ཞིག་ལ་ནི་ཉེས་པ་ཀུན་མི་མངའ། །ཞེས་བྱ་བ་ནི་བཤད་པའི་གོ་རིམས་ཀྱིས་ཚིགས་སུ་བཅད་པ་འདི་ལྟར་གདོན་ན་རྗེས་སུ་མཐུན་པར་
མི་འགྱུར་རོ་ཞེས་པས་ན། ཚིགས་སུ་བཅད་པ་དང་རྗེས་སུ་མཐུན་པའི་ཕྱིར་ན་གཏན་ནས་དང་། རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་གོ་རིམས་སུ་གདོན་པའོ། །ཕྱི་རོལ་གྱི་རི་བོ་ལ་སོགས་པའི་དངོས་པོ་རྣམས་ལ་ཡང་གཏན་ནས་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་ན་དེ་རྣམས་ལ་ཡང་
སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་སུ་ཐལ་བར་འགྱུར་ཞེས་པས་ན། དེ་དག་དགག་པར་བྱ་བའི་ཕྱིར། བཤད་པ་ཐམས་ཅད་ནས་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཡོན་ཏན་ཐམས་ཅད་ཅེས་བྱ་བ་དང་སྦྱར་རོ། །ཡང་ཡོན་ཏན་ཐམས་ཅད་གང་ཞེ་ན། ཉན་ཐོས་དང་ཐུན་
เล่ม ๑ · หน้า 118a
མོང་དུ་ཉོན་མོངས་པ་མེད་པ་དང་སྨོན་ལམ་གྱི་ཡེ་ཤེས་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་རྣམས་ཀྱང་མ་འདྲེས་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པའོ། །དེ་རྣམས་ཀྱང་ཆུང་ངུ་དང་། འབྲིང་ལ་སོགས་པའི་དབྱེ་བས་ནི་མ་ཡིན་ཏེ། འོན་ཀྱང་
ཆེན་པོ་ཉིད་ལ་གནས་པ་ཞེས་བྱ་བས་ན་བཤད་པ། རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་ཁྱད་པར་ཐམས་ཅད་ཀྱིས་ཞེས་བྱ་བའི་དོན་ཏོ། །ཁྱད་པར་འཕགས་པར་བགྱི་བ་ལ། །ཁྱོད་ལ་ཐང་ལྷོད་འགའ་མ་བྱུང་། །དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས། །ཐོག་དྲུང་རིམ་པ་དབྱེར་མ་མཆིས། །ཞེས་པ་གང་
འཆད་པར་འགྱུར་བའོ། །གང་ལ་ཞེས་བྱ་བ་ནི་དོན་གྱིས་བཅོམ་ལྡན་འདས་ཁོ་ན་དང་སྦྱར་རོ། །འང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་རྒྱུ་གསལ་བར་བྱེད་པའོ། །ཉེས་པ་མ་ལུས་པ་ཟད་པར་གྱུར་པ་དང་། ཡོན་ཏན་གྱི་ཁྱད་པར་མ་ལུས་པ་དང་ལྡན་པའི་ཕྱིར་དེ་ཉིད་ལ་ནི་སྐྱབས་སུ་འགྲོ་བའི་རིགས་
སོ་ཞེས་བྱ་བ་ནི་རྒྱས་པའོ། །གནས་གྱུར་ཞེས་བྱ་བ་ནི་ཡང་དག་པར་གནས་པ་སྟེ། བཞེད་པ་ཙམ་གྱི་ཕྱིར་དང་། མངོན་དུ་གྱུར་པའི་ནུས་པ་ཡིན་པའི་ཕྱིར་རོ། །ཡོན་ཏན་ནི་སྔར་བཤད་པ་སྟེ། ཉེས་པའི་གཉེན་པོར་བགྲང་ཞིང་གོམས་པར་བྱས་ན་ཞེས་བྱ་བའི་ཕྱིར་རོ། །བཤད་པ་ནི་འདི་
ཡིན་ཏེ། ཉེས་པ་མེད་པ་ཙམ་གྱིས་ཡོན་ཏན་མེད་པ་སྐྱབས་མི་ནུས་སོ། །སྐྱབས་ཀྱི་དོན་ནི་སྐྱབས་ཀྱི་དོན་ཞེས་བྱ་སྟེ་གྲུབ་པའི་མཐའོ། །རི་བོ་ལ་སོགས་པ་དེ་རྣམས་ཀྱང་ཡོན་ཏན་མེད་པའོ། །བཅོམ་ལྡན་འདས་ནི་ཉེས་པ་མི་མངའ་བ་དང་། ཡོན་ཏན་དང་ལྡན་པའོ། །དེ་བས་ན་དེ་ཉིད་
སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་ཡིན་གྱི་རི་བོ་ལ་སོགས་པ་ནི་མ་ཡིན་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མང་པོ་སྐྱབས་སུ་འགྲོ་བ་ནི། རི་བོ་དག་དང་ནགས་ཚལ་དང་། །སྐྱེད་མོས་ཚལ་དང་ཤིང་དྲུང་དང་། །མི་རྣམས་འཇིགས་པས་བསྡིགས་པ་ཡི། །སྐྱབས་འགྲོ་འདི་ནི་མཆོག་མ་
ཡིན། །སྐྱབས་འགྲོ་འདི་ནི་དམ་པ་མིན། །དེ་ལ་སྐྱབས་སུ་འགྲོ་བས་ནི། །སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་ཡོན་ཏན་གནས་པར་གྱུར་པས་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་རྣམས་ལས་ཁྱད་
เล่ม ๑ · หน้า 118b
པར་དུ་གྱུར་པའི་ཕྱིར་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་ཡིན་ན་ཡང་དེ་བཞིན་དུ་སྤངས་པ་ཕུན་སུམ་ཚོགས་པས་ཀྱང་བཅོམ་ལྡན་འདས་བསྟོད་པར་འགྱུར་རོ་ཞེས་བྱ་བས་ན། གཏན་ནས་རྣམ་པ་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཤད་དོ། །
དེ་ཞེས་བྱ་བ་ནི་སྔར་བཤད་པའི་ཉེས་པ་ཐམས་ཅད་མི་མངའ་བ་དང་། ཡོན་ཏན་ཐམས་ཅད་དང་ལྡན་པ་ཡང་ངོ་། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའོ། །ངེས་པར་གཟུང་བ་གང་ཡིན་པ་ན། སྐྱབས་སུ་འགྲོ་བ་ལ་སོགས་པའོ། །དེ་ལྟར་གྱུར་པ་ལས་གཞན་པ་ནི་སྐྱབས་སུ་འགྲོ་བ་
ལ་སོགས་པའི་སྣོད་མ་ཡིན་ནོ་ཞེས་བྱ་བའོ། །སྐྱབས་འགྲོ་ཞིང་ཞེས་བྱ་བ་ནི་སྐྱབས་ཁས་བླངས་པའི་ཕྱིར་རོ། །སྐྱབས་ཀྱི་དོན་ནི་སྐྱབས་ཀྱི་དོན། །ཞེས་སྔར་བཤད་དེ། དེས་ནི་ཡིད་ཀྱི་ལས་ལ་སྤྲོ་བར་བྱེད་དོ། །དེ་བསྟོད་ཅེས་བྱ་བ་ནི་ཡང་དག་པར་གྱུར་པའི་ཡོན་ཏན་ལ་བསྟོད་པའོ། །
འགྲོ་བའི་རིགས་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །དེས་ནི་ངག་གི་ལས་ལ་སྤྲོ་བར་བྱེད་དོ། །དེ་ནི་བཀུར་བ་དང་ཞེས་བྱ་བ་ནི་ཐལ་མོ་སྦྱར་བ་ལ་སོགས་པས་བསྙེན་བཀུར་བྱ་ཞེས་པར་དགོངས་པས་སོ། །དེས་ནི་ལུས་ཀྱི་ལས་ལ་སྤྲོ་བར་བྱེད་དོ། །དེའི་བསྟན་ལ་གནས་ཞེས་བྱ་བ་ནི་
ལུས་དང་ངག་དང་ཡིད་དག་གིས་དེས་བཀག་པ་མི་སྤྱད་པ་དང་། རྗེས་སུ་གནང་བ་སྒྲུབ་པར་བྱེད་པའོ། །དེ་ལྟ་བུས་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གནས་པར་འགྱུར་ཏེ། དེས་ནི་སྒྲུབ་པ་ལ་སྤྲོ་བར་བྱེད་དོ། །རིགས་པ་ཞེས་བྱ་བ་ནི་རིགས་པ་ལས་མ་འདས་པ་སྟེ། རིགས་
པ་དང་མཐུན་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །ཞེས་བྱ་བ་ནི་བདག་ཉིད་ལ་ཕན་པའི་སེམས་གཟུང་བར་བྱ་སྟེ། གཙོ་བོ་ཡིན་པའི་ཕྱིར་རོ། །བདག་ལ་ཕན་པར་སེམས་པས་ན་ཞེས་བྱའོ། །གཞན་དུ་ན་ཕྱུགས་རྣམས་ལ་ཡང་སེམས་ཡོད་དེ། དེ་རྣམས་
ཀྱིས་ནི་ཉེས་པ་དང་ཡོན་ཏན་བརྟག་པའི་ནུས་པ་དམན་པས་བདག་ལ་ཕན་པར་མི་སེམས་པའོ། །དེ་བས་ན་བདག་ལ་ཕན་པར་སེམས་པ་གང་ཡིན་པ་དེས་ནི་ཉེས་པ་ཐམས་ཅད་མི་མངའ་བ་དང་། ཡོན་ཏན་ཐམས་ཅད་དང་ལྡན་པ་ལ་སྐྱབས་སུ་འགྲོ་བ་བྱ་བ་དང་། དེའི་བསྟན་པ་
เล่ม ๑ · หน้า 119a
ལ་གནས་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟ་བས་ན་ཚིགས་སུ་བཅད་པ་དེ་གཉིས་ཀྱིས་ནི་སྟོན་པ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་བསྟན་ཏོ། །དགོངས་པ་གང་གིས་སློབ་དཔོན་འདི་ཉིད་ཀྱིས་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་འདི་ལྟ་
བུས་གསལ་བར་བྱས་སོ་ཞེས་བྱ་བ་བཤད་པར་བྱ་སྟེ། འདིར་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཞར་ལ་བསྟན་ཏོ། །ཁ་ཅིག་ན་རེ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་མི་ཤེས་པས་འདི་སྐད་ཟེར་ཏེ། དེ་རིང་གང་ལ་སྐྱབས་སུ་མཆི། །ཇི་སྲིད་བདག་ལ་སེམས་ཡོད་
ན། །གང་གི་བསྟན་ལ་གནས་པ་དང་། །གང་བསྟོད་གང་ལ་བསྙེན་བཀུར་བགྱི། །ཞེས་བྱ་བ་དེའི་ཕྱིར། གཏན་ནས་རྣམ་པ་ཐམས་ཅད་དུ། །ཞེས་བྱ་བ་རྒྱས་པར་སློབ་དཔོན་གྱིས་བཤད་དོ། །འདིར་ཡང་འདི་ལྟར་འཆད་པར་འདོད་པས་གང་གི་ཕྱིར་འཇིགས་པ་དང་བཅས་པའི་
འཇིག་རྟེན་པས་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་ཚོལ་བར་བྱེད་པ་དེ་རྣམས་གང་ལ་འཇིགས་པ་གང་གིས་འདི་ཉིད་སྨྲས་པ་ཞེས་བྱའོ། །འདི་ཉིད་སྤེལ་མའི་སྤེལ་མར་གནས་བརྟན་ཤཱཀྱ་བློས་བཤད་པ་ནི། འབར་ཞིང་ཚ་བའི་འདོད་ཆགས་སོགས། །མེ་ཡིས་ལུས་ནི་
བསྲེགས་གྱུར་ཅིང་། །སྐྱེ་མཆེད་ཀུན་ལ་གནོད་བྱེད་པའི། །དམྱལ་བར་ཡིད་ནི་སྐྲག་གྱུར་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་པ་ནི་རྒྱས་པའོ། །བཤད་པ་ནི་འདི་ཡིན་ཏེ། འདོད་ཆགས་ལ་སོགས་པའི་མེས་ཡང་དག་པར་གདུངས་པའི་ལུས་དང་ལྡན་པ་དབང་པོ་ཀུན་ལ་
གནོད་པའི་དམྱལ་བ་ལས་ཡིད་སྐྲག་ནས་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་ཚོལ་བར་བྱེད་པ་དག་གི་དབང་དུ་བྱས་ནས། གཏན་ནས་རྣམ་པ་ཐམས་ཅད་དུ། །ཞེས་བྱ་བ་ནི་རྒྱས་པར་བཤད་དོ། །སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་དེ་དང་འདྲ་བ་གང་ཡིན་ཞེ་ན།
མངོན་སུམ་དུ་མ་བཤད་པ་དེའི་ཕྱིར་འདི་བཤད་པར་བྱ་སྟེ། ཐམས་ཅད་མཁྱེན་ལ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམས་མི་མངའ། །ཉེས་པ་བག་ཆགས་བཅས་དེ་ཡང་། །སྐྱོབ་པ་གཅིག་པུ་ལ་མི་མངའ། །ཉེས་པ་བག་ཆགས་བཅས་དེ་ཞེས་བྱ་བ་ལ། བག་ཆགས་དང་བཅས་
เล่ม ๑ · หน้า 119b
པར་འཇུག་པ་ཞེས་བྱ་བ་ནི་བག་ཆགས་བཅས་པ་སྟེ་ཉེས་པའོ། །དེ་ལ་བག་ཆགས་ཞེས་བྱ་བ་གང་ཡིན་ཞེ་ན། དེ་ལ་གསུང་རབ་ལ་མཁས་པ་ཁ་ཅིག་ནི་ཇི་ལྟར་མེ་ཏོག་དང་བཅས་པའི་ཏིལ་རྣམས་ཀྱི་དྲི་དང་ལྡན་པའི་མེ་ཏོག་བསལ་ན་ཡང་དེ་དང་འདྲ་བའི་དྲི་གཞན་འབྱུང་ཞེས་ཟེར་རོ། །ཡང་
ན་ཇི་ལྟར་ལུ་གུ་རྒྱུད་དུ་སྦྲེལ་བ་ལས་གྲོལ་བའི་སྐྱེས་བུས་ཡུན་རིང་པོར་གོམས་པའི་དབང་གིས་སྔར་གྱི་འགྲོ་བ་དང་འདྲ་བར་འགྲོ་བ་དེ་བཞིན་དུ་ཉེས་པ་སྤངས་པར་གྱུར་ན་ཡང་འཕགས་པ་ཉན་ཐོས་རྣམས་ཀྱི་ཉེས་པའི་བུད་ཤིང་བསྟན་པའི་ཕྱིར་དང་། འཕགས་པའི་ལམ་གྱི་མེ་མྱུར་བ་མ་
ཡིན་པའི་ཕྱིར་སེང་ལྡེང་གི་བུད་ཤིང་གི་དམན་པའི་མེས་བསྲེགས་པའི་སོལ་བ་དང་འདྲ་བ་ཉེས་པ་དང་མཚུངས་པ་སེམས་དང་སེམས་ལས་བྱུང་བའི་ཁྱད་པར་ལུང་དུ་མ་བསྟན་པ་རྒྱུད་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་བག་ཆགས་ཞེས་བྱའོ། །གང་གི་ཕྱིར་དེ་བཞིན་དུ་འཕགས་པ་ཤཱ་
རིའི་བུའི་ཆགས་པའི་བག་ཆགས་ཐོས་པ་ནི་གང་གི་ཚེ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོའི་ཡན་ལག་དང་ཉིང་ལག་བྲམ་ཟེ་རབ་ཏུ་བྱུང་བ་དབྱིག་པའི་གཙུག་ཕུད་ཅན་གྱིས་དབྱུག་པས་བརྡེགས་ཤིང་བུ་རམ་གྱི་ཤིང་དང་འདྲ་བར་བརྡུངས་པ་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲས་དེ་སྨན་པ་དག་ལ་
གཏད་དེ་ཞག་བདུན་གྱིས་འདི་སོས་པར་གྱིས་ཤིག །གཞན་དུ་ན་ཁྱོད་ཀྱི་རྙེད་པ་ཀུན་དུ་དབྲལ་བར་བྱའོ་ཞེས་པ་ན། སློབ་དཔོན་དེ་ཡང་རྒན་པའི་ཕྱིར་དང་། ཤིན་ཏུ་བརྡེགས་པའི་ཕྱིར་གསོ་བར་མ་ནུས་པ་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་དོགས་པར་གྱུར་ཏོ། །དེའི་ཡང་ཡོངས་
སུ་མྱ་ངན་ལས་འདའ་བར་འདོད་པའི་དགོངས་པ་ཤེས་ནས་ཐོག་མ་མེད་པའི་དུས་ཀྱི་རྒྱུད་ལ་བག་ཆགས་ཀྱི་ལྷག་མ་དང་ལྡན་པ་འཕགས་པ་ཤཱ་རིའི་བུ་དགེ་སློང་ཁྲི་ཕྲག་བདུན་གྱི་འཁོར་དང་བཅས་པ་སྔ་དྲོ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་འཆི་བ་བཟོད་མ་ནུས་པས་གནས་བརྟན་
མཽད་གལ་གྱི་བུ་ཆེན་པོ་དགེ་སློང་སྟོང་ཕྲག་བདུན་ཅུ་རྩ་དྲུག་དང་བཅས་པ་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱའོ། །ཆུ་བོ་གངྒཱས་ཀྱང་དེའི་ཉིན་ལ་གཙུག་ལག་ཁང་ཁྱེར་བས་ན་གནས་བརྟན་པི་ལིནྡའི་བུས་གཟུགས་འཚོང་མ་རེངས་པར་གྱུར་ཅིག་ཅེས་ཆུ་བོ་གངྒཱ་ལ་སྨྲས་སོ། །དེ་ནི་ཚེ་
เล่ม ๑ · หน้า 120a
སྔ་མ་ལ་བྲམ་ཟེ་ཡིན་པས་ན་དེ་ནི་དེའི་ང་རྒྱལ་གྱི་བག་ཆགས་སོ། །དེ་བས་ན་སྐྱེ་བོའི་རྩོད་པས་ཆུ་བོ་གངྒཱ་ལ་དམོད་པ་དོར་རོ་ཞེས་བྱ་སྟེ། དེའི་ཕྱིར་ན་དེ་དང་འདྲ་བའི་བག་ཆགས་དང་བཅས་པ་ཞེས་བྱའོ། །དེ་བས་ན་ཉོན་མོངས་པའི་བུད་ཤིང་དམན་པའི་ཕྱིར་དང་།
འཕགས་པའི་ལམ་གྱི་མེ་ཤིན་ཏུ་རྣོ་བའི་ཕྱིར་མར་དང་ཏིལ་མར་གྱི་རྣོ་བའི་མེས་བསྲེགས་པའི་དངོས་པོ་དང་འདྲ་བའི་སྐྱོན་ནི་མི་མངའ་སྟེ་སྤངས་པའི་ཕྱིར་རོ། །གང་གི་ཡིན་ཞེ་ན། སྐྱོབ་པ་ཞེས་བྱ་བར་བཤད་དོ། །ཇི་ལྟར་བདག་གི་རྒྱུད་ལ་དེ། །བག་ཆགས་ལྷག་མའང་མ་ལུས་པ། །
དེ་ལྟར་རྣམ་པ་ཐམས་ཅད་དུ། །ཉེས་པ་ཁྱོད་ཀྱིས་རབ་ཏུ་བཅོམ། །ཞེས་དེ་ལྟར་འཆད་པར་འགྱུར་ཏེ། གང་ཞིག་ལ་ནི་དེ་ལྟ་བུའི་ཉེས་པ་མེད་པ་དང་། འདི་ལྟ་བུའི་ཡོན་ཏན་མངའ་བ་དེ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པ་ཐར་པ་འདོད་པ་རྣམས་ཀྱིས་ཁས་བླངས་སོ། །དེ་
བཞིན་དུ་ཡང་བཅོམ་ལྡན་འདས་ཀྱི་ནི་ཇི་ལྟར་བཤད་པའི་ཉེས་པ་མི་མངའ་བ་དང་ཡོན་ཏན་ཁོ་ན་མངའ་བ་ཞེས་བྱའོ། །དེ་ཡང་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་རྣམ་པ་ཅན་གྱི་ཉེས་པ་གཟུང་ངོ་། །ཉེས་པ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏེ། མི་མངའ་བ་ཞེས་བྱ་བ་ཡང་ངོ་། །གཅིག་པུ་ཞེས་
བྱ་བ་ནི་ངེས་པར་འཛིན་པའོ། །གཅིག་ཁོ་ན་ཡིན་གྱི་གཉིས་པ་ནི་མ་ཡིན་ནོ། །གཅིག་གང་ཞེ་ན། བཤད་པ། སྐྱོབ་པའི་དབང་ཐོབ་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་གཅིག་པུ་ཆོས་རྣམས་ལ་སྐྱོབ་པ་ཞེས་བྱ་སྟེ། སྐྱོབ་པ་གཞན་མེད་དོ་ཞེས་བྱ་བས་ན་དེ་ལྟར་གསུངས་པའོ། །
ཡང་ན་ཏ་སྤྲི་ཁམས་ནི་སྐྱོང་བའི་དོན་ཏེ་ངེས་པར་ཎི་ནིའི་རྐྱེན་ཅན་ནོ། །དེས་ན་གདུལ་བྱའི་དུས་འདས་ནས་ངེས་པར་སྐྱོབ་པར་བྱེད་པས་ན། སྐྱོབ་པ་ཞེས་བཤད་དོ། །ཆུ་སྲིན་གྱི་གཞི་རྒྱ་མཚོས་ཀྱང་། །དུས་ནི་ཤིན་ཏུ་འདའ་བྱེད་ལ། །གདུལ་བྱའི་སེམས་ཅན་རྣམས་ཀྱི་ནི། །དུས་ལས་
སངས་རྒྱས་འདའ་མི་མཛད། །ཅེས་དེ་བཞིན་དུ་གསུངས་པའོ། །ཀུན་ཞེས་བྱ་བ་ནི་ཡོན་ཏན་དང་སྦྱར་རོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་ཅིང་ཐམས་ཅད་མཁྱེན་པར་གྱུར་པས་ན་ཐམས་ཅད་མཁྱེན་པ་ནི་ཡོན་ཏན་དང་ཡེ་ཤེས་ཀྱི་ཁྱད་པར་རོ། །ཡང་ན་ཐམས་
เล่ม ๑ · หน้า 120b
ཅད་མཁྱེན་པ་ཞེས་བྱ་བ་ནི་དྲུག་པའི་མཐའ་ཅན་ཏེ་སྐྱོབ་པ་དང་སྦྱར་རོ། །དེ་ཡང་ཞེས་བྱ་བ་ནི་ཡོན་ཏན་ནོ། །ཉམས་མི་མངའ་ཞེས་བྱ་བ་ནི་མི་འགྱུར་བའི་ངང་ཚུལ་ཅན་ནོ། །དེས་ནི་སྟོན་པའི་ཆོས་ཉིད་མི་ཉམས་པ་བསྟན་ཏོ། །ཡང་ན་ཉམས་པ་མི་མངའ་བ་ནི་ཉེས་པ་མི་མངའ་བ་སྐྱོབ་པ་
ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེའི་ཡོན་ཏན་ལ་བསྟོད་པ་བརྗོད་པས་ནི་བཅོམ་ལྡན་འདས་ཁོ་ན་ལ་བསྟོད་པ་དང་སྦྱར་རོ། །དེའི་ཕྱིར་ན་ཉེས་པ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པ་དང་། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་མངའ་བ་ཡང་བཅོམ་ལྡན་འདས་ལ་
སྐྱབས་སུ་འགྲོ་བ་ལ་སོགས་པའི་མཆོད་འོས་པའི་རྒྱུ་བཤད་དོ། །བཅོམ་ལྡན་འདས་ལ་ཉེས་པ་བག་ཆགས་དང་བཅས་པ་ཡང་མི་མངའ་བ་ཞེས་ཇི་ལྟར་རྟོགས་པར་འགྱུར་ཞེ་ན་བཤད་པ། འདིར་རྗེས་སུ་དཔག་པ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་དང་ནི། །གསུང་དང་
ཐུགས་ཀྱི་ཕྲིན་ལས་ལ། །ཞེ་འགྲས་གྱུར་པ་གང་གིས་ཀྱང་། །ཆོས་དང་ལྡན་པར་གླགས་མི་རྙེད། །ཞེ་འགྲས་གྱུར་པས་མི་རྙེད་ཅེས་བྱ་བ་ནི་རྒྱས་པའོ། །མི་ཞེས་བྱ་བ་ནི་དགག་པ་བཤད་པའོ། །བཅོམ་ལྡན་འདས་ཀྱི་ལ་གླགས་མི་རྙེད་ཅེས་བྱ་བ་དང་འདིར་སྦྱར་རོ། །ཀྱང་ཞེས་བྱ་བ་
ནི་གང་གི་ཞེས་བྱ་བའི་དོན་ལའོ། །གང་དུ་མི་རྙེད་ཅེ་ན་བཤད་པ། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཞེས་བྱ་སྟེ། སྐུ་གསུང་ཐུགས་སོ། །ཕྲིན་ལས་ཀྱི་སྒྲ་ནི་རེ་རེ་དང་སྦྱར་རོ། །གང་གིས་མི་རྙེད་ཅེ་ན་བཤད་པ། ཞེ་འགྲས་པ་ཞེས་བྱ་བ་ནི་རྒྱས་པའོ། །
རྟོག་པ་ཆུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་སྐྱོན་ཚོལ་བ་ལ་གཞོལ་བས་ཀྱང་ཞེས་བྱ་བའི་དོན་ཏོ། །ཆར་དུས་ཀྱི་ཟླ་བ་བཞིའི་བར་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་འདུག་པ་ཕྱི་མའི་མིས་སྐྱེས་བུ་ཆེན་པོའི་མཚང་བཙལ་བར་བྱ་བའི་ཕྱིར་དང་། ཚུལ་བཞིན་མ་ཡིན་པ་རྣམས་དཔྱད་པར་བྱ་བའི་ཕྱིར་
ཡང་བཅོམ་ལྡན་འདས་ཀྱི་འདོད་ཆགས་ལ་སོགས་པའི་ཉེས་པ་ཙམ་ཡང་མ་མཐོང་ངོ་ཞེས་བྱ་བ་ནི་མདོའི་དོན་ཏོ། །འོ་ན་མཛེས་མ་རབ་ཏུ་བྱུང་བ་ལ་བརྟེན་པས་མུ་སྟེགས་པ་གཞན་གྱིས་གླགས་རྙེད་དོ་ཞེས་བྱ་བས་ན། བཤད་པ། ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ཀྱི་སྒྲ་ནི་བདེན་པ་ལ་འཇུག་པའོ། །
เล่ม ๑ · หน้า 121a
དེས་ན་བཤད་པ་ནི་འདི་ཡིན་ཏེ། བདེན་པ་དང་བཅས་པར་འཇུག་པ་གང་ཡིན་པ་དེས་ནི་གླགས་མི་རྙེད་དོ། །གང་གིས་བདེན་པ་སྤངས་ནས་བཅོམ་ལྡན་འདས་ལ་སྨོད་པར་བྱེད་པ་དེ་ལ་དགག་པ་ལྟ་སྨོས་ཅི་དགོས། དེ་བཞིན་དུ་དེ་བཞིན་གཤེགས་པ་བལྟམས་པས་མུ་སྟེགས་པ་
དེ་རྣམས་རྙེད་པ་དང་བཀུར་སྟི་མ་རྙེད་པས་མཛེས་མ་རབ་ཏུ་བྱུང་བ་རང་གིས་བསད་ནས་བཅོམ་ལྡན་འདས་ལ་མི་བསྔགས་པའི་གཏམ་བསྒྲགས་པ་ནི་དགེ་སྦྱོང་གཽ་ཏ་མས་འདི་ནི་བསྙེན་བཀུར་བྱེད་དུ་བཅུག་ནས་བསད་དོ་ཞེས་བྱ་བའོ། །དེ་ནས་མུ་སྟེགས་པ་ཁ་ཅིག་རྙེད་པ་དང་བཀུར་སྟི་རྙེད་པས་
འཐབ་ཀྲོལ་མཁན་གྱི་མུ་སྟེགས་པ་གཞན་ལ་སྨྲས་པ། མཛེས་མ་ཁྱེད་ཅག་རང་གིས་བསད་ན་དགེ་སྦྱོང་གཽ་ཏ་མ་ལ་སྨོད་དམ་ཞེས་པ་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་ཡུལ་ནས་བསྐྲད་དོ། །དེ་བཞིན་དུ་ཙི་ཙ་དཀའ་ཐུབ་མའི་མི་བསྔགས་པའི་དཔེ་བརྗོད་པར་བྱའོ། །རྙེད་པ་ཞེས་
བྱ་བ་ནི་འཐོབ་པའོ། །གང་གིས་ཞེས་བྱ་བ་ནི་ཞེ་འགྲས་པ་དང་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་ཚིག་གོ། །གླགས་ཞེས་བྱ་བ་ནི་སྐྱོན་ཚོལ་བ་དང་། ཉེས་པ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཉེས་པ་ཡོད་ན་དེ་ལས་བྱུང་བའི་སྐུ་
དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་ཚུལ་དང་མི་མཐུན་པའི་སྤྱོད་པ་ཚོལ་ན་སུ་ཞིག་གིས་རྙེད་པར་འགྱུར་བ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ལ་ཉེས་པ་མི་མངའོ། །དེ་ལྟ་བུས་ནི་བཅོམ་ལྡན་འདས་ཀྱི་ཉེས་པ་ཟད་པའི་རྗེས་སུ་དཔག་པ་བསྟན་ནས། བསྟོད་པ་བྱ་བའི་དགོས་པ་
བཤད་པར་བྱ་སྟེ། འཁོར་བ་ཐོག་མ་མེད་པར་ལྕེ་གཅོད་པ་དང་། ངན་སོང་དུ་སྐྱེ་བ་ལ་སོགས་པ་དང་། ཉོན་མོངས་པ་དང་བཅས་པ་བདག་གིས་བཅོམ་ལྡན་འདས་ལ་བསྟོད་པ་མ་བྱས་པ་གང་ཡིན་པ་དེ་ནི་བདག་བསླུས་པ་ཡིན་ནོ། །རྒྱ་མཚོར་གཉའ་ཤིང་བུ་ག་རུ། །ཞེས་བྱ་བའི་རྒྱ་
ཆེ་བས་ཚིགས་སུ་བཅད་པ་གཉིས་བཤད་པར་བྱ་སྟེ། རྒྱ་མཚོར་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་པ་ཚུད་པ་ལྟར། །དམ་ཆོས་དགའ་སྟོན་ཆེར་བཅས་པའི། །མི་ཉིད་བདག་གིས་ཐོབ་ནས་ནི། །མི་རྟག་ཉིད་དང་རྗེས་འབྲེལ་ཞིང་། །ལས་ཀྱི་གླགས་ལ་དོགས་བཅས་པ། །བདག་
เล่ม ๑ · หน้า 121b
གི་ལྕེ་འདི་ཉིད་ཀྱིས་གོ། །སྙིང་པོ་ཅི་ཕྱིར་བླང་མི་བྱ། །བདག་གིས་ཞེས་བྱ་བས་ནི་བདག་ཉིད་བསྟན་ཏོ། །ཐོབ་ནས་ཞེས་བྱ་བ་ནི་ཐོབ་པའོ། །མི་ཉིད་ནི་སྐྱེ་བའོ། །དམ་ཆོས་དགའ་སྟོན་ཆེར་བཅས་པ། །ཞེས་བྱ་བ་ནི་མི་ཉིད་ཀྱི་ཁྱད་པར་རོ། །དམ་པའི་ཆོས་ནི་དམ་པའི་ཆོས་སོ། །
ཡང་ན་མཛེས་པའི་ཆོས་ནི་དམ་པའི་ཆོས་སོ། །གལ་ཏེ་ཆོས་ཀྱི་སྒྲ་འདི་ནི་གསུང་རབ་དང་མྱ་ངན་ལས་འདས་པ་ལ་སོགས་པ་མང་པོ་ལ་འཇུག་པ་ཡང་དེ་བཞིན་དུ་འདིར་ཡང་སངས་རྒྱས་ཀྱི་གསུང་རབ་བརྗོད་པའོ། །དེ་བཞིན་དུ་མདོ་ལས་ཆོས་བསྟན་པ་ཡང་ཉེ་བར་ཞི་བ་དང་། ཡོངས་
སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཆེན་པོ་ཡང་ཡིན་ལ་དགའ་སྟོན་ཡང་ཡིན་པས་ན་དགའ་སྟོན་ཆེན་པོ་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །དམ་ཆོས་དགའ་སྟོན་ཆེན་པོ་དང་འདྲ་བ་ནི་དགའ་སྟོན་ཆེན་པོའོ། །
དམ་ཆོས་དགའ་སྟོན་ཆེན་པོ་དང་བཅས་པ་གང་ཡིན་པ་དེ་ནི་དམ་ཆོས་དགའ་སྟོན་ཆེན་པོ་དང་བཅས་པ་སྟེ་མི་ཉིད་ཐོབ་ནས་ཞེས་བྱ་བ་དང་སྦྱར་རོ། །རྒྱ་མཚོ་ནི་རྒྱ་མཚོ་ཆེན་པོའོ། །དེ་ལ་གཉའ་ཤིང་ནི་ཐོད་འཛིན་པའི་ཡོ་བྱད་དོ། །དེའི་བུ་ག་ནི་བུ་གའོ། །དེ་ལ་རུས་སྦལ་གྱི་མགྲིན་པ་ནི་
དེ་རུ་ཚུད་པའོ། །རྒྱ་མཚོར་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་པ་ཚུད་པ་ལྟར་ནི་མི་ཉིད་དཔེ་གང་ལ་ཡོད་པ་དེ་ནི་རྒྱ་མཚོར་གཉའ་ཤིང་བུ་ག་རུ་རུས་སྦལ་མགྲིན་པ་ཚུད་པ་དང་འདྲ་བའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དགེ་སློང་དག་འདིར་ས་ཆེན་པོ་ཆུ་བོ་
གཅིག་དང་། རྒྱ་མཚོ་གཅིག་ཏུ་གྱུར་ཏོ་ཞེས་བྱ་བ་རྒྱ་ཆེ་བས་གླེང་གཞི་དང་ཡང་དག་པར་ལྡན་པའི་མདོ་སྡེའོ། །དེ་ལ་ཡན་ལག་གི་དོན་ནི་འདི་ཡིན་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོར་ཞུགས་པ་རླུང་གིས་ཕན་ཚུན་ཤིན་ཏུ་གཡོ་བ་བུ་ག་གཅིག་དང་ལྡན་པའི་གཉའ་ཤིང་གི་བུ་གར་ལོ་བརྒྱ་འདས་
ནས་ལན་ཅིག་ལྡང་བའི་རུས་སྦལ་གྱི་མགྲིན་པ་བྱ་རོག་དང་ཤིང་ཏ་ལའི་འབྲས་བུའི་རིགས་པས་དཀའ་བས་འཇུག་པ་དེ་བཞིན་དུ་ངན་སོང་གི་རྒྱ་མཚོ་ཆེན་པོར་ལྷུང་བའི་སྲོག་ཆགས་མི་དགེ་བའི་ལས་ཀྱི་ལམ་ཆེན་པོའི་རླུང་གིས་བདས་པས་མིའི་འགྲོ་བ་ལ་འཇུག་པ་རྙེད་པ་དཀའ་བ་ཞེས་བྱའོ། །
เล่ม ๑ · หน้า 122a
དེ་བས་ན་མི་ཉིད་རྙེད་པར་དཀའ་བ་ཐོབ་ནས་ཅི་ཞིག་བྱ་ཞེ་ན། སྨྲས་པ། མི་རྟག་ཉིད་དང་རྗེས་འབྲེལ་ཞིང་། །ཞེས་སྨོས་པ་ལ། མི་རྟག་པ་ཞེས་བྱ་བ་ནི་འཇིག་པའི་རྒྱུའོ། །ཁ་ཅིག་ན་རེ་འཇིག་པ་ཁོ་ན་ཞེས་ཟེར་རོ། །དེ་དང་འབྲེལ་བ་ནི་རྟག་ཏུ་མི་རྟག་པའི་རྗེས་སུ་འགྲོ་བ་སྟེ།
འདུས་བྱས་པ་རྣམས་སྐད་ཅིག་མས་འཇིག་པ་ཞེས་བྱ་བའི་དོན་ཏོ། །བདག་གི་ལྕེ་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །དེའི་ཕྱིར་བདེ་བའི་སྐལ་བ་དང་བཅས་པའི་མི་རྟག་པ་ཉིད་བསྟན་ནས། འཚོ་བ་ཉིད་ཀྱི་བདག་གི་ལྕེའི་ཉེ་བར་འཚོ་བ་བཤད་པར་བྱ་སྟེ། ལས་ཀྱི་གླགས་ལ་དོགས་བཅས་པ། །
ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་བྱེད་པའི་མི་རྣམས་གང་ཡིན་པ་དེ་རྣམས་ལས་དགེ་བའི་ལས་ལས་བྱུང་བ་ནི་མི་ཉིད་དོ། །དགེ་བའི་ལས་དེ་རྣམས་ཀྱི་མི་དགེ་བའི་ལས་རྣམས་ནི་གླགས་སོ། །དེ་དང་དོགས་པ་ནི་སོམ་ཉི་དང་བཅས་པ་སྟེ། འཚོ་བ་ཉིད་ཀྱི་ལྕེ་གཅོད་པ་དང་། ནད་
ལ་སོགས་པ་རྣམས་ཟིལ་གྱིས་གནོན་པ་ཡོད་པའི་ཕྱིར་རོ། །སྙིང་པོ་བླང་བ་ནི་བླང་བའོ། །ལྕེའི་སྙིང་པོ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཡོན་ཏན་ལ་ཡང་དག་པར་བསྟོད་པའོ། །དེ་བཞིན་དུ་ཡང་བཤད་པ། དམ་ཆོས་ཚིག་གི་སྙིང་པོ་སྟེ། དེ་ལས་གཞན་པ་བྱ་རོག་སྒྲ། །
ཞེས་བྱའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་མི་སྲིད་པ་ལའོ། །ཡང་ན་ཅིའི་ཕྱིར་ནི་རྣམ་པ་གང་གིས་མི་བྱ་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་རང་གི་རྒྱུད་ལ་ཡོད་པའོ། །ལྕེ་ཞེས་བྱ་བ་ནི་ཚིག་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །ལྕེ་ཁོ་ན་ལ་ཚིག་ཅེས་བཤད་དོ། །
བསྟོད་པ་བརྗོད་པའི་སྙིང་པོ་བླང་བའི་དགོས་པ་བཤད་ནས། གཞན་གྱི་ཚིག་གི་གླགས་སློབ་དཔོན་གྱིས་རྟོགས་པ་སྟེ། ཡོན་ཏན་གྱི་མཐའ་ཤེས་པས་དེ་བཞིན་གཤེགས་པ་ལ་བསྟོད་པའི་མཆོད་འོས་ཡིན་གྱི། བཅོམ་ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་གྱི་མཐའ་མི་ཤེས་པས་ཅིའི་ཕྱིར་
བཅོམ་ལྡན་འདས་ཀྱི་བསྟོད་པ་ལ་རྩོལ་ཞེ་ན། བཤད་པ། དེ་ལྟར་ཐུབ་པའི་ཡོན་ཏན་གྱི། །ཡུལ་ལྟ་གྲངས་མེད་ཤེས་མོད་ཀྱི། །རང་གི་དོན་ལ་གུས་པ་ཡིས། །དེ་ཡི་ཕྱོགས་གཅིག་བསྒྲིམས་ཏེ་བརྗོད། །དེ་ལྟར་ཡུལ་གྲངས་མེད་པ་ཞེས་སྨོས་པ་ལ། དེ་ལྟར་ཞེས་བྱ་བ་ནི་འདི་སྐད་
เล่ม ๑ · หน้า 122b
ཅེས་བྱ་བའི་དོན་ཏོ། །མི་ཉིད་རྙེད་དཀའ་བ་སངས་རྒྱས་བསྐྱེད་པས་བརྒྱན་པ་ཐོབ་ནས་ལྕེའི་སྙིང་པོ་ཅིའི་ཕྱིར་བླང་བར་མི་བྱ་ཞེས་རབ་ཏུ་དཔྱད་ནས་ཞེས་དགོངས་པའོ། །ཡང་ན་དེ་ལྟར་ཞེས་བྱ་བའི་སྒྲ་འདི་ནི་རྒྱུ་ལ་འཇུག་པའོ། །དཔེར་ན་འདི་ལྟར་ཆར་འབབ་པ་དང་རྒྱུག་པ་ཞེས་བྱའོ། །
དེ་བས་ན་འདིར་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་མཐའ་མི་ཤེས་པས་བསྟོད་པ་མི་བྱེད་ན་འཕགས་པ་ཤཱ་རིའི་བུ་ཡང་ཤེས་རབ་ཅན་གྱི་གཙོ་བོར་གྱུར་པས་ཀྱང་བཅོམ་ལྡན་འདས་ལ་བསྟོད་པ་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་རྒྱུ་དེ་ལས་ཞེས་བྱ་བའི་དོན་ཏོ། །ཡུལ་ལྟ་གྲངས་མེད་
ཅེས་བྱ་བ་ལ། གྲངས་ནི་ཡོངས་སུ་བཅད་པར་མི་ནུས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་བགྲང་མི་ནུས་ཏེ། དེའི་ཡུལ་ནི་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཡོན་ཏན་ཤེས་མོད་ཀྱི་ཞེས་བྱ་བ་ནི་ཤེས་ནས་ཀྱང་ངོ་། །
དུས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་པར་མཛད་པའི་དུས་དེའི་ཚེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་མི་ཤེས་སོ་ཞེས་བྱ་བ་ནི་ལུང་ངོ་། །ཡུལ་གྲངས་མེད་པ་གང་ལ་ཡོད་པ་དེ་ནི་ཡུལ་
གྲངས་མེད་པ་ཞེས་བྱ་སྟེ། ཀུན་དུ་འགྲོ་བའི་ཕྱིར་རོ། །དེས་ན་བདག་གིས་བསྟོད་པར་མི་ནུས་སོ། །ཡོན་ཏན་གྲངས་མེད་ཤེས་མོད་ཀྱི། །ཞེས་བྱ་བ་དེའི་དོན་ནི་བཤད་ཟིན་ཏོ། །དེ་ཡི་ཕྱོགས་གཅིག་བསྒྲིམས་ཏེ་བརྗོད། །ཅེས་སྨོས་པ་ལ། ཡོན་ཏན་དེ་རྣམས་ཀྱི་ཕྱོགས་གཅིག་ནི་ཆ་སྟེ། དེའི་
བསྒྲིམས་པ་ནི་བསྟོད་པ་བྱ་བའི་ཕྱིར་བརྩོན་པར་བྱ་བའོ། །དེ་ལྟ་བུས་བཅོམ་ལྡན་འདས་ལ་ཅུང་ཟད་ཕན་པར་འགྱུར་རམ་ཞེས་པ་ལ་བཤད་པ། རང་གི་དོན་ལ་གུས་པ་ནི་རང་དོན་ལ་བརྩོན་པས་བཅོམ་ལྡན་འདས་ལ་བསྟོད་པའོ། །གང་གི་ཕྱིར་བསྟོད་པ་དང་སྨད་པ་དག་གིས་བཅོམ་ལྡན་འདས་
རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་མི་འགྱུར་ཞེས་བྱ་བའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གསུམ་པོ་འདིས་ཡོན་ཏན་གྱི་མཐའ་མི་ཤེས་པས་ཀྱང་ཆ་ཙམ་གྱིས་རང་གི་དོན་ལ་རྩོལ་བས་བཅོམ་ལྡན་འདས་ལ་བསྟོད་པ་བརྩམས་སོ་ཞེས་བཤད་པ་ཡིན་ནོ། །ད་ནི་སྟོན་པ་ལ་ཕྱག་འཚལ་བ་སྔོན་དུ་
เล่ม ๑ · หน้า 123a
འགྲོ་བའི་བསྟོད་པ་ལ་འཇུག་པ་བཤད་པར་བྱ་སྟེ། གང་གི་ཡོན་ཏན་གྲངས་དག་དང་། །མཐུ་ལ་ཐུག་པ་མ་མཆིས་ལ། །རྨད་བྱུང་ཕྲིན་ལས་དཔག་མེད་ཅན། །རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་རྒྱས་པའོ། །རང་བྱུང་ནི་གཞན་གྱིས་མ་བསྟན་པར་ཤེས་བྱ་
མ་ལུས་པ་ཐུགས་སུ་ཆུད་པའི་ཁྱད་པར་དང་ལྡན་པས་ཐམས་ཅད་མཁྱེན་པར་གྱུར་ཏོ་ཞེས་བྱ་བ་ནི་རང་བྱུང་ངོ་། །རང་བྱུང་དེ་ལ་ཕྱག་བྱ་བ་ནི་ཕྱག་འཚལ་བ་ཞེས་བྱའོ། །འཚལ་བ་ནི་འཚལ་ལོ་བའོ། །རྨད་བྱུང་ཕྲིན་ལས་དཔག་མེད་ཅན། །ཞེས་སྨོས་པ་ལ། དཔག་མེད་ནི་ཚད་མེད་པ་
དང་། ཤིན་ཏུ་དཀོན་པ་དང་། ངོ་མཚར་བ་སྟེ། ཕྲིན་ལས་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་གང་ལ་ཡོད་པ་དེ་ནི་རྨད་བྱུང་ཕྲིན་ལས་དཔག་མེད་ཅན་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་དང་སྦྱར་རོ། །རྒྱུ་ཕུན་སུམ་ཚོགས་པ་ལ་བསྟོད་པ་བསྟན་པ་ནི་ཕྲིན་ལས་རྒྱུར་གྱུར་པའི་ཕྱིར་རོ། །
འབྲས་བུ་ཕུན་སུམ་ཚོགས་པ་ལ་ཡང་བསྟོད་པ་བཤད་པར་བྱ་སྟེ། གང་གི་ཡོན་ཏན་གྲངས་དག་དང་། །ཞེས་བྱ་བ་ནི་གང་གི་ཞེས་བྱ་བ་དང་སྦྱར་རོ། །དོན་གྱི་དབང་གིས་བྱེད་པའི་ཚིག་ཡོངས་སུ་འགྱུར་རོ་ཞེས་བྱ་བས་ན་ཁྱོད་ལ་ཞེས་བྱ་བ་བཞི་པའི་མཐའ་ཅན་འདིར་དྲུག་པའི་མཐའ་ཅན་
དུ་འགྱུར་ཏེ། གང་གི་ཁྱོད་ཀྱི་ཞེས་བྱ་བའི་དོན་ཏོ། །གྲངས་ནི་གཅིག་ལ་སོགས་པའོ། །མཐུ་ནི་གདུལ་བྱའི་བྱ་བ་ལ་ནུས་པའོ། །གྲངས་དང་མཐུ་དེ་དག་གི་ཡོན་ཏན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ལ་ཐུག་པ་ནི་ངེས་པར་གཟུང་བ་མ་མཆིས་པ་དང་སྦྱར་རོ། །གང་
གི་ཕྱིར་ཐུག་པ་མ་མཆིས་པ་དེའི་ཕྱིར། འདི་སྙེད་བགྱི་བའི་མཐའ་མེད་ན། །ཞེས་བྱ་བའི་ཚིགས་སུ་བཅད་པ་བཤད་པ། འདི་སྙེད་བགྱི་བའི་མཐའ་མེད་ན། །འདི་ལྟ་ལགས་ཞེས་ཅི་ཞིག་སྨོས། །ཁྱོད་ཀྱི་ཡོན་ཏན་སླད་དུ་བདག །བསོད་ནམས་སྙམ་ནས་སྤྱི་བརྟོལ་སྐྱེས། །འདི་
སྙེད་ཅེས་བྱ་བ་ནི་ཚད་འདི་དང་ལྡན་པ་སྟེ། བརྒྱའམ་སྟོང་ཞེས་བྱ་བ་དེ་ལྟ་བུའི་མཐའ་ནི་ཡོངས་སུ་ཆད་པའི་ཡོན་ཏན་རྣམས་ཏེ་མི་མངའ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བཤད་པ་ཡིན་ནོ། །མཐུ་ཕུན་སུམ་ཚོགས་པ་བསྟན་པ་བཤད་པ་ནི་འདི་ལྟ་ལགས་
เล่ม ๑ · หน้า 123b
ཞེས་ཅི་ཞིག་སྨོས་ཞེས་སྨོས་པ་ལ། འདི་ལྟ་བུ་ནི་འདི་ལྟ་བུའི་མཐུ་དང་ལྡན་པ་ཁྱོད་ཀྱི་ཡོན་ཏན་ཞེས་བྱ་བ་སྟེ། ཅི་ཞིག་ནི་ཚིག་གི་སྐབས་ཁོ་ན་ཅི་ཞིག་སྨོས་ཞེས་བྱ་བ་སྟེ་དགོངས་པའོ། །ཁྱོད་ནི་ཇི་ལྟར་བསྟོད་པ་ལ་བརྩོན་ཞེས་པ་ལ་བཤད་པ། བསོད་ནམས་སྙམ་ནས་ཞེས་བྱ་བ་ནི་བསོད་
ནམས་ཀྱི་རྒྱུ་ཁོ་ན་ཡིན་པས་ན་བསོད་ནམས་སོ། །ཡང་ན་ཡོན་ཏན་དག་མཛད་པས་ན་བསོད་ནམས་ཏེ་སྡིག་པ་འཇོམས་པ་ཞེས་བཤད་དོ། །སྙམ་གྱི་སྒྲ་ནི་ངེས་པར་གཟུང་བ་ལའོ། །ཡང་གི་སྒྲ་ནི་དོན་གཞན་བརྗོད་པར་འདོད་པ་ལའོ། །བཤད་པ་ནི་འདི་ཡིན་ཏེ། ཁྱོད་ཀྱི་ཡོན་ཏན་རྣམས་
ལ་གྲངས་དང་མཐུ་དག་གིས་ཐུག་པ་མ་མཆིས་མོད་ཀྱི། འོན་ཀྱང་ཁྱོད་ཀྱི་ཡོན་ཏན་ནི་བསོད་ནམས་ཡིན་ཞེས་བདག་ངེས་པ་སྐྱེས་པའོ། །དེའི་ཕྱིར་ཡོན་ཏན་གྱི་སླད་དུ་ནི་ཁྱོད་ཀྱི་ཡོན་ཏན་ལ་བརྟེན་པས་སོ། །བདག་སྤྱི་བརྟོལ་སྐྱེས་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་མ་འཚལ་ན་ཡང་བདག་
ཅག་རྣམས་ལ་སྤྱི་བརྟོལ་ཡོད་དེ། རང་གི་དོན་ལ་གུས་པས་ཡོན་ཏན་གྱི་ཕྱོགས་གཅིག་ལ་བསྟོད་པར་བྱ་བའི་ཕྱིར་ཞེས་བསྟན་ཏོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོ་འདིས་བཅོམ་ལྡན་འདས་ཀྱི་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་ལ་བསྟོད་པ་རབ་ཏུ་བརྩམས་སོ་ཞེས་བཤད་དོ། །བསྟོད་པ་
གླེང་བསླང་བའི་བཤད་པ་སྟེ་ལེའུ་དང་པོའོ།། །།ཇི་ལྟར་བཅོམ་ལྡན་འདས་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་བཤད་པར་བྱ་སྟེ། སྤྱོད་དམ་མི་སྤྱོད་སྙམ་པ་ཡི། །རྣམ་པར་རྟོག་པ་རྣམ་སྤངས་ནས། །འགྲོ་བ་འདི་ནི་ཉམ་ཐག་ཅེས། །
ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞེས། །སྤྱོད་པ་ནི་སྤྱོད་པ་མཛད་པ་དང་། མི་སྤྱོད་པ་ནི་སྤྱོད་པ་མི་མཛད་པའོ། །དམ་གྱི་སྒྲ་ནི་རྣམ་པར་རྟོག་པ་ཞེས་བྱའོ། །སྙམ་ཞེས་བྱ་བ་ནི་ཡོངས་སུ་སྤང་བ་ཐུགས་ཀྱིས་མ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པའོ། །བདག་ཉིད་ཅེས་
བྱ་བ་ནི་བདག་ཉིད་དོ། །མ་ཞུས་པ་ཉིད་ནི་ཐུགས་རྗེའི་གཞན་དབང་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་དགོངས་པའོ། །ཞལ་གྱིས་བཞེས་པ་ནི་འགྲོ་བ་ཞེས་འཆད་པར་འགྱུར་རོ། །ཡོངས་སུ་བསྐྱབ་པའི་ཕྱིར་ཞེས་ཞལ་གྱིས་བཞེས་པ་སྟེ། བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ཕྱིར་ཞེས་བྱ་བ་དགོངས་པའོ། །
เล่ม ๑ · หน้า 124a
དེ་བཞིན་དུ་བྱང་ཆུབ་སེམས་དཔར་གྱུར་པ་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ལམ་མི་མཁྱེན་ན་འགྲོ་བ་འཁོར་བ་ལས་བསྐྱབ་པར་མི་སྤྱོད་དོ་ཞེས་བྱ་བས་ན། སློང་བ་རྣམས་ལ་ལུས་ལ་སོགས་པ་བྱིན་ནས་སྨོན་པ་ཞེས་ཏེ། གཏོང་བ་དང་ཤིན་ཏུ་གཏོང་བ་འདིས་
མ་འོངས་པའི་འཇིག་རྟེན་འདྲེན་པ་མེད་པ་ལས་སངས་རྒྱས་སུ་གྱུར་ནས་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བར་བྱ་བ་དང་། མ་གྲོལ་བ་རྣམས་དགྲོལ་བར་བྱ་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་
ངན་ལས་བཟླ་བར་བྱ་བའོ་ཞེས་པ་ནི་ལུང་ངོ་། །ཁྱོད་ཅེས་པ་ནི་ཁྱོད་ཀྱིས་སོ། །དེ་ལྟ་བུའི་རྣམ་པར་རྟོག་པ་སྤངས་ནས་ཅིའི་ཕྱིར་ཞལ་གྱིས་བཞེས་ཤེ་ན། གང་གི་ཕྱིར། འགྲོ་བ་འདི་ནི་ཉམ་ཐག་ཅེས་སྨོས་པ་ལ། གང་ལ་ཉམ་ཐག་ཅེས་བྱ་བ་ནི་ཉམ་ཐག་པ་སྐྱོབ་པས་ན་མཆོད་འོས་པ་སྟེ།
གཟིར་བར་སྨྲ་བའི་གནས་སོ། །དེ་བས་ན་བཤད་པ་འདི་ཡིན་ཏེ། གང་གི་ཕྱིར་འཁོར་བའི་སྡུག་བསྔལ་ལ་སྐྱབས་མེད་པའི་འགྲོ་བ་ལ་བྱང་ཆུབ་སེམས་དང་ཐུགས་རྗེ་མཛད་པ་དེའི་ཕྱིར་སྤྱོད་པ་དང་མི་སྤྱོད་སྙམ་པའི་རྣམ་པར་རྟོག་པ་སྤངས་ནས། འགྲོ་བ་བསྐྱབ་པའི་ཕྱིར་ཞལ་གྱིས་བཞེས་སོ། །
འདི་ནི་ཞེས་བྱ་བ་ནི་ཉེ་བར་བསྟན་པ་ལའོ། །འགྲོ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །དེ་བས་ན། ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཞེས་བྱ་བའི་ཚིགས་སུ་བཅད་པ། ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས། །ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ། །
འབྲེལ་པ་མེད་པའི་གཉེན་འདུན་ལགས། །མ་བཅོལ་བ་ནི་མ་ཞུས་པའོ། །ལེགས་པ་ནི་ཆོས་ཀྱི་ངང་ཚུལ་ལོ། །སྙིང་རྗེ་དང་བྲལ་བའི་འཇིག་རྟེན་པ་སྡུག་བསྔལ་ལས་བསྐྱབ་པས་ལེགས་པའི་ངོ་བོ་ཞུས་པས་ཀྱང་བྱེད་དམ་མི་བྱེད་པའོ། །བཅོམ་ལྡན་འདས་ནི་མ་ཞུས་པར་ཡང་གོང་དུ་བཤད་
པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ལེགས་སོ་ཞེས་བྱ་བ་བཤད་དོ། །ཁྱོད་ནི་ཞེས་བྱ་བས་ནི་བཅོམ་ལྡན་འདས་བཤད་དོ། །རང་གི་བདེ་བའི་དོན་དུ་ཁ་ཅིག་ཁ་ཅིག་ཏུ་བྱམས་པ་ནི་བརྩེ་བ་དང་ལྡན་པ་ཡིན་ནོ། །ཁྱོད་ཀྱང་ཉིད་ཀྱི་བདེ་བའི་རྒྱུ་གཞན་ལ་མི་ལྟོས་པར་ཐུགས་རྗེ་དང་ལྡན་པའི་ཕྱིར་ན་རྒྱུ་
เล่ม ๑ · หน้า 124b
མེད་བཞིན་དུ་བྱམས་པའོ། །དྲི་ནི་སླར་ཡང་འབྲེལ་པའི་དབང་གིས་བྱམས་པའོ། །འདྲིས་པ་མེད་པ་ནི་མ་འདྲིས་པའོ། །དེ་རྣམས་ཀྱི་མཛའ་བཤེས་ནི་བཤེས་ཏེ་མ་འདྲིས་མཛའ་བཤེས་སོ། །ཐུགས་རྗེ་དང་ལྡན་པའི་ཕྱིར་ན་མ་འདྲིས་པ་རྣམས་ལ་ཡང་འདྲིས་པ་བཞིན་པས་ན་བཤེས་སོ། །
འབྲེལ་པ་ནི་གཉེན་འདུན་ཏེ་ཕ་དང་མའི་རིགས་དང་འབྲེལ་པའོ། །དེ་ཉིད་འཇིག་རྟེན་པའི་གཉེན་འདུན་ཞེས་བཤད་དོ། །བཅོམ་ལྡན་འདས་ཀྱང་ཐུགས་རྗེ་དང་ལྡན་པའི་ཕྱིར་འབྲེལ་པ་མེད་པའི་གཉེན་འདུན་ལགས་ཏེ། རིགས་ཀྱི་འབྲེལ་པ་མེད་ན་ཡང་གཉེན་འདུན་ཞེས་བཤད་དོ། །དེ་
ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་སྔོན་དུ་སོང་བའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པས་སེམས་ཅན་རྗེས་སུ་བཟུང་བ་བཤད་དོ། །རྒྱུ་ནི་དབྱེ་བ་དྲུག་ཅེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བསྟན་ཏེ། དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པའི་ཕྱིར་མ་
བཅོལ་བར་ལེགས་པར་མཛད་པ་དང་རྒྱུ་མེད་བཞིན་དུ་བྱམས་པ་ལ་སོགས་པ་དེ་ནི་བཤད་དོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཐུགས་རངས་པ་དང་སྤུ་ཟིང་ཞེས་བྱེད་པ་དང་བཅས་པ་དེའི་ཕྱིར། །ཉིད་ཀྱི་ཤ་ཡང་སྩོལ་མཛད་ན། །ཞེས་པ་ནི་
རྒྱས་པའོ། །ཉིད་ཀྱི་ཤ་ཡང་སྩོལ་མཛད་ན། །དངོས་པོ་གཞན་ལྟ་སྨོས་ཅི་འཚལ། །ལེགས་མཛད་ཁྱོད་ཀྱིས་སྲོག་ཀྱང་ནི། །སློང་བའི་སྐྱེ་བོ་རྣམས་ལ་བཏང་། །དེ་ལྟར་བྱམས་པའི་སྟོབས་བྱང་ཆུབ་སེམས་དཔར་གྱུར་པའི་བཅོམ་ལྡན་འདས་ཀྱིས་ཨུཏྤལ་སྔོན་པོ་དང་འདྲ་བ་ཤིན་ཏུ་རྣོ་བའི་
རལ་གྲིས་རང་གི་ཤ་བཅད་ཅིང་བཅད་ཅིང་གནོད་སྦྱིན་རྣམས་ལ་བཟའ་བའི་ཕྱིར་བཏང་ངོ་། །ནོར་བུ་གཙུག་ཅན་བྱང་ཆུབ་སེམས་དཔར་གྱུར་པས་ཀྱང་སྲིན་པོ་རྣམས་ལ་བཏང་ངོ་ཞེས་བྱ་བ་ནི་རྟོགས་པ་བརྗོད་པའོ། །དངོས་པོ་གཞན་ཞེས་བྱ་བ་ནི་ནོར་བུ་དང་གསེར་དང་དངུལ་ལ་སོགས་པ་རྣམས་
སོ། །སྨོས་ཅི་འཚལ་ཞེས་བྱ་བ་ནི་དེ་སྨོས་ཅི་འཚལ་ཏེ། དོན་གྱིས་གོ་བས་དངོས་པོ་གཞན་གྱི་སྦྱིན་པ་རྟོགས་པར་འགྱུར་རོ་ཞེས་དགོངས་པའོ། །དེ་ལྟར་རང་གི་ཤ་ཁོ་ན་བཏང་བ་ཡིན་ནམ་ཞེ་ན། མ་ཡིན་ཞེས་བཤད་པ། སྲོག་ཀྱང་ནི་ཞེས་བྱ་བ་ནི་རྒྱས་པའོ། །སྲོག་ནི་སྲོག་རྣམས་ཀྱིས་ཀྱང་
เล่ม ๑ · หน้า 125a
ངོ་། །བཏང་ཞེས་བྱ་བ་ནི་མཆོད་པར་གྱུར་པའོ། །སློང་བའི་སྐྱེ་བོ་རྣམས་ནི་རྙེད་པ་འདོད་པས་འོངས་པའོ། །དཔེར་ན་རི་བོང་དུ་གྱུར་པའི་བཅོམ་ལྡན་འདས་ཀྱིས་སློང་མོ་པའི་གཟུགས་ཅན་གཙོ་བའི་བསམ་པ་དང་ལྡན་པའི་བརྒྱ་བྱིན་འོངས་པ་དེས་ཡོངས་སུ་ལོངས་སྤྱོད་པར་བྱ་
བའི་ཕྱིར་མེའི་ཕུང་པོ་ལ་བཞག་ནས་ཞེས་པ་ནི་སྐྱེས་རབས་སོ། །ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཞེས་བཤད་པ་དེ་ཉིད་ལ་བརྟེན་ནས་ལེགས་མཛད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པའོ། །དེ་ལྟར་སྲོག་ཆགས་རྣམས་ཀྱི་ལོངས་སྤྱོད་པའི་ཕྱིར་སྦྱིན་པ་བཤད་ནས། ཡོངས་སུ་
སྐྱོབ་པའི་སྦྱིན་པ་བཤད་པར་བྱ་སྟེ། ཉིད་ཀྱི་སྐུ་དང་སྲོག་དག་གིས། །ལུས་ཅན་གཤེད་མས་ཟིན་རྣམས་ཀྱི། །ལུས་དང་སྲོག་ཀྱང་ཁྱོད་ཀྱིས་ནི། །ལན་བརྒྱ་ཕྲག་ཏུ་བླུ་བ་མཛད། །ཉིད་ཀྱི་སྐུ་ཞེས་སྨོས་པ་ལ། །ཉིད་ཀྱི་ནི་ཉིད་ཀྱིའོ། །སྐུ་ཞེས་བྱ་བ་ནི་ཆ་ལ་ཚོགས་པ་ཉེ་བར་འདོགས་པས་
སྐུའི་ཆ་ནི་སྐུ་ཞེས་བཤད་དེ། སྲོག་དག་གིས་ཞེས་བྱ་བ་ནི་སྐུ་མ་ལུས་པའི་ཚིག་བླངས་པའི་ཕྱིར་རོ། །སྐུ་དེས་ཅི་ཞིག་བྱས་ཤེ་ན། ལན་བརྒྱ་ཕྲག་ཏུ་བླུ་བར་མཛད། །ཅེས་བཤད་པར་འགྱུར་རོ། །བླུ་བ་ནི་ཉོས་པའོ། །ལན་བརྒྱ་ཕྲག་ཏུ་ཞེས་བྱ་བ་ནི་ལན་མང་དུ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བླུས་ཤེ་
ན། བཤད་པ། བླུས་པ་ནི་བདག་ལ་བདག་ཉིད་ཆགས་པ་སྤངས་ནས་ཐུགས་རྗེའི་དབང་གིས་གཞན་རྣམས་ལ་བདག་ལ་ཆགས་པ་ལ་བརྟེན་ནས་ལུས་ཀྱི་ཆ་རྣམས་བླུ་བ་མཛད་དོ། །ལུས་དེ་རྣམས་གང་གིས་ཡིན་ཞེ་ན། ལུས་ཅན་རྣམས་ཀྱི་ཞེས་བཤད་པ་སྟེ། སྲོག་ཆགས་རྣམས་ཀྱི་ཞེས་བྱ་
བའི་དོན་ཏོ། །ཇི་ལྟར་གྱུར་པ་ཡིན་ཞེ་ན། བཤད་པ། གཤད་མས་ཟིན་རྣམས་ཀྱི་ཞེས་བྱ་བ་ནི་གསོད་པར་རྩོལ་བ་སྟེ་གཤེད་མ་རྣམས་སོ། །ཟིན་པ་ནི་དེ་རྣམས་ཀྱིས་ཟིན་པ་རྣམས་ཀྱིའོ། །དཔེར་ན་བཅོམ་ལྡན་འདས་རྒྱལ་པོ་དཔལ་གྱི་སྡེར་གྱུར་པས་ཐམས་ཅད་གཏོང་བའི་བདག་ཉིད་དུ་
བསྒྲགས་པས་བྲམ་ཟེའི་ཆ་བྱད་འཛིན་པའི་བརྒྱ་བྱིན་ལ་ལུས་ཀྱི་ཕྱེད་བཅད་ནས་རབ་ཏུ་བཏང་ངོ་ཞེས་བྱ་བ་ནི་རྟོགས་པ་བརྗོད་པའོ། །ལུས་བླུ་བ་ཁོ་ན་ཡིན་ནམ་ཞེ་ན། མ་ཡིན་ཞེས་བཤད་པ། སྲོག་དག་གིས་ཞེས་སྨོས་པ་ལ། སྲོག་ཅེས་བྱ་བ་ནི་རང་གི་སྲོག་རྣམས་ཀྱིས་སོ། །སྲོག་གིས་ལུས་ཅན་གཤེད་
เล่ม ๑ · หน้า 125b
མས་ཟིན་རྣམས་ཀྱི། །ལུས་དང་སྲོག་ཀྱང་ཁྱོད་ཀྱིས་ནི། །ལན་བརྒྱ་ཕྲག་ཏུ་བླུ་བ་མཛད། །ཅེས་བྱ་བ་ན་ཐམས་ཅད་ལ་དེ་ལྟར་སྦྱར་རོ། །ལྟོགས་པའི་སྡུག་བསྔལ་གྱིས་ནོན་པས་རང་གི་བུ་བཟའ་བར་བྱ་བའི་ཕྱིར་རྩོལ་བ་ལ། སྟག་མོ་བྱང་ཆུབ་སེམས་དཔར་གྱུར་པས་གཟིགས་པས་དེ་ལ་བདག་ཉིད་
བྱིན་ནས་སྟག་ཕྲུག་རྣམས་རང་གི་སྲོག་གིས་བླུ་བ་མཛད་དོ། །ཡང་རྒྱལ་པོ་ཞི་བར་གྱུར་པས་ཁྲའི་ཆ་ལུགས་འཛིན་པའི་བརྒྱ་བྱིན་གྱིས་ཉེ་བར་གཅེས་པའི་ཕུག་རོན་གཟིགས་པས་དགྲོལ་བར་བྱ་བའི་ཕྱིར་རལ་གྲིས་ཉིད་ཀྱི་ཤ་བཅད་ཅིང་བཅད་ཅིང་རབ་ཏུ་བཏང་སྟེ་ཇི་སྲིད་ཉིད་ཀྱི་སྐུ་མ་ལུས་
པ་སྲང་ལ་བསྒར་ནས་ཕུག་རོན་དེ་བླུ་བ་མཛད་དོ་ཞེས་བཤད་དོ། །དེ་བཞིན་དུ་གཞན་ཡང་སྔོན་དཀའ་བ་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་རབས་དཔེར་བཤད་པར་བྱའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་ནས་སླར་ཡང་། ངན་
འགྲོས་བསྙེངས་སླད་མ་ལགས་ལ། །ཞེས་བྱ་བའི་རྒྱས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བཤད་པར་བྱ་སྟེ། ངན་འགྲོས་བསྙེངས་སླད་མ་ལགས་ལ། །བཞེད་པའི་འགྲོ་བའང་སྒྲུབ་མ་ལགས། །དགོངས་པ་དག་པ་འབའ་ཞིག་གིས། །ཁྱོད་ཀྱིས་ཚུལ་ཁྲིམས་གོམས་
པར་མཛད། །དེ་ལ་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ནི་ངན་འགྲོ་སྟེ། རྣམ་པར་སྨིན་པ་མི་བཟད་པའི་ཕྱིར་རོ། །དེ་ཉིད་འཇིགས་པ་སྟེ་དེ་ལས་འཇིགས་པ་ཞེས་བྱ་བའི་ཕྱིར་ངན་འགྲོས་བསྙེངས་པ་དེའི་ཕྱིར་རོ། །བདག་ལ་ཆགས་པར་གྱུར་པའི་འཇིག་རྟེན་པ་ཡིས་ཚུལ་ཁྲིམས་
སྲུང་བར་བྱེད་དོ། །ཁྱོད་ཀྱིས་ཀྱང་ངན་འགྲོའི་བསྙེངས་པས་ཚུལ་ཁྲིམས་གོམས་པར་མ་མཛད་དོ་ཞེས་བཤད་དོ་ཞེས་བཤད་པར་འགྱུར་ཞེས་བྱ་བའོ། །ལྷ་དང་མི་རྣམས་ཀྱི་བདེ་བ་འདོད་པའི་སྐྱེ་བོས་ཚུལ་ཁྲིམས་སྲུང་བ་ཡིན་ནོ། །ཁྱོད་ཀྱིས་ཀྱང་བཞད་པའི་འགྲོ་བའང་སྒྲུབ་པས་ཚུལ་ཁྲིམས་
གོམས་པར་མ་མཛད་དོ། །འོ་ན་ཅིའི་ཕྱིར་ཞེ་ན། བཤད་པ། དགོངས་པ་དག་པ་འབའ་ཞིག་གིས། །ཞེས་བྱ་བ་ནི་དགེ་བ་ལ་གོམས་པ་དང་། སྡིག་པ་ལས་གྲོལ་བའི་རང་བཞིན་གྱིས་དག་པའི་ཐུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བདག་ལ་ཆགས་པ་དང་བྲལ་བའི་ཕྱིར་དགོངས་པ་ཡང་དེ་
เล่ม ๑ · หน้า 126a
ཡིན་ལ་འབའ་ཞིག་ཀྱང་དེ་ཡིན་པས་ན་དགོངས་པ་འབའ་ཞིག་གོ། །དགོངས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་སོ། །དེའི་དག་པ་ནི་སེམས་ཅན་མ་ལུས་པ་ཡོངས་སུ་སྐྱོབ་པའི་ཕྱིར་དྲི་མ་མེད་པའི་ཡེ་ཤེས་ལས་བྱུང་བ་བླ་ན་མེད་པའི་བྱང་ཆུབ་སྟེ། ང་ཡིས་
དག་པ་བརྙེས་པ་ནི། །གང་ཞིག་བྱང་ཆུབ་བླ་ན་མེད། །ཅེས་བྱ་བའི་ཚིགས་སུ་བཅད་པའི་ཕྱེད་དོ། །དེའི་སླད་ནི་དེའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དག་པ་ཞེས་བྱ་བ་ནི་རྒྱུའི་དོན་ལ་གསུམ་པ་བསྒྲུབས་པ་སྟེ། དཔེར་ན་སློང་བས་ན་གནས་པ་ཞེས་བྱ་བ་སྟེ། སློང་བའི་རྒྱུ་ཞེས་པས་རྟོགས་
པར་འགྱུར་བ་དེ་བཞིན་དུ་འདིར་ཡང་བསམ་པ་དག་པའི་རྒྱུ་ཡིས་ཞེས་བྱའོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལས་ལྡོག་པ་ཡང་དག་པར་ལེན་པའོ། །གོམས་པར་མཛད་ཅེས་བྱ་བ་ནི་རང་བཞིན་དུ་མཛད་པའོ། །དེ་ལྟར་ན་དགོངས་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་བཤད་ནས། སྦྱོར་བ་ཕུན་སུམ་ཚོགས་པའི་ཡོངས་སུ་རྫོགས་པ་བསྟན་པར་བྱ་བའི་ཕྱིར། རྟག་ཏུ་གྱ་གྱུ་རྣམ་སྤངས་ཤིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཤད་པར་བྱ་སྟེ། རྟག་ཏུ་གྱ་གྱུ་རྣམ་སྤངས་ཤིང་། །དྲང་བརྟན་རྣམས་
ནི་རྟག་བསྟེན་པས། །ཡོངས་སུ་དག་པའི་ལས་རྣམས་ཀྱིས། །ཁྱོད་ནི་གཞི་རྟེན་གཅིག་པུར་གྱུར། །གཡོ་ལས་བྱུང་བའི་ལས་རྣམས་ནི་གྱ་གྱུའོ། །དེ་དང་འབྲེལ་པས་གང་ཟག་ཀྱང་གྱ་གྱུ་བའོ། །དེ་རྣམས་རྟག་ཏུ་སྤངས་པ་ནི་རྟག་ཏུ་ཡོངས་སུ་སྤངས་པ་ཞེས་དགོངས་པའོ། །
དྲང་བརྟན་རྣམས་ནི་དགེ་བའི་ལས་རྣམས་སོ། །དེ་ལ་སྦྱོར་བའི་གང་ཟག་ཀྱང་དྲང་བརྟན་རྣམས་སོ། །དེ་རྣམས་རྟག་ཏུ་བསྟེན་པ་ནི་ཤིན་ཏུ་བསྟེན་པ་ཡིས་ཞེས་བྱ་བའི་དོན་ཏོ། །རྒྱུ་དེ་དག་ལས་ཅིར་འགྱུར་ཞེ་ན། སྨྲས་པ། ཡོངས་སུ་དག་པའི་ལས་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་
ལ། ལས་རྣམས་ཀྱིས་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏེ། ཡོངས་སུ་དག་པ་ཞེས་བྱ་བ་ནི་དགེ་བ་རྣམས་སོ། །གཞི་རྟེན་གཅིག་པུར་གྱུར་ཞེས་སྨོས་པ་ལ། གཞི་རྟེན་ནི་ལམ་མོ། །གཅིག་པུ་ཞེས་བྱ་བ་ནི་ཁྱོད་ཅེས་བྱ་བ་དང་སྦྱར་ཏེ། བཅོམ་ལྡན་འདས་གཅིག་པུའོ། །གཞིའི་རྟེན་ཡིན་
เล่ม ๑ · หน้า 126b
པས་ན་དེའི་དངོས་པོ་ནི་གཞི་རྟེན་གཅིག་པུའོ། །གྱུར་ཞེས་བྱ་བ་ནི་ཐོབ་པའི་དོན་ཏེ། དེའི་དོན་ནི་འདི་ཡིན་ཏེ། འཇིག་རྟེན་པ་ལས་འདྲེན་མ་ཅན་ཡིན་གྱི། ཁྱོད་ཀྱང་རྒྱུ་གཉིས་པོ་འདི་ཡིས་ལས་དཀར་པོ་རྣམས་ཀྱི་ལམ་གཅིག་པུ་ཁོ་ནར་གྱུར་ཏོ་ཞེས་བྱའོ། །དེ་ལྟ་བུའི་ཚིགས་སུ་
བཅད་པ་གཉིས་པོ་འདིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྟོད་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྟོད་པའི་ཕྱིར་བཤད་པ། སྡུག་བསྔལ་མང་པོས་གཟིར་བ་ན། །ཁྱོད་ཀྱིས་དགེ་བའི་ཐུགས་ཀྱིས་ནི། །ཉོན་མོངས་རྣམས་ལ་སྲན་བཙུགས་ནས། །
སྐྱེ་བོ་ཉོན་མོངས་ཅན་ལ་བརྩེ། །མང་པོས་གཟིར་བ་ཞེས་བྱ་བ་ནི་རྒྱས་པའོ། །གཟིར་བ་ཞེས་བྱ་བ་ནི་སྲོག་ཆགས་རྣམས་ལ་ཕན་པའི་ཕྱིར། ཡན་ལག་བཅད་པའི་སྡུག་བསྔལ་དང་ལྡན་པས་སོ། །མང་པོ་ཞེས་བྱ་བ་ནི་ལན་མང་པོས་སོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་
ཀྱིས་སོ། །དགེ་བའི་ཐུགས་ཀྱིས་ཞེས་བྱ་བ་ནི་ཐུགས་རྗེའི་དབང་གིས་ཡོངས་སུ་དག་པའི་ཐུགས་ཀྱིས་སོ། །ཅི་ཞིག་མཛད་ཅེ་ན། ཉོན་མོངས་རྣམས་ལ་སྲན་བཙུགས་ནས། །ཞེས་སྨོས་པ་ལ། ཉོན་མོངས་པ་རྣམས་ནི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་ལ་སྲན་བཙུགས་པ་ཞེས་
བྱ་བ་ནི་མཐུ་གསལ་བར་མཛད་པའོ། །བདག་ལ་གནོད་པ་བྱེད་པ་རྣམས་ཀྱི་ཉོན་མོངས་པ་ང་ཡིས་བཅོམ་པར་བྱ་ཞེས་པ་ནི་ཡིད་ལ་བྱེད་པ་མཛད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་བྱང་ཆུབ་སེམས་དཔས་གཤེད་མའི་རྒྱུད་ཀྱི་ཉོན་མོངས་པ་བཟོད་པའི་རྒྱུ་ཡིན་ན་དེའི་ཕྱིར་ཉོན་མོངས་པ་དེ་དག་
མཆོད་པའི་རིགས་ན་ཅིའི་ཕྱིར་དེ་གཞོམ་པར་བྱ་བའི་ཕྱིར་ཐུགས་འཁྲུགས་པ་ཡིན་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ཉོན་མོངས་པའི་དབང་གིས་དགྲ་རྣམས་བདག་དང་འདྲ་བའི་སྣོད་ལ་གནོད་པ་བྱས་ན་ངེས་པར་སྡིག་པ་ཅན་དུ་འགྱུར་རོ་ཞེས་བྱ་བས་ན། དགྲ་བོ་རྣམས་ལ་ཐུགས་རྗེའི་དབང་གིས་
ཉོན་མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་ཐུགས་འཁྲུགས་སོ། །དཔེར་ན་ཁ་ཅིག་ཕན་པར་འདོད་པས་གདོན་ལ་སྡིགས་པར་བྱེད་ཀྱི་གདོན་གྱིས་ཟིན་པ་ལ་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་བཤད་པ། སྐྱེ་བོ་ཉོན་མོངས་ཅན་ལ་བརྩེ། །ཞེས་བྱ་བ་ལ། སྐྱེ་བོ་ནི་སྤྱན་ལ་སོགས་པ་ཟ་བར་
เล่ม ๑ · หน้า 127a
བྱེད་པའི་བྱ་རྒོད་ལ་སོགས་པའོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་དུ་གྱུར་པའོ། །རྒྱུ་དེ་ཉིད་ཀྱི་ཕྱིར་བརྩེ་བ་ནི་དགྲ་བོ་དེ་རྣམས་ཀྱི་ཉོན་མོངས་པ་གཞོམ་པའི་སླད་དུ་ཐུགས་བསྐྱེད་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཡིན་ན་ཡང་གཞན་གྱི་
སྡུག་བསྔལ་བསྐྱེད་པའི་ཕྱིར་མཆོད་པ་དང་། ཉོན་མོངས་པ་གཞིར་གྱུར་པའི་སྐྱེ་བོ་གནོད་པ་བྱེད་པ་ལ་ཡང་འཁྲུག་པ་མི་སྐྱེད་པའི་ཕྱིར་བཟོད་པ་མཛད་ཅེས་བྱ་བའི་ཚིགས་སུ་བཅད་པ་འདིས་བཤད་དོ། །བཟོད་པའི་གནས་སྐབས་གཉིས་པ་བཤད་པར་བྱ་སྟེ། ཁྱོད་ཀྱིས་གཞན་གྱི་དོན་སླད་
དུ། །སྐུ་སྲོག་བཏང་ནས་དགྱེས་གྱུར་གང་། །དེ་འདྲ་སྲོག་ཆགས་འགུམས་པ་ལས། །སོས་པ་རྣམས་ལའང་བྱུང་མ་གྱུར། །གཞན་གྱི་དོན་གྱི་སླད་དུ་སྐུ་སྲོག་བཏང་ནས་ཞེས་སྨོས་པ་ལ། གཞན་གྱི་དོན་ཞེས་བྱ་བ་ནི་གཞན་ལ་ཕན་པའི་རྒྱུའི་ཕྱིར་རོ། །བཏང་བ་ནི་བཏང་བའོ། །སྐུ་
སྲོག་ནི་སྲོག་གོ། །དགྱེས་པ་ནི་ཁྱོད་ལ་ཐུགས་བདེ་བར་གང་གྱུར་པའོ། །ཇི་ལྟར་ཀླུ་གཞོན་ནུ་དུང་གི་གཙུག་ཕུད་ཅན་རིམ་གྱིས་འོངས་ཤིང་ཉེ་བར་གནས་པ་ལ་ནམ་མཁའ་ལྡིང་གིས་ཟ་བར་གྱུར་པ་གཟིགས་ནས་དེ་བསྐྱབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔར་གྱུར་པ་གཞོན་ནུ་སྤྲིན་ལ་ཞོན་
གྱིས་ནམ་མཁའ་ལྡིང་ལ་བདག་ཉིད་བཏང་ངོ་། །དེ་བཞིན་དུ་རྒྱལ་པོ་ཟླ་འོད་དུ་གྱུར་པས་ཀྱང་རང་གི་མགོ་བྱིན་ནས་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བ་ལ་མཆོད་དོ། །དེ་འདྲར་མ་གྱུར་ཞེས་བྱ་བ་ནི་དགྱེས་པའོ། །འགུམས་པ་ལ་སོགས་པ་རྣམས་ཞེས་བྱ་བ་ནི་སྔར་འགུམ་པ་ལས་ཕྱི་ནས་སོས་
པ་སྟེ། སྔ་མའི་དུས་ཕྱི་མའི་དུས་ཀྱིས་བསྡུས་པ་ནི་འཇིག་པ་དང་སྐྱེ་བ་བཞིན་ནོ། །སྲོག་ལ་རེ་བ་མེད་པ་རྣམས་ཀྱིས་ཇི་ལྟར་ན་སྲོག་རྙེད་པ་ནི་འགུམས་པ་སོས་པ་ཞེས་བྱའོ། །སྲོག་ཆགས་རྣམས་ཀྱི་སྲོག་དེ་ལྟར་གྱུར་པ་དེ་རྣམས་ཀྱི་ཡང་དེ་དང་འདྲ་བར་དགྱེས་པ་མི་སྲིད་པ་ཇི་ལྟར་
གཞན་གྱི་དོན་གྱི་སླད་དུ་ཁྱོད་ཀྱི་སྲོག་གཏོང་བ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟར་ན་གནས་སྐབས་འདིར་གཤེད་མ་རྣམས་ཀྱི་སྡིག་པ་བསྐྱེད་པ་མ་སྤངས་པས། གཤེད་མ་པ་རྣམས་ནི་བཟོད་པ་བསྐྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བས་ན། ཁྱོད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདོད་
เล่ม ๑ · หน้า 127b
པས་ཉིད་ཀྱི་སྲོག་གིས་ཀྱང་མཆོད་དོ་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བཤད་དོ། །ཁྱོད་ནི་ལན་འགའ་མ་ལགས་པར། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་བཟོད་པ་གསུམ་པའི་གནས་སྐབས་བཤད་པར་བྱ་སྟེ། ཁྱོད་ནི་ལན་འགའ་མ་ལགས་པར། །གཏུབས་ཀྱང་
སྡུག་བསྔལ་མི་དགོངས་པར། །གཤེད་མ་བགྱིད་པའི་སེམས་ཅན་ལའང་། །གཙོ་བོ་ཐུགས་རྗེར་གྱུར་པ་གང་། །ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་དེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་མཆི། །གང་ཞེས་བྱ་བ་ནི་ཐུགས་རྗེ་ཞེས་
བཤད་པའོ། །སྡུག་བསྔལ་མི་དགོངས་པར་ཞེས་བྱ་བ་ནི་ཉིད་ཀྱིས་གཟིར་བ་ཐུགས་ལ་མ་མཛད་པ་ཞེས་བྱ་བའི་དོན་ཏོ། །གཏུབས་པ་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པས་ཞེས་དྲང་བར་བྱའོ། །ཇི་ལྟར་བཟོད་པ་སྨྲ་བར་གྱུར་པ་ནགས་ན་གནས་པའི་གནས་བལྟ་བར་བྱ་བའི་ཕྱིར་རྒྱལ་པོའི་
བཙུན་མོ་ཉེ་བར་འོངས་པ་ལ་ཆོས་བསྟན་པ་དང་། དེ་ལ་ཕྲག་དོག་གིས་ཁྲོས་པའི་རྒྱལ་པོ་རྩོད་པ་འབྱིན་གྱིས་རྣ་བ་དང་ལག་པ་དང་རྐང་པ་རྣམས་རལ་གྲིས་བཅད་དོ། །ཡང་ན་སྡུག་བསྔལ་གྱིས་གཏུབས་སོ་ཞེས་བྱ་བ་དང་སྦྱར་རོ། །མི་དགོངས་པར་ཞེས་བྱ་བ་ནི་རང་གི་སྲོག་ལ་ཞེས་དྲང་
བར་བྱའོ། །ཇི་ལྟར་རུས་སྦལ་དུ་གྱུར་པས་རྒྱ་མཚོ་ཆེན་པོར་གྲུ་ཞིག་པའི་ཚོང་པ་རྣམས་འགྲམ་དུ་བསྒྲལ་བའི་བློས་རྒྱབ་ལ་བསྐྱོན་ནས་འགྲམ་དུ་བསྒྲལ་ཏོ། །དེ་དུབ་པས་ཤིན་ཏུ་གཉིད་ལོག་པར་གྱུར་པ་ལ་གྲོག་མས་ཀུན་དུ་ཟོས་པས་གཉིད་སྟུག་པོ་ལས་སད་ནས་གྲོག་མ་དེ་རྣམས་འཆི་
བའི་དོགས་པས་ཅུང་ཟད་ཀྱང་མ་གཡོས་པར་འགྲམ་དེ་ཉིད་དུ་འཆི་བའི་དུས་བྱས་སོ་ཞེས་བྱའོ། །དེ་བཞིན་དུ་གཞན་ཡང་གླང་པོ་ཆེ་མཆེ་བ་དྲུག་པའི་སྐྱེས་རབས་དཔེར་བརྗོད་པར་བྱའོ། །གཏུབས་ཀྱང་ཞེས་བྱ་བ་ནི་དུམ་བུར་བྱས་པའོ། །ལན་འགའ་མ་ལགས་པ་ནི་ལན་མང་པོར་རོ། །
གཤེད་མ་བགྱིད་པའི་སེམས་ཅན་ལའང་། །ཞེས་བྱ་བ་ནི་གསོད་པར་བྱེད་པ་རྣམས་ལའོ། །ཐུགས་རྗེ་ཞེས་བྱ་བ་ནི་སྨན་པར་དགོངས་པའོ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་སྟེ་རིགས་བཞི་ལ་སོགས་པ་བཞིན་ནོ། །གྱུར་པ་ཞེས་བྱ་བ་ནི་གྱུར་ཏོ་ཞེས་བྱ་བའི་དོན་དོ། །གཙོ་བོ་ཞེས་བྱ་བ་ནི་
เล่ม ๑ · หน้า 128a
ཡོན་ཏན་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་བཅོམ་ལྡན་འདས་ལ་བོད་པའོ། །གནས་སྐབས་གསུམ་པར་གསུངས་པ་དེ་ནི་བསྟོད་པ་མཛད་པ་འདིས་ཤིན་ཏུ་ངོ་མཚར་བར་སེམས་སོ། །དེ་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་གི་ཕྱིར་གནས་སྐབས་དང་པོ་ལ་
ཉོན་མོངས་པའི་གཞན་དབང་དུ་གྱུར་པ་དེ་ཉིད་བདག་ལ་གཟིར་བར་བྱེད་ཅེས་བྱ་བ་ལ་བཟོད་པའོ། །གཉིས་པ་ལ་ཡང་གཤེད་མ་དེ་དག་བདག་ལ་ཕན་པ་བྱེད་ཅེས་བྱའོ། །གནས་སྐབས་གསུམ་པ་འདི་ལ་ལན་མང་པོར་གཏུབས་པ་འབའ་ཞིག་ཏུ་མ་ཟད་པ་ལ་ཅུང་ཟད་ཀྱང་མ་འཁྲུགས་
ཤིང་བཟོད་པ་མཛད་པ་དང་། གཤེད་མ་རྣམས་ལའང་ང་ལ་གནོད་པ་བྱས་པས་མ་འོངས་པ་ན་སྡུག་བསྔལ་བསྟེན་པར་མ་གྱུར་ཅིག་ཅེས་བྱ་བས་དེ་རྣམས་ཀྱི་ཉོན་མོངས་པ་བདག་གིས་གཞོམ་པར་བྱའོ་ཞེས་པས་དེ་རྣམས་ལ་ཐུགས་རྗེའི་ཐུགས་བསྐྱེད་པར་མཛད་པས་དེ་ལྟར་ན་འདིར་ངོ་
མཚར་བ་བརྗོད་དོ། །གང་རང་གི་སྡུག་བསྔལ་མི་དགོངས་པར་གཞན་གྱི་སྡུག་བསྔལ་ཞི་བར་བྱའོ་ཞེས་རབ་ཏུ་འཇུག་པར་མཛད་དོ་ཞེས་བཤད་དོ། །དེའི་ཕྱིར་བཤད་པ། རྫོགས་པའི་བྱང་ཆུབ་ས་བོན་དེ། །ཞེས་པ་ནི་རྒྱས་པའོ། །རྫོགས་པའི་བྱང་ཆུབ་ནི་དེ་བཞིན་གཤེགས་པའི་རྒྱུད་དེ་
ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེའི་ས་བོན་ནི་རྒྱུ་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་དེའི་ཞེས་པའོ། །རང་བཞིན་ཇི་ལྟ་བུ་ཡིན་ཞེ་ན། ཐུགས་ནི་རིན་པོ་ཆེ་ཞེས་སྨོས་པ་ལ། ཐུགས་ཉིད་རིན་པོ་ཆེ་སྟེ། སེམས་ཅན་མ་ལུས་པ་སྐྱོབ་པའི་ཕྱིར་དང་། ངེས་པར་ནོར་
གྱིས་ཤིན་ཏུ་དཀོན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་གཤེད་མ་པ་རྣམས་ལ་ཐུགས་རྗེའི་དགོངས་པ་དང་ཡང་དག་པར་ལྡན་པའོ། །ཁྱོད་ནི་ཁྱོད་ཀྱིའོ། །ཁྱོད་ཁོ་ན་ནི་གཞན་ནི་མ་ཡིན་ནོ། །དཔའ་བོ་ཞེས་བྱ་བ་ནི་དེ་ལྟ་བུའི་ནུས་པ་དང་ལྡན་པས་བཅོམ་ལྡན་འདས་ལ་བོད་པའོ། །ཡང་ན་འགྲོ་བ
མ་ལུས་པ་གདོན་པ་ལ་བརྩོན་འགྲུས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །སྙིང་པོར་མཁྱེན་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་ཐུགས་རྗེའི་ཐུགས་དེའི་སྙིང་པོ་སྟེ། ཤེས་བྱ་མ་ལུས་པ་ལ་ཐོགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་སྙིང་པོར་མཁྱེན་པ་སྟེ་
เล่ม ๑ · หน้า 128b
ཁྱོད་ཁོ་ན་དང་སྦྱར་རོ། །འོལ་མི་མཆི་བ་ནི་སྤྱོད་ཡུལ་དུ་མ་གྱུར་པའོ། །དེ་ཞེས་བྱ་བ་ནི་སྙིང་པོའོ། །གཞན་སྐྱེ་བོ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྟེ་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ཞེས་བསྡུས་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གསུམ་
པོ་འདི་ཡིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྟོད་ནས། དཀའ་སྤྱད་ལས་ནི་མ་བགྱིས་པར། །ཞེས་བྱ་བའི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་ནི། དཀའ་སྤྱད་ལས་ནི་མ་བགྱིས་པར། །གོ་འཕང་རྙེད་དཀའ་མི་འཐོབ་ཅེས། །
དེ་སླད་ཉིད་ལའང་མ་གཟིགས་པར། །ཁྱོད་ཀྱིས་བརྩོན་འགྲུས་ལེགས་པར་སྤེལ། །མ་བགྱིས་པ་ནི་མ་བྱས་པ་ཁོ་ནའོ། །དཀའ་སྤྱད་ལས་ནི་དཀའ་བས་བསྒྲུབ་པར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། བཤད་པ། གོ་འཕང་རྙེད་དཀའ་མི་འཐོབ་ཅེས་པ་ནི་དཀའ་བས་འཐོབ་པར་འགྱུར་ཞེས་བྱ་བའི་དོན་
ཏོ། །གོ་འཕང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་ཕྱིར་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། གཞན་གྱི་དོན་མ་ལུས་པའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟར་དགོངས་པ་བསྐྱེད་ནས་ཅི་ཞིག་མཛད་ཅེ་ན། བཤད་པ། དེ་སླད་ཉིད་ལའང་མ་གཟིགས་པར། །ཞེས་བྱ་བ་ནི་ཉིད་
ཀྱི་སྲོག་ལའང་མ་དགོངས་པ་སྟེ། བརྩོན་འགྲུས་ནི་དགེ་བའི་ཆོས་རྣམས་ལ་སྤྲོ་བའི་མཚན་ཉིད་ཅན་ལ། ལེགས་པར་སྤེལ་བ་ནི་ཁྱད་པར་དུ་འདྲེན་པ་ཞེས་བྱ་བ་སྟེ་དགོངས་པའོ། །ཇི་ལྟར་རི་དགས་ཀྱི་ཚོགས་ཀྱི་གཙོ་བོར་གྱུར་པས་རྔོན་པ་ལ་བརྩོན་པ་དཔུང་དང་བཅས་པའི་རྒྱལ་པོ་མཐོང་
ནས་རྒྱབ་ལ་ཁུར་ནས་ཆུ་བོ་དྲག་པོའི་ཕ་རོལ་ཏུ་རི་དགས་རྒལ་བར་མཛད་དོ། །རི་དགས་ཀྱི་ཚོགས་ཀྱི་རྨིག་པ་རྣོ་བས་ཁྲག་འཛག་པ་དང་ལུས་མ་ལུས་པར་སྣད་པར་གྱུར་ཅིང་ཚིགས་ཆད་པའི་སྡུག་བསྔལ་དང་ལྡན་པས་ཀྱང་རི་དགས་ཀྱི་ཕྲུ་གུ་གཅིག་མ་བརྒལ་བ་བསྒྲལ་བར་མཛད་དོ་ཞེས་
བྱ་བའོ། །དེ་ལྟ་བུ་ལ་སོགས་པའི་དཀའ་བ་སྤྱད་པ་ཡང་དཔེར་བྱའོ། །གཞན་ཡང་། ཁྱད་པར་འཕགས་པར་བགྱི་བ་ལ། །ཞེས་བྱ་བ་ནི་རྒྱས་པར་བཤད་པ་སྟེ། ཁྱད་པར་འཕགས་པར་བགྱི་བ་ལ། །ཁྱོད་ལ་ཐང་ལྷོད་འགའ་མ་བྱུང་། །དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས། །ཐོག་དྲུང་
เล่ม ๑ · หน้า 129a
རིམ་པར་དབྱེར་མ་མཆིས། །སྐྱོན་རྣམས་བསལ་བ་དང་ཡོན་ཏན་བསགས་པ་དང་སེམས་ཅན་གྱི་དོན་མཛད་པ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་རྣམས་ཀྱིས་འཕགས་པ་ནི་འཕགས་པར་གྱུར་པའོ། །དེ་ལ་ཐང་ལྷོད་ནི་བརྩོན་འགྲུས་ཀྱི་ངེས་པ་སྟེ། ཁྱོད་ལ་འགའ་
ཡང་མ་བྱུང་བ་ནི་ངན་འགྲོར་སོང་བས་ཀྱང་གནས་སྐབས་འགའ་ཡང་མ་ཡིན་ནོ། །ཇི་ལྟར་འཇིག་རྟེན་པས་ལུང་དུ་བསྟན་པ་རིག་ནས་བསམ་གཏན་དང་པོ་བསྐྱེད་པ་དེ་ཉིད་ཀྱིས་བདག་ཉིད་བྱ་བ་བྱེད་པར་བསམ་ཞིང་ཁྱད་པར་དུ་འཕགས་པར་འགྱུར་རོ་ཞེས་ཁྱོད་དེ་ལྟར་མ་མཛད་དོ། །
རྒྱུ་དེའི་ཕྱིར་ན་བྱང་ཆུབ་བརྙེས་ཤིང་ཁྱད་པར་དུ་འཕགས་པ་ཁྱོད་ལ་ཐུགས་རྗེ་ཆེན་པོ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་ཐོག་དྲུང་མ་མཆིས་པ་ནི་ཆད་པ་མི་མངའ་བ་ཞེས་བྱ་བའི་དོན་ཏོ། །རྣམ་པ་འདིས་ཡོན་ཏན་ཐམས་ཅད་ཁྱད་པར་དུ་འཕགས་པའི་མཐར་ཐུག་པ་ཁོ་ན་ཞེས་
བཤད་དོ། །ཡང་ན་བྱང་ཆུབ་སེམས་དཔའི་གནས་སྐབས་སུའོ། །རྒྱུ་དེའི་ཕྱིར་ན་ཁྱད་པར་དུ་འཕགས་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཁྱད་པར་དུ་འཕགས་པ་བརྙེས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་
ཚིགས་སུ་བཅད་པ་གཉིས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བཤད་པར་བྱ་སྟེ། ཐུགས་ནི་ཐུགས་རྗེ་ཆེན་པོ་དང་། །རྟག་ཏུ་རྗེས་སུ་འབྲེལ་སླད་དུ། །ཏིང་འཛིན་འབྲས་བུར་བཅས་པ་ཡི། །ཤིན་ཏུ་བདེ་ལའང་ཁྱོད་
མ་ཆགས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཤིན་ཏུ་བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་མེད་པའི་ཕྱིར་རོ། །ཤིན་ཏུ་བདེ་བ་ལ་ཡང་མ་ཆགས་པ་ནི་སྲིད་པར་ཁྱོད་མ་གྱུར་ཞེས་བྱ་བ་དང་སྦྱར་རོ། །གང་ལ་ཞེ་ན། བཤད་པ། ཏིང་འཛིན་འབྲས་བུ་དང་བཅས་པ། །ཞེས་སྟོས་
པ་ལ་ཏིང་ངེ་འཛིན་ནི་བསམ་གཏན་དག་གོ། །འབྲས་བུ་དང་བཅས་པ་ནི་འབྲས་བུར་བཅས་པ་སྟེ། སྙོམས་པར་འཇུག་པའི་བསམ་གཏན་དང་། འཐད་པ་བསྒྲུབ་པའི་བསམ་གཏན་དེ་རྣམས་ལ་ཡང་ཞེས་བྱ་བའི་དོན་ཏོ། །རྒྱུ་ཅིའི་ཕྱིར་ཞེ་ན། བཤད་པ། རྟག་ཏུ་རྗེས་སུ་འདྲེས་
เล่ม ๑ · หน้า 129b
སླད་དུ། །ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཕན་པའི་བྱ་བ་ལ་བྱང་ཆུབ་སེམས་དཔས་རྟག་ཏུ་ཐུགས་དྲན་ནས་བསམ་གཏན་གྱི་བདེ་བ་ལ་ཆགས་པའི་གླགས་སྐབས་ཚོལ་བར་མི་མཛད་དོ། །དེའི་ཕྱིར་ཐུགས་རྗེ་ཆེན་པོ་དེ་དང་རྟག་ཏུ་ཐུགས་རྗེས་འབྲེལ་པར་
གྱུར་ཏོ་ཞེས་བྱ་བའོ། །ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་མ་ཐོབ་པར་ཐུགས་རྗེ་ཆེན་པོས་ཡུན་རིང་དུ་གོམས་པར་བྱས་ཞེས་བྱ་བས་ན་སྙིང་རྗེ་མེད་པ་རྣམས་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །རྒྱུ་གང་གི་ཕྱིར་འབྲས་བུ་དང་བཅས་པ་ལ་ཆགས་པར་མ་གྱུར་པ་དེའི་ཕྱིར། གཞན་དང་ཐུན་མོང་
མ་ལགས་པའི། །ཞེས་བྱ་བ་ནི་རྒྱས་པར་བཤད་པར་བྱ་སྟེ། གཞན་དང་ཐུན་མོང་མ་ལགས་པའི། །བདེ་བ་གང་དེ་གྱ་ནོམ་ཡང་། །དམ་པའི་སྤྱོད་ལྡན་ཁྱོད་འདྲ་ལ། །གནོད་པར་བས་ཀྱི་སྨན་མ་མཆིས། །ཁྱོད་འདྲ་ཞེས་བྱ་བ་ནི་ཁྱོད་དང་འདྲ་བའོ། །རྒྱུའི་གནས་སྐབས་ཀྱི་བར་དུ་བྱེད་པ་ཡིན་པའི་
ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་ཡིན་ནོ། །གནོད་པར་ཞེས་བྱ་བ་ནི་གནོད་པར་བྱེད་པ་ཁོ་ནའོ། །སྨན་མ་མཆིས་ཞེས་བྱ་བ་ནི་ཕན་པ་མི་བྱེད་པའོ། །བདེ་བ་གང་དེ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་བསམ་གཏན་དང་། འཐད་པ་བསྒྲུབ་པའི་བསམ་གཏན་དང་། དབེན་
པ་ལས་སྐྱེས་པའོ། །དེ་ནི་དམ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཞེས་བཤད་པ། དམ་པ་ཞེས་བྱ་བ་ནི་ཤིན་ཏུ་སྨན་པ་མཛད་པའི་ཕྱིར་དང་། དུས་རིང་པོར་རྗེས་སུ་འཇུག་པའི་ཕྱིར་མཆོག་ཀྱང་ཞེས་བྱ་བའི་དོན་ཏོ། །དམ་པའི་སྤྱོད་ལྡན་ཞེས་སྨོས་པ་ལ། སྤྱོད་པ་ནི་སྤྱོད་པའོ། །དེ་ནི་དེའི་
རྣམ་པ་འདིས་དམ་པ་ཡིན་ནོ་ཞེས་བོད་པའོ། །ཅིའི་སླད་དུ་བདེ་བ་དེ་ཁྱོད་དང་འདྲ་བ་ལ་གནོད་པར་བྱེད་པ་ཞེས་པ་ལ། བཤད་པ། གཞན་དང་ཐུན་མོང་མ་ལགས་པའི། །ཞེས་བྱ་བ་ནི་གང་གི་ཕྱིར་དེ་ནི་ཐུན་མོང་མ་ལགས་པ་སྟེ་སྤྱི་མ་ཡིན་པའོ། །གང་དང་ཐུན་མོང་མ་ཡིན་ཞེ་ན།
གཞན་དག་དང་ཞེས་བྱ་བའི་དོན་ཏོ། །བཤད་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་ལས་བྱུང་བ་གང་ཡིན་པ་དེ་ནི་སྲོག་ཆགས་གཞན་རྣམས་ཀྱིས་བསྟེན་པར་མི་ནུས་པའི་རྒྱུ་དེས་ན་དེ་ལ་ཆགས་པ་མི་སྐྱེད་པ་ཉམས་སུ་མྱོང་བ་དང་ལྡན་པའི་ཏིང་ངེ་འཛིན་ལས་རྒྱལ་བའི་
เล่ม ๑ · หน้า 130a
ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས་བྱའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་ནས། འདྲེས་པ་ལས་ནི་ལེགས་བཤད་པ། །ཞེས་བྱ་བའི་ཚིགས་སུ་བཅད་པས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བཤད་པར་བྱ་སྟེ། འདྲེས་པ་ལས་ནི་ལེགས་བཤད་པ། །སྙིང་པོ་སྐྱོན་མེད་ཉི་ཚེ་ཞིག །ཁྱོད་ཀྱིས་ཀུན་བཞེས་ཐུགས་ལ་བཞག །ཉེས་བཤད་དུག་བཞིན་ཡོངས་སུ་སྤངས། །འཇིག་རྟེན་ན་འཆད་པ་པོ་ནི་རྣམ་པ་གསུམ་སྟེ། ལེགས་པར་བཤད་པ་
དང་། ཉེས་པར་བཤད་པ་དང་། འདྲེས་པའི་ཚིག་གི་དབྱེ་བའི་ཕྱིར་རོ། །དེ་རྣམས་ལས་བྱང་ཆུབ་སེམས་དཔས་འདྲེས་པའི་ཚིག་ལས་སྙིང་པོ་ལེགས་པར་བཤད་པ་ཐུགས་ལ་བཞག་པ་ནི་བཟུང་བའོ། །ཁ་ཅིག་ལ་ནི་དབྱངས་ཉེ་བར་བསྒྱུར་བ་ཞེས་བྱ་བ་ནི་ཡི་གེ་ཏའི་རྣམ་པར་
རིགས་སོ་ཞེས་བྱ་བར་ཤེས་ནས། སྒྲ་ངན་པ་ཡི་འཇིགས་པ་ཡིས། །སྙིང་པོ་ཁོ་ན་ཨཱ་ཏཾ་ཞེས་བྱ་བས་ནི་ལུང་མ་ཡིན་པའི་གདོན་པའོ། །དེ་ལ་ལན་ནི་འདི་ཡིན་ཏེ། འདི་ནི་ཉེ་བར་བསྒྱུར་བ་མ་ཡིན་གྱི་དེ་དང་འདྲ་བའི་ཚིག་ཕྲད་དོ། །དཔེར་ན་དུརྣ་ཡ་ཞེས་བྱ་བ་སྟེ། དེས་ན་ཐུགས་
ལ་བཞག་པ་ཞེས་བྱ་བ་ནི་སློབ་དཔོན་གྱིས་བཤད་པ་མཛེས་པ་ཡིན་ནོ། །གང་ཞིག་ལེགས་པར་བཤད་པ་འབའ་ཞིག་ཏུ་སྨྲ་བ་དེ་རྣམས་ལ་བྱང་ཆུབ་སེམས་དཔས་སྐྱོན་མེད་ཉི་ཚེ་ཞིག་ཅེས་བྱ་བ་ནི་ལེགས་པར་བཤད་པ་དང་སྦྱར་རོ། །ལེགས་པར་བཤད་པ་དང་མ་འདྲེས་པ་གང་ཡིན་
པ་དེ་ནི་བདུད་རྩི་དང་འདྲ་བ་ཐུགས་རངས་པས་བཞེས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཁ་ཅིག་ནི་ཁ་ན་མ་ཐོ་བ་འབའ་ཞིག་སྨྲ་བ་དེ་རྣམས་ལས་ཉེས་པར་བཤད་པའི་ཚིག་དུག་བཞིན་དུ་ཡོངས་སུ་སྤངས་སོ། །དེ་ལྟར་རྣམ་པ་གསུམ་པོ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དག་པ་
བསྟན་ནས། དེ་ཉིད་འཕེལ་བ་བཤད་པར་བྱ་སྟེ། རིན་ཆེན་སྙིང་པོ་མཁྱེན་ཁྱོད་ཀྱིས། །ལེགས་བཤད་སྲོག་གིས་འཇལ་བ་ན། །སྐྱེ་བ་དེ་དང་དེ་དག་ཏུ། །བྱང་ཆུབ་སླད་དུ་དཔའ་རྩལ་བསྟན། །རིན་ཆེན་སྙིང་པོ་མཁྱེན་ཁྱོད་ཀྱིས། །ཞེས་བྱ་བ་ལ། ཁྱོད་ཀྱིས་འཇལ་བྱ་བ་དང་སྦྱར་རོ། །
เล่ม ๑ · หน้า 130b
རིན་ཆེན་སྙིང་པོ་མཁྱེན་པ་ཞེས་བྱ་བ་ནི་ལེགས་པར་བཤད་པ་ཁོ་ན་རྙེད་པར་དཀའ་བས་ན་རིན་པོ་ཆེ་སྟེ། དེ་རྣམས་ཀྱི་སྙིང་པོ་ནི་བླ་ན་མེད་པའི་བྱང་ཆུབ་པོ། །དེ་མཁྱེན་པ་ཞེས་བྱ་བ་ནི་རིན་ཆེན་སྙིང་པོ་མཁྱེན་པ་ཞེས་བོད་པའོ། །གང་གིས་འཇལ་བ་ཡིན་ཞེས་པ་ལ། བཤད་པ། དབྱིག་
དང་གསེར་ལ་སོགས་པ་རྣམས་འབའ་ཞིག་གིས་ནི་མ་ཡིན་གྱི་སྲོག་དག་གིས་ཀྱང་ངོ་། །གང་འཇལ་ཞེ་ན་སྨྲས་པ། ལེགས་པར་བཤད་པའོ། །དཔེར་ན་ལེགས་པར་བཤད་པ་ཚོལ་བར་གྱུར་པའི་བཅོམ་ལྡན་འདས་ཀྱིས་ཆོས་མ་གསན་པས་ཐུགས་མུག་པར་གྱུར་པས་
གནོད་སྦྱིན་གྱི་ཆ་ལུགས་འཛིན་པའི་བརྒྱ་བྱིན་ལས། ཆོས་སྤྱོད་པ་ནི་ལེགས་པར་སྤྱད། །སྤྱོད་ན་དེ་ནི་སྤྱད་མི་བྱ། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལ་ཉིད་ཀྱི་སྐུ་དེ་ལ་བཟའ་བའི་ཕྱིར་སྩལ་ནས་བླུས་པའོ། །
ཅི་ཞིག་མཛད་ཅེ་ན་སྨྲས་པ། དཔའ་རྩལ་བསྟན་ཞེས་བྱ་བ་ནི་བརྩོན་འགྲུས་ལ་དམིགས་པ་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། སྨྲས་པ། བྱང་ཆུབ་སླད་དུ་ནི་བྱང་ཆུབ་ཀྱི་རྒྱུར་རོ། །སྐྱེ་བ་དང་དེ་དག་ནི་འགྲོ་བ་ལྔའི་འཁོར་བ་ཐམས་ཅད་དུ་སྐྱེ་བས་སོ་ཞེས་བཤད་པའོ། །
འདིར་དེམ་དང་རི་དགས་ཀྱི་སྐྱེས་རབས་ལ་སོགས་པ་དཔེར་བྱའོ། །དེ་སླད་གྲངས་མེད་གསུམ་དག་ཏུ། །ཞེས་བྱ་བ་རྒྱས་པར་རྒྱུ་ལ་བསྟོད་པ་ཉེ་བར་བསྡུས་ཏེ་བཤད་པ། དེ་སླད་གྲངས་མེད་གསུམ་དག་ཏུ། །ཁྱོད་ནི་དེ་ལྟར་བརྩོན་པ་ན། །བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་
པས། །གོ་འཕང་བླ་ན་མེད་པ་བརྙེས། །དེ་ལྟར་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཉིད་ཀྱི་དོན་ནམ། ཡང་ན་རྣམ་པ་ལའོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལས་གཞན་དད་པ་ལ་སོགས་པའི་དགེ་བ་ཡང་གཟུང་ངོ་། །གྲངས་མེད་གསུམ་དག་ཏུ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་གྲངས་
མེད་པ་གསུམ་གྱིས་སོ། །དེ་ལྟར་བརྩོན་པ་ན་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་བཀའ་བའི་སྤྱོད་པ་མཛད་པས་སོ། །བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པས། །ཞེས་བྱ་བ་ལ། བརྩོན་འགྲུས་ནི་བརྩོན་འགྲུས་ཏེ། དེ་ཉིད་འབའ་ཞིག་གྲོགས་སུ་གྱུར་པ་གང་ལ་ཡོད་པ་དེ་ནི་
เล่ม ๑ · หน้า 131a
བརྩོན་འགྲུས་འབའ་ཞིག་གྲོགས་སུ་གྱུར་པ་སྟེ། གླང་པོ་དང་རྟ་ལ་སོགས་པ་ནི་མ་ཡིན་ནོ། །དེས་ན་བརྩོན་འགྲུས་འབའ་ཞིག་གྲོགས་སུ་གྱུར་པ་ཁྱོད་ཅེས་བྱ་བ་དང་སྦྱར་རོ། །ཅི་ཞིག་བྱ་བ་ཞེ་ན། སྨྲས་པ། གོ་འཕང་བླ་ན་མེད་པ་བརྙེས་པ་སྟེ། མངོན་དུ་མཛད་
པའོ། །གོ་འཕང་ནི་གནས་སོ། །ཇི་ལྟ་བུ་ཡིན་ཞེ་ན། བཤད་པ། བླ་ན་མེད་པ་ནི་བླ་ན་མེད་པར་ཁྱད་པར་གང་ལ་མེད་པ་དེ་ནི་བླ་ན་མེད་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བཅོམ་ལྡན་འདས་ཀྱི་རྒྱུ་ལ་བསྟོད་
པ་ཞེས་བཤད་དོ་ཞེས་བྱའོ། །རྒྱུ་ལ་བསྟོད་པའི་བཤད་པ་སྟེ་ལེའུ་གཉིས་པའོ།། །།ད་ནི་རྣམ་པ་གསུམ་གྱིས་འབྲས་བུ་ལ་བསྟོད་པ་ལས། རེ་ཞིག་དཔེ་མེད་པ་ལས་བསྟོད་པ་དེ་ལས་རྒྱུ་གང་གིས་དཔེ་མེད་པ་ཉིད་དང་། རྣམ་པ་གང་གིས་དང་། གང་དང་བཅས་པས་དཔེ་
མེད་ཅེས་བྱ་བ་སྟེ། དབྱེ་བ་གསུམ་མོ། །དེ་ལ་རྒྱུ་གང་གིས་དཔེ་མེད་པ་ཉིད་བརྙེས་པ་ནི། མཐོ་ལ་ཕྲག་དོག་མི་མཛད་ཅིང་། །ཞེས་བྱ་བའི་ཚིགས་སུ་བཅད་པས་དེ་བཤད་པར་བྱ་སྟེ། མཐོ་ལ་ཕྲག་དོག་མི་མཛད་ཅིང་། །དམའ་ལ་རྔན་ཅན་མི་མཛད་ལ། །མཉམ་ལ་འགྲན་པ་མི་མངའ་
བས། །ཁྱོད་ནི་འཇིག་རྟེན་གཙོ་བོར་གྱུར། །འཇིག་རྟེན་པ་ཕལ་ཆེ་བ་ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཁྱད་པར་དང་ལྡན་པའི་གང་ཟག་རྣམས་ལ་ཕྲག་དོག་སྐྱེ་སྟེ། གཞན་གྱི་ཡོན་ཏན་བཟོད་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །དམའ་བ་རྣམས་ལ་རྔན་ཅན་ནི་རྔན་ཅན་གྱི་བློ་དང་།
མཉམ་པ་དང་བཅས་པ་ལ་འགྲན་པ་ནི་ཕན་ཚུན་ཟིལ་གྱིས་གནོན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་མཐོ་བ་རྣམས་ལ་ཕྲག་དོག་མི་མཛད་དེ། ཡོན་ཏན་ཀུན་དུ་འཛིན་པའི་ཕྱིར་རོ། །དམའ་བ་ལ་རྔན་ཅན་མི་མཛད་པ་ནི་དེ་རྣམས་ལ་ཡང་ཡོན་ཏན་
ཡང་དག་པར་སྩལ་བའི་ཕྱིར་རོ། །མཉམ་ལ་འགྲན་པ་མི་མངའ་བ་ནི་ཉེ་བར་བླངས་པའི་ཡོན་ཏན་རྣམས་བརྟན་པར་མཛད་པའི་ཕྱིར་རོ། །འགྲན་པས་ནི་བར་ཆད་དུ་འགྱུར་ཞེས་བྱ་བའོ། །རྒྱུ་གསུམ་པོ་དེ་རྣམས་ཀྱིས་ཁྱོད་ཅེས་པ་ནི་བཅོམ་ལྡན་འདས་འཇིག་རྟེན་གྱི་གཙོ་བོར་གྱུར་པ་ནི། དཔེ་
เล่ม ๑ · หน้า 131b
མེད་པ་ཉིད་ཐོབ་པར་གྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་ཕྲག་དོག་ལ་སོགས་པ་མི་མངའ་བའི་ཕྱིར་དཔེ་མེད་པ་ཉིད་བཤད་ནས། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ། །ཞེས་བྱ་བའི་རྒྱས་པས་རྒྱུ་གཞན་བཤད་པར་བྱ་སྟེ། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ། །མངོན་དགྱེས་འབྲས་བུ་རྣམས་ལ་མིན། །
ཡང་དག་སྒྲུབ་པ་དེ་ཉིད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕ་མཐར་ཕྱིན། །འཇིག་རྟེན་པ་རྣམས་ནི་ཡོན་ཏན་རྣམས་ཀྱི་འབྲས་བུ་རྣམས་ལ་མངོན་པར་ཞེན་པ་ཡིན་གྱི་དེའི་རྒྱུ་རྣམས་ལ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་ཅིང་སྲེད་པ་དང་བཅས་པར་གྱུར་པས་ཀྱང་འབྲས་
བུ་ལས་ཉུང་ཡང་རྒྱུ་རྣམས་ལ་མངོན་པར་ཞེན་པ་ནི་དེ་རྣམས་ཚོལ་བ་དང་དགོངས་པས་བགྱིས་སོ། །གང་དག་གི་རྒྱུ་ཡིན་ཞེ་ན། བཤད་པ། ཡོན་ཏན་ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །མིན་ཞེས་པ་ནི་མངོན་པར་ཞེན་པ་དང་སྦྱར་རོ། །གང་
ལ་ཞེ་ན། བཤད་པ། འབྲས་བུ་རྣམས་ལ་ཞེས་བྱ་བ་ནི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་རྣམས་ལའོ། །ཡང་ན་རྫུ་འཕྲུལ་ལ་སོགས་པ་རྣམས་ལའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་རྒྱུ་དེ་དང་ཡོན་ཏན་རྣམས་ཀྱི་རྒྱུ་རྣམས་ལ་མངོན་པར་ཞེན་པ་རྣམས་ཀྱིས་སོ། །ཁྱོད་ནི་
ཡོན་ཏན་ཕ་མཐར་ཕྱིན་པ་ནི་དེ་ཉིད་ཀྱིས་དང་སྦྱར་རོ། །རྣམ་པ་གང་གིས་ཤེ་ན། བཤད་པ། ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་ནི་ཡང་དག་པའི་ལམ་གྱིས་དང་། གཞན་ལ་ཕན་པའི་སྒོ་ནས་ཞེས་བྱ་བའི་དོན་ཏོ། །ཁྱོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལའོ། །མཐར་ཕྱིན་ཞེས་བྱ་བ་ནི་
ཁྱད་པར་རོ། །ཡོན་ཏན་ནི་བསམ་གཏན་ལ་སོགས་པ་སྟེ། ཕྱིན་པ་ནི་ཐོབ་པའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོ་འདིས་བྱང་ཆུབ་སེམས་དཔའི་གནས་སྐབས་དང་པོ་ཕྲག་དོག་ལ་སོགས་པ་མ་མཛད་པ་དང་། ཡོན་ཏན་རྣམས་ཀྱི་རྒྱུ་རྣམས་ལ་མངོན་པར་ཞེན་པ་དང་
འབྲས་བུ་ལ་མངོན་པར་ཞེན་པའི་རྒྱུས་བྱང་ཆུབ་བརྙེས་པའི་བཅོམ་ལྡན་འདས་ཀྱི་དཔེ་མེད་པ་འདིར་བཤད་དོ། །གནས་སྐབས་བར་མར་དམན་པ་ལ་མོས་པ་བསལ་བ་བཤད་པ་སྟེ། གང་གི་ཕྱིར་དམན་པ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་འདི་སྐད་སྨྲ་སྟེ། ཉོན་
เล่ม ๑ · หน้า 132a
མོངས་པ་རྣམས་གནོད་པར་བྱེད་པ་དང་། ཐུབ་པའི་དབང་པོའི་གོ་འཕང་དཀའ་བས་སྒྲུབ་པ་དང་། སངས་རྒྱས་ཉིད་ཐོབ་པའི་ཕྱིར་ཆོག་ཤེས་པ་གང་ཡིན་པ་དེ་བསལ་ནས་སེམས་ཅན་ལ་ཐུགས་རྗེའི་དབང་གིས། ཇི་ལྟར་ཁྱོད་ཀྱི་ཞབས་རྡུལ་ཡང་། །བསོད་ནམས་
སྐྱེ་བ་མཆེད་འགྱུར་བ། དེ་ལྟར་ཁྱོད་ཀྱིས་ལེགས་སྤྱད་པས། །བདག་ཉིད་རབ་ཏུ་བསྐྲུན་པ་མཛད། །དེ་ལྟར། བདག་ཉིད་རབ་ཏུ་བསྐྲུན་པ་མཛད། །ཅེས་སྨོས་པ་ལ། དེ་ལྟར་ཞེས་བྱ་བ་ནི་བརྩོན་འགྲུས་ལ་སོགས་པའི་རྣམ་པ་དེས་སོ། །རབ་ཏུ་བསྐྲུན་པ་མཛད་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་
མཐའ་བརྙེས་པ་སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་རོ། །ཁྱོད་ཀྱིས་ནི་བཅོམ་ལྡན་འདས་ཀྱིས་སོ། །ལེགས་པར་སྤྱད་པས་ཞེས་བྱ་བ་ནི་སྐུ་དང་། གསུང་དང་ཐུགས་ཀྱི་དགེ་བའི་ཕྲིན་ལས་གསུམ་གྱིས་སོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །བསོད་
ནམས་སྐྱེ་བ་མཆེད་འགྱུར་བ། །ཞེས་བྱ་བ་ནི་བསོད་ནམས་ནི་དགེ་བའི་ཕྲིན་ལས་རྣམས་ཏེ། སྐྱེ་བ་ནི་སྐྱེ་བའོ། །དེ་མཆེད་པ་ནི་རྒྱས་པར་མཛད་པ་ཞེས་བྱ་བས་ན་བསོད་ནམས་སྐྱེ་བ་མཆེད་པའོ། །དེ་རྣམས་ཀྱི་དངོས་པོ་ནི་བསོད་ནམས་སྐྱེ་བ་མཆེད་པ་སྟེ། དེར་འགྱུར་བའོ། །ཡང་ཞེས་བྱ་
བ་ནི་སྲིད་པ་ལའོ། །ཞབས་རྡུལ་ཞེས་བྱ་བ་ནི་ཞབས་དག་གི་རྡུལ་ལོ། །ཁྱོད་ཀྱི་ཞབས་ཀྱི་རྡུལ་རྣམས་ལ་ཡང་བཀུར་སྟི་བྱས་ན་སྐྱེ་བོ་རྣམས་བསོད་ནམས་རྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། གནས་སྐབས་བར་མའོ། །གནས་སྐབས་ཕྱི་མའི་དཔེ་མེད་པའི་རྒྱུ་བཤད་པར་བྱ་སྟེ། ཉེས་
པ་ཉམས་སྨད་རྩ་ནས་བཏོན། །ཡོན་ཏན་སྤེལ་ནས་རྣམ་པར་སྦྱང་། །གཞུང་ལུགས་བཟང་པོ་དེས་ན་ཁྱོད། །གྲུབ་མཆོག་ལྷག་པར་བརྙེས་པ་ལགས། །ཉམས་སྨད་རྩ་ནས་བཏོན་ཞེས་བྱ་བ་ནི་རྒྱས་པའོ། །ཉམས་སྨད་ཅེས་བྱ་བ་ནི་སྐྱེ་བ་སྔ་མར་སྲབ་པར་མཛད་པ་སྟེ། འཇིག་རྟེན་པའི་
ལམ་གྱི་སེལ་བ་དང་སྤངས་པའི་ཕྱིར་རོ། །རྩ་ནས་བཏོན་ཞེས་བྱ་བ་ནི་སྐྱེ་བ་ཕྱི་མར་འཕགས་པའི་ལམ་གྱིས་ས་བོན་མེད་པར་མཛད་པའོ། །དེ་དག་གང་ཡིན་ཞེ་ན། བཤད་པ། ཉེས་པ་ནི་འདོད་ཆགས་ལ་སོགས་པའོ། །སྤེལ་ནས་ཞེས་བྱ་བ་ནི་སྐྱེ་བ་སྔ་མར་བརྩོན་འགྲུས་ལ་བརྩོན་
เล่ม ๑ · หน้า 132b
པས་ཁྱད་པར་དུ་འདྲེན་པའོ། །རྣམ་པར་སྦྱངས་ཞེས་བྱ་བས་ནི་སྐྱེ་བ་ཕྱི་མར་ཟག་པ་མེད་པའི་ཤེས་རབ་ཀྱིས་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་རོ། །དེ་དག་གང་ཡིན་ཞེ་ན། བཤད་པ། ཡོན་ཏན་ནི་བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་
པའོ། །གཞུང་ལུགས་བཟང་པོ་དེས་ན་ཞེས་བྱ་བ་ནི་གཞུང་ལུགས་བཟང་པོ་དེས་སོ། །དེ་ལྟར་གྱུར་པ་གང་ཡིན་ཞེ་ན། སྨྲས་པ་གྲུབ་མཆོག་ལྷག་པར་བརྙེས་པ་ཞེས་སྨོས་པ་ལ། གྲུབ་མཆོག་ནི་བླ་ན་མེད་པའི་བྱང་ཆུབ་སྟེ། གཞན་གྱི་དོན་ཐམས་ཅད་གང་གིས་འགྲུབ་ཅེས་བྱ་བའི་ཕྱིར་
ན། དེ་ནི་ཁྱོད་ཀྱིས་བརྙེས་པ་ལགས། །ཞེས་བྱ་བའི་དོན་ཏོ། །ད་ནི་སྐབས་ཕྱི་མའི་དཔེ་མེད་པའི་རྒྱུ་བཤད་པར་བྱ་སྟེ། ཇི་ལྟར་བདག་གི་རྒྱུད་ལ་དེ། །བག་ཆགས་ལྷག་མའང་མ་ལུས་པ། །དེ་ལྟར་རྣམ་པ་ཐམས་ཅད་དུ། །ཉེས་པ་ཁྱོད་ཀྱིས་རབ་ཏུ་བཅོམ། །དེ་ལྟར་ཞེས་བྱ་བ་ནི་རྣམ་པ་དེས་
སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་འབད་རྩོལ་ཐམས་ཅད་ཀྱིས་སོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པ་རྣམས་སོ། །བཅོམ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་བསྒོམས་པས་སླར་ཡང་སྐྱེ་བ་དགག་པ་མཛད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ནི་སྐྱོན་རྣམས་ཀྱིའོ། །བདག་གི་
རྒྱུད་ལ་ཞེས་བྱ་བ་ནི་བདག་གི་རྒྱུད་ལའོ། །བག་ཆགས་ཞེས་བྱ་བའི་མཚན་ཉིད་ནི་བཤད་ཟིན་ཏོ། །འང་གི་སྒྲ་ནི་ཁྱད་པར་ལའོ། །ཉེས་པ་མ་ལུས་པ་བཅོམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་རྣམས་ཀྱི་བག་ཆགས་ཀྱང་མ་ལུས་པ་སྟེ། མ་བཞག་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཚིགས་སུ་བཅད་
པ་འདིས་ཉེས་པ་མ་ལུས་པའི་བག་ཆགས་དང་བཅས་པ་ཉན་ཐོས་ལ་སོགས་པས་སེམས་ཅན་གྱི་དོན་མ་ལུས་པ་བྱེད་པར་མི་ནུས་སོ་ཞེས་བྱ་བས་ན་ཉེས་པ་དང་བཅས་པའི་བག་ཆགས་སྤངས་པའི་ཕྱིར་དཔེ་མེད་པ་ཉིད་བཤད་ནས། ཡོན་ཏན་གྱིས་ཕོངས་པས་ཀྱང་སེམས་ཅན་གྱི་དོན་བྱེད་མི་
ནུས་ཞེས་བྱ་བས་ན་སླར་ཡང་ཡོན་ཏན་ཕུན་སུམ་ཚོགས་པའི་དཔེ་མེད་པ་ཉིད། ཇི་ལྟར་གཞན་ལ་དེ་དག་དང་། །ཞེས་བྱ་བས་རྒྱས་པར་བཤད་པར་བྱ་སྟེ། ཇི་ལྟར་གཞན་ལ་དེ་དག་དང་། །འདྲ་བ་ཙམ་ཡང་མི་གདའ་བ། །དེ་ལྟར་ཁྱོད་ཀྱིས་བསགས་བསགས་ནས། །བདག་ཉིད་ལ་ནི་ཡོན་
เล่ม ๑ · หน้า 133a
ཏན་བསྒྲུབས། །དེ་ལྟར་ཞེས་བྱ་བ་ནི་བརྩོན་འགྲུས་ལ་སོགས་པ་དེས་སོ། །བསགས་བསགས་ནས་ཞེས་བྱ་བ་ནི་ཤིན་ཏུའི་དོན་ལ་ཀྭཱའི་རྐྱེན་ཅན་ཏེ། ཇི་ལྟར་ཟོས་ཤིང་ཟོས་ཤིང་འགྲོ་བ་བཞིན་ཞེས་བྱ་བའོ། །བྱ་དྷྲི་ཉ་ནི་འཛིན་པ་དང་རྒྱས་པའི་ཁམས་ཀྱི་དོན་
ཡོངས་སུ་བཟུང་ནས་བརྩོན་འགྲུས་ཀྱིས་ཤིན་ཏུ་བསགས་ཞེས་བྱ་བ་སྟེ་བསྡུས་པའི་དོན་ཏོ། །བདག་ཉིད་ལ་ཞེས་བྱ་བ་ནི་ཉིད་ཀྱི་རྒྱུད་ལའོ། །བསྒྲུབས་ཞེས་བྱ་བ་ནི་བཞེད་པ་ཙམ་གྱིས་མངོན་དུ་བཞག་པར་གྱུར་པའོ། །ཡོན་ཏན་ནི་མི་འཇིགས་པ་ལ་སོགས་པ་རྣམས་སོ། །འདྲ་བ་ཙམ་
ཡང་ཞེས་བྱ་བ་ནི་འདྲ་བ་ཙམ་ཡང་ངོ་། །དེ་དག་དང་ཞེས་བྱ་བ་ནི་ཡོན་ཏན་རྣམས་ཀྱིའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་ཞེས་བྱ་བ་སྟེ་མི་གདའ་བ་ཞེས་བྱ་བ་དང་སྦྱར་རོ། །གཞན་ལ་ཞེས་བྱ་བ་ནི་བསེ་རུའི་རྭ་དང་འདྲ་བའི་རང་སངས་རྒྱས་ཀྱི་རྒྱུད་ལ་ཡང་མི་མངའ་བ་ཞེས་བྱ་བའི་དོན་ཏོ། །
དེ་ལྟ་བུའི་ཚིགས་སུ་བཅད་པ་དེ་རྣམས་ཀྱིས་རྒྱུ་གང་གིས་དཔེ་མེད་པ་ཁོ་ན་བཤད་དོ། །རྣམ་པ་གང་གིས་དཔེ་མེད་པ་ཉིད་ནི། འཇིག་རྟེན་པ་ཡི་དཔེ་དངོས་ཀུན། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་བཤད་པར་བྱ་སྟེ། འཇིག་རྟེན་པ་ཡི་དཔེ་དངོས་ཀུན། །གེགས་བགྱིད་པ་དང་སྒྲིབ་པ་ཅན། །
རེ་ཞིག་པ་དང་ཉི་ཚེ་བ། །ཤིན་ཏུ་རྙེད་པར་སླ་བ་ལགས། །ཁྱོད་ཀྱི་ཡོན་ཏན་བླ་མེད་ལ། །གེགས་བགྱིད་མ་མཆིས་རྟོགས་མ་མཆིས། །བརྟན་པ་དང་ནི་རྒྱུན་ཆགས་པས། །དཔེ་ལྟ་མཆིས་པར་ག་ལ་འགྱུར། །དེ་ལ་གེགས་བགྱིད་པ་ནི་ཟིལ་གྱིས་གནོན་པའོ། །སྒྲིབ་པ་ནི་སྒྲིབ་པ་སྟེ་དེ་དག་གང་
ལ་ཡོད་པ་དེ་ནི་གེགས་བགྱིད་པ་དང་སྒྲིབ་པ་ཅན་ནོ། །དཔེའི་དངོས་པོ་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་རེ་ཞིག་ཉི་མ་དང་ཟླ་བ་ལ་གེགས་བགྱིད་པ་ནི་སྒྲ་གཅན་ལ་སོགས་པ་དག་གིས་སོ། །སྒྲིབ་པ་ནི་ཁུག་རྣ་ལ་སོགས་པ་དག་གིས་སོ། །རེ་ཞིག་པ་ཞེས་བྱ་བ་ནི་ཉིན་པར་ཉི་མ་དང་
མཚན་མོ་ཟླ་བའོ། །དེས་ན་རེ་ཞིག་པ་དཔེའི་དངོས་པོ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ་ཞེས་བྱ་བའོ། །ཉི་ཚེ་བ་ཞེས་བྱ་བ་ནི་གང་གི་ཚེ་འཛམ་བུའི་གླིང་དུ་ཉི་མ་དང་ཟླ་བ་དག་ཡིན་པ་དེའི་ཚེ་བྱང་གི་སྒྲ་མི་སྙན་དུ་ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་ནི་ཤིན་ཏུ་རྙེད་པར་སླ་བ་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་རྙེད་པར་
เล่ม ๑ · หน้า 133b
སླ་བའི་ཁྱད་པར་གང་ལ་ཡོད་པ་དེ་ནི་ཤིན་ཏུ་རྙེད་པར་སླ་བའོ། །དེ་གང་ཡིན་ཞེ་ན། བཤད་པ། འཇིག་རྟེན་པའི་དཔེའི་དངོས་ཞེས་བྱ་བ་ནི་གང་གིས་དཔེར་བྱས་པ་དེ་ནི་དཔེ་སྟེ་དེ་ཉིད་དངོས་པོ་ནི་རྫས་ཏེ། དཔེའི་དངོས་པོ་ནི་ཉི་མ་ལ་སོགས་པའོ། །འཇིག་རྟེན་པའི་ཞེས་བྱ་བ་ནི་འཇིག་རྟེན་
པ་ལ་གྲགས་པའོ། །དེ་བཞིན་དུ་པདྨ་དང་། ཨུཏྤ་ལ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །ཁྱོད་ཀྱི་ཡོན་ཏན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །གེགས་བགྱིད་མ་མཆིས་པ་ནི་གེགས་བགྱིད་པ་དང་བྲལ་བ་སྟེ། ཉོན་མོངས་པ་དང་ཉོན་མོངས་པ་མ་ཡིན་པའི་
རྨུགས་པ་ཤིན་ཏུ་མི་མངའ་བའི་ཕྱིར་མི་མཐུན་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །རྟོགས་མ་མཆིས་ཞེས་བྱ་བ་ནི་གཞན་གྱི་རྒོལ་བའི་མུན་པས་ཟིལ་གྱིས་གནོན་པར་མ་གྱུར་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ངས་ཆོས་
འདི་རྣམས་ཁོང་དུ་ཆུད་པ་མ་ཡིན་ཞེས་བྱ་བས་འདིར་ང་ལ་སུ་ཞིག་རྩོད་པར་བྱེད་དམ། དྲན་པ་ལ་འཇུག་གམ་ཞེས་བྱ་བའི་རྒྱུ་མཚན་ཡང་མ་མཐོང་ངོ་། །དེ་ལྟ་བུའི་རྒྱུ་མཚན་མ་མཐོང་བ་ངས་བདེ་བ་ཐོབ་པ་དང་། བསྙེངས་པ་མི་མངའ་བ་ཐོབ་པ་དང་མི་འཇིགས་པ་ཐོབ་པ་ཡང་གནས་ནས་ཁྱུ་མཆོག་
རླབས་པོ་ཆེའི་གནས་སུ་དམ་བཅའ་བ་དང་། ཚངས་པའི་འཁོར་ལོ་བསྐོར་བ་དང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་པ་ཞེས་བྱའོ། །བརྟན་པ་ཞེས་བྱ་བ་ནི་རེ་ཞིག་པ་མ་ཡིན་པ་སྟེ། རྟག་ཏུ་ཡང་དག་པར་རྗེས་སུ་འགྲོ་བའི་ཕྱིར་རོ། །རྒྱུན་ཆགས་པས་ཞེས་བྱ་བ་ནི་
ཤེས་བྱ་ཐམས་ཅད་ལ་གེགས་བགྱིད་པ་མ་མཆིས་པའོ། །དེ་ལྟ་བུའི་རྣམ་པ་འདིས་བླ་ན་མེད་པའི་མཆོག་གཞན་མེད་པ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་དཔེ་ལྟ་མཆིས་པར་ག་ལ་འགྱུར་ཞེས་སྨོས་པ་ལ། ག་ལ་ནི་དཔེ་དང་སྦྱར་རོ། །ལྟ་ཞེས་བྱ་བ་ནི་དོན་གཞན་འཆད་པར་འདོད་པ་ལའོ། །འགྱུར་
བ་ནི་འགྱུར་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་ནི་ཁྱོད་ཀྱིའོ། །འཇིག་རྟེན་པའི་དཔེ་གཞན་དངོས་སུ་ན་དོན་གཞན་དུ་འགྱུར་བ་ནི་མེད་དོ་ཞེས་དགོངས་པ་དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོ་འདིས་ཉི་མ་ལ་གེགས་བགྱིད་པ་དང་ལྡན་ཞིང་གེགས་མ་མཆིས་པ་ལ་སོགས་པའི་རྣམ་པས་གྲངས་ཇི་ལྟ་བ་
เล่ม ๑ · หน้า 134a
བཞིན་དུ་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཀྱི་དཔེ་མེད་པར་བཤད་དོ། །ད་ནི་གང་དང་ལྷན་ཅིག་དཔེ་མེད་དེ་ཁོ་ན་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་དེ་བཞིན་གཤེགས་པའི་དགོངས་པ་གང་ཡིན་པ་དེའི་ཆོས་གསུམ་སྟེ། ཟབ་པ་དང་། བརྟན་པ་དང་། གསལ་བ་
ཉིད་ཅེས་བྱ་བའོ། །དེ་ལ་ཟབ་པ་ལ་བརྟེན་ནས་བཤད་པར་བྱ་སྟེ། གང་ཚེ་ཁྱོད་ཀྱི་དགོངས་པའི་དཀྱིལ། །གཏིང་དང་ཕ་རོལ་མེད་བརྟགས་ན། །རྒྱ་མཚོའི་ཟབ་པ་ཉིད་ཀྱང་ནི། །བ་ལང་རྗེས་ལྟར་ས་ལེར་གདའ། །བ་ལང་རྗེས་ལྟར་ཞེས་བྱ་བས་ནི་ཉུང་བ་ཉིད་བཤད་དོ། །རྒྱ་མཚོའི་ཟབ་པ་
ཉིད་ལ་ལྟོས་ན་བ་ལང་གི་རྗེས་དང་འདྲ་བར་འགྱུར་རོ། །ཅི་ཞིག་ཏུ་འགྱུར་ཞེ་ན། རྒྱ་མཚོའི་ཟབ་པ་ཉིད་ནི་བ་ལང་རྗེས་ལྟར་ས་ལེར་གདའ་བར་འགྱུར་རོ། །རྒྱ་མཚོ་ཆེན་པོའི་ཟབ་པ་ཉིད་ཅེས་བྱ་བའི་དོན་ཏོ། །གང་གི་ཚེ་ཡིན་ཞེ་ན། བཤད་པ། གང་ཚེ་ཁྱོད་ཀྱི་དགོངས་པའི་དཀྱིལ། །ཞེས་བྱ་བ་
ལ་སོགས་པ་ནི་གང་གི་ཚེ་བརྟགས་པ་ཞེས་བྱ་བ་དང་སྦྱར་རོ། །གང་གི་ཚེ་ཁྱོད་ཀྱི་དགོངས་པའི་དཀྱིལ་ནི་དགོངས་པའི་གཏིང་མེད་པ་བརྟགས་ན་དེའི་ཚེ་རྒྱ་མཚོའི་ཟབ་པ་ཉིད་ནི་བ་ལང་གི་རྗེས་ལྟར་ས་ལེར་གདའ་བར་འགྱུར་རོ། །རྒྱུ་གང་གིས་ཤེ་ན། གང་ཚེ་ཁྱོད་ཀྱི་དགོངས་པའི་དཀྱིལ། །གཏིང་
དང་ཕ་རོལ་མེད་པ་སྟེ། །གཏིང་མེད་པ་ནི་ཉན་ཐོས་ཆེན་པོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །རྒྱ་མཚོའི་གཏིང་ནི་ལྷ་མ་ཡིན་གྱིས་ཀྱང་མ་རྙེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་དགོངས་པའི་དཀྱིལ་ཡང་ཕ་རོལ་མེད་པ་སྟེ། ཤེས་བྱ་མ་ལུས་པ་སྤྱོད་ཡུལ་དུ་གྱུར་པའི་
ཕྱིར་དང་རྒྱ་མཚོ་ནི་ཚད་ཡོངས་སུ་ཆད་པའི་ཕྱིར་ཞེས་བྱ་བའོ། །དེ་ལྟ་བུའི་རྣམ་པ་འདིས་རྒྱ་མཚོ་ཆེན་པོའི་ཟབ་པ་བས་བཅོམ་ལྡན་འདས་ཀྱི་དགོངས་པ་ཟབ་པ་ཚིགས་སུ་བཅད་པ་འདིས་བཤད་དོ། །ད་ནི་བརྟན་པའི་དཔེ་མེད་པ་བཤད་པར་བྱ་སྟེ། ཆོས་རྣམས་ཀུན་གྱིས་མི་བསྐྱོད་པ། །ཁྱོད་ཀྱི་བརྟན་
པ་མངོན་བསམས་ན། །ས་ཡི་བརྟན་པ་ཉིད་ཀྱང་ནི། །ཤིར་ཤའི་གེ་སར་རྩེ་ལྟར་ཆུང་། །ཞེས་བྱ་བ་ནི་ཤིར་ཤའི་ཤིང་ལས་བྱུང་བའི་མེ་ཏོག་གི་འདབ་མའོ། །འདབ་མ་དེའི་རྩེ་མོ་ནི་ཤིར་ཤའི་གེ་སར་གྱི་རྩེ་མོ་ལྟར་ཆུང་བར་འགྱུར་རོ། །བརྟན་པ་ནི་མི་གཡོ་བ་ཉིད་དོ། །སའི་ཞེས་བྱ་བ་ནི་
เล่ม ๑ · หน้า 134b
སའི་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་ཤེ་ན། བཤད་པ། ཆོས་རྣམས་ཀུན་གྱིས་མི་བསྐྱོད་པ། །ཞེས་བྱ་བ་ནི་གང་གི་ཕྱིར་ཁྱོད་ཀྱི་ཐུགས་བརྟན་པ་གང་ཡིན་པ་དེ་ནི་ཆོས་རྣམས་ཀུན་གྱིས་མི་བསྐྱོད་པ་ཞེས་བྱ་བའི་རིགས་ན་བྱས་པའི་བྱེད་པ་ལ་དྲུག་པའི་རྐྱེན་ཅན་ནོ། །ཇི་ལྟར་བཅོམ་ལྡན་
འདས་ཀྱི་བརྟན་པ་མི་བསྐྱོད་པ་ཡིན་ཞེ་ན། དེའི་ཐུགས་དོན་གྱི་རང་བཞིན་གྱི་ཡུལ་ཅན་ཕྱིན་ཅི་ལོག་པར་སྨྲ་བས་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་གསུངས་པ་ནི་དགེ་སློང་གང་ཞིག་འདི་ལྟར་སྨྲ་སྟེ། ང་ལ་དགེ་སྦྱོང་གཽ་ཏ་མས་གསུངས་པ་གང་ཡིན་པ་དེ་ནི་བདག་གིས་སྨད་ཅིང་བདག་
གིས་གཞན་ལ་སྨྲའོ་ཞེས་བྱ་བ་དེ་ནི་གནས་མེད་དོ་ཞེས་བྱ་བའོ། །དེ་ལྟ་བས་ན་མི་བསྐྱོད་པ་ཁོ་ནའོ། །བརྟན་པ་མངོན་པར་བསམས་ན་ནི་བསམ་པར་བྱ་བ་བསམས་ན་སའི་བརྟན་པ་ཤིར་ཤའི་གེ་སར་རྩེ་ལྟར་ཆུང་བ་སྟེ། ལྷ་མོ་ཁ་ཅིག་གིས་ཀྱང་བསྐྱོད་པར་ནུས་པའི་ཕྱིར་རོ། །འདི་ལྟར་གསུངས་
ཏེ། ལྷ་མོ་དགེ་སློང་མ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་མཐུ་ཆེན་པོ་དང་ལྡན་པ་གང་ཡིན་པ་དེས་ཀྱང་སའི་འདུ་ཤེས་རྒྱ་ཆུང་བས་སར་བྱིན་གྱིས་རློབ་ཅིང་། ཚད་མེད་པའི་ཆུའི་འདུ་ཤེས་བསམས་ནས་གཡོ་བར་བྱེད་དོ་ཞེས་བྱ་བའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་དེས་སའི་བརྟན་པ་ལས་བཅོམ་
ལྡན་འདས་ཀྱི་དགོངས་པ་བརྟན་པའི་དཔེ་མེད་པ་རབ་ཏུ་བསྟན་ཏོ། །གསལ་བ་ཉིད་ཀྱི་དཔེ་མེད་པ་བཤད་པར་བྱ་སྟེ། ཐུབ་པ་ཁྱོད་ཀྱི་ཡེ་ཤེས་ཀྱི། །སྣང་བས་མི་ཤེས་རབ་རིབ་དག །འཇོམས་པའི་ཐད་ན་ཉི་མ་ཡང་། །མེ་ཁྱེར་ཙམ་དུའང་མི་སྤྱོད་དོ། །མི་ཤེས་རབ་རིབ་དག་འཇོམས་པའི། །
ཞེས་བྱ་བ་ལ། མི་ཤེས་པ་ནི་མ་རིག་པའོ། །དེ་ཉིད་རབ་རིབ་སྟེ། ཡང་དག་པའི་དོན་གྱི་ལྟ་བ་བསྒྲིབས་པའི་ཕྱིར་རོ། །མི་ཤེས་པའི་རབ་རིབ་འཇོམས་པ་གང་ཡིན་ཞེ་ན། ཡེ་ཤེས་ཀྱི་སྣང་བ་སྟེ། ཡེ་ཤེས་ནི་ཐུགས་སོ། །དེ་ཉིད་སྣང་བ་སྟེ། འཕགས་པའི་བདེན་པ་བཞི་ཡང་དག་པར་གསལ་བར་
མཛད་པའི་ཕྱིར་རོ། །དེའི་ཡེ་ཤེས་ཀྱི་སྣང་བའི་ཡུལ་ལ་ཞེས་འཆད་པར་འགྱུར་རོ། །ཁྱོད་ཀྱི་ནི་ཁྱོད་ཀྱིའོ། །ཐུབ་པ་གསུམ་དང་ལྡན་པའི་ཕྱིར་ན་ཐུབ་པའོ། །མིའི་སྒྲ་ནི་སྤྱོད་པ་དག་གང་མེད་པ་སྟེ། མི་སྤྱོད་ཅེས་བྱ་བའི་དོན་ཏོ། །གང་གིས་མི་སྤྱོད་ཅེ་ན། ཉི་མ་ནི་ཉི་མ་ཡིས་སོ། །གང་དུ་མི་སྤྱོད་
เล่ม ๑ · หน้า 135a
ཅེ་ན། བཤད་པ། ཡེ་ཤེས་མི་སྣང་བའི་ཡུལ་དང་སྦྱར་རོ། །ཅི་ཞིག་མི་སྤྱོད་ཅེ་ན། བཤད་པ། ཐད་ན་མེ་ཁྱེར་ཙམ་དུ་ཡང་། །ཞེས་པ་ནི་མེ་ཁྱེར་གང་ཡིན་པ་དེ་ནི་མེ་ཁྱེར་རོ། །མེ་ཁྱེར་ནི་གསལ་བ་དང་ལྡན་པའི་སྲིན་བུ་དེའི་ཐད་ན་གསལ་བ་སྟེ། དེའི་དེ་འཐད་པའི་ཡུལ་
ཡིན་ནོ་ཞེས་བྱའོ། །སྣང་བ་དེ་ཙམ་ཡང་ཉི་མས་མི་ནུས་ཏེ། བདེན་པའི་ཡུལ་མངོན་དུ་མ་གྱུར་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་དེས་བཅོམ་ལྡན་འདས་ཀྱི་ཐུགས་དཔེ་མེད་པ་ཉི་མའི་སྣང་བ་བས་གསལ་བ་ཉིད་བཤད་ནས། ཡོན་ཏན་གཞན་རྣམས་ཀྱི་ཡང་དཔེ་མེད་པར་
བཤད་པར་བྱ་སྟེ། ཁྱོད་ཀྱི་གསུང་ཐུགས་མཛད་སྤྱོད་རྣམས། །དག་པའི་གན་ན་སྟོན་ཟླ་དང་། །ཆུ་དང་ནམ་མཁའི་དག་པ་རྣམས། །དྲི་མ་ཅན་ནི་ལྟ་བུར་གདའ། །དྲི་མ་མེད་པ་ཡང་དྲི་མ་ཅན་ཉིད་ལྟ་བུར་སྣང་སྟེ། དག་པ་རྣམས་ཞེས་བྱ་བ་ནི་བཤད་པར་འགྱུར་རོ། །གང་གིས་ཤེ་ན། བཤད་པ།
སྟོན་ཟླ་དང་ཆུ་དང་ནམ་མཁའི་ཞེས་བྱ་བ་ནི་སྤྲིན་ལ་སོགས་པ་རྣམས་ཀྱིས་དྲི་མ་ཅན་དུ་འགྱུར་སྲིད་པའི་ཕྱིར་སྟོན་ཀའི་སྒྲ་ནི་རེ་རེ་དང་སྦྱར་རོ། །སྟོན་ཀའི་ཟླ་བ་དང་ཆུ་དང་ནམ་མཁའི་ཞེས་བྱ་བ་ནི་ཟླས་དབྱེ་བའི་སྙིང་པོ་ཅན་བདུན་པ་དེ་ནི་སྐྱེས་བུའི་བསྡུ་བའོ། །གང་ལ་ལྟོས་ནས་ཤེ་ན། བཤད་པ།
དག་པའི་གན་ན་ཞེས་བྱ་བ་ནི་དག་པ་ལ་ལྟོས་ན་ཞེས་བྱ་བའི་དོན་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱི་གསུང་གི་དག་པའི་གན་ན་སྟོན་ཀའི་ཟླ་བའི་དག་པ་དང་། ཐུགས་ཀྱི་དག་པའི་གན་ན་སྟོན་ཀའི་ནམ་མཁའི་དག་པ་དང་། སྤྱོད་པ་ནི་སྐུའི་ཕྲིན་ལས་ཏེ། དེའི་དག་པའི་གན་ན་སྟོན་ཀའི་ཆུའི་དག་པ་
དྲི་མ་ཅན་ཉིད་ལྟར་གདའ་བ་སྟེ། ཡོངས་སུ་མ་དག་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ལས་བྱུང་བ་བག་ཆགས་དང་བཅས་པ་ཉོན་མོངས་པ་མ་ལུས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་དེས་སྟོན་ཀའི་ཟླ་བ་ལ་སོགས་པ་རྣམས་ལས་བཅོམ་ལྡན་འདས་ཀྱི་གསུང་ལ་
སོགས་པ་རྣམས་ཀྱི་དཔེ་མེད་པ་ཉིད་བཤད་ནས། དཔེ་མེད་པར་བསྟོད་པ་ཉེ་བར་བསྡུ་བར་བྱ་བའི་ཕྱིར་བཤད་པ་ནི། འཇིག་རྟེན་ལེགས་པ་གང་ཅིའང་རུང་། །ཐམས་ཅད་བསྔོས་ནའང་དེར་བས་ཏེ། །ཉོན་མོངས་འཇིག་རྟེན་ཆོས་རྣམས་ཀྱིས། །སངས་རྒྱས་ཆོས་ལ་ཁྱད་མི་ཁོར། །ཐམས་ཅད་
เล่ม ๑ · หน้า 135b
བསྔོས་ནའང་དེར་བས་ཏེ། །ཞེས་བྱ་བ་ལ། དེར་བས་ཏེ་ཞེས་བྱ་བ་ནི་བ་ལང་རྗེས་ལྟར་ས་ལེར་གང་གདའ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བཤད་ཟིན་པ་ཞེས་བྱ་བའོ། །རྒྱ་མཚོའི་ཟབ་པ་ལ་སོགས་པ་ཉེ་བར་བཤད་པ་གང་ཡིན་པ་དེ་ནི་ཚིག་ཙམ་སྟེ། གཞུང་འདི་ཉིད་ཀྱི་དོན་གྱིས་གོ་བས་
གཞན་ཐམས་ཅད་ཀྱང་དཔེ་མ་ཡིན་ནོ་ཞེས་བསྡུས་ནས་བཤད་པའོ། །ཐམས་ཅད་གང་ཡིན་ཞེ་ན། བཤད་པ། འཇིག་རྟེན་ལེགས་པ་གང་ཅིའང་རུང་། །ཞེས་སྨོས་པ་ལ་གང་ཅིའང་རུང་བ་ནི་པདྨ་དང་། ཨུཏྤལ་ལ་སོགས་པ་སྟེ། ལེགས་པ་ནི་མཛེས་ཤིང་འཇིག་རྟེན་པ་ལ་གྲགས་པ་གང་ཡིན་པ་
དེ་ཡང་ཁྱོད་ཀྱི་དཔེ་མ་ཡིན་ནོ་ཞེས་དགོངས་པའོ། །རྒྱུ་གང་གིས་ཤེ་ན། བཤད་པ། སངས་རྒྱས་ཆོས་ལ་ཁྱད་མི་ཁོར། །ཞེས་སྨོས་པ་ལ། ཁྱད་མི་ཁོར་ཞེས་བྱ་བ་ནི་ཁྱད་པར་མང་པོ་གེགས་མ་མཆིས་པ་ཞེས་སྔར་བཤད་པའི་ཕྱིར་རོ། །ཅི་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ལའོ། །སངས་
རྒྱས་ཆོས་ལ་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །འཇིག་རྟེན་ཆོས་རྣམས་ཞེས་བྱ་བ་ནི་འཇིག་རྟེན་པ་ལ་གྲགས་པའི་ཉི་མ་ལ་སོགས་པའོ། །འདིར་ཆོས་ཀྱི་སྒྲ་ནི་དངོས་པོ་ཙམ་གྱི་ཚིག་ཏུ་ཁོང་དུ་ཆུད་པར་བྱའོ། །ཉོན་མོངས་པ་ཞེས་བྱ་བ་ནི་གེགས་བགྱིད་པ་དང་
སྒྲིབ་པ་ལ་སོགས་པ་ཇི་ལྟར་བཤད་པས་འཇིག་པ་དང་ལྡན་པའོ། །བཤད་པ་ནི་འདི་ཡིན་ཏེ། གང་གི་ཕྱིར། ཉོན་མོངས་འཇིག་རྟེན་ཆོས་རྣམས་ཀྱིས། །སངས་རྒྱས་ཆོས་ལ་ཁྱད་མི་ཁོར། །དེའི་ཕྱིར་ན། འཇིག་རྟེན་ལེགས་པ་གང་ཅིའང་རུང་། །ཐམས་ཅད་བསྔོས་ནའང་དེར་བས་ཏེ། །ཞེས་
བྱ་བ་གང་ཡིན་པ་དེ་ཡང་ཁྱོད་ཀྱི་དཔེ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་འཇིག་རྟེན་པའི་དཔེ་ལས་དཔེ་མེད་པ་བཤད་ནས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་དཔེས་དཔེ་མེད་པ་བཤད་པར་བྱ་སྟེ། རིན་ཆེན་ཆོས་གང་བརྙེས་ནས་ཁྱོད། །མཆོག་
ཏུ་གྱུར་པ་དེ་ཉིད་དང་། །ཁྱོད་དུ་བསྒྲུན་ཞིང་དེ་དང་ནི། །ཁྱོད་དང་བསྒྲུན་ལྡོམ་ཁོ་ནར་བས། །རིན་ཆེན་ཆོས་གང་ཞེས་སྨོས་པ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདིར་རིན་ཆེན་ཆོས་སུ་འཐད་ཀྱི་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ཀྱང་དེ་ཐོབ་
เล่ม ๑ · หน้า 136a
པའི་ཕྱིར་རོ། །བརྙེས་ནས་ཞེས་བྱ་བ་ནི་ཡང་དག་པར་རྗེས་སུ་འགྲོ་བའམ་མངོན་དུ་གྱུར་པས་སོ། །ཁྱོད་མཆོག་ཏུ་གྱུར་པ་ཞེས་བྱ་བ་ནི་སེམས་ཅན་མ་ལུས་པའི་མཆོག་ཏུ་གྱུར་ཞེས་བྱ་བའི་དོན་ཏོ། །གང་ཞིག་སེམས་ཅན་རྐང་མེད་དམ། རྐང་གཉིས་པའམ། རྐང་མངས་ཞེས་བྱ་བ་གང་
ཡིན་པའི་སེམས་ཅན་དེ་རྣམས་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་ནོ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ། །དེ་ཞེས་བྱ་བ་ནི་རིན་ཆེན་ཆོས་སོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བ་སྟེ། དེ་ཉིད་ཀྱིས་ནི་གཞན་གྱི་ནི་མ་ཡིན་ནོ། །ཁོ་ནར་བས་པས་སྒྲ་ནི་ཡོངས་
སུ་དག་པར་བརྗོད་པའོ། །ཡོངས་སུ་དག་པའི་ཕྱིར་ལེགས་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པའོ། །སངས་རྒྱས་རིན་པོ་ཆེ་དག་ཡོངས་སུ་དག་པའི་ཕྱིར་བསྒྲུན་པ་ལ་ནི་སྐྱོན་མེད་དོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ན་བཤད་པ། དེ་དང་ཁྱོད་ནི་ཞེས་སྨོས་པ་དེ་ཞེས་བྱ་བ་ནི་ཆོས་རིན་ཆེན་གྱིའོ། །
དང་གི་སྒྲ་ནི་བསྒྲུན་ལྡོམ་ཞེས་བྱ་བར་རྗེས་སུ་དྲང་བའི་ཕྱིར་རོ། །ཁྱོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་དང་བསྒྲུན་པའི་ཕྱིར་རིན་ཆེན་ཆོས་ཀྱི་དཔེ་དང་དེའི་ཁྱོད་ཅེས་བྱ་བ་དང་མདོར་བསྡུས་པའོ། །སྤེལ་མ་ལས་ཀྱང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཁྱད་པར་དུ་བསྟོད་དེ། ཡང་ན་དེ་ཡང་ཁྱོད་མཚུངས་
མིན། །གང་ཕྱིར་གཉི་ག་མཉམ་པ་ཉིད། །ཚད་མ་མཁན་གྱིས་བརྗོད་པར་ནུས། །དེ་ནི་སུས་ཀྱང་རྟོགས་མི་འགྱུར། །ཞེས་བཤད་དོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། གླང་དང་གླང་རྒོད་དག་ལ་ཁྱད་པར་ཡོད་ན་ཡང་ཚད་མ་ལ་སོགས་པ་སྤྱིའི་ཤེས་པས་དཔེར་བརྗོད་པར་བྱ་སྟེ། གླང་ཇི་ལྟ་བ་
དེ་བཞིན་དུ་གླང་རྒོད་དོ། །ཡང་ན་གླང་རྒོད་ཇི་ལྟ་བ་དེ་བཞིན་དུ་གླང་ཞེས་བྱ་བའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། རིན་ཆེན་ཆོས་དག་གི་ཚད་མ་ནི་གང་གིས་ཀྱང་མི་ཤེས་སོ། །དེའི་ཕྱིར་ཁྱོད་ཀྱི་རིན་ཆེན་ཆོས་ནི་དཔེ་མ་ཡིན་གྱི། དེའི་ཡང་ཁྱོད་ཀྱི་མ་ཡིན་ཞེས་བྱ་བའོ། །གལ་ཏེ་བཅོམ་ལྡན་
འདས་ཀྱི་དཔེ་མེད་ན་གསུང་འདི་དག་ནི་ཟླ་བ་ལས་བདུད་རྩི་འཛག་པ་བཞིན་དུ་འབྱུང་ཞེས་བྱ་བས་དཔེར་ཇི་ལྟར་བྱས་ཤེ་ན། བཤད་པ། གང་ལ་སྤྱི་ཙམ་བསྟུན་ནས་ནི། །ཅུང་ཟད་བརྗོད་པ་བགྱིད་པ་དེ། །སྨྲ་བ་པོ་ཡི་རང་དགའ་དང་། །ཐབས་དང་གཅམ་བུ་ཙམ་དུ་བས། །རང་དགའ་ཞེས་བྱ་
เล่ม ๑ · หน้า 136b
བ་ནི་རང་གི་འདོད་པ་སྟེ་དེ་ནི་འགལ་བ་ཙམ་མོ། །ཙམ་གྱི་སྒྲས་ནི་དཔེ་མེད་པ་ཞེས་བཤད་དོ། །གང་ཡིན་ཞེ་ན། བཤད་པ། གང་ལ་སྤྱི་ཙམ་བསྟུན་ནས་ནི། །ཞེས་སྨོས་པ་ལ། སྤྱི་ནི་གང་གཞན་ལ་ཡང་ཡོད་པའོ། །བསྟུན་པ་ནི་ཆོས་རྣམས་ཡོངས་སུ་བརྟག་པའོ། །ཅུང་ཟད་ཅེས་བྱ་བ་ནི་ཅུང་
ཟད་ཅེས་བྱ་བའི་དོན་ཏོ། །བཤད་པ་ནི་འདི་ཡིན་ཏེ། ཆོས་གཞན་དང་སྤྱི་ཡིས་ཁྱོད་ཀྱི་དཔེ་ཡིད་ཀྱིས་བྱས་པ་གང་ཡིན་པ་དེ་ནི་རང་དགའ་བས་ན་འགལ་བ་ཙམ་ཡིན་ཏེ་དཔེ་ནི་མ་ཡིན་ནོ། །གང་ལ་བསྟན་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གང་ལ་ཞེས་བྱ་བ་ནི་དངོས་པོ་གང་ལ་སྤྱི་དང་
བསྟུན་ནས་དཔེ་ཉིད་ཀྱི་ཚིག་གིས་བརྗོད་པར་བགྱིད་པ་གང་ཡིན་པ་དེ་ནི་གང་ཟག་སྨྲ་བ་པོ་གཅམ་བུ་ཙམ་དུ་བས་པ་སྟེ་ཤིན་ཏུ་གཅམ་བུ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ན་བཅོམ་ལྡན་འདས་དཔེ་མེད་དོ་ཞེས་བྱ་བ་སྟེ། དཔེ་མེད་པ་ལ་བསྟོད་པའི་བཤད་པའོ། །དཔེ་མེད་པ་ལ་བསྟོད་པའི་བཤད་པ་སྟེ་
ལེའུ་གསུམ་པའོ།། །།ད་ནི་རྨད་དུ་བྱུང་བ་ལ་བསྟོད་པ། ཁྱོད་ནི་བདུད་ལས་རྣམ་རྒྱལ་ཏེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་བཤད་པར་བྱ་སྟེ། ཁྱོད་ནི་བདུད་ལས་རྣམ་རྒྱལ་ཏེ། །འགྲོ་ཀུན་དད་པར་མཛད་པ་ཡང་། །བདག་གིས་ཆོས་ཉིད་རྗེས་བསམས་ན། །ཆེན་པོ་ལྟར་
གང་མ་མཐོང་ངོ་། །སྡང་བས་རྒོལ་བར་རྩོལ་བྱེད་པ། །མང་པོའང་གཞོམ་པར་བྱ་བ་ནི། །ཁྱད་པར་གནས་ལ་བརྟེན་པ་ཡི། །བཟོད་པའི་ཚིགས་སུ་མཚར་མི་ཆེ། །ཆེན་པོ་ལྟར་གང་མ་མཐོང་ངོ་། །ཞེས་བྱ་བ་ནི་རྨད་དུ་བྱུང་བ་ལགས་ཞེས་བྱ་བའི་ཚིགས་སུ་བཅད་པ་གསུམ་པའི་མཐར་བཤད་
པར་འགྱུར་རོ། །ཆེན་པོ་མ་མཐོང་བ་ནི་ཆུང་བའོ། །ལྟར་གྱི་སྒྲ་ནི་དཔེར་རོ། །གང་གི་སྒྲ་ནི་ཚིག་ཁ་སྐོང་བའོ། །ཁྱོད་ཀྱི་ཉན་ཐོས་གནས་བརྟན་ཉེར་སྦས་ཀྱང་བདུད་ལས་རྒྱལ་ལོ་ཞེས་ཐོས་ནས་ཁྱོད་ནི་བདུད་ལས་རྒྱལ་བ་ནི་ཆེན་པོ་ལྟར་ངོ་མཚར་རྨད་དུ་བྱུང་བ་མ་མཐོང་ངོ་ཞེས་བྱ་བར་དགོངས་པའོ། །
ཆོས་ཉིད་རྗེས་བསམས་ན་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་ནི་ཆོས་ཉིད་དེ། སངས་རྒྱས་ཀྱི་ཆོས་རྣམས་ཉུང་ངུ་རྗེས་སུ་བསམས་ན་ཞེས་བྱ་བའི་དོན་ཏོ། །སྤྱང་ཀི་ལས་སེང་གེ་རྒྱལ་བ་ཞེས་མཁས་པ་རྣམས་ངོ་མཚར་བར་མི་འགྱུར་རོ། །བདག་ཉིད་ཀྱི་ནུས་པའི་རྗེས་སུ་དཔག་པས་ཀྱང་འགྲོ་ཀུན་དད་
เล่ม ๑ · หน้า 137a
པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འགྲོ་ཀུན་ཞེས་བྱ་བ་ནི་འཆད་པར་འགྱུར་རོ། །དད་པར་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །བདུད་ལས་རྒྱལ་ཞེས་བྱ་བ་བདུད་ལས་རྒྱལ་བ་ལ་བརྟེན་ནས་སོ། །བདུད་ནི་འདོད་པའི་ལྷ་ཞེས་བྱ་བ་ལྷའི་བུ་འབྱུང་པོ་བྱེ་བ་སུམ་ཅུ་རྩ་དྲུག་
གིས་ཡོངས་སུ་བསྐོར་བ་མདའ་བོ་ཆེ་དང་། མདུང་ཐུང་བརྒྱ་བཅོམ་ལྡན་འདས་ལ་བསྣུན་པར་བྱེད་ཅིང་། ཏིང་ངེ་འཛིན་གྱི་གེགས་བྱེད་པའི་ཕྱིར་ཉེ་བར་གནས་པས་བགེགས་ཕྲ་མོ་ཡང་བྱེད་མ་ནུས་ཞེས་བྱ་བའོ། །ཁྱོད་དེ་ལས་རྒྱལ་བ་གང་ཡིན་པ་དེ་ནི་འགྲོ་བས་ངོ་མཚར་དུ་བརྩི་སྟེ། བདག་
གིས་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །རྒྱུ་ཅིའི་ཕྱིར་ཞེ་ན། བཤད་པ། རྒོལ་བ་མང་པོའང་ཞེས་བྱ་བ་ནི་རྒྱས་པའོ། །མང་པོ་ཞེས་བྱ་བ་ནི་མ་ལུས་པ་སྟེ། མཐུ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འང་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྡང་བས་རྒོལ་བར་ཞེས་བྱ་བ་ནི་
མི་འགལ་བའི་བསམས་པས་སོ། །གཞོམ་པར་བྱ་བ་ཞེས་བྱ་བ་ནི་རྒྱལ་བའི་ཕྱིར་རོ། །རྩོལ་བྱེད་པ་ཞེས་བྱ་བ་ནི་ཉེ་བར་གནས་པའོ། །བཟོད་པའི་ཚིགས་སུ་མཚར་མི་ཆེ། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་གནས་སྐབས་ལ་ཡང་བཟོད་པས་གཞོམ་པར་བྱ་བའི་ཕྱིར་དཀའ་བ་བྱེད་པ་ནི་མ་ཡིན་ནོ། །
ཁྱད་པར་གནས་ལ་བརྟེན་པ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་དྲི་མ་མེད་པའི་བསོད་ནམས་དང་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྐྱེ་བ་ཕྱི་མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་གྱི་གནས་སོ། །དེ་ལ་བརྟེན་པའི་བཟོད་པས་བདུད་ཀྱི་འཁོར་དང་མངག་གཞུག་པ་མི་སྡུག་པ་
རྣམས་ལས་རྒྱལ་བར་བྱ་བ་ཤིན་ཏུ་སླ་བའི་ཕྱིར་ན་དེ་ནི་ངོ་མཚར་མི་ཆེའོ། །ད་ནི་བཅོམ་ལྡན་འདས་ཀྱི་རྨད་དུ་བྱུང་བ་གང་ཡིན་ཞེ་ན། བཤད་པ། གང་ཚེ་བདུད་རྣམས་མངོན་བཏུལ་བ། །དེ་ཡི་ནུབ་མོ་ཁོ་ན་ལ། །ཉོན་མོངས་ཤིན་ཏུ་ཆེ་སྤངས་པ། །དེ་ཉིད་རྨད་དུ་བྱུང་བ་ལགས། །གང་ཚེ་
བདུད་རྣམས་མངོན་བཏུལ་བ། །ཞེས་བྱ་བ་ལ་སོགས་པ་བཤད་པར་འགྱུར་རོ། །ཁོ་ནའི་སྒྲ་ནི་དོན་གཞན་འཆད་པར་འདོད་པའོ། །བདུད་རྣམས་མངོན་བཏུལ་བ་ཞེས་བྱ་བ་ནི་གསོད་པའི་ཆོས་ལ་ཉེ་བར་སྦྱོར་བས་ན་བདུད་ནི་ལྷའི་བུའི་བདུད་དོ། །དེ་མངོན་བཏུལ་བ་ནི་དེའི་འོག་ཏུ་ཞེས་བྱ་བའི་
เล่ม ๑ · หน้า 137b
དོན་ཏོ། །ཉོན་མོངས་ཤིན་ཏུ་ཆེ་སྤངས་པ། །ཞེས་བྱ་བ་ལ། ཉོན་མོངས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་རྣམས་ཏེ། སྤངས་པ་ནི་ཉོན་མོངས་པ་སྤངས་པའོ། །དེ་ནི་ཉན་ཐོས་པས་ཀྱང་བྱེད། །ཅེས་བྱ་བའོ། །ཤིན་ཏུ་ཆེ་བ་ཞེས་བྱ་བ་ནི་ཁྱད་པར་ཏེ། བག་ཆགས་ཀྱང་སྤངས་པའི་
ཕྱིར་རོ། །དེའི་ནུབ་མོ་ཁོ་ན་ལ་ཞེས་བྱ་བ་ནི་གང་གི་ནུབ་མོ་ལ་ཏིང་ངེ་འཛིན་ཉམས་པར་བྱ་བའི་ཕྱིར་བདུད་ཉེ་བར་གནས་པ་དེ་ཉིད་རྨད་དུ་བྱུང་བ་སྟེ། རྣམ་པར་གཡེང་བའི་རྐྱེན་དང་ཕྲད་ན་ཡང་ཉོན་མོངས་པ་ཤིན་ཏུ་ཆེ་བ་སྤངས་པ་གང་ཡིན་པ་དེ་ཉིད་རྨད་དུ་བྱུང་བ་ཡིན་གྱི་བདུད་ལས་རྒྱལ་བ་ནི་མ་ཡིན་
ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པས་འོད་སྲུངས་རྫོགས་བྱེད་ལ་སོགས་པའི་མུ་སྟེགས་པ་བཏུལ་བ་དེ་ཡང་རྨད་དུ་བྱུང་བ་ཡིན་ན་དེ་ཉིད་ངེས་པར་འཛིན་པ་ཅིའི་ཕྱིར་ཞེ་ན། བཤད་པ། འོད་ཟེར་ཕྲེང་བ་སྟོང་ལྡན་པའི། །ཉི་མས་མུན་པ་བསལ་གང་ལགས། །དཔའ་བོ་
ཁྱོད་ཀྱིས་མུ་སྟེགས་ལས། །རྒྱལ་བར་མཛད་པ་ཅི་ཞིག་མཚར། །མུན་བསལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་མུན་པ་བསལ་བ་ནི་མུན་ནག་བསལ་བའོ། །ཉི་མ་ནི་ཉི་མ་ཞེས་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། བཤད་པ། འོད་ཟེར་ཕྲེང་བ་སྟོང་ལྡན་པའི། །ཞེས་སྨོས་པ་ལ། འོད་ཟེར་ནི་འོད་ཟེར་
རྣམས་སོ། །སྟོང་ཡང་ཡིན་ལ་འོད་ཟེར་ཕྲེང་བ་ཡང་ཡིན་པས་ན་འོད་ཟེར་ཕྲེང་བ་སྟོང་སྟེ། དེ་གང་ལ་ཡོད་པ་དེ་ནི་འོད་ཟེར་ཕྲེང་བ་སྟོང་ལྡན་པའོ། །འོད་ཟེར་གྱི་ཕྲེང་བ་སྟོང་དང་ལྡན་པ་དེས་མུན་པ་བསལ་བ་ནི་ངོ་མཚར་བ་མ་ཡིན་ནོ། །དེ་ལ་ཡོངས་སུ་མི་རྟོག་པའི་གང་ཟག་ངོ་མཚར་བར་གྱུར་པ་གང་
ཡིན་པ་དེ་ནི་དེས་ངོ་མཚར་ཞེས་སེམས་སོ། །ཁྱོད་ཀྱིས་མུ་སྟེགས་ལས་རྒྱལ་བར་མཛད་པ་ནི་ངོ་མཚར་བ་ཞེས་པ་དང་སྦྱར་རོ། །དཔའ་བོ་ཞེས་བྱ་བ་ནི་བོད་པའི་ཚིག་དང་རྒྱུ་ཡང་བསྟན་ཏོ། །གང་གི་ཕྱིར་བརྩོན་འགྲུས་ཀྱི་ཆེ་བ་དང་ལྡན་པའི་ཕྱིར་དེ་བས་ན་ཁྱོད་ནི་དཔའ་བོའོ། །མུ་སྟེགས་པ་དེ་རྣམས་
བརྩོན་འགྲུས་དམན་པའི་ཤ་ར་དྭ་ཏིའི་བུ་ལ་སོགས་པ་ཉན་ཐོས་རྣམས་ཀྱིས་ཀྱང་བཏུལ་བ་དེ་བས་ན་ཁྱོད་ཀྱིས་དེ་ལས་རྒྱལ་བར་མཛད་པ་ནི་ངོ་མཚར་བ་མ་ཡིན་ནོ། །འདིའི་ཕྱིར་ན་ཡང་ངོ་མཚར་བ་མ་ཡིན་ཏེ་དེའི་ཕྱིར། འདོད་ཆགས་བྲལ་བས་ཆགས་བཅས་དང་། །ཞེས་བྱ་བའི་རྒྱས་པར་
เล่ม ๑ · หน้า 138a
བཤད་པར་བྱ་སྟེ། འདོད་ཆགས་བྲལ་བས་ཆགས་བཅས་དང་། །ཞེ་སྡང་བྲལ་བས་ཞེ་སྡང་ཅན། །གཏི་མུག་བྲལ་བས་རྨོངས་པ་སྟེ། །གསུམ་པོས་རྟག་ཏུ་གསུམ་དག་བཏུལ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བཅས་པའི་གང་ཟག་གསུམ་འདོད་ཆགས་
དང་བྲལ་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་དང་། གང་ཟག་གསུམ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྟག་ཏུ་བཏུལ་ལོ། །དེ་རྣམས་ཀྱང་མུ་སྟེགས་པ་ནི་འདོད་ཆགས་དང་ལྡན་པ་ཡིན་གྱི། ཁྱོད་ནི་རྣམ་པར་གྲོལ་བ་སྟེ། །དེ་བས་ན་ཇི་ལྟར་ཁྱོད་ཀྱིས་མུ་སྟེགས་ལས་རྒྱལ་
བ་ངོ་མཚར་བ་མ་ཡིན་ནོ་ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་ཏོ། །འོ་ན་བཅོམ་ལྡན་འདས་ཀྱི་ངོ་མཚར་བ་ཇི་ལྟ་བུ་ཡིན་ཞེ་ན། བཤད་པ། དམ་ཆོས་རབ་ཏུ་བསྟོད་པ་དང་། །དམ་ཆོས་མ་ལགས་སྨོད་མཛད་ཀྱང་། །དམ་པ་དག་དང་ཐ་མ་ལ། །ཁྱོད་ནི་ཆགས་དང་ཁྲོ་མི་མངའ། །དམ་ཆོས་
རབ་ཏུ་བསྟོད་པ་དང་། །ཞེས་སྨོས་པ་ལ། བསྟོད་པ་ནི་བསྟོད་པའོ། །དམ་ཆོས་ནི་རྣམ་པར་བྱང་བའི་ཕྱོགས་ཀྱི་དགེ་བ་ཞེས་བྱ་བའི་དོན་ཏོ། །དམ་ཆོས་མ་ལགས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཉོན་མོངས་པ་ཞེས་བྱ་བའི་དོན་ཏོ། །སྨོད་མཛད་ཅེས་བྱ་བ་ནི་སྨོད་པར་
མཛད་པའོ། །ཆགས་དང་ཞེས་བྱ་བ་ནི་རྗེས་སུ་ཆགས་པའོ། །ཁྲོ་བ་ནི་ཁོང་ཁྲོ་བའོ། །དེ་དག་ཁྱོད་ལ་མི་མངའ་བ། །ཞེས་བྱ་བའི་དོན་ཏོ། །གང་ལ་ཞེ་ན། སྨྲས་པ། དམ་པ་དག་དང་ཐ་མ་ལ། །ཞེས་བྱ་བ་ནི་དགེ་བ་ཅན་དང་། མི་དགེ་བ་ཅན་དག་ལ་རིམ་པ་ཇི་ལྟ་བ་བཞིན་དུ་
ཆགས་པ་དང་ཁྲོ་བ་མི་མངའ་བའོ། །འོན་ཀྱང་གཞན་ལ་སྨད་པར་མཛད་པའི་ཕྱིར་བསྟོད་པ་མཛད་པའམ། སྨོད་པ་མཛད་པ་དེ་གཉི་ག་ཡང་ཞེས་དགོངས་པའོ། །འདི་ཡང་ངོ་མཚར་བ་སྟེ། གང་གི་ཕྱིར། དགྲ་བཅོམ་པ་དང་མུ་སྟེགས་ལ། །རྗེས་སུ་ཆགས་དང་ཁོང་ཁྲོ་བར། །ཁྱོད་
ཀྱི་ཐུགས་ནི་མི་འགྱུར་ན། །ཁྱོད་ལ་བསྟོད་དུ་ཅི་ཞིག་མཆིས། །དགྲ་བཅོམ་པ་དང་མུ་སྟེགས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཁྱོད་ཀྱི་ཐུགས་ནི་མི་འགྱུར་ན། །ཞེས་བྱ་བས་འཆད་པར་འགྱུར་རོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉེས་པ་མ་ལུས་པར་སྤངས་པར་གྱུར་པ་དག་
เล่ม ๑ · หน้า 138b
ལའོ། །མུ་སྟེགས་ལ་ཞེས་བྱ་བ་ནི་རྫོགས་བྱེད་ལ་སོགས་པ་རྣམས་ལའོ། །རྗེས་སུ་ཆགས་དང་ཁོང་ཁྲོ་བར། །ཞེས་བྱ་བ་ནི་ཆོས་ཉིད་ལ་གནོད་པར་བྱེད་པའི་མུ་སྟེགས་པ་རྣམས་ལ་ཁོང་ཁྲོ་བས་གང་གི་ཐུགས་ནི་མི་འགྱུར་བ་སྟེ། དེ་རྣམས་ལ་ཁོང་ཁྲོ་བར་མི་འགྱུར་རོ་ཞེས་དགོངས་
པའོ། །འཕགས་པ་ཀུན་དགའ་བོ་ལ་སོགས་པའི་དགྲ་བཅོམ་པ་རྣམས་ལ་གང་གི་ཚེ་ཀུན་དགའ་བོ་དགོན་པ་བ། ཕྱག་དར་ཁྲོད་པ། ཕུག་ལ་ཆགས་པས་འདོད་པ་ལ་མི་ལྟོས་པར་བལྟ་ཞེས་བྱ་བ་དེ་ལྟར་ཁྱོད་ཀྱིས་ཡུན་རིང་པོར་བཞེད་པའི་ཐུགས་ལ་དགོངས་པ་དགྲ་བཅོམ་པ་ཐོབ་པས་ཡོངས་
སུ་རྫོགས་པར་བྱེད་པ་ལ་ཆགས་པས་ཐུགས་ནི་མི་འགྱུར་བ་སྟེ། དེ་རྣམས་ལ་ཆགས་པར་མི་འགྱུར་བའོ། །དེ་དང་འདྲ་བའི་རྨད་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ཁྱོད་ལ་བསྟོད་དུ་ཅི་ཞིག་མཆིས་པ་ནི་གཞན་དམ་པར་བསྟོད་པ་གང་གིས་ཏེ། བསྟོད་པ་དེ་ནི་མ་མཆིས་ཞེས་བྱ་བའི་དོན་ཏོ། །
རྨད་དུ་བྱུང་བ་གཞན་ཡང་བཤད་པར་བྱ་སྟེ། ཡོན་ཏན་རྣམས་ལའང་མ་ཆགས་ལ། །ཡོན་ཏན་ཅན་ལའང་བཞེད་མི་མངའ། །ཀྱེ་མའོ་ཁྱོད་ཀྱི་ཐུགས་སྟོབས་ནི། །རབ་དང་ཡོངས་སུ་དག་པ་ལགས། །ཡོན་ཏན་རྣམས་ལའང་མ་ཆགས་ལ། །ཞེས་སྨོས་པ་ལ། ཡོན་ཏན་རྣམས་ནི་
སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ལའོ། །བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ཡོན་ཏན་རྩྭ་དང་འདྲ་བར་མི་བརྩི་བ་དང་། དེ་རྣམས་ལ་ཡང་མ་ཆགས་པ་ནི་ཆགས་པར་མ་གྱུར་པ་སྟེ། དེ་རྣམས་འཕེལ་བར་བྱ་བའི་ཕྱིར་རོ། །རྒྱུར་གྱུར་པའི་ཡོན་ཏན་དེ་རྣམས་ཀྱིས་སེམས་
ཅན་རྣམས་ཡོན་ཏན་དང་ལྡན་པར་མཛད་ཅེས་པས་ན་རྩོལ་བ་ལ་གནས་པར་རོ། །དེ་རྣམས་ལ་བཞེད་པ་མི་མངའ་བ་ནི་བསམ་གཏན་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གྱུར་པ་ལ་ཡང་ཉོན་མོངས་པ་ཅན་གྱི་བཞེད་པ་མི་མངའ་བའོ། །དེའི་ཕྱིར་ན་ཀྱེ་མའོ་རབ་དང་ཞེས་བྱ་བ་ལ། ཀྱེ་མའོ་ཞེས་བྱ་
བ་ནི་ངོ་མཚར་བའོ། །ཁྱོད་ནི་ཁྱོད་ཀྱིའོ། །རབ་དང་ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་འདོད་ཆགས་ལ་སོགས་པའི་རྙོག་པ་དང་བྲལ་བའོ། །ཐུགས་སྟོབས་ཞེས་བྱ་བ་ནི་ཐུགས་སོ། །ཡོངས་སུ་དག་པ་ནི་དྲི་མ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དབང་པོ་རྣམས་ནི་རབ་དང་བ། །ཞེས་བྱ་
เล่ม ๑ · หน้า 139a
བའི་ཚིགས་སུ་བཅད་པས་རྨད་དུ་བྱུང་བ་འདི་ཡང་བཤད་པར་བྱ་སྟེ། དབང་པོ་རྣམས་ནི་རབ་དང་བ། །དུས་རྣམས་རྟག་ཏུ་མི་ཉམས་པས། །ཁྱོད་ཐུགས་རྟག་ཏུ་དང་བ་དག །མངོན་སུམ་གྱུར་པ་བཞིན་དུ་གདའ། །རྟེན་ལ་བརྟེན་པ་ཉེ་བར་འདོགས་པ་མིག་ལ་སོགས་པ་ལ་
བརྟེན་པའི་དབང་པོ་དེ་རྣམས་རབ་དང་བ་ནི་དྲི་མ་མེད་པ་སྟེ། ཁྲོ་བ་ལ་སོགས་པས་བྱས་པའི་བཞིན་འགྱུར་བ་དང་བྲལ་བའི་ཕྱིར་ཞེས་བྱ་བའོ། །ཇི་ལྟར་སྐྱེ་བ་གཙང་བའི་བྲམ་ཟེས་བཤད་པ་ནི་བཅོམ་ལྡན་འདས་གཽ་ཏ་མའི་སྤྱན་ནི་རབ་ཏུ་དང་བ་དང་། ཞལ་གྱི་མདོག་དག་པ་དང་། སྐུ་མདོག་དཀར་བ་
གང་ཡིན་པ་དེ་ནི་དབང་པོ་དང་བའི་ཕྱིར་རོ། །དཔེར་ན་ཀྱེ་གཽ་ཏ་མ་ཇི་ལྟར་ཆུ་བོ་འཛམ་བུའི་གསེར་གྱི་རང་བཞིན་གྱི་གོང་བུ་གསེར་མགར་མཁས་པས་བདར་ནས་རས་དཀར་པོ་ལ་བཞག་ན་ཤིན་ཏུ་སྣང་བ་དང་། འདེས་པ་དང་། རྣམ་པར་གསལ་བར་གྱུར་པ་དེ་བཞིན་དུ་བཅོམ་ལྡན་འདས་གཽ་ཏ་མའི་དབང་པོ་དག་
རབ་ཏུ་དང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དུས་རྣམས་རྟག་ཏུ་མི་ཉམས་པས། །ཞེས་བྱ་བ་ནི་རྟག་ཏུ་མི་ཉམས་པའི་ངང་ཚུལ་ཅན་ཏེ་དུས་ཐམས་ཅད་དུ་ཞེས་བྱ་བའི་ཐ་ཚིག་གོ། །ཐུགས་ཞེས་བྱ་བ་ནི་ཐུགས་སོ། །རྟག་ཏུ་དང་བ་ཞེས་བྱ་བ་ནི་རྟག་ཏུ་དག་པའོ། །མངོན་སུམ་གྱུར་པ་བཞིན་དུ་ཞེས་བྱ་བ་
ནི་ཐུགས་དང་བ་མེད་ན་དབང་པོ་རྣམས་དང་བར་མི་འགྱུར་རོ། །ཁོང་སྟོང་གི་ནང་མེ་གནས་པའི། །ཤིང་ལས་ལོ་མ་འབྱུང་མི་འགྱུར། །ཞེས་དེ་ལྟར་བཤད་པའོ། །དེ་བས་ན་དབང་པོའི་དང་བ་ལས་ཐུགས་ཀྱི་དང་བ་མཚོན་པར་འགྱུར་རོ། །དེའི་ཐུགས་ཀྱི་དང་བ་གཞན་གྱི་སེམས་མི་ཤེས་པས་
མངོན་སུམ་དུ་མ་གྱུར་པའི་ཕྱིར་བཞིན་ཞེས་བྱ་བ་ནི་དཔེར་རོ། །གཞན་རྨད་དུ་བྱུང་བ་བཤད་པར་བྱ་སྟེ། རང་བཞིན་དམ་པ་ལེགས་གསུངས་དང་། །མཛད་སྤྱོད་བཟང་པོས་བསྒྲགས་པས་ན། །ཁྱོད་ཀྱི་བློ་གྲོས་དགོངས་པ་དག །རྣམ་དག་བྱིས་པའི་བར་ལ་གྲགས། །ཞེས་བྱ་བ་ནི་རྒྱས་
པའོ། །བྱིས་པའི་བར་ཞེས་བྱ་བ་ནི་བྱིས་པ་རྣམས་ལས་ཀྱང་བརྩམས་ཞེས་བྱ་བའི་དོན་ཏོ། །གྲགས་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །ཁྱོད་ཀྱི་ནི་ཁྱོད་ཀྱིའོ། །དེ་གང་ཡིན་ཞེ་ན། བློ་གྲོས་དགོངས་པ་དག་ནི་མི་འཇིགས་པ་ལ་སོགས་པའི་བློ་གྲོས་ཏེ། ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་
เล่ม ๑ · หน้า 139b
རོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་དགོངས་པའོ། །དེ་དག་གི་རྣམ་པར་དག་པ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དེ་དག་ཇི་ལྟར་བྱིས་པ་རྣམས་ཀྱི་བར་ལ་ཡང་གྲགས་ཤེ་ན། སྨྲས་པ། གང་གི་ཕྱིར་བསྒྲགས་པ་ཞེས་བྱ་བ་ནི་རྟོགས་ཤིང་གསལ་བར་གྱུར་པའོ། །རང་
བཞིན་ནི་དགོངས་པ་སྟེ། དེ་ཉིད་མི་འཇིགས་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་སོ། །དེའི་བསྒྲགས་པ་ནི་རྟགས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ལེགས་གསུངས་མཛད་སྤྱོད་བཟང་པོ་ཞེས་བྱ་བ་ལ། ལེགས་གསུངས་ནི་ཡོངས་སུ་དག་པའི་གསུང་གི་ཕྲིན་
ལས་སོ། །མཛད་སྤྱོད་བཟང་པོ་ནི་ཡོངས་སུ་དག་པའི་སྐུའི་ཕྲིན་ལས་སོ། །བཞེད་པ་ཆུང་བའི་བཅོམ་ལྡན་འདས་ཀྱིས་སྦས་པའི་ཡོན་ཏན་རྣམས་ཀྱང་དེ་དག་གིས་གསལ་བར་བྱས་ཞེས་བྱ་བ་སྟེ། གསང་བ་གསལ་བར་བྱས་པ་བཞིན་ནོ། །དེ་བས་ན་དེ་རྣམས་བསྒྲགས་པ་ཡིན་ནོ། །
དེ་དག་ཀྱང་ཐུགས་དག་པ་མེད་ན་རྣམ་པར་དག་པར་མི་འགྱུར་རོ་ཞེས་བྱ་བས་ནི་ཐུགས་ཀྱི་རྣམ་པར་དག་པ་གསལ་བར་མཛད་དོ། །དེ་བས་ན་བྱིས་པའི་བར་ལ་ཡང་སངས་རྒྱས་ཀྱི་ཆོས་ཟབ་མོ་རབ་ཏུ་གྲགས་སོ། །དེ་ལྟར་འཇིག་རྟེན་པ་ཡང་ཟེར་ཏེ། རྣམ་པ་རྟགས་དང་འགྲོ་བ་དང་། །སྤྱོད་
པ་དང་ནི་སྨྲ་བ་དང་། །མིག་དང་གདོང་གི་རྣམ་པ་ཡིས། །ནང་གི་ཡིད་ནི་ཤེས་པར་བྱ། །ཞེས་བྱ་བས་རྨད་དུ་བྱུང་བར་བསྟོད་པ་བཤད་དོ། །རྨད་དུ་བྱུང་བ་ལ་བསྟོད་པའི་བཤད་པ་སྟེ་ལེའུ་བཞི་པའོ།། །།གཟུགས་མེད་པའི་དངོས་པོའི་དོན་གྱི་འབྲས་བུ་ཉིད་ཀྱིས་རེ་ཞིག་བཅོམ་
ལྡན་འདས་ལ་བསྟོད་པ་བཤད་དོ། །སྐུ་ལ་བསྟོད་པ་ལ། སྐུ་ནི་དད་པ་སྐྱེད་པར་མཛད་པ་དང་། ཚིམ་པར་མཛད་པ་ཉིད་དང་། རྟེན་དང་བརྟེན་པའི་ཡོན་ཏན་གྱི་རྗེས་སུ་མཐུན་པ་དང་། སྐུ་དང་ཡོན་ཏན་དག་གི་ཕན་ཚུན་རྟེན་དང་བརྟེན་པས་མཛེས་པ་ཞེས་བྱ་བ་རྣམ་པ་བཞིའོ། །དེ་ལ་རེ་ཞིག་
དད་པ་སྐྱེད་པར་མཛད་པ་ཉིད་བཤད་པར་བྱ་སྟེ། ཉེ་བར་ཞི་ལ་ཡིད་དུ་འོང་། །འབར་ལ་གནོད་པ་མཛད་མི་མངའ། །དུལ་ལ་རྔོམ་བརྗིད་ཆེ་བ་ཡི། །སྐུ་འདིས་སུ་ཞིག་དད་མི་མཛད། །ཉེ་བར་ཞི་ལ་ཡིད་དུ་འོང་། །ཞེས་བྱ་བ་ནི་རྒྱས་པའོ། །རྒོད་པ་སྤངས་པའི་ཕྱིར་ན་ཉེ་བར་ཞི་བ་སྟེ་སྐུ་དེ་
เล่ม ๑ · หน้า 140a
ཞེས་བྱ་བས་འཆད་པར་འགྱུར་རོ། །དྲང་སྲོང་ཕྱི་རོལ་པས་སྡུག་བསྔལ་དང་དཀའ་ཐུབ་བཟོད་པར་ནུས་པ་དང་འདྲ་བའི་ཉེ་བར་ཞི་བ་ཡང་ཡིད་དུ་འོང་བ་མ་ཡིན་ནམ་ཞེ་ན། སྨྲས་པ། ཡིད་དུ་འོང་བ་ཞེས་བྱ་བ་ནི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཡིན་པའི་ཕྱིར་ཡིད་དུ་འོང་བར་མཛད་
པ་ཞེས་བྱ་བའི་དོན་ཏོ། །འོད་འདོམ་གང་བའི་འོད་ཀྱིས་གསལ་བའི་ཕྱིར་ན་འབར་བའོ། །འབར་བའི་ཕྱིར་ཉི་མའི་འོད་ཟེར་དང་འདྲ་བར་གནོད་པ་མཛད་པ་ཡིན་ནམ་ཞེ་ན། མ་ཡིན་ཞེས་བཤད་པ། གནོད་པ་མཛད་མི་མངའ་ནི་གནོད་པ་མཛད་མི་མངའ་བའི་ངང་ཚུལ་གང་ལ་མངའ་བ་དེ་ནི་གནོད་
པ་མཛད་མི་མངའ་བ་སྟེ། མཐོང་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བྱུང་བ་དང་མཐུན་པའི་སྤྱོད་ལམ་མངའ་བའི་ཕྱིར་ན་དུལ་བ་སྟེ། རྒོད་པ་མི་མངའ་བ་ཞེས་བྱ་བའི་དོན་ཏོ། །དུལ་བ་ཡིན་ན་ཡང་རྔོམ་བརྗིད་ཆེ་བ་མ་ཡིན་པ་ནི་འགལ་བ་ཡིན་ཞེས་བཤད་པ་སྟེ། རྔོམ་བརྗིད་
ཆེ་བ་ཞེས་བྱ་བ་ནི་རྔོམ་བརྗིད་ཆེ་བ་ཞེས་བྱ་བའི་དོན་ཏོ། །སྐུ་ཞེས་བྱ་བ་ནི་སྐུ་མདོག་དང་དབྱིབས་ཀྱི་བདག་ཉིད་དོ། །སུ་ཞིག་དད་མི་མཛད་ཅེས་བྱ་བ་ནི་སུ་ཞིག་འདྲ་བ་ཇི་ལྟ་བུ་ཞེ་སྡང་ཅན་ཡང་དད་པ་གཞོལ་བར་མི་མཛད་དམ་སྟེ། སྐྱེ་བོ་ཐམས་ཅད་ལ་དད་པ་སྐྱེད་པར་མཛད་པ་ཞེས་དགོངས་
པའོ། །ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་ཡུལ་ཐམས་ཅད་བསྙེན་ན་དང་བར་མི་འགྱུར་ཏེ། ཁྱོད་ཀྱི་སྐུ་ནི། ཁྱོད་ཀྱི་སྐུ་དེ་གང་གིས་ནི། །ཞེས་བྱ་བ་ལ་སོགས་པས་བཤད་པར་བྱ་སྟེ། ཁྱོད་ཀྱི་སྐུ་དེ་གང་གིས་ནི། །ལན་བརྒྱར་མཐོང་དང་གང་ཞིག་གིས། །དང་པོར་མཐོང་བ་དེ་གཉི་ག །འདྲ་བར་མིག་
ནི་མགུ་བར་མཛད། །གང་གི་ཕྱིར་མཐོང་ཞིང་ལན་བརྒྱར་མཐོང་བ་ནི་ལན་མང་དུ་ཞེས་བྱ་བའི་དོན་ཏོ། །བརྒྱའི་སྒྲས་ནི་མང་པོ་ཁོ་ན་སྟོན་པའི་ཕྱིར་རོ། །གང་ཞིག་གིས་དང་པོར་མཐོང་བ་ཞེས་བྱ་བ་ནི་གང་ཟག་གང་ཞིག་གིས་དེའི་སྐུ་དང་པོར་མཐོང་བ་སྟེ་སྐུའི་མཚན་ཉིད་ནི་བཤད་ཟིན་ཏོ། །མགུ་
བར་མཛད་པ་ནི་རངས་པར་མཛད་པའོ། །ཁྱོད་ཀྱི་ནི་ཁྱོད་ཀྱིའོ། །མིག་ནི་བདེ་བ་དང་ལྡན་པའི་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ། །འདྲ་བར་ཞེས་བྱ་བ་ནི་མཚུངས་པར་རོ། །དེ་གཉི་ག་ཞེས་བྱ་བ་ནི་དང་པོར་མཐོང་བ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་གཉི་ག་ཡང་སྟེ་ལན་བརྒྱར་མཐོང་
เล่ม ๑ · หน้า 140b
བ་དང་། དང་པོར་མཐོང་བ་དག་གིའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོ་འདིས་སྐུས་དད་པ་སྐྱེད་པར་མཛད་པ་ཉིད་བཤད་དོ། །རྒྱུ་གང་གིས་སྐུ་དེས་དད་པ་སྐྱེད་པར་མཛད་པ་ཉིད་ཡིན་ཞེ་ན། བཤད་པ། ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར། །བལྟ་བས་མི་ངོམས་རང་བཞིན་པས། །
མཐོང་ངོ་ཅོག་ནི་ཕྱི་ཕྱིར་ཞིང་། །དགའ་བ་བསྐྱེད་པར་མཛད་པ་ལགས། །ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར། །ཞེས་བྱ་བ་ནི་རྒྱས་པའོ། །ཥི་ཙ་ནི་ཚིམ་པའི་ཁམས་སོ། །ཚིམ་པར་བྱེད་པ་ཞེས་བྱ་བས་ན་མཛེས་པའོ། །ཉེ་བར་ལེན་པ་ལུད་ཀྱི་རྐྱེན་དང་སྦྱར་བར་བྱའོ། །མཛེས་པ་ཁོ་ན་ཡིན་
པས་ན་མཛེས་པའོ། །བཤད་པ་ནི་འདི་ཡིན་ཏེ། མཚན་དང་དཔེ་བྱད་ལ་སོགས་པས་བརྒྱན་པའི་བཅོམ་ལྡན་འདས་ཀྱི་སྐུ་ལ་སྲོག་ཆགས་རྣམས་ཀྱིས་བལྟ་བས་ངོམས་པར་མི་འགྱུར་བ་དེས་ན་སྐུ་དེ་ནི་མཛེས་པ་ཞེས་བཤད་དོ། །འདི་ལྟར་ཐོས་པ་ཡིན་ཏེ། རྒྱལ་པོ་གཟུགས་ཅན་
སྙིང་པོས་རི་བྲགས་ཀྱི་གྲོང་ཁྱེར་གྱི་རྒྱལ་པོ་དྲག་པོའི་སྲས་ཀྱི་དད་པ་བསྐྱེད་པར་བྱ་བའི་ཕྱིར་དེ་རས་རིས་ལ་སངས་རྒྱས་ཀྱི་སྐུ་བྲིས་ནས་བསྐུར་བར་བརྩམས་སོ། །དེ་ལ་རི་མོ་མཁན་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཡན་ལག་དང་ཉིང་ལག་མཐོང་བས་ཚིམ་པར་མ་གྱུར་པས་སྐུ་བྲི་བར་མ་ནུས་
སོ་ཞེས་པས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་དེས་འཚལ་གྱིས་རི་མོ་མཁན་ངལ་བར་གྱུར་པས་གང་གི་ཕྱིར་དེ་བཞིན་གཤེགས་པ་ནི་བལྟ་བས་ཆོག་མི་ཤེས་པ་ཉིད་ཁོ་ནས་བྲིས་སྐུ་ལ་འོད་སྤྲོ་བར་བྱའོ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲིས་སྐུ་ལ་འོད་སྤྲོ་བར་མཛད་དོ། །
རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་རི་བྲགས་ཀྱི་བདག་པོ་ལ་བསྐུར་ཏོ། །དེ་མཐོང་ནས་རྒྱལ་པོ་ཤིན་ཏུ་དད་པ་སྐྱེས་པར་གྱུར་ནས་བྲིས་སྐུ་དེ་ཉིད་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བྲིས་པ་བསྒོམས་པས་འཕགས་པའི་བདེན་པ་མཐོང་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ཏེ་རབ་ཏུ་བྱུང་ནས་
དགྲ་བཅོམ་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བའོ། །ཕྱིར་གྱི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །མཛེས་པའི་རང་བཞིན་པས་ཞེས་བྱ་བ་ནི་བལྟ་བ་དང་རྗེས་སུ་མཐུན་པ་ཁོ་ན་ཞེས་བྱ་བའི་དོན་ཏོ། །སྐུ་ནི་སྐུའོ། །མཐོང་ངོ་ཅོག་ནི་ཕྱི་ཕྱིར་ཞིང་། །ཞེས་བྱ་བ་ནི་ཡང་དང་ཡང་དུ་མཐོང་བར་གྱུར་པས་
เล่ม ๑ · หน้า 141a
དགའ་བའི་ཡིད་ལ་བདེ་བ་སྐྱེད་པར་མཛད་པ་སྟེ། སྐྱེད་པར་མཛད་པ་ལགས་ཞེས་བྱ་བའོ། །ཕྱི་ཕྱིར་ཞིང་ཞེས་བྱ་བ་ནི་སྔ་ན་མེད་པའི་ཁྱད་པར་དང་ལྡན་པའི་དགའ་བ་ཁོ་ན་མཛད་པའོ། །གང་གི་ཕྱིར་ལན་བརྒྱར་མཐོང་བ་དང་། གང་ཞིག་གིས་སྔར་བཤད་པ་རིགས་
པ་ཡིན་ཞེས་བྱ་བའོ། །ཚིགས་སུ་བཅད་པ་འདིས་སྐུ་བལྟ་བས་མི་ངོམས་པ་བཤད་དོ། །རྟེན་གྱི་རྗེས་སུ་མཐུན་པ་ཉིད་བཤད་པར་བྱ་སྟེ། རྟེན་གྱི་ཡོན་ཏན་དག་དང་ནི། །བརྟེན་པའི་ཡོན་ཏན་ཕན་ཚུན་དུ། །འཚམ་པས་ཁྱོད་ཀྱི་སྐུ་དང་ནི། །ཡོན་ཏན་ཕུན་ཚོགས་མཆོག་དང་ལྡན། །རྟེན་གྱི་
ཡོན་ཏན་དག་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྟེན་ནི་གཟུགས་ཀྱི་སྐུ་སྟེ། དེའི་ཡོན་ཏན་ནི་བརྟན་པ་ཉིད་དེ། རྡོ་རྗེའི་སྐུ་གདུང་མཐོང་བར་མ་གྱུར་པའི་ཕྱིར་རོ། །དབྱིབས་ནི་ཤིན་ཏུ་མཛེས་པ་སྟེ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། སེང་གེའི་རོ་སྟོད་དང་འདྲ་བའི་ཕྱིར་
རོ། །འབར་བ་ཉིད་ནི་འོད་འདོམ་གང་བ་དང་། མཚན་དང་དཔེ་བྱད་ཀྱིས་འབར་བར་གྱུར་པའི་ཕྱིར་རོ། །མདོག་གསེར་འདྲ་བ་དང་ཁྱབ་འཇུག་གི་སྟོབས་ཕུན་སུམ་ཚོགས་པ་དང་འདྲ་བ་རྟེན་གྱི་ཡོན་ཏན་དང་ལྡན་པའི་སྐུ་ནི་གཟུགས་ཀྱི་སྐུ་ཉིད་དེ་ལྡན་པ་ཞེས་འཆད་པར་འགྱུར་རོ། །རྟེན་པའི་
ཡོན་ཏན་ཞེས་སྨོས་པ་ལ། བརྟེན་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་མ་འདྲེས་པའི་ཡོན་ཏན་རྣམས་སོ། །བརྟེན་པའི་ཡོན་ཏན་ནི་དེ་རྣམས་ཁྱད་པར་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདིར་ཡོན་ཏན་གྱི་སྒྲ་ནི་ཁྱད་པར་གྱི་ཚིག་གོ། །ཡོན་ཏན་གྱི་ཁྱད་པར་ནི་རྣམ་པར་དག་པ་ཉིད་
དང་། ཐོགས་པ་མེད་པ་ཉིད་དང་། ཟིལ་གྱིས་གནོན་པ་ཉིད་དང་། ཟབ་པ་ལ་སོགས་པ་ཞེས་བྱ་བའོ། །བརྟེན་པའི་ཡོན་ཏན་དེ་རྣམས་ཀྱི་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དེ་ཉིད་ཕུན་སུམ་ཚོགས་པ་མཆོག་དང་ལྡན་པ་ནི་བདག་ཉིད་ཀྱི་ཆེ་བ་དང་ལྡན་པའི་རྒྱུར་གྱུར་པའི་ཕུན་སུམ་
ཚོགས་པ་དང་ལྡན་པ་སྟེ། ཁྱོད་ཀྱི་སྐུ་དང་ཡོན་ཏན་ཞེས་བྱ་བ་དང་སྦྱར་རོ། །ཕན་ཚུན་དུ་འཚམ་པས་ཞེས་བྱ་བ་ནི་རྟེན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་བརྟེན་པའི་ཡོན་ཏན་དང་རྗེས་སུ་མཐུན་པ་ནི་རྟེན་ནོ། །བརྟེན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྟེན་གྱི་ཡོན་ཏན་དང་རྗེས་སུ་མཐུན་
เล่ม ๑ · หน้า 141b
པ་དང་ལྡན་པ་ནི་བརྟེན་པ་ཞེས་བྱའོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་འདིས་སྐུའི་བརྟེན་པའི་ཡོན་ཏན་རྗེས་སུ་མཐུན་པ་ཁོ་ན་བཤད་དོ། །མཚན་དང་དཔེ་བྱད་བཟང་འབར་བ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། མཚན་
དང་དཔེ་བྱད་བཟང་འབར་བ། །ཁྱོད་ཀྱི་སྐུ་ལས་མ་གཏོགས་པ། །དེ་བཞིན་གཤེགས་པའི་ཡོན་ཏན་འདི། །གཞན་གང་ཞིག་ལ་ལེགས་གནས་འགྱུར། །ཁྱོད་སྐུ་བརྟེན་པ་ཡོན་ཏན་ལ། །ང་དཔལ་ཆེ་ཞེས་གསུངས་གསུངས་ལྟར། །དེ་ཡི་ཡོན་ཏན་རྣམས་ཀྱང་སླར། །ངེད་ལེགས་
བཀོད་ཅེས་གསུངས་པ་འདྲ། །གཞན་གང་ཞིག་ནི་གཞན་གང་ཞིག་ལའོ། །ལེགས་གནས་ནི་མཛེས་པར་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །ཇི་ལྟ་བ་བཞིན་དུ་གནས་པའི་དངོས་པོ་དེ་བཞིན་དུ་གཤེགས་པས་ན་དེ་བཞིན་
གཤེགས་པའོ། །ཇི་ལྟར་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེགས་པ་ནི་འཇུག་པ་སྟེ། དེ་བཞིན་དུ་འདི་ཡང་གཞན་ལ་སྨན་པའི་སླད་དུ་འཇུག་པ་ལ་སོགས་པས་གཤེགས་པ་ཞེས་པས་ན་དེ་བཞིན་གཤེགས་པའོ། །ཡང་ན་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་
གཤེགས་པ་ནི་གཞན་དག་གི་ཚོགས་དང་ཆོས་ཀྱི་སྐུ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཁྱད་པར་གྱི་ཡེ་ཤེས་དང་ལྡན་པར་གྱུར་པ་དེ་བཞིན་དུ་འདིར་ཡང་གཤེགས་པ་ཞེས་བྱ་བས་ན་དེ་བཞིན་གཤེགས་པའོ། །དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ནོ། །ཁྱོད་ཀྱི་སྐུ་
ལས་མ་གཏོགས་པ། །ཞེས་སྨོས་པ་ལ་ཁྱོད་ཀྱི་སྐུ་ནི་བཤད་པ་གང་ཡིན་པ་དེ་ལས་མ་གཏོགས་པ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་གྱུར་པ་གང་ཡིན་ཞེ་ན། མཚན་དང་དཔེ་བྱད་བཟང་འབར་བ། །ཞེས་བྱ་བ་ནི་མཚན་དང་དཔེ་བྱད་བཟང་འབར་བ་ལས་མ་གཏོགས་པ་ཞེས་བྱ་བར་དགོངས་
པའོ། །དེ་ལ་སྐྱེས་བུ་ཆེན་པོའི་མཚན་རྣམས་ནི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། འོད་གསལ་བ་དང་། སྨིན་མཚམས་སུ་མཛོད་སྤུས་རྣམ་པར་བརྒྱན་པ་དང་། དབུ་གཙུག་ཏོར་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའི་མཚན་ནི་མདོ་ལས་གཏོགས་པར་བྱའོ། །དཔེ་
เล่ม ๑ · หน้า 142a
བྱད་བཤད་པར་བྱ་སྟེ། སེན་མོ་ཧ་ཅང་མི་རིང་བ་དང་། མཐོ་བ་དང་། ཟངས་ཀྱི་མདོག་འདྲ་བ་དང་། སྣུམ་པ་ཉིད་དང་། སོར་མོ་ཟླུམ་པ་དང་། རྒྱས་པ་དང་། བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་། རྩ་མདུད་པ་མེད་པ་དང་། ཆུང་བ་དང་། ཕྲ་བ་དང་། བརླ་ཆུ་ཤིང་གི་
སྡོང་པོ་དང་འདྲ་བར་རྒྱས་པ་དང་། གཤིབས་པ་དང་། མི་མཉམ་པ་མེད་པ་དང་། བྱིན་གྱིས་ཕྲ་ཞིང་མཛེས་པ་དང་། འོལ་མ་སེའི་མེ་ཏོག་དང་འདྲ་བར་དམར་བ་དང་། དང་བ་དང་། སྣུམ་པ་དང་། ཙནྡན་ལྟ་བུའི་དྲི་དང་ལྡན་པའི་ཁྲག་ཅེས་བྱ་བ་ལ་སོགས་པ་སྟེ་བརྒྱད་ཅུའོ། །གཞན་ཡང་།
ཁྱོད་ཀྱི་སྐུ་ནི་ང་དཔལ་ཆེ། །ཞེས་པ་ནི་རྒྱས་པའོ། །དཔལ་ཆེ་བ་ནི་སྐལ་བ་དང་ལྡན་པའོ། །ང་ཞེས་བྱ་བ་ནི་ངའོ་ཞེས་བྱ་བ་དེ་ལྟ་བུའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིའོ། །སྐུའི་མཚན་ཉིད་ནི་བཤད་ཟིན་ཏོ། །གསུངས་ཞེས་པ་ནི་གསུངས་པའོ། །གསུངས་པ་ནི་སྲོག་ཆགས་ཀྱི་ཡུལ་ཡིན་པའི་ཕྱིར་ཏེ།
ལྟ་ཞེས་པ་ནི་དཔེའོ། །བརྟེན་པ་ནི་སྔར་བཤད་པའི་བརྟེན་པ་ལའོ། །ངེད་ལེགས་བཀོད་ཅེས་བྱ་བ་ནི་དེ་རྣམས་ངེད་ལེགས་བཀོད་ཅེས་བྱ་བའོ། །སླར་གསུང་པ་ནི་སླར་ཡང་གསུང་པའོ། །འདྲ་བའི་སྒྲ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །དེ་ཞེས་བྱ་བ་ནི་སྐུའོ། །ཡོན་ཏན་ནི་སྔར་བཤད་ཟིན་ཏོ། །
བཤད་པའི་དོན་ནི་འདི་ཡིན་ཏེ། ཁྱོད་ཀྱི་སྐུ་ནི་བརྟེན་པའི་ཡོན་ཏན་ལ་གསུངས་པ་ལྟ་བུ་སྟེ། གང་ང་དཔལ་ཆེ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བས་ང་ལ་བླ་ན་མེད་པའི་ཡོན་ཏན་བརྟེན་པ་ཞེས་བྱ་བའོ། །ཡོན་ཏན་དེ་རྣམས་ནི་སླར་གསུངས་པ་དང་འདྲ་བའི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཁྱོད་ལ་
ཡོངས་སུ་དག་པའི་ཕྲིན་ལས་དག་གིས་ངེད་རྣམས་ལེགས་པར་བཀོད་པ་ཞེས་བྱ་བའོ། །དེ་ལྟར་སྐུ་དང་ཡོན་ཏན་དག་ཕན་ཚུན་རྟེན་དང་བརྟེན་པ་ཉིད་ཀྱིས་གསུངས་པ་བཤད་དེ་སྐུ་ལ་བསྟོད་པ་བཤད་དོ། །སྐུ་ལ་བསྟོད་པ་ཞེས་བྱ་བའི་བཤད་པ་སྟེ་ལེའུ་ལྔ་པའོ།། །།སྨན་པ་མཛད་པ་ནི་
དབྱེ་བ་རྣམ་པ་བརྒྱད་དེ། དེ་ལ་རེ་ཞིག་ཐུགས་རྗེ་ལ་བསྟོད་པས་ནི་འཁོར་བའི་ཉེས་པ་མཁྱེན་པའི་བཅོམ་ལྡན་འདས་ཀྱང་ཐུགས་རྗེས་ཡུན་རིང་པོར་བཞུགས་པ་དང་། སེམས་ཅན་རྣམས་ཀྱི་དེའི་ཚེ་ཤིན་ཏུ་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སྐྱེ་བོ་མང་པོའི་གནས་སུ་བཞུགས་པ་དང་དགོན་པར་
เล่ม ๑ · หน้า 142b
མི་བཞུགས་པ་དང་། ད་ལྟར་བྱུང་བའི་སྡུག་བསྔལ་བཟོད་སྤྱོད་པ་དང་། བུད་མེད་ཀྱི་སྤྱོད་པ་ལེགས་པ་དང་། མི་ལེགས་པ་དང་འདྲ་བའི་ཐུགས་རྗེ་མངའ་བ་སྟེ་ཚིག་གི་དོན་བཞིའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སྨོན་ལམ་ལ་བརྟེན་པས་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་བཀྲེས་པ་
དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་བཟོད་སྤྱོད་པ་དང་། འཁོར་བའི་སྐྱེ་བོ་གཞན་དང་འདྲ་བ་དང་། རྒྱུ་ལ་ཁྱད་པར་མི་མངའ་བ་བཤད་པར་བྱ་སྟེ། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིང་། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་
ཐུགས་རྗེས་བསྡམས། །ཐམས་ཅད་ཁྱད་མེད་ཅེས་བྱ་བ་ལ་ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་མོ། །ཁྱད་མེད་ཅེས་བྱ་བ་ནི་ལྷ་རྣམས་ནས་དམྱལ་བའི་བར་དུའོ། །ཁྱད་མེད་པས་ན་ཉོན་མོངས་པ་རྣམས་ཀྱིས་བཅིངས་པ་ནི་སྲིད་པའི་རྩེ་མོའི་ངེས་པར་མ་སྤངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་
པའོ། །འཁོར་བར་འགྲོ་བ་ཉོན་མོངས་པར་བྱེད་ཅེས་པས་ན་ཉོན་མོངས་པ་རྣམས་སོ། །དེ་རྣམས་ཀྱིས་བཅིངས་ཞེས་བྱ་བ་ནི་འཁོར་བ་ལས་མ་འདས་པའི་ཕྱིར་རོ། །འགྲོ་བ་འདི་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་འདིའོ། །དེ་ལྟར་ན་འཇིག་རྟེན་པ་ཉོན་མོངས་པ་རྣམས་ཀྱིས་བཅིངས་
པས་འཁོར་བར་ཉོན་མོངས་པར་གྱུར་ཏོ། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག་དགྲོལ་སླད། །ཅེས་བྱ་བ་ནི་ཤེས་རབ་ཀྱི་མཚོན་ཆས་འགྲོ་བའི་ཉོན་མོངས་པའི་ཞགས་པ་གཅོད་པའི་ཕྱིར་རོ། །ཡུན་རིང་ཐུགས་རྗེས་བསྡམས་ཞེས་བྱ་བ་ནི་སྨོན་ལམ་ནས་བརྩམས་ཏེ་ཡོངས་སུ་མྱ་ངན་ལས་
འདས་ཀྱི་བར་དུའོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར་ན། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འམ་ཞེས་
བྱ་བའི་སྒྲ་ནི་དྲི་བ་དང་ཐེ་ཚོམ་མོ། །དང་པོ་ནི་དང་པོའོ། །ཕྱག་ཅེས་བྱ་བ་ནི་ཕྱག་བགྱི་བའོ། །ཁྱོད་ལ་ནི་བཅོམ་ལྡན་འདས་ལའོ། །ཐུགས་རྗེ་ཆེ་བའི་མཚན་ཉིད་ནི་བཤད་ཟིན་ཏོ། །འོན་ཏེ་ནི་ཡང་ན་ཞེས་བྱ་བའི་དོན་ཏོ། །གང་ལས་ཐེ་ཚོམ་འདི་ཡིན་ཞེ་ན། གང་གི་ཕྱིར་འཇིག་རྟེན་པའི་ཤེས་
เล่ม ๑ · หน้า 143a
པས་ལོང་བ་ཉོན་མོངས་པའི་ཞགས་པས་བཅིངས་པས་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བ་ཞེས་བྱ་བ་དེ་ནི་ངོ་མཚར་བ་མ་ཡིན་ནོ། །འོན་ཀྱང་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གང་གིས་ནི་ཐུགས་རྗེ་ཆེན་པོས་སོ། །དེ་ལྟ་བུ་ནི་ཡང་དག་པར་གྱུར་
པ་གསལ་བར་བྱེད་པའི་ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཁྱེན་པ་སྟེ། འཁོར་བ་ནི་འགྲོ་བ་རིགས་དྲུག་གོ། །བཞུགས་པ་ནི་བཞུགས་པར་མཛད་པ་སྟེ། འགྲོ་བ་རྣམས་ཀྱི་ཉོན་མོངས་པ་ཡུན་རིང་པོར་ཞི་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །ཞེས་པ་ལ་རྣམ་པར་
རྟོག་པ་ནི་འདི་ཡིན་ནོ། །ཡོན་ཏན་གྱི་ཐེ་ཚོམ་བསལ་བར་མ་གྱུར་ན་མ་ནིང་གི་རྟགས་ཀྱི་སྦྱོར་བ་བྱས་ཞེས་རྟོགས་ནས། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །ཞེས་ཡོངས་སུ་གདོན་ཏོ། །དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཁྱེན་ཀྱང་ཐུགས་རྗེས་ཡུན་རིང་པོར་
བཞུགས་པ་ཞེས་བཤད་དོ། །གཞན་ཡང་། དབེན་པའི་བདེ་བ་སྤངས་གྱུར་ཁྱོད། །མང་པོའི་ནང་ན་བཞུགས་པ་གང་། །དེ་ཁྱོད་ཐུགས་རྗེས་དུས་འདས་པ། །གླགས་ཤིག་ཐོད་ནས་བགྱིད་པར་བས། །དབེན་པའི་བདེ་བ་སྤངས་གྱུར་ཁྱོད། །ཅེས་སྨོས་པ་ལ། དབེན་པ་ནི་འདུ་འཛི་སྤངས་
པའོ། །དེ་ལས་བྱུང་བའི་བདེ་བ་དབེན་པའི་བདེ་བའོ། །དེ་གྱུར་པ་ནི་རྗེས་སུ་མཐུན་པ་གང་ལ་ཡོད་པ་དེ་ནི་དབེན་པའི་བདེ་བ་སྤངས་པར་གྱུར་པ་སྟེ། དེ་ནི་གདུལ་བྱའི་སྐྱེ་བོ་མང་པོས་ཡོངས་སུ་བསྐོར་བའོ། །ཁྱོད་ནི་ཁྱོད་ཀྱིའོ། །འདས་པ་ནི་འདས་པའོ། །དེ་གང་ཡིན་ཞེ་ན། དུས་ནི་མཚན་
མོ་དང་ཉིན་མོ་ལ་སོགས་པའོ། །གླགས་ཤིག་ཐོད་པ་ནི་སྤྲོ་བ་ཐོབ་པའི་ཐུགས་རྗེས་དེ་མཛད་དོ། །ཉིད་བཞེད་པའི་དབེན་པའི་བདེ་བ་སྤངས་ནས་རྒྱུ་མེད་པའི་ཐུགས་རྗེའི་གཞན་དབང་གིས་གཞན་ལ་སྨན་པ་ལ་རྩེ་གཅིག་པས་ཁྱོད་ཀྱི་དུས་འདས་སོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གང་
གི་ཕྱིར་ཐུགས་རྗེས་གླགས་སྐབས་རྙེད་ནས་འདི་མཛད་དམ་ཞེ་ན། བཤད་པ། རིག་པ་ཡིས་ནི་མཚོ་ནང་ནས། །ཀླུ་བཞིན་ཁྱོད་ཀྱང་ཐུགས་རྗེ་ཡིས། །དགོན་པ་ཞི་གནས་གྲོང་གི་མཐར། །གདུལ་བའི་དོན་གྱི་སླད་དུ་དྲངས། །དགོན་པ་ཞི་གནས་གྲོང་གི་མཐར། །ཞེས་བྱ་བ་ལ་སོགས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด