རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སུ་བི་ནི་ཥྭ་ད་སཾ་པུ་ཊ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕ · หน้า 1b
༄༅༅། །རྒྱ་གར་སྐད་དུ། སུ་བི་ནི་ཥྭ་ད་སཾ་པུ་ཊ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
གང་གི་ཞབས་དྲན་ཁོ་ན་ཡིས། །འཁོར་བ་མྱ་ངན་འདས་པར་འགྱུར། །དེ་ཕྱིར་བླ་མ་དམ་པ་ཡུམ། །བདག་ནི་རྟག་པར་ཕྱག་འཚལ་ལོ། །གཅིག་གཉིས་གསུམ་བཞི་ལྔ་དྲུག་བདག །མཁའ་འགྲོ་མ་
ཡི་རང་བཞིན་ཏེ། །དེ་ནི་དགྱེས་པའི་རྡོ་རྗེའི་མཚན། །ཚིག་གི་མེ་ཏོག་ཁོ་བོས་མཆོད། །བག་ཙམ་ཡོངས་གྱུར་འདི་ལྟར་ཆགས་ཅན་ཉམས་སུ་མྱོང་བ་གང་། །མཁའ་མཉམ་རོ་མཉམ་དེ་ནི་བསྒོམས་པས་
ཇི་ཞིག་ལྟར་ཏེ་འབྱུང་། །འདི་ནི་བླ་མ་དམ་པའི་ཞབས་ཀྱི་རྒྱུད་པའི་ཆེ་བའི་བདག་ཉིད་ལས། །གྲུབ་པའི་དགྱེས་རྡོར་རྒྱུད་ནི་ཤིན་ཏུ་དག་པར་བདག་གིས་དབྱེ། །དགྱེས་པའི་རྡོ་རྗེ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཡོངས་སུ་རྫོགས་པའི་རང་བཞིན་འདི་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་བསྟན་པའི་སྒོ་ནས་འགྲོ་བའི་དོན་འགྲུབ་པར་བྱ་བའི་ཕྱིར། ཐེག་པ་ཆེན་པོའི་གསང་སྔགས་ལ་འཇུག་པར་བྱ་སྟེ། འདི་
เล่ม ๕ · หน้า 2a
སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནས། པདྨའི་ལྟེ་བ་ལ་ཡི་གེ་ཨཱའོ་ཞེས་པ་ལ་ཐུག་པས་ཕྱག་བཅུ་དྲུག་པ་ལ་སོགས་པའི་ཧེ་རུ་ཀའི་རྣམ་པར་དག་པའི་ཟུང་འཇུག་བསྟན་པར་བྱ་བས་དེ་ཉིད་ལ་འཇུག་
པར་བྱ་སྟེ། སྒྲ་ཇི་བཞིན་པ་ནི། འདི་སྐད་བདག་གིས་ལ་སོགས་པའོ། །སྒྲ་ཇི་བཞིན་མ་ཡིན་པ་ནི། གང་ཞིག་སྤྱན་མ་ལ་སོགས་པ་སྟེ། དབྱངས་ཡིག་ཡང་དག་པར་སྦྱར་བ་ལས་འདུས་པ་ཅན་དང་། འདུས་པ་ཅན་མ་ཡིན་པའི་
གཞོམ་དུ་མེད་པའོ། །དེ་རྣམ་པར་གཏན་ལ་དབབ་པར་བྱ་བའི་ཕྱིར། གསང་སྔགས་ཀྱི་ཚུལ་ལ་འཇུག་པར་བྱ་སྟེ། སྔགས་ཀྱི་སྒྲ་ནི་དབྱངས་དང་གསལ་བྱེད་ཀྱི་རང་བཞིན་གྱི་ཡི་གེ་གསུམ་ཕོ་དང་མོ་དང་མ་ནིང་གི་ངོ་བོ་ཡི་གེ་ཨ་ལ་
སོགས་པ་དབྱངས་ཡིག་བཅུ་དྲུག་རྣམས་དང་ཡི་གེ་ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་ཏེ། འདི་གཉིས་ཁོ་ན་ལ་ཨཱ་ལི་ཀཱ་ལི་ཞེས་བརྗོད་དོ། །འདི་དག་རེ་རེ་བཞིན་ཡང་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པས་རྡོ་
རྗེ་གསུམ་དང་། འབྱུང་བ་བཞི་དང་ཡེ་ཤེས་ལྔའི་རང་བཞིན་ནོ། །ཐོག་མ་ཁོ་ནར་ཀུན་ནས་སྣང་བའི་མཚན་ཉིད་ཀྱི་འགྲོ་བའི་རང་བཞིན་བརྟན་པ་དང་གཡོ་བའི་ངོ་བོ་མ་རིག་པའི་རྐྱེན་གྱིས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན། བསྐྱེད་
เล่ม ๕ · หน้า 2b
པའི་རིམ་པ་དང་། རྫོགས་པའི་རིམ་པ་ཐ་མི་དད་པའི་སྐུ་རྡོ་རྗེ། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡི་གེ་ཨོཾ་ཆོས་ཐམས་ཅད་ཀྱི་བདག་པོར་བསྟན་པར་བྱའོ། །འདི་ཇི་ལྟར་ཞེ་ན། གསང་སྔགས་ཐམས་ཅད་ཀྱི་ཚིག་ལ། དང་པོར་ཡི་གེ་ཨོཾ་དང་མཐར་སྭཱ་ཧཱའོ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །
ཡི་གེ་ཨོཾ་གྱི་དོན་ཉིད་རྣམ་པར་དབྱེ་བར་བྱ་སྟེ། །ཨ་ནི་བདག་མེད་མ་ཞེས་བཤད། །ཨུ་ཡིག་རྡོ་རྗེ་མཁའ་འགྲོ་མ། །མ་ཡིག་མི་བསྐྱོད་རྡོ་རྗེ་བ། །ཨོཾ་ནི་རྡོ་རྗེ་གསུམ་ཞེས་བཤད། །ཡི་གེ་ཨ་ནི་གསུང་ཞེས་བཤད། །ཡི་གེ་ཨུ་ནི་སྐུ་རུ་བརྗོད། །མ་ཡིག་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོར་གསུམ་གཅིག་པའི་
རང་བཞིན་ཨོཾ། །ཡི་གེའི་དང་པོར་གྱུར་པའི་ཕྱིར། །ཡི་གེའི་གཙོ་བོ་ཞེས་སུ་བཤད། །དེ་ཕྱིར་ཨཱ་ལི་ཀཱ་ལི་གཉིས། །ཐབས་དང་ཤེས་རབ་ཞེས་བྱར་བཤད། །དབྱངས་ཡིག་བཅོ་ལྔ་ཨ་ཡིག་སོགས། །ཤེས་རབ་ཏུ་ནི་རབ་ཏུ་གྲགས། །གང་ཞིག་དབང་པོ་ལྔ་རྣམས་དང་། །ཡུལ་དང་ཤེས་
པ་ལྔ་ཡང་སྟེ། །རྡོར་གསུམ་མི་ཕྱེད་ཐ་དད་ཕྱིར། །ཨོཾ་ནི་རྡོ་རྗེ་གསུམ་ཞེས་བཤད། །ཀ་ཡི་སྡེ་ཚན་ལྔ་ལྔར་བཤད། །རྟག་པ་ལ་སོགས་དེ་བཞིན་གཤེགས། །ཉི་ཤུ་རྩ་ལྔའི་དབྱེ་བས་དེ། །རེ་རེ་རྟག་པ་ལ་སོགས་ཏེ། །དབང་པོ་ལ་སོགས་ཆ་ལས་ན། །དེ་ཡང་རྣམ་པ་བཅོ་ལྔར་བཤད། །ཡ་ར་ལ་
ནས་ཝ་ཡི་མཐར། །རླུང་དང་མེ་དང་ས་དང་ཆུ། །རེ་རེའང་བཞི་ཡི་བདག་ཉིད་ཕྱིར། །དབྱངས་ནི་བཅུ་དྲུག་སྟོང་པ་ཉིད། །ཤ་ཥ་ས་རྣམས་སྐུ་གསུང་ཐུགས། །ཡི་གེ་ཧ་ནི་སྲིད་གསུམ་གནས། །ཡི་གེ་ཀྵ་ཡིས་ཀཱ་ལི་བསྡུས། །ཡི་གེ་ཨཱས་ནི་ཨཱ་ལི་བསྡུས། །ཀྵ་ཡིག་མི་ཕྱེད་རྟོགས་པ་ལས། །
གཉི་ག་བསྡུས་པ་རབ་ཏུ་བཤད། །བདག་མེད་མཁའ་འགྲོ་མ་ཡི་བདག །མཁའ་འགྲོ་མ་ཡི་དཀྱིལ་འཁོར་གནས། །དེ་བས་རྡོར་སོགས་མཁའ་འགྲོ་མ། །བདག་མེད་མ་དང་དབྱེར་མེད་སོན། །བདག་མེད་མ་ནི་ཐབས་བདག་པས། །དེ་ཕྱིར་དེ་ཡང་ཐབས་དང་འདྲ། །དེ་ཕྱིར་དབྱེར་མེད་
དཀྱིལ་འཁོར་བས། །འདིར་ནི་གཉི་ག་ཐེ་ཚོམ་མེད། །རྣམ་སྣང་ལ་སོགས་ཀྱང་དེ་ལྟར། །དེ་ཡང་མི་བསྐྱོད་པ་ཡི་བདག །དེ་ཕྱིར་མི་བསྐྱོད་པ་ལྟ་བུར། །དེ་ཀུན་དཀྱིལ་འཁོར་གཙོ་བོ་ཡིན། །མཁའ་འགྲོ་མས་ནི་མི་བསྐྱོད་བདག །དེ་ཕྱིར་ཤེས་རབ་བདག་ཉིད་དེ། །གཉིས་པོ་གཉིས་ཀར་
เล่ม ๕ · หน้า 3a
དབྱེར་མེད་པས། །དབྱེར་མེད་དཀྱིལ་འཁོར་གཉིས་ཡིན་ནོ། །དེ་ནས་ཡི་གེ་རེ་རེ་ཡིས། །དཀྱིལ་འཁོར་རེ་རེར་འགྱུར་བ་ཡིན། །དེ་ལྟ་བས་ན་འདི་ཀུན་ཉིད། །ནཱ་དའི་ཚུལ་གྱིས་དཀྱིལ་འཁོར་ཡིན། །ཨཱ་ལི་ཀཱ་ལིའི་དཀྱིལ་འཁོར་ཞེས། །མི་ཕྱེད་པ་ལས་ཁ་སྦྱོར་ཡིན། །
གང་ཕྱིར་ཨཱ་ལི་ཀཱ་ལི་ཡི། །རང་བཞིན་དཀྱིལ་འཁོར་རབ་ཏུ་བསྟན། །ཡི་གེ་རེ་རེ་ཉིད་ཀྱིས་ཀྱང་། །གང་ཞིག་དཀྱིལ་འཁོར་བསྟན་པས་ན། །དེ་ཕྱིར་ཡི་གེ་གཅིག་དང་ནི། །དུ་མའང་ཐ་དད་མེད་པ་ཉིད། །དེ་བས་འདི་རུ་གང་འགའ་ཞིག །ཡི་གེའི་དཀྱིལ་འཁོར་ཞེས་བྱ་བ། །ཡི་གེའི་དཀྱིལ་
འཁོར་དེ་ཉིད་ཀྱིས། །སྲིད་གསུམ་རབ་ཏུ་འགྲུབ་པར་འགྱུར། །སྲིད་གསུམ་མི་ཕྱེད་པར་རྟོགས་པ། །སྔགས་ཀྱི་དེ་ཉིད་ཞེས་སུ་བཤད། །དེ་ལྟར་སྐུ་དང་གསུང་དང་ཐུགས། །ནཱ་ད་གཅིག་ཏུ་མངོན་པར་བརྗོད། །སྐུ་དང་གསུང་དང་ཐུགས་འདི་ཉིད། །སྐུ་ཞེས་བྱ་བར་ཡང་དག་གནས། །ཐུགས་
གསུང་སྐུ་ཡི་རང་བཞིན་ཡང་། །ཐུགས་ཞེས་བྱ་བར་ངེས་པར་ཡིན། །ཐབས་ནི་མཐའ་ཡས་པ་ཡི་ཕྱིར། །ཤེས་རབ་ཀྱང་ནི་མཐའ་ཡས་ཉིད། །སྲིད་གསུམ་དེ་རང་བཞིན་ཤེས་ན། །སྐྱེ་བ་འདི་ལ་འགྲུབ་པར་འགྱུར། །དེ་ཉིད་ལ་ལར་འཇིག་རྟེན་པས། །སྒྲ་དོན་རབ་ཏུ་བརྟགས་པ་གང་། །དེ་
ཉིད་དོན་གྱི་བརྡ་ཉིད་དུ། །བྱང་ཆུབ་ཕ་རོལ་སོན་པས་གསུངས། །ལ་ལར་དོན་གྱི་བརྡར་བཏགས་པ། །དངོས་པོས་ཀྱང་ནི་རྣམ་པར་བསྟན། །དེ་ཕྱིར་དངོས་པོ་དོན་འདི་དག །གང་ཡང་སྒྲ་ཡིས་ངེས་པ་ཡིན། །ཡང་ན་སྒྲ་དང་དོན་འདི་ཉིད། །དངོས་པོ་ཡིས་ནི་ཡོངས་སུ་བརྟགས། །ཡང་ན་དངོས་པོ་དང་ནི་
བརྡ། །ལ་ལར་དོན་གྱི་དབང་གིས་བརྟགས། །དེ་ལྟར་དངོས་པོ་དང་ནི་སྒྲ། །གཉི་གར་དོན་དང་ཐ་དད་མེད། །སྒྲ་དང་དངོས་པོ་གཉིས་དེ་བཞིན། །གཉི་གར་དོན་དང་ཐ་དད་མེད། །དེ་ཕྱིར་དོན་དང་སྒྲ་གཉིས་ནི། །དངོས་པོ་ཉིད་དང་ཐ་དད་མེད། །དེ་བས་སྒྲ་དང་དོན་གཉིས་ཀྱང་། །དངོས་པོ་ཉིད་དང་ཐ་དད་
མེད། །དེ་བཞིན་དོན་དང་དངོས་པོ་གཉིས། །སྒྲ་ཉིད་ལས་ནི་ཐ་དད་མེད། །དེ་ལྟར་དངོས་པོ་དང་ནི་དོན། །སྒྲ་ཉིད་ལས་ནི་ཐ་དད་མེད། །གང་ཕྱིར་དེ་གསུམ་དབྱེར་མེད་པར། །ལུགས་འབྱུང་ལུགས་ལས་བཟློག་པ་ཉིད། །བླ་མ་དམ་པའི་བཀའ་དྲིན་དང་། །དད་དང་ཤེས་རབ་རྣོན་པོ་ནི། །མེད་པར་
เล่ม ๕ · หน้า 3b
དགྱེས་པའི་རྡོ་རྗེའི་རྒྱུད། །དོན་ནི་སུ་ཡིས་རྟོགས་པར་ནུས། །དེ་བས་སྟོན་པ་ཉིད་ཀྱིས་སུ། །འདི་སྐད་ཀྱི་ནི་ཚིག་གསུངས་སོ། །རྒྱུད་ཀུན་གྱི་ནི་ཚུལ་ཤེས་ནས། །ཕྱི་ནས་དགྱེས་པའི་རྡོ་རྗེ་བརྩམ། །དེ་ཡང་ཐོག་མ་ཉིད་དུ་རྡོ་རྗེའི་སྙིང་པོས་ཞུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་ནི་
སྙིང་རྗེ་ཆེན་པོ་སྟེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་པའོ། །དེ་ལ་ཧེ་ནི་སྙིང་རྗེ་ཆེན་པོ་སྟེ་ཞེས་པ་ནི། ཧེའི་སྒྲས་འཇིག་རྟེན་པས་གང་ལ་སྙིང་རྗེ་ཆེན་པོའི་དོན་བརྗོད་པ་དེ་སྲིད་དུ་མི་སྣང་ངོ་། །དེ་ལྟ་བས་ན་ཆ་དང་
བཅས་པ་དང་། ཆ་མེད་པའི་རང་བཞིན་གྱི་དངོས་པོ་གཉིས་ཁོ་ན་སྐྱེས་པ་དང་བུད་མེད་ཀྱི་རང་བཞིན་གྱི་ཡི་གེ་ཧ་དང་ཡི་གེ་ཨེའི་ནཱ་ད་གཉིས་ཀྱི་བདག་ཉིད་ཅན་གྱི་སྒྲས་སྙིང་རྗེ་ཆེན་པོའི་དོན་བསྟན་ཏོ། །སྙིང་རྗེ་ཞེས་བྱ་བ་ནི་འགྲོ་བའི་དོན་ལ་འཇུག་པའོ། །དེའི་ཡང་ཆེན་པོར་གྱུར་པ་གང་ལས་ཤེ་ན།
བདག་མེད་མས་སླར་ཟིན་པའི་ལས་སོ། །དེ་ལྟ་མ་ཡིན་ན་དམིགས་པ་དང་བཅས་པའི་ལྟ་བ་དེས་ཉན་ཐོས་རྣམས་བཞིན་དུ་ཉི་ཚེ་བར་གནས་པས་རབ་དམན་པས་སྦྱིན་པ་ལ་སོགས་པའི་རང་བཞིན་གྱི་སྙིང་རྗེར་འགྱུར་རོ། །དེ་བས་ན་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་ལ་སོགས་པ་ནི་སྙིང་རྗེ་ཆེན་
པོའི་དོན་དུ་བསྟན་པས་ན་སྙིང་རྗེ་ཆེན་པོའི་དོན་ཏོ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་བྱ་བ་ནི། བཛྲའི་སྒྲས་ཀྱང་ཤེས་རབ་བསྟན་པ་གང་ལས་ཡིན། དེ་ཡང་ཤེས་རབ་ཅེས་བྱ་དོན་གང་ལས་བསྟན་ཅེ་ན། མི་ཕྱེད་རྡོ་རྗེ་ཞེས་བཤད་ཅེས་བྱ་བའི་ཚིག་གིས་སོ། །ཇི་ལྟར་རྡོ་རྗེ་ཅིས་ཀྱང་
ཕྱེད་པར་མི་ནུས་པ་དེ་བཞིན་དུ་ཤེས་རབ་གསལ་བའི་རབ་ཀྱི་ཡེ་ཤེས་འདི་ཡང་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པ་འདི་ནི་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཞེས་བརྗོད་དོ། །དེ་བཞིན་ཉིད་དུ་བླ་མའི་དུས་ཚིགས་ཀྱི་རིམ་པ་ལས་རྟོགས་པར་བྱ་སྟེ། ཐེག་པ་ཆེན་པོའི་གསང་སྔགས་མངོན་པར་གསལ་བར་བྱ་བའི་ཕྱིར་
བླ་མའི་རིམ་པ་ཉིད་ལ་འཇུག་པར་བྱ་སྟེ། ཡི་གེ་ཨ་ནི་ཐུགས་ཞེས་བཤད། །ཡི་གེ་ཐམས་ཅད་གཅིག་ཏུ་བསྡོམས། །ཡི་གེ་ཨི་ནི་གསུང་ཞེས་བཤད། །ཡི་གེ་ཨུ་ནི་སྐུ་ཡིན་ནོ། །རྡོར་གསུམ་རྡོ་རྗེའི་རྣལ་འབྱོར་འཁྲུངས། །དེ་ལྟར་ཡི་གེ་གསུམ་ཞེས་བྱ། །ཨེ་ཡིག་ཐུགས་དང་གསུང་
เล่ม ๕ · หน้า 4a
གི་ཚུལ། །སྐུ་དང་ཐུགས་སུ་བཾ་བྱ་སྟེ། །ཨེ་ནི་ཤེས་རབ་བཾ་ནི་ཐབས། །གང་ཕྱིར་དེ་ལྟར་རྡོར་གསུམ་ཉིད། །རྡོ་རྗེ་གསུམ་ནི་གཉིས་ཀྱིས་བསྐྱེད། །རྣམ་པར་ཕྱེ་བས་ས་དང་མེ། །འདི་གཉིས་རྡོ་རྗེ་གསུམ་གྱི་ནི། །སྔོན་དུ་སྦྱར་བས་བསྐྱེད་པ་ཡིན། །སྐུ་དང་གསུང་
གི་སྔོན་དུ་ནི། །ཐུགས་ནི་སྦྱར་བས་རླུང་དང་ཆུ། །གཉིས་ཉིད་རྡོ་རྗེ་གསུམ་དུ་འགྱུར། །འབྱུང་བཞི་ནམ་མཁའ་དང་བསྲེས་པ། །ཡེ་ཤེས་ལྔ་ཞེས་རབ་ཏུ་བཤད། །ལྔ་ལྔ་གཅིག་ལའང་ཡང་དག་ལྡན། །དྲུག་ལྔ་རིགས་གསུམ་ཤེས་པར་བྱ། །རིགས་གཅིག་གྲངས་ནི་མེད་པ་ཅན། །
གྲངས་མེད་རིགས་གཅིག་དང་ནི་གསུམ། །ལྔ་དང་དྲུག་པ་ཉིད་དང་ནི། །འདི་ནི་བཅོ་ལྔའི་བདག་ཉིད་འགྱུར། །དྲུག་པོ་དོར་བས་དགུ་ཡི་བདག །གཉིས་པོ་འདི་ནི་གཉིས་མེད་ཉིད། །གཉིས་སུ་སྣང་བ་རྟོག་པ་ཡིན། །བསྐྱེད་བྱ་སྐྱེད་བྱེད་ཡོད་མ་ཡིན། །སྐྱེད་བྱེད་ལ་ཡང་བསྐྱེད་བྱ་མེད། །
འདི་དག་ཐམས་ཅད་སྐྱེ་བ་མེད། །མཚན་མ་མེད་ཅིང་བདག་མེད་ཅན། །ཆོས་དེ་མེད་པས་སེམས་ཀྱང་མེད། །སྣང་བ་མེད་ཅིང་བདག་མེད་པ། །འདི་ནི་སངས་རྒྱས་བྱང་ཆུབ་མཚུངས། །བསམ་གྱིས་མི་ཁྱབ་ནམ་མཁའ་འདྲ། །དེ་ལྟར་གསང་སྔགས་ཐེག་ཆེན་འདི། །རིམ་པ་ཤིན་ཏུ་རྙེད་
པར་དཀའ། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །གང་ཚེ་དགྱེས་རྡོར་ཁོང་དུ་ཆུད། །གཞན་དུ་བསྐལ་པ་བྱེ་བ་ནི། །བརྒྱས་ཀྱང་དེ་ཉིད་རྟོགས་མི་འགྱུར། །དེ་ཉིད་ཡེ་ཤེས་བྲལ་གྱུར་ན། །མཆོག་གི་དངོས་གྲུབ་ཐོབ་མི་འགྱུར། །དེ་བས་གང་འདི་དྲན་པ་ཉམས་པའི་འཇིགས་པ་ཡིས། །བདག་
གི་བླ་མ་རྣམས་ཀྱི་རིམ་པའི་དོན་ཅུང་ཟད། །འབད་པས་ཐོབ་ནས་ཤིན་ཏུ་ཕུལ་དུ་བྱུང་བར་བསམས། །རྣམ་པར་བསྒོམས་ནས་སྟོན་པ་རྣམས་ལ་འདི་ཡིས་མཆོད། །འདི་ལས་མ་ལུས་འགྲོ་བའི་དོན་བྱེད་གཏེར་དུ་གྱུར་པ་ནི། །ཡང་དག་བདག་ཉིད་སྲིད་གསུམ་བཟློག་པ་རྡོ་རྗེའི་སྙིང་པོ་སྟེ། །དགྱེས་
པའི་རྡོ་རྗེའི་རྒྱུད་ཀྱི་ཆེ་བ་སོ་སོར་སྣང་བའི་ཡིད། །གཏི་མུག་རབ་རིབ་ཅེས་བྱ་འདི་ལྟའི་གོ་སྐབས་ག་ལ་ཡོད། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རང་བཞིན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོ་དག་འགྲོ་བ་འཇུག་པའི་མཚན་ཉིད་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་གྱུར་པ་གསུངས་པ། འདི་
เล่ม ๕ · หน้า 4b
སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བའོ། །འདི་ཉིད་མ་ལུས་པ་རྟོགས་པར་བྱེད་པའི་རང་བཞིན་རྣམས་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པའི་བྱང་ཆུབ་ཀྱི་རྒྱུ་བསྒྲུབ་པར་
བྱ་བ་ནི་སྤྱིའི་དོན་ཏོ། །འབྲས་བུར་གྱུར་པ་ཕྱག་བཅུ་དྲུག་པ་ལ་སོགས་པའི་རང་བཞིན་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་མངོན་པར་བསྟན་པར་བྱ་སྟེ། དེ་ལ་ཡི་གེ་ཨེ་ལ་སོགས་པ་བཞིས། །དང་པོར་ཞབས་ནི་བཞི་པ་ཉིད། །ཡི་གེ་
སྲུ་སོགས་བརྒྱད་ཀྱིས་ཀྱང་། །ཞལ་བརྒྱད་དེ་ཡི་རྗེས་ཐོགས་སུ། །བྷ་སོགས་བཅུ་དྲུག་གིས་ཀྱང་ནི། །ཕྱག་ནི་བཅུ་དྲུག་བརྒྱན་པ་ཉིད། །ཡི་གེ་ཡོ་སོགས་བརྒྱད་ཀྱིས་ཀྱང་། །སྤྱན་ནི་ཉི་ཤུ་རྩ་བཞིས་ཕྱུག །ཡི་གེ་ར་ཞེས་བྱ་བ་ནི། །དགྱེས་རྡོར་སུམ་ཅུ་རྩ་དྲུག་ལྡན། །ཇི་ལྟར་བདེ་མཆོག་
དཔའ་མོ་དཔའ། །སུམ་ཅུ་རྩ་གཉིས་འདུས་པ་སྟེ། །དེ་ལྟར་གཉིས་མེད་རྣལ་འབྱོར་གྱིས། །ཁ་སྦྱར་བས་ནི་རྣམ་པར་གནས། །དཔའ་བོ་བདག་མེད་མ་ལ་ཆགས། །འགྲོ་བའི་བླ་མ་འདི་ལ་འདུད། །དེ་ལྟ་བས་ན་རྒྱུད་ཀུན་གྱི། །འདི་ནི་གླེང་གཞིའི་ཚིག་ཡིན་ནོ། །རྒྱུད་ཐམས་ཅད་ཀྱི་གླེང་
གཞི་ཞེས་བྱ་བའི་སྒྲ་ཡིས་ཐམས་ཅད་ནི་མ་ལུས་པ་སྟེ། སྣོད་ཀྱི་འཇིག་རྟེན་པའི་སེམས་ཅན་གྱི་རང་བཞིན་བརྟན་པ་དང་གཡོ་བ་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱུད་ནི་བྱེ་བྲག་ཏུ་རྟོགས་པར་བྱེད་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་གླེང་གཞི་ནི་དང་པོའི་རྒྱུ་སྟེ། དེ་ལྟ་བུར་གྱུར་
པའི་རྒྱུ་མཚན་འདི་ཡིན་ནོ། །བཞུགས་སོ་ཞེས་བྱ་བའི་ཚིག་གིས་བྱ་བ་དང་། སྤྱོད་པའི་རྒྱུད་ཉིད་ཀྱི་བདག་ཉིད་དོ། །ཨེ་ཝཾ་མ་ཡའི་ཡི་གེ་བཞི་ནི་རེ་རེའང་རྡོ་རྗེ་གསུམ་དང་ལྡན་པ་སྦས་པ་གཉི་གའི་དཀྱིལ་འཁོར་གྱི་རང་བཞིན་དེ་ལྟ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་
ཀྱི་ངོ་བོ་ཡིན་ནོ། །རེ་རེའང་རྡོ་རྗེ་གསུམ་གྱི་རང་བཞིན་པོ་ཡིན་པས་བཞི་རྣམས་འབྱུང་བ་བཞིའི་བདག་ཉིད་ཡིན་པ་དེས་ཀྱང་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པ་ཡིན་ནོ། །ཡང་ན་རྒྱུད་ཐམས་ཅད་ཀྱི་སྒྲས་
เล่ม ๕ · หน้า 5a
ནི་རྒྱུད་བཞི་སྟེ། དེ་ལ་བྱ་བ་དང་སྤྱོད་པའི་རྒྱུད་ནི། དགོད་པར་བཤད་དོ། །དེ་ལ་བཞུགས་སོ་ཞེས་བྱ་བའི་ཚིག་ཉིད་ཀྱིས་མངོན་པར་གསལ་བ་ཉིད་དོ། །རྣལ་འབྱོར་གྱི་རྒྱུད་ནི་ཡང་བལྟ་བར་མངོན་པར་བསྟན་ཏོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་ལག་པ་བཅངས་
པ་ཞེས་བྱའོ། །རྣལ་འབྱོར་གོང་ན་མེད་པའི་རྒྱུད་ནི་གཉིས་གཉིས་སྤྲད་པ་ཞེས་བྱ་བ་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་འདི་རྣམས་ནི། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་བརྡ་སྣ་ཚོགས་ཀྱིས་དོན་བསྟན་པ་དོན་གཅིག་པ་ཡིན་པར་བསྡུས་སོ། །རྣལ་འབྱོར་བླ་ན་མེད་
པའི་རྒྱུད་དུ་ནི། །གསང་བ་མཆོག་གིས་དགྱེས་པ་ནི། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །ཅེས་པའོ། །རྣལ་འབྱོར་གོང་ན་མེད་པར་ཡང་། །གཞན་ནི་འབུས་ཟོས་སྙིང་པོ་མེད། །ཅེས་པ་སྟེ་
གཉིས་ཀྱིས་གཉིས་སྤྲད་པའི་རྒྱུད་དུ་ཡང་ངེས་པའི་དོན་ཉིད་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་གཉིས་གཉིས་སྤྲད་པའི་རྒྱུད་དུ་ཡང་ངེས་པའི་དོན་ཉིད་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་གཉིས་གཉིས་སྤྲད་པའི་རྒྱུད་དང་མི་འདྲ་བ་མེད་པར་མངོན་
པར་གསལ་བ་ཡིན་ནོ། །གསང་བ་ལ་སོགས་པའི་དོན་དང་གཞན་ནི་འབུས་ཟོས་ཞེས་བྱ་བ་ལ་སོགས་པའི་དོན་གྱི་ཁོངས་སུ་གཏོགས་པ་ཡིན་ཏེ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་ངག་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་གླེང་གཞི་ཡིན་ནོ། །ཇི་ལྟར་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་དེ་བཞིན་དུ་གཉིས་གཉིས་སྤྲད་པ་ཞེས་བྱ་བའི་ཁོངས་སུ་རྒྱུད་ཀུན་འདུས་པ་ཡིན་ནོ། །ཀུན་མཁྱེན་གསུམ་གྱི་རང་བཞིན་དགྱེས་པའི་རྡོ་རྗེ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱེད་པའི་ངེས་པ་གསུངས་པ། ཡི་གེ་ཨེ་ནི་ས་རུ་
བཤད། །ལས་ཀྱི་ཕྱག་རྒྱ་སྤྱན་མ་སྟེ། །འགྲོ་བའི་དོན་ལ་རབ་འཇུག་ཕྱིར། །འདི་ནི་མི་སོགས་རང་བཞིན་ཉིད། །དེ་ནི་སྙིང་རྗེ་ཆེ་ཞེས་བཤད། །ཐབས་ཆེན་པོ་ཡི་རང་བཞིན་ཅན། །འདི་ནི་དེ་བཞིན་གཤེགས་པའི་རིགས། །པད་འདབ་དྲུག་ཅུ་རྩ་བཞི་པ། །སྤྲུལ་པར་ཞུགས་པའི་ལྷ་མོ་ནི། །ཀུན་
เล่ม ๕ · หน้า 5b
རྫོབ་རྣམ་པའི་ཚུལ་ཅན་ཏེ། །ཕུང་པོ་ལྔ་ནི་གཅིག་པའི་སྐུ། །སྒྱུ་མ་ཆེན་མོ་ཞེས་སུ་བཤད། །བཾ་ཡིག་ཆུ་རུ་རབ་ཏུ་བཤད། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །ཨཱ་ལི་ཀཱ་ལིའི་རང་བཞིན་གྱིས། །བྱང་ཆུབ་སེམས་ཀྱི་རང་བཞིན་ཅན། །ཟླ་བ་ཉི་མ་གཅིག་ཚུལ་གྱིས། །ཐབས་དང་ཤེས་རབ་སྡོམ་པ་
གཅིག །བྱམས་དང་སྨོན་ལམ་ཚུལ་ཅན་ཏེ། །ལྷ་མོ་རྡོ་རྗེའི་རིགས་རྗེས་འགྲོ། །སྙིང་ག་ཆོས་ཀྱི་འཁོར་ལོར་ནི། །ཆུ་སྐྱེས་འདབ་མ་བརྒྱད་པར་ཞུགས། །ཡི་གེ་མ་ནི་མེ་རུ་བཤད། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་བ་སྟོབས་ཀྱི་རྣལ་འབྱོར་གྱི། །ལྷ་མོ་པདྨའི་རིགས་སུ་བྱུང་། །
ཟླ་བ་ཉི་མ་ཡང་དག་སྦྱོར། །དེ་ཡི་མྱོང་བའི་ཚུལ་ཅན་ཏེ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །ཆུ་སྐྱེས་བཅུ་དྲུག་འདབ་མར་གནས། །ཡཱ་ཡིག་རླུང་གི་ཁམས་སུ་འགྱུར། །དམ་ཚིག་ཕྱག་རྒྱ་སྒྲོལ་མ་སྟེ། །བཏང་སྙོམས་ཡེ་ཤེས་ཚུལ་ཅན་ལས། །དེ་ཡང་ལས་ཀྱི་རིགས་རྗེས་སོང་། །
དེ་བཞིན་གཤེགས་པ་འདུས་པ་ཡིས། །དོགས་པ་ཐམས་ཅད་རྣམ་པར་བྲལ། །བདེ་བ་ཆེན་པོའི་འཁོར་ལོ་ནི། །སྤྱི་བོའི་གཙུག་ན་རྟག་ཏུ་བཞུགས། །རྩ་ཡི་འཁོར་ལོ་རྣམ་དག་པ། །ཆུ་སྐྱེས་འདབ་མ་སུམ་ཅུ་གཉིས། །དེ་ལྟར་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཀྱི་སྐུ་ཅན་གྱི་ཡི་གེ་
བཞི་པོ་ལས་དང་ཆོས་དང་། ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་བཞིའི་རང་བཞིན། སྙིང་རྗེ་ཆེན་པོ་དང་ཐབས་ཆེན་པོའི་ངོ་བོ། བྱམས་པ་དང་། སྨོན་ལམ་གྱི་རང་བཞིན་དགའ་བ་དང་། སྟོབས་ཀྱི་བདག་ཉིད། བཏང་སྙོམས་དང་ཡེ་ཤེས་ཀྱི་དངོས་པོ། ཚད་མེད་པ་བཞི་བསྒོམ་པ་དང་
ཐ་མི་དད་པ་ལྟེ་བ་དང་། སྙིང་ག་དང་མགྲིན་པ་དང་། སྤྱི་བོའི་རང་བཞིན་སྤྲུལ་པ་དང་། ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོ་རྣམས་རིམ་པར་པདྨ་འདབ་མ་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་ཏེ་བཞི་པོ་རྣམས་ལ་བཞུགས་པ་ཡིན་ནོ། །འདི་
ཉིད་ལས་འཁོར་ལོ་གཉིས་གཉིས་ཨེ་དང་ཝཾ་གྱི་རང་བཞིན་ཏེ། དེ་ཇི་ལྟར་ཞེ་ན། སྟེང་དང་འོག་ཏུ་མཉམ་སྦྱར་བས། །ཐབས་དང་ཤེས་རབ་རང་བཞིན་ལས། །ཡི་གེ་ཨེ་ནི་ཤེས་རབ་འགྱུར། ཝཾ་ནི་ཐབས་སུ་བྱ་བ་ཡིན། །འདི་ཡང་ཡི་གེ་ཝཾ་གྱིས་བརྒྱན། །ཡི་གེ་ཨེ་ཡིས་ངེས་པར་
เล่ม ๕ · หน้า 6a
མཛེས། །ཡི་གེ་ཝཾ་གྱིས་སྙིང་གར་མགྲིན། །བླ་མེད་ཆེན་པོར་བརྒྱན་པ་ཡིན། །ཡི་གེ་ཨེས་ནི་མགོ་དང་ལྟེར། །བརྒྱན་པ་ཕན་ཚུན་ཁ་སྦྱོར་ཡིན། །སངས་རྒྱས་ལྔ་ཡི་བདག་ཉིད་སྐུ། །ཡི་གེ་ཨེ་ནི་པདྨར་བརྗོད། །ཝཾ་ནི་རྡོ་རྗེ་ཞེས་བྱར་བཤད། །དེ་ནི་ཐབས་སུ་
འགྱུར་བ་སྟེ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཆོས་དང་སྤྲུལ་པའི་འཁོར་ལོའི་བདག །ལོངས་སྤྱོད་འཁོར་ལོས་སྦྱར་བ་ལས། །བདེ་བ་ཆེན་པོའི་འཁོར་ལོར་འགྲོ། །དེ་ལྟར་ཐམས་ཅད་བཞི་བཞིའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཞན་ཡང་གསུངས་པ། །ཨེ་ཡི་ཆ་བྱད་བཟང་པོ་གང་། །
དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེ་ལྟ་བུར་ནི་རྒྱུད་གསུངས་པ། །ཁམས་གསུམ་དག་ནི་མ་ལུས་པ། །ཁམས་གསུམ་གྱི་ནི་ཡེ་ཤེས་ཆེ། །འབྱུང་བ་བཞི་ཡི་རང་བཞིན་ཅན། །དབྱངས་ཡིག་སྦྱར་བ་ལ་བརྟེན་ནས། །ཉི་མ་
ཟླ་བའི་རང་བཞིན་ཉིད། །རྣམ་ཤེས་ཚོར་བའི་ཕུང་པོ་ནི། །རང་བཞིན་མི་བསྐྱོད་རིན་ཆེན་བདག །བདག་མེད་གཽ་རཱི་སྦྱར་བ་ལས། །ཡེ་ཤེས་ལྔ་དང་གསུམ་རྟེན་ལས། །ཡེ་ཤེས་བཅོ་ལྔའི་རང་བཞིན་ཅན། །ཡི་གེ་ཨེ་ནི་ས་རུ་འདོད། །གཞོམ་དུ་མེད་པའི་ཡེ་ཤེས་ཆེ། །དབྱངས་ཡིག་འདུས་
པར་རབ་ཏུ་གནས། །ཐབས་དང་ཤེས་རབ་ཡང་དག་ལྡན། །རྡོ་རྗེ་གསུམ་ནི་བཞི་ཡི་བདག །འབྱུང་བ་ལྔ་ཡི་ཡེ་ཤེས་ཆེ། །ཁ་སྦྱོར་བས་ན་དགུ་ཡི་བདག །འདི་ནི་དཀྱིལ་འཁོར་གཉིས་བདག་ཉིད། །ཡི་གེ་ཨེ་ནི་སྤྱན་མར་འདོད། །དབྱངས་ཡིག་སྦྱར་བ་ལ་བརྟེན་ནས། །ཨཱ་ལི་ཀཱ་ལིའི་རང་
བཞིན་ཉིད། །འདུ་བྱེད་ཕུང་པོ་རྣམ་པར་ཤེས། །རང་བཞིན་དོན་ཡོད་རྡོ་རྗེ་བདག །མཁའ་འགྲོ་མ་ནི་མཁའ་སྤྱོད་སྦྱར། །ཡེ་ཤེས་ལྔ་དང་གསུམ་རྟེན་ལས། །བཅོ་ལྔའི་རང་བཞིན་ཡེ་ཤེས་ཏེ། །ཡི་གེ་ཝཾ་ནི་ཆུ་རུ་བཤད། །གཞོམ་དུ་མེད་པའི་ཡེ་ཤེས་ཆེ། །དབྱངས་འདུས་པ་ནི་ཡང་དག་གནས། །
ཐབས་དང་ཤེས་རབ་ཡང་དག་ལྡན། །རྡོ་རྗེ་གསུམ་དང་བཞི་ཡི་བདག །འབྱུང་བ་ལྔ་ཡི་ཡེ་ཤེས་ཆེ། །ཁ་སྦྱོར་གྱིས་ན་དགུ་ཡི་བདག །དེ་ལྟར་དཀྱིལ་འཁོར་གཉིས་ཀྱི་བདག །ཝཾ་ཡིག་མཱ་མ་ཀཱི་རུ་འདོད། །དབྱངས་ཡིག་ལྡོག་པ་ལ་བསྟེན་ནས། །མཁའ་འགྲོ་རྡོ་རྗེ་སྦྱར་བ་ལས། །རྣམ་ཤེས་
เล่ม ๕ · หน้า 6b
ཕུང་པོ་ལ་བརྟེན་ཏེ། །ལྷ་མོའི་འཁོར་ལོ་བསྒོམ་པ་ལས། །ཡེ་ཤེས་བཅོ་ལྔའི་རང་བཞིན་ཏེ། །ཡི་གེ་མ་ནི་མེ་རུ་བཤད། །གཞོམ་དུ་མེད་པའི་ཡེ་ཤེས་ཆེ། །དབྱངས་ཡིག་མེད་པར་ཡང་དག་གནས། །ཐབས་དང་ཤེས་རབ་ཡང་དག་ལྡན། །རྡོ་རྗེ་གསུམ་དང་བཞི་ཡི་བདག །འབྱུང་བ་ལྔ་
ཡི་ཡེ་ཤེས་ཆེ། །ཁ་སྦྱོར་བས་ན་དགུ་ཡི་བདག །འདི་ལྟར་ལྷ་མོའི་འཁོར་ལོའི་དངོས། །དེ་ལྟར་དེ་བཞིན་གཤེགས་པའི་གནས། །གཉི་ག་དབྱེར་མེད་རྫོགས་སངས་རྒྱས། །མ་ཡིག་གོས་དཀར་མོ་རུ་བཤད། །དབྱངས་ཡིག་སྦྱོར་བ་ལ་བརྟེན་ནས། །ཨཱ་ལི་ཀཱ་ལི་རབ་ཏུ་སྦྱར། །མིང་དང་གཟུགས་
སུ་མངོན་བརྗོད་བདག །འདོད་ཆགས་གཏི་མུག་རང་བཞིན་བདག །ཆུ་མ་རྡོ་རྗེ་མཉམ་སྦྱོར་ལས། །ཡེ་ཤེས་ལྔ་དང་གསུམ་རྟེན་ཉིད། །ཡེ་ཤེས་བཅོ་ལྔའི་རང་བཞིན་ཅན། །ཡི་གེ་ཡཱ་ནི་རླུང་དུ་བཤད། །གཞོམ་དུ་མེད་པའི་ཡེ་ཤེས་ཆེ། །དབྱངས་ཡིག་འདུས་པར་རབ་ཏུ་གནས། །ཐབས་
དང་ཤེས་རབ་ཡང་དག་ལྡན། །རྡོ་རྗེ་གསུམ་ནི་བཞི་ཡི་བདག །འབྱུང་བ་ལྔ་ཡི་ཡེ་ཤེས་བདག །ཁ་སྦྱོར་གྱིས་ནི་དགུ་ཡི་བདག །དེ་ལྟར་དཀྱིལ་འཁོར་གཉིས་ཀྱི་བདག །ཡི་གེ་ཡཱ་ནི་སྒྲོན་མར་འདོད། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི། །རེ་རེའང་གསུམ་གྱིས་བསྒྲེས་པ་རྣམས། །དེ་ནི་རེ་
རེའང་རྣམ་གཉིས་ལས། །སྤྱན་ནི་ཉི་ཤུ་རྩ་བཞི་ཡིན། །ཨེ་ཝཾ་མ་ཡཱའི་ཡི་གེ་བཞི། །ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །རེ་རེའང་རྣམ་པ་ལྔར་ཕྱེ་བས། །བརྒྱའམ་དུ་མའི་རྣམ་གྲངས་འགྱུར། །ཨེ་ཝཾ་མ་ཡཱའི་ཡི་གེ་བཞི། །རྡོ་རྗེ་གསུམ་དང་བཞི་ཡི་བདག །རེ་རེའི་དབྱེ་བ་ལ་བརྟེན་ནས། །
བཞིའམ་བཅུ་ཡི་ནཱ་ད་ཅན། །བཅོ་ལྔ་ཆ་ཡི་བདག་ཉིད་ཡིན། །ཨ་སོགས་དབྱངས་ཡིག་དེར་འགྱུར་ཏེ། །གསལ་བྱེད་རྣམས་ནི་ལྔ་ལྔ་ཉིད། །མཐར་གནས་པ་ཡི་འབྱུང་བཞི་རྣམས། །ཤ་ཥ་ས་འདི་སྲིད་གསུམ་བདག །རྡོ་རྗེ་མི་ཕྱེད་གསུམ་སྦྱོར་བ། །ཡི་གེ་ཧ་ལས་སྲིད་གསུམ་འབྱུང་། །ཡེ་
ཤེས་ཆེན་པོ་གཞོམ་དུ་མེད། །རྡོ་རྗེ་བཟླས་པ་ཞེས་སུ་བཤད། ཨེ་ཝཾ་མ་ཡཱའི་ཡི་གེ་བཞི། །སྐྱེ་མཆེད་དྲུག་དང་སྦྱར་བ་ལས། །རྡོར་གསུམ་དབྱེ་བ་ལ་བརྟེན་ནས། །བཅོ་བརྒྱད་ཀྱི་ནི་རྣམ་པར་འདོད། །ཕུང་པོ་ལྔ་ཡི་ཡེ་ཤེས་དངོས། །འབྱུང་བ་བཞི་རུ་རབ་ཏུ་གནས། །རྡོར་གསུམ་
เล่ม ๕ · หน้า 7a
གཉིས་ནི་དབྱེར་མེད་པ། །རྡོ་རྗེ་སེམས་དཔའ་ཞེས་སུ་བཤད། །དེ་ལ་སྐུ་གསུམ་བདག་ཉིད་ཅན། །ཡི་གེ་བཞི་རུ་རབ་ཏུ་གནས། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཤེས་ནས་རྣལ་འབྱོར་པས་དངོས་གྲུབ། །ཡི་གེ་བཞི་པོ་འདི་དག་འགྲུབ། །དངོས་གྲུབ་ཐབས་
གཞན་དུ་ན་མེད། །ཡང་ན་ཨེ་ནི་ཤེས་རབ་པོ། །ཝཾ་ནི་ཐབས་སོ། །ཨཱ་ལི་ཀཱ་ལི་ཟླ་བ་དང་ཉི་མ་དག་ཐབས་དང་ཤེས་རབ་ཏུ་གྱུར་པས་ན། །ཕྱག་གཉིས་སྤྲུལ་པའི་སྐུའོ། །ཨཱ་ལི་ཀཱ་ལི་དག་ཀྱང་ནི། །ཕྱག་བཞི་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཟླ་བ་ཉི་མ་དག་ནི་ཕྱག་དྲུག་པ་ཆོས་ཀྱི་སྐུའོ། །དེ་
ལྟར་སྐུ་གསུམ་གྱི་བདག་ཉིད་འདི་གཉིས་ཐ་མི་དད་ཅིང་དབྱེར་མེད་པ་དེ་ནི་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པ་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དེ་བཞུགས་སོ། །ཐམས་ཅད་དུ་ཁྱབ་པས་མི་འགྱུར་བའི་རང་བཞིན་ཡིན་པའོ། །འདི་ཉིད་མངོན་པར་གསལ་བའོ། །བདག་གིས་ཞེས་བྱ་བ་ནི། །སྤྲུལ་
པའི་སྐུའི་རྒྱུས་སོ། །ཐོས་པ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྟོགས་པའོ། །གཅིག་ཅེས་བྱ་བ་ནི། ཆོས་ཀྱི་སྐུའི་རྒྱུ་མཚན་ནོ། །དུས་ཞེས་བྱ་བ་ནི། །སྐུ་གསུམ་ཐ་མི་དད་པའི་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་གྱི་འབྲས་བུའི་རྡོ་རྗེ་འཆང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་སྨོས་པས། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའོ། །ཐམས་ཅད་ཀྱི་སྒྲས་གཟུགས་ལ་སོགས་པའི་དངོས་པོ་མ་ལུས་པ་སྟེ། ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་
གཤེགས་པ་ཐམས་ཅད་དེ། འདིས་ནི་དེ་བཞིན་གཤེགས་པའི་རང་བཞིན་མ་ཡིན་པ་མེད་པ་ཉིད་དོ། །དེ་བཞིན་གཤེགས་པ་དེ་ཉིད་སྐུ་གསུང་ཐུགས་རྣམས་སོ། །མི་ཕྱེད་པའི་ཡེ་ཤེས་དེ་ཉིད་རྡོ་རྗེའོ། །དེ་ཉིད་བཙུན་མོ་སྟེ་བདག་མེད་པས་དོགས་པ་ཐམས་ཅད་བྲལ་བས་སོ། །དེ་ཉིད་བྷ་ག་སྟེ།
དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པས་སོ། །དེ་ལ་ཞེས་པ་ནི། རྒྱུ་མཚན་དེའི་ཕྱིར་ནའོ། །དེ་བས་ན་བཅོམ་ལྡན་འདས་བཞུགས་ཏེ། རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་གདུལ་བྱ་སྣ་ཚོགས་ཀྱི་ཡིད་འཕྲོག་པ་མཛད་དོ། །ཡང་ན་བདག་གིས་ཞེས་བྱ་བ་ནི། །མེའི་ཁམས་
เล่ม ๕ · หน้า 7b
དང་རླུང་གི་ཁམས་དག་གཉིས་སུ་མེད་པའི་རང་བཞིན་དེས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་པས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །བྷ་གའང་དེའོ། །ཐོས་པ་ནི་འཛག་པའི་བྱ་བར་གྱུར་པའོ། །དེ་
ཅི་ཞེ་ན། བཅོམ་ལྡན་འདས་ཏེ་གཅིག་གོ། །དུས་གཅིག་ན་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པར་རྟོགས་པའི་སྐད་ཅིག་ལ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ་ཞེས་བྱ་བ་ནི།
དེ་ཀུན་རྫོབ་ཀྱི་བདེན་པས་རྣམ་པར་བཞུགས་པ་ཡིན་ནོ། །ཡང་ན་བདག་གིས་ཞེས་བྱ་བ་ནི། དགའ་བའི་རྒྱུས་སོ། །ཐོས་པ་ཞེས་པ་ནི། མཆོག་དགའོ། །དུས་གཅིག་ན་ཞེས་བྱ་བ་ནི། དེ་ནས་རྣམ་པར་དགའ་བ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་དགའ་
བའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། ཞེས་བྱ་བ་ནི། མངོན་པར་ཤེས་པ་དྲུག་དང་ལྡན་པས་འགྲོ་བའི་དོན་བྱེད་པའི་རྒྱུ་རྫོགས་པ་ཞེས་པའི་དོན་ཏོ། །ཡང་ན་བདག་གིས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའོ། །
ཐོས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །དུས་གཅིག་ནི་དམ་ཚིག་གི་ཕྱག་རྒྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་སྟེ་ཕྱག་རྒྱ་བཞིའི་བདག་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་གའོ། །ལ་ཞེས་པ་ནི་དེ་ལ་བཞུགས་ནས་འགྲོ་བའི་
དོན་རྫོགས་པར་མཛད་དོ་ཞེས་བྱ་བའོ། །མདོར་ན་ཡང་བརྟགས་པ་དེ་ཐམས་ཅད་རྟག་པ་དང་མི་རྟག་པ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །དེ་ཡང་ཡི་གེ་ཨེ་དང་ཝཾ་གྱིས་རྒྱས་བཏབ་པ་ལས་གཉིས་ག་ཐ་མི་དད་པས་དེ་ཉིད་ཨེ་ཝཾ་ཡིན་པར་བསྟན་ཏོ། །དེ་ཉིད་
གསུངས་པ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །གཞན་ཡང་། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པ་དང་། གཞན་ལས་ཀྱང་། ཨེ་ཝཾ་ཡི་གེ་ཤེས་པ་
เล่ม ๕ · หน้า 8a
གང་། །མ་ལུས་མཐའ་དག་ཤེས་པ་ཡིན། །དེ་ནི་ཆོས་ཀྱི་ཟ་མ་ཏོག །གཉུག་མའི་མངའ་བདག་འདི་ལ་གནས། །དེའི་ཕྱིར་ཨེ་ཝཾ་ཉིད་ཁམས་གསུམ་ཡིན་གྱི་གཞན་དུ་མ་ཡིན་ནོ། །འདི་ནི་ཡི་གེ་གཉིས་ཀྱི་བཤད་པའོ། །དེ་ལྟར་ན་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་
ཚིག་འདི་ཡིན་ནོ་ཞེས་པ། འདིའི་དོན་གཏན་ལ་ཕབ་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དོན་ལ་རྟོན་པར་བྱ་བའི་ཚིག་དེ་ཇི་ལྟ་བ་དེ་ལྟར་མ་ཡིན་ནོ། །ཡང་ན་ཨེ་ནི་ཤེས་རབ་བོ། །ཝཾ་ནི་ཐབས་སོ། །འདི་གཉིས་ཀྱི་བདག་ཉིད་ནི་སྐུ་རྡོ་རྗེ་ཞེས་པའི་དོན་ཏོ། །བདག་གིས་ཐོས་པ་ཞེས་པ་ནི།
ཚིག་ཁོང་དུ་ཆུད་པ་སྟེ་གསུང་རྡོ་རྗེ་ཞེས་པའི་དོན་ཏོ། །དུས་གཅིག་ན་ཞེས་བྱ་བ་ནི། གཅིག་ནི་ཟླ་མེད་པའོ། །འདི་ལྟར་ལྷ་ཉིད་ཡང་དག་པར་བསྡོམས་ནས་འདུས་པའི་དུས་ཏེ་ཐུགས་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཆོས་ཀྱི་སྐུ་སྟེ། སྐུ་འདི་གཉིས་ཀྱི་རྒྱུར་གྱུར་པས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་པ་ནི། ཐམས་ཅད་ཀྱང་དེ་ཡིན་ལ། དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །དེ་ཉིད་སྐུ་གསུང་ཐུགས་སོ། །དེ་ཉིད་རྡོ་རྗེ་སྟེ་དེ་བཞིན་
གཤེགས་པའི་སྐུ་གསུམ་ཐ་མི་དད་པའི་ཡེ་ཤེས་སོ། །དེ་ཉིད་བཙུན་མོ་སྟེ། རྣལ་འབྱོར་མ་ནི་དེའི་ཆ། །ཞེས་བྱ་བའི་ཚིག་གིས་སོ། །དེ་ཉིད་བྷ་གའི་ཡེ་ཤེས་ཆེ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པའི་རང་བཞིན་གྱི་ཕྱིར་རོ། །ལ་བཞུགས་སོ་ཞེས་བྱ་བ་ནི། ཁྱབ་པར་བྱ་བ་དང་
ཁྱབ་པར་བྱེད་པའི་བདག་ཉིད་དེས་བཞུགས་སོ། །གཉིས་སུ་མེད་པའི་སྐུ་ཅན་གྱི་རྡོ་རྗེ་འཛིན་པ་དེ་ཉིད་སྟོན་པ་པོ་དང་སྡུད་པ་པོ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཆང་བ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་པས་སོ། །ཨེ་ཝཾ་མ་ཡཱ་ཞེས་བྱ་
བའི་ཡི་གེ་བཞི་པོ་འདིས་ཐམས་ཅད་བསྡུས་ཏེ། དེ་ལྟར་ཐམས་ཅད་བཞི་བཞིའོ་ཞེས་པ་དང་། བཞི་པོ་ཐམས་ཅད་ཀུན་དག་ཀྱང་། །ཨེ་ཝཾ་ཡི་གེར་ཡང་དག་འདུས། །ཞེས་པའོ། །དེར་ཞེས་བྱ་བ་ནི། དེ་ལྟར་ཁྱད་པར་དུ་འཕགས་པའི་གནས་དང་དུས་དང་། འཁོར་དང་བསྟན་པར་བྱ་བ་
เล่ม ๕ · หน้า 8b
རབ་ཏུ་གསལ་བ་ཉིད་བཅོམ་ལྡན་འདས་བདག་ཉིད་ཀྱི་ཚེ་ཚད་ཀྱི་སྤྲོ་བ་དང་བསྡུ་བའི་བདག་ཉིད་མཛད་དོ། །གང་འདི་བཅོམ་ལྡན་འདས་ཞེས་བྱ་བ་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དེ་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྟོན་པ་ནི་ད་ལྟར་བྱུང་བ་ཉིད་ཀྱིས་དུས་གསུམ་ཅན་
ཡིན་པ་ཉིད་དང་། ཐམས་ཅད་ལ་ཁྱབ་པ་ཉིད་དང་། རྣམ་པ་ཐམས་ཅད་སྡོམ་པ་གཅིག་པ་ཉིད་ཀྱིས་ན་སྟོན་པ་ཡིན་ནོ། །དེ་བཞིན་དུ་ཡང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་པ་མེད་ལ་འབྲས་མི་
འབྱུང་། །ཞེས་པ་དང་གཞན་ལས་ཀྱང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་བར་གནས་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཅི་ཡིན་ཞེ་ན། གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་
པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བ། ཨེ་མའོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ། །རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའི་སྙིང་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག་ཅེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་ནི། ཀུན་དུ་སྣང་བའི་མཚན་ཉིད་གཟུགས་ལ་སོགས་པའི་ཕུང་པོ་ལྔ་བསགས་པའི་རང་བཞིན་སྐུའོ། །དེ་ཡང་བརྡའི་རྒྱུ་མཚན་དུ་རྣམ་པར་གནས་པ་བརྗོད་པའི་ཕྱིར་གསུང་གི་རང་བཞིན་ནོ། །དེ་ཡང་གསུང་རིགས་པའི་རང་
བཞིན་ཉིད་ཀྱི་ཐུགས་ཀྱི་སྐུ་ཡིན་ཞིང་། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ཉིད་ཀྱིས་སྐུ་གསུང་ཐུགས་སོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་ནི་མ་ལུས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་སོ། །སླར་ཡང་དེ་ཅི་ལྟ་བུ་ཞིག་ཅེ་ན་གསུངས་པ། རྗེ་བཙུན་ཞེས་པ་སྟེ། ཉན་
ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་དང་། ཐེག་པ་ཆེན་པོ་ལ་མཆོད་པ་བྱ་བའི་ཕྱིར་རོ། །གསང་བ་ལས་ཆེས་ཤིན་ཏུ་གསང་བ་ནི། གསང་བ་སྡོམ་པ་སྟེ། གསང་བ་ནི་འཁོར་བ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །ཤིན་ཏུ་གསང་བ་ནི། དེ་ལས་ཤིན་ཏུ་འདས་པའི་ཕྱིར་ན་
เล่ม ๕ · หน้า 9a
མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པའོ། །གཉི་གར་བརྒལ་ནས་ཤིན་ཏུ་འདས་པས་ན་གསང་བ་ལས་ཆེས་ཤིན་ཏུ་གསང་བའོ། །ཨེ་མའོ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ། ཨེ་མའོ་ནི།
ཡུལ་མ་ཡིན་པ་མཐོང་བའི་ཆེ་བའི་བདག་ཉིད་ཀྱི་ཕྱིར་ངོ་མཚར་བ་སྟེ། དེ་ཉིད་ཞུས་ནས་ཉན་པར་བྱེད་པ་ལེགས་སོ་ལེགས་སོ་ཞེས་པ་ནི། བརྩེ་བ་དང་བཅས་པས་རྗེས་སུ་ཡི་རང་བའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི། མི་ཕྱེད་པའི་སྐུའོ། །སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་
བདེན་པའི་བདག་ཉིད་ཅན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། དོན་དམ་པའི་བདེན་པའི་རང་བཞིན་ཏེ། དེ་ལྟར་གཉི་གའི་བདག་ཉིད་ཀྱིས་ན་རྡོ་རྗེ་སྙིང་པོ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའི་སྙིང་པོ་ཞེས་བྱ་བ་ནི། རྡོ་རྗེ་གསུམ་
དབྱེར་མི་ཕྱེད་པས་ན་རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུའོ། །སེམས་དཔའ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་སེམས་དཔའ་ནི་སྤྲུལ་པའི་སྐུ་ཡིན་ཏེ། སྐུ་གསུམ་གྱི་ཡེ་ཤེས་སུ་གྱུར་པའོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི། །གཉིས་སུ་མེད་པ་དང་། གཉིས་དང་གསུམ་དང་བཞིའི་
བདག་ཉིད་དང་། ཡེ་ཤེས་ལྔའི་སྐུ་དང་། རྡོ་རྗེ་འཛིན་པ་དང་། བདག་མེད་མ་དང་ཐ་མི་དད་པ་ལས་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་ཏེ། ཕྱག་བཅུ་དྲུག་པ་ལ་སོགས་པའི་ཧེ་རུ་ཀའི་སྐུ་དགྱེས་པའི་རྡོ་རྗེ་ཞེས་བྱའོ། །ཉོན་ཅིག་ཅེས་པ་ནི། ཉན་པའི་སྤྱོད་ཡུལ་དུ་གྱིས་ཤིག་པའོ། །དེ་ལྟར་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པའི་རྗེས་ཐོགས་སུ། རྡོ་རྗེ་སྙིང་པོས་གསོལ་བ། གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །ཇི་ལྟར་སེམས་དཔའ་ཆེན་པོ་ལགས། །གང་གིས་དམ་ཚིག་སེམས་དཔའ་ལགས། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །ཞེས་གསོལ་བ་བཏབ་པའི་རྗེས་ཐོགས་
སུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཤེས་རབ་རིགས་པ་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་བྱ་བ་སྨོས་ཏེ། ཤེས་རབ་ནི་གསལ་བ་རབ་ཀྱི་ཡེ་ཤེས་ཉིད་ཀྱིས་རྡོ་རྗེ་ཉིད་དོ། །རིགས་པ་ནི་རིགས་
เล่ม ๕ · หน้า 9b
པས་སོ། །སེམས་དཔའ་ཉིད་ནི། རྡོ་རྗེ་གསུམ་མི་ཕྱེད་པ་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ་ཆོས་ཀྱི་སྐུའོ། །ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་བརྗོད་པར་བྱ། །ཞེས་པ་ལ། ཡེ་ཤེས་ཆེན་པོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་སོ། །དེའི་རོ་ནི་སྣ་
ཚོགས་སུ་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེ་ཡིས་གང་བ་ནི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཐོས་པ་ལ་སོགས་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའོ། །སེམས་དཔའ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་འདི་གཉི་ག་ཡང་མ་ནིང་གི་རྟགས་སོ། །
རྟག་ཏུ་དམ་ཚིག་ལ་འཇུག་ཕྱིར། །དམ་ཚིག་སེམས་དཔའ་བརྗོད་པར་བྱ། །ཞེས་བྱ་བ་ལ་རྟག་ཏུ་ནི་བར་མ་ཆད་པའོ། །དམ་ཚིག་ནི་ལྷ་ཐམས་ཅད་འབྱུང་བ་སྟེ། ཡང་དག་པར་སྡོམ་ཞིང་བསྡུས་པའི་ལྷར་བྱས་པའོ། །དེའི་རང་བཞིན་གྱིས་འཇུག་པའི་ཕྱིར་དང་། ཡོངས་སུ་གྲུབ་པ་ཡིན་པའི་
ཕྱིར་དམ་ཚིག་སེམས་དཔའ་ནི། རྡོ་རྗེ་འཛིན་པའི་སྤྲུལ་པའི་སྐུའོ། །དེ་ལྟར་སྐུ་གསུམ་གྱི་རང་བཞིན་ཉིད་དུ་དགྱེས་པའི་རྡོ་རྗེ་རྟོགས་པར་བྱའོ། །དགྱེས་པའི་རྡོ་རྗེ་བརྗོད་པའི་དོན་ཉིད་རྣམ་པར་རྟོག་པ་གསུམ་བློ་ལ་བསྡོགས་ནས། རྡོ་རྗེ་སྙིང་པོས་གསོལ་བ། མིང་བསྡུས་པ་ནི་འདི་ལྟ་བུ། གང་
གིས་ཀྱེ་ཡི་རྡོ་རྗེ་ལགས། །ཧེ་ཡི་རྣམ་པས་ཅི་ཞིག་བཤད། བཛྲ་ཡིས་ཀྱང་དེ་བཞིན་ཅི། །ཞེས་སྨོས་པ་ལ། གང་གིས་ཀྱེའི་རྡོ་རྗེ་ལགས། །ཞེས་པ་ནི་ཡི་གེ་གསུམ་པོ་འདི་ཅི་ལྟར་ཡིན་ཞེས་པའོ། །མིང་བསྡུས་པ་ནི་འདི་ལྟ་བུ་ཞེས་བྱ་བ་ནི། །འདི་ལྟ་བུའི་ཚུལ་གྱིས་མིང་བརྡ་དེས་བསྡུས་
ཏེ་ཡང་དག་པར་སྡོམ་པའོ། །ཧེ་ཡིས་བྱེད་པ་ཅི་ཞིག་བཤད། །བཛྲ་ཡིས་ཀྱང་དེ་བཞིན་ཅི། །ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་བྱ་བ་ནི། ཉོན་མོངས་པའི་བག་ཆགས་ཀྱིས་ཉིང་མཚམས་སྦྱོར་བ་རྩད་ནས་
གཅོད་པ་ཧེའོ། །དེ་ལ་བྱེད་པ་ནི་འགྲོ་བའི་དོན་རྫོགས་པར་བྱེད་པ་ནི་བྱེད་པ་ཞེས་བྱའོ། །འདི་མི་འཐད་དོ་ཞེ་ན། གང་བྱེད་པ་མེད་པའི་བྱེད་པ་འདི་ཉིད་སྙིང་རྗེ་ཆེན་པོ་སྟེ། གང་དོན་དམ་པའི་བདེན་པའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ཡང་ན་ཧ་ནི་ཐབས་སོ། །ཨེ་ནི་ཤེས་རབ་བོ། །
เล่ม ๕ · หน้า 10a
གཉི་ག་འབྱེད་པའི་གནས་སྐབས་དེ་གཉིས་སུ་མེད་པ་ཉིད་དེ་ནི་སྙིང་རྗེ་ཆེན་པོ་སྟེ། བདག་དང་གཞན་གྱི་དོན་ལ་འཇུག་པའི་རྒྱུ་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་འདི་ཉིད་གསལ་བ་ཡིན་ནོ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་བྱ་བ་ནི། བཛྲ་ནི་
རྡོ་རྗེ་འཛིན་པའོ། །ཤེས་རབ་ནི་བདག་མེད་པའོ། །བརྗོད་པར་བྱ་ནི། རྟོགས་པར་བྱ་བ་སྟེ་དགྱེས་པའི་རྡོ་རྗེའི་དོན་ཏོ། །འདིར། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་བྱ་བ་སྨོས་ཏེ། དགྱེས་པའི་རྡོ་རྗེ་དྲི་བ་གསུམ་གྱི་དོན་བསྟན་ནས། དེ་བྱེ་བྲག་ཏུ་བཤད་
པ་གསུངས་པ། འདིའི་དོན་གྱི་བདག་ཉིད་དེ་ཅི་ཡིན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་པ་ནི་ཐབས་དང་ཤེས་རབ་ཐ་མི་དད་པ་བྱེ་བྲག་ཏུ་འཆད་པར་བྱེད་པ་ནི་ཤིན་ཏུ་སྤྱོད་ཡུལ་མ་ཡིན་ནོ། །ཇི་ལྟ་ཞེ་ན། ཆ་མེད་པ་དང་ཆ་དང་བཅས་པ་དག་གིས་དོན་དམ་པ་དང་ཀུན་རྫོབ་
ཐ་མི་དད་པར་བྱེ་བྲག་ཏུ་འཆད་པར་བྱེད་པ་དེ་དབྱེ་བ་སྦྱར་ནས་འགྲུབ་པར་མི་ནུས་ཏེ། སྦྱོར་བ་མེད་པའི་ཕྱིར་རོ། །བྱེད་པ་དང་བྲལ་བས་ཀྱང་རྫོགས་པ་མ་ཡིན་ཏེ། དེ་ནས་ཡང་དེ་ལ་ཡང་དག་པར་སྦྱོར་བའི་དོན་མེད་པའི་ཕྱིར་རོ། །བདེན་པ་གཉི་ག་དབྱེར་མེད་པས་ཀྱང་མ་ཡིན་ཏེ། འདིས་
རྒྱུད་འདི་བྱེ་བྲག་ཏུ་འཆད་པར་བྱེད་པ་སྤྱོད་ཡུལ་མ་ཡིན་ནོ། །དེ་ནི་རྒྱུད་དོ། །བདག་གིས་བཤད་ནི། བདག་གི་ཚིག་ཁོ་ནའི་ཡུལ་ཡིན་གྱི་གཞན་གྱི་ནི་ཡུལ་མ་ཡིན་ནོ། །དེ་ཉོན་ནི་ཐོས་པའི་སྤྱོད་ཡུལ་དུ་གྱིས་ཤིག་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང་ཐ་མི་དད་པའི་སྐུ་གསུམ་སྐྱེད་པར་བྱེད་
པས་ན། ཐེག་པ་ཆེན་པོའི་གསང་སྔགས་མཆོག་ཉིད་འདིའི་ཆེ་བའི་བདག་ཉིད་ཡིན་ནོ། །འཆད་པར་འགྱུར་བ་ཡང་། རྒྱུད་ཀུན་གྱི་ནི་ཚུལ་ཤེས་ནས། །ཕྱི་ནས་དགྱེས་པའི་རྡོ་རྗེ་བརྩམ། །ཞེས་པའོ། །སྐུ་གསུམ་ཐ་མི་དད་པ་ཉིད་རྟོགས་པར་བྱེད་པ་བདེན་པ་གཉིས་ཀྱི་རིམ་པས་བསྟན་པར་
འདོད་ནས་གསུངས་པ། ལྟ་སྟངས་དགུག་དང་བརྡ་ཆེན་དང་། །དོན་བྱེད་རྣམ་མང་རིག་པ་དང་། །ཞེས་པའི་ལྟ་སྟངས་དགུག་པ་ལ་སོགས་པའི་བཤད་པ་འདི་ཡང་། ལེའུ་གཞན་ལས་རབ་ཏུ་གྲགས་པ་ཉིད་དོ། །གཞན་ཡང་། ལྟ་སྟངས་ནི་ལྟ་བའི་ཡེ་ཤེས་ཏེ་ཐུགས་ཀྱི་རྣམ་པའོ། །
เล่ม ๕ · หน้า 10b
དགུག་པ་ནི་དགུག་པ་སྟེ། ཡུལ་དང་དབང་པོ་ལ་སོགས་པ་འདུས་པ་ལས་དགུག་པའི་རང་བཞིན་གྱི་ཕྱིར་སྐུའི་རྣམ་པའོ། །བརྡ་ཆེན་ཞེས་བྱ་བ་ནི། བརྡ་ཆེན་པོ་སྟེ་མཚན་མ་མེད་པའི་རང་བཞིན་གྱི་ཆོས་ལས་མཚན་མར་སྟོན་པས་ན་གསུང་གི་རྣམ་པའོ། །དེ་ལྟ་བུར་གྱུར་པའི་དོན་བྱེད་པའི་
དོན་ནི་དོན་དམ་པའི་བདེན་པའོ། །ཇི་ལྟར་ཞེ་ན། མཉམ་པའི་ཕྱིར་དང་། མི་ཕྱེད་པའི་ཕྱིར་སྐུ་དང་གསུང་དང་ཐུགས་རྣམས་སོ། །དེའི་དངོས་པོ་ནི་དོན་བྱེད་པའོ། །དེའི་རྣམ་མང་ནི་རྣམ་པ་སྣ་ཚོགས་ཏེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །དེའི་རིག་པ་ནི་ཤེས་པ་སྟེ། ཡེ་ཤེས་ཀྱི་རྣམ་
པ་ཡིན་པའི་ཕྱིར་དང་། དོན་དམ་པའི་བདེན་པ་ཉིད་ཀྱི་ཕྱིར་ངེས་པ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་དང་མངོན་སྤྱོད་དང་། ཞེས་བྱ་བ་ནི། དོན་རབ་ཏུ་གྲགས་པའི་དོན་དེ་གསལ་བ་ཉིད་དོ། །དོན་གཞན་ཡང་རེངས་པ་སྨོས་པས་གཡོ་བ་མེད་པ་
ཉིད་དེ་བསྡུ་བའོ། །སྐྲོད་པའི་སྒྲས་སྤྲོ་བའོ། །སྡེ་རེངས་བྱེད་པ་སྨོས་པས། སྡེ་ནི་དབང་པོ་ལ་སོགས་པའི་དཔུང་སྟེ་དེ་རྣམས་ཀྱི་ཚོགས་ལ་སྡེའོ། །འདིའི་རང་བཞིན་གཡོ་བ་མེད་པ་ཉིད་ཀྱིས་ན་རེངས་པའོ། །དེ་ཉིད་མངོན་པ་ཉིད་དུ་ཐམས་ཅད་དུ་སྤྱོད་ཅིང་སྤྲོ་བའི་རང་བཞིན་གྱིས་ཀྱང་
གནས་པ་ཡིན་ནོ། །སྡེ་རེངས་བྱེད་དང་མངོན་སྤྱོད་ཀྱི་ངེས་ཚིག་གོ། །ལྟ་སྟངས་དགུག་པ་ལ་སོགས་པ་དང་རེངས་པར་བྱེད་པ་དང་སྐྲོད་པ་ལ་སོགས་པས་ཡེ་ཤེས་ལྔའི་རང་བཞིན་གྱི་སྐུ་གསུམ་དང་སྐུ་གསུམ་ཐ་མི་དད་པ་ཉིད་ཡེ་ཤེས་ལྔའི་རང་བཞིན་ནོ། །དེ་ཉིད་གསུངས་པ། ཇི་ལྟར་
རིགས་པར་རྣལ་འབྱོར་མའི། །སྐྱེ་དང་གནས་དང་བྱེད་རྒྱུ་དང་། །ཞེས་བྱ་བ་ནི་རྣལ་འབྱོར་གང་ལ་ཡོད་པ་ནི་རྣལ་འབྱོར་མ་སྟེ་བདག་མེད་མ་ལ་སོགས་པ་བཅོ་ལྔའོ། །ཇི་ལྟར་ཞེ་ན། གང་གཟུགས་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དང་། དེའི་ཡན་ལག་ཡུལ་ལྔ་པོ་རྣམས་
གཟུང་བ་དང་འཛིན་པ་གཉི་ག་འདུས་པ་ལས་བྱུང་བའི་བདེ་བ་ལ་སོགས་པའི་རང་བཞིན་གྱི་ཡེ་ཤེས་ལྔ་པོ་འདི་ནི་བཅོ་ལྔ་སྟེ། འདི་རྣམས་ཐ་མི་དད་པའི་ཕྱིར་རྣལ་འབྱོར་མའོ། །དེ་ལ་ཇི་ལྟར་རིགས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུའོ། །སྐྱེ་དང་གནས་དང་བྱེད་རྒྱུ་ནི་ཆ་མེད་པས་འཇིག་པའི་
เล่ม ๕ · หน้า 11a
རང་བཞིན་གྱི་ཕྱིར་དང་། དེ་དག་གི་སྐྱེད་པ་དང་གནས་པ་མི་དམིགས་པའི་ཕྱིར། གཉི་ག་རྒྱུ་ཉེ་བར་དགོད་པར་བྱ་དགོས་སོ། །འདིས་ནི་གང་སྐྱེད་པའི་རྒྱུ་ཡིན་པ་དེ་ནི་གནས་པའི་ཡང་ཡིན་ཏེ། གཉི་ག་ཡང་རྒྱུ་གཅིག་པ་ཉིད་ཀྱི་ཕྱིར་རོ། །གཉི་ག་ཡང་འཇིག་པ་
ལས་གུད་ན་མེད་པའི་ཕྱིར་ན་སྐྱེ་བ་དང་གནས་པ་དང་འཇིག་པར་གྱུར་དུ་ཟིན་ཀྱང་། རྒྱུ་གཅིག་པ་ཁོ་ན་ཡིན་ཏེ། གསུམ་ཀ་ཡང་རྒྱུ་གཅིག་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དུ་ན་རྒྱུ་དང་འབྲས་བུའི་རང་བཞིན་མེད་པས་རྒྱུ་དང་འབྲས་བུའི་འབྲེལ་བ་ཡན་ལག་ཅན་ཡོད་པ་མ་ཡིན་པ་འདི་ཉིད་རྣལ་འབྱོར་རིམ་
པ་ཡིན་ནོ། །གཞན་ཡང་། ནུས་མཐུ་ཡེ་ཤེས་རྣམ་ཤེས་དང་། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ནི་རྟོགས་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །རྣམ་པར་ཤེས་པ་ནི་དེ་ལས་འདས་པ་སྟེ་དོན་དམ་པའི་བདེན་པའོ། །ཡེ་ཤེས་ཉིད་རྣམ་པར་ཤེས་པ་ཡིན་ལ། ཀུན་རྫོབ་
ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པའོ། །དེ་ཉིད་ལྷ་རྣམས་ཏེ་གཟུགས་ལ་སོགས་པ་ཇི་ལྟར་འབྱུང་བའོ། །དེ་ཉིད་ཀྱི་ནུས་མཐུ་ནི། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་དགྱེས་པའི་རྡོ་རྗེ་བསྟན་པ་ཡིན་ནོ། །དེ་ཉིད། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་བྱ་བ་
སྨོས་ཏེ། ཧེ་རུ་ཀའི་བསྐྱེད་པ་ནི་ཧེ་རུ་ཀ་བསྐྱེད་པ་སྟེ། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་རྣམས་འབྱུང་ངོ་། །དེའི་རྒྱུ་ནི་རྒྱུའོ། །གཅིག་ཉིད་ནི། གཉིས་སུ་མེད་པ་ཉིད་དོ། །བསྒོམ་པར་བྱ་ནི་དང་པོ་རེ་ཞིག་གང་སྒོམ་པའོ། །དེ་ནས་དང་པོར་རེ་ཞིག་ནི་གཞན་ལ་ལྟོས་
པ་མེད་པར་བསྟན་པའི་རིམ་པའོ། །གཅིག་ཅེས་པ་ཅི། མ་ནིང་དུ་གྱུར་པའི་ཕྱིར། གཅིག་གིས་ཟླ་བོ་མེད་པར་སྟོན་ཏེ་ཟླ་མེད་པ་ཡང་གཅིག་ཀྱང་མེད་པ་ཡིན་པས་སོ། །འདིས་ནི་དམིགས་པ་ཅན་གྱི་ལྟ་བ་ཐམས་ཅད་རྣམ་པར་བཅད་པ་ཡིན་ནོ། །དེ་ཉིད། །རྡོ་རྗེ་སྙིང་པོ་སྙིང་པོ་ཆེ། །དངོས་པོ་
ཉིད་ཀྱིས་རྣམ་གྲོལ་ཅིང་། །ཞེས་པ་སྟེ་དངོས་པོ་ཉིད་འཁོར་བ་ཡིན་ལ་དེ་ཉིད་གྲོལ་བ་སྐྱེད་པར་བྱེད་པ་སྟེ། འཁོར་བ་ལས་འདས་པའི་ཕ་རོལ་ན་གྲོལ་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཞེས་པ་ནི་ཁྱད་པར་དང་བཅས་པ་བོད་པའོ། །རྡོ་རྗེ་སྙིང་པོ་ཉིད་ཀྱིས་དོན་དམ་པའི་བདེན་པའི་
เล่ม ๕ · หน้า 11b
དོན་ཏོ། །སྙིང་རྗེ་ཆེ་ཉིད་ཀྱིས་ནི་དེ་ཉིད་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །གང་གསུངས་པ། །འཁོར་བ་ཧེ་རུ་ཀ་ཡི་ཚུལ། །འགྲོ་བ་སྒྲོལ་བྱར་བྱེད་པའི་གཙོ། །ཞེས་པའོ། །དེ་ཇི་ལྟར་འཆིང་བར་འགྱུར་བ་གསུངས་པ། དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་
བ་ཡིན། །ཞེས་བྱ་བ་སྨོས་ཏེ། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་པ་ནི་དངོས་པོ་ཉིད་གྲོལ་བའི་ཚུལ་དུ་བརྟགས་ནས་ཐར་པའི་རྟོག་པས་འཆིང་བས་བཅིངས་ནས་སླར་ཡང་སྲིད་པར་འགྱུར་རོ། །དེ་ཡོངས་ཤེས་པ་གྲོལ་བ་ཡིན། །ཞེས་པ་ནི་ཐར་པ་ཡོངས་སུ་ཤེས་པ་ཉིད་ཀྱིས་
གྲོལ་བར་འགྱུར་བ་ཡིན་ནོ། །འདིས་ནི་ཐར་པའི་རྟོག་པ་ཡང་འཆིང་བ་ལ། །འཆིང་བའི་རྟོག་པ་ཡང་ཐར་པ་ཡིན་ནོ། །དེའི་ཕྱིར་འཆིང་བ་དང་ཐར་པ་གཉི་ག་ཡང་ལྟོས་པ་དང་བཅས་པ་ཡིན་ནོ། །ལྟོས་པ་མེད་པའི་དོན་ལ་ནི་འཆིང་བ་ཡང་མེད་ལ་ཐར་པ་ཡང་མེད་དོ། །དངོས་པོ་མེད་པ་ཡོངས་
ཤེས་པས། །དངོས་པོ་སྒོམ་འགྱུར་ཤེས་རབ་ཅན། །ཞེས་བྱ་བ་ལ་དངོས་པོ་ནི་ཀུན་རྫོབ་པོ། །དངོས་པོ་མེད་པ་ནི་དོན་དམ་པའོ། །གཉི་ག་ཡང་སྙོམས་པར་འཇུག་པར་བསྒོམ་པར་བྱའོ། །འགྱུར་བ་ནི་སྐྱེད་པའོ། །ཇི་ལྟར་ཞེ་ན། ཡོངས་སུ་ཤེས་པས་སོ། །ཐམས་ཅད་དུ་ཡོངས་སུ་
ཤེས་པ་ཉིད་ཡོངས་སུ་ཤེས་པ་སྟེ། མི་ཤིགས་པའི་རང་བཞིན་དེར་གནས་པ་ཡིན་ནོ། །དེ་ཉིད་ཤེས་རབ་ཅན་ཞེས་པ་ནི་བོད་པའོ། །ཡང་ན་དངོས་པོ་ཅིར་འགྱུར། དངོས་པོ་མེད་པ་མ་སྐྱེས་པའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། ཡོངས་སུ་ཤེས་པས་ཏེ། ལྷུན་གྱིས་གྲུབ་པས་དབང་དུ་གྱུར་པས་
སོ། །བསྒོམ་པར་བྱ་བ་གང་ཟུང་དུ་འཇུག་པའི་རང་བཞིན་གྱིས་བསྒྲུབ་པར་བྱའོ། །ཡང་ན་དངོས་པོ་ནི་དངོས་པོ་མེད་པ་ཡིན་ལ། དངོས་པོ་མེད་པ་ཡང་དངོས་པོ་ཡིན་པས་དངོས་པོ་གཉིས་པའི་མ་ནིང་ནི་ཧེ་རུ་ཀའོ། །དངོས་པོ་མེད་ཀྱང་གཉི་ག་དབྱེར་མི་ཕྱེད་པའི་རྡོ་རྗེ་མཁའ་འགྲོ་མ་ནིང་གི་
སྟེ། དེ་གཉིས་པོ་གཉི་གང་སྙོམས་པར་འཇུག་པའི་རང་བཞིན་གྱིས་བསྒོམ་ཞིང་བསྒྲུབ་པར་བྱའོ། །ཡོངས་སུ་ཤེས་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བསྟན་ཟིན་པའི་དོན་ཏོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། གསུངས་པ། དངོས་པོ་མེད་པ་ཡོངས་ཤེས་པས། །དེ་ལྟར་
เล่ม ๕ · หน้า 12a
ཧེ་རུ་ཀ་བསྒོམ་བྱ། །ཞེས་བྱ་བ་སྨོས་ཏེ། སྙོམས་པར་འཇུག་པའི་རང་བཞིན་གྱིས་བསྒོམ་པར་བྱ་བ་གང་བསྒྲུབ་པར་བྱ་བ་དེ་ཡོད་པ་ཡིན་པ་དེ་ལྟར་རོ། །དེ་ཅི་ཞེ་ན། ཧེ་རུ་ཀ་དང་བདག་མེད་མ་ཐ་མི་དད་པ་སྟེ། བདག་མེད་མའི་གོ་འཕང་དེ་ཉིད་དངོས་པོ་མེད་པའོ། །
མེད་པ་ནི་བདག་མེད་མ་ཡིན་ལ། དངོས་པོ་ནི་རྡོ་རྗེ་འཛིན་པ་ཡིན་པས་གཉི་ག་དབྱེར་མི་ཕྱེད་པའི་ཡེ་ཤེས་སོ། །ཇི་ལྟར་ཞེ་ན། ཡོངས་ཤེས་པས་ཞེས་པ་སྟེ། འདིའི་དོན་ནི་བསྟན་ཟིན་པ་ཉིད་དོ། །འདིས་ནི་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་
མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་ཉེ་བར་བསྟན་ནས། བདེན་པ་གཉིས་སུ་བྱར་མེད་པའི་དེ་ཉིད་རྣམ་པར་གསལ་བར་བྱ་བའི་ཕྱིར་གསུངས་པ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་གནས་ལུས་
ལས་སྐྱེས་པ་མིན། །ཞེས་བྱ་བ་སྨོས་ཏེ། ལུས་ནི་ལུས་ཏེ་བསགས་པའོ། །གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ལ་དེའི་བདག་ཉིད་ཀྱིས་གནས་ཤིང་མི་གཡོ་བས་ན་ལུས་ལ་གནས་པའོ། །ཡེ་ཤེས་ཆེན་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁའ་འགྲོ་མའི་
སྡོམ་པ་མངོན་པར་རྟོགས་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། ཡང་དག་རྟོག་པ་ཐམས་ཅད་སྤངས། །ཞེས་པ་སྟེ། ཡང་དག་པའི་རྟོག་པ་ནི་ཡང་དག་པའི་རྟོག་པ་སྟེ། འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །ཐམས་ཅད་ནི་མ་ལུས་པར་ཏེ་འདིས་ནི་བག་ལ་ཉལ་གྱི་བག་ཆགས་ཚུན་
ཆད་དོ། །དེ་སྤངས་པ་ནི་སྤངས་པ་སྟེ། དངོས་པོའི་རྟོག་པ་དང་། དངོས་པོ་མེད་པའི་རྟོག་པ་དང་། སྒྲོ་བཏགས་ཀྱི་རྟོག་པ་དང་། དམིགས་ཀྱིས་བསལ་བའི་རྟོག་པ་དང་། ཇི་ལྟ་བ་བཞིན་ཞེས་པ་དང་། དེ་བཞིན་ཞེས་པ་དང་། གཅིག་དང་དུ་མ་དང་། སྤྱི་དང་ཁྱད་པར་ཏེ། རྟོག་པ་རྣམ་
པ་བཅུ་སྤངས་ནས་དོར་བ་ཡིན་ཏེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཀུན་ལ་ཁྱབ་པ་པོ་ནི་དོན་གནས་པ་དེའི་ཕྱིར་ན་དངོས་པོ་སྟེ། ཐམས་ཅད་ཀྱང་དེ་ཡིན་ལ། དངོས་པོ་ཡང་དེ་ཡིན་པས་དངོས་པོ་ཐམས་ཅད་དེ། འདོད་པའི་
เล่ม ๕ · หน้า 12b
ཁམས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །དེ་རྣམས་ཀྱི་ཁྱབ་པ་ནི། ཕན་ཚུན་དུ་གཟུགས་བརྙན་ལྟ་བུར་མཚུངས་པ་དེས་སོ། །སླར་ཡང་ལུས་ལས་སྐྱེས་པ་མིན་ནི་རྒྱུ་ལུས་ལས་སྐྱེས་པའི་རྒྱུ་གཞན་དང་གཞན་ཚད་མས་གྲུབ་པ་མེད་པའི་ཕྱིར་ཏེ། གདོད་མ་
ནས་མ་སྐྱེས་པ་ཡིན་པར་དགོངས་སོ། །དེ་ནི་ཡེ་ཤེས་ཆེན་པོ་ལུས་འདི་ལ་གནས་པ་དེས་དངོས་པོ་ཐམས་ཅད་ལ་ཁྱབ་པས་དབྱེར་མི་ཕྱེད་པ་ཉིད་དོ། །རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་བ། ཀྱེ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས་ཞེས་བྱ་བ་སྨོས་ཏེ། ལུས་
དང་ཡེ་ཤེས་ཆེན་པོ་དག་དབྱེར་མི་ཕྱེད་པ་དེས་ན་རྡོ་རྗེའི་ལུས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པའི་གཏེར་གཅིག་པུ་དེ། རྣམ་པ་སྣ་ཚོགས་པའི་ཤེས་པ་དང་ཤེས་བྱ་ལ་སོགས་པའི་སྒྲིབ་པ་ཟིལ་གྱིས་མི་གནོན་པས་རྣམ་པ་ཐམས་
ཅད་མཁྱེན་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་དབང་དུ་གྱུར་ནས། ཐུགས་སུ་ཆུད་པས་བཀའ་སྩལ་པའི་སྐབས་འདིར་བོད་པར་རིགས་པ་ཡིན་ནོ། །རྩ་དུ་ལགས་ཞེས་པ་ནི། ཞུས་པ་དང་ལན་བཏབ་པ་སྟེ། རྩའི་སྒྲ་ཡིས་དཀྱིལ་འཁོར་གཉིས་བསྟན་ཏེ། དབྱུ་གུ་གཉིས་ལ་
ཆུ་ཚོད་གང་ཡིན་པའོ། །དུ་ལགས་ཞེས་པ་ནི་དུ་ཡོད་ཅེས་པའོ། སྐྱེས་པ་དང་བུད་མེད་ཐ་མི་དད་པ་ཉིད་ཀྱིས་ན་ཞུས་ཏེ་གསོལ་བ། རྩ་གསུམ་ནི་མཁའ་འགྲོ་མ་ཡིན་ན་དེ་བཞིན་གཤེགས་པ་སྐྱེས་པ་དུ་ལགས་ཞེས་པའོ། །ཞུས་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་
རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབད་པ་བདེ་བ་ཆེན་པོའི་གནས་སུ་འཛག་པའོ་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་ཡེ་ཤེས་བརྟན་པས་འཛག་པ་སྤྲོ་བའི་ཚུལ་གྱིས་གནས་པ་སྤྲུལ་པར་སོན་པ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་གྱུར་པ་ལས་སྤྲུལ་པའི་སྐུ་
འབབ་པའོ། །ཇི་ལྟར་ཞེ་ན། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་སྟེ། །བྱང་ཆུབ་ཀྱི་སེམས་ཞེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཐིག་ལེ་དང་ནཱ་ད་དག་ཐ་མི་དད་པ་ལས་ཡི་གེ་ཨ་ལ་སོགས་པ་དབྱངས་ཡིག་བཅུ་དྲུག་ཉིད་ཐིག་ལེ་བཅུ་དྲུག་ཡིན་ནོ། །སྐུ་གཉིས་ཐ་མི་
เล่ม ๕ · หน้า 13a
དད་པས་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པའོ། །རྩ་སུམ་ཅུ་རྩ་གཉིས་ཞེས་པ་ནི་སུམ་ཅུ་རྩ་གཉིས་པོ་དེ་ཉིད་ལས་བྱང་ཆུབ་ཀྱི་སེམས་འབབ་པ་སྟེ། སྐུ་གཉིས་ཐ་མི་དད་པའི་སྤྲུལ་པའི་སྐུ་དང་དབྱེར་མེད་པས་དྲུག་ཅུ་རྩ་བཞིའོ། །དེ་ལ་ཨ་བ་དྷཱུ་ཏཱི་ནི་རྒྱུ་
མཐུན་པ་བདག་མེད་མ་དབུས་ན་གནས་སོ། །རྐྱང་མ་དང་རོ་མ་ནི་རྒྱུ་མཐུན་པའི་འབྱུང་བ་ཆེན་པོ་བཞི་ཡིན་ཏེ། བྱང་ཆུབ་ཀྱི་སེམས་དྲུག་ཅུ་ཡིན་ནོ། །རྩ་གསུམ་ནི་གཅིག་པ་དེས་ན། སུམ་ཅུ་སྟེ། ཉིན་ཞག་གཅིག་ལ་ཡང་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་དྲུག་ཅུ་ཡིན་ནོ། །
ཚེས་གཅིག་ལ་སོགས་པ་ཚེས་བཅོ་ལྔའི་རང་བཞིན་ཅན་ཡར་ངོ་དང་མར་ངོ་གཉི་གའི་ངོ་བོ་ཉིད་ཟླ་བ་ལ་སོགས་པ་དུས་ཀྱི་བདག་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་ཁྱིམ་བཅུ་གཉིས་སོ། །མ་རིག་པ་ལ་སོགས་པ་ཡང་མ་རིག་པའི་རྐྱེན་གྱིས་
འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་
ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ། །དེ་ལ་མ་རིག་པ་ཞེས་བྱ་བ་ནི་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་རྟག་པ་དང་། མི་དགེ་བ་རྣམས་ཏེ། བདེ་བ་དང་། རྟག་པ་དང་། བདག་དང་དགེ་བར་སྒྲོ་བཏགས་པ་ནི། མི་
མཐུན་པའི་ཕྱོགས་སོ། །བདེ་བ་དང་། རྟག་པ་དང་། བདག་དང་། དགེ་བར་སྒྲོ་བཏགས་པ་མི་མཐུན་པའི་ཕྱོགས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་དོ། །ལས་དེ་རྣམ་པར་སྨིན་པ་ལས་བྱུང་བ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ལ་བརྟེན་ནས་མིང་དང་གཟུགས་
སོ། །མིང་དང་གཟུགས་ལས་ཉེ་བར་ལེན་པའི་ཕུང་པོ་ལྔ་བྱུང་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ལྷན་ཅིག་པའི་སེམས་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་ལས་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་རྣམས་ཟག་པ་དང་བཅས་པར་སྒྲོ་བཏགས་པ་རིག་པའོ། །རེག་པ་དང་འདུས་
เล่ม ๕ · หน้า 13b
པ་ལས་བྱུང་བ་ཚོར་བའོ། །ཚོར་བ་རྟག་ཏུ་ཆགས་པ་ལས་སྲེད་པའོ། །སྲེད་པ་འཕེལ་བ་ལས་ལེན་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་དེ་འདུས་པ་ལས་སྲིད་པའོ། །དེའི་རྒྱུ་མཐུན་པ་སྐྱེ་བའོ། །དེ་ཡོངས་སུ་སྨིན་པ་ལས་རྒས་ཤིང་འཁོགས་པའི་ཕུང་པོ་དང་ཐ་མི་དད་པའི་
འཆི་བའོ། །འདིས་ནི་ཡང་མ་རིག་པ་ལ་སོགས་པ་དང་ཚེས་གཅིག་ལ་སོགས་པའོ། །གསུམ་པ་ཇི་ལྟ་བ་དེ་བཞིན་དུ་བཅུ་གསུམ་མོ། །ཇི་ལྟར་བཞི་པ་དེ་ལྟར་བཅུ་བཞི་པའོ། །ཇི་ལྟར་ལྔ་པ་དེ་ལྟར་བཅོ་ལྔ་པ་ཡིན་ཏེ། ཚེས་གྲངས་གསུམ་ཚེས་གྲངས་བཅུ་གཉིས་ཀྱི་ནང་དུ་
འདུས་པ་ཡིན་ནོ། །དེ་ལ་ཚེས་གཅིག་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །གཉིས་པ་ནི་ཐབས་དང་ཤེས་རབ་བོ། །གསུམ་པ་ནི་སྐུ་གསུང་ཐུགས་སོ། །བཞི་པ་ནི་འབྱུང་བ་ཆེན་པོ་བཞིའོ། །ལྔ་པ་ནི་ཡེ་ཤེས་ལྔའོ། །དྲུག་པ་ནི་ཡེ་ཤེས་ལྔ་དང་ཐ་མི་དད་པའི་རྡོ་རྗེ་འཛིན་པའོ། །
བདུན་པ་ནི་ཐབས་དང་ཤེས་རབ་ཐ་མི་དད་པའོ། །བརྒྱད་པ་ནི་དེ་ཉིད་སྐུ་གསུང་ཐུགས་སོ། །དགུ་པ་ནི་འབྱུང་བ་ཆེན་པོ་ལྔ་དང་ཐ་མི་དད་པའི་ཡེ་ཤེས་ལྔ་རྣམས་སོ། །བཅུ་པ་ནི་ལྔ་པོ་གཉི་གར་ཐ་མི་དད་པའོ། །བཅུ་གཅིག་པ་ནི་ཡེ་ཤེས་ལྔ་གཉི་ག་ཡང་གཉིས་སུ་མེད་པའི་རང་བཞིན་
ནོ། །བཅུ་གཉིས་པ་ནི། དེ་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེས་སོ། །བཅུ་གསུམ་པ་ནི་དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག་ཉིད་དེས་སོ། །བཅུ་བཞི་པ་ནི་དེ་ཉིད་འབྱུང་བ་ཆེན་པོ་བཞིའི་རང་བཞིན་གྱི་ཕྱིར་རོ། །བཅོ་ལྔ་པ་ནི་ལྔ་པོ་གསུམ་ཐ་མི་དད་པས་རྣལ་འབྱོར་མ་བཅོ་ལྔ་པའོ། །
དེ་ཉིད་འཆར་བ་དང་ནུབ་པའི་རང་བཞིན་དེས་ཚེས་གྲངས་སུམ་ཅུའོ། །ཚེས་གྲངས་སུམ་ཅུ་རྣམས་དང་ཡང་ཚེས་གཅིག་ཐ་མི་དད་དོ། །ཚེས་གྲངས་ཀྱི་རང་བཞིན་དེ་ལ་ཡང་དབང་དུ་བྱ་བ་དང་ལོངས་སྤྱོད་པ་དང་ཐིམ་པའི་རང་བཞིན་རྣམས་མཁའ་འགྲོ་མ་དྲུག་ཅུའོ། །ཉིན་ཞག་
གཅིག་གི་དབྱུ་གུའི་གྲངས་ཀྱིས་རྣམ་པར་གནས་སོ། །ཀ་ལ་སོགས་པ་སྡེ་ཚན་ལྔ་རྣམས་དང་ཡི་གེ་མ་ལ་སོགས་པའི་སྡེ་ཚན་ལྔ་པོ་རྣམས་གོ་རིམས་ལས་ཟློག་པ་དང་། ས་ཨྤ་ཥ་ཤ་ཐྸྐ་ཨྐཱ་ཤཱ་ཥ་ཨྤཱ་ས་འདི་དག་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྣམས་དང་མཐེ་བོང་ལ་སོགས་
เล่ม ๕ · หน้า 14a
པ་སོར་མོ་ལྔ་པོ་རྣམས་ལ་འབྱུང་བ་བཞིའི་རང་བཞིན་ལག་པ་གཡས་ལ་སོགས་པ་ནས་རྐང་པ་གཡས་པའི་བར་དུ་སོ་སོར་རྡོ་རྗེ་གསུམ་གྱི་རང་བཞིན་དེས་ཚིགས་རྣམས་ལ་མཐའ་ཡས་སོ། །དེ་བཞིན་དུ་གཡོན་པའི་རྐང་པ་ལ་སོགས་པ་གཡོན་པའི་ལག་པའི་
བར་དུ་དེ་ལྟར་མཐའ་ཡས་སོ། །མདུན་དང་རྒྱབ་དང་ལོགས་གཉིས་སུ་འབྱུང་བ་ཆེན་པོ་བཞི་རྣམས་ཡིན་ལ་དབུས་སུ་བདག་མེད་མ་ཡིན་ནོ། །ཉིན་ཞག་གཅིག་གི་རང་བཞིན་དེས་ན་ཉིན་མོ་ནི་བཅོམ་ལྡན་འདས་ཡིན་ལ། །མཚན་མོ་ནི་ཤེས་རབ་པོ། །འདི་ཉིད་འཆད་པར་འགྱུར་བ་ལས། ཉིན་
མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོར་བཤད། །ཅེས་པའོ། །དེ་ཉིད་ཞག་བཅོ་ལྔ་ལས་ཟླ་བ་ཕྱེད་དེ་ཡར་ངོ་ནི་རྡོ་རྗེ་འཛིན་པའོ། །མར་ངོའི་བདག་ཉིད་གཞན་ཟླ་ཕྱེད་བདག་མེད་མ་ཡིན་ལ། ཟླ་ཕྱེད་གཉི་གའི་བདག་ཉིད་ནི་ཟླ་བ་ལ་དེ་ཉིད་མ་རིག་པ་ལ་སོགས་པ་རྟེན་ཅིང་
འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་གྱི་ལོའོ། །དེ་ཉིད་ཟླ་བ་གཉིས་ཀྱི་ཆས་དབྱེ་བས་དུས་དྲུག་སྟེ། རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལྔ་པོ་འདི་རྣམས་ཀྱི་རང་བཞིན་ཡིན་པར་མཚུངས་སོ། །ཟླ་བ་དྲུག་དྲུག་གི་ལྡོག་མཚམས་གཉིས་ཏེ། གཉི་ག་ཡང་དེ་
བཞིན་ཉིད་ཡིན་ནོ། །དེ་ལ་དེ་བཞིན་ཉིད་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་གྱི་དབུགས་གཅིག་ཡིན་ནོ། །དེ་ཉིད་སུམ་བརྒྱ་དྲུག་ཅུའི་བདག་ཉིད་དབྱུ་གུ་སྟེ་བསྟན་པའི་ཀ་ལ་སོགས་པ་སུམ་ཅུ་དང་གོ་བཟློག་པའི་ཨྐ་ལ་སོགས་པ་སུམ་ཅུའོ། །དེ་ལྟར་དབྱུ་གུ་དྲུག་ཅུ་ལ་རླུང་ཉི་ཁྲི་ཆིག་སྟོང་
དྲུག་བརྒྱའོ། །ལོ་ལ་ཡང་དབྱུ་གུ་འདི་ཉིད་དོ། །འདིས་ནི་ལོ་རེ་ལ་དབྱུ་གུ་ཇི་སྙེད་པ་དེ་སྙེད་དུ་ཉིན་ཞག་གཅིག་ལ་དབུགས་སོ། །ལོ་རེ་ལ་ཉི་མ་ཇི་ཙམ་ཡོད་པ་དེ་ཙམ་དུ་དབྱུ་གུ་གཅིག་ལ་དབུགས་ཡོད་པ་ཡིན་ནོ། །འཁོར་ལོ་བཞི་ལ་འཕོ་བ་བཅུ་དྲུག་གིས་དབུགས་གཅིག་ཡིན་
ཏེ། དབུགས་ཀྱི་འཕོ་བའོ། །དེ་ལྟར་འཆར་བ་དང་ནུབ་པ་དང་། གནས་པའི་རང་བཞིན་གྱིས་སྲིད་པ་གསུམ་ཐ་མི་དད་ཅིང་ཆ་མེད་པའི་ཀུན་དུ་བཟང་པོ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གྱི་རང་བཞིན་འབྱུང་བ་བཞི་པོ་རྣམས་ལ་རྒྱུ་སྐར་བདུན་བདུན་ལྡན་པ་སྦྱོར་བ་བཞིའི་བདག་ཉིད་དེས་ན་ཐ་སྐར་
เล่ม ๕ · หน้า 14b
ལ་སོགས་པའི་རིམ་པས་གནས་བཞི་རྣམས་ལ་ལན་བདུན་བདུན་ལྡབས་པར་ཤེས་པར་བྱའོ། །རྐྱང་མ་དང་། རོ་མ་དང་། ཀུན་འདར་མ་དང་། བུ་མོ་སྟེ་རྩ་བཞི་ཉིད་སྦྱོར་བ་བཞིའི་ཡིན་པར་བྱའོ། །དེ་ཉིད་སྦྱོར་བ་བཞི་ཡིན་ཏེ། སྦྱོར་བ་བཞི་དང་ཐ་མི་དད་པས་སོ། །ཚོགས་བརྒྱད་དང་
གཟའ་བརྒྱད་ཀྱང་ཡིན་ཏེ། ཉི་མ་ནི་ཤེས་རབ་བོ། །ཟླ་བ་ནི་ཐབས་སོ། །མིག་དམར་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །སྒྲ་གཅན་ནི་རྡོ་རྗེ་འཛིན་པའོ། །དུས་མཐའ་དག་ཉིད་ལ་ཀུན་དུ་བཟང་པོས་ཁྱབ་པ་ཡིན་པས་རྒ་བ་དང་འཆི་བ་དང་མྱ་ངན་བསྐྱེད་པ་ལ་སོགས་པའི་
རྟོག་པ་བླ་མ་དམ་པའི་བཀའ་དྲིན་ལས་འབད་པ་མེད་པར་རྡོ་རྗེ་འཛིན་པའི་སྐུར་འཁྲིལ་བར་འགྱུར་རོ། །རྩ་སུམ་ཅུ་རྩ་གཉིས་པོ་དེ་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་དྲུག་ཅུ་རྩ་བཞིའི་རང་བཞིན་ཏེ། སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པར་བརྗོད་དོ། །དེ་དག་ཉིད་ཐ་
མི་དད་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པར་བརྗོད་དོ། །དེ་ཉིད་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་དབྱངས་བཅུ་དྲུག་གི་བདག་ཉིད་ཅན་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པར་བརྗོད་དོ། །དེ་ཉིད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཆོས་ཀྱི་འཁོར་
ལོ་འདབ་མ་བརྒྱད་པ་ཞེས་བརྗོད་དོ། །ཡང་ན་ཉིན་ཞག་གཅིག་ལ་དབྱུ་གུ་དྲུག་ཅུ་རྩ་བཞིར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་རང་བཞིན་དེས་ན་འདབ་མ་དྲུག་ཅུ་རྩ་བཞི་སྟེ། འདི་ཉིད་བླ་མའི་རིམ་པ་ལས་བརྒྱུད་པའོ། །དེ་ཉིད་ཐབས་དང་ཤེས་རབ་ཐ་མི་དད་པས་དབྱུ་གུ་གཉིས་
ཀྱིས་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དེ་ཉིད་དབྱུ་གུ་བཞིས་འཕོ་བས་དབྱངས་བཅུ་དྲུག་གི་རང་བཞིན་དག་ལ་འདབ་མ་བཅུ་དྲུག་གོ། །དེ་ཉིད་དབྱུ་གུ་བརྒྱད་བརྒྱད་ཀྱིས་ཐུན་བརྒྱད་ཚང་པས་པདྨ་འདབ་མ་བརྒྱད་པ་ཡིན་ནོ། །དེ་ལ་ཡང་ཐུན་
གཉིས་གཉིས་ཀྱིས་ཐུན་མཚམས་བཞི་སྟེ། བདེ་ཆེན་གྱི་ལྟེ་བའི་པདྨའི་འདབ་མ་བཞིའོ། །དེ་ལ་ཡང་ཐུན་བཞི་བཞི་པོ་དེས་ཉིན་ཞག་ཕྲུགས་གཅིག་གོ། །དེ་གཉི་ག་ཐ་མི་དད་པས་ཉིན་ཞག་ཐ་མི་དད་ཅིང་གཉིས་སུ་མེད་པའི་རྡོ་རྗེ་པདྨ་ཞེས་བརྗོད་དོ། །དེ་ཉིད་སྣ་ཚོགས་པདྨ་སྣ་ཚོགས་རྡོ་
เล่ม ๕ · หน้า 15a
རྗེས་མཚན་པ་ཆོས་ཀྱི་འབྱུང་གནས་ཀྱི་གཞལ་ཡས་ཁང་ཞེས་བརྗོད་དོ། །དེ་ཉིད་གསུངས་པ། དེ་རྣམས་ཀྱི་ནང་ནས་རྩ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་དང་། རོ་མ་དང་། ཀུན་འདར་མའོ་ཞེས་པ་སྨོས་ཏེ། རྐྱང་མ་ཤེས་རབ་རང་བཞིན་གྱིས། །རོ་མ་
ཐབས་ཀྱིས་ཡང་དག་གནས། །ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པ་སྨོས་སོ། །རྐྱང་མ་ཤེས་རབ་རང་བཞིན་གྱིས། །ཞེས་པ་ནི་ཆ་ཤས་ཀྱི་རང་བཞིན་དང་བྲལ་བ་དེས་སོ། །རོ་མ་ཐབས་ཀྱིས་ཞེས་པ་ནི་ཆ་དང་བཅས་པའི་དངོས་པོ་དེའོ། །
ཀུན་འདར་མ་ནི་དབུས་གནས་སུ། །ཞེས་པ་ནི་དབུས་ཀྱི་ཡུལ་དུ་བསྟན་པས་དབུས་གནས་ཏེ། གཉི་ག་ཡང་ཐ་མི་དད་པའོ། །དེའི་ཕྱིར། གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པ་ལ་གཟུང་བ་ནི་ཤེས་བྱའོ། །འཛིན་པ་ནི་ཤེས་པའོ། །དེའི་སྤངས་པ་ནི་དེ་གཉིས་ཀ་ཡང་ཐ་མི་དད་པར་
དགོངས་པའོ། །ཤེས་པ་དང་ཤེས་བྱ་དག་བསྐྱེད་བྱ་སྐྱེད་བྱེད་དུ་ཡིན་པས་སྔོན་དང་ཕྱི་མའི་དངོས་པོས་བདེན་པ་དང་རྙེད་པ་རྣམ་པར་སྤངས་པའི་དོན་ཏོ། །འདི་ཉིད། མི་བསྐྱོད་འབབ་པ་རྐྱང་མ་སྟེ། །རོ་མ་ཁྲག་ནི་འབབ་པའོ། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །
ཞེས་པ་ནི། མི་འཁྲུག་ཅིང་མི་གཡོ་བས་ན་མི་བསྐྱོད་པ་སྟེ། དེ་འབབ་པ་ཡིན་པས་མི་བསྐྱོད་པ་རྡོ་རྗེ་འཛིན་པ་དེ་རྟག་ཏུ་འབབ་པ་ཉིད་དེར་གནས་པས་དོན་དམ་པའི་རང་བཞིན་ཅན་ནོ། །རོ་མ་ཁྲག་ནི་འབབ་པའོ། །ཞེས་པ་ནི་ཁྲག་ནི་འདོད་ཆགས་ཀུན་དུ་ཆགས་པའི་མཚན་ཉིད་ཀྱིས་སྣང་བ་
མཐའ་ཡས་སོ། །དེ་རྟག་ཏུ་འབབ་པ་ཉིད་དུ་དེར་གནས་པའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ནི་རོ་མའོ། །དེ་བས་ན། །ཤེས་རབ་ཟླ་བ་འབབ་པ་སྟེ། ཤེས་རབ་བདག་མེད་མའོ། །ཟླ་བ་བྱང་ཆུབ་ཀྱི་སེམས་ཏེ། རྟག་པ་ཉིད་དུ་གཉི་ག་འབབ་ཅིང་གཉི་ག་གནས་པས་བདེན་
པ་གཉིས་དབྱེར་མི་ཕྱེད་པའི་རང་བཞིན་ཅན་ནོ། །དེ་ཉིད་ཀུན་འདར་མ་རབ་གྲགས། །ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གསལ་བར་བྱ་བའི་དོན་ལ། ཨ་བ་ནི་ངང་གིས་ལྷུན་གྱིས་གྲུབ་པས་དྷཱུ་ཏཱི་སྟེ། ཉོན་མོངས་པ་ལ་སོགས་པའི་མི་ཤེས་པ་འཇོམས་པས་ཀུན་འདར་
เล่ม ๕ · หน้า 15b
མའོ། །ཡང་ན་ཨ་ནི་བདག་མེད་མའོ། །བ་ནི་རྡོ་རྗེ་འཛིན་པའོ། །གཉི་ག་ནི་དྷཱུ་ཏཱིའོ། །གཡེངས་ནས་བཅོམ་ཞིང་རང་བཞིན་མེད་པས་ན་ཀུན་འདར་མའོ། །འདི་ནི་རྐྱང་མ་དང་། རོ་མ་དང་ཀུན་འདར་མ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་མཁའ་འགྲོ་མ་རྣམས་ཀྱི་དངོས་གྲུབ་ཡིན་ནོ། །འཆད་
པར་འགྱུར་བ་ཡང་། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པའོ། །འདིས་ནི་མི་ཕྱེད་པ་ལ་སོགས་པའི་རྩ་འདིའི་རང་བཞིན་ཉིད་ཡིན་དུ་ཟིན་ཀྱང་འཁོར་ལོ་བཞིར་གྱུར་པས་གནས་གཞན་དང་དངོས་པོ་གཞན་དང་བྱེད་པའི་ཁྱད་པར་
གསུམ་འབྱུང་བར་མན་ངག་གིས་བརྗོད་པར་བྱ་སྟེ། །མི་ཕྱེད་མ་ནི་མགོ་བོར་གནས། །སོ་དང་སེན་མོ་འབར་བར་འདོད། །ཕྲ་གཟུགས་མ་ནི་སྤྱི་གཙུག་གནས། །སྐྲ་དང་བ་སྤུ་འབབ་པ་ཡིན། །མཛེས་མ་རྣ་བ་གཡས་པར་གནས། །པགས་པ་དྲི་མ་འབབ་པར་བཤད། །གཡོན་པ་མ་ནི་
ལྟག་ཁུང་གནས། །ཤ་ནི་རྟག་ཏུ་འབབ་པ་ཡིན། །རྣ་བ་གཡོན་པར་མི་ཐུང་མ། །ཆུ་རྒྱུས་འབབ་པར་གྱུར་པ་ཡིན། །སྨིན་མའི་དབུས་གནས་རུས་སྦལ་སྐྱེས། །རུས་པ་ངེས་པར་འབབ་པ་ཡིན། །སྒོམ་པ་མ་ནི་མིག་ལ་གནས། །རྟག་ཏུ་སྙིང་འཁྲུང་འབབ་པ་ཡིན། །དབང་པོ་ལག་པའི་
དཔུང་པར་གནས། །སྙིང་ནི་འབབ་པར་འདོད་པ་ཡིན། །སྐྱོན་མ་བྲང་གི་གནས་སུ་སོང་། །མིག་འབབ་པ་ཡི་རྩ་ཡིན་ནོ། །འཇུག་མ་ནུ་མར་ཡང་དག་གནས། །མཁྲིས་པས་ངེས་པར་གང་ནས་འབབ། །མ་མོ་ལྟེ་བའི་ཕྱོགས་ན་གནས། །མཆིན་པ་འབབ་པ་རབ་ཏུ་འགྱུར། །མཚན་མོ་སྣ་
ཡི་རྩེ་མོར་གནས། །རྒྱུ་མའི་ཕྲེང་བ་ངེས་པར་འབབ། །བསིལ་སྦྱིན་མ་ནི་ཁ་ན་གནས། །རྩིབ་མའི་ལོགས་ཀྱི་རྩ་བྲན་འབབ། །ཚ་བ་མ་ནི་མགྲིན་པར་གནས། །གྲོད་པ་འབབ་པར་འགྱུར་བ་ཡིན། །ཚད་མ་སྙིང་གི་ཁ་ན་གནས། །དྲི་ཆེན་རྟག་ཏུ་འབབ་པར་འགྱུར། །ཁ་དོག་ནག་མོ་
མཚན་མར་གནས། །རྩ་དེ་མཚོག་སྲུབས་ནང་དུ་གནས། །སྲ་ཞིང་བརྟན་པའི་གཟུགས་ཀྱིས་གནས། །སེམས་ཅན་ཀུན་ལ་བདེ་བ་སྟེར། །སྤྱི་མ་གསང་བའི་གནས་ན་གནས། །རྟག་ཏུ་རྣག་ནི་འབབ་པ་ཡིན། །བརླ་ཡི་གནས་ན་ཡོད་པའི་རྩ། །དེ་ནི་རྒྱུ་སྦྱིན་མ་ཡིན་ཏེ། །བྱིན་
เล่ม ๕ · หน้า 16a
པར་གནས་ན་ཁྲག་འབབ་པའོ། །སྦྱོར་བྲལ་མ་ནི་རྔུལ་འབབ་པོ། །བརྩེ་བ་མ་ནི་སོར་མོར་གནས། །སྣ་ཚོགས་པ་ཡི་ཁུ་བ་འབབ། །གྲུབ་མ་རྐང་པའི་བོལ་ན་གནས། །རྣམ་པ་ཀུན་དུ་མཆི་མ་འབབ། །འཚེད་མ་མཐེ་བོའི་གནས་ན་ཡོད། །ཐམས་ཅད་
དུ་ནི་མཆིལ་མ་འབབ། །བཞིན་བཟང་པུས་མོའི་ལྷ་ངར་གནས། །སྟོབས་དང་སྣབས་ནི་འབབ་པ་ཡིན། །སུམ་སྐོར་མ་ནི་མདོམས་ན་གནས། །མཚོག་མའི་སྲུབས་ནི་འབབ་པར་འདོད། །ཉི་ཤུ་རྩ་བཞིའི་རྩ་འདི་རྣམས། །གནས་ལ་སོགས་པའི་དབྱེ་བར་འདོད། །འདོད་པ་ཅན་
དང་ཧེ་ག་དང་། །གཏུམ་མོ་འདོད་པ་བུ་མོ་དང་། །ལྔ་པོ་སྙིང་གི་དཀྱིལ་གནས་ནས། །རྩ་ནི་ལྔ་ནས་བདུད་རྩི་འབབ། །འདི་ནི་ཁ་སྦྱོར་རྒྱུད་སོགས་ཀྱི། །དོན་ནི་བླངས་ནས་རྩ་གནས་པའི། །བྱེད་པ་ངེས་པར་བསྟན་པ་ཡིན། །རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཀྱང་ཇི་ལྟ་བུ་ཡིན་པ་གསུངས་
པ། །སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟག། །ཅེས་པ་སྨོས་སོ། །གསུམ་གྱི་སྒྲས་སྐུ་དང་གསུང་དང་ཐུགས་སོ། །འདི་གསུམ་ནི་སྲིད་པར་གྱུར་པས་སྲིད་པ་གསུམ་སྟེ། །
གཟུགས་དང་གཟུགས་མེད་ལ་སོགས་པའོ། །དེ་ཡོངས་སུ་གྱུར་པ་ནི་རྒྱུ་མཐུན་པ་སྟེ། །དེ་གང་ལ་ཡོད་པ་དེ་ནི་དེའི་བདག་ཉིད་ཀྱིས་སྲིད་གསུམ་ཡོངས་སུ་གྱུར་པ་ཉིད་དེ་སྲིད་པ་གསུམ་རྒྱུ་མཐུན་པའི་རང་བཞིན་ནོ། །ཐམས་ཅད་ཅེས་པ་ནི། ལྷག་མ་མེད་པའོ། །དེ་བས་ན་གཟུང་དང་འཛིན་
པ་རྣམ་པར་སྤངས་ཏེ། གཟུང་བ་ནི་འཛིན་པ་ལ་ལྟོས་པ་ཡིན་ཞིང་། འཛིན་པ་ཡང་གཟུང་བ་ལ་ལྟོས་པ་དང་བཅས་པས་གཟུང་བ་དང་འཛིན་པ་དག་མི་དམིགས་པ་སྟེ། དེའི་དམིགས་པ་མེད་པའི་ཕྱིར་སྤངས་པའོ། །ཡང་ན་ཞེས་པ་ནི་བསྡུ་བ་བསྟན་པའོ། །ཐབས་ནི་ཐམས་ཅད་ཀྱིས་ཞེས་
པ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཐབས་ཕྱག་དང་ཞལ་དང་མདོག་དང་དབྱིབས་ཀྱི་དངོས་པོའི་མཚན་ཉིད་ཀྱིས་སོ། །དེ་ཉིད་རྟག་པ་སྟེ་རྩའི་རང་བཞིན་ཞེས་བྱའོ། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས་ནི་རྡོ་རྗེ་འཛིན་པའི་རང་བཞིན་གྱིས་སོ། །དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་པ་ནི་གང་གིས་
เล่ม ๕ · หน้า 16b
གཞིག་པ་དེ་ནི་དངོས་པོའི་མཚན་ཉིད་དུ་བརྟགས་པ་སྟེ། སྲིད་གསུམ་ཡོངས་སུ་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །འདི་ནི་ཟུང་འཇུག་རྒྱུན་གྱི་རིམ་པ་བསྟན་པ་ཡིན་ནོ། །དེ་ནས་སྡོམ་པའི་དབྱེ་བ་ཡང་བཤད་པར་བྱ་སྟེ། སྡོམ་པ་ནི་བསྡུ་བའོ། །དབྱེ་བ་ནི་སྤྲོ་བའོ། །སྤྲོ་བ་དང་བསྡུ་བ་ཐ་
མི་དད་པས་གང་དག་མ་ནིང་དུ་གྱུར་པའོ། །དེ་བཤད་པ་ནི་བསྟན་པར་བྱ་བའོ། །ཡང་ན་ཡང་དག་པའི་མཆོག་གཙོ་བོ་དབྱེ་བའི་ཁྱད་པར་གོང་མའི་ཡང་གོང་མའི་ཁྱད་པར་བཤད་པར་བྱ་ཞེས་པའོ། །ཡང་ན་སྡོམ་པས་སྡོམ་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །དེའི་དབྱེ་བ་ནི། གཞན་མ་ཡིན་
ཞིང་སྐབས་སྣ་ཚོགས་པ་ཡིན་པ་ཉིད་དུའོ། །བཤད་པར་བྱ་སྟེ་ཞེས་བྱ་བ་ནི། མཚན་མར་བྱས་པ་ཡིན་ནོ། །དེ་ཉིད་གསུངས་པ། ཨཱ་ལི་ཀཱ་ལི་ནི་ཞེས་པ་སྟེ། ཨཱ་ལི་ནི་ཨ་ལ་སོགས་པ་དབྱངས་བཅུ་དྲུག་གོ། །ཀཱ་ལི་ནི་ཡི་གེ་ཀ་ལ་སོགས་པའི་གསལ་བྱེད་རྣམས་སོ། །གཉི་ག་ཡང་
ཐབས་དང་ཤེས་རབ་སྟེ། ཤེས་རབ་ནི་བདག་མེད་མའི་དཀྱིལ་འཁོར་རོ། །ཐབས་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་རོ། །ཆོས་དང་ལོངས་སྤྱོད་དང་སྤྲུལ་པ་ནི་སྐུ་དང་གསུང་དང་། ཐུགས་སོ་ཞེས་པ་ནི་སྤྲུལ་པ་ནི་སྐུའོ། །ལོངས་སྤྱོད་རྫོགས་པ་ནི་གསུང་ངོ་། །ཆོས་ནི་ཐུགས་
ཏེ་གོ་བཟློག་པས་གོ་བར་བྱའོ། །ཨེ་ཝཾ་མ་ཡཱའི། །ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །ཝཾ་གྱི་ཡི་གེ་བདག་མར་བརྗོད། །མ་ནི་ལྷ་མོ་གོས་དཀར་མོ། །ཡཱ་ཡི་རྣམ་པ་སྒྲོལ་མར་བརྗོད། །ས་ནི་སྤྱན་མར་བཤད་པ་ཉིད། །ཆུ་ཁམས་མཱ་མ་ཀཱི་རུ་བཤད། །མེ་ནི་ལྷ་མོ་གོས་དཀར་མོ། །རླུང་ནི་
སྒྲོལ་མར་རབ་ཏུ་གྲགས། །ཞེས་བྱ་བས་གསང་སྔགས་ཀྱི་ཚུལ་འདིར་ཨཱ་ལི་ཀཱ་ལི་གཉིས་ཀྱི་རིམ་པ་ལས་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་ནི་སྐུ་གསུམ་སྐྱེད་པ་ཡིན་ནོ། །དེ་ཉིད་སྐུ་གསུང་ཐུགས་འབྱུང་བ་བཞི་རབ་ཏུ་གནས་པ་དེ་ཉིད་སྤྱན་མ་ལ་སོགས་པའི་ལྷ་མོ་འཁོར་ལོའི་རིམ་
པར་གནས་པ་ཉིད་དོ། །འཁོར་ལོ་བཞི་པོ་དེ་ཉིད་གསུངས་པ། སྤྲུལ་པའི་འཁོར་ལོ་ལ་འདབ་མ་དྲུག་ཅུ་རྩ་བཞི་དང་། ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་དང་། ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་དང་། བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་སོ་ཞེས་པ་སྟེ།
เล่ม ๕ · หน้า 17a
འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གནས་པ་ཡིན་ནོ། །སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་དང་ཞེས་པར་སྨོས་ཏེ། སྤྲུལ་པ་ནི་སྣང་བའི་མཚན་ཉིད་དོ། །འཁོར་ལོ་ནི་སེམས་སོ། །འདབ་མ་ནི་ནཱ་དའོ། །དེ་ལ་སྐུ་དང་གསུང་དང་ཐུགས་
ལས་འབྱུང་བ་བཞིའོ། །དྲུག་ཅུ་ཞེས་བྱ་བ་ནི་དཀྱིལ་འཁོར་དྲུག་ཅུའི་རང་བཞིན་ནོ། །འདིས་ནི་ལྟེ་བར་ཧཾ་ངོ་། །འདབ་མ་བཞི་ལ་ཡ་ར་ལ་བའོ། །ཀ་ལ་སོགས་པ་ལུགས་དང་ལུགས་ལས་བཟློག་པ་ལྔ་བཅུ་དང་། ས་ཨྤ་ཥ་ཤ་ཨྐ་ཨྐ་ཤ་ཥ་ཨྤ་ས་རྣམས་ལུགས་དང་ལུགས་
ལས་བཟློག་པ་ཡིན་ཏེ། དྲུག་ཅུ་རྩ་བཞིའི་རྣམ་པར་གཞག་པའོ། །ཡང་ན་བརྒྱད་ཀྱི་བར་གྱིས་ཏེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་དང་། ཡི་གེ་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་། ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་ཏེ། ཅུང་ཟད་ང་རོ་ཞན་པ་ཊ་ཌྷ་ད་ངྷ་ཡ་
ལ་རྣམས་སོ། །ཆོས་ཀྱི་འཁོར་ལོ་བརྒྱད་ཅེས་པ་ནི། དཀྱིལ་འཁོར་དྲུག་ཅུ་རྩ་བཞི་རྣམས་བརྒྱད་བརྒྱད་ཀྱིས་བསྡུས་པས་སོ། །ལོངས་སྤྱོད་ཀྱི་འཁོར་ལོ་ལ་འདབ་མ་བཅུ་དྲུག་ཅེས་པ་ནི། དཀྱིལ་འཁོར་བརྒྱད་པོ་དེ་ཉིད་འགྱུར་དུ་བྱས་པས་སོ། །བདེ་བ་ཆེན་པོའི་འཁོར་ལོ་སུམ་
ཅུ་རྩ་གཉིས་ཞེས་པ་ནི། བཅུ་དྲུག་པོ་དེ་ཉིད་འགྱུར་དུ་བྱས་པ་ལས་སོ། །སྐུ་བཞི་ནི། སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། ངོ་བོ་ཉིད་ཡིན་ཏེ། སྐུ་བཞི་མངོན་པར་བསྟན་ཏོ། །སྐད་ཅིག་མ་བཞི་ནི། རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་
པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའོ་ཞེས་པ། འཆད་པར་འགྱུར་བ་ནི་ཡང་། །སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །འཁྱུད་དང་འོ་བྱེད་ལ་སོགས་པ། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བའོ། །འཁྱུད་པ་ལ་སོགས་པ་ཉེ་བར་དགའ་བ་ནི། །དགའ་
བ་དང་མཆོག་དགའི་རང་བཞིན་ནོ། །རྣམ་པར་ཉེད་པ་དཔྱོད་པར་བརྗོད། །བདག་གིས་བདེ་བ་སྤྱད་དོ་ཞེས། །འདིས་ནི་རྣམ་པར་དགའ་བའི་དོན་བདེ་བ་ལ་གཅིག་ཏུ་ཆགས་པའི་མཚན་ཉིད་དོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །
เล่ม ๕ · หน้า 17b
འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མ་དམིགས་པར་མི་འགྱུར་ཏེ། །གསུམ་པོ་སྤངས་པར་འགྱུར་བ་ཉིད། །དེ་ཉིད་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་བྱ་བའི་དོན་གྱི་ཐ་ཚིག་གོ། །འདི་ཡང་སྐད་ཅིག་མ་བཞི་དང་། སྤྲུལ་པའི་འཁོར་ལོ་ལ་སོགས་པ་རིམ་པར་སྦྱར་
བ་ནི། རིམ་པར་རྣམ་པར་བཞག་པའོ། །འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ། །སྡུག་བསྔལ་ནི་ཤེས་པར་བྱའོ། །ཀུན་འབྱུང་ནི་སྤང་པར་བྱ་བའོ། །འགོག་པ་ནི་མངོན་སུམ་དུ་བྱ་བའོ། །ལམ་ནི་བསྒོམ་གྱིས་
སྡུག་བསྔལ་ཡོངས་སུ་ཤེས་པའོ། །དེ་ནས་དགེ་བ་ལ་སོགས་ཀུན་འབྱུང་སྤངས་པའོ། །དེ་ནས་འགོག་པ་ཞེས་པ་ནི། རྣམ་པར་རྟོག་པ་བཅུ་སྤངས་ནས་ལོག་པའོ། །དེ་ནས་ལམ་བསྒོམ་པ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་འདྲིས་ཤིང་བྱང་བ་ལས་བྱུང་བའོ། །
དེ་བཞིན་དུ་འཁོར་ལོ་བཞི་ལ་ཡང་སྦྱར་བར་བྱའོ། །དེ་ཁོ་ན་ཉིད་བཞི་ནི། བདག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལྟར་རིམ་པ་སྦྱར་རོ། །དགའ་བ་བཞི་ནི། དགའ་བ་དང་། མཆོག་དགའ་དང་། རྣམ་པར་དགའ་
བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ། །འཆད་པར་འགྱུར་བ་ཡང་། དགའ་བ་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །རྣམ་པར་དགའ་བ་ཆགས་པར་འགྱུར། །ལྷན་ཅིག་སྐྱེས་དགའ་ལྷག་མ་ཉིད། །ཅེས་པའོ། །སྡེ་པ་བཞི་ནི། གནས་བརྟན་པ་དང་། ཐམས་
ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ་དང་། དགེ་འདུན་ཕལ་ཆེན་ནོ། །འཆད་པར་འགྱུར་བ་ཡང་། གང་ཕྱིར་སྤྲུལ་པར་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོར་གནས་བརྟན་ཉིད། །ཆོས་ནི་སྨྲ་བ་ལས་ཕྱུང་ཕྱིར། །ཆོས་ཀྱི་འཁོར་ལོར་ཐམས་ཅད་ཡོད། གང་ཕྱིར་
མགྲིན་པར་མྱོང་བའི་ཕྱིར། །ལོངས་སྤྱོད་འཁོར་ལོ་མང་པོས་བསྐུར། །གང་ཕྱིར་བདེ་ཆེན་འཁོར་ལོར་གནས། །དགེ་འདུན་ཕལ་ཆེན་བདེ་ཆེན་དུའོ། །ཞེས་པའོ། །དེ་ལྟར་ཐམས་ཅད་དོ། །ཟླ་བ་ཉི་མ་ཞེས་པ་ལ། ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཉི་མ་ཞེས་པ་ནི། སིཧླ་ཀ་སྟེ།
เล่ม ๕ · หน้า 18a
འདི་གཉིས་སོ། །ཨཱ་ལི་དང་ཀཱ་ལི་ནི། ཡི་གེ་ཨ་ལ་སོགས་པ་དབྱངས་དང་། ཡི་གེ་ཀ་ལ་སོགས་པ་གསལ་བྱེད་དོ། །འཕོ་བ་བཅུ་དྲུག་དང་ཞེས་པ་ནི། ཉིན་ཞག་གཅིག་ལ་ཐུན་བརྒྱད་རྣམས་ཀྱིས་ཐུན་ཕྱེད་ཕྱེད་ན་འཕོའོ། །དབྱུ་གུ་དྲུག་ཅུ་རྩ་བཞི་དང་
ཞེས་པ་ནི། འཕོ་བ་བཅུ་དྲུག་ལ་རེ་རེ་ཞིང་འདིར་སྐད་ཅིག་བཞིའི་བྱེ་བྲག་གིས་ཤེས་པར་བྱའོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་དང་ཞེས་པ་ནི། འཕོ་བ་བཅུ་དྲུག་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་འཕོ་བ་གཉིས་ཀྱི་བྱེ་བྲག་ལས་གོ་བར་བྱའོ། །ཐུན་ཚོད་བཞི་སྟེ་ཞེས་པ་ནི། ཉིན་
མོ་དང་མཚན་མོ་དག་ལ་ཡང་ཡིན་ཏེ། དེ་ནི་ཐུན་བརྒྱད་དོ། །རྣལ་འབྱོར་མ་རེ་རེ་ཞིང་ཡང་བརྒྱད་བརྒྱད་ཀྱི་ཁྱད་པར་གྱིས་ཏེ། འདི་ཐམས་ཅད་རྡོ་རྗེ་འཛིན་པ་དང་བདག་མེད་མ་ཐ་མི་དད་པ་ལས་དགུའི་བདག་ཉིད་ཀྱིས་དཀྱིལ་འཁོར་ཡིན་ནོ། །ཡང་ན་ཐུན་ཚོད་བཞི་སྟེ་ཞེས་བྱ་བ་ནི།
སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའི་འཕོ་བ་བཅུ་དྲུག་ལ་སྐད་ཅིག་མ་རེ་རེའི་ནང་དུ་ཐིམ་པ་དེས་ན་དགའ་བ་ལ་སོགས་པའི་སྐད་ཅིག་བཞིས་ཐུན་ཚོད་བཞིའོ། །ཀུན་གྱི་བདག་ཉིད་རབ་ཏུ་གསལ་བས་ཐམས་ཅད་ཉིད་སྡུད་པར་བྱེད་པས་ན་ཐུན་ཚོད་དོ། །འདིས་ནི་ཨཱ་ལི་ཀཱ་ལི་
ཞེས་བྱ་བ་ལ་སོགས་པ་ནས་ཐུན་ཚོད་བཞིའོ་ཞེས་པའི་བར་གྱིས། ཐམས་ཅད་ཉིད་གསང་སྔགས་ཀྱི་ཚུལ་གྱི་ཡེ་ཤེས་དགྱེས་པའི་རྡོ་རྗེ་ལས་གསུངས་པ་བསྟན་པ་ཡིན་ཏེ། འདི་ལྟར་ཨཱ་ལི་ཀཱ་ལི་དག་འཕོ་བ་བཅུ་དྲུག་ཡིན་ཏེ། ཨ་ཨི་ཨུ་ཀ་ཙ་ཊ་ཏ་པ་དང་ཡ་ར་ལ་ཝ་དང་། ཤ་ཥ་
ས་རྣམས་དང་། གཞོམ་དུ་མེད་པའི་ཡི་གེ་ཧའོ། །དེ་ལྟར་བཅུ་དྲུག་ཏུ་བཞག་པ་གང་འཕོ་བ་ཡིན་ནོ། །དེ་ཉིད་དབྱུ་གུ་དྲུག་ཅུ་རྩ་བཞི་སྟེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་དང་། ཡི་གེ་ཨ་ལ་སོགས་པ་དབྱངས་བཅུ་དྲུག་དང་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་དང་།
ཅུང་ཟད་ང་རོ་ཞན་པ་ཌ་ཌྷ་ད་ངྷ་ཡ་ལ་རྣམས་སོ། །དེ་ལྟར་དྲུག་ཅུ་རྩ་བཞིའོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། །ཞེས་པ་ནི་དབྱངས་བཅུ་དྲུག་ཉིས་འགྱུར་དང་། ཀ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་ལྔ་དང་། ཡ་ར་ལ་ཝ་དང་། ཤ་ཥ་ས་རྣམས་དང་། མི་ཤིགས་པ་འཕོ་བ་རྣམས་ཡིན་
เล่ม ๕ · หน้า 18b
པས་གཉི་གའི་ཁྱད་པར་གྱིས་ཐུན་ཚོད་བཞིའོ། །ཉིན་ཞག་གཅིག་ལ་བརྒྱད་དེ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་སོ། །བཞིའོ་ཞེས་པ་ནི་ཡ་ར་ལ་ཝ་སྟེ་དེ་ལྟར་ཐམས་ཅད་དོ། །དེ་ལྟར་ན་དེ་ལྟར་ཐམས་ཅད་བཞིའོ། །ཞེས་པ་ནི་ཨེ་ཝཾ་གི་ཡི་གེས་རྒྱས་བཏབ་པས་ཐམས་ཅད་ཉིད་འབྱུང་བ་
བཞིའི་བདག་ཉིད་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །བཞི་ཞེས་པ་ནི། དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་མཐར་ཡིན་ནོ། །ད་ནི། ཡེ་ཤེས་ཆེན་པོ་ལུས་ལ་གནས། །ཡང་དག་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་གནས་
ལུས་ལ་སྐྱེས་པ་མིན། །ཞེས་གང་གསུངས་པའི་ཡེ་ཤེས་ཆེན་པོ་དེ་ཉིད་ཇི་ལྟར་རྙེད་པར་འགྱུར་བ་གསུངས་པ། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་ལ་སོགས་ཡང་བསྲེགས་པས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །
ཅེས་བྱ་བ་སྨོས་ཏེ། གཏུམ་མོ་འབར་ནས་ཞེས་བྱ་བ་ནི། བསྲུབ་པར་བྱ་བ་དང་། སྲུབ་པར་བྱེད་པའི་སྦྱོར་བས་ཡེ་ཤེས་ཀྱི་མིའོ། །འབར་བ་ནི་རབ་ཏུ་གསལ་བར་འགྱུར་བའོ། །གང་དུ་ཞེ་ན། ལྟེ་བ་སྤྲུལ་པའི་འཁོར་ལོར་རོ། །ཅི་བྱེད་ཅེ་ན་བསྲེགས་པའོ། །ཅི་ཞེ་ན། དེ་བཞིན་
གཤེགས་པ་ལྔ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཆོས་ཀྱི་འཁོར་ལོར་སོན་པ་རྣམས་ཡུལ་ལས་ལྡོག་པར་བྱེད་དོ། །སྤྱན་ལ་སོགས་པ་ཡང་བསྲེགས་ནི་སྤྱན་ལ་སོགས་པའི་སྒྲས་གཟུགས་ལ་སོགས་པའི་ཡུལ་གཟུང་བར་འདོད་པ་དེ་ཡང་དབང་པོ་ལས་ལྡོག་པར་བྱེད་ཅིང་
བསྲེགས་པའི་དབང་པོ་དང་ཡུལ་དག་དབང་པོ་ལས་ལྡོག་ཅིང་། ཡུལ་དང་དབང་པོ་དག་ཀྱང་དབང་པོ་ཡུལ་ལས་ལྡོག་པའོ། །ཧཾ་འཛག་པ་ནི། ཡི་གེ་ཧཾ་ཞུ་བའི་རྣམ་པར་གྱུར་ཏོ། །དེ་ཡང་ཇི་ལྟ་བུའི་གཟུགས་ཡིན་པས་གསུངས་པ། རི་བོང་ཅན་ཞེས་པ་སྟེ། བྱང་ཆུབ་ཀྱི་
སེམས་ཟླ་བ་བདག་མེད་མ་དང་ཐ་མི་དད་པའི་རྡོ་རྗེ་འཛིན་མངོན་པར་གསལ་བར་འབྱུང་བ་ཡིན་ཏེ། སྒྲ་ཇི་བཞིན་པའི་བཤད་པའོ། །ཡང་ན་གཏུམ་མོ་ཞེས་བྱ་བའི་སྒྲས་ནི། གཏུམ་པ་ནི་ཉི་མ་སྟེ་ཤེས་རབ་བོ། ཨ་ནི་ཟླ་བ་སྟེ་ཐབས་སོ། །གཉི་ག་ཡང་ཡི་གེ་ཨཾ་དང་ཧཾ་དུ་སོ་སོར་
เล่ม ๕ · หน้า 19a
བསྡུས་ཤིང་ལུགས་དང་ལུགས་ལས་བཟློག་པའི་བདག་ཉིད་ཀྱིས་ལུས་ཀྱི་ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་ཕན་ཚུན་ཐ་མི་དད་པའི་སྔགས་ལྷའི་སྐུའི་ཚུལ་ཅན་དེ་ནི་གཏུམ་མོ་འབར་བ་སྟེ། དེས་ཆ་མེད་པ་འོད་གསལ་དུ་གྱུར་པའོ། །གང་དུ་ཞེ་ན། ལྟེ་
བར་ཏེ། སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞིའི་རང་བཞིན་སྔར་བསྟན་པའི་ནཱ་ད་དྲུག་ཅུ་རྩ་བཞིས་བསྡུས་པར་གྱུར་པའི་ཁུ་བའི་རྣམ་པ། ཨཾ་ཧཾ་ཧཾ་ཨཾ། ལུས་ཁུ་བའི་རྣམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའོ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །ཞེས་པ་ནི་ཀའི་སྡེ་
ཚན་ལ་སོགས་པའི་སྡེ་ཚན་ལྔའོ། །སྤྱན་ལ་སོགས་པ་ཡང་བསྲེགས་པ་ནི་ཡ་ར་ལ་ཝ་རྣམས་སོ། །དང་པོའི་མང་པོའི་ཚིག་གིས་སྐུ་གསུམ་གྱི་རང་བཞིན་ཤ་ཥ་ས་དང་། ཨ་ཞེས་བྱ་བ་ཡི་གེ་ཨ་ལ་སོགས་པ་ཨཾ་གི་མཐར་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ནཱ་ད་བཅོ་ལྔས་སོ་སོར་
བསྡུས་པའི་དབྱངས་བཅོ་ལྔ་དེ་བཞིན་གཤེགས་པའི་བདག་ཉིད་ཀྱིས་སོ། །ཌ་ཌྷ་ད་དྷ་ཡ་ལ་ནི། གསལ་བྱེད་དྲུག་གི་གཟུགས་བྱང་ཆུབ་ཀྱི་སེམས་དྲུག་གི་ཡི་གེ་རྣམས་དང་། ནཱ་ད་གཉིས་ཀ་ཡང་བསྡུས་པར་གྱུར་པའི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ། དབྱངས་དང་གསལ་བྱེད་ཀྱི་ནཱ་ད་བརྒྱད་
དང་། ཨྤ་ཨྐ་ཨྐཱ་ཨྤ་ནི་ཡང་དག་པའི་གོང་བུའི་ནཱ་ད་གཉིས་དང་། ཡི་གེ་ཀྵ་བསྡུས་པ་ཡི་གེ་ཧཾ་དང་ཨཾ་གང་ཡོངས་སུ་གྱུར་པའོ། །དེ་དེའི་ཚེ་བསྲེགས་པ་ནི། ཡམ་ཤིང་མེད་པའི་མེའི་རང་བཞིན་ཉིད་དུ་སྙོམས་པར་འཇུག་པའོ། །རི་བོང་ཅན་ཧཾ་འཛག་ཅེས་པ་ནི། བྱང་ཆུབ་སེམས་
ཟླ་བ་བསྐུས་པའི་བདག་ཉིད་བྱུང་ནས། ཟག་པས་ལུས་ཐམས་ཅད་ཀྱི་མཚན་མོ་ཐམས་ཅད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་བྱུང་བ་ཡིན་ཏེ། རིམ་པ་འདི་ནི་ཤིན་ཏུ་རྙེད་པར་དཀའ་བས་བླ་མ་དམ་པའི་མན་ངག་གིས་གཞན་ལས་ཤེས་པར་བྱ་བ་ཡིན་ནོ། །ཕུང་པོ་
ལྷག་མ་དང་བཅས་པའི་རིམ་པ་སྟེ་སྒྲ་ཇི་བཞིན་མ་ཡིན་པ་ཆ་མེད་པའི་ཕྱིར་དེ་ཉིད་ཡིན་པར་དགོངས་སོ། །ཡང་ན། ལྟེ་བར་གཏུམ་མོ་སྦར་བ་ཡིག།། །ཞེས་པ་ནི། གཏུམ་པ་དེ་ཉིད་ཀཱ་ལིའི་ཚུལ་གྱིས་ནཱ་དའི་ཕྲེང་བ་ཅུང་ཟད་ང་རོ་ཞན་པ་ཌ་ཌྷ་ད་ངྷ་ཡལ་དང་བཅས་པའི་ནཱ་ད་བཞི་བཅུ་
เล่ม ๕ · หน้า 19b
ཐམ་པའོ། །ཨཱ་ལི་ཞེས་པ་ནི། ཡི་གེ་ཨ་ལ་སོགས་པ་དབྱངས་བཅུ་དྲུག་རྣམས་སོ། །འདི་གཉིས་དང་གསལ་བྱེད་ཀྱི་རང་བཞིན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་རྣམ་པར་དག་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་
རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་བྱང་ཆུབ་པའི་རྣམ་པར་དག་པའི་སྐུའོ། །དེ་ལྟར་དབྱངས་དང་གསལ་བྱེད་དག་བརྒྱ་རྩ་བཅུ་གཉིས་ཀྱི་ནད་ལས་བླ་མའི་མན་ངག་གིས་ཉེ་བར་འདུས་ནས་སྤྲུལ་པའི་འཁོར་ལོར་ཉི་ཟླའི་ནང་དུ་ཕྲེང་བའི་ཚུལ་གྱིས་རྣམ་པར་བཀོད་ནས་ཁ་སྦྱར་
བའི་ནང་དུ་གཉི་གའི་བུ་གར་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ལས་ཀྱི་རླུང་གིས་བསྐུལ་བས་གཏུམ་མོ་འབར་ཏེ། འབར་བས་ཆོས་ཀྱི་འཁོར་ལོར་སོང་བའི་དེ་བཞིན་གཤེགས་པ་རྣམས་བསྲེགས་ནས་རང་བཞིན་མེད་པར་མཛད་དོ། །འདུས་ཏེ་ལོངས་སྤྱོད་ཀྱི་འཁོར་
ལོར་སོང་ནས་ཡུལ་དྲུག་དང་འཁྲིལ་བས་སྤྱན་མ་ལ་སོགས་པ་རྣམས་བསྲེགས་སོ། །དེ་ནས་བདེ་བ་ཆེན་པོའི་འཁོར་ལོར་སོང་བས་ཧཾ་བསྲེགས་སོ། །བསྲེགས་ནས་རང་བཞིན་མེད་པར་བྱས་ཏེ་རི་བོང་ཅན་འཛག་པ་ཡིན་ནོ། །རིམ་པ་འདིའི་རྣལ་འབྱོར་ནི་གཏུམ་མོའི་རྣལ་འབྱོར་
ཞེས་བྱའོ། །ཡང་ན་གཏུམ་མོ་ནི་བདག་མེད་མའོ། །འབར་བ་ནི་འོད་གསལ་དུ་གྱུར་པའོ། །གང་དུ་ཞེ་ན། ལྟེ་བའི་ཆུ་བྱང་ཆུབ་ཀྱི་སེམས་ཁུ་བའི་ཚུལ་ལའོ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་ནི། དབང་པོ་དྲུག་གི་རང་བཞིན་རྣམས་སོ། །སྤྱན་ལ་སོགས་པ་ཡང་
བསྲེགས་པ་ནི། ཡུལ་དྲུག་གི་ཚུལ་རྣམས་སོ། །ཨཾ་བསྲེགས་པ་དྲུག་པ་རྡོ་རྗེ་འཛིན་པར་གནས་ཏེ། དབང་པོ་ལྔ་དང་ཡུལ་ལྔ་དང་རྣམ་པར་ཤེས་པ་ལྔའི་བདག་ཉིད་ཅན་གྱི་ལྷ་མོ་བཅོ་ལྔ་རྣམས་བསྡུས་ནས། ཧཾ་གི་ཚུལ་གྱི་རྡོ་རྗེ་འཛིན་འཛག་པ་དེ་ཡང་རང་བཞིན་མེད་པར་འགྱུར་བ་
ཡིན་ནོ། །ད་ལྟ་བུར་གྱུར་པའི་རི་བོང་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ཐམས་ཅད་སྤྲོ་བ་དང་བསྡུ་བའི་ངོ་བོའི་རྡོ་རྗེ་འཛིན་པ་འབྱུང་བ་ཡིན་ནོ། །འདིར་ཡང་ཇི་ལྟར་སྐྱེས་པའི་ཡེ་ཤེས་དེ་དེ་བཞིན་དུ་བླ་མའི་གདམས་ངག་གི་རིམ་པས་
เล่ม ๕ · หน้า 20a
ཤེས་པར་བྱ་སྟེ། རིམ་པ་ཙམ་ཉེ་བར་བསྟན་པ་ཡིན་ནོ། །རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བ་སྟེ་དང་པོའོ་ཞེས་པ་ནི། རྡོ་རྗེ་ནི་མི་ཕྱེད་པའོ། །རིགས་ནི་སྣ་ཚོགས་པའི་ཚུལ་ལོ། །གཉི་ག་ཡང་གོས་དང་འདྲ་བས་གོས་ཏེ་ཕན་ཚུན་དུ་འགེབས་པའི་ཕྱིར་ཏེ། གཞུང་
འདིའི་རྩོམ་པའོ། །དེ་ལེན་ཅིང་འཛིན་ལ་རྟོགས་པས་རིམ་པར་ཕྱེ་བའོ། །དེ་ཡང་དང་པོ་ནི། གཉིས་པ་མེད་པའོ། །དེ་ཡང་རྫོགས་པ་ནི། མཉམ་པས་གཉིས་སུ་མེད་པ་རྙེད་པ་ཐོབ་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་ལེའུ་དང་པོའོ།། །།དེ་ལྟར་
སྐུ་རྡོ་རྗེ་རྡོ་རྗེ་གསུམ་དང་ཐ་མི་དད་པར་བཤད་ནས། ད་ནི་གསུང་རྡོ་རྗེ་ཡང་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གསལ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ། སྔགས་ཀྱི་ལེའུ་བཤད་པར་བྱའོ་ཞེས་སྨོས་སོ། །སྔགས་ཀྱི་སྒྲས་ནི། གསུང་རྡོ་རྗེའོ། །དེའི་ཡང་དོན་ནི་འདི་ཡིན་ཏེ། ཡིད་སྐྱོབ་པར་
གྱུར་པའི་ཕྱིར། སྔགས་ཞེས་མངོན་པར་བརྗོད་དོ། །ཡིད་ནི་སེམས་ཡིན་ལ་དེ་སྐྱོབ་ཅིང་སྐྱོབ་པ་ཡིན་ཏེ་ཐུགས་རྡོ་རྗེ་ནི་རླུང་ལ་ཞོན་པའི་ཕྱིར་རོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། གཡུང་མོ་སྐུ་ལ་འཁྱུད་ནས་ནི། །འདོད་ཆགས་ཆེན་པོས་རྗེས་ཆགས་ཉིད། །ཞེས་པའོ། །གཡུང་
མོའི་སྒྲས་ནི་རླུང་དུ་བརྗོད་དོ། །དེ་ཡང་ནཱ་ད་དེས་ཀྱང་ལུས་མཐའ་དག་ལ་ཁྱབ་པ་ཡིན་ནོ། །རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་སྔགས་དེ་ཉིད་དེ་ཁོ་ན་ཉིད་ཀྱི་དོན་སྐུལ་བར་བྱེད་པའི་སྒྲའི་སྔགས་སོ། །ཀུན་བཀབ་ཏེ་སྦས་པས་གོས་ཡིན་ལ། དེ་ལེན་ཅིང་འཛིན་པར་བྱེད་པས་ན་སྔགས་ཀྱི་རིམ་
པར་ཕྱེ་བའོ། །དེ་བཤད་པར་བྱའོ་ཞེས་པ་ནི། མངོན་པར་བརྗོད་པའི་ཆོས་ཀྱི་ཕྱིར་སྒྲ་སྟེ་སྒྲ་ཉིད་ཀྱིས་རྟོགས་པར་བྱ་བའོ། །སྒྲས་སྒྲ་རྟོགས་པས་སྒྲ་ཉིད་ཀྱི་ནང་དུ་ཐིམ་པ་ཡིན་ནོ། །ཆ་མེད་པའི་རྡོ་རྗེ་འཛིན་པ་ཉིད་ནཱ་དའི་བདག་ཉིད་ཅན་ཡིན་ཏེ་རྟོགས་པར་བྱེད་པས་སོ། །དེ་ལ་སྔགས་པས་
བགེགས་ཐམས་ཅད་ཚར་གཅད་པར་བྱ་བའི་ཕྱིར་དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་མངོན་དུ་བྱས་ནས་དང་པོ་ཁོ་ནར་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་གསུངས་པ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་བྷརྨཱནཱཾ་ཨཱདྱ་ནུདྤ་ནྣུ་ཏྭཱ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་ཀྱི་གཏོར་
เล่ม ๕ · หน้า 20b
མའི་སྔགས་སོ་ཞེས་པ་སྨོས་སོ། །འབྱུང་པོ་ནི་སྲོག་ཆགས་སོ། །ཐམས་ཅད་ཅེས་པ་ནི་ལྷག་མ་མ་ལུས་པའོ། །ལྷ་ལ་སོགས་པ་འགྲོ་བ་རིགས་དྲུག་སྟེ། དེ་རྣམས་ཀྱི་གཏོར་མ་ནི་མཆོད་པས་ཚིམ་པར་བྱའོ། །དེའི་དོན་གྱི་སྔགས་སོ། །དེ་ཡང་ཡི་གེ་ཨ་ཅི་འདྲ་བ་ཞིག་ཅེ་ན། ཆོས་
ཐམས་ཅད་ཀྱི་སྒོ་སྟེ། དང་པོའི་རྒྱུའོ། །ཨོཾ་ཞེས་པ་ནི་ཁས་བླངས་པའོ། །ཇི་ལྟར་ཞེ་ན་གསུངས་པ། གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཀྱི་རང་བཞིན་མ་སྐྱེས་པ་ཉིད་དོ། །ཆོས་དེ་ཡང་རྡོ་རྗེ་གསུམ་གྱི་རང་བཞིན་རྣམས་ཨོཾ་ཨཱཿཧཱུཾ་གི་ཕྱིར་རོ། །ཕཊ་སྭཱ་ཧཱ་ཞེས་པ་ནི། ཕཊ་ཤེས་རབ་
བོ། །སྭཱ་ཧཱ་ཐབས་ཏེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཕྱིར་རོ། །འདིས་ནི་ཡེ་ཤེས་ལྔ་དང་། སྐུ་གསུམ་གྱི་རང་བཞིན་ཉིད་དུ་ཆོས་ཐམས་ཅད་བསྟན་པ་ཡིན་ནོ། །ཡང་ན་ཨོཾ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཨ་ཀཱ་རོ་ཞེས་པ་ནི་དོན་དམ་པའི་བདེན་པའོ། །གཉི་གར་ནི། སརྦ་
དྷརྨཱ་ཎཱཾ་མུ་ཁཾ་ངོ་། །གང་ལས་ཤེ་ན། ཨཱ་དྱ་ནུདྤནྣ་ཏྭཱཏ། དང་པོར་ཡི་གེ་ཨོཾ་གྱི་ཚུལ་ནི། ཀུན་རྫོབ་ཀྱི་བདེན་པ་མ་སྐྱེས་པའི་ཕྱིར་དང་། དོན་དམ་པའི་བདེན་པའི་རང་བཞིན་གྱི་ཕྱིར་དང་གཉིས་དབྱེར་མེད་པའི་རྟོག་པ་ཡང་དེ་ལ་མེད་པ་ཡིན་ནོ། །དེ་བས་ན་ཨོཾ་ཨཱཿཧཱུཾ་ཕཊ་གསུམ་
ཡང་ཐ་མི་དད་པའོ། །ཇི་ལྟར་ཐ་མི་དད་ཅེ་ན། གང་བདག་ཉིད་རྡོ་རྗེ་གསུམ་གཅིག་པའི་སྐུ་སེམས་ཙམ་ཡིན་ནོ། །དེ་ཡང་ཧ་རྡོ་རྗེ་འཛིན་པ་དང་། ཨ་བདག་མེད་པ་ཐ་མི་དད་པའོ། །འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་ནི་སེམས་ཅན་གྱི་ཁམས་མ་ལུས་པ་ཚིམ་པར་བྱེད་པའི་
བྱང་ཆུབ་ཀྱི་རང་བཞིན་གྱི་མཆོད་པ་རྡོ་རྗེའི་བདག་ཉིད་ཀྱི་དོན་སྐུལ་བར་བྱེད་པའི་བརྡ་ཡིན་ནོ། །ཡང་ན་བྱས་པས་ནི། ཀཱ་རོ་སྟེ་བྱ་བ་ཡིན་ལ་དེ་བཞིན་དུ་འདྲ་བའི་རྣམ་པ་ནི་མ་ཡིན་ནོ། །གང་རྣམས་ཀྱི་ཞེ་ན། སརྦ་དྷརྨཱ་ཎཱཾ་ཞེས་པའོ། །གང་ལས་ཤེ་ན། ཨཱ་དྱ་ནུདྤནྣ་ཏྭཱཏ། དེའི་ཕྱིར་མུ་ཁཾ་
ངོ་། །ཡི་གེ་ཨོཾ་ནི་རྡོ་རྗེ་གསུམ་ཐ་མི་དད་པའོ། །དེ་ཡང་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་སྟེ་ཕཊ་ཤེས་རབ་པོ། །སྭཱ་ཧཱ་ཐབས་སོ། །འདི་གཉི་ག་ཡང་ཐ་མི་དད་པ་ཡིན་ནོ། །ཡི་གེ་ཨོཾ་གྱིས་རྡོ་རྗེ་གསུམ་མོ། །ཡི་གེ་ཨཱཿས་ཀྱང་དེ་བཞིན་དུའོ། །ཡི་གེ་ཧཱུཾ་གིས་ཀྱང་དེ་ཁོ་ན་ཉིད་གསུམ་གྱི་བདག་
เล่ม ๕ · หน้า 21a
ཉིད་ཡིན་པའི་ཕྱིར་གསུམ་ཀས་ཀྱང་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རྫོགས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྡུ་བའི་བདག་ཉིད་ཀྱི་སྔགས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲོ་བའི་ཚུལ་གྱི་ས་བོན་གསུངས་པ།
བུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། བུཾ་ནི་རྣམ་པར་སྣང་མཛད་དོ། །ཨཾ་ནི་རིན་ཆེན་འབྱུང་ལྡན་ནོ། །ཛྲཱྀཾ་ནི་འོད་དཔག་མེད་པའོ། །ཁཾ་ནི་དོན་ཡོད་གྲུབ་པའོ། །ཧཱུཾ་ནི་མི་བསྐྱོད་པའོ། །འདི་གཉིས་སྤྲོ་བ་དང་བསྡུ་བའི་བདག་ཉིད་འབྲས་བུ་རྡོ་རྗེ་འཆང་དགྱེས་པའི་རྡོ་རྗེ་ཞེས་བྱའོ། །ཕྱག་བཅུ་དྲུག་པ་དེའི་
སྔགས་ཐ་མི་དད་པར་བཤད་པར་བྱ་སྟེ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་སྨོས་ཏེ། ཨོཾ་ཞེས་པ་ནི་སྐུའི་རྡོ་རྗེའོ། །དེ་ཡང་ལྷ་ཡིན་ཏེ། ལྷ་སྤྲོ་བའི་ཚུལ་གྱིས་གནས་ལྷའོ། །དེ་ཡང་པི་ཙུ་གསོ་བ་སྟེ་བསྡུ་བའི་ཚུལ་ལོ། །སྤྲོ་བ་དང་བསྡུ་བ་དབྱེར་མི་ཕྱེད་པ་ནི་བཛྲའོ། །དེ་ཡང་
ཡི་གེ་ཧཱུཾ་གསུམ་གྱི་བདག་ཉིད་ཡི་གེ་ཧཱུཾ་རེ་རེ་ཡང་རྡོ་རྗེ་གསུམ་གྱིས་སོ། །ཕཊ་སྭཱ་ཧཱ་དག་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་དགྱེས་པའི་རྡོ་རྗེའོ། །དེ་ཉིད་དགྱེས་པའི་རྡོ་རྗེའི་སྙིང་པོའོ། །ཐབས་དང་ཤེས་རབ་ཐ་མི་དད་པའི་དགྱེས་
པའི་རྡོ་རྗེ་ཞེས་བྱ་བའི་ཡེ་ཤེས་ཡིན་ཞེས་པའི་དོན་ཏོ། །དེ་ཉིད་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པའི་ཕྱིར་རོ། །འདི་ནི་ཨཱ་ལི་ཀཱ་ལིའི་བདག་ཉིད་ཡིན་པའི་ཕྱིར་སྔགས་ཐམས་ཅད་ཀྱི་རྐང་པ་དང་པོར་ཡི་གེ་ཨོཾ་དང་། མཐར་ནི་སྭཱ་ཧཱ་དང་ཧཱུཾ་ཕཊ་ཀྱི་ཡི་གེས་སྤེལ་བར་བྱའོ་ཞེས་པ་ནི། ནཱ་
ད་ཐམས་ཅད་ཡི་གེ་ཧཱུཾ་ཕཊ་ཀྱི་ནང་དུ་སྔགས་ཀྱི་ཚིག་ཡིན་ནོ། །ཡང་ན་སྔགས་ཐམས་ཅད་ཀྱི་རྐང་པ་ཞེས་ནི། མ་ལུས་པའི་ནཱ་དའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། །དེ་ཉིད་དང་པོར་ཨོཾ་གྱི་ཡི་གེ་དང་མཐར་སྭཱ་ཧཱའོ། །ཡི་གེ་ཨོཾ་ནི་རྡོ་རྗེ་གསུམ་ཐ་མི་དད་པ་སྟེ་
དེ་ཉིད་དང་པོ་སྟེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །མཐར་ནི་སྭཱ་ཧཱ་ནི། སྭཱ་ནི་རྡོ་རྗེ་གསུམ་མོ། །ཧཱ་ནི་ཐབ་དང་ཤེས་རབ་པོ། །འདི་མཐའ་མ་ཡིན་པས་མཐའོ། །དེ་ཡང་ཨ་ནི་གཉིས་སུ་མེད་པའི་ཧེ་རུ་ཀའོ། །དེ་ཉིད་ཀྱི་ཕྱིར་ཧཱུཾ་ཕཊ་ཀྱི་ཡི་གེ་སྤེལ་ལོ་ཞེས་པ་ནི། ཧཱུཾ་རྡོ་རྗེ་འཛིན་པའོ། །
เล่ม ๕ · หน้า 21b
ཕཊ་ཤེས་རབ་བདག་མེད་མའོ། །དེ་དག་ལ་ཡི་གེ་སྤེལ་བ་ནི་མཚན་པའོ། །དེ་ཉིད་ཆད་པར་འགྱུར་པ་ཡང་། ཡི་གེ་ལས་བྱུང་གོང་བུ་ལ། ཧཱུཾ་ཕཊ་ཡི་གེ་འདོད་མི་བྱ། །ཞེས་པས་སོ། །དེ་ཉིད་ཨཱ་ལི་ཀཱ་ལིའི་རང་བཞིན་གྱིས་ནཱ་ད་རྣམས་དང་རྡོ་རྗེ་འཆང་ཐ་མི་དད་པས་སོ། །ཨོཾ་ཨ་ཀ་ཙ་ཊ་
ཏ་པ་ཡ་ཤ་སྭཱ་ཧཱ། གྲོང་ཁྱེར་དཀྲུགས་པའི་སྔགས་སོ། །གྲོང་ཁྱེར་ནི་ལུས་ས། །དེ་དཀྲུགས་པ་ནི་རང་བཞིན་མེད་པར་བྱེད་པས་ན་གྲོང་ཁྱེར་དཀྲུགས་པའི་སྔགས་སོ། །དེ་ཡང་ཡི་གེ་ཨོཾ་ནི་རྡོ་རྗེ་གསུམ་མོ། །དེ་ཡང་ཨ་ཞེས་པ་ནི། བདག་མེད་ལ་སོགས་པའི་རྣལ་འབྱོར་མ་བཅོ་ལྔའི་
རང་བཞིན་གྱི་དབྱངས་བཅོ་ལྔའོ། །ཀ་ཙ་ཊ་ཏ་པ་རྣམས་ནི། རེ་རེ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔ་སྟེ། ཡི་གེ་ཉི་ཤུ་རྩ་ལྔའོ། །ཡ་ཞེས་པ་ནི། ཡ་ར་ལ་ཝ་ནི་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་ལྷ་མོ་བཞིའོ། །ཤ་ཞེས་པ་ནི། ཤ་ཥ་ས་སྟེ་སྐུ་གསུང་ཐུགས་
རྣམས་ཏེ། སྐུ་གསུམ་གྱི་རང་བཞིན་གྱི་ཡི་གེ་གསུམ་མོ། །སྭཱ་ཞེས་པ་ནི་རྡོ་རྗེ་གསུམ་མོ། །ཧཱ་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྡོ་རྗེ་འཆང་ཡིན་ཏེ། གྲོང་ཁྱེར་དཀྲུགས་པའི་སྔགས་སོ། །དེ་ལ་ཨ་ཞེས་པ་ནི། རྣལ་འབྱོར་མའི་བསྡུས་པའི་ས་བོན་ནོ། །འདི་ཉིད་གསལ་
པོར་གསུངས་པ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཞེས་པ་སྨོས་ཏེ། །ཨི་ཨི་ཨུ་རེ་ལྀ་ཞེས་པ་ལྔ་པོ་འདི་ནི། གཉིས་སུ་མེད་པའོ། །ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཞེས་པ་ལྔ་ནི་དབྱེར་མི་ཕྱེད་པའོ། །ཨེ་ཨོ་ཨཾ་གསུམ་ནི་སའི་བདག་ཉིད་ཀྱི་དབྱངས་ཡིག་རྡོ་རྗེ་གསུམ་མོ། །ཨཻ་ཨཽ་ནི་རྡོ་རྗེ་
གསུམ་དབྱེར་མེད་པའི་བཞི་པའོ། །རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནོ་ཞེས་པ་ནི། འདི་ལ་རྣལ་འབྱོར་ཡོད་པས། དེའི་ས་བོན་ནི་སྐྱེད་པར་བྱེད་པའི་རྒྱུ་སྟེ། མ་སྐྱེས་པའི་རང་བཞིན་གྱི་མཚན་མ་ཉིད་མཚན་མ་མེད་པ་ཡིན་ནོ། །ཀ་ཙ་ཊ་ལ་སོགས་པ་ཀཱ་ལིའི་གཟུགས་ཀྱིས་ཐབས་
ཀྱི་རང་བཞིན་ཡིན་པའི་ཕྱིར་ཕྱག་གཉིས་པའི་ས་བོན་དང་སྔགས་སོ། །ཨོཾ་ཏྲཻ་ལོ་ཀྱཱ་ཀྵ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ལ་གཉིས་སྨོས་པས་ཐབས་དང་ཤེས་རབ་དག་དེའི་བདག་ཉིད་ཀྱིས་ལོངས་སྤྱོད་པས་ན་ཕྱག་གཉིས་པའོ། །དེའི་ཨོཾ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དེ་གསུམ་གྱི་སྒྲས་སྐུ་
เล่ม ๕ · หน้า 22a
གསུང་ཐུགས་སོ། །ལོ་ཀའི་སྒྲས་ཕུང་པོ་ལྔ་རྣམས་ཏེ། གསུམ་ཡང་ཡིན་ལ་འཇིག་རྟེན་ཡང་ཡིན་པས་འཇིག་རྟེན་གསུམ་མོ། །ལྔ་པོ་གསུམ་ལ་སུམ་འགྱུར་གྱིས་དགུའི་བདག་ཉིད་དང་བཅོ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་གཉིས་སོ། །དེའི་དངོས་
པའི་ཏྲཻ་ལོ་ཀྱཱ་ནི། ད་སང་བར་བྱེད་པས་ཏེ། ཏྲཻ་ལོ་ཀྱཱ་ཀྵེ་པའོ། །དེ་ཡང་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་ནི། སུམ་འགྱུར་གྱིས་ན་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཕཊ་སྭཱ་ཧཱ་ནི་ཕཊ་ཤེས་རབ་པོ། །སྭཱ་ཧཱ་ཐབས་སོ། །ད་ནི་ཐབས་དང་ཤེས་རབ་ཐ་མི་དད་པས་བོ་ལ་ཀ་ཀོ་ལ་སྦྱར་བ་ལས་དགའ་
བཞིའི་རྣམ་པར་དག་པའི་ཕྱག་བཞི་པའི་བཅོམ་ལྡན་འདས་དེའི། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཕཊ་ཅེས་སྨོས་སོ། །ཨོཾ་ཞེས་པ་ནི་རྡོ་རྗེ་གསུམ་ཐ་མི་དད་པའི་རྡོ་རྗེ་འཆང་ངོ་། །དེ་ཡང་དགའ་བ་ལ་སོགས་པའི་རིམ་པས་བཞིའོ། །གསལ་བ་ཡིན་པས་ཛྭ་ལ་ཛྭ་ལའོ། །དེ་ཡང་བྷྱོ་མི་བསྐྱོད་
པའོ། །ཧཱུཾ་ཧཱུཾ་ཧཱུཾ་ནི་དེ་བཞིན་ཉིད་དོ། །ཕཊ་སྭཱ་ཧཱ་ཞེས་པ་ཡང་དེ་བཞིན་ནོ། །ད་ནི་ཕྱག་གཉིས་པ་དང་ཕྱག་བཞི་པ་དག་དྲུག་པའི་རང་བཞིན་དུ་གསུངས་པ། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་སྟེ་ཐམས་ཅད་སྔ་མ་བཞིན་ནོ། །ཀི་ཊི་ཀི་ཊི་ནི་རྣལ་འབྱོར་མ་རྣམས་བཞད་པའོ། །རྣལ་
འབྱོར་མ་ནི་འོད་གསལ་གྱི་རང་བཞིན་རྡོ་རྗེ་འཆང་ངོ་ཞེས་པའི་དོན་ཏོ། །སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་གྱི་དགྱེས་པའི་རྡོ་རྗེ་ཡིན་ནོ། །ཕྱག་གཉིས་པ་དང་ཕྱག་བཞི་པ་དང་ཕྱག་དྲུག་པ་གསུམ་པོ་འདི་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དང་དགའ་བ་བཞི་སྟེ་དྲུག་གི་རང་
བཞིན་ནོ། །སྐུ་གསུང་ཐུགས་ནི་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་གྱི་ཧེ་རུ་ཀ་གསུམ་སྟེ། ཡེ་ཤེས་བཅོ་ལྔའི་བདག་ཉིད་དོ། །དེ་བྱིན་གྱིས་བརླབས་པའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་སྟེ། བྱིན་གྱིས་བརླབས་པའི་སྔགས་སོ། །ཏིང་ངེ་འཛིན་ལྷག་པར་ཕན་
ཚུན་དུ་དམིགས་པའི་གནས་སོ། །གནས་ཞེས་པ་ནི་བྱིན་གྱིས་བརླབས་པ་སྟེ། དེ་ཡང་ཧེ་རུ་ཀའི་གཟུགས་ཀྱི་སྔགས་སོ། །འདི་ལྟ་བུའི་དེ་ཁོ་ན་ཉིད་ཀྱི་དོན་སྐུལ་བར་བྱེད་པའི་སྒྲ་ནི་བཞི་པ་འབྲས་བུའི་རྡོ་རྗེ་འཆང་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པ་ཞེས་པའི་དོན་ཏོ། །ད་ནི་
เล่ม ๕ · หน้า 22b
ཧེ་རུ་ཀ་བཞི་བྱིན་གྱིས་བརླབས་པ་དང་། །སྦས་པ་རྟོགས་པར་བྱས་ནས་དེའི་རང་བཞིན་གྱིས་གནས་པར་བྱ་བ་ཡིན་པའི་ཕྱིར་ས་སྦྱང་བའི་སྔགས་ནི། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་སྟེ། སའི་སྒྲས་ནི་ཆོས་འབྱུང་ངོ་། །དེ་སྦྱང་བ་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་
དག་པ་སྟེ། དེ་ལྟར་གྱུར་པའི་སྔགས་སོ། །དེ་ཁོ་ན་ཉིད་ཀྱི་དོན། སྐུལ་བར་བྱེད་པས་སྒྲའོ། །དེ་ཡང་ཡི་གེ་ཨོཾ་ནི་སྐུ་རྡོ་རྗེ་སྟེ་ཐབས་སོ། །ར་ནི་ཤེས་རབ་བོ། །ཐབས་དང་ཤེས་རབ་དབྱེར་མེད་པ་ནི་ཡི་གེ་ཀྵ་སྟེ། དེ་ཡང་འཇིག་པའོ། །ཀྵ་ཞེས་པ་ནི་མི་ཟད་པའོ། །འགའ་
ཞིག་འཇིག་པས་ཐིམ་པར་འགྱུར། །གང་ཞིག་དངོས་མེད་ཟད་པའང་མེད། །ཅེས་བྱ་བའི་ཚིག་གིས་སོ། །ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི། ཐམས་ཅད་སྔར་བསྟན་པ་ཡིན་ནོ། །དེ་ཉིད་རེངས་པར་བྱེད་པ་སྟེ། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་རེངས་པར་བྱེད་པ་སྟེ། གཡོ་བཅས་ཀྱི་རྩོལ་བསླབ་
པར་བྱའོ། །ཡང་ན་ཨོཾ་ནི་རྡོ་རྗེ་གསུམ་ཐ་མི་དད་པའོ། །དེ་བཞིན་དུ་ཧཱུཾ་ཡིན་ནོ། །དེ་ལྟར་སྭཱ་ཡང་སྟེ། གསུམ་ནི་དེ་ཁོ་ན་ཉིད་གསུམ་ཐ་མི་དད་པས་སོ། །ཧཱ་ཞེས་པ་ནི་ཐབས་ཤེས་རབ་དབྱེར་མི་ཕྱེད་པའི་ཕྱིར་ཏེ། རྡོ་རྗེ་སེམས་དཔའ་ནི་གཡོ་བ་མེད་པ་ཉིད་དོ། །སེམས་ནི་
བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །ཞེས་བྱ་བའི་ཚིག་གིས་སོ། །ཨོཾ་ཨཾ་སྭཱ་ཧཱ། དབང་དུ་བྱེད་པའོ། །ཨོཾ་ནི་ཐབས་སོ། །ཨཾ་ནི་ཤེས་རབ་བོ། །སྭཱ་ནི་རྡོ་རྗེ་གསུམ་མོ། །ཧཱ་ནི་ཐམས་ཅད་དབྱེར་མེད་པའོ། །དབང་དུ་བྱ་བའི་སྔགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་
ཀྱིས་སོ། །ཨོཾ་ཁཾ་སྭཱ་ཧཱ། སྐྲོད་པའི་སྔགས་སོ་ཞེས་པ་ནི། སྔགས་འདིས་གནས་ལས་གཡོ་བར་བྱེད་པའོ། །ཡང་ན་སྐྲོད་པ་ནི་སྤྲོ་བའོ། །ཨོཾ་རྡོ་རྗེ་གསུམ་ཐ་མི་དད་པ་གང་དེ་ཁཾ་ཡེ་ཤེས་ལྔ་རྣམས་སོ། །སྭཱ་ཧཱ་ཞེས་པ་ནི། རྡོ་རྗེ་གསུམ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་སྤྲོ་བར་
བྱེད་པས་ན་རྡོ་རྗེ་རྟ་མཆོག་གིས་སོ། །ཨོཾ་ཛྲྀཾ་སྭཱཾ་ཧཱ་ཞེས་བྱ་བ་ནི། སྡང་བར་བྱེད་པ་སྟེ། དབྱེ་བར་བྱེད་པའི་སྔགས་སོ། །ཡང་ན་སྡང་བ་ནི་གཉིས་སྨོས་པས་ཐབས་དང་ཤེས་རབ་དེ་དག་འདོད་པས་ན་སྡང་བ་སྟེ་ཟུང་འཇུག་གོ། །དེ་ཡང་ཨོཾ་ཛྲཱྀཾ་སྭཱ་ཧཱ་ཞེས་པའི་དེ་ཁོ་ན་ཉིད་གསུམ་དབྱེར་
เล่ม ๕ · หน้า 23a
མེད་པས་ན་སྣང་བ་མཐའ་ཡས་ཀྱིས་སོ། །ཨོཾ་བུཾ་སྭཱ་ཧཱ་ཞེས་པ་ནི་མངོན་སྤྱོད་ཀྱིའོ། །མངོན་སྤྱོད་ཀྱི་སྒྲས་རིམས་ལ་སོགས་པ་བྱེད་པའོ། །ཡང་ན་མངོན་སྤྱོད་ཅེས་པ་ནི། དེ་ཉིད་ཞེ་སྡང་རྡོ་རྗེ་སྟེ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱིས་ན་མངོན་སྤྱོད་དེ་མ་ནིང་ངོ་། །དེ་
ཡང་བུཾ་སྨོས་པས། བྱང་ཆུབ་ཀྱི་སེམས་ཁུ་བཞེས་བྱ་སྟེ། དེ་ཉིད་རྡོ་རྗེ་གསུམ་ཉིད་ཀྱིས་ཁྱབ་པ་ཡིན་པས་ན་རྣམ་པར་སྣང་མཛད་ཀྱིས་སོ། །ཨོཾ་སྭཱ་ཧཱ་ནི་བཤད་ཟིན་པའི་དོན་ཏོ། །ཨོཾ་ཧཱུཾ་སྭཱ་ཧཱ། འགུགས་པར་བྱེད་པའོ་ཞེས་པ་ནི། །རླུང་ལ་སོགས་པ་འགུགས་པར་བྱེད་པ་
ཡིན་ནོ། །ཡང་ན་བཤད་ཟིན་པའི་དོན་གྱིས་ཐམས་ཅད་ནི་ཐ་མི་དད་པའི་ཕྱིར་འགུགས་པ་ནི་བསྡུས་པ་སྟེ། མི་བསྐྱོད་པས་སོ། །ཨོཾ་གྷུ་སྭཱ་ཧཱ། གསོད་པར་བྱེད་པའོ། །ཡང་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་གསོད་ཅིང་འཕྱེ་བའོ། །དེ་ཡང་གྷུ་ནི་དང་
པོའི་བཞི་པ་ལ་མཁའ་འགྲོ་མས་བརྒྱན་པ་ཚེག་དྲག་གི་མཐའ་ཅན་སྟེ། འདི་རྣམས་ཀུན་ནི་རྣམ་པར་སྤངས། །ཞེས་པའི་ཚིག་གིས་སོ། །ཨོཾ་སྭཱ་ཧཱ་ཞེས་པ་ནི་གོ་སླའོ། །གསོད་པ་བསྡུ་བར་བསྟན་ནས། འགྲོ་བ་དྲུག་གི་མཉམ་པ་ཉིད་གསུངས་པ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ
སྭཱ་ཧཱ། ཀུ་རུ་ཀུལླེའི་སྔགས་སོ་ཞེས་པ་ནི། སེམས་སྣ་ཚོགས་དབང་དུ་བྱ་བའི་སྔགས་སོ། །ཡང་ན་ཀུ་རུ་ཀུལླེ་ཧྲཱིཿལས། ཀུ་རུ་ཀུ་ཞེས་པ་ནི། ཐབས་དང་ཤེས་རབ་ཐ་མི་དད་པའི་དགའ་བ་གསུམ་མོ། །དེ་ཡང་ལླེ་ནི་གསུམ་ཁ་སྦྱོར་རོ། །དེ་ཡང་ཧྲཱིཿཚེག་དྲག་གི་
མཐའ་ཅན་བཞི་པ་ཡིན་ནོ། །ཨོཾ་སྭཱ་ཧཱ་ནི་གོ་སླའོ། །འགྲོ་བ་དྲུག་མཉམ་པས་སོ། །ཀུ་རུ་ཀུལླེའི་སྔགས་བསྟན་ཟིན་ནས་དེའི་མཐུ་བསྟན་པ་ད་ནི་ཆར་དབབ་པའི་ཆོ་ག་གསུངས་པ། ཨ་ཕུའི་ཡི་གེས་མཐའ་ཡས་ཀྱི་གཟུགས་བྱས་ལ། བདུད་རྩི་ལྔས་ནི་བླུགས་མེ་ཏོག་ནག་པོས་ནི་
མཆོད། ཀླུ་འདུལ་བར་བྱེད་པའི་ཁུ་བས་ནི་བླུགས། ཀླང་པོ་ཆེའི་ཆང་གིས་ནི་མགོ་བོ་བྱུག ཁམ་ཕོར་ཁ་སྦྱར་དུ་ནི་གཞག བ་ནག་མོའི་འོ་མས་ནི་དགང་། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་ནི་དཀྲི། རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཏེ། མཐའ་ཡས་དེར་གཞག་
เล่ม ๕ · หน้า 23b
གོ། །དེའི་འགྲམ་དུ་དཀྱིལ་འཁོར་བཞེངས་པར་བྱ་ཏེ། དུར་ཁྲོད་ཀྱི་སོལ་བས་ནི་རྡུལ་ཚོན་ནག་པོ། སྐྱེས་པའི་རུས་པའི་ཕྱེ་མས་ནི་རྡུལ་ཚོན་དཀར་པོ། ལྡོང་རོས་ཀྱིས་ནི་རྡུལ་ཚོན་སེར་པོ། དུར་ཁྲོད་ཀྱི་སོ་ཕག་གིས་ནི་རྡུལ་ཚོན་དམར་པོ། རྐུན་མའི་ལོ་མ་དང་། སྐྱེས་པའི་
རུས་པའི་ཕྱེ་མ་དག་གིས་ནི་རྡུལ་ཚོན་ལྗང་གུ་སྟེ། རྡུལ་ཚོན་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་སོ། །དུར་ཁྲོ་བ་ཀྱི་སྲད་བུས་ཐིག་གདབ་ཅིང་དཀྱིལ་འཁོར་ཁྲུ་གསུམ་པ་བྱས་ཏེ། དེའི་དབུས་སུ་མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེ་བྲི་བར་བྱ་སྟེ། ཞལ་བརྒྱད་པ། ཞབས་
བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞིས་ཆེ་བ། འཇིགས་པའང་འཇིགས་པར་མཛད་པ་བྲིའོ། །དེ་ནས་སློབ་དཔོན་གྱིས་ནང་གི་མ་རུངས་པའི་སེམས་ཀྱིས་དབེན་པའི་གནས་སུ་སྔགས་བཟླས་ཏེ་ཞེས་བྱ་བ་ནི། ཀླུའི་མཚེའུ་ཆུ་ཁ་དོག་ནག་པོའི་འཇིམ་པ་
ནག་པོ་ལ་ཨ་ཕུ་ཞེས་བྱ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་མངོན་པར་བསྔགས་ཏེ། བླངས་ནས་སླར་མཐའ་ཡས་ཞེས་བྱ་བ་ཀླུ་དེའི་གཟུགས་བརྙན་བྱེད་ཅིང་མངོན་པར་བསྔགས་ཏེ་དེའི་གཟུགས་བརྙན་བྱའོ། །བདུད་རྩི་ལྔ་ཞེས་པ་ནི་འོ་མ་ལ་སོགས་པས་ཁྲུས་
ཆབ་གསོལ་ལོ། །མེ་ཏོག་ནག་པོས་ཞེས་པ་ནི་ཟར་མའི་མེ་ཏོག་གིས་སོ། །དེ་མེད་ན་མེ་ཏོག་སྔོན་པོ་གཞན་གྱིས་ཀྱང་ངོ་། །མཆོད་པ་ནི་མཆོད་པའོ། །ཀླུ་འདུལ་བར་བྱེད་པའི་ཁུ་བས་ནི་བྱུག གླང་པོ་ཆེའི་ཆང་གིས་ནི་མགོ་བོ་བྱུག ཁམ་ཕོར་ཁ་སྦྱར་དུ་ནི་གཞུག་པ་ནི།
འཇིམ་པ་དེ་ཉིད་ལས་བྱས་པའི་ཁམ་ཕོར་སོ་མ་བཏང་བ་གཉིས་སོ། དེར་བ་ནག་མོའི་འོ་མས་ནི་དགང་། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་དཀྲི། རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཏེ། མཐའ་ཡས་དེར་བཞག་གོ། །དེའི་འགྲམ་དུ་དཀྱིལ་འཁོར་བཞེངས་པར་བྱ་
སྟེ། །བདུད་རྩི་ལྔས་ནི་བླུགས་པ་ལ་སོགས་པ་བྱ་བ་བཅུ་རྣམས་ལ་རེ་རེ་ཞིང་ཡང་ཡི་གེ་ཨ་ཕུའི་སྔགས་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡོངས་སུ་བཟླས་པར་བྱའོ། །དཀྱིལ་འཁོར་བཞེངས་པ་ཡང་། དུར་ཁྲོད་ཀྱི་སོལ་བས་རྡུལ་ཚོན་ནག་པོ་ནི་མི་བསྐྱོད་པའི་རྣམ་པར་དག་པས་བྱའོ། །སྐྱེས་
เล่ม ๕ · หน้า 24a
པའི་རུས་པས་ནི་རྡུལ་ཚོན་དཀར་པོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པས་སོ། །ལྡོང་རོས་ཀྱིས་རྡུལ་ཚོན་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་དག་པས་བྱའོ། །དུར་ཁྲོད་ཀྱི་སོ་ཕག་གིས་རྡུལ་ཚོན་དམར་པོ་ནི་སྣང་བ་མཐའ་ཡས་
ཀྱི་རྣམ་པར་དག་པས་སོ། །རྐུན་མའི་ལོ་མ་དང་སྐྱེས་པའི་རུས་པ་དག་གིས་རྡུལ་ཚོན་ལྗང་གུ་སྟེ་ནི་དོན་ཡོད་གྲུབ་པའི་རྣམ་པར་དག་པས་སོ། །མིའི་རུས་པ་དང་དུར་ཁྲོད་ཀྱི་སོལ་བས་ནི་རྡུལ་ཚོན་སྔོན་པོ་ནི་རྡོ་རྗེ་སེམས་དཔའི་རྣམ་པར་དག་པས་སོ། །རྡུལ་ཚོན་འདི་རྣམས་
ཀྱིས་དཀྱིལ་འཁོར་བཞེངས་སོ། །དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་ཅིང་ཞེས་པ་ནི། བཅུ་བཞིའམ་བརྒྱད་ལ་འདུ་བྱེད་པའི་ས་གཞིར་ཐིག་སྐུད་བྱིན་གྱིས་བརླབས་ཏེ་བཞག་ལ། འདུས་བྱ་བ་ཟིན་ནས་ཐིག་སྐུད་དེས་ཐིག་བཏབ་པའི་དཀྱིལ་འཁོར་ཁྲུ་གསུམ་པ་མི་བསྐྱོད་པའི་རྣམ་པར་
དག་པ་བཞེངས་ནས། དེའི་དབུས་སུ་མཐའ་ཡས་མནན་པའི་དགྱེས་པའི་རྡོ་རྗེ་བྲི་བར་བྱ་སྟེ། ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞིས་ཆེ་བ། ཕྱག་བཅུ་དྲུག་མཚན་མ་ཅན་དེ་དཀྱིལ་འཁོར་གྱི་དབུས་སུ་བྲི་བར་བྱའོ། །དཀྱིལ་འཁོར་
དུ་ནི་རྣལ་འབྱོར་མ་བརྒྱད་འདབ་མ་རྣམས་ལ་ཕྱི་ནས་བྲི་བར་བྱའོ། །འདི་དག་ཐམས་ཅད་བྱས་ནས་སློབ་དཔོན་གྱིས་སྔགས་བཟླ་བར་བྱའོ། །ནང་གི་མ་རུངས་པའི་སེམས་ཀྱིས་ཞེས་པ་ལ། ནང་ནི་བརྩོན་འགྲུས་ཆེན་པོར་རོལ་བའོ། །མ་རུངས་པའི་སེམས་ནི་ཁྲོས་པའི་སེམས་
སོ། །རྒྱུ་འདིས་སྔགས་བཟླས་ན་ཆར་འབབ་པར་འགྱུར་ཏེ། དབེན་པའི་གནས་སུ་ཨོཾ་གྷ་ཌ་གྷ་ཌ། གྷུ་ཌུ་གྷུ་ཌུ། ས་མ་ས་མ། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ་ནཱ་གཱ་ངྷི་པ་ཏ་ཡེ། ཧེ་ཧེ་རུ་རུ་ཀ །སཔྟ་པཱ་ཏཱ་ལ་ག་ཏཱཾ་ནཱ་གཱ་ནཱ་ཀཪྵ་ཡ། བཪྵ་ཡ། གརྫ་ཡ་ཏརྫ་ཡ། ཕུ་ཕུ་
ཕུ་ཕུ་ཕུ་ཕུ་ཕུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའོ། །གལ་ཏེ་ཆར་མི་འབབ་ན་དེའི་སྔགས་འདི་བཟློག་ལ་བཟླ་ཏེ། ཕྱིན་ཅི་ལོག་ཏུ་བཟླས་པ་ཡང་། སྭཱ་ཧཱ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་ཕུ་ཕུ་ཕུ་པུ་ཕུ་ཕུ་ཕུ་ཏརྫ་ཡ་གརྫ་ཡ། བཪྵ་ཡ། ཨཱ་ཀཪྵ་ཡ་ནཱ་གཱ་ནཱ་སཔྟ་པཱ་ཏཱ་ལ་ག་ཏཱཾ། ཀ་རུ་རུ་ཧེ་ཧེ། ནཱ་གཱ་ངྷི་པ་ཏ་ཡེ་
เล่ม ๕ · หน้า 24b
ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ། གྷོ་ཊ་ཡ་གྷོ་ཊ་ཡ། གྷ་ཊ་གྷ་ཊ། མ་ས་མ་ས། གྷུ་ཌུ་གྷུ་ཌུ། གྷ་ཌ་གྷ་ཌ། ཨོཾ་ཞེས་པས་ཆར་དབབ་བོ། །དེ་བཞིན་དུ་ཡང་ཆར་མི་འབབ་ན་དེའི་མགོ་ཨརྫ་ཀའི་དོག་པ་ལྟར་འགས་སོ་ཞེས་པ་ནི། ན་སེའི་སྙེ་མ་ལྟར་རོ། །འདིས་ཅི་བསྟན་ན་ངེས་པ་ཁོ་ན་ཆར་འབབ་
པར་འགྱུར་བའི་དོན་དེ་ཆར་འབབ་པར་འགྱུར་བ་ཡིན་ནོ། །སྤྲིན་དྲལ་བ་བཤད་པར་བྱ་སྟེ། གལ་ཏེ་ཆར་པ་རྒྱུན་མི་འཆད་པ་ཉིད་དུ་འབབ་ན་དེའི་ཚེ་རྒྱ་མཚོ་འབའ་ཞིག་ཏུ་འགྱུར་བ་ཡིན་པས། སྤྲིན་དྲལ་བའི་ཆོ་ག་དུར་ཁྲོད་ཀྱི་རས་ལ་ཉེ་བར་འདུག་ནས་ཞེས་པ་ནི། དེ་ཡང་བཅུ་
བཞི་ལ་སོགས་པ་ཤི་བའི་གདོང་གཡོགས་པའི་རས་བླངས་པ་དེ་ལ་འདུག་ནས། སྔགས་བཟླས་པས་དྲལ་བར་བྱའོ། །ཨོཾ་ཨཱརྱ་སྨ་སཱ་ན་པྲི་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་སྟེ། ཇི་སྲིད་དུ་སྤྲིན་དྲལ་བར་གྱུར་པའི་བར་དེ་སྲིད་དུ་སྔགས་བཟླས་པ་བྱས་ན་དེ་ནས་སྤྲིན་དྲལ་བར་
འགྱུར་ཏེ་སྤྲིན་དྲལ་བའི་ཆོ་གའོ། །ཆར་དབབ་པ་ནི་གོ་སླ་བ་ཉིད་ཀྱི་དོན་ཏོ། །ཡང་ན་ཨ་ཞེས་པ་ནི་གཉིས་སུ་མེད་པ་ཚེག་དྲག་གི་མཐའ་ཅན་ནོ། །ཕུ་ཞེས་པ་ནི་ཚེག་དྲག་གཉིས་ཀྱི་མཐའ་ཅན་ནོ། །འདི་ནི་ཚེག་དྲག་གཉིས་ཀྱི་མཐའ་ཅན་ནོ། །ཡི་གེ་ནི་ཨཱ་ལི་ཀཱ་ལི་སྲེག་པས་
ཡིན་ནོ། །མཐའ་ཡས་སྨོས་པས་མཐའ་མེད་པ་ཡིན་པས་ན་མཐའ་ཡས་ཏེ། ཐོག་མ་དང་བར་དང་ཐ་མ་ལས་གྲོལ་བའོ། །དེའི་གཟུགས་བརྙན་ནི་སོ་སོར་བྱ་བའོ། །བྱས་ལ་ནི་བྱས་པའི་སྒོ་ནས་སོ། །བདུད་རྩི་ལྔ་ནི། ཡེ་ཤེས་ལྔའི་རང་བཞིན་གྱིས་སོ། །བླུགས་པ་ནི་
དབང་བསྐུར་བའོ། །མེ་ཏོག་ནག་པོས་ནི་མཆོད་པ་ནི་ནག་པོ་མི་བསྐྱོད་པའོ། །མེ་ཏོག་བདག་མེད་མའོ། །གཉི་གར་ཐ་མི་དད་པས་སོ། །མཆོད་པ་ནི་མཆོད་པའོ། །ཀླུ་འདུལ་བར་བྱེད་པའི་ཁུ་བས་ནི་བྱུག་ནི། འགྲོ་བ་དང་འོང་བ་མེད་པས་ན་ཀླུ་སྟེ་སྐྱེ་བ་དང་འཇིག་པ་ལས་རྣམ་
པར་གྲོལ་བའོ། །དེ་ཡང་འདུལ་བ་ནི་གཏན་ནས་ཉེ་བར་ཞི་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་བྱེད་པ་ནི། ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་ཁུ་བ་ནི་མྱོང་བའི་མཚན་ཉིད་དོ། །དེས་བྱུག་པ་ནི་དེ་བཞིན་གཤེགས་པ་རྣམས་དེའི་རང་བཞིན་དུ་བྱའོ་ཞེས་པའི་
เล่ม ๕ · หน้า 25a
དོན་ཏོ། །གླང་པོ་ཆེའི་ཆང་གིས་ནི་མགོ་བོ་བྱུག་ཅེས་པ་ལ་གླང་པོ་ཆེ་སྨོས་པ་ནི་འདི་ལ་ལག་པ་ཡོད་པས་ན་གླང་པོ་ཆེ་སྟེ། ལྔ་པ་གཉིས་ཀྱི་བདག་ཉིད་ཡིན་པས་ཡུལ་དང་དབང་པོའི་བདག་ཉིད་རྣམས་ཕུང་པོ་ལྔའི་དེ་བཞིན་གཤེགས་པ་དང་།མཁའ་
འགྲོ་མའོ། །དེ་རྣམས་ཀྱི་ཆང་ནི་དགའ་བའོ། །དེས་མགོ་བོ་བྱུག་པ་ནི། མགོ་བོ་ནི་སེམས་ལ་བྱུག་པ་སྟེ་དེའི་རང་བཞིན་དུ་བྱ་བའོ། །དགའ་དང་བདེ་བས་འགྲུབ་པར་འགྱུར། །ཞེས་བྱ་བའི་ཚིག་གིས་སོ། །ཁམ་ཕོར་ཁ་སྦྱར་དུ་ནི་གཞག །ཅེས་པ་ནི་ཡང་དག་པའི་སྦྱོར་བའི་
རྣལ་འབྱོར་གྱིས་གཉིས་སུ་མེད་པའི་རྟོག་པས་རྣམ་པར་གཞག་གོ། །བ་ནག་མོའི་འོ་མས་ནི་དགང་ཞེས་པ་ལ། བ་ནག་མོ་ནི་ཐབས་དང་ཤེས་རབ་ཐ་མི་དད་པའོ། །འོ་མ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེས་དགང་བ་ནི་ཚིམ་པར་བཏུང་བའོ། །གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་
ནི་དཀྲི་ཞེས་པ་ལ། གཞོན་ནུ་མ་ནག་མོའི་སྒྲས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེས་བཀལ་བའི་སྐུད་པ་ནི་རྒྱུན་ཆད་པའོ། །དེས་དཀྲི་བ་ནི་བསྒོམ་པའོ། །རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཏེ་མཐའ་ཡས་དེར་གཞག་གོ་ཞེས་པ་ལ། རླུང་གི་ཕྱོགས་ཞེས་པ་ནི། རླུང་གི་
རང་བཞིན་གྱི་ནཱ་དའོ། །མཐའ་ཡས་ནི་རྡོ་རྗེ་སེམས་དཔའོ། །རྫིང་བུ་ནི་ཕྱག་རྒྱ་ཆེན་པོའོ། །བྱས་ཏེ་གཞག་པ་ནི་ཆ་མེད་པར་རྣམ་པར་གཞག་པར་བྱ་སྟེ། རྫིང་བུ་དེའི་ཕྱག་རྒྱས་སོ། །འགྲམ་ནི་དེ་དང་ཉེ་བར་རོ། །དཀྱིལ་འཁོར་བཞེངས་པར་བྱ་སྟེ་ཞེས་པ་ནི་བསྐྱེད་པར་བྱ་བ་སྟེ།
དེ་ཡང་སྤྲོ་བའི་བདག་ཉིད་དོ། །ནག་པོ་ནི་མི་བསྐྱོད་པའོ། །དཀར་པོ་ནི་རྣམ་པར་སྣང་མཛད་དོ། །སེར་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །ལྗང་གུ་ནི་དོན་ཡོད་གྲུབ་པའོ། །སྔོན་པོ་དྲུག་པ་རྡོ་རྗེ་འཆང་ངོ་། །འདི་ཡང་རྡུལ་ཚོན་གྱི་ཚུལ་ཏེ། རྡུལ་ཚོན་རྡོ་རྗེ་མཁའ་འགྲོ་མའོ། །རྡུལ་
ཚོན་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་སོ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཛིན་པ་བསྐྱེད་པར་བྱ་བའོ། །བྱ་བ་གཞན་གསུངས་པ། དུར་ཁྲོད་ཀྱི་སོལ་བ་ནི། དབུགས་དབྱུང་ཞེས་བྱའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་
เล่ม ๕ · หน้า 25b
པར་བརྗོད། །ཅེས་པའོ། །གཉི་གའི་ནཱ་ད་ནི་ཨཾ་མཁའ་སྤྱོད་དོ། །འདིའི་རང་བཞིན་གྱིས་ནི་སྒྲ་བསྟན་པའོ། །དེ་ནས་ནག་པོ་མི་བསྐྱོད་པའོ། །སྐྱེས་པའི་རུས་པའི་ཕྱེ་མས་ནི་སྐྱེས་པ་སྐུ་རྡོ་རྗེའོ། །དེའི་རུས་པ་ནི་ཆ་མེད་པའི་ཚུལ་ལོ། །ཇི་ལྟར་ཞེ་ན། ཕྱེ་མ་སྟེ། རྡུལ་ཕྲ་རབ་ཀྱི་ཚུལ་
གྱིས་སོ། །དཀར་པོ་རྣམ་པར་སྣང་མཛད་དོ། །ལྡོང་རོས་ཞེས་པ་ནི། ཁ་སྦྱོར་གྱིས་འོད་དཔག་ཏུ་མེད་པར་འཇུག་པའོ། །སེར་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །དུར་ཁྲོད་ཀྱི་སོ་ཕག་ནི། དུར་ཁྲོད་ནི་གཉི་གའི་བདག་ཉིད་ཀྱི་ནཱ་ད་འདོད་པའི་ཕྱིར་དང་ཁྱབ་པའི་ཕྱིར་རོ། །གང་གི་ཞེ་ན་བདེ་
བས་ཏེ་ཆགས་པའི་མཚན་ཉིད་དོ། །དམར་པོ་ནི་འོད་དཔག་ཏུ་མེད་པའོ། །རྐུན་མོའི་ལོ་མ་དང་། སྐྱེས་པའི་རུས་པའི་ཕྱེ་མ་དག་གིས་ནི་ཞེས་པ་ལ་མི་རུས་དང་རྐུན་མ་སྐྱེས་པ་ཐབས་སོ། །རུས་པ་ཤེས་རབ་པོ། །གཉི་གར་གྱིས་སྐུ་སྟེ་ཐིམ་པར་གྱུར་ཏོ། །དེ་ཡང་ལོ་མ་ནི་ཡེ་ཤེས་སོ། །
སྐུའི་བདག་ཉིད་ཀྱི་རྣམ་པར་སྣང་མཛད་འཇུག་གོ། །ལྗང་གུ་ནི་དོན་ཡོད་གྲུབ་པའོ། །འདིར་གཉིས་ཀྱི་ཚིག་ནི་མིའི་རུས་པ་ནི་ཐབས་དང་ཤེས་རབ་ཐ་མི་དད་པའི་སྐུ་རྡོ་རྗེའོ། །དུར་ཁྲོད་ནི་ཨཱ་ལི་ཀཱ་ལི་སྟེ་གསུང་རྡོ་རྗེའོ། །སོལ་བ་ནི་ཐུགས་རྡོ་རྗེའོ། །རེ་རེ་ཞིང་ཡང་ཡེ་ཤེས་ལྔ་རྣམས་
ལ་འཇུག་གོ། །སྔོན་པོ་རྡོ་རྗེ་འཛིན་པ་ཡིན་ཏེ་འདི་ནི་གཉིས་ཀྱི་ཚིག་གོ། །དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་ཅིང་ཞེས་པ་ནི། ཨཱ་ལི་ཀཱ་ལི་དག་གི་དབུས་སུ་ཐིག་སྐུད་ཨ་ཝ་དྷཱུ་ཏཱིའོ། དེས་རྒྱུད་ཀྱི་རྒྱུད་ལ་ཐིག་བཏབ་པའོ། །དཀྱིལ་འཁོར་ཁྲུ་གསུམ་པ་ནི་བཅོ་ལྔའི་བདག་ཉིད་དོ། །དེའི་
དབུས་སུ་ཞེས་པ་ནི་དེའི་ཕྱོགས་སོ། །མཐའ་ཡས་མནན་པ་ནི་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ནོ། །དགྱེས་པའི་རྡོ་རྗེ་བྲི་ཞེས་བྱ་བ་ནི། དགོད་པར་བྱ་བའི་དོན་ཏོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་
བཞིས་ཆེ་བ་ཞེས་པ་ལ། ལྷ་མོ་བརྒྱད་ཀྱི་རྣམ་པར་དག་པ་ཞལ་བརྒྱད་དོ། །དགའ་བ་བཞིའི་རྣམ་པར་དག་པ་ཞབས་བཞིའོ། །རྡོ་རྗེ་སེམས་དཔའ་དང་མཉམ་པ་ཉིད་དང་། དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པ་དྲུག་གོ། །བཅུ་ནི་དབང་པོ་ལྔ་དང་ཡུལ་ལྔའི་རྣམ་པར་དག་
เล่ม ๕ · หน้า 26a
པས་ཕྱག་བཅུ་དྲུག་ཡིན་ནོ། །སྤྱན་ཉི་ཤུ་རྩ་བཞིས་ཆེ་བ་ཞེས་པ་ནི། ས་བཅུ་གནས་དང་ཉེ་བའི་གནས་ལ་སོགས་པའོ། །གནས་དང་ཉེ་བའི་གནས་དག་བརྒྱད་དང་། ཞིང་དང་ཉེ་བའི་ཞིང་ལ་སོགས་པ་བཅུ་དྲུག་སྟེ། འདི་རྣམས་ཀྱི་རྣམ་པར་དག་པས་
སོ། །དེ་ལྟ་བུར་གྱུར་པའི་དགྱེས་པའི་རྡོ་རྗེ་ཡིན་ནོ། །དེ་ནས་སློབ་དཔོན་ཞེས་པ་ནི། ཁམས་གསུམ་གྱིས་མཆོད་པར་བྱ་བའོ། །སྔགས་བཟླས་ཏེ་ཞེས་པ་ནི། ཡེ་ཤེས་སྔོན་དུ་བྱ་བའོ། །རྒྱུ་གང་གིས་ཤེ་ན། ནང་གི་མ་རུངས་པའི་སེམས་ཀྱིས་ཞེས་པ་སྟེ་ནང་ནི་ཀུན་རྫོབ་ཀྱི་བདེན་
པའི་རང་བཞིན་གྱིས་སོ། །མ་རུངས་པའི་སེམས་ཀྱིས་ནི། དོན་དམ་པའི་བདེན་པས་སོ། །གཉི་ག་དབྱེར་མི་བྱེད་པས་ཞེས་པའི་དོན་ཏོ། །དབེན་པའི་གནས་སུ་ཞེས་པ་ནི། སྐྱེ་བོས་དབེན་པའི་ས་ཕྱོགས་སུའོ། །ཨོཾ་གྷ་ཊ་གྷ་ཊ། གྷུ་ཌུ་གྷུ་ཌུ། མ་ས་མ་ས། གྷ་ཊ་གྷ་ཊ། གྷོ་ཊ་
ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ་ནཱ་གཱ་ངྷི་པ་ཏ་ཡེ་ཧེ་ཧེ་རུ་རུ་ཀ་སཔྟ་པཱ་ཏཱ་ལ་ནཱ་གཱ་ནཱ་ཀཪྵ་ཡ་བཪྵ་ཡ། གརྫ་ཡ་ཏརྫ་ཡ་ཕུ་ཞེས་པ་བརྒྱད་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་ལ། ཨོཾ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའོ། །གྷ་ཊ་གྷ་ཊ་ཞེས་བྱ་བ་ལ་སོགས་པ་ནི། ཐབས་དང་ཤེས་རབ་ཉིས་
འགྱུར་ལ་བཞི་བཞིར་གྱུར་པས་སྟོང་པ་ཉིད་བཅུ་དྲུག་གོ། །གྷོ་ཊ་ཡ་གྷོ་ཊ་ཡ་ཞེས་པ་ནི་རྡོ་རྗེ་གསུམ་ཉིས་འགྱུར་གྱིས་དྲུག་པ་རྡོ་རྗེ་འཆང་ངོ་། །ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ་ནི་ཁམས་གསུམ་བསྡུས་པའི་བདག་ཉིད་ཀྱི་སྐུ་སྟེ་མཐའ་ཡས་ནི་རྡོ་རྗེ་འཆང་ངོ་། །དེ་ཡང་ཀྵོ་བྷ་ནི་མི་བསྐྱོད་པའོ། །
དེ་ཡང་ཀ་རཱ་ཡ་ནི་ཀ་ཐབས་སོ། །ར་བདག་མེད་མའོ། །གཉི་ག་དབྱེར་མེད་པའི་རང་བཞིན་གྱི་ཡེ་ཤེས་སོ། །དེ་ཡང་ནཱ་གཱ་ངྷི་པ་ཏ་ནི། ནཱ་གཱ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ལས་ལྷག་པར་གཙོ་བོའམ་བདག་པོར་གྱུར་པར་གནས་པས་ན་ནཱ་ངྷི་པ་ཏའོ། །དེ་ཡང་བདག་མེད་
མ་དང་དཀར་མོ་གཉིས་ཐ་མི་དད་པས་སོ། །ཧེ་ཧེ་ཞེས་པ་ནི། རྒྱུ་ལ་སོགས་པ་སྤངས་པས་རྒྱུ་དང་བྲལ་བའི་ཕྱིར་ཧེ་ཧེ་གཉིས་སོ། །རུ་རུ་ཞེས་པ་ནི། ཡི་གེ་རུ་ཚོགས་པ་དང་བྲལ་བ་སྟེ། རྣམ་པར་རྟོག་པའི་རྟོག་པ་དང་བྲལ་བའོ། །ཀ་ནི་གང་དུ་ཡང་མི་གནས་པ་སྟེ། དེའི་
เล่ม ๕ · หน้า 26b
བྱིན་གྱིས་བརླབས་པའི་ཕྱིར་རོ། །སཔྟ་པཱ་ཏཱ་ལ་ག་ཏཱཾ་ཞེས་པ་ལ། སཔྟ་ནི་དྲུག་པ་རྡོ་རྗེ་འཛིན་པ་ཡེ་ཤེས་ལྔ་ལ་འཇུག་པས་སོ། །པཱ་ཏཱ་ལ་ག་ཏཱཾ་ནི་ཕུང་པོ་ལྔ་དང་འབྱུང་བ་བཞི་སོན་པ་སྟེ་བའི་སྒྲས་གོས་དཀར་མོ་མེའི་ཁམས་སོ། །ཨཱ་ཀཪྵ་ཡ་ནི་བསྡུས་པས་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དུ་བྱེད་
པའོ། །བཪྵ་ཡ་གརྫ་ཡ་ཏརྫ་ཡ་ཞེས་པ་ནི། སྤོ་བ་དང་བསྡུ་བའི་རིམ་པས་གཉིས་སུ་མེད་པར་རྟོགས་པའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཡང་ཕུ་བརྒྱད་ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པས་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་ལ་ཧཱུཾ་ཞེས་པ་ནི་སྐད་ཅིག་མ་བཞི་ཐ་མི་དད་པའོ། །ཕཊ་ཕཊ་ཡང་སྐད་ཅིག་མ་བཞི་དབྱེར་མི་ཕྱེད་པའོ། །སྭཱ་ནི་རྡོ་རྗེ་གསུམ་མོ། །ཧཱ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཆར་འབབ་པའོ་
ཞེས་པའི་དོན་ཏོ། །གལ་ཏེ་ཆར་མི་འབབ་ན་དེའི་ཚེ་སྔགས་འདི་བཟློག་པས་བཟླས་ཏེ་ཞེས་པ་ནི། སྔགས་འདི་ནི་ཡེ་ཤེས་འདི་ཕྱིན་ཅི་ལོག་ཏུ་བཟླས་པས་ཡེ་ཤེས་ཁོ་ནར་འགྱུར་རོ། །ཡེ་ཤེས་འདི་ཡང་ཆར་འབབ་པ་ཡིན་ནོ། །བྱ་བ་མེད་པར་བྱ་བའི་སྒོ་ནས་རྣམ་པར་གཞག་པས་ཕྱིན་ཅི་ལོག་གི་
སྔགས་བཟླས་པ་ཡིན་ནོ། །བྱ་བ་ཡང་སྔར་བསྟན་པའོ། །གལ་ཏེ་ཆར་མི་འབབ་པ་དེའི་ཚེ་མགོ་འགས་པ་ཡིན་ནོ་ཞེས་པ། འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཆར་མི་འབབ་ན་ནི་བྱང་ཆུབ་ཀྱི་སེམས་ཉེ་བར་བསྡུས་པར་མ་གྱུར་ན་དེའི་ཚེ་མགོ་འགས་པ་ནི། རྡོ་རྗེ་འཛིན་པར་གསལ་བར་གྱུར་པ་
ཡིན་ནོ། །ཨརྫ་ཀའི་དོག་པ་ལྟ་བུ་ནི་སྙེ་མ་སྟེ། ཨ་བདག་མེད་མའོ། །ཛའི་སྒྲ་ནི་སྡེ་ཚན་གཉིས་པའི་བདག་ཉིད་ཀྱི་གསུམ་པ་རྣམ་པར་དགའ་བའོ། །དེ་ཡང་རས་བརྒྱན་པ་སྟེ་བདག་མེད་མ་དང་འཁྲིལ་བ་ཡིན་ནོ། །ཀ་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེའི་སྙེ་མ་ནི་སྣ་ཚོགས་པའི་གཟུགས་སུ་
སྤྲོ་བའི་ཚུལ་ཅན་ཡིན་ཏེ། སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པའོ། །ཆར་དབབ་པའི་ཆའོ། །སྤྲིན་དྲལ་བ་བཤད་དེ་ཞེས་པ་ནི་འདིར་གཏོར་ཞིང་བླུགས་པས་ནི་སྤྲིན་དྲལ་བ་སྟེ་དབང་ངོ་། །བྱང་ཆུབ་ཀྱི་སེམས་ཤར་བ་དེས་དྲི་མ་མེད་པའི་རང་བཞིན་ཉིད་ཀྱི་སྐུ་གསུམ་དང་ཡེ་ཤེས་ལ་ཡིན་ནོ། །
เล่ม ๕ · หน้า 27a
དྲལ་ནི་སྤྲོ་བའོ། །བཤད་དེ་ནི་གསལ་བར་བྱེད་པའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། བདེན་པ་གཉིས་ཐ་མི་དད་པ་ཉིད་བདེན་པ་གཉིས་ཡིན་ནོ། །དུར་ཁྲོད་ཀྱི་རས་ལ་ཉེ་བར་འདུག་ནས་ཞེས་བྱ་བ་ནི། དུར་ཁྲོད་ནི་ཨཱ་ལི་ཀཱ་ལིའོ། །དེ་ཡང་རས་ནི་ཕན་ཚུན་དུ་
འགེགས་པའི་ཕྱིར་རོ། །དེ་ལ་ཉེ་བར་འདུག་ནས་ནི། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཚུལ་གྱིས་གང་གནས་པའོ། །སྔགས་བཟླས་པ་ནི་ཡེ་ཤེས་མངོན་དུ་བྱ་བ་སྟེ་ཡེ་ཤེས་དེའོ། །ཨོཾ་ཨཱརྱ་སྨ་སཱ་ན་པྲི་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ནི་རྡོ་རྗེ་གསུམ་ཐ་མི་དད་པའོ། །ཨཱ་ནི་རྡོ་རྗེ་སྟེ་གཟུགས་
ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་སྐུ་རྡོ་རྗེའོ། །ར་ནི་བདག་མེད་མ་གཟུགས་རྡོ་རྗེའོ། །ཡ་ནི་གཡུང་མོ་རླུང་གི་རང་བཞིན་ཡིན་པའི་ཕྱིར་གསུང་རྡོ་རྗེ་ཡིན་ཏེ་རྡོ་རྗེ་གཡུང་མོའོ། །དེ་ཉིད་སྨ་སཱ་ན་སྟེ་ནཱ་ད་ཕྲེང་གཉིས་པོ་དེ་དང་ཐ་མི་དད་པའི་ཕྱིར་རོ། །པྲི་ཡཱ་ནི་རྡོ་རྗེ་འཆང་ངོ་། །དེ་ཡང་ཡེ་ཤེས་འདི་ནི་ཡེ་
ཤེས་འདི་ཉིད་དོ། །ཧཱུཾ་ཕཊ་ཅེས་པ་ནི་དེ་དབྱེར་མེད་པའོ། །སྭཱ་ཧཱ་ཞེས་པ་ལ། སྭཱ་ནི་རྡོ་རྗེ་གསུམ་མོ། །ཧཱ་ནི་ཐབས་དང་ཤེས་རབ་ཐ་མི་དད་པ་ཡིན་ཏེ་སོང་ཟིན་པའི་དོན་ཏོ། །སྤྲིན་དྲལ་བའི་ཆོ་གའོ་ནི་སྤྲོ་བ་དང་བསྡུ་བ་བསྟན་པའོ། །ད་ནི་གཉིས་ཀ་བསྡུ་བ་གསུངས་པ། ཕ་རོལ་གྱི་སྡེ་རྣམ་པར་
གཞིག་པའི་ཕྱིར་རྡོ་རྒྱུས་ཀྱི་སྒྲུབ་པ་བཤད་དེ་ཞེས་པ་ནི་ཕ་རོལ་ནི་དགྲའོ། །དེ་རྣམས་ཀྱི་སྡེ་ནི་དཔུང་ངོ་། །དེ་རྣམ་པར་གཞིག་པར་འདོད་པས་རྡོ་རྒྱུས་ཀྱི་སྒྲུབ་པ་བྱའོ། །དེ་བཤད་པ་ནི་བསྟན་པའོ། །རྡོ་རྒྱུས་ཀྱི་སྒྲུབ་པ་དེ་ཇི་ལྟ་བུ་ཡིན་པ་གསུངས་པ། རྡོ་རྒྱུས་དང་བདུད་རྩི་ལྔ་དང་ཀུ་ཐ་ར་ཙྪིན་ན་ལྷན་
ཅིག་བཏགས་ལ། རི་ལུ་བྱས་ཏེ། རི་ལུ་བྱ་བའི་སྔགས་ནི། ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི། རི་ལུ་བསྒྲུབས་པ་དེ་ཐོགས་ནས་དངོས་གྲུབ་ཀྱི་དོན་དུ་བྱ་བ་བཟླས་ཤིང་སྔོན་དུ་བསྙེན་པ་འབུམ་བྱས་ཏེ་ཞེས་པ་ནི་སྔར་གྱི་རྡོ་རྒྱུས་བཟུང་སྟེ་སྔགས་འབུམ་བཟླ་བར་བྱའོ། །རྗེས་
ཐོགས་སུ་སྔགས་བྱེ་བ་བཟླས་ནས་རྡོ་རྒྱུས་དེ་ཐོགས་ཏེ་བསྒྲུབ་བྱ་ཕ་རོལ་གྱི་སྡེའི་གཟུགས་བསམས་ནས་རིལ་བ་སྤྱི་བླུགས་ཀྱིས་བསྒྲུབ་བྱའི་མགྲིན་པ་བསྐོར་བར་བྱའོ། །བསྐོར་ནས་བཅག་ན་དགྲ་ཐམས་ཅད་ཀྱི་མགོ་མེད་པར་འགྱུར་རོ། །རྡོ་རྗེ་གྲི་གུག་གི་ཆོ་གའོ། །ཡང་ན་ཕ་རོལ་གྱི་
เล่ม ๕ · หน้า 27b
སྡེ་རྣམ་པར་གཞིག་པའི་ཕྱིར་ཞེས་པ་ནི་ཕ་རོལ་ནི་ཡུལ་ལོ། །སྡེ་ནི་དབང་པོ་རྣམས་སོ། །འདི་དག་གཞིག་པ་ནི་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་ལྡོག་པའོ། །དེ་བས་ན་རྒྱུ་མཚན་དེའི་ཕྱིར་རྡོ་རྒྱུས་བསྒྲུབས་ཏེ་ནམ་མཁའ་ལ་འགྲོ་བས་ན་རྡོ་རྒྱུས་ཏེ་མཁའ་སྤྱོད་དོ། །དེའི་སྒྲུབ་པ་
བཤད་དེ་གསལ་བར་བྱེད་པའོ། །རྡོ་རྒྱུས་བཏགས་ནས་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ནམ་མཁའ་ལ་བདེ་བས་སྤྱད་པ་ཅན་གྱི་ཆགས་པའི་མཚན་ཉིད་རྟོག་པ་མེད་པར་བྱས་པའོ། །བདུད་རྩི་ལྔ་དང་ནི་ཡེ་ཤེས་ལྔ་དང་ངོ་། །ཀུ་ཐ་ར་ཙྪིན་ན་དང་ལྷན་ཅིག་ཅེས་པ་ནི། སྟ་
ར་ནི་རྡོ་རྗེ་འཛིན་པའོ། །གཅོད་པ་ནི་བདག་མེད་མ་སྟེ་ཐ་མི་དད་པའོ། །ལྷན་ཅིག་རི་ལུ་ནི་ཀུན་ལ་ཁྱབ་པར་བྱ་བའོ། །བྱ་བ་ནི་བྱ་བའོ། །སྔགས་ནི། ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི། ཨོཾ་རྡོ་རྗེ་གསུམ་མོ། །བཛྲ་ནི་རྡོ་རྗེ་འཛིན་ནོ། །ཀརྟ་རི་ནི་བདག་མེད་མའོ། །གཉིས་
ཐ་མི་དད་པའི་དགྱེས་པའི་རྡོ་རྗེའོ། །དེ་ཡང་ཡེ་ཤེས་འདི་ཡིན་ནོ། །དེ་ཉིད་ཧཱུཾ་ངོ་། །དེ་ཉིད་སུམ་འགྱུར་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཕཊ་སྭཱ་ཧཱ་ཞེས་པ་ནི། ཡེ་ཤེས་འདིའོ། །དངོས་གྲུབ་ཀྱི་དོན་དུ་ནི། དངོས་གྲུབ་ཀྱི་དགོས་པའོ། །བྱེ་བ་བཟླས་ཞེས་པ་ནི་མཐར་རབ་ཏུ་གསལ་བ། དེས་
ན་བཟླས་པ་ནི་གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པར་གཞག་གོ། །སྔོན་དུ་བསྙེན་པ་འབུམ་བྱས་ཏེ། །ཞེས་པ་ནི་སྔོན་དུ་ནི་དང་པོར་རོ། །དེའི་བསྙེན་པ་ནི་བདག་གིར་བྱས་པའོ། །དེ་ཡང་འབུམ་བཟླས་པ་ནི་བཀག་པ་སྟེ་དང་པོ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་ཞེས་པ་ནི་རྡོ་རྒྱུས་ཏེ་མཁའ་སྤྱོད་དོ། །
བསྒྲུབས་ལ་ནི་བསྒྲུབས་པས་སོ། །རིལ་བ་སྤྱི་བླུགས་ནི་བདེ་བའོ། །འདིའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་རིལ་བ་སྤྱི་བླུགས་སོ། །དེའི་མགྲིན་པ་ནི་རྡོ་རྗེའི་ལྟེ་བར་རོ། །བསྐོར་བ་ནི་ཁྱབ་པ་སྟེ་རྣམ་པར་དགའ་བ་ལ་ཐུག་པར་མཁའ་སྤྱོད་ཀྱིས་རྒྱས་བཏབ་པའི་ཕྱིར་རོ། །བསྐོར་བ་ནི་བསྒོམ་པའོ། །
བཅག་པ་ནི་ལྟ་མོའི་པདྨའི་ནང་དུ་སྤྲོ་བ་སྟེ། དེ་ནས་ལྷན་ཅིག་སྐྱེས་པར་ཤར་བའོ། །དགྲ་ཐམས་ཅད་ནི་འདོད་ཆགས་ཞེ་སྡང་གཏི་མུག་གི་ཉོན་མོངས་པའི་བག་ཆགས་ལ་སོགས་པའོ། །མགོ་མེད་པར་འགྱུར་རོ་ཞེས་པ་ནི་ཉོན་མོངས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་འགྱུར་རོ་ཞེས་པའི་དོན་
เล่ม ๕ · หน้า 28a
ཏོ། །རྡོ་རྗེ་གྲི་གུག་གི་ཆོ་གའོ། །ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པའི་ཡེ་ཤེས་ཀྱི་ཆོ་གའོ་ཞེས་པའི་དོན་ཏོ། །ལྷ་རྣམས་དགས་པར་འདོད་པས་ཐིག་ལེ་བསྒྲུབས་ཏེ་ཞེས་པ་ནི། མུ་སྟེགས་ཀྱི་ལྷ་བཀས་པས་རྣལ་འབྱོར་པའི་ནུས་མཐུ་ཆེན་པོ་ཡིན་ནོ། །དེའི་དོན་ཚངས་
པའི་ས་བོན་རྒྱལ་ལ་བསྒྲུབས་ནས། སྟ་རི་གཅོད་པ་དང་བསྲེས་ལ་ཉི་མ་གཟས་ཟིན་པ་ན་མི་བསྐྱོད་པ་བཏགས་སོ། །བཏགས་ནས་དགྲ་སྟ་བྱ་སྟེ། དེ་རྐང་པས་མནན་ནས་སྔགས་བཟླའོ་ཞེས་བྱ་བ་ལ་ཚངས་པའི་ས་བོན་ནི། པ་ལཱ་སའི་ས་བོན་ནོ། །རྒྱལ་ལ་བསྒྲུབས་ནས་ནི་རྒྱུ་སྐར་རྒྱལ་ལའོ། །སྟ་
རི་གཅོད་པ་དང་བསྲེས་ལ་ཉི་མ་གཟས་ཟིན་པ་ན། མི་བསྐྱོད་པ་ཞེས་པ་ནི། རྡོ་རྗེའི་ཆུ་དང་བཏགས་ནས་སྟ་རི་གཅོད་པ་བྱ་བ་ན་བྱ་བའོ། །དེ་རྐང་པས་མནན་ནས་སྔགས་བཟླའོ། །ཨོཾ་བཛྲ་ཀུ་ཐ་ར་པཱ་ཊ་ཡ་པཱ་ཊ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདི་བྱེ་བ་བཟླས་ལ་ཐིག་ལེ་བྱས་ཏེ། ཕྱག་བྱའོ་
ཞེས་པ་ན། ཕྱག་བྱས་པ་ནི་འདུད་པ་སྟེ་དེས་འགས་སོ། །ལྷ་དགས་པའི་ཆོ་གའོ། །ཡང་ན་ལྷ་རྣམས་མཛེས་པར་རོལ་པས་ན་ལྷ་རྣམས་ཏེ་ཕུང་པོ་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའོ། །དེ་རྣམས་དགས་པར་འདོད་པས་ནི། སྤྲོ་བའི་ཚུལ་གྱིས་རྣམ་པར་གཞག་པར་འདོད་པས་
སོ། ཏིལ་དང་འདྲ་བས་ན་ཏིལ་ཏེ་རིགས་གཅིག་དང་འབྲེལ་བའི་ཁྱད་པར་ཐ་མི་དད་པ་དུ་མ་ཡིན་ནོ། །དེ་ཡང་དོན་དམ་པའི་རང་བཞིན་ཡིན་ནོ། །གཉི་ག་ཡང་ཐ་མི་དད་པས་འདི་ཐམས་ཅད་བསྐྱེད་པའི་ཕྱིར། རྡོ་རྗེ་འཛིན་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །གང་རྡོ་རྗེ་འཛིན་པའི་གོ་འཕང་
གྲུབ་ན་སྤྲོ་བ་དང་བསྡུ་བ་བྱེད་པ་ནུས་པ་ཡིན་ནོ། །གང་སྤྲོ་བ་དང་བསྡུ་བའི་རང་བཞིན་ཉིད་ནི་རྡོ་རྗེ་འཛིན་པ་ཡིན་ནོ། །ཡང་ན་ཚངས་པའི་ས་བོན་ཞེས་པ་ནི། མྱ་ངན་ལས་འདས་པའི་གོ་འཕང་སྟེ། ཚངས་པ་མྱ་ངན་འདས་སངས་རྒྱས། །ཞེས་པའོ། །དེའི་ས་བོན་ནི་མྱ་ངན་ལས་འདས་
པའོ། །རྒྱལ་ལ་བསྒྲུབ་པ་ཞེས་པ་ནི་རྒྱལ་གྱི་སྒྲས་ནི་རྒྱས་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །དེས་བསྒྲུབས་པ་ནི་ཀུན་རྫོབ་སྟེ་མཚན་ཉིད་དང་བྲལ་བའི་དོན་དམ་པ་མེད་པའི་ཕྱིར་རོ། །དེ་ཉིད་སྟ་རི་གཅོད་པ་དང་བསྲེས་པ་སྟེ། རྡོ་རྗེ་འཛིན་པ་དང་བདག་མེད་མ་ཐ་མི་དད་པའོ། །དེ་ཇི་ལྟར་ཞེ་ན།
เล่ม ๕ · หน้า 28b
ཉི་མ་གཟས་ཟིན་པ་ན་སྟེ་བདག་མེད་པས་ཟིན་པའོ། །མི་བསྐྱོད་པ་དང་ཞེས་པ་ནི། བཏགས་ཤིང་ནི་གཅིག་ཏུ་བྱས་པའོ། །དེས་དགྲ་སྟ་བྱས་ཏེ། མི་ཤེས་པ་ཐམས་ཅད་གཅོད་པའི་ཕྱིར་རྡོ་རྗེ་འཆང་ངོ་། །དེ་བྱས་ཏེ་ནི་ཡང་དག་བསྐྱོད་པར་བྱ་བའོ། །དེ་རྐང་པས་ནི་ཡེ་ཤེས་ཀྱིས་སོ། །མནན་
ནས་ནི་རྣམ་པར་གཞག་པའོ། །སྔགས་ནི་ཡེ་ཤེས་སོ། །བཟླས་པ་ནི་བསྐྱེད་པའོ། །ཨོཾ་ནི་སྐུའོ། །བཛྲ་ནི་ཐུགས་སོ། །ཀུ་ཐ་ར་ནི་གསུང་སྟེ། མཚན་མ་མེད་པར་རྟོགས་པས་མཚན་མའི་མི་ཤེས་པ་གཅོད་པར་བྱེད་པས་རྡོ་རྗེ་གསུམ་ཐ་མི་དད་པའོ། །པཱ་ཊ་ཡ་པཱ་ཊ་ཡ་ཞེས་པ་ལན་
གཉིས་ནི། དབང་པོ་དང་ཡུལ་གྱི་དབྱེ་བས་སྤྲོ་བའོ། །ཧཱུཾ་ཧཱུཾ་ཧཱུཾ་ནི་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཕཊ་ཕཊ་གཉིས་ནི་དབྱེར་མི་ཕྱེད་པའོ། །སྭཱ་ཧཱ་ཞེས་པ་ནི་ཡེ་ཤེས་ལྔ་རྣམས་སོ། །བྱེ་བ་བཟླས་པས་ནི་རབ་ཏུ་གསལ་བའི་མཐར་ཕྱིན་པའོ། །ཐིག་ལེ་ནི་རྡོ་རྗེ་འཛིན་པའོ། །ཕྱག་
བྱས་པ་ནི་མངོན་དུ་བྱ་བའོ། །དེ་ནས་འདི་རྡོ་རྗེ་འཛིན་པ་ལ་འདུག་པའོ། །ཨཱ་ནི་བདག་མེད་མའོ། །བ་ནི་རྡོ་རྗེ་འཆང་ངོ་། །གཉི་ག་དབྱེར་མི་ཕྱེད་པ་ལེན་ཅིང་འཛིན་ལ་དེར་འགྲོ་ཞིང་རྟོགས་པས་འདུད་པའོ། །དེའི་ཕྱིར་གང་འདུད་པ་དེ་ཉིད་རྡོ་རྗེ་འཆང་ངོ་། །འགས་པ་ནི་སྤྲོ་བའི་ཚུལ་
དུ་གྱུར་པ་ཡིན་པས་ལྷ་དགས་པའི་ཆོ་གའོ། །ཚ་བས་གདུང་བར་བྱ་བར་འདོད་པས། ཨརྐའི་ལོ་མ་ལ་དུག་དང་སྐེ་ཚེ་དང་། ཙི་ཏྲ་ཀའི་ཁུ་བས་དགྲའི་མིང་བྲི་ཞིང་འབྲས་ཕུབ་ཀྱི་མེ་ལ་གདུང་སྟེ། སྔགས་ཁྲི་བཟླའོ། །ཨོཾ་ཧེ་བཛྲ་ཛྭ་ར་ས་བྷྲཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འབྲས་ཕུབ་ཀྱི་མེ་བཅུག་
ནས་སྔགས་ཁྲི་བཟླས་སོ། །དེ་ནས་ཚ་བའི་རིམས་ཀྱིས་འདེབས་སོ། །ཞི་བའི་དོན་དུ་དེ་ནས་ཕྱུང་ལ་འོ་མས་བཀྲུའོ། །ཡང་ན་ཚ་བས་གདུང་བར་འདོད་པས་ཞེས་པ་ནི། གཏུམ་མོའི་རྣལ་འབྱོར་སྦྱར་བར་འདོད་པས་སོ། །ཨརྐའི་ལོ་མ་ཞེས་པ་ལ་ཨརྐ་ནི་ཉི་མའོ། །དེའི་འདབ་མ་དུམ་བུ་
སྟེ་ཀ་ལིའོ། །དེ་ལ་དུག་དང་སྐེ་ཚེ་ནི་དུག་ནི་ཟླ་བའོ། །དེའི་སྐེ་ཚེ་ནི་ཨཱ་ལིའི་ཕྲེང་བའོ། །གཉིས་ཀ་ཐ་མ་དད་པས་ན་སྣ་ཚོགས་སོ། །དེ་ཡང་ཀ་ནི་བདེ་བའོ། །དེ་ལ་ཁུ་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེས་དགྲའི་མིང་ནི། དགྲ་སྨོས་པས། དགྲ་དང་འདྲེ་བས་ན་དགྲ་སྟེ། ཉོན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด