རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སུ་བི་ནི་ཥྭ་ད་སཾ་པུ་ཊ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕ · หน้า 163a
ཡིན་ཏེ། དགའ་བ་ལ་སོགས་པ་བཞི་ཉིད་དོ། །དབང་བསྟན་པ་ནི། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །སློབ་དཔོན་གྱི་སྒྲས་ནི་རྡོ་རྗེའོ། །གསང་བའི་
སྒྲས་ནི་ཆོས་འབྱུང་སྟེ་གཉི་ག་དབྱེར་མེད་པའི་རྡོ་རྗེ་གསུམ་དབྱེར་མེད་པའོ། །ཤེས་རབ་ནི་རྣམ་པར་དགའ་བའོ། །བཞི་པ་ནི་གང་ལྷན་ཅིག་སྐྱེས་པའོ། །དེ་ཡང་དེ་བཞིན་ནོ་ཞེས་པ་ནི་སྔར་གྱི་བཞིན་ནོ་ཞེས་པའི་དོན་ཏོ། །དགོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ནོ། །
ལག་བཅངས་ལ་ནི་ཤེས་རབ་ཉིད། །དེ་ཡང་གཉིས་གཉིས་སྤྲད་པའི་རྒྱུད། །དགོད་པ་དག་ལ་ཞེས་པ་ནི། །བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་དང་། རྣལ་འབྱོར་གོང་ན་མེད་པའོ། །བྱ་བ་དང་སྤྱོད་པའི་རྒྱུད་ནི་དགོད་པ་ཞེས་བརྗོད་དོ། །རྣལ་འབྱོར་གྱི་རྒྱུད་ནི་ལྟ་བ་ཞེས་
བརྗོད་དོ། །རྣལ་འབྱོར་བླ་ན་མེད་པ་ནི་ལག་པ་བཅངས་པའོ། །རྣལ་འབྱོར་གོང་ན་མེད་པ་ནི་གཉིས་གཉིས་སྤྲད་པའི་རྒྱུད་དོ། །རྒྱུད་ནི་རྣམ་པ་བཞི་ཡིས་ཀྱང་། །དགོངས་པའི་སྐད་ཀྱི་སྒྲ་ཡིས་མིན། །ཞེས་འཆད་པར་འགྱུར་རོ། །འདིས་ནི་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་གི་རང་བཞིན། དགའ་བའི་ངོ་བོ་ཉིད་སློབ་དཔོན་
ཉིད་དུ་བརྗོད་པའི་དགོད་པའི་སྒྲས་གཏན་ལ་ཕབ་པ། བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་རྣམ་པར་དག་པའི་སྐད་ཅིག་མ་བཞིའི་རང་བཞིན་རྣམ་པ་སྣ་ཚོགས་ལ་སོགས་པའོ། །དེ་ལྟར་རྣམ་པར་སྨིན་པའི་རང་བཞིན་མཆོག་ཏུ་དགའ་བའི་ངོ་བོ་གསལ་བའི་དབང་དུ་བརྗོད་པའི་ལྟ་བའི་སྒྲས་གཏན་ལ་
ཕབ་པ་རྣལ་འབྱོར་གྱི་རྒྱུད་ཀྱི་རྣམ་པར་དག་པ་སྐད་ཅིག་མ་བཞིའི་རང་བཞིན་དགའ་བ་ལ་སོགས་པའོ། །དེ་ལྟར་རྣམ་པར་ཉེད་པའི་རང་བཞིན་དགའ་བྲལ་གྱི་ངོ་བོ་ཤེས་རབ་ཏུ་མངོན་པར་བརྗོད་པའི་ལག་པ་བཅངས་པའི་སྒྲས་གཏན་ལ་ཕབ་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྣམ་པར་དག་པ་སྐད་
ཅིག་མ་བཞི་སློབ་དཔོན་ལ་སོགས་པའོ། །དེ་ལྟར་མཚན་ཉིད་དང་བྲལ་བའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་དེའི་སྒྲར་མངོན་པར་བརྗོད་པའི་གཉིས་གཉིས་སྤྲད་པའི་རྒྱུད་ཀྱི་རྣམ་པར་དག་པ་སྐད་ཅིག་མ་བཞིའི་རང་བཞིན་དགོད་པ་ལ་སོགས་པའོ། །དེ་ལྟར་བཞི་བཞིས་སྟོང་པ་
เล่ม ๕ · หน้า 163b
ཉིད་བཅུ་དྲུག་གི་རང་བཞིན་ཉིད་ཡིན་ནོ། །དེ་ལྟར་ཐམས་ཅད་བཞི་བཞིའོ། །ཞེས་མདོར་བསྟན་པའི་དོན་རྒྱས་པར་བཤད་པའོ། །ཡང་ན་དགོད་པའི་སྒྲས་ནི་རབ་ཏུ་གསལ་བའི་རང་བཞིན་རྣམ་པར་ཤེས་པ་ཙམ་མོ། །ལྟ་བའི་སྒྲས་ནི། འདི་དེ་ཞེས་འབྱེད་པའི་རང་བཞིན་དུ་རབ་ཏུ་འཇུག་
པར་གྱུར་པའི་རྣམ་པར་ཤེས་པའོ། །ལག་པ་བཅངས་པའི་སྒྲ་ནི། ལྔ་པོ་གཉིས་ཀྱི་བདག་ཉིད་ཡུལ་དང་དབང་པོ་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པས་བདེ་བ་ལ་སོགས་པར་ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་རྣམ་པར་ཤེས་པའོ། །གཉིས་གཉིས་སྤྲད་པའི་རྒྱུད་ཀྱི་སྒྲས་ནི་ཐབས་
དང་ཤེས་རབ་དབྱེར་མེད་པའི་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་བདེ་བ་ལ་སོགས་པ་ཡལ་བར་དོར་བའི་རང་བཞིན་འོད་གསལ་གྱི་ཡེ་ཤེས་གང་དེ་ལྷན་ཅིག་སྐྱེས་པ་ཡིན་ནོ། །འདིར་ཡང་དགའ་བ་ལ་སོགས་པས་རིམ་པར་བཤད་པ་དེ་ཉིད་གསུངས་པ། སེམས་ཅན་རྣམས་ཀྱི་དངོས་
གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །དབང་གི་དོན་ཉིད་གསུངས་པ། །གཏོར་དང་བཀྲུས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །བཀྲུས་པ་ཞེས་པ་ནི་དྲི་མ་མེད་པར་བྱེད་པ་སྟེ། རིམ་པ་གཉིས་རྣམ་པར་དག་པའི་གཉི་ག་རྣམ་པར་དག་པ་དེས་གློ་བུར་པའི་དྲི་མ་
བསལ་ནས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྐྱེད་པར་བྱེད་པ་དབང་གི་དོན་ཏོ། །དབང་རྣམ་པ་བཞི་ཉིད་གསུངས་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བཤད། །
བླ་མའི་རིམ་པ་ལས་ཡོད་པས་དོན་ནི་གོ་སླ་བ་ཉིད་དོ། །ཡང་ན་ལག་པ་གཉིས་ཞེས་པ་ནི་ཡུལ་དང་དབང་པོ་གཉིས་ཀྱིས་སོ། །ཡང་དག་འཁྱུད་ཅེས་པ་ནི་དབྱེར་མེད་པར་བྱས་པའོ། །ཤེས་རབ་ཅེས་པ་ནི་གཉི་ག་དབྱེར་མེད་པའི་ཡེ་ཤེས་སོ། །ངེས་ཞེས་པ་ནི་ངེས་པའི་དོན་ཏོ། །ཅིས་ཁྱད་
འཕགས་པ་ཡིན་པ་གསུངས་པ། བཅུ་དྲུག་ལོན་པ་ལ་སྟེ། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་དེའི་ཡེ་ཤེས་སོ། །ཇི་ལྟར་ཞེ་ན། རྡོ་རྗེ་དྲིལ་བུ་ཞེས་པ་ནི་ནཱ་ད་ཕྲེང་གཉིས་སོ། །རྡོ་རྗེ་འཛིན་པ་ནི་དེ་དང་དབྱེར་མེད་པའོ། །མཉམ་སྦྱོར་བའི་སྒྲས་ནི་མཉམ་པར་དབྱེར་མེད་པས་བསྐྱར་
เล่ม ๕ · หน้า 164a
ཞིང་སྦྱོར་བ་ནི་ཀུན་དུ་སྦྱོར་བའོ། །དེའི་ཕྱིར་སློབ་དཔོན་ཞེས་པ་ནི་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །དབང་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འདོད་ཅེས་པ་ནི་ཡེ་ཤེས་ཀྱི་རྣམ་པའོ། །ཡང་ན་རྡོ་རྗེ་དྲིལ་བུའི་སྒྲ་ནི་རྡོ་རྗེ་དང་པདྨ་སྙོམས་པར་
ཞུགས་པའི་རིམ་པས་དགའ་བ་བཞི་ལ་སོགས་པར་རྟོགས་པའི་རྣམ་པར་དག་པས་སོ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་པ་ནི། བསྟན་ཟིན་པའི་དོན་ཉིད་དོ། །འདིས་ནི་སློབ་དཔོན་གྱི་དབང་གི་མིང་གཞན་ཡིན་ནོ། །གསང་བའི་དབང་གསུངས་པ། ཤིན་ཏུ་བཞིན་བཟངས་མིག་
ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །མཐེ་བོ་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་དབབ་པར་བྱ། །སྟོན་པས་ཤེས་རབ་རབ་ཏུ་མཆོད། །མཆོད་པར་བྱས་ནས་གཏད་པར་བྱ། །སྟོན་པ་ཞེས་པ་ནི་བླ་མའོ། །ཤེས་རབ་ནི་བཙུན་མོའོ། །མཆོད་པ་ནི་བསྟེན་པའོ། །
ཅི་ཁྱད་འཕགས་ཤེ་ན། ཤིན་ཏུ་བཞིན་བཟངས་ལ་སོགས་པའི་ཡོན་ཏན་གྱིས་ཁྱད་འཕགས་པའོ། །མཆོད་ནས་ཞེས་པ་ནི་བསྟེན་ནས་སོ། །སློབ་མའི་ཁ་རུ་ཞེས་པ་ནི་སློབ་མའི་ཁར་རོ། །དབང་བར་བྱ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །གསང་བའི་དོན་གདམས་ངག་ལས་གོ་བར་
བྱའོ། །གང་དག་གིས་ཤེ་ན། མཐེ་བོ་སྲིན་ལག་གིས་ཏེ་སོར་མོ་གཉིས་ཀྱིས་སོ། །ཡང་ན་མཐེ་བོ་དང་སྲིན་ལག་གཉིས་ཀྱིས་རྡོ་རྗེ་ནས་བཟུང་ནས་སློབ་མའི་ཁར་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །འདི་ནི་གདམས་ངག་ལས་གོ་བ་ཡིན་ནོ། །དེའི་རྗེས་ཐོགས་སུ་ཡང་ཤེས་རབ་སྟེ། །གཏད་
པར་བྱ་ཞེས་པ་ནི་སློབ་མ་ལའོ། །ཡང་ན་ཤིན་ཏུ་བཞིན་བཟངས་ཞེས་པ་ནི། གསུང་རྡོ་རྗེའི་རང་བཞིན་ནོ། །མིག་ཡངས་མ་ཞེས་པ་ནི་སེམས་གཙོ་བོའི་ལུས་སོ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཞེས་པ་ནི་ཕྱག་དང་ཞལ་གྱི་རྣམ་པ་ལ་སོགས་པའི་རང་བཞིན་ནོ། །དེ་ལྟ་བུར་གྱུར་པ་
སྐུ་གསུམ་གྱི་རང་བཞིན་ནོ། །ཤེས་རབ་ནི་བདག་མེད་མའོ། །སྟོན་པ་ནི་རྡོ་རྗེ་འཛིན་པའོ། །མཆོད་པ་ནི་ཡང་དག་པར་རྟོགས་པའོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་མཐེ་བོ་སྲིན་ལག་གིས་ནི་གཏད་པར་བྱ་སྟེ་མཐེ་བོ་ནི་རྡོ་རྗེ་འཛིན་པའོ། །སྲིན་ལག་ནི་བདག་མེད་མའོ། །དེ་དག་གིས་ནི་ཞེས་པ་ནི་
เล่ม ๕ · หน้า 164b
མཉམ་པར་དབྱེར་མེད་པས་སོ། །གཏད་པར་བྱ་ནི་རྣམ་པར་གཞག་པའོ། །དེ་ལྟ་བུར་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སློབ་མའི་ཁར་ནི་ཡུལ་དང་དབང་པོར་རོ། །བཏུང་བ་ནི་བསྡུ་བའོ། །དབང་པོ་དང་ཡུལ་དབྱེར་མེད་པ་ཉིད་སྐུ་གསུམ་གྱི་རང་བཞིན་ཐབས་དང་ཤེས་རབ་ཀྱི་
བདག་ཉིད་ཡང་དག་པའི་ཡེ་ཤེས་ཡིན་པའི་དོན་ཏོ། །འདིས་ནི། སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་པའི་བར་གྱིས་སློབ་དཔོན་གྱི་དབང་ངོ་། །མཐེ་བོ་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་དབབ་པར་བྱ། །ཤེས་རབ་རབ་ཏུ་མཆོད་ཅེས་པ་འདིས་གསང་བའི་དབང་བསྟན་ཏོ། །མཆོད་པ་
བྱས་ནས་གཏང་བར་བྱ། །ཞེས་པ་འདིས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དབང་བསྐུར་བསྟན་པའི་རིམ་པ་འདོད་ནས་དེ་ཉིད་གསུངས་པ། སྟོན་པས་སྨྲས་པ་སེམས་དཔའ་ཆེ། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །འདི་ནི་གཏད་པར་མངོན་པར་བརྗོད་པའོ། །ཕྲག་དོག་ཁྲོ་བ་རྣམ་སྤངས་པའི། །
སློབ་མ་ཆེར་འགྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་བ་སྦྱིན། །ཀུན་དུ་རུ་གྱིས་རྡོ་རྗེ་འཛིན། །ཆེར་འགྱུར་ཞེས་པ་ནི་ཆུ་ལ་སོགས་པའི་དབང་གི་དབང་བསྐུར་ཐོབ་པའོ། །ཕྲག་དོག་ཁྲོ་བ་རྣམ་སྤངས་པ། །ཞེས་པ་ནི་ཉོན་མོངས་པ་སྤངས་པའོ། །ཀུན་དུ་རུ་ཞེས་པ་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་
བའོ། །གྱིས་ཞེས་པ་ནི་བསྐྱེད་པའོ། །སྟོན་པས་དེ་ལ་གནང་བ་སྦྱིན་ནི་སྟོན་པ་ནི་བླ་མའོ། །དེའི་ཚེ་གནང་བ་ཐོབ་པའི་སློབ་མས་ཀྱང་བྱ་བ་གང་ཡིན་པ་དེ་གསུངས་པ། ཇི་ལྟར་དབང་བསྐུར་གསོལ་བཏབ་པའི། །སློབ་མའི་བྱ་བ་བཤད་པར་བྱ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་
གཅིག་ཏུ་བརྩོན། །རྡོ་རྗེའི་རྣལ་འབྱོར་ལས་བྱུང་བ། །མི་ཕྱེད་ཕྱག་རྒྱར་རབ་གྲུབ་པ། །ཀྱེ་བཅོམ་ལྡན་ཞེས་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཞི་བ་ཆེན་པོ་ནི་ཉོན་མོངས་པའི་བག་ཆགས་ཀྱི་བུད་ཤིང་བསྲེགས་པའི་ཕྱིར་རོ། །རྡོ་རྗེའི་རྣལ་འབྱོར་གཅིག་ཏུ་བརྩོན། །ཞེས་
པ་ནི་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །ཕྱག་རྒྱ་རབ་གྲུབ་པ་ནི་ཕྱག་རྒྱའི་དངོས་གྲུབ་གྲུབ་པའི་ཕྱིར་རོ། །མི་ཕྱེད་ཅེས་པ་ནི་རིགས་མཐའ་ཡས་པ་གཅིག་གི་ངོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ་ནི། རིམ་པ་གཉིས་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་ལུགས་བསྟན་པའི་ཕྱིར་
เล่ม ๕ · หน้า 165a
རོ། །ཡང་ན་ཀྱེ་བཅོམ་ལྡན་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དོ། །ཞི་བ་ཆེ་ཞེས་པ་ནི་མི་བསྐྱོད་པའི་སྐུའོ། །རྡོ་རྗེའི་རྣལ་འབྱོར་གཅིག་ཏུ་བརྩོན། །ཞེས་པ་ནི་མི་བསྐྱོད་པའི་སྦྱོར་བ་ཡིན་པས་ན་རིན་ཆེན་འབྱུང་ལྡན་ནོ། །ཕྱག་རྒྱ་རབ་གྲུབ་པ་ཞེས་པ་ནི་འོད་དཔག་མེད་
ཀྱི་རང་བཞིན་ནོ། །མི་ཕྱེད་ཅེས་པ་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེའི་རྣལ་འབྱོར་ལས་བྱུང་བ་ནི་རྡོ་རྗེ་སེམས་དཔའ་རྫོགས་པའི་རང་བཞིན་ནོ། །ཡེ་ཤེས་ལྔ་དང་སྐུ་གསུམ་དང་ཐབས་དང་ཤེས་རབ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་བླ་མ་རྡོ་རྗེ་ཡིན་པའི་
དོན་ཏོ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ཀྱང་དེ་ལྟར་མཛོད། །འཁོར་བའི་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །བདག་ཉིད་ཆེ་ཞེས་པ་ནི་སྔར་བསྟན་པའི་བསྟོད་པའི་རིམ་པས་སོ། །ཇི་ལྟར་ཁྱོད་དེ་བཞིན་དུ་བདག་ཀྱང་གྱིས་ཤིག་པའོ། །
འཁོར་བའི་འདམ་གྱི་ཚོགས་སུ་བྱིང་བ་བདག་ནི་ཁོ་བོའོ། །སྐྱོབས་ནི་སྐྱབས་མེད་བདག་ལ་སྐྱོབས་སོ། །སྟོན་པ་སྤངས་ནས་གཞན་འཁོར་བ་ལས་འདོན་ནུས་པ་གང་ཡང་མེད་པའོ། །དེ་ལྟར་གསོལ་བ་བཏབ་པའི་རྗེས་སུ་མཆོད་པ་གསུངས་པ། ཞིམ་པའི་བཟའ་བ་བཏུང་བ་དང་། །ཆང་ནི་སྟོབས་
ནི་ཆེན་པོ་དང་། །བདུག་པ་ལྷ་བཤོས་ཕྲེང་བ་དང་། །དྲིལ་བུ་རྒྱལ་མཚན་བྱུག་པ་ཡིས། །འདི་རྣམས་མཆོད་པ་རྣམས་ཀྱིས་ནི། །སློབ་མས་རྡོ་རྗེ་འཛིན་པ་མཆོད། །སྟོབས་ཆེན་ནི་རྒྱལ་པོའི་སཱ་ལུའོ། །དེ་ལྟར་བསྟོད་པ་དང་གསོལ་བ་བཏབ་པ་དང་མཆོད་པའི་ཆོ་ག་བླ་མའི་གདམས་ངག་ལས། །རྡོ་རྗེ་
པདྨ་མཉམ་སྦྱོར་བ་ལ་སོགས་པའི་རིམ་པས་དགའ་བ་ལ་སོགས་པ་རྟོགས་པ་དག་སྟོན་པའི་གནང་བ་བསྟན་པའོ། །དབང་བསྐུར་བཞི་པ་བསྟན་པའི་ཕྱིར། །མཆོག་ཏུ་དགའ་བ་ཡང་དག་རྙེད། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །
བདེ་བ་ཆེན་པོ་ཡང་དག་ཟུང་། །སྟོན་པས་སྨྲས་པ་ཞེས་པ་ནི། བཀའ་སྩལ་པའོ། །དེ་གང་ཞེ་ན། ཀྱེ་སེམས་དཔའ་ཆེ། ད་ནི། ཡེ་ཤེས་ཆེན་པོའི་རོས་གང་བ། །ཞེས་བོད་པའོ། །ཁྱེད་ཀྱི་ཟུང་ནི་གང་བསྟན་པར་བྱ་བའོ། །དེ་ཅི་ཞེ་ན་བདེ་བ་ཆེན་པོ་སྟེ། ཡང་དག་པའི་ཡེ་ཤེས་སོ། །གང་ལ་
เล่ม ๕ · หน้า 165b
ཡོད་ཅེ་ན་མཆོག་ཏུ་དགའ་བ་ལའོ། །སྐད་ཅིག་ལ་ནི་སྐད་ཅིག་བཞི་ལའོ། །ཡང་དག་ཐོབ་ནི། བརྒྱུད་པ་ལེགས་པར་ཐོབ་པའོ། །ཅིས་ཁྱད་འཕགས་ཤེ་ན་སྣ་ཚོགས་སྤངས་པ་སྟེ་བྱེ་བྲག་དང་བྲལ་བའི་ཁམས་གསུམ་དབྱེར་མེད་པར་རོ་གཅིག་པའི་རང་བཞིན་ནོ། །འདིས་ནི་སློབ་དཔོན་དང་
གསང་བ་དང་ཤེས་རབ་དང་བཞི་པ་ཡང་དེ་བཞིན་ནོ་ཞེས་དབང་བཞི་བསྟན་པ་ཡིན་ནོ། །ཡང་ན་བདེ་བ་ཆེན་པོ་ནི། ཡང་དག་པའི་ཡེ་ཤེས་སོ། །མཆོག་ནི་ཁྱད་འཕགས་པའོ། །དགའ་བ་ནི་དགའ་བ་བཞིའོ། །ཤ་ནི་ཁུ་བའོ། །ཡང་དག་ནི་བདེ་བའོ། །དེ་ལ་ཐོབ་པ་ནི་བསྐྱོད་པས་དགའ་བ་བཞི་
ཡིས་ཁྱབ་པའོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་སྤངས་པའི་སྐད་ཅིག་ལའོ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །ཟུང་ཞེས་པའོ། །ད་ནི་དབང་བསྐུར་ནས་རྗེས་སུ་གནང་བ་སྦྱིན་པ། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །རྡོ་རྗེ་ཅན་གྱིས་སློབ་མ་མཐོང་། །བྱ་བའི་
ཚོགས་ནི་འདི་སྐད་སྨྲ། །བྱང་ཆུབ་ཀྱི་སྒྲས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ཉིད་སྙིང་པོ་ནི་སྙིང་པོ་སྟེ་བྱང་ཆུབ་ཀྱི་སྙིང་པོ་ཉིད་དོ། །བར་ནི་ཐུག་པར་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དེ་སྲིད་དོ། །སེམས་ཅན་དོན་ནི་འགྲོ་བའི་དོན་ཏོ། །གྱིས་ནི་བསྐྱེད་པའོ། །ཀྱེ་རྡོ་རྗེ་འཛིན་ནི་རྡོ་རྗེ་
འཛིན་པའི་ཡེ་ཤེས་ཅན་ནོ། །རྡོ་རྗེ་ཅན་གྱིས་སློབ་མ་མཐོང་ནི་རྡོ་རྗེ་ནི་བླ་མའོ། །སློབ་མ་ལ་ཅི་བྱ་བ་ཞེ་ན། མཐོང་ནས་བྱ་བའི་ཚོགས་ནི་ཆུ་ལ་སོགས་པའི་ཚོགས་བརྗོད་པའོ། །ཡང་ན། འཆད་པར་འགྱུར་བའི་བྱ་བའི་ཚོགས་བཀའ་སྩལ་པའོ། །སློབ་མ་མཐོང་ནས་འདི་སྐད་ནི་ཆུ་ལ་
སོགས་པའི་ཆོ་ག་བཞི་པ་བསྟན་པ་ལ་ཐུག་པར་བརྗོད་པར་བྱའོ། །ད་ནི་དབང་བསྐུར་དང་གནང་བ་ཐོབ་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྣམ་པར་གཞག་པར་བསྟན་པའི་ཕྱིར་གསུངས་པ། དེ་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་
སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅེན་ལྟ་བུར་སྣང་། །རིམ་པར་ཕྱེ་བ་དང་པོར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་མདོར་བསྟན་པ་དེའི་རྒྱས་པར་བཤད་པ་འདི་ཡིན་ནོ། །ཐམས་ཅད་ལུས་ལའི་
เล่ม ๕ · หน้า 166a
སྒྲ་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ལའོ། །རྣམ་པར་ནི་སྣ་ཚོགས་པའི་ཚུལ་ལོ། །ཨ་བདག་མེད་མ་དབྱེར་མེད་པའི་བྱང་ཆུབ་སེམས་སོ། །གནས་ཞེས་པ་ནི་མི་གཡོ་བའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། གཉིས་དང་གཉིས་སུ་མེད་པའི་ཚུལ། །
དངོས་དང་དངོས་མེད་བདག་ཉིད་ནི་སྐྱེ་བ་དང་འཇིག་པ་ནི་དབྱེར་མེད་པའི་ཡེ་ཤེས་སོ། །གཙོ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་མཁའ་འགྲོ་མ་རྣམས་ཀྱི་བདག་པོ་མ་ནིང་ངོ་། །ཐམས་ཅད་ལུས་ལ་རྣམ་པར་གནས་པའི་དོན་ཉིད་གསུངས་པ་བརྟན་དང་གཡོ་བ་ཞེས་བྱ་བའོ། །
གནས་ནི་མི་གཡོ་བའི་རང་བཞིན་འདི་སྐྱེ་བའོ། །སྒྱུ་མའི་གཟུགས་ཅན་ལྟ་བུར་སྣང་ནི་འོད་གསལ་གྱི་རང་བཞིན་དུ་འགྲོ་བའི་རང་བཞིན་ཡིན་ནོ། །འདི་འདྲ་བའི་ཡེ་ཤེས་དམ་པ་དེ་ཇི་ལྟར་མངོན་དུ་གྱུར་ནས་རྟོགས་པ་གསུངས་པ། དཀྱིལ་འཁོར་འཁོར་ལོའི་སོགས་ཐབས་ཀྱིས། །རྟག་
ཏུ་ངེས་པར་འགྲོ་བར་འགྱུར། །དཀྱིལ་འཁོར་ནི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཛིན་པའོ། །འཁོར་ལོ་ནི་མི་ཤེས་པ་གཅོད་པར་བྱེད་པ་ཡིན་པའི་ཕྱིར་བདག་མེད་མའོ། །དཀྱིལ་འཁོར་ཡང་ཡིན་པས་དཀྱིལ་འཁོར་འཁོར་ལོ་སྟེ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་
སོ། །དེ་ཉིད་སོགས་ནི་རྒྱུའོ། །ཐབས་ནི་དང་པོའི་རྒྱུའོ། །རྒྱུ་དེའི་ཕྱིར་ན་དེ་རྟག་ཏུའོ། །ངེས་པ་ནི་ཐེ་ཚོམ་མེད་པའོ། །འགྲོ་བར་འགྱུར་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་འགྱུར་བའོ། །དེ་ནས་རྡོ་རྗེ་སྙིང་པོས་སྲིང་མོ་རྣལ་འབྱོར་མ་ཐམས་ཅད་ལ་བཟོད་པ་གསོལ་ནས། བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ནས་ཞེས་པ་ནི་རྗེས་ཐོགས་སུའོ། །དེ་ཡང་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་བྱས་ནས་ཤེ་ན་རྣལ་འབྱོར་མ་ཐམས་ཅད་ལ་བཟོད་པར་གསོལ་ནས་ཏེ། རྣལ་འབྱོར་མ་ཀུན་ལ་བཟོད་པར་གསོལ་ནས་སོ། །ཅིས་
ཁྱད་འཕགས་ཤེ་ན། སྲིང་མོ་ཞེས་པ་སྟེ། རང་གི་དམ་ཚིག་གི་བརྡ་ལ་གནས་པ་རྣམས་སོ། །ཡང་ན་བྷ་ག་ནི་ཡེ་ཤེས་ཏེ་དེ་འདི་ལ་ཡོད་པས་སྲིང་མོའོ། །དེ་རྣམས་ནི། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་ཀྱིས། །རྟག་ཏུ་ངེས་པར་འགྲོ་བར་འགྱུར། །ཞེས་བཅོམ་ལྡན་འདས་
เล่ม ๕ · หน้า 166b
ཀྱིས་གསུངས་སོ། །དེ་ཉིད། དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བརྗོད། །སངས་རྒྱས་ཀུན་བདག་གྲོང་ཁྱེར་ལ། །བཅོམ་ལྡན་བདག་ནི་འཁྲུལ་གྱུར་པས། །ཅི་རིགས་པར་ནི་བཤད་དུ་གསོལ། །ཞེས་གུས་པའི་ཚིག་གིས་ན་མང་པོའི་ཚིག་གོ། །དཀྱིལ་འཁོར་འཁོར་
ལོ་གང་དེ་ཅི་ཞེས་བརྗོད། དེ་ཡང་གྲོང་ཁྱེར་ནི་ལུས་སོ། །ཅིས་ཁྱད་འཕགས་ཤེ་ན། སངས་རྒྱས་ཀུན་གྱི་བདག་ཉིད་དོ། །ཐམས་ཅད་ཅེས་པ་ནི་ཡུལ་རྣམས་སོ། །སངས་རྒྱས་ནི་དེ་བཞིན་གཤེགས་པ་སྟེ་དབང་པོ་རྣམས་སོ། །བདག་ཉིད་ནི་སེམས་སོ། །ཡུལ་དང་དབང་པོ་དང་རྣམ་པར་
ཤེས་པའོ། །སངས་རྒྱས་ཀུན་བདག་སྟེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རང་བཞིན་གྱི་རྡོ་རྗེ་གསུམ་གྱི་རང་གི་ངོ་བོ་ཡིན་པའི་ཐ་ཚིག་གོ། །དེ་ལྟ་བུའི་རྣམ་པའི་གྲོང་ཁྱེར་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་ཅི་ཞེས་བརྗོད་ཅེས་རྡོ་རྗེ་སྙིང་པོས་ཞུས་པ་སླར་བསྡུས་པ། ཅི་རིགས་པར་
ཞེས་པ་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་མི་འགལ་བར་ཇི་ལྟ་བུར་གྱུར་པ་དེ་ལྟ་བུར་རོ། །དེ་ལྟར་ཞུས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །དཀྱིལ་འཁོར་གྱི་སྒྲས་ནི་སྙིང་པོ་མཆོག་བཤད་
དོ། །དེ་ཡང་མ་ནིང་ངོ་། །དེ་ཅི་ཞེ་ན་བྱང་ཆུབ་སེམས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ཉིད་བདེ་བ་ཆེན་པོ་སྟེ། ཆགས་པ་མེད་པའི་ཡེ་ཤེས་གང་དེ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཅི་བྱེད་ཅེ་ན། དེ་ནི་ལེན་པར་བྱེད་པས་ན། །འདུས་པ་དཀྱིལ་འཁོར་ཉིད་དུ་
བརྗོད། །སྙིང་པོ་དེ་ལེན་པ་ནི་འཛིན་པའི་ཚུལ་ལོ། །བྱེད་པས་ནི་གང་དཀྱིལ་འཁོར་སྐྱེད་པར་བྱེད་པས་སོ། །དཀྱིལ་འཁོར་དེ་འདུས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའོ། །འདོད་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཞིག་དཀྱིལ་འཁོར་གྱི་སྒྲའི་དོན་ཏོ། །འཁོར་
ལོའི་སྒྲའི་དོན་བཤད་པར་བྱ་སྟེ། འཁོར་ལོ་ཞེས་ཚོགས་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་རྣམ་པར་སྦྱོང་། །ཚོགས་ཞེས་པ་ནི་ཡུལ་གྱི་ཤེས་པའོ། །ནམ་མཁའི་སྒྲས་ནི་དབང་པོའི་ཤེས་པའོ། །ཁམས་ཀྱི་སྒྲས་ནི་འབྱུང་བ་ཆེན་པོའི་ཡེ་ཤེས་སོ། །ནམ་མཁའ་ཡང་
เล่ม ๕ · หน้า 167a
ཡིན་ལ་ཁམས་ཀྱང་ཡིན་པས་ནམ་མཁའི་ཁམས་སོ། །འདི་དག་གི་ཞེས་པ་ནི་མངོན་པར་བརྗེད་པ་སྟེ་དེ་གང་ལ་ཡོད་པ་ནི་འཁོར་ལོའོ། །དེ་ཉིད་ཀྱི་ཕྱིར། ཡུལ་ལ་སོགས་པ་རྣམས་ཀྱི་རྣམ་པར་སྦྱོང་བ་ནི་དྲི་མ་མེད་པར་བྱེད་པའོ། །འདིས་ནི་དེ་བཞིན་གཤེགས་པ་
ཐམས་ཅད་འདུས་པའི་དཀྱིལ་འཁོར་ཡུལ་ལ་སོགས་པའི་རྣམ་པར་དག་པའི་འཁོར་ལོའོ། །འདི་གཉི་ག་གང་དེ་ནི་དེའི་བདེ་བ་ཤེས་པར་འགྱུར་ཏེ་རྟོགས་པར་འགྱུར་བའོ། །རྒྱུ་གང་གིས་ཡིན་པ་གསུངས་པ། བོ་ལ་ཀཀྐོ་ལ་སྦྱོར་བས་ཏེ་བོ་ལ་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །ཀཀྐོ་ལ་ནི་པདྨའི་
འཁོར་ལོའོ། །དེ་གཉི་ག་དབྱེར་མེད་པ་ནི་སྦྱོར་བའོ། །དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ཡུལ་ལ་སོགས་རྣམ་པར་དག་པའི་རང་བཞིན་ཟུང་དུ་འཇུག་པ་ཐོབ་པའི་རིམ་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་མངོན་པར་བརྗོད་པའི་དོན་ཏོ། །དེ་
འདི་ནི་གཉི་ག་དབྱེར་མེད་པ་ལ་གནས་པ་མེད་པའི་རྣལ་འབྱོར་དུ་དམིགས་པར་བྱའོ། །རྡོ་རྗེའི་སྙིང་པོས་གསོལ་པ། སྡོམ་པ་ཞེས་བྱ་གང་གིས་སྡོམ། །དམ་ཚིག་གང་གིས་གནས་པར་བགྱི། །གལ་ཏེ་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ཡིན་ལ་དམ་ཚིག་དེའི་དམ་ཚིག་གི་
རྒྱུས་གནས་པ་ཡིན་ན་གནས་པ་དམིགས་པར་འགྱུར་རོ། །གལ་ཏེ་སྡོམ་པ་ནི་བསྡུ་བ་བདག་མེད་མས་ཟིན་པས་ཡུལ་ལ་སོགས་པ་རྣམ་པར་དག་པ་ཡིན་ན། དེ་བཞིན་དུ་ཡང་སྡོམ་པ་དེའི་སྡོམ་པའི་རྒྱུས་ཀྱང་གནས་པ་ཡིན་ན་གནས་པ་དམིགས་པར་འགྱུར་རོ། །དེ་ཅིས་གནས་པ་མེད་
པའི་རྣལ་འབྱོར་ལ་གནས་པ་ཡིན་ཞེས་པའོ། །ཡང་ན་དམ་ཚིག་གང་གིས་ཇི་འདྲ་བའི་ལྷའི་རྣལ་འབྱོར་གྱིས་སོ། །སྡོམ་པ་གང་གིས་ཞེས་པ་ནི། ཇི་འདྲ་བར་ལྷ་སྤྲོ་བ་དང་བསྡུ་བའོ། །གནས་པར་བགྱི་ནི་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སྲོག་
ཆགས་གསད་པ་དང་། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཞེས་པ་འདི་དམ་ཚིག་སྟེ། རྒྱུན་མ་ཆད་པར་བྱ་བ་ལ་རབ་ཏུ་འཇུག་པའོ། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་པ་འདི་ནི་སྡོམ་པ་སྟེ་བསླབ་པའོ། །ཡང་ན་སཾ་ནི་ཡང་དག་པའོ། །
เล่ม ๕ · หน้า 167b
པར་ནི་གཙོ་བོ་སྟེ། འདི་ཉིད་གལ་ཏེ་སྒྲ་ཇི་བཞིན་པ་དེའི་ཚེ་བཀག་པའི་མི་དགེ་བའི་ཉེས་པ་ལ་སྤྱོད་པར་འགྱུར་རོ། །དེའི་ཕྱིར་སྲོག་གཅོད་པ་ལ་སོགས་པའི་ཕྱིར་དགེ་བ་ཉིད་ཡེ་ཤེས་ཀྱི་རྣམ་པར་གསལ་བར་མཛད་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་གཅིག་སྲོག་ཆགས་
གསོད་པ་ཉིད། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །འཇིག་རྟེན་བསྒྲལ་བ་ཞེས་བརྗོད་པ། །བརྫུན་གྱི་ཚིག་ཏུ་རབ་ཏུ་བསྒྲགས། །བཙུན་མོའི་ཁུ་བ་མ་བྱིན་པ། །གཞན་གྱི་བུད་མེད་རང་འདོད་མཛེས། །སེམས་གཅིག་ཅེས་པ་ནི་ཟླ་མེད་པའི་སེམས་གཟུང་བ་དང་འཛིན་པ་ལས་
རྣམ་པར་གྲོལ་བའོ། །དེ་ནི་སྲོག་བཅད་པ་སྟེ་ཇི་ལྟར་ཞེ་ན། གང་ཕྱིར་སྲོག་ནི་སེམས་སུ་འདོད། །གང་རྒྱུ་དེའི་ཕྱིར་རོ། །སྲོག་སེམས་ཞེས་པ་ནི་བརྡའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འཕགས་པ་བརྒྱད་སྟོང་པ་ལས། །བདག་གིས་སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་
མེད་པར་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱི་བའི་གང་དང་གང་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བ་དེ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྒྲ་དབྱངས་མཐའ་ཡས་པས་གངྒཱའི་ཀླུང་
གི་བྱེ་མ་སྙེད་དང་མཚུངས་པའི་བསྐལ་པར་ཡང་སེམས་ཅན་ཞེས་ཚིག་ཏུ་བརྗོད་ཀྱང་། དེ་ལ་གང་ཅུང་ཟད་སྐྱེས་པའམ་སྐྱེ་བར་འགྱུར་བའམ། སྐྱེ་བའམ་འགགས་པའམ། འགག་པར་འགྱུར་བའམ། འགག་པ་ནི་སེམས་ཅན་གྱི་ཁམས་རྣམས་གཟོད་མ་ནས་མ་སྐྱེས་པའི་ཕྱིར་
རོ། །དེ་ན་ཡང་གང་སྐྱེ་བ་དང་འགག་པ་མི་དམིགས་པ་དེ་བསྒྲལ་བར་བགྱིའོ་ཞེས་པའོ། །འདི་ནི་བརྫུན་དུ་སྨྲ་བའོ། །ཚིག་ནི་བརྫུན་གྱི་ཆེད་དུ་སྟེ། འདི་ལྟ་བུ་འདི་ནི་ཡང་དག་པ་བདེན་པའི་བརྫུན་དུ་སྨྲ་བའོ། །ཡང་ན་སྨྲ་བ་ནི་སྒྲ་སྟེ་བརྫུན་ནི་མི་བདེན་པའོ། །གང་གི་ཕྱིར་སྨྲ་བ་འདི་ནི་བྱང་ཆུབ་
ཀྱི་སེམས་སོ། །ཨ་བདག་མེད་མའོ། །དེ་ལྟར་གཉི་གའོ། །དེ་ཡང་བྱིན་ནས་གཏོང་བས་ན་སྨྲ་བ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གང་སྒྲ་ནཱ་དའི་ཕྲེང་གཉིས་སོ། །དེ་དབྱེར་མེད་པར་རྟོགས་པ་ཡོངས་སུ་སྤངས་པ་ཡང་བརྫུན་ཏེ་དབང་པོ་ལས་
เล่ม ๕ · หน้า 168a
འདས་པའི་དོན་ཡིན་པའི་ཕྱིར་རོ། །གང་གསུངས་པ། རབ་འབྱོར་གལ་ཏེ་མྱ་ངན་ལས་འདས་པ་ལས་ཅུང་ཟད་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཅིག་ཡོད་ན་ཡང་བདག་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་པ་དེ་ནི་བརྫུན་དུ་སྨྲ་བའི་ཚིག་གོ། །བཙུན་མོའི་
ཁུ་བ་མ་བྱིན་པ་ནི་གཞན་གྱི་ནོར་འཕྲོག་པ་མ་བྱིན་པར་ལེན་པ་ཡིན་ནོ། །ཡང་ན་བཙུན་མོ་ནི་བདག་མེད་མའོ། །ཁུ་བ་ནི་རྡོ་རྗེ་འཛིན་པའོ། །བཙུན་མོ་ཡང་ཡིན་ལ་ཁུ་བ་ཡང་ཡིན་པས་བཙུན་མོའི་ཁུ་བའོ། །དེ་མ་བྱིན་པ་ནི་མ་བཏང་བ་སྟེ་རྟག་ཏུ་འབྱུང་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །
གཞན་གྱི་བུད་མེད་ཅེས་པ་ནི་མཆོག་གི་ཤེས་རབ་མའོ། །དེ་རང་འོད་མཛེས་ནི་རང་གིས་སྨྲས་ནི་རྡོ་རྗེ་འཛིན་པའོ། །དེའི་རང་ནི་དེའི་རང་བཞིན་གྱི་ཤེས་རབ་མའོ། །མཛེས་པ་ནི་ཀུན་ལས་མཆོག་ཡིན་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་རྣལ་འབྱོར་མ་ཐམས་ཅད་ལ་བཟོད་པ་གསོལ་ནས་དཀྱིལ་
འཁོར་གྱི་འཁོར་ལོ་ལ་སོགས་པའི་དོན་ཞུས་པ་ལ་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་ནོ། །ད་ནི་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་ཆ་མེད་པའི་རང་བཞིན་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་དེ་རྣམས་ལ་ཐེ་ཚོམ་དུ་གྱུར་ཏེ། དཀྱིལ་
འཁོར་གྱི་འཁོར་ལོ་ལ་སོགས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡང་དབྱེར་མེད་པའི་དོན་དམ་པའི་བདེན་པར་བཅོམ་ལྡན་འདས་ཀྱིས་བརྡ་གསུངས་པ་ལ་རྣལ་འབྱོར་མ་རྣམས་ཐེ་ཚོམ་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། དེ་ནས་རྣལ་འབྱོར་མ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །དེ་ནས་ཞེས་པ་ནི་ཁ་སྦྱོར་རོ། །རྣལ་འབྱོར་མ་ཐམས་ཅད་ཅེས་པ་ནི་མ་ལུས་པའི་རྣལ་འབྱོར་དང་ལྡན་པ་རྣམས་སོ། །འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་འདི་ལྟ་བུའི་རྣམ་པའི་རང་བཞིན་ཉིད་ཀྱིས་དུས་གསུམ་དུ་ཁྱབ་པའོ། །ཞུས་པ་ཉིད་གསུངས་པ། ཡུལ་དེ་རྣམས་
ཀྱང་ཅི་ལགས། དབང་པོ་རྣམས་ནི་གང་ལགས། སྐྱེ་མཆེད་རྣམས་ནི་ཅི་ལགས། ཕུང་པོ་རྣམས་ནི་གང་ལགས། ཁམས་རྣམས་དེ་ཡང་ཅི་ལགས། དེ་ལྟར་ལྔའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་འདི་རྣམས་ཀྱི་རང་བཞིན་ཤེས་པ་དོན་དམ་པའི་བདེན་པ་ཡིན་པར་རྣལ་འབྱོར་མ་རྣམས་བགྲོས་
เล่ม ๕ · หน้า 168b
ནས་ཞུས་པ་དེ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་དྲུག་ནི། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ཉིད། །འདི་རྣམས་ཡུལ་ནི་དྲུག་ཏུ་བརྗོད། །དབང་པོ་རྣམས་ནི་ཡུལ་དྲུག་སྟེ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་
དང་དེ་བཞིན་ཡིད། །འདི་རྣམས་དབང་པོ་དྲུག་པོ་ནི། །གཏི་མུག་རྡོ་རྗེ་ལ་སོགས་ལྡན། །ཡུལ་དང་ཡུལ་ཅན་དག་གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། །ཕུང་པོ་ལྔ་ནི་གཟུགས་ལ་སོགས། །མཐར་ནི་རྣམ་ཤེས་སྙིང་རྗེ་ཆེ། །དབང་པོ་དང་ནི་ཡུལ་ཉིད་དང་། །དབང་པོའི་རྣམ་
པར་ཤེས་པ་ཉིད། །རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར། །ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད། །རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་བརྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པ་རྣལ་འབྱོར་མས་ཤེས་ཀྱིས། །འདི་ལྟ་སྟེ་གཙུབ་ཤིང་དང་གཙུབ་སྟན་
དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་གློ་བུར་དུ་མེ་སྐྱེ་བར་འགྱུར་རོ། །མེ་འདི་ནི་གཙུབ་ཤིང་ལ་ཡང་མི་གནས་གཙུབ་སྟན་ལ་ཡང་མ་ཡིན་སྐྱེས་བུའི་ལག་པ་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ན་ཡང་ཡོད་པ་མ་ཡིན་པས། མེ་དེ་ཡང་བདེན་པ་ཡང་མ་ཡིན་
ཞིང་བརྫུན་པ་ཡང་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག་ཅེས་པ་ནི་རྡོ་རྗེ་སྙིང་པོ་ཐབས་ཀྱི་རང་བཞིན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་དོན་དམ་པའི་བདེན་པས་བསྟན་པ་ཡིན་ནོ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་
ཀྱིས། །འདི་ལྟ་སྟེ། གཙུབ་ཤིང་དང་། གཙུབ་སྟན་དང་། སྐྱེས་བུའི་ལག་པའི་རྩོལ་བ་ལས་གློ་བུར་དུ་མེ་སྐྱེ་བར་འགྱུར་རོ། །མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་གནས། །གཙུབ་སྟན་ལ་ཡང་མ་ཡིན་སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ། རྣལ་འབྱོར་མ་རྣམས་ནི་ཤེས་རབ་ཀྱི་རང་
བཞིན་གྱི་དོན་དམ་པའི་བདེན་པའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ཚིགས་སུ་བཅད་པ་རྣམས་ཀྱི་བསྡུས་པའི་དོན་ཏོ། །ཚིགས་སུ་བཅད་པ་འདི་རྣམས་རྒྱུད་ཀྱི་གླེང་གཞིར་གྱུར་པའི་དོན་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བའི་
เล่ม ๕ · หน้า 169a
བདག་ཉིད་ནས་རྫོགས་པ་ལ་ཐུག་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བཅོམ་ལྡན་འདས་ལ་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཏབ་པ། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །འཁོར་ལོ་ཞེས་
ཚོགས་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་རྣམ་པར་སྦྱོང་། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ཡང་རྡོ་རྗེ་སྙིང་པོས་ནི་ཐབས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འཁོར་ལོ་ཞེས་ཚོགས་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་རྣམ་པར་སྦྱོང་། །ཞེས་པ་ནི།
བསྐྱེད་པའི་རིམ་པས་བསྐྱེད་པའི་རིམ་པ་རྟོགས་པར་བཞེད་པ་ཡིན་ནོ། །དཀྱིལ་ནི་སྙིང་པོ་ཞེས་བརྗོད་དོ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པས་ནི། རྫོགས་པའི་རིམ་པ་དང་བསྐྱེད་པའི་རིམ་པ་ཕྱིན་ཅི་མ་ལོག་པ་བཅོམ་ལྡན་འདས་ཀྱིས་དང་པོ་ཉིད་དུ་རྡོ་རྗེ་སྙིང་པོས་ཞུས་
པའི་ལན་བཏབ་པའོ། །ད་ནི་རྣལ་འབྱོར་མ་རྣམས་ཀྱང་ཆ་ཤས་མེད་པའི་རང་བཞིན་ཡིན་པའི་ཕྱིར་རང་བཞིན་མེད་པ་དེས་ན། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པ་བཞེད་པ་ཉིད་དོ། །འཁོར་ལོ་ཞེས་ཚོགས་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་རྣམ་པར་སྤྱོད། །ཞེས་པ་
ལ་ཐེ་ཚོམ་དུ་གྱུར་པ་ཉིད་སེམས་ལ་བཞག་ནས་ཡུལ་དེ་རྣམས་ཀྱང་ཅི་ལགས་ཞེས་བྱ་བ་ལ་སོགས་པ་དབུ་འདྲི་ལ་བ་སྔོན་དུ་འགྲོ་བས་ཞུས་པའི་ལན་བཏབ་པ་ནི། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་དྲུག་ནི་གཟུགས་ལ་སོགས་པའོ། །དེ་ཡང་ཅིས་ཁྱད་
འཕགས་ཤེ་ན། གཏི་མུག་རྡོ་རྗེ་ལ་སོགས་ལྡན་ཏེ་དྲུག་གོ། །གཏི་མུག་ནི་རྣམ་པར་སྣང་མཛད་རྡོ་རྗེ་མ་ནིང་གི་རིམ་པར་གནས་པའི་མཁའ་འགྲོ་མའོ། །གཏི་མུག་ཀྱང་ཡིན་ལ་རྡོ་རྗེ་མ་ཡང་ཡིན་པས་གཏི་མུག་རྡོ་རྗེ་མ་ནིང་ངོ་། །མིག་གི་དབང་པོ་ལ་གཏི་མུག་རྡོ་རྗེ་ལ་སོགས་པ་ནི་གཏི་
མུག་རྡོ་རྗེ་ལ་སོགས་པའོ། །དེས་ལྡན་པ་ནི། འདུས་ནས་མི་ཕྱེད་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ལྔ་པོ་དྲུག་པའི་ཁོངས་སུ་གཏོགས་ཤིང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡིད་ཅེས་པ་ནི་བརྡའོ། །ཡུལ་འབའ་ཞིག་ནི་མ་ཡིན་ཏེ། དབང་པོ་རྣམས་ཀྱང་གཏི་མུག་
เล่ม ๕ · หน้า 169b
རྡོ་རྗེ་ལ་སོགས་པ་དང་ལྡན་པའོ། །ཡང་ན་གཏི་མུག་རྡོ་རྗེ་ལ་སོགས་ནི་དེ་བཞིན་གཤེགས་པ་ལྔ་རྣམས་དང་རྡོ་རྗེ་མཁའ་འགྲོ་མ་བཞི་སྟེ། གཏི་མུག་རྡོ་རྗེ་ལ་སོགས་ལྡན་ནི་རྡོ་རྗེ་མ་ལ་སོགས་པའི་མཁའ་འགྲོ་མ་བཞི་འབྱུང་བ་ཆེན་པོ་ལྔའི་རང་བཞིན་གཏི་མུག་ལ་སོགས་པའི་དེ་བཞིན་
གཤེགས་པ་ལྔ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་དབྱེར་མེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཕུང་པོ་ལྔ་ནི་གཟུགས་ལ་སོགས། །མཐར་ནི་རྣམ་ཤེས་སྙིང་རྗེ་ཆེ། །ཞེས་རྡོ་རྗེ་སྙིང་པོ་ལ་བོས་པ་སྟེ། དེ་ནི་ཐེ་ཚོམ་ཟ་བའི་ཕྱིར་རོ། །ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་དང་
ཕུང་པོ་ལྔས་བྱིན་གྱིས་བརླབས་པས་ཉི་ཤུའི་དབྱེ་བ་དབྱེར་མེད་པའོ། །དེ་ཡང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རེ་རེ་ཞིང་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་རྣམ་པ་བརྒྱར་དབྱེར་མེད་པ་ཡིན་ནོ། །རྣམ་པར་སྣང་མཛད་ལ་
སོགས་པའི་དེ་བཞིན་གཤེགས་པ་ལྔ་པོ་རེ་རེ་ཞིང་ཡང་རྣམ་པ་ལྔར་ཕྱེ་བས་ན་དེ་ཐུག་པ་མེད་པའོ། །ཡུལ་དང་ཡུལ་ཅན་དག་གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། གཟུགས་ལ་སོགས་པའི་ཡུལ་དྲུག་དང་མིག་ལ་སོགས་པའི་དབང་པོ་དྲུག་དང་གཉིས་པོ་དག་ནི་སྐྱེ་མཆེད་
བཅུ་གཉིས་སུ་འགྱུར་རོ། །ཡང་ན་ཡུལ་ནི་འབྱུང་བ་ཆེན་པོ་བཞིའོ། །ཡུལ་ཅན་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཏེ། ཡུལ་ཡང་ཡིན་ལ་ཡུལ་ཅན་ཡང་ཡིན་པས་ཡུལ་དང་ཡུལ་ཅན་ཏེ་མ་ནིང་ངོ་། །དེ་ལེན་ཅིང་འཛིན་པར་བྱེད་པའི་ངེས་པའི་ཚིག་བསྟན་པ་ན་ཡི་གེ་ན་དང་ཡི་གེ་ལ་སྟེ།
ཡུལ་དང་ཡུལ་ཅན་དེ་སྟོན་ཅིང་བརྗོད་པ་ཡིན་པས་ཡུལ་དང་ཡུལ་ཅན་ནོ། །དེ་དག་ལས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་སོ། །གང་རང་བཞིན་ནི་ཁམས་རྣམས་ཏེ་གཟོད་མ་ནས་མ་སྐྱེས་པའོ། །རང་གི་དངོས་པོ་ནི་རང་བཞིན་ནོ། །ཁམས་ནི་བཅོ་བརྒྱད་དག་ཏུ་བཤད། །ཁམས་
རྣམས་ནི་ས་ལ་སོགས་པའི་འབྱུང་བ་བཞི་དང་ཕུང་པོ་ལྔ་བྱིན་གྱིས་བརླབས་པ་དགུ་པོ་ཉིས་འགྱུར་ཏེ་བཅོ་བརྒྱད་དོ། །རྣལ་འབྱོར་མ་རྣམས་ནི་བདག་མེད་མ་ལ་སོགས་པའོ། །གོ་བྱའི་ཕྱིར་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རོ། །རྡོ་རྗེ་གསུམ་དབྱེར་མེད་པར་
เล่ม ๕ · หน้า 170a
ཞུགས་པས་སྐྱེ་མཆེད་བཅུ་གཉིས་སུ་འགྱུར་རོ། །དུ་ཞེ་ན་ཕུང་པོ་ནི་གཟུགས་ལ་སོགས་དང་ས་ལ་སོགས་པའོ། །འདུ་བྱེད་ཀྱི་མཐའ་ཞེས་པ་འདིས་འབྱུང་བ་ཆེན་པོ་བཞི་ཡང་བསྟན་པ་ཡིན་ནོ། །འདིས་ནི་དབང་པོ་ལྔ་དང་ཡུལ་བཞི་དང་དགུའོ། །དབང་པོའི་རྣམ་པ་
ཤེས་པ་ཉིད། །ཅེས་པ་ནི། དབང་པོ་དང་ཡུལ་ལ་རག་ལས་པའི་ཕྱིར་ཡུལ་དང་དབང་པོ་དགུའོ། །འདིས་ནི་དགུ་པོ་གཉིས་པོ་གང་དང་གང་གི་རང་བཞིན་དེ་ནི་མ་ནིང་ངོ་། །གང་ལས་ཤེ་ན། གང་འདི་ཉིད་གདོད་མ་ནས་མ་སྐྱེས་པས་སོ། །གདོད་མ་ནི་ཐོག་མའོ། །དེ་ཉིད་མ་སྐྱེས་པ་སྟེ་
གདོད་མ་ནས་མ་སྐྱེས་པའི་རང་བཞིན་གྱི་ཕྱིར་ཐོག་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་བདེན་མིན་ཏེ་བདེན་པ་བཀག་པའོ། །བདེན་པ་བཀག་པས་ཕ་རོལ་དང་ཚུ་རོལ་གྱི་རིག་པས་བརྫུན་པ་བཀག་པ་ཡིན་ཏེ་བརྫུན་མིན་ནོ། །དཔེས་ཅུང་ཟད་ཕྱེ་ནས་བྱིན་གྱིས་བརླབས་པས་བསྟན་པར་བྱས་པ།
ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །དེ་ལྟ་བུར་གྱུར་པའི་ཡོངས་སུ་ཤེས་པ་ཡང་ཆགས་པ་ཉིད་ཡིན་པས་ཆགས་པ་ཐམས་ཅད་ལས་ཀྱང་བཟློག་པས་ནི་དོན་དམ་པའི་བདེན་པ་ཡང་བསྟན་པ་ཉིད་ཡིན་ནོ། །འདོད་པས་ཞེས་པ་ནི་ཡོངས་སུ་ཤེས་པའོ། །
འདོད་པ་ཇི་ལྟར་ཡིན་པ་གསུངས་པ། གཙུབ་ཤིང་ཞེས་པ་ནི་གཙུབ་པའི་ཤིང་ངོ་། །གཙུབ་སྟན་ནི་གཙུབ་བའི་འོག་གཞིའོ། །སྐྱེས་བུའི་ལག་པའི་རྩོལ་བ་ལས་ཞེས་པ་ནི་ལག་པའི་བྱ་བའོ། །འདིའི་འདུ་འཕྲོད་ཀྱི་བྱ་བ་ལས་མེ་སྐྱེ་བར་འགྱུར་རོ། །གློ་བུར་དུ་ཞེས་པ་ནི་གང་གི་ཕྱིར་
རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་མེ་འདི་མི་དམིགས་སོ། །མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་གནས་གཙུབ་སྟན་ལ་ཡང་མ་ཡིན་སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ། །རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་པ་ནི་དེ་ཉིད་ཀྱི་ཕྱིར་གློ་
བུར་དུ་སྐྱེ་སྟེ། མ་སྐྱེས་པ་ཉིད་སྐྱེས་པར་ཡོངས་སུ་བརྟག་གོ། །མེ་དེ་ཡང་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་རྣམས་ཐམས་ཅད་དོ། །ལག་པའི་བྱ་བ་ཡང་བཀོད་པ་ཡོད་པ་མ་ཡིན་ཏེ། བྱ་བ་རྣམས་མེད་པའི་ཕྱིར་རོ། །མེ་ཡང་མེའི་ཁམས་ཉིད་ཀྱི་
เล่ม ๕ · หน้า 170b
ཆ་ཤས་མེད་པར་བསྟན་པའི་ཕྱིར་ཡང་ཆ་ཤས་དང་བྲལ་བ་ལས་ཀྱང་ཁྱད་པར་ཅུང་ཟད་བྱིན་གྱིས་བརླབས་པ་ངེས་པར་བསྟན་པ་ཉེ་བར་བསྟན་ཏོ། །དབང་པོ་ལས་འདས་པ་བདེན་པ་གཉིས་དབྱེར་མེད་པར་ཟུང་འཇུག་ཏུ་འབྱུང་བའི་རིམ་པ་ཡིན་པས་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ་བླ་མའི་
ཞབས་ཀྱི་བཀའ་དྲིན་ལས་ཁོང་དུ་ཆུད་པར་བྱ་བའོ། །དེ་ལྟར་ནི་ཨེ་ཝཾ་གྱི་ཡི་གེས་རྒྱས་བཏབ་པས་སོ། །ཆོས་ཐམས་ཅད་ནི་ཡུལ་ལ་སོགས་པ་རྣམས་སོ། །ཀྱེ་རྣལ་འབྱོར་མས་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་སོ། །ཡིད་ལ་གྱིས་ཤིག་ནི་ཆོས་ཀྱི་དབྱིངས་སུ་ཞུགས་པའོ། །
དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་བདུད་རྩི་ལྔ་དང་དམ་ཚིག་གི་རྫས་ཐོགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་མཆོད་དེ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཆོས་ཀྱི་སྐུའི་རང་བཞིན་ནོ། །བཅོམ་ལྡན་
འདས་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །མཆོད་པ་ནི་དེ་མངོན་པར་དང་བའི་ཐུགས་ཀྱིས་དེ་མཉམ་པ་ཉིད་དུ་བདག་ཉིད་ཀྱི་ཐུགས་ལ་རྣམ་པར་གཞག་པ་ཡིན་ནོ། །ཅི་བྱས་ནས་ཤེ་ན་ཐོགས་ནས་སོ། །བདུད་རྩི་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དམ་
ཚིག་གི་རྫས་ནི་གོ་ཀུ་ད་ཧ་ན་ལ་སོགས་པའོ། །འདི་འདྲ་བ་ཉིད་ནི་ངེས་པ་ཁོ་ནར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་པར་སེམས་བརྟན་པར་བསྐྱེད་ནས་བདུད་རྩི་ལྔ་ནི་དེ་བཞིན་གཤེགས་པ་ལྔ་ལ་དམ་ཚིག་གི་རྫས་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའོ། །འདིས་
བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པས་མཆོད་པ་ཡིན་པར་གསུངས་པའི་དོན་ཉིད་དོ། །བཅོམ་ལྡན་འདས་ཀུན་དུ་རུའི་སྦྱོར་བས་རྗེས་སུ་ཆགས་པར་བྱེད་ཅེས་སྦྱར་རོ། །ཡང་ན་གཉིས་སུ་མེད་པར་རྟོགས་པས་བྱང་ཆུབ་ཀྱི་སེམས་རྣམ་པར་གཞག་གོ། །རྡོ་རྗེ་བདུད་རྩིའི་རོ་ཡང་
འཐུད་དུ་འཇུག་པར་བྱེད་དོ་ནི་བཅོམ་ལྡན་འདས་སོ། །ཡང་ན་བདུད་རྩི་ནི་བྱང་ཆུབ་སེམས་སོ། །དེའི་རོ་ནི་ཉམས་སུ་མྱོང་བའི་མཚན་ཉིད་བསྟར་བའོ། །ཡང་ན་བསྡུ་བ་རང་བྱིན་གྱིས་བརླབ་པར་བྱས་པའི་ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་དགྱེས་ནས་རང་བྱིན་གྱིས་
เล่ม ๕ · หน้า 171a
བརླབ་པ་བསྟན་པ། འདིས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་རུའི་སྦྱོར་བས་རྗེས་སུ་ཆགས་པའི་བར་བདུད་རྩི་བཅུད་ཀྱིས་ལེན་གྱིས་ཀྱང་བཅོམ་ལྡན་འདས་མཉེས་ཏེ་བཅོམ་ལྡན་འདས་མ་ཡང་མཉེས་པས་བཅོམ་ལྡན་འདས་ཀྱིས་རང་བྱིན་གྱིས་བརླབ་པ་བསྟན་
པའོ། །ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པའི། །དེ་ཉིད་བདག་གིས་གསང་བྱས་པས། །རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །བཤད་ཀྱིས་དད་པས་རབ་ཏུ་ཉོན། །གསང་བྱས་པ་ནི་གང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་དེ་ཁོ་ན་ཉིད་དེ་བཤད་པར་བྱ་ཡིས། དད་པས་ཉོན་ཞེས་པ་ནི་
ཉན་པའི་དབང་པོས་ཟུང་ཤིག་པ་སྟེ། །བརྗོད་དུ་མེད་པ་ཉིད་ཚིག་གིས་བསྟན་པའོ། །བྱིན་རླབས་ཀྱི་ནི་བཅོམ་ལྡན་འདས་ཀྱིས་བྱིན་རླབས་འདིའོ། །ཡང་ན་བྱིན་རླབས་བསྟན་པ་ནི་སྤྲུལ་པའི་སྐུས་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དབྱེར་མེད་པར་རྫོགས་པར་གྱུར་པའོ། །ཡང་ན་
ཀུན་དུ་རུའི་སྦྱོར་བ་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་སོ། །རྗེས་སུ་ཞེས་པ་ནི་རིམ་པས་ཆགས་པར་གྱུར་པ་སྟེ་ཆགས་པ་དང་། ཆགས་པ་བར་མ་དང་། ཆགས་པ་ཆེན་པོ་རྣམ་པར་དགའ་བ་ལ་ཐུག་པར་དེ་ཐོབ་པའོ། །དེ་ནས་རྡོ་རྗེ་བདུད་རྩིའི་རོ་ཡང་འཐུང་དུ་འཇུག་པར་བྱེད་དོ་ཞེས་པ་
ལ་བདུད་རྩི་ནི་ཁུ་བའོ། །རོ་ནི་བདེན་པ་ཆེན་པོ་ཡིན་པས་བདུད་རྩིའི་རོའོ། །དེ་རྡོ་རྗེ་ནི་དབྱེར་མི་ཕྱེད་པའོ། །དེ་འཐུང་དུ་འཇུག་པར་བྱེད་པ་ནི་དེ་རྟོགས་པས་ཚིམ་པའི་རང་བཞིན་ཉིད་ཀྱིས་བཞི་པ་རྫོགས་པའོ། །དེ་ནས་རྒྱུ་དེ་གཉིས་ཀྱི་ཕྱིར་བཞི་པ་ཉིད་རྒྱུའོ། །གང་ཕྱི་ནས་ཐ་མར་གྱུར་པ་ནི་
གང་གི་ཕྱིར་བཞི་པ་ཉིད་ལ་ཐུག་པ་དེ་ཉིད་བཅོམ་ལྡན་འདས་ཡིན་པར་བརྗོད་དོ། །དགྱེས་ནས་ནི་ཆགས་པ་ཐམས་ཅད་མཉམ་སྙོམས་སུ་གནས་པའི་རང་བཞིན་གྱིས་བཅོམ་ལྡན་འདས་སོ། །བྱིན་གྱིས་བརླབས་པ་བསྟན་པ་ནི། ཐམས་ཅད་དུ་ཁྱབ་པའི་ཕྱིར་དུས་ཐམས་ཅད་ལས་ཏེ། །རྣམ་
པ་ཐམས་ཅད་སྡོམ་པ་གཅིག་པའི་ཕྱིར་ཡང་ངོ་། །དེ་ཉིད་ཀྱི་ཕྱིར་བསྟན་པ་ནི་སྤྲུལ་པའི་སྐུ་སྣ་ཚོགས་ཀྱི་རང་བཞིན་དབང་པོའི་གཞུ་དང་མཚུངས་པའི་སྤྲུལ་པའི་སྐུ་འབྱུང་ངོ་། །དེ་ནས་སྤྲུལ་པའི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ། །བཤད་ཀྱིས་རབ་ཏུ་
เล่ม ๕ · หน้า 171b
ཉོན་ཞེས་པ་ནི་གཉི་ག་ཡང་བོད་པ་སྟེ། དབྱེར་མེད་པ་ནི་ནམ་མཁའ་ལ་སྤྱོད་པའི་སྒྲའོ། །དེ་ཡང་དེ་དང་དབྱེར་མེད་པ་ཉིད་ཆོས་ཀྱི་སྐུའོ། །གསང་མཛད་པའི་ནི་ཆོས་ཀྱི་སྐུ་འདི་དབང་པོ་ལས་འདས་པའོ། །ཇི་ལྟར་ཞེ་ན། རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །ཞེས་པ་སྟེ། མཆོད་པ་ཞེས་པ་ནི་
མཆོད་པའི་བྱ་བ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པའོ། །དེ་ཉིད་བྱིན་བརླབས་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའོ། །དེ་དང་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་ཡིན་པར་དགོངས་སོ། །བདག་གིས་ཞེས་པ་ནི་བདག་ཉིད་དོ། །
སངས་རྒྱས་ཀུན་གྱིས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔས་སོ། །ཕྱག་མཛད་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་ངེས་པའོ། །དེ་ནས་ལྷ་མོ་ཐམས་ཅད་རངས་པར་གྱུར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།
བཅོམ་ལྡན་འདས་ཉིད་ཀྱི་གསུང་ཉན་ནོ་ཞེས་པ་ནི་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཡང་དག་པའི་ཡེ་ཤེས་རྟོགས་པའི་ནི་ལྷ་མོ་ཐམས་ཅད་ནི་མ་ལུས་པའི་རོལ་བ་དང་ལྡན་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་རངས་པར་གྱུར་ནི་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་ཞེས་པ་ནི་བདེན་པ་
གཉིས་དབྱེར་མེད་པར་རྟོགས་པའོ། །བཏུད་ནས་ནི་སྐུ་གསུང་ཐུགས་དབྱེར་མེད་པས་སོ། །འདུག་པར་གྱུར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཞེས་པ་ནི་ལྷག་པའི་ཆོ་འཕྲུལ་ཏེ། བཅོམ་ལྡན་འདས་ཀྱི་གསུང་ཉན་པར་
གྱུར་ཏོ། །ད་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བཏུང་ཇི་ལྟར་རྙེད་པ་དང་། །བགྲོད་དང་བགྲོད་མིན་མི་སྤང་ཞིང་། །མ་ལུས་པའི་ཡུལ་ལ་སོགས་པ་རྣམས་ནི་གདོད་མ་ནས་མ་སྐྱེས་པའི་རང་བཞིན་ཉིད་ཀྱི་དབྱིངས་ཀྱི་རང་བཞིན་བས་བཟའ་བ་དང་བཏུང་བ་ལ་སོགས་པའི་རྣམ་པར་
རྟོག་པ་དེ་ལ་ཡོད་པ་མ་ཡིན་པར་དགོངས་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བས་སྤྲོས་པ་མེད་པའི་སྤྱོད་པས་འཁྱམ་པ་ཡིན་པར་དགོངས་སོ། །ཡང་ན་བཟའ་བཏུང་ཇི་ལྟར་རྙེད་པ་དང་། མི་སྤང་ཞིང་ཞེས་པ་ནི་ཀུན་ནས་སྣང་བ་དང་བརྗོད་པ་དག་རྣམ་པར་དག་པའོ། །བགྲོད་དང་
เล่ม ๕ · หน้า 172a
བགྲོད་མིན་མི་སྤང་ཤིང་། །ཞེས་པ་ནི། རིག་པ་རྣམ་པར་དག་པའོ། །འདིས་ནི་རྡོ་རྗེ་གསུམ་རྣམ་པར་དག་པ་ཉིད་དེ་ཡེ་ཤེས་ཡིན་ནོ། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །གྲོང་པའི་ཆོས་ནི་སྤང་མི་བྱ། །ཁྲུས་ནི་འཁྲུ་བའོ། །གཙང་སྦྲ་ནི་མ་དག་པ་སྦྱོང་བར་བྱེད་པ་སྟེ་དེ་ཁོ་ན་
ཉིད་ཀྱི་རྣལ་འབྱོར་པས་མི་བྱའོ། །གྲོང་པའི་ཆོས་ནི་སྤང་མི་བྱ་ནི་གྲོང་པའི་ཆོས་སྤྱོད་པ་ཡང་བྱ་བ་ཉིད་ཡིན་ནོ། །ཡང་ན་ཁྲུས་ནི་དབང་བསྐུར་ངེས་སོ། །གཙང་སྦྲ་ནི་དྲི་མ་མེད་པར་བྱས་ཤིང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའོ། །དེ་མི་བྱ་སྟེ་ཞེས་པ་ནི་གཉེན་པོ་བསྒོམས་པས་རྣམ་པར་དག་
པ་མ་ཡིན་ནོ། །གང་གི་ཕྱིར། དེ་ནས་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་པའི་ཚིག་གིས་སོ། །དེ་ཉིད་ཀྱི་ཕྱིར། གྲོང་པའི་ཆོས་ནི་སྤང་མི་བྱ་ནི་དེ་ཉིད་ལ་བཞི་པའི་ཕྱག་རྒྱས་དེ་བཞིན་ཉིད་དུ་རྟོགས་པ་ཡིན་པར་དགོངས་སོ། །གཞན་ཡང་། བློ་ལྡན་གསང་
སྔགས་མི་བཟླ་ཞིང་། །བསམ་གཏན་ཉིད་ནི་དམིགས་མི་བྱ། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། །ཞེས་པ་ནི་ཕྱི་རོལ་གྱི་སྔགས་ལ་གཞོལ་ནས་རྡོ་རྗེ་བཟླས་པ་མངོན་པར་མི་ཤེས་པས་འགྲུབ་པར་མི་འགྱུར་ཏེ། སྔགས་ཀྱི་བཟླས་པ་བཀག་པའོ། །དེ་ཉིད་ཀྱི་ཕྱིར།
བློ་ལྡན་བསམ་གཏན་ཉིད་ནི་དམིགས་མི་བྱ། །ཞེས་པ་ནི། ཕྱག་དང་ཞལ་གྱི་རྣམ་པ་ལ་སོགས་པ་སྤྲུལ་པའི་སྐུའི་ལྷ་བསྒོམ་པ་རྡོ་རྗེ་བཟླས་པའི་ནང་ཉིད་དུ་འདུས་པ་ཡིན་པས་ལྷ་ལྷག་པར་དམིགས་པ་དགག་པའོ། །གཉིད་ནི་སྤང་བར་མི་བྱ་སྟེ། །ཞེས་པ་ནི། སྐྱེ་བ་དང་འཆི་བའི་ཀུན་དུ་རྟོག་པ་
ཡོངས་སུ་སྤངས་པ་ཡིན་པར་དགོངས་སོ། །དབང་པོ་རྣམས་ནི་མི་དགག་གོ། །ཞེས་པ་ནི། ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པ་ཉིད་ཀྱི་དོན་དམ་པའི་བདེན་པའི་ཡེ་ཤེས་ཐེ་ཚོམ་མེད་པར་རྙེད་པ་ཡིན་ནོ། །ཡང་ན། བློ་ལྡན་གསང་སྔགས་མི་བཟླ་ཞིང་། །ཞེས་པ་ནི། ལོངས་སྤྱོད་རྫོགས་
པའི་སྐུའི་རང་བཞིན་བསྟན་ཏོ། །བསམ་གཏན་ཉིད་ནི་དམིགས་མི་བྱ། །ཞེས་པ་ནི། ཆོས་ཀྱི་སྐུའི་རང་བཞིན་བསྟན་པའོ། །གཉིད་ནི་སྤང་བར་མི་བྱ་སྟེ། །ཞེས་པ་ནི། གཏི་མུག་བྲལ་བར་བཀག་པས་འདིས་ནི་སྤྲུལ་པའི་སྐུ་བསྟན་པ་ཡིན་ནོ། །འདིར་ཡང་ལོངས་སྤྱོད་རྫོགས་པའི་
เล่ม ๕ · หน้า 172b
སྐུ་རྣལ་འབྱོར་མ་རྣམས་ལ་བསྟན་པས་དང་པོ་ཉིད་དུ་འབྱུང་བ་ཉིད་དེ། རྗེས་ཐོགས་སུ་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ཉེ་བར་བསྟན་པ་ཡིན་ནོ། །ད་ནི་སྐུ་གསུམ་དབྱེར་མེད་པ་ཉིད་མངོན་པར་གསལ་བར་བྱས་པ། བ་ལ་ཐམས་ཅད་བཟའ་བར་བྱ། །རིགས་ལྔ་དག་དང་མཉམ་པར་སྤྱད། །དོགས་
པ་མེད་པའི་སེམས་ཀྱིས་ནི། །བཙུན་མོ་ཐམས་ཅད་དགའ་བར་བྱ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱིར་ཡོངས་སུ་བཅད་པ་ཅུང་ཟད་ཀྱང་མེད་པར་འབྱུང་ངོ་། །འདིའི་ཕྱིར་ན་བ་ལ་ཐམས་ཅད་བཟའ་བར་བྱའོ། །རྒྱུའི་སྦྱོར་བ་དང་བྲལ་བས་ཀྱང་ཆོས་ཐམས་ཅད་ནི་མཚན་མ་མེད་
པའི་རང་བཞིན་གྱིས་ནི་རིགས་ལྔ་མཚུངས་པ་ཉིད་དུ་སྤྱད་པར་བྱའོ། །མ་ལུས་པའི་རྟོག་པ་ཡོངས་སུ་སྤང་བའི་ཕྱིར་རེག་ཏུ་རུང་བ་དང་མི་རུང་བའི་ཀུན་དུ་རྟོག་པ་མེད་པར་བཙུན་མོ་ཐམས་ཅད་དགའ་བར་བྱའོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། དོགས་པ་མེད་པའི་སེམས་ཀྱིས་ནི། །རྣམ་པར་
མི་རྟོག་པའི་སེམས་ཀྱི་རྒྱུས་ཡིན་ནོ། །འདིས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ་ཞེས་པའོ། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཞེས་པ་རྡོ་རྗེ་གསུམ་མི་ཕྱེད་པ་རྣམ་པར་དག་པའོ། །གཞན་ཡང་གསུངས་པ། བཤེས་ལ་སྡུག་པར་
མི་བྱ་ཞིང་། །དེ་བཞིན་གདུག་ལ་སྡང་མི་བྱ། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །ཞེས་པ་བཤེས་མ་ཡིན་པའི་ཀུན་དུ་རྟོག་པ་ཐམས་ཅད་སྤངས་པ་ཉིད་ཀྱི་ཕྱིར་བཤེས་ལ་སྡུག་པར་ཞེས་པ་ལ་སོགས་པ་ཕྱེད་སྔ་མའོ། །ནང་གི་ལྷའི་རང་བཞིན་ལས་སེམས་གཡོ་བ་
མེད་པས། ཕྱི་རོལ་གྱི་ལྷའི་རྣམ་པར་རྟོག་པ་ཡིད་དགའ་བ་མེད་པའི་ཕྱིར། རྡོ་ཤིང་འཇིམ་པའི་རང་བཞིན་གྱི། །ལྷ་འདི་རྣམས་མདུན་དུ་བྱུང་བ་ན་ཕྱག་མི་བྱ་ཞེས་པའོ། །ཡང་ན་བཤེས་ཀྱི་སྒྲས་དབང་བ་རྣམས་སོ། །སྡུག་པ་ནི་ཆགས་པས་ཏེ་དེ་མི་བྱའོ། །སྡུག་པ་ཞེས་པ་མ་ནིང་སྟེ། བྱམས་པ་
བསྒོམ་པས་མཉམ་པ་ཉིད་ཀྱི་མ་ནིང་ཉིད་ཀྱི་ཕྱིར་རོ། །གདུག་ལ་སྡང་ཞེས་པ་གདུག་པའི་སེམས་ལ་ཞེ་སྡང་གཉིས་འདོད་པར་མི་བྱ་སྟེ། སྡང་ཞེས་པ་མ་ནིང་གཉིས་སུ་མེད་པས་སོ། །ལྷ་ནི་རོལ་པར་བྱེད་པ་སྟེ་འདི་རྣམས་ལ་རོལ་པ་དེ་ཡོད་པའི་ཕྱིར་ལྷ་ཡུལ་རྣམས་སོ། །ལྷ་དེ་རྣམས་ལ་
เล่ม ๕ · หน้า 173a
ཕྱག་མི་བྱ་སྟེ་དེའི་མངོན་པར་ཞེན་པ་མེད་པར་བྱའོ། །ཁྱད་པར་ཅི་ཞེ་ན། རྡོ་ཤིང་འཇིམ་པའི་རང་བཞིན་རྣམས་ཏེ་བེམས་པོའི་རྣམ་པར་རྟོག་པས་རྣམ་པར་གནས་པ་ཞེས་དགོངས་པའོ། །རིགས་ལྔ་ལ་ནི་མཉམ་པར་སྤྱད། །ཅེས་མདོར་བསྟན་པའི་དོན་སངས་རྒྱས་པར་བཤད་
པས། གཡུང་མོ་གདོལ་པ་ཀོ་ལྤགས་མཁན། །ཕྱག་དར་མཁན་སོགས་རེག་རིང་དང་། །བྲམ་ཟེ་རྒྱལ་རིགས་རྗེ་དམངས་རྣམས། །བདག་གི་ལུས་ལྟར་རེག་པར་བྱ། །ཞེས་པ་དོན་རབ་ཏུ་གསལ་བ་ཁོ་ནའོ། །ཡང་ན་གཡུང་མོ་ལ་སོགས་པ་ལྔ་དང་། བྲམ་ཟེ་རྒྱལ་རིག་ལ་སོགས་པ་ལྔ་དང་གཉིས་ནི་ཕྱི་དང་
ནང་གི་བདག་ཉིད་གཉིས་བསྟན་པའོ། །བདག་གི་ལུས་ལྟར་ཞེས་པ་སེམས་ཀྱི་ལུས་ཉིད་ཀྱི་ཕྱིར་རང་གི་ལུས་ལྟ་བུར་ཆོས་ཐམས་ཅད་ལས་རེག་པར་བྱའོ། །སེམས་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དུ་རྟོགས་པར་བྱའོ་ཞེས་པའོ། །བདུད་རྩི་ལྔ་དང་བུ་རམ་ཆད། །དུག་དང་ནིམ་པ་
བུ་བཙས་སྐྱེས། །སྐྱུར་དང་མངར་དང་བསྐ་བ་སོགས། །ཁ་བ་ལན་ཚྭ་ཚ་བ་དང་། །དྲི་ང་དྲི་ཞིམ་ཆུང་དང་ཁྲག །བྱང་ཆུབ་སེམས་བསྲེས་རབ་ཏུ་བཟའ། །ཞེས་པ་བྱང་ཆུབ་སེམས་ཀྱི་སྒྲས་གཉིས་སུ་མེད་པར་རྟོགས་པ་སྟེ་ཐེ་ཚོམ་དང་བྲལ་བ་ཉིད་ཀྱིས་ཀུན་དུ་སྤྱད་པར་བྱའོ་ཞེས་པ་སྟེ་དོན་
གོ་སླ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །རང་བྱུང་མེ་ཏོག་རྙེད་ནས་ནི། །པདྨའི་སྣོད་དུ་གཞག་བྱ་ཞིང་། །ལུད་པ་དང་ནི་སྣབས་དག་གིས། །གཅིག་ཏུ་བྱས་ནས་བཏུང་བར་བྱའོ། །ཞེས་པ་ནི། འདིའི་དོན་ཏོ། །
ཡང་ན། ལུད་པ་དང་ནི་སྣབས་དག་གིས། །ཞེས་པ་ཁ་དད་སྣའི་བུ་ག་དག་བསྲེས་ཏེ། ནཱ་དའི་ཕྲེང་བ་གཉིས་ཁ་དང་སྣའི་བུ་ག་ལས་འོག་ཏུ་དྲངས་ཏེ་ཁུ་བའི་གཟུགས་ཀྱིས་པདྨའི་སྣོད་དུ་སྟེ་ལྷ་མོའི་པདྨའི་ནང་དུ་གཞག་པར་བྱའོ། །དེ་ནས་རང་བྱུང་མེ་ཏོག་ཁུ་བ་དང་བདེ་བའི་རྣམ་པ་དབྱེར་མེད་
པས་བྱང་ཆུབ་ཀྱི་སེམས་བཏུང་ཞིང་བསྡུ་བར་བྱའོ། །རྙེད་པ་ནི་ཡང་དག་པའི་ཡེ་ཤེས་འདི་ཉིད་ཅེས་པ་ངེས་པའི་དོན་ཏོ། །བདུད་རྩི་ལྔ་ལ་སོགས་པ་བཟའ་བ་ཅུང་ཟད་ཡོད་མ་ཡིན་ཞེས་པའི་བར་གྱིས་རྡོ་རྗེ་མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །རང་བྱུང་མེ་ཏོག་རྙེད་ནས་ནི། །བཏུང་བར་
เล่ม ๕ · หน้า 173b
བྱ་ཞེས་པའི་བར་གྱིས་ཐུགས་རྡོ་རྗེའི་མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །ལུད་པ་དང་ནི་སྣབས་དག་ནི། །པདྨའི་སྣོད་དུ་གཞག་བྱ་ཞིང་། །ཞེས་པའི་བར་གྱིས་གསུང་རྡོ་རྗེའི་མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །ད་ནི་རྡོ་རྗེ་གསུམ་གྱི་མངོན་པར་ཞེན་པ་ཡོངས་སུ་སྤང་བ་གསུངས་པ། སྨད་གཡོགས་
ཁ་དོག་སྣ་ཚོགས་དང་། །རོ་བསྲེགས་ཐལ་བས་དེ་བཞིན་བརྒྱན། །མེ་ཏོག་ཡི་དགས་གནས་རྙེད་པས། །མགོ་སྐྱེས་མཆོག་ནི་བཅིང་བར་བྱ། །སྐུ་ཆོས་འབྱུང་ནམ་མཁའི་ཁམས་ལ་གཡོགས་རྡོ་རྗེ་གསུམ་དབྱེར་མེད་པ་སྐུ་རྡོ་རྗེའོ། །སྣ་ཚོགས་ཀྱི་སྐྲས་རྡོ་རྗེ་གསུམ་དབྱེར་མེད་པ་ཐུགས་རྡོ་རྗེའོ། །
ཅི་ལྟར་ཞེ་ན། །རོ་བསྲེགས་ཐལ་བས་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མཆོག་ཏུ་གྱུར་པའི་རྒྱུས་སོ། །འདི་ནི་རྡོ་རྗེ་གསུམ་དབྱེར་མེད་པ་སྟེ། རྡོ་རྗེ་གསུམ་བརྒྱན་པ་མཆོག་སྟེ་བླ་མ་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མགོ་སྐྱེས་ཏེ། སྤྱི་བོར་རང་གི་དབང་པོར་
འགྱུར་རོ་ཞེས་པའི་གསུང་ལས་སོ། །དེ་ཅི་ལྟར་དགུའི་བདག་ཉིད་ཅན་ཡིན་ཞེས་གསུངས་པ་མེ་ཏོག་བདག་མེད་མ། རྙེད་པ་ནི་ཡི་དགས་གནས། རྡོ་རྗེ་འཆང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་བཅིང་བར་བྱའོ། །གཉིས་དབྱེར་མེད་པར་གནས་པར་བྱའོ། །དེའི་ཕྱིར་དགུ་
བདག་ཉིད་ཅན་ཅེས་བརྗོད་དོ། །ཀུན་རྫོབ་དོན་ནི་སྨད་གཡོགས་ཞེས་པ་ནི་ཡོངས་སུ་བགོས་པའོ། །ཁ་དོག་སྣ་ཚོགས་ཞེས་པ་ནི་སྟག་གི་པགས་པའོ། །ཡང་ན་ཁ་དོག་སྣ་ཚོགས་ཉིད་ནི་ཕྱག་དར་ཁྲོད་ཀྱི་རས་སོ། །རོ་བསྲེགས་ཐལ་བས་ནི་ཐལ་བ་རྣམས་ཀྱིས་སོ། །དེས་རྣལ་འབྱོར་པ་བརྒྱན་
པ་ནི་རྒྱན་དུ་བྱས་པའོ། །ཡི་དགས་གནས་ཀྱི་མེ་ཏོག་ནི་དུར་ཁྲོད་ཀྱི་ས་ནས་རྙེད་པའོ། །རྙེད་པས་མགོ་སྐྱེས་ལེགས་པར་བཅིང་ནི་དམ་པོར་རོ། །གཟའ་བཏུང་ཇི་ལྟར་རྙེད་པ་དང་། །ཞེས་བྱ་བ་ལ་སོགས་པ་ནས་རྙེད་ནས་མགོ་སྐྱེས་ལེགས་པར་བཅིང་ཞེས་པ་ལ་ཐུག་པས་ཡལ་མ་ལུས་པར་རྣམ་
པར་དག་པ་ཡིན་པ་ཆེས་གསལ་བ་ཉིད་དུ་སྣང་བའོ། །བཟའ་བཏུང་ཇི་ལྟར་རྙེད་པ་དང་། །ཞེས་བྱ་བ་ལ་སོགས་པའི་བྱ་བ་ཡང་དབང་པོ་རྣམ་པར་དག་པ་མེད་ན་མི་འགྲུབ་པར་དོགས་པ་བསུ་ནས། དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། ཐམས་ཅད་ཡུལ་གྱི་རྣམ་དག་པ། །བཅོམ་ལྡན་འདས་ཀྱིས་
เล่ม ๕ · หน้า 174a
སྔར་གསུངས་ན། ངེས་པར་དབང་པོ་དྲུག་གི་གྲངས། །རྣམ་པར་དག་པ་མཛད་པ་ནི། །ཡུལ་གྱི་རྣམ་པར་དག་པ་སྔར། །བཅོམ་ལྡན་འདས་ཀྱིས་གསུངས་ན། དབང་པོ་དྲུག་གི་རྣམ་པར་དག་པ་ཡང་མ་གསུངས་སོ་ཞེས་རྡོ་རྗེ་སྙིང་པོས་ཞུས་པའོ། །ཞུས་པ་དེ་ལ་བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བ་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་པ་ནི། གཏི་མུག་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་མ་ནི་
དེ་རྣམ་པར་དག་པའི་མཁའ་འགྲོ་མའོ། །འདིས་ནི་གཉི་ག་དབྱེར་མེད་པར་རྣམ་པར་དག་པ་མིག་གི་དབང་པོའོ། །རྣ་བ་ཞེ་སྡང་རྡོ་རྗེ་མ། །ཞེས་པ་ནི། ཞེ་སྡང་རྡོ་རྗེ་དང་དབྱེར་མེད་པའི་རྣམ་པར་དག་པ་རྣ་བའི་དབང་པོའོ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཞེས་པ་ནི། ཕྲ་མ་རྡོ་རྗེ་དང་དབྱེར་མེད་པར་རྣམ་པར་དག་
པ་སྣའི་དབང་པོའོ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ཞེས་པ་ནི། འོད་དཔག་མེད་རྡོ་རྗེ་དང་དབྱེར་མེད་པར་རྣམ་པར་དག་པ་ལྕེའི་དབང་པོའོ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཞེས་པ་ནི། ཕྲག་དོག་ནི་དོན་ཡོད་གྲུབ་པའོ། །དེ་རྣམ་པར་དག་པ་ནི་མཁའ་འགྲོ་མའོ། །དེ་གཉི་ག་དབྱེར་མེད་པར་རྣམ་པར་
དག་པ་ལུས་ཀྱི་དབང་པོའོ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ཞེས་པ་ནི། རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་མཁའ་འགྲོ་མ་རྣམ་པར་དག་པ་ཡིད་ཀྱི་དབང་པོའོ། །དབང་པོ་རྣམས་ནི་དག་པའི་ཕྱིར། །འདིས་ནི་གོ་ཆ་སེམས་དཔའ་ཆེ། །འདིས་ནི་ཞེས་པ་ནི་གཏི་མུག་ལ་སོགས་པ་རྣམས་
ཀྱིས་སོ། །གོ་ཆ་ཞེས་པ་ནི་བརྟན་པར་བསྒྲིབས་པའོ། །གང་རྣམས་ཤེ་ན་དབང་པོ་རྣམས་ཏེ། མིག་ལ་སོགས་པ་རྣམས་སོ། །ཅིའི་དོན་དུ་ཡིན་པ་དེ་གསུངས་པ་རྣམ་དག་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུས་སོ། །དེ་ཉིད་ཀྱི་ཕྱིར་སེམས་དཔའ་ཆེ་ཞེས་པ་ནི་རྡོ་རྗེ་སྙིང་
པོ་ལ་བོས་པ་སྟེ། སེམས་དཔའ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ལས་གང་གི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་འགྲོ་བའི་དོན་བྱེད་པ་ལ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོ་ཡང་སྡུད་པ་པོ་ཡིན་པར་བརྗོད་དོ། །འདིས་ཅི་བསྟན་ན། སྐྱེ་བོ་མི་བཟད་པ་ཡི་ལས། །
เล่ม ๕ · หน้า 174b
གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཞེས་པ་དང་། གཞན་ཡང་གསུངས་པ། སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་བྱ་བ་ལ་སོགས་པའོ། །ད་ནི་དབང་པོའི་རྣམ་པར་དག་པ་ཞུས་པ། རྣམ་པ་མ་དག་པར་དག་པ་ལྟ་
བུའི་དག་པ་ཡིན་པར་ཤེས་ནས། །དམ་ཚིག་གི་བརྡ་ཐ་སྙད་དུ་མཚོན་དཀའ་བ་ཡིན་པར་བློ་ལ་བཞག་ནས། རྡོ་རྗེ་སྙིང་པོས་གསོལ་པ། གསང་བའི་སྐད་ནི་ཅི་ཞེས་བགྱི། །རྣལ་འབྱོར་མ་ཡི་དམ་ཚིག་ཆེ། །ཉན་ཐོས་ལ་སོགས་མི་ཤེས་པ། དགོད་དང་ལྟ་བ་དག་གིས་དང་། །འཁྱུད་དང་དེ་
བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །དགོངས་པའི་སྐད་ནི་མ་བསྒྲགས་པ། །ཞེས་པ་ནི། འདུས་པའི་སྐད་དམ་དགོངས་པའི་སྐད་དོ། །བསྣོས་པ་ནི་འདུས་པ་སྟེ། ནཱ་ད་གཉིས་དབྱེར་མེད་པའི་ནཱ་དའོ། །དེ་ཡང་རྣལ་འབྱོར་མའི་ནི་བདག་མེད་མ་ལ་སོགས་པའིའོ། །
དམ་ཚིག་ནི་འབྱུང་བ་ལ་དེ་ཡང་མ་ནིང་གི་སྐད་ཀྱི་དམ་ཚིག་ཀྱང་ངོ་། །དེ་ཡང་ཉན་ཐོས་ལ་སོགས་པས་མི་ཕྱེད་པའོ། །དགོངས་པའི་སྐད་ཅེས་པའི་ཕྱོགས་ལྟར་ན། ཉིན་མོ་དང་མཚན་མོ་གཉིས་དབྱེར་མེད་པའི་སྐད་ཅིག་ནི་ཐུན་མཚམས་སོ། །སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་
གང་དེ་བསྒྲུབ་པར་བྱ་བའོ། །དེ་ལྟ་བུར་གྱུར་པའི་སྐད་ཀྱི་རྒྱུ་མཚན་ནི་མ་ནིང་ངོ་། །དེ་ཉིད་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་ཡིན་པར་གསུངས་པའི་དོན་ཉིད་དོ། །ཡང་ན་འདུས་པའི་སྐད་ཅེས་པ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་གི་རང་བཞིན་འདུས་པས་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་སྐད་
གང་གཞོམ་དུ་མེད་པའི་རང་བཞིན་འོད་གསལ་གྱི་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་མའི་དམ་ཚིག་ནི་འདི་ལ་ཡོད་པས་རྣལ་འབྱོར་མ་སྟེ་ཕུལ་དུ་བྱུང་བའི་དོན་འདི་ལས་རྟག་པ་ཉིད་དུ་རྣལ་འབྱོར་དང་ལྡན་ཞིང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཉིད་དོ། །དེ་ལ་དམ་ཚིག་ནི་དེ་དང་ཤིན་
ཏུ་དབྱེར་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའོ། །དེ་ཡང་མ་ནིང་གི་དམ་ཚིག་གོ། །དེ་ཡང་ཉན་ཐོས་ལ་སོགས་མི་ཤེས་པ་ནི་མཚན་མར་འཛིན་པ་ལ་སོགས་པ་རྣམས་ཀྱིས་མཚོན་པར་མི་ནུས་པའོ། །གང་བཅོམ་ལྡན་འདས་ཀྱིས་འཕགས་པ་བརྒྱད་སྟོང་པ་ལས་གསུངས་པ། བདག་
เล่ม ๕ · หน้า 175a
སྤྱོད་པ་ཞེས་སྤྱོད་ན་མཚན་མ་ལ་སྤྱོད་པའོ། །བདག་བྱང་ཆུབ་སེམས་དཔའ་ཞེས་སྤྱོད་ན་མཚན་མ་ལ་སྤྱོད་པ་སྟེ། འདིས་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། གང་
གི་ཕྱིར་འདུས་པའི་སྐད་དམ་ཐུན་མཚམས་ཀྱི་སྐད་ཀྱང་རུང་སྟེ་མ་བསྒྲགས་པ་ནི་མ་བསྟན་པའོ། །གང་གིས་ཤེ་ན་རྒྱུད་ཀྱིས་ཏེ་བྱེ་བྲག་ཏུ་བཤད་པས་སོ། །གང་རྣམས་ཀྱི་ཞེན་རྣམ་པ་བཞི་རྣམས་ཀྱིའོ། །བཞི་པོ་ཉིད་གང་གི་ཡིན་པ་གསུངས་པ། དགོད་དང་ལྟ་བ་དག་གིས་ཀྱང་། །ཀྱང་གི་སྒྲ་ནི་གང་
གི་ཕྱིར་གྱི་དོན་ཏོ། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །ཞེས་པ་ནི་ཇི་ལྟར་འཁྱུད་པ་དང་གཉིས་གཉིས་དེ་བཞིན་དུ་ཡིན་པ་ཉིད་ཀྱི་དོན་ཏོ། །འདིས་ཅི་བསྟན་ན། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱིས་ཀྱང་དགོངས་པའི་སྐད་མ་གསུངས་པ་ཉིད་ཉན་ཐོས་པ་ལ་སོགས་པའི་
ཡང་སྤྱོད་ཡུལ་མ་ཡིན་པ་འདི་དགོངས་པའི་སྐད་འདི་མ་ནིང་ཡིན་ནོ། །ཡང་ན་འདུས་པའི་སྐད་དམ་དགོངས་པའི་སྐད་ཀྱང་རུང་སྟེ། དགོངས་པའི་སྐད་ནི་མ་གྲགས་པ། །ཞེས་པ་ནི། བཞི་པ་སྒྲའི་ཡུལ་མ་ཡིན་པ་སྟེ་མཚན་མ་ལས་ཤིན་ཏུ་འདས་ནས་ཆ་མེད་པའི་ཕྱིར་རོ། །གང་རྣམས་ཀྱི་ཞེ་ན། རྣམ་
པ་བཞི་རྣམས་ཀྱིས་ཞེས་པ་ནི་དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་མཐའ་རྣམས་ཀྱིའོ། །གང་གིས་ཤེ་ན་རྒྱུད་ཀྱིས་ཏེ་བྱེ་བྲག་ཏུ་བཤད་པས་སོ། །གང་དག་གིས་ཤེ་ན། དགོད་དང་ལྟ་བ་དག་གིས་ཀྱང་སྟེ་རྣམ་པ་སྣ་ཚོགས་དང་རྣམ་པར་སྦྱིན་པ་དག་གིས་སོ། །འཁྱུད་དང་དེ་བཞིན་གཉིས་
གཉིས་ཀྱི། །ཞེས་པ་ནི། རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བས་ཀྱང་ངོ་། །མང་པོའི་ཚིག་ནི་བསྡུ་བའོ། །དེ་བཞིན་ཞེས་པ་ནི། ཇི་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་པའི་ཚིག་གིས་སོ། །མཚན་མ་ལས་ཤིན་ཏུ་འདས་པས་བརྗོད་དུ་མེད་པའི་ཕྱིར། བརྗོད་དུ་མེད་པའི་བདག་ཉིད་དེ་
ཡང་བརྗོད་དུ་མེད་པའི་ཕྱིར་རོ། །རང་རིག་པའི་རང་བཞིན་ཡང་མེད་ཅིང་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་གཞོམ་དུ་མེད་པའི་དགོངས་པའི་སྐད་འོད་གསལ་བ་གཟོད་མ་ནས་མ་སྐྱེས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཡིན་ཏེ། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་
เล่ม ๕ · หน้า 175b
སྦྱར་བ་སྐུ་གསུམ་གྱི་རང་བཞིན་དུ་ཁྱབ་པ་འགྲོ་བའི་དོན་བྱ་བ་ལ་འཇུག་པའི་རྒྱུ་ཡིན་ནོ། །སྐབས་འདིར་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། འདི་ཉིད་ཀྱི་ཡུལ་ཡིན་པའི་ཕྱིར་ཞེས་དགོངས་སོ། །དེ་ཅིའི་ན་ངས་བཤད་ཀྱིས། ཁྱོད་ནི་རྩེ་གཅིག་སེམས་ཀྱིས་ཉོན། །ངས་ཞེས་པ་ནི་ནཱ་ད་གཉིས་
ཀྱི་བདག་ཉིད་ཚིག་གིས་བརྗོད་པའོ། །དེ་ཡང་ཉན་པའི་སྤྱོད་ཡུལ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཁྱོད་ནི་ཞེས་པ་ནི་སྤྲུལ་པའི་སྐུའོ། །རྩེ་གཅིག་སེམས་ཞེས་པ་ནི་ཆོས་ཀྱི་སྐུ་དང་དབྱེར་མེད་པས་སྐུ་གསུམ་དབྱེར་མེད་པའོ། །དེ་ཉིད་གསུངས་པ། དགོངས་པའི་སྐད་དམ་འདུས་པའི་
སྐད་ཀྱང་རུང་སྟེ་སྐད་ཆེན་པོའོ། །དམ་ཚིག་བརྡ་ནི་རྒྱས་པ་རུ། །འདུས་པའི་སྐད་ཅེས་པ་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར། སྐད་ཆེན་པོ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དམ་ཚིག་བརྡ་ནི་རྒྱས་པ་རུ། །ཞེས་པ་ནི། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལྷ་རྣམས་འབྱུང་
བའི་ས་བོན་ཉིད་ཀྱིས་བརྡ་རྒྱས་པ་སྟེ། སྒྲ་ཇི་བཞིན་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཡིན་པའི་ཕྱིར་རོ། །དགོངས་པའི་སྐད་གསུངས་པ། མ་ད་ན་ཆང་བ་ལ་ཤ། །འདུ་བ་མ་ལ་ཡ་ཛཾ་བརྗོད། །འགྲོ་བ་ཁེ་ཊ་རོ་ཤྲཱ་པ། །རུས་པའི་རྒྱན་ནི་ནི་རཾ་ཤུ། །འོང་བ་
ཕྲེཾ་ཁ་ནཾ་དུ་བརྗོད། །ཅང་ཏེའུ་ཀྲི་པི་ཏུ་རུ་བརྗོད། །སྐལ་མེད་དུཾ་དུ་རཾ་དུ་བརྗོད། །སྐལ་ལྡན་ཀ་ལིཾ་ཛ་རར་འདོད། །རེག་མེད་ཌིཎྜཱྀ་མ་ཞེས་བརྗོད། །ཐོད་པ་པདྨ་བྷཱ་ཛ་ན། །བཟའ་བ་ཏྲི་པི་ཊ་ཞེས་བྱ། །ཚོད་མ་མཱ་ལ་ཏྭིནྡ་ནཾ། །བཤང་བ་ཙ་ཏུ་ས་མར་བརྗོད། །གཅི་པ་ཀསྟུ་རི་ཞེས་བརྗོད། །རང་
འབྱུང་སི་ཧླར་ཤེས་པར་བྱ། །ཁུ་བ་ཀ་རྦཱུར་ཞེས་བརྗོད། །ཤ་ཆེན་སཱ་ལི་ཛ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །རྡོ་རྗེ་བོ་ལ་ཞེས་བརྗོད་དེ། །པདྨ་ཀཀྐོ་ལ་ཞེས་ཟེར། །ཡི་གེའི་དབྱེ་བས་ཕྱེ་བ་ལས། །རིགས་ནི་རྣམ་པ་ལྔ་རུ་བཤད། །འདི་ནི་གསང་བའི་སྐད་ཡིན་ནོ། །སངས་
རྒྱས་ལྔ་ནི་མཐར་ཐུག་པ། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །གར་མ་དེ་བཞིན་པདྨའི་རིགས། །རམས་འཚེད་མ་ནི་རིན་ཆེན་རིགས། །སྐྱེ་གཉིས་དེ་བཞིན་གཤེགས་པར་བརྗོད། །ཚོས་མ་ལས་ཀྱི་རིགས་ཉིད་དེ། །ཕྱག་རྒྱ་འདི་རྣམས་དངོས་གྲུབ་སྟེར། །མ་ད་ན་ཆང་ཞེས་པ་ནི་ཐུགས་
เล่ม ๕ · หน้า 176a
ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །བ་ལ་ཤ་ཞེས་པ་ནི་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །འདུ་བ་མ་ལ་ཡ་ཛ་ཞེས་པ་ནི་གསུང་རྡོ་རྗེའི་ཏིང་ངེ་འཛིན་ཏེ། ཆོས་ཀྱི་སྐུ་གསུམ་བསྟན་པ་ཡིན་ནོ། །འགྲོ་བ་ཁེ་ཊ་ཞེས་པ་ནི་གསུང་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །རོ་ཤྲཱ་བ་ཞེས་པ་ནི་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །
རུས་པའི་རྒྱན་ནི་ནི་རཾ་ཤུ་ཞེས་པ་ནི་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཏེ་འདི་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་གཙོ་བོར་བྱས་པའི་སྐུ་གསུམ་བསྟན་ཏེ། །འོང་བ་ཕྲེཾ་ཁ་ནཾ་ཞེས་པ་ནི་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །ཤེས་རབ་ཅན་ཞེས་པ་ནི་བོད་པ་སྟེ། རྣལ་འབྱོར་མའི་འཁོར་ལོའི་རྣམ་དག་བསྟན་
ཏོ། །ཅང་ཏེའུ་ཀྲི་པི་ཏ་ཞེས་པ་ནི་གསུང་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །འདི་ནི་སྤྲུལ་པའི་སྐུར་དམིགས་པའི་སྐུ་གསུམ་བསྟན་པ་ཡིན་ནོ། །ལུགས་ལས་བཟློག་པས་རིགས་ནི་རྣམ་པ་ལྔར་བཤད་པ་ནི་འདི་རེ་རེའི་རིགས་རྣམ་པ་ལྔ་པོ་དེ་ཡང་ནི་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ལ་རེ་རེ་ཞིང་ཡང་
དཀྱིལ་འཁོར་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། །སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་སོ། །འདི་གང་ཞེ་ན། དེ་ནི་རིགས་ཀྱི་དབྱེ་བས་ཕྱེ་བ་ལས་ཏེ། ཡི་གེའི་དབྱེ་བས་ནི་ཡི་གེ་ཨ་ལ་སོགས་པ་ཨཾ་གི་བར་
དུ་དབྱངས་བཅོ་ལྔ་རྣམས་སོ། །དེ་རྣམས་ཀྱི་དབྱེ་བས་ནི་སྣ་ཚོགས་པ་ཉིད་དུ་ཕྱེ་བས། དེ་ལས་བྱུང་བའི་མཁའ་འགྲོ་མ་ཉིད་ནི་རྩའི་གཟུགས་སམ་སྔགས་ཀྱི་གཟུགས་སུ་ཉམས་སུ་མྱོང་བ་འཁོར་ལོ་བཞིར་སོན་པའོ། །དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་གསུམ་གྱི་ངོ་བོ་མཁའ་འགྲོ་མ་བཅོ་
ལྔའི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཨ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་འབྱུང་བའོ། །པདྨ་ནི་ཡེ་ཤེས་སོ། །ཀཀྐོ་ལ་ཞེས་པ་ནི་ཆོས་འབྱུང་བདག་མེད་མའོ། །ཅན་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །འདོད་ཅེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཡིན་པའི་དོན་ཏོ། །སྐལ་ལྡན་ཀ་ལིཾ་ཛ་
རར་འདོད། །ཅེས་པ་ནི་གསུང་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །རིགས་མེད་ཌིཎྜཱི་མ་རུ་བརྗོད། །ཅེས་པ་ནི། ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །ཐོད་པ་པདྨའི་སྣོད་ཡིན་ཏེ། །ཞེས་པ་ནི། སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུར་དམིགས་པའི་སྐུ་གསུམ་བསྟན་ཏོ། །བཟའ་བ་ཏྲི་པི་ཊ་
เล่ม ๕ · หน้า 176b
ཞེས་པ་ནི་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །ཚོད་མ་མཱ་ལ་ཏྭིཾ་ད་ན། །ཞེས་པ་ནི། གསུང་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །བཤང་བ་ཙ་ཏུ་ས་མར་བརྗོད། །ཅེས་པ་ནི། ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཏེ་འདིས་ནི་སྤྲུལ་པའི་སྐུར་དམིགས་པའི་སྐུ་གསུམ་ཉེ་བར་བསྟན་ཏོ། །གཅི་བ་ཀསྟུ་རི་ཞེས་པ་ནི་ཐུགས་རྡོ་རྗེའི་ཏིང་
ངེ་འཛིན་ཏོ། །རང་བྱུང་སི་ཧླར་ཤེས་པར་བྱ། །ཞེས་པ་ནི། གསུང་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །ཁུ་བ་ཀརྤཱུ་ར་ཞེས་བརྗོད། །ཅེས་པ་ནི། སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །འདིས་ནི་ཆོས་ཀྱི་སྐུར་དམིགས་པའི་སྐུ་གསུམ་བསྟན་པ་ཡིན་ནོ། །འདིས་ནི་རྡོ་རྗེ་གསུམ་དབྱེར་མེད་པ་རེ་རེ་ཞིང་ཡང་སྐུ་གསུམ་ལུགས་
སུ་འབྱུང་བ་དང་ལུགས་ལས་བཟློག་པས་རྡོ་རྗེ་གསུམ་བྱིན་གྱིས་བརླབས་པའི་ཕྱིར་དགུའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་རོ། །རིགས་འདི་ཉིད་རེ་རེ་ཞིང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའོ། །ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པས་དེ་ཡང་ཇི་ལྟར་ཞེ་ན། དེ་ནི་
ཡི་གེའི་དབྱེ་བས་ཕྱེ་བ་ལས་ཏེ། ཡི་གེ་ཀ་ལ་སོགས་པ་སྡེ་ཚན་ལྔའི་ཡི་གེ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་སྒྱུ་མ་ལ་སོགས་པའི་དཔེས་བསྟན་པ་སྐུ་གསུམ་གྱི་རང་བཞིན་འགྲོ་བའི་དོན་བྱ་བ་ལ་འཇུག་པའི་རྒྱུ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་མཁའ་འགྲོ་མ་བདག་མེད་མ་དང་ཡང་དག་པར་སྦྱོར་བའོ། །པདྨ་ཀཀྐོ་ལ་ཞེས་ཟེར། །ཞེས་པ་ནི། བསྟན་ཟིན་པ་ཉིད་ཀྱི་དོན་ཏོ། །རྡོ་རྗེ་གསུམ་བསྡུ་བ་གསུངས་པ། ཤ་ཆེན་སཱ་ལི་ཛ་ཞེས་བརྗོད། །ཅེས་པ་ནི། རང་བྱུང་གི་ཡེ་ཤེས་སོ། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །ཞེས་
པ་ནི། །དེ་ཉིད་ཐབས་དང་ཤེས་རབ་དབྱེར་མེད་པའོ། །རྡོ་རྗེ་བོ་ལ་ཞེས་བརྗོད་དོ། །ཞེས་པ་ནི། དེ་ཉིད་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པའི་དོན་ཏོ། །བསྡུ་བ་གསུངས་པ། འདི་ནི་གསང་བའི་སྐད་ཡིན་ཏེ། །སངས་རྒྱས་ལྷ་ཡི་མཐར་ཐུག་པ། །ཞེས་པ་ནི། སངས་རྒྱས་ལྔའི་གྲངས་ཀྱི་རིམ་པས་
སོ། །ཡིན་ནི་འགྱུར་བའོ། །གང་དུ་ཞེ་ན། དགོངས་པའི་སྐད་ཉིད་ནཱ་ད་རེ་རེ་ཞིང་ཡང་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་ཕྱིར་དེ་ཉིད་ལས་གཞན་མ་ཡིན་པར་དགོངས་སོ། །ཡང་ན་མཐར་ཐུག་ལྔ་ནི་གྲངས་མཐའ་ཡས་པ་ཉིད་ཡིན་ཏེ། གཡུང་མོ་རྡོ་རྗེའི་རིགས་སུ་
เล่ม ๕ · หน้า 177a
བཤད། །ཅེས་བྱ་བ་ལ་སོགས་པའོ། །ཚོས་མ་ལས་ཀྱི་རིགས་ཉིད་དེ། །ཕྱག་རྒྱ་འདི་རྣམས་དངོས་གྲུབ་སྟེར། །ཞེས་པ་འདིས་ནི་རྡོ་རྗེ་རིགས་ཀྱི་རྣམ་པར་དག་པ་གཡུང་མོའོ། །མི་བསྐྱོད་པ་རྣམ་པར་དག་པ་ཡིན་པའི་དོན་ཏོ། །གར་མ་དེ་བཞིན་པདྨའི་རིགས། །ཞེས་པ་ནི་འོད་
དཔག་མེད་རྣམ་པར་དག་པའི་དོན་ཏོ། །རམས་འཚེད་མ་ནི་རིན་ཆེན་རིགས། །ཞེས་པ་ནི། རིན་ཆེན་རྣམ་པར་དག་པ་རམས་འཚེད་མ་ཡིན་པའི་དོན་ཏོ། །གཉིས་སྐྱེས་དེ་བཞིན་གཤེགས་པའི་རིགས། །ཞེས་པ་ནི། རྣམ་པར་སྣང་མཛད་རྣམ་པར་དག་པ་ཡིན་པའི་དོན་ཏོ། །ཚོས་མ་ལས་ཀྱི་
རིགས་ཉིད་དེ། །ཞེས་པ་ནི། དོན་ཡོད་གྲུབ་པའི་རྣམ་པར་དག་པ་ཚོས་མ་ཡིན་པའི་དོན་ཏོ། །ཕྱག་རྒྱ་འདི་རྣམས་དངོས་གྲུབ་སྟེར། །ཞེས་པ་ནི། མཛེས་པའི་དངོས་གྲུབ་ནི་དངོས་གྲུབ་བཟང་པོ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བ་ཡིན་པའི་དོན་ཏོ། །འདིས་ཅི་བསྟན་ན་མཁའ་འགྲོ་མ་བཅོ་ལྔ་པོ་འདི་
རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པ་འདི་རྣམས་ཀྱང་རིགས་མཐའ་ཡས་པར་བསྟན་པས་དཀྱིལ་འཁོར་གཉིས་དབྱེར་མེད་པ་ཉིད་དགོངས་པའི་སྐད་ཡིན་ནོ། །འདི་རྣམས་ཁུ་བ་རྡོ་རྗེར་འགྱུར། །བརྟུལ་ཞུགས་ཅན་གྱིས་མཆོད་ནས་བཏུང་། །དོན་ནི་གསལ་བ་ཉིད་དོ། །
ཡང་ན་འདི་ནི་སྤངས་པ་ཉོན་མོངས་པའི་བག་ཆགས་བག་ལ་ཉལ་ཐུག་པར་སྤངས་པ་འདི་རྣམས་བདག་མེད་མ་དང་རྡོ་རྗེ་འཛིན་པ་གཉི་ག་ཡང་མཆོད་ནས་སོ། །གང་ཁུ་བར་འགྱུར་ནི་བྱང་ཆུབ་ཀྱི་སེམས་སོ། །བཏུང་བ་ནི་བརྟུལ་བར་རྣམ་པར་གཞག་པའོ། །གང་ཞེ་ན་བརྟུལ་ཞུགས་ཅན་ཏེ་ཡང་
དག་པའི་ཡེ་ཤེས་ངེས་པ་ཡིན་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བསྡུས་ཏེ་གསུངས་པ། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །ང་ཡིས་ཁྱོད་ལ་གང་བཤད་པ། །གསང་བའི་སྐད་ནི་མཚར་ཆེ་བ། །དེ་ནི་ཐམས་ཅད་གུས་པར་ཟུང་། །དོན་ནི་གསལ་བ་ཉིད་དོ། །ཡང་ན་དགོངས་པའི་སྐད་
དམ་འདུས་པའི་སྐད་ཀྱང་རུང་སྟེ། འོད་གསལ་གཞོམ་དུ་མེད་པ་གང་དེའོ། །མཚར་ཆེ་བ་ནི། གང་མཚན་མ་ཉིད་མཚན་མ་མེད་པ་དེའོ། །ཅི་ཞེ་ན་ཐམས་ཅད་ནི་མ་ལུས་པ་བཞི་པ་ཡང་དག་པའི་ཡེ་ཤེས་སོ། །ཟུང་ནི་བསྟན་པར་བྱ་བའོ། །གུས་པས་ཞེས་པ་ནི་རྒྱུན་མི་འཆད་པར་རོ། །
เล่ม ๕ · หน้า 177b
དེ་ཉིད་གསུངས་པ། ཁྱོད་ལ་ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་ཉིད་དོ། །རྡོ་རྗེ་སྙིང་པོ་ཞེས་པ་ནི་ཆོས་ཀྱི་སྐུའི་བདག་ཉིད་དོ། །སེམས་དཔའ་ཆེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །ང་ཡིས་ཞེས་པ་ནི་སྐུ་གསུམ་གྱི་རང་བཞིན་གྱིས་སོ། །བཤད་ཅེས་པ་ནི་ངག་གི་སྒོ་ནས་
བཤད་པའོ། །གང་ཞེས་པ་ནི་རང་རིག་པ་ཉིད་ཡིན་པས་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་དགོངས་པའི་སྐད་ནི་ཡང་དག་པའི་ཡེ་ཤེས་སོ། །བརྗེད་ངས་པ་མེད་པའི་རྟག་ཏུ་བའི་རྣལ་འབྱོར་གྱིས་འདི་ཡིན་པར་གསུངས་པ། ཀྱེ་རྡོ་རྗེ་འདིར་དབང་བསྐུར་གང་། །དགོངས་པའི་སྐད་
ཀྱིས་མི་སྨྲ་བ། །དེ་ཡིད་མ་ཚིག་ཉམས་པར་ནི། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །འཚེ་བ་དང་ནི་རྐུན་མ་དང་། །གདོན་དང་རིམས་དང་དུག་གིས་ཀྱང་། །གལ་ཏེ་སངས་རྒྱས་གསང་བའི་སྐད། །མི་སྨྲ་ན་ཡང་འགྲོངས་པར་འགྱུར། །རང་གི་དམ་ཚིག་ཅན་རྙེད་ནས། །གལ་ཏེ་ཚིག་འདི་མི་སྨྲ་ན། །
གནས་བཞི་ལས་སྐྱེས་རྣལ་འབྱོར་མ། །དེ་ཡི་ཚེ་ན་རབ་ཏུ་འཁྲུག །དགྱེས་པའི་རྡོ་རྗེའི་རྒྱུད་འདིར་དབང་བསྐུར་བ་གང་དེ་གལ་ཏེ་གསང་བའི་སྐད་ཀྱིས་མི་སྨྲ་ན་ངེས་པར་དམ་ཚིག་ཉམས་པར་འགྱུར་རོ། །གང་གི་ཚེ་དམ་ཚིག་ཉམས་པར་གྱུར་པ་དེའི་ཚེ་འགལ་ཚབས་སུ་འགྱུར་བར་འདིར་ཐེ་ཚོམ་མེད་
པ་ཉིད་དོ། །དེ་གསུངས་པ། འཚེ་བ་ནི་ཐོག་འབབ་པ་ལ་སོགས་པའོ། །རྐུན་མ་ནི་གནོད་པ་བྱེད་པའོ། །གདོན་དང་རིམས་དང་དུག་དེས་ཀྱང་ནི་རབ་ཏུ་གྲགས་པ་ཉིད་དོ། །གདོན་ལ་སོགས་པ་འདི་རྣམས་ཀྱིས་སེམས་ཅན་སྤྱིར་གསོད་པ་རེ་ཞིག་ཞོག་གི་སངས་རྒྱས་ཀྱང་ངོ་། །ཇི་ལྟར་ཞེ་ན། གལ་
ཏེ་དགོངས་པའི་སྐད་ཀྱིས་མི་སྨྲ་ནའོ། །སྐྱོན་འདི་འབའ་ཞིག་མ་ཡིན་པར་གཞན་ཡང་དེ་ལས་འབྱུང་བ་ཡིན་པར་གསུངས་པ། རང་གི་དམ་ཚིག་རིག་ནི་རང་གི་དམ་ཚིག་ཤེས་པ་ཅན་རྙེད་པའོ། །གལ་ཏེ་ཚིག་འདི་མི་སྨྲ་ན་ནི་དེའི་ཚེ་རྣལ་འབྱོར་མ་རྣམས་ཀྱིས་འཁྲུག་པར་འགྱུར་རོ། །ཅིས་ཁྱད་འཕགས་
ཤེ་ན། གནས་བཞི་ལས་སྐྱེས་ཏེ་གྲུབ་པའི་རྣལ་འབྱོར་མ་ཡིན་པའི་དོན་ཏོ། །དེས་འཁྲུགས་པ་ལས་ཡང་དག་པར་ངན་འགྲོར་འགྱུར་བ་ཡིན་པར་དགོངས་སོ། །ཡང་ན་དགྱེས་པའི་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡོད་པའོ། །དབང་བསྐུར་གང་ནི་སྒྲིབ་པ་སྤང་བ་དེ་ཐོབ་པའོ། །དེ་གལ་ཏེ་མི་
เล่ม ๕ · หน้า 178a
སྨྲ་ན་ནི་གཞོམ་དུ་མེད་པའི་རང་བཞིན་གྱིས་འོད་གསལ་དེར་ཡང་མི་གནས་པར་གྱུར་པར་རོ། །དེ་ཉིད་ཀྱི་ཕྱིར། དམ་ཚིག་ཉམས་པར་ནི་རྣམ་པ་ཐམས་ཅད་མཁྱེན་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཉམས་པ་ནི་དེ་ཤེས་པ་ལས་ཉམས་པར་འབྱུང་ཞིང་དེ་གཡོ་བར་
འདི་ལ་ཐེ་ཚོམ་མེད་དོ། །དེ་ལྟར་འཚེ་བ་ལ་སོགས་པ་རྣམས་ཀྱིས་ཡེ་ཤེས་ཉམས་ནས་སངས་རྒྱས་ཀྱང་ནི་འགྲོངས་པར་འགྱུར་ཏེ། །ཡང་དག་པའི་ཡེ་ཤེས་ཐོབ་པར་གྱུར་པས་ཀྱང་གལ་ཏེ་དགོངས་པའི་སྐད་གཞོམ་དུ་མེད་པའི་རང་བཞིན་འོད་གསལ་བའི་ཡེ་ཤེས་སོ། །མི་སྨྲ་ན་ནི་རྒྱུ་མཚན་མེད་པ་
ཡིན་པའི་དོན་ཏོ། །རང་གི་སྒྲ་ནི་སེམས་སོ། །དེའི་དམ་ཚིག་ནི་འདུས་པའོ། །དེ་ནས་རིག་པ་ནི་ཤེས་པ་སྟེ། གང་དེ་རྣམས་ནི་རང་གི་དམ་ཚིག་རིག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །དེ་རྣམས་
ཀྱི་ཚིག་ནི་དེ་རྣམས་ཀྱི་དགོངས་པའི་སྐད་དང་འབྲེལ་བའོ། །དེ་རྣམས་ནི་ཨཱ་ལི་ཀཱ་ལིའི་ནཱ་དའི་ཕྲེང་བ་ལས་གྲུབ་པའི་ཕྱིར་ཨཱ་ལི་ཀཱ་ལིའི་ནཱ་ད་རྣམས་རེ་རེ་ཞིང་ཡང་རྡོ་རྗེ་གསུམ་དང་དབྱེར་མེད་པ་ཉིད་ཀྱིས་གཞོམ་དུ་མེད་པའི་རང་བཞིན་པས་འོད་གསལ་བའི་ཕྱིར་དགོངས་པའི་སྐད་ཀྱི་ཚིག་ཡིན་ནོ། །གལ་ཏེ་
འདི་མི་སྨྲ་ན་ནི། ཡང་དག་པར་སྦྱོར་བ་མི་སྐྱེད་པའོ། །དེའི་ཚེ་རྣལ་འབྱོར་མ་འཁྲུག་པར་བྱེད་ནི། ཡི་གེ་ཨ་ལ་སོགས་པའི་དབྱངས་ཡོངས་སུ་གྱུར་པ་ལས་སྔགས་ཀྱི་སྐུར་མི་འདུའོ། །དེ་བས་ན་དགོངས་པའི་སྐད་ཉིད་མེད་པར་འགྱུར་རོ། །དེ་ཡང་ཅིས་ཁྱད་འཕགས་པ་ཡིན་པར་གསུངས་པ། གནས་བཞི་ལས་སྐྱེས་ནི། འཁོར་
ལོ་བཞིར་སོན་པའང་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ལ་བ་ར་ཡའི་ནཱ་ད་ལས་ཡོངས་སུ་གྲུབ་པའི་ལྷ་མོ་སྤྱན་མ་ལ་སོགས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་དང་ཐབས་དང་ཤེས་རབ་ཀྱི་རང་བཞིན་རྣམས་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་བསྡུ་བ་གསུངས་པ། རྙེད་ནས་ནི་དགོངས་པའི་སྐད་དེ་
སླར་དགོངས་པའི་སྐད་དུ་ཡང་དག་པར་འབྱུང་སྟེ། གཞོམ་དུ་མེད་པའི་འོད་གསལ་གྱི་ཡེ་ཤེས་མངོན་དུ་གྱུར་པའོ། །རང་གི་དམ་ཚིག་རིག་ཅེས་པ་ནི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡང་མཁའ་འགྲོ་མའི་རང་བཞིན་ཡིན་པས་ཨཱ་ལི་ཀཱ་ལི་ནཱ་ད་ཕྲེང་གཉིས་ཀྱི་དགོངས་པའི་སྐད་འབྱུང་ངོ་། །
เล่ม ๕ · หน้า 178b
རྣལ་འབྱོར་མ་རྣམས་ཀྱི་ཡང་རང་བཞིན་དེ་བཞིན་གཤེགས་པ་ཡིན་པ་དེས་ན་ནཱ་ད་ཕྲེང་གཉིས་དགོངས་པའི་སྐད་དུ་འབྱུང་བ་ཉིད་དོ། །འོན་ཀྱང་ནཱ་ད་ཕྲེང་གཉིས་སྔགས་དང་ལྷ་ཐམས་ཅད་ལ་སོགས་པའི་དེ་ཁོ་ན་ཉིད་འབྱུང་བ་ཡིན་ནོ། །རྟོག་པ་གཉིས་པ་ལས་གསང་བའི་སྐད་ཅེས་བྱ་བའི་རིམ་པར་
ཕྱེ་བ་སྟེ་གསུམ་པའོ། །དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་རྟོག་པ་གཉིས་པའི་ལེའུ་གསུམ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་
དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ད་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཅེས་བྱ་བའི་རིམ་པར་ཕྱེ་བ་ཐོས་ནས་ཐེ་ཚོམ་དུ་གྱུར་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་རྡོ་རྗེ་མཁའ་འགྲོ་མས་འདི་སྐད་ཅེས་གསོལ་ཏོ་ཞེས་འཆད་པར་འགྱུར་བ་བརྗོད་དོ། །བཅོམ་ལྡན་ཐེ་ཚོམ་བསལ་དུ་
གསོལ། །སྤྱོད་པའི་ལེའུ་ལས་གང་བཤད་པ། །གླུ་དང་གར་ནི་དངོས་གྲུབ་སྟེར། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །གླུ་ནི་ཅི་ལགས་གར་ཡང་ཅི། །ལྷ་ཡི་ལེའུ་ལས་གང་གསུངས་པ། །ཞེ་སྡང་ལ་སོགས་ཕྱག་རྒྱ་རྣམས། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །གང་གི་ཕྱག་རྒྱ་ཕྱག་རྒྱ་ཅི། །
སྔགས་ཀྱི་ལེའུ་ལས་གང་གསུངས་པ། །བདག་མེད་ལ་སོགས་ས་བོན་ཉིད། །དེ་ལ་བདག་ནི་འཁྲུལ་པར་གྱུར། །གང་གི་ས་བོན་ས་བོན་གང་། །རིགས་ཀྱི་ལེའུ་ལས་གང་གསུངས་པ། །བཅུ་དྲུག་གཉིས་ཀྱི་བདག་ཉིད་རྩ། །བཅོམ་ལྡན་བདག་ནི་འཁྲུལ་གྱུར་པས། །དེ་རྣམས་རྣམ་དག་བཤད་
དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་པ་དེ་ལ་དང་པོར་རེ་ཞིག་གླུ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོལླ་ཨི་རེཏྠི་ཨཱ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎི་ཀྲི་བི་ཊ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨཱ་ཨི་ན་རོ་ལཱ། ཏ་ཧི་བ་རུ་ཁཱཛྫ་ཨི། གཱ་ཌྷེཾ་མ་ཨ་ཎཱ་པི་ཛཱ་ཨི། ཧ་ལེ་ཀཱ་ལིཉྫ་
ར་པཱ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་མུ་ས་མ་ཀསྠུ་རི་སི་ཧླཱ། ཀརྦུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎཾ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨ་ཨི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟ། སུདྡྷཱ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཱཾ་ཤུ་ཨཾ་གེ་ཙ་ཌཱ་བི། ཏ་ཧིཉྫ་ས་ར་བ་པཱ་ཎི་ཨ་ཨི། མ་ལ་ཡཱ་ཛེཾ་ཀུནྡུ་རུ་པ་ཊ་ཨི། ཌིཎྜི་
เล่ม ๕ · หน้า 179a
མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཀོལླ་ཨི་རེཏྠི་ཨ་བོ་ལ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཇི་བཞིན་པའི་དོན་ནི་ཤིན་ཏུ་གྲགས་པར་ཟད་དོ། །སླར་གསང་བའི་དོན་དུ་བརྗོད་པར་བྱ་སྟེ། ཀོལླ་ཨི་རེཏྠི་ཨ་བོ་ལ་ཞེས་པ་ལ། བོ་ལ་ནི་རྡོ་རྗེ་སྟེ་ཡི་གེ་ཧཾ་ངོ་། །དེ་ཀོལླ་ཨི་རེཏྠི་ཡང་སྤྱི་བོ་བདེ་བ་
ཆེན་པོའི་འཁོར་ལོར་ཐི་ཡང་གནས་པའོ། །མུམྨུ་ཎི་རེ་ཀཀྐོ་ལ་ནི་པདྨ་སྟེ་ཡི་གེ་ཨཾ་ངོ་། །དེ་མུམྨུ་ཎི་རེ་སྟེ་ལྟེ་བ་སྤྲུལ་པའི་འཁོར་ལོར་གནས་པའོ། །གྷ་ཎ་ཀྲི་པི་ཊ་ཧོ་བཱཛྫ་ཨི་ཞེས་བྱ་བ་ནི་ཡི་གེ་ཨཾ་དང་ཧཾ་དེ་དག་གི་ནཱ་ད་འདུས་པས་སོ། །གྷ་ཎ་རྒྱུན་མ་ཆད་པར་རོ། །ཀྲི་བི་ཊ་ཧོ་བཱཛྫ་ཨི་ནི། ཅང་
ཏེའུ་ཀྲི་པི་ཊ་རུ་འདོད་ཅེས་པའི་ཚིག་གིས་སོ། །ཅང་ཏེའུ་ཡང་ནཱ་དའི་རང་བཞིན་ཡིན་པས་སོ། །བཱཛྫ་ཨི་ནི་སྒྲ་ཡིན་ཏེ། ཨཾ་ཧཾ་གི་ནཱ་ད་གཉིས་དབྱེར་མེད་པའི་ནཱ་ད་གཉིས་ལྟེ་བའི་ནང་ནས་ལངས་ནས་དེ་སྨིན་མཚམས་སུ་སོང་སྟེ་ནཱ་ད་གཉིས་དབྱེར་མེད་པ་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་ཐ་
མི་དད་པ་དེའོ། །ཀ་རུ་ཎེ་ཀི་ཨ་ཨི། ན་རོ་ལཱ་ཞེས་པ་ལ་ཀ་རུ་ཎེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཁུ་བའི་རྣམ་པ་ཆོས་ཀྱི་སྐུའོ། །དེས་རོ་ལཱ་ནི་འགལ་བའོ། །ཀི་ཨ་ཨི་ན་ནི་མི་བྱ་བ་སྟེ། སྐུ་གཉིས་དབྱེར་མེད་པ་ལས་ཆོས་ཀྱི་སྐུ་འབྱུང་ངོ་། །ཡང་ན་ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཞེས་པ་ལ། ཀ་རུ་ཎེ་ཞེས་པ་ནི་
ཀ་བདེ་བ་ལ་རུ་འཛིན་པར་བྱེད་པས་ན་ཀ་རུ་ཎ་བྱང་ཆུབ་ཀྱི་སེམས་བདུད་རྩི་ཁུ་བའོ། །དེས་ན་རོ་ལ་ནི་མི་མཐུན་པ་མི་བྱ་བའོ། །འདི་སྐད་བསྟན་ཏེ་སྤྲུལ་པའི་འཁོར་ལོའི་པདྨའི་ནང་དུ་སོན་པའི་ཡི་གེ་ཨཾ་གི་ཐིག་ལེའི་འོད་ཟེར་གྱིས་བདེ་བ་ཆེན་པོའི་འཁོར་ལོ་ན་བཞུགས་པའི་ཡི་གེ་ཧཾ་གི་ཐིག་ལེར་ཤར་
བ་ལས་གང་བདུད་རྩི་འཛག་པ་ཉིད་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་ལུས་ཐམས་ཅད་དུ་བསིམ་པར་གྱུར་པ་ཡིན་ནོ། །འདི་ལྟ་བུའི་རྣལ་འབྱོར་བསྐྱེད་ནས་ཅིར་འགྱུར་བ་དེ་གསུངས་པ། ཏ་ཧིཾ་བ་ལ་ཁཱཛྫ་ཨི་ཞེས་པ་ཏ་ཧིཾ་ནི་དེ་ལ་ཡོད་པའོ། །བ་ལ་ནི་བཟའ་བ་སྟེ་ལུས་ཀྱི་མངོན་པར་ཞེས་པ་མི་
སྐྱེ་བའོ། །ལུས་ཀྱི་མངོན་པར་ཞེན་པ་མི་སྐྱེ་བ་འབའ་ཞིག་ཏུ་མ་ཟད་ཀྱི་སེམས་ཀྱི་མངོན་པར་ཞེན་པ་ཡང་མི་སྐྱེད་པ་ཡིན་པར་གསུངས་པ། ག་ཌྷེཾ་མ་ཨ་ཎཱ་པི་ཛཱ་ཨི་ཞེས་པ་ལ། ག་ཌྷེཾ་ཞེས་པ་ནི་ཤིན་ཏུ་བརྟན་ཞིང་ངེས་པར་ཕུལ་དུ་བྱུང་བ་ཉིད་ཀྱིས་ཆང་སེམས་ཀྱིས་འཐུངས་པས་སེམས་མེད་པ་
เล่ม ๕ · หน้า 179b
ཉིད་བརྙེས་སོ། །སེམས་ཀྱི་མངོན་པར་ཞེན་པ་མི་སྐྱེ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ངག་གི་མངོན་པར་ཞེན་པ་ཡང་དེ་ལ་མི་འབྱུང་བ་ཡིན་པར་གསུངས་པ། ཧ་ལེ་ཀཱ་ལིཾ་ཛ་ར་པ་ཎི་ཨ་ཨི་ཞེས་པ་ནི་ཡི་གེ་ཧཾ་གཞོམ་དུ་མེད་པའི་རང་བཞིན་ནོ། །དེ་ལ་སྨོས་པས་ཡི་གེ་ཨཾ་ཡིན་པར་བལྟ་བར་བྱ་སྟེ།
ཡི་གེ་ཨཾ་དང་ཡི་གེ་ཧཾ་དག་འདྲེས་པར་དེའོ། །ཀ་ལིཉྫ་ར་པ་ཎི་ཨ་ཨི་ཀའི་སྒྲ་ནི་ཀ་ལ་སོགས་པའོ། །ཨའི་སྒྲ་ནི་ཨ་ལ་སོགས་པའོ། །གཉི་ག་ཡང་ལི་སྟེ་གཉི་ག་ཡང་ནཱ་ད་ཕྲེང་གཉིས་ཏེ་ཤེས་པར་མི་གནས་པའོ། །ཀ་ལིཉྫ་ར་ནི་དེ་སྐལ་པ་དང་ལྡན་པའོ། །པཱ་ཎི་ཨ་ཨི་ནི་དེའི་བདག་ཉིད་
ཀྱིས་དེ་ལ་དེ་དག་ཐིམ་པར་གྱུར་པའོ། །དེའི་རིམ་པ་འདིས་ནི་སྐུ་གསུང་ཐུགས་ཀྱི་མངོན་པར་ཞེན་པ་ནུབ་པར་གྱུར་ནས་སྟོང་པ་ཉིད་འབའ་ཞིག་པའི་མངོན་པར་ཞེན་པ་བརྒྱལ་འགྱུར་བར་དོགས་པ་བསུ་ནས་གསུངས་པ། དུནྡུ་ར་བཱཛྫི་ཨ་ཨི་ཞེས་པ་འདི་སྐལ་མེད་དུཾ་དུར་ཞེས་བཤད་
ཅེས་པས་སྟོང་པ་ཉིད་འབའ་ཞིག་གིས་རྟོགས་པ་ཉིད་སྐལ་བ་དང་མི་ལྡན་པ་ཡིན་པའི་དོན་ཏོ། །ནཱ་ད་གཉིས་ཀྱི་རྣལ་འབྱོར་ཉིད་ཇི་ལྟར་གྱུར་པ་དེ་གསུངས་པ། ཙ་ཨུ་ས་མ་ཀསྠུ་དི་སིཧླ་ཀརྤུ་ར་ལཱ་ཨི་ཨ་ཨི་ཞེས་པ་ལ། ཙ་ཨུ་ས་མའི་སྒྲས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །
ཀསྠུའི་སྒྲས་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །སི་ཧླ་ལ་ནི་དེ་བཞིན་གཤེགས་པ་རིན་ཆེན་གཙོ་བོའོ། །ཀརྤུ་རའི་སྒྲས་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །འདི་ཡང་དེ་ལ་དེའི་བདག་ཉིད་ཀྱིས་ཐིམ་པར་འགྱུར་རོ། །དོན་ཡོད་གྲུབ་པ་ཡང་ནཱ་ད་གཉིས་དབྱེར་མེད་པ་ཉིད་དེ་རླུང་གི་
ཁམས་ཡིན་པའི་ཕྱིར་དེ་འདིར་བྱེ་བྲག་དུ་མ་གསུངས་སོ། །ཡང་ན་ཙ་ཨུ་ས་མའི་སྒྲ་ནི་བཞི་མཉམ་པ་སྟེ། ཡ་ར་ལ་བ་རྣམས་རླུང་དང་མེ་དང་ས་དང་ཆུ་རྣམས་སྐྱེད་པའི་རྒྱུའོ། །རིམ་པས་ལྷ་མོ་སྒྲོལ་མ་དང་གོས་དཀར་མོ་དང་། སྤྱན་མ་དང་། མཱ་མ་ཀཱི་བདག་ཉིད་དོ། །འདི་ཡང་ཆོས་ཀྱི་འཁོར་ལོ་དང་ལོངས་
སྤྱོད་ཀྱི་འཁོར་ལོའི་པདྨའི་འདབ་མ་རྣམས་ལ་དབང་ལྡན་ལ་སོགས་པའི་རིམ་པས་འདབ་མ་བཞི་ལ་སྦྱར་བར་བྱའོ། །ཀསྠུ་རི་ནི་ཡི་གེ་ཧཱུཾ་ངོ་། །དེ་ཡང་ཆོས་ཀྱི་འཁོར་ལོའི་ལྟེ་བར་སྦྱར་བར་བྱའོ། །སི་ཧླ་ནི་ཡི་གེ་ཨོཾ་མོ། །དེ་ཡང་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བར་དགོད་དོ། །ཀརྤུར་ནི་དབྱངས་ཡིག་བཅུ་
เล่ม ๕ · หน้า 180a
དྲུག་རྣམས་ཏེ་བདེ་བ་ཆེན་པོའི་འཁོར་ལོའི་འདབ་མ་རྣམས་ལ་སྦྱར་བར་བྱའོ། །མཱ་ལ་ཨི་ཞེས་པ་ནི། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཏེ་སྤྲུལ་པའི་འཁོར་ལོའི་འདབ་མ་རྣམས་ལ་ཤར་ལ་སོགས་པའི་རིམ་པས་དགོད་པར་བྱའོ། །ངྷ་ཎི་ཞེས་པ་ནི་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་རྣམས་ཏེ་དེ་
ནས་ཆོས་ཀྱི་འཁོར་ལོའི་བརྒྱ་བྱིན་ལ་སོགས་པའི་འདབ་མ་བཞི་ལ་དབྱངས་ཐུང་དུ་བཞིའོ། །ལོངས་སྤྱོད་ཀྱི་འཁོར་ལོའི་དབང་པོ་ལ་སོགས་པའི་འདབ་མ་བཞི་ལ་དབྱངས་རིང་པོ་བཞི་དགོད་དོ། །སཱ་ལིཉྫ་ཏཧིཾ་བྷ་རུ་ཁཱ་ཨི་ཨ་ཨི་ཞེས་པ་ལ། སཱ་ལིཾ་ཏའི་སྒྲ་ནི་ཕུང་པོ་དང་ཁམས་ལ་སོགས་
པའོ། །ཏ་ཧིཾ་ནི་དེར་རོ། །བྷ་རུ་ནི་བཟའ་བ་ངེས་པར་གང་བ་སྟེ་ཉེ་བར་ལོངས་སྤྱོད་པའི་དོན་ཏོ། །འདིས་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་བསྟན་པས་ཕུང་པོ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཡོད་པའི་བདེ་བ་བསྐྱེད་པ་ཡིན་ནོ། །དེའི་དུས་སུ་གཞན་ཡང་སྐྱེ་བ་ཡིན་པར་
གསུངས་པ། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་ཤུད་ངྷཱ་ཤུད་ངྷ་ན་མ་ནི་ཨ་ཨི་ཞེས་པ་ལ། །ཕྲེཾ་ཁ་ཎ་ཞེས་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོར་གནས་པའི་དབྱངས་ཡིག་དང་པོའི་ཐིག་ལེའི་འོད་ཟེར་སྟིང་དུ་སོང་པའོ། །ཁེ་ཊ་ཞེས་པ་ནི་འོད་ཟེར་དེས་བདེ་བ་ཆེན་པོའི་འཁོར་ལོ་ནི་ཡི་གེ་ཧཾ་ཁ་ཐུར་དུ་བལྟས་ནས་གནས་
པ་བཞུས་པ་ལས་བྱུང་བའི་བདུད་རྩིའི་ཐིག་ལེ་འོག་ཏུ་འོང་བའོ། །དེ་ལྟ་བུར་གྱུར་པའི་ཤུད་དྷཱ་ཤུད་ངྷ་མི་བསྐྱེད་དེ་ལྷན་ཅིག་སྐྱེས་པའི་རང་བཞིན་དེས་རྣམ་པར་མི་རྟོག་པ་ཡིན་པར་དགོངས་སོ། །གཞན་ཡང་གསུངས་པ། ནི་རཱཾ་ཤུ་ཨ་ཞེས་པ་ནི་མ་ལུས་པར་དག་པའི་ཆའི་གཟི་བརྗིད་གང་དེ་ནི་ནི་རཱཾ་ཤུ་
སྟེ་ཟླ་ཕྱེད་དོ། །ཡང་ན་ཆ་ཤས་རྣམས་ངེས་པར་སོང་བའི་ཆ་གང་ལ་ཡོད་པ་དེ་ནི་ནི་རཱཾ་ཤུ་སྟེ་ཟླ་བ་ཕྱེད་པའོ། །དེའི་ཨཾ་གི་ནི་འཁོར་ལོ་བཞི་པོ་ཀུན་ལ་སྒྱུར་བའོ། །ཙ་ཊ་བི་ཨ་ནི་བྱིན་ནས་སོ། །ཏ་ཧིཾ་ནི་དེར་རོ། །ཛའི་སྒྲས་ནི་ཚིག་གི་རྒྱན་ནོ། །ས་རཱ་བ་པཱ་ཎི་ཨ་ཨི་ཞེས་པ་ནི། །ས་རཱ་བ་ནི་རོ་སྟེ་ཆོས་ཀྱི་
དབྱིངས་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །དེ་ཡང་པཱ་ཎི་ཨ་ཨི་ནི་གཟི་བརྗིད་འཇུག་པའི་ཐ་ཚིག་གོ། །འདིས་ནི་ཐིག་ལེའི་རྣལ་འབྱོར་བསྟན་ཏོ། །ཕྲ་མོའི་རྣལ་འབྱོར་གསུངས་པ། མ་ལ་ཨཱ་ཛེ་ཀུནྡུ་རུ་བ་ཊ་ཨི་ཞེས་པ་ནི་ལྟེ་བའི་སྟེང་དུ་སོར་བཞིས་བར་ཆོད་པ་འོག་གི་འོད་ཟེར་སྟེང་གི་བདུད་
เล่ม ๕ · หน้า 180b
རྩིའི་རྣལ་འབྱོར་རོ། །མ་ལ་ཡཱ་ཛེཾ་ནི་དེར་གཡོས་པ་ཙམ་གྱིས་སེམས་གཟུང་ངོ་། །ཀུནྡུ་རུའི་སྒྲ་ནི་ཟུར་ཆག་པའི་སྐད་དེ་དེས་ཀུནྡུ་རུ་བི་ཏིར་འགྱུར་རོ། །ཕྱི་པ་འདི་མཐའ་དག་ལ་སྦྱོར་བའོ། །གང་དུ་སྐྱེ་བ་ཡིན་པ་དེ་གསུངས་པ། ཌིཎྜི་མ་ཏ་ཧི་ནྣ་བཱ་ཛྫི་ཨ་ཨི་རེ་ཞེས་པ་ལ་ཌིཎྜི་མ་ནི་ཨ་ཝ་དྷཱུ་ཏཱི་སྟེ། དེ་
དེར་སྤང་བར་མི་བྱ་བར་དེ་ཉིད་ལ་དེའི་རང་བཞིན་གྱིས་ཐམས་ཅད་ནི་ཡང་དག་པར་སྦྱོར་བ་ཡིན་པར་དགོངས་སོ། །རེའི་སྒྲ་ནི་བོད་པ་སྟེ་འདི་ནི་ཀུན་ལ་སྦྱར་ཚིག་ཡིན་ནོ། །ད་ནི་བསྡུས་པའི་དོན་བསྟན་པ། ལྟེ་བར་པདྨ་འདབ་མ་དྲུག་ཅུ་རྩ་བཞི་ཁ་དོག་སེར་པོ་ལྟེ་བ་ལ་ཟླ་བ་ཕྱེད་པའི་ཐིག་ལེ་
དང་ལྡན་པ་དབྱངས་ཡིག་དང་པོའོ། །ཤར་ལ་སོགས་པའི་པདྨ་བརྒྱད་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཟླ་བ་ཕྱེད་པའི་ཐིག་ལེ་དང་ལྡན་པའོ། །སྙིང་གར་པདྨ་འདབ་མ་བརྒྱད་པ་ཁ་དོག་དཀར་པོའི་ལྟེ་བ་ལ་ཡི་གེ་ཧཱུཾ་ཁ་ཐུར་དུ་བལྟས་པ་ཤར་ལ་སོགས་པའི་འདབ་མ་
བཞི་ལ་ཨ་ཨི་ཨུ་ཨེའི་དབྱངས་ཀྱི་ཡི་གེ་བཞི་ཟླ་བ་ཕྱེད་པ་དང་ཐིག་ལེས་རྣམ་པར་བརྒྱན་པའོ། །དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡ་ར་ལ་ཝ་རྣམས་ཏེ་ཟླ་བ་ཕྱེད་པ་དང་ཐིག་ལེ་དང་ལྡན་པའོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་པདྨ་འདབ་མ་བཅུ་དྲུག་པ་ཁ་
དོག་དམར་པོ། ལྟེ་བ་ལ་ཡི་གེ་ཨོཾ་ཁ་ཐུར་དུ་བལྟས་པའོ། །ཕྱོགས་ཀྱི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཨཱ་ཨཱི་ཨཱུ་ཨཻའི་དབྱངས་རིང་པོ་བཞི་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ། དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་དེ་བཞིན་དུ་ཡ་ར་ལ་ཝ་རྣམས་སོ། །སྨྲིན་མཚམས་སུ་པདྨ་འདབ་
མ་སུམ་ཅུ་རྩ་གཉིས་པ་སྣ་ཚོགས་པའི་མདོག་ཅན། ལྟེ་བ་ལ་ཡི་གེ་ཧཾ་ཁ་ཐུར་དུ་བལྟས་པའོ། །ཤར་ལ་སོགས་པའི་འདབ་མ་ལ་འདབ་མ་རེ་རེས་བར་ཆོད་པར་དབྱངས་བཅུ་དྲུག་རྣམས་ཟླ་བ་ཕྱེད་ཐིག་ལེ་དང་ལྡན་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོ་དབུས་ཀྱི་ལྟེ་བ་ལ་དབྱངས་དང་པོ་ཟླ་བ་
ཕྱེད་པ་དང་ཐིག་ལེས་བརྒྱན་པའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་སོ། །དབང་ལྡན་ལ་སོགས་པ་མཚམས་ཀྱི་འདབ་མ་རྣམས་ལ་ཡི་གེ་ཨ་ལ་སོགས་པ་དབྱངས་བཅུ་དྲུག་རྣམས་དང་ཡི་གེ་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་
เล่ม ๕ · หน้า 181a
བཞི་རྣམས་དང་། ཅུང་ཟད་ང་རོ་ཞན་པ་ཌ་ངྷ་ད་ངྷ་ཡ་རྣམས་སོ། །དེ་ལྟར་འདབ་མ་དྲུག་ཅུ་རྩ་བཞི་རྣམས་ལ་སྦྱར་རོ། །གང་ཞིང་གཏུམ་མོ་ཞེས་བྱ་བ་དབྱངས་ཡིག་དང་པོ་དེ་ཉིད་རྩ་ལག་ཕྲ་མོར་སྟེང་དུ་གཤེགས་ཏེ་ལོངས་སྤྱོད་ལ་ཐུག་པར་བསྐྱོད་པའི་འོད་ཟེར་གྱིས་ཧཱུཾ་
དང་ཨོཾ་ཆོས་དང་ལོངས་སྤྱོད་དུ་སོང་བའི་ཐིག་ལེ་གཉིས་བཞུ་ནས། བདེ་བ་ཆེན་པོའི་འཁོར་ལོར་གཤེགས་ཏེ་ཡི་གེ་ཧཾ་གི་ཐིག་ལེ་བཞུའོ། །དེ་ནས་ཡི་གེ་ཧཾ་ཐིག་ལེ་བཞུ་ནས་ཀྱང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་འོད་ཟེར་ལས་ཀྱང་འདས་ནས་གཏུམ་མོའི་ཐིག་ལེ་ལ་ཐིམ་མོ། །དེ་ཡང་གཏུམ་
མོའི་ཐིག་ལེ་དེ་ཡང་སྔར་གྱི་འཕྲོའི་བྱ་བ་བྱེད་དེ་ཕ་མོའི་རྣལ་འབྱོར་གྱི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷ་མོའི་སྐུའི་ཐིག་ལེའི་རྣལ་འབྱོར་ཡང་། ལྟེ་བའི་སྟེང་དུ་སོར་བཞིའི་ཆ་དོར་བར་དེའི་འོད་ཟེར་གྱིས་ཡི་གེ་ཧཱུཾ་ཐིག་ལེའི་རང་བཞིན་ཐིག་ལེ་ཡང་ཆོས་ཀྱི་འཁོར་ལོ་ལས་
འོག་ཏུའོ། །དེ་ལྟར་གཉི་ག་རྟེན་དང་བརྟེན་པའི་རང་བཞིན་གྱིས་ཏིལ་འབྲུ་ཙམ་གྱི་བར་ལ་ལྷ་ཐམས་ཅད་ཤར་བ་ནི་ཐིག་ལེའི་རིམ་པའི་ཕྲ་མོའི་རྣལ་འབྱོར་རོ། །རྣལ་འབྱོར་འདི་དག་དབང་པོ་རབ་དང་རབ་ཀྱི་རབ་དབྱེར་མེད་པ་ཉིད་དགའ་བ་ལ་སོགས་པར་ལྷག་པར་མོས་པར་བྱའོ། །རྣལ་འབྱོར་
འདི་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། །རྗེས་ཐོགས་སུ་ནི་ལས་རྒྱལ་མཆོག་ཏུ་བརྗོད་དོ། །དེ་ལ་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བའི་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་སྦྱར་རོ། །རྣལ་འབྱོར་འདིས་ནི་ཐ་མལ་པའི་ང་རྒྱལ་གྱི་གཟུགས་བསྲེགས་ནས་ཕུང་པོ་དང་ཁམས་
དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་སྦྱོང་བར་བྱེད་དོ། །དེ་ཡང་། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་པས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་རྡོ་རྗེ་རིགས་སུ་གསུངས་པའི་ཚིགས་སུ་བཅད་པ་
རྣམས་ཀྱི་ངེས་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་གཞན་མ་ཉིད། །བྱང་ཆུབ་སེམས་དཔའི་མཆོག་དཀྱིལ་འཁོར། །ཞེས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་
เล่ม ๕ · หน้า 181b
ལྔ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམས་སོ། །རྣལ་འབྱོར་འདིས་རྣམ་པར་སྦྱངས་ན་མངོན་པར་སངས་རྒྱས་ལྔར་གྱུར་པ་ཡིན་ནོ། །རྡོ་རྗེ་སྐྱེ་མཆེད་གཞན་མ་ཉིད། །ཅེས་པ་ནི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་སྟེ་ས་ལ་སོགས་
པའི་ཕུང་པོ་ལྔས་བསྡུས་པའོ། །སྐྱེ་མཆེད་རྣམས་ཀྱང་ཕུང་པོ་ལྔ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀུན་ཉིད་ཤིན་ཏུ་རྣམ་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམས་རིམ་པ་འདིས་ནི་དང་པོའི་སྦྱོར་བ་ཡང་བསྟན་ཏོ། །ཏིང་ངེ་འཛིན་གསུམ་ལས་དང་པོའི་རྣལ་འབྱོར་ནི། ཕུང་
པོ་ལ་སོགས་པའི་རྣམ་པར་དག་པས་ཀུན་ནས་སྣང་བར་རྣམ་པར་དག་པའོ། །དཀྱིལ་འཁོར་རྒྱལ་མཆོག་ནི་འཁོར་ལོ་བཞིན་སྒྱུར་བའི་ནཱ་དའི་བདག་ཉིད་ཀྱི་ས་བོན་ལྷའི་སྐུའི་རང་བཞིན་ནོ། །ལས་རྒྱལ་མཆོག་ཀྱང་བདེན་པ་གཉིས་ཀྱི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཟླ་བ་དང་ཉི་མའི་
བདག་ཉིད་དོ། །ཡང་ན། ཀོལླ་ཨི་རེ་ཏཱི་ཨཱ་བོ་ལ་ནི། བོལ་ནི་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པའོ། །མུམྨུ་ཎི་རེ་ཀཀྐོ་ལ་ཞེས་པ་ལ་ཀཀྐོ་ལ་པདྨ་ཆོས་འབྱུང་བདག་མེད་མའོ། །གྷ་ཎེ་ཀྲི་པི་ཊ་ཧོ་བཱཛྫ་ཨི་ནི་རྟག་པ་ཉིད་དུ་གཉི་ག་དབྱེར་མེད་པ་ཡིན་ནོ། །ཀ་རུ་ཎེ་ཀི་ཨཱ་ཨི་ན་རོ་ལཱ། འདིས་ནི་རྡོ་རྗེ་གསུམ་དབྱེར་མེད་
པ་འདིའོ། །ཀ་རུ་ཎི་ཀི་ནི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་འཛིན་པར་བྱེད་པས་ན་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོ། །དེས་ན་རོ་ལཱ་ནི་འགལ་བར་མི་བྱེད་པ་སྟེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་བཞི་པ་ལྷན་ཅིག་སྐྱེས་པའོ། །ཏ་ཧིཾ་བ་རུ་ཁཱཛྫ་ཨི་གཱ་ཌྷེཾ་ཞེས་པ་ནི་དེ་ལ་དེ་ཡོད་པའི་ལྷན་
ཅིག་སྐྱེས་པ་ཡོད་པས་ལུས་ཀྱི་མངོན་པར་ཞེན་པ་མེད་པའོ། །མ་ཨ་ཎཱ་པིཛཱ་ཨི་ཞེས་པ་ནི་སེམས་ཀྱི་མངོན་པར་ཞེན་པ་མེད་པའོ། །ཧ་ལེ་ཀཱ་ལིཉྫ་ར་པཱ་ཎི་ཨ་ཨི་ཞེས་པ་ནི་ངག་གི་མངོན་པར་ཞེན་པ་ཡང་མེད་པའོ། །དུནྡུ་རུ་བཱཛྫ་ཨ་ཨི་ཞེས་པ་ནི་སྟོང་པ་ཉིད་ཀྱི་མངོན་པར་ཞེན་པ་ཡང་མེད་པའོ། །འདི་
ཇི་ལྟར་ཡིན་པ་དེ་གསུངས་པ། གང་གི་ཕྱིར་ཙ་ཨུ་ས་མ་ནི་འབྱུང་བ་ཆེན་པོ་བཞི་གཅིག་གི་རང་བཞིན་ནོ། །ཀསྣུ་རི་སི་ཧླ་ཀརྦུ་ར་ལཱ་ཨི་ཨ་ཞེས་པ་ནི་སྐུ་གསུམ་དབྱེར་མེད་པ་དེ་ཡང་ངོ་། །མཱ་ལ་ཨིནྡྷ་ཎི་ཞེས་པ་ནི་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དེ་ཡང་ངོ་། །སཱ་ལིཉྫ་ཏ་ཧིཾ་བྷ་རུ་ཁཱ་
เล่ม ๕ · หน้า 182a
ཨི་ཨ་ཨི་ཞེས་པ་ནི་འདི་ཀུན་ནོ། །སཱ་ལིཉྫ་ནི་དེའོ། །ཏ་ཧིཾ་ནི་དེར་རོ། །བྷ་རུ་ཁཱ་ཨི་ཨ་ཨི་ཞེས་པ་ནི་མ་ལུས་པའི་ཚུལ་གྱིས་ཟོས་པས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་འབྱུང་ངོ་། །དེ་ཉིད་ཇི་ལྟར་ཡིན་པ་དེ་གསུངས་པ། ཕྲི་ཁ་ཎ་ཁེ་ཊ་ཀ་རནྟེ་ཞེས་པ་ལ་ཕྲེཾ་ཁ་ཎ་ནི་འོང་
བ་སྟེ་དོན་དམ་པའི་བདེན་པ་བསྡུ་བའོ། །ཁེ་ཊ་ནི་འགྲོ་བ་ཀུན་རྫོབ་ཀྱི་བདེན་པ་སྤྲོ་བ་སྟེ་དོན་དམ་པའི་བདེན་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་དེ་དང་དབྱེར་མེད་པའོ། །གང་ཡིན་པ་དེ་གསུངས་པ། ཤུདྡྷཱ་ཤུདྡྷཱ་ན་མུ་ཎི་ཨ་ཨི། ཤུདྡྷ་ཞེས་པ་ནི་དོན་དམ་པའི་བདེན་པའོ། །ཨ་ཤུདྡྷ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་
པའོ། །གཉི་ག་དབྱེར་མེད་པ་ལས་གཉི་ག་ཡང་མ་ཡིན་ནོ། །གཞན་ཡང་གང་ཡིན་པ་གསུངས་པ། ནི་རཱཾ་ཤུ་ཨཾ་གེ་ཙ་ཌཱ་བི་ཏ་ཧིཉྫ་ས་ར་བ་པཱ་ཎི་ཨ་ཨི་ཞེས་པ་ལ་ནི་རཱཾ་ཤུ་ནི་འོད་གསལ་ལོ། །ཨཾ་གེ་ཙ་ཌཱ་བི་ཨ་ནི་འདིའི་རང་བཞིན་ཉིད་དེ་སྐུ་གསུམ་དུ་བྱའོ། །ཛ་ས་རཱ་བ་པཱ་ཎི་ཨ་ཨི་ཛ་ནི་དོན་ཡོད་
རླུང་གི་ནཱ་དའི་ཐ་ཚིག་གོ། །ས་རཱ་བ་ནི་ཤི་བའི་རོ་ཆོས་ཀྱི་དབྱིངས་ཀྱི་ཐིག་ལེ་ཡིན་པས་ནཱ་དར་ཐིག་ལེ་འཇུག་པའོ། །འདི་ཇི་ལྟར་ཡིན་ཞེ་ན། མ་ལཾ་ཡཱ་ཛེཾ་གཉིས་དབྱེར་མེད་པར་འདུས་པའོ། །ཀུནྡུ་རུ་བ་ཊ་ཨི་ནི་རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པར་འབྱུང་བའོ། །ཌིཎྜི་མ་ཏ་ཧིནྣ་བཱ་
ཛྫི་ཨ་ཨི་རེ་ཞེས་པ་ལ། ཌིཎྜི་མ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱི་བདག་མེད་མའོ། །དེ་ཡང་དེར་བཱ་ཛྫི་ཨ་ཨི་ནི་མི་གཏོང་ཞིང་མི་སྤོང་བ་སྟེ་གཏང་བའི་ཚུལ་དུ་མི་ནུས་པའོ། །འདིས་ཅི་བསྟན་ན་སྒྱུ་མ་ལྟ་བུ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་རྣམ་པ་ཐམས་ཅད་མངོན་པར་མཁྱེན་པའི་བྱང་
ཆུབ་པའི་ལམ་ཟུང་དུ་འཇུག་པའི་རིམ་པ་འདི་འབྱུང་བ་ཡིན་པ་ནི་གླུའི་དོན་ཏོ། །སྒྲ་ཇི་བཞིན་པའི་དོན་གྱིས་ནི་སྦྱོར་བ་དང་པོའོ། །གསང་བའི་དོན་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། །ཤིན་ཏུ་གསང་བའི་དོན་གྱིས་ནི་ལས་རྒྱལ་མཆོག་སྟེ་དཀྱིལ་འཁོར་གསུམ་བཤད་དོ། །གར་གསུངས་པ། ཧེ་རུ་ཀ་ཡི་
གཟུགས་ཀྱིས་གར། །བརྗེད་ངས་མེད་དྲན་རྣལ་འབྱོར་ལས། །བསྒྱུར་བས་ན་གར་ཏེ་རྐང་སྟབས་བརྒྱད་དོ། །གང་གི་གཟུགས་ཀྱིས་ཤེ་ན། ཧེ་རུ་ཀའི་གཟུགས་ཀྱིས་ཏེ། ཧེ་རུ་ཀའི་རང་བཞིན་གྱིས་སོ། །ཧེ་རུ་ཀའི་གཟུགས་ཉིད་ཇི་ལྟར་ཡིན་པ་གསུངས་པ། བརྗེད་ངས་མེད་པའི་དྲན་པ་ཡིས་
เล่ม ๕ · หน้า 182b
ཏེ་ཕྱག་གཉིས་པ་ལ་སོགས་པའི་ཧེ་རུ་ཀའི་རྗེས་སུ་དྲན་པས་སོ། །འདི་ཉིད་ཇི་ལྟར་ཡིན་པ་གསུངས་པ། བསྒོམ་ལ་ཆགས་པའི་སེམས་ཀྱིས་ཏེ་བསྒོམ་པ་ལ་རྗེས་སུ་ཆགས་པའི་སེམས་ཀྱིས་སོ། །དེ་ཉིད་ཇི་ལྟར་ཡིན་ཞེ་ན། རྟག་ཏུ་གོམས་པའི་སེམས་ཀྱིས་སོ་ཞེས་པ་ནི་རྟག་ཏུ་རྒྱུན་མི་ཆད་
པར་གུས་པར་ཡུན་རིང་པོར་གོམས་པ་ལས་ཡིན་པའི་དོན་ཏོ། །འདིས་ནི་རྟག་ཏུ་བསྒོམ་པ་ལ་རྗེས་སུ་ཆགས་པ་མེད་པར་ཧེ་རུ་ཀའི་གཟུགས་མེད་པ་དེའི་རིམ་པས་གང་གར་བྱེད་པ་དེ་ཉིད་མཆོག་གི་གར་དུ་གཞན་ཡོད་པ་མ་ཡིན་པའི་དོན་ཏོ། །ཡང་ན་གར་ནི་གར་བྱེད་པ་ཐུག་པ་མེད་པ་སྟེ་ཀུན་
ལ་ཁྱབ་པ་ཡིན་པས་མི་གཡོ་བའོ། །ཇི་ལྟར་མི་གཡོ་ཞེ་ན། ཧེ་རུ་ཀ་ཡི་གཟུགས་ཀྱིས་ཏེ་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རང་བཞིན་གྱིས་སོ། །འདི་ཉིད་ཇི་ལྟར་ཡིན་པ་གསུངས་པ། བསྒོམ་ལ་ཆགས་པའི་སེམས་ཀྱིས་སོ། །བསྒོམ་ཞེས་པ་ནི་སྙོམས་པར་འཇུག་པའོ། །
དེའི་བདེ་བ་འདོད་མར་བརྗོད། །ཅེས་པས་ཆགས་པའོ། །འདོད་མ་ནི་བདག་མེད་མའོ། །སེམས་ཀྱིས་ཞེས་པ་ནི་བདག་མེད་མའི་ཡེ་ཤེས་ཀྱིས་སོ། །འདི་གཉིས་ནི་གླུ་དང་གར་རོ། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་ཡིན་པར་བསྡུ་བ་གསུངས་པ། །རྡོ་རྗེ་ཆོས་དང་སངས་རྒྱས་དང་། རྣལ་འབྱོར་མ་
དང་མ་མོ་ཡིས། །རྡོ་རྗེ་ཆོས་ཞེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་སྐུ་གསུམ་ཡིན་པས་མང་པོའི་ཚིག་གོ། །སངས་རྒྱས་ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་གྱི་སྐུ་གསུམ་གྱིས་སོ། །རྣལ་འབྱོར་མ་དང་མ་མོ་ཡིས། །ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་སྐུ་གསུམ་གྱིས་སོ། །སྐུ་གསུམ་
ཉིད་རེ་རེ་ཞིང་ཡང་མང་པོའི་ཚིག་གིས་བསྟན་པའོ། །གང་མཆོག་གི་གླུ་དང་གར་དེ་ཡང་མཆོག་གི་གླུ་དང་གར་འདི་དག་ཉིད་ལས་ཐ་མལ་པ་ལ་སོགས་པའི་གླུ་དང་གར་གཞན་དག་མ་ཡིན་ནོ། །ཀོ་ལླ་ཨི་རེཏྠི་ཨ་བོ་ལ་ཞེས་བྱ་བ་ལ་སོགས་པའི་གླུའི་དོན་ཉིད་ཀྱིས་གླུའི་མཆོག་བླང་ངོ་། །ཧེ་རུ་ཀའི་
གཟུགས་ཀྱིས་གར་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པའི་དོན་ཉིད་གར་གྱི་མཆོག་ཡིན་ནོ། །གླུ་དང་གར་ནི་འདི་དག་གིས། །མཆོག་གི་གླུ་བླང་གར་ཡང་བྱ། །ཞེས་ལེགས་པར་གནས་སོ། །གླུ་དང་གར་གྱི་མཆོག་ཉིད་གསུངས་པ། འདི་ཉིད་ཀྱིས་ནི་ཚོགས་ཀྱང་བསྲུང་། །དེ་བཞིན་བདག་
เล่ม ๕ · หน้า 183a
ཀྱང་བསྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །འདིས་ནི་སྔགས་ཀྱི་བཟླས་པ་ཉིད། །ཚོགས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །དེ་རྣམས་ཀྱི་ཀྱང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །འདི་ཉིད་ཀྱི་ཞེས་པ་ནི་ཐུན་མཚམས་བཞི་པོ་འདིས་ཡིན་གྱི་
གཞན་ནི་མ་ཡིན་པའི་དོན་ཏོ། །བདག་ཀྱང་བསྲུང་ཞེས་པ་ནི་སེམས་བསྲུང་བའོ། །དེ་བཞིན་ཞེས་པ་ནི་སེམས་བསྲུང་བ་ཉིད་ཚོགས་བསྲུང་བ་ཡིན་པར་དགོངས་སོ། །འདིས་ནི་གར་དང་འབྲེལ་པར་བརྗོད་པས་ཡིན་གྱི་གཞན་གྱིས་མ་ཡིན་པའི་དོན་ཏོ། །ཚོགས་བསྲུང་བ་ནི་གསུང་རྡོ་རྗེ་ལོངས་
སྤྱོད་རྫོགས་པའི་སྐུ་གསུམ་དབྱེར་མེད་པ་ཉིད་ཀྱིས་སོ། །བདག་ཀྱང་བསྲུང་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་སྐུ་གསུམ་དབྱེར་མེད་པ་ཡིན་གྱིས་མ་ཡིན་པའི་དོན་ཏོ། །འདིས་ཅི་བསྟན་ན། ཇི་སྙེད་ཡན་ལག་བསྒྱུར་བ་དང་། །ཚིག་རྣམས་རབ་འབྱམས་བརྗོད་པ་ཉིད། །དེ་སྙེད་སྔགས་དང་ཕྱག་
རྒྱ་སྟེ། །ཧེ་རུ་ཀ་ཡི་གོ་འཕང་གནས། །ཞེས་པའི་ཚིགས་སུ་བཅད་པ་འདི་ངེས་པར་གནས་པ་ཡིན་ཏེ་སྤྱོད་པའི་རིམ་པར་ཕྱེ་བ་དང་དེའི་རིམ་པར་ཕྱེ་བ་ཡང་གཉིས་སུ་མེད་པར་ལེགས་པར་ངེས་པའོ། །སླར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། བསྲུང་ཞེས་པ་ནི་བསྟན་པར་བྱའོ། །དབང་
དུ་བྱེད་ནི་དབང་དུ་འགྱུར་བའོ། །དེ་སེམས་ཡིན་པར་གསུངས་པ། འདིས་ནི་དབང་དུ་བྱེད་ཅེས་པ་འདིས་སོ། །གར་གསུངས་པ། ཁམས་གསུམ་ཐམས་ཅད་དེའི་རང་བཞིན་ཏེ་འཇིག་རྟེན་མ་ཡིན་པའི་མཚན་མ་ཕུང་པོ་ལྔའི་ཕྱིར་རོ། །ཡང་ན་འཇིག་རྟེན་ནི་ཕུང་པོ་ལྔ་ཡོད་པའོ། །དབང་དུ་
བྱེད་ནི་དབང་དུ་གྱུར་པའོ། །མཉམ་པ་ཉིད་གཅིག་གི་མཚན་ཉིད་དུ་དམིགས་པའི་ཚུལ་གར་རོ། །འདིས་ནི་སྔགས་ཀྱི་བཟླས་པ་ཉིད། །ཅེས་པ་ནི་གར་བསྟན་པ་སྟེ་མཚན་མ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་པར་དགོངས་སོ། །གླུ་དང་གར་དག་གམ་གར་དང་གླུ་དག་འདི་དགོངས་པའི་
སྐད་ཀྱིས་དབྱེ་བ་མེད་པ་བསྟན་ཏོ། །འདི་ཉིད་ཀྱིས་ནི་ཚོགས་ཀྱང་བསྲུང་། །ཞེས་བྱ་བ་ལ་སོགས་པའི་དོན་སླར་རབ་ཏུ་གསལ་བ་ཉིད་དུ་མ་བྱས་སོ། །གླུ་དང་གར་གྱི་བྱིན་རླབས་གསུངས་པ། གལ་ཏེ་གླུ་དང་གར་འདི་ཉིད་མཆོག་ཡིན་པ་དེ་ཉིད་བརྗོད་པར་བྱ་སྟེ། གང་དུ་གུས་པས་གླུ་ལེན་དང་། །
เล่ม ๕ · หน้า 183b
གང་དུ་གུས་པས་གར་བྱེད་པ། །ཚོགས་ཀྱི་བདག་པོའི་མདུན་བདར་ནས། །དེ་ལ་དྲི་ནི་མཚོན་པར་བྱ། །དོན་ནི་རབ་དུ་གསལ་བ་ཉིད་དོ། །གསང་བའི་དོན་དུ་ནི་བཤད་པ། གུས་པས་ཞེས་པ་ནི་འབད་པ་དང་བཅས་པའོ། །ལེན་ཞེས་པ་ནི་བསྟན་པའི་གླུའི་དོན་གྱི་འཇུག་པའོ། །གང་དུ་
ཞེས་པ་ནི་བཞི་པའི་སྐད་ཅིག་གང་ལའོ། །གང་དུ་གུས་པར་གར་བྱེད་པར། །ཞེས་པ་ནི་གར་གྱི་དོན་གྱི་དེ་བཞིན་དུ་འཇུག་པའོ། །དེ་ལ་དྲི་ནི་མཚོན་པར་བྱ། །ཞེས་པ་ནི་དྲི་ཉིད་མཚོན་པར་བྱ་བ་དང་མཚོན་པར་བྱེད་པ་པའོ། །སྣ་ཞེས་པ་ནི་ནཱ་ད་ཕྲེང་གཉིས་ཀྱི་རང་བཞིན་ཅན་གྱི་ནཱ་དའི་ཕྲེང་གཉིས་
ནི་སྣ་སྟེ། དེ་མཚོན་པ་ནི་མཚོན་པས་རྣམ་པར་གཞག་པའོ། །ནཱ་ད་ཕྲེང་གཉིས་དབྱེར་མེད་སྐུ་གསུམ་ལས་གཞན་ཅི་ཡང་མེད་པ་ཡིན་པར་དགོངས་སོ། །གར་དང་གླུ་དག་བཅོམ་ལྡན་འདས་ཀྱིས་སྐུ་གསུམ་གྱི་རང་བཞིན་དུ་རྒྱས་བཏབ་པས་ནི་གཡོ་བར་བྱས་སོ། །སྒོག་སྐྱའི་དྲི་ནི་དང་པོ་
ཉིད། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་པུར་མཱ་ལ་ཡ་བྱུང་དྲི། འདི་ནི་གར་གྱི་བྱིན་གྱི་རླབས་ཡིན་པར་གྲགས་སོ། །ཡང་ན་སྒོག་སྐྱ་ཞེས་པ་ནི་རོལ་པ་སྟེ་ངེས་པའི་ཚིག་གི་དང་པོའོ། །དྲི་ཞེས་པ་ནི་དགའ་བའི་ཡེ་ཤེས་སོ། །བྱ་རྒོད་དྲི་ཞེས་པ་མངོན་པར་འདོད་པ་ལ་གྲྀ་ཌྷ་སྟེ། གྲྀ་ཌྷ་འདོད་པ་
དང་མངོན་པར་འདོད་པའོ། །དེས་ན་དེའི་བར་ཁྱད་པར་མཆོག་དགའི་ཡེ་ཤེས་སོ། །ཡང་ག་པུར་དྲི་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་སོ། །མཱ་ལ་ཡ་བཞི་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །ག་པུར་མཱ་ལ་ཡ་སྐྱེས་ཞེས་པ་ནི་བདེ་བ་སྤངས་ནས་དེ་མ་ཡིན་ཞེས་བསྡུ་བས་ལྷན་
ཅིག་སྐྱེས་པའོ། །གར་གྱི་བྱིན་རླབས་ཀྱི་མཚན་མ་བསྟན་པའོ། །དེའི་རྗེས་སུ་གླུའི་བྱིན་རླབས་ཀྱི་མཚན་མ་ནི། ངང་པ་དང་ནི་བུང་བའི་སྒྲ། །གླུ་ཡི་མཐའ་མར་ཐོས་པར་འགྱུར། །ཅེ་སྤྱང་གི་ནི་སྒྲ་ཡང་ནི། །ཕྱི་རོལ་ཚལ་དུ་མཚོན་པར་བྱ། །གོ་སླ་བའི་དོན་ཏོ། །གསང་བའི་དོན་
བསྟན་པར་བྱ་སྟེ། སྒྲ་ཞེས་པ་ནི་ནཱ་དའོ། །དེ་ཡང་ངང་པ་ནི་ཧཾ་གི་རང་བཞིན་གྱི་ཐུགས་རྡོ་རྗེའོ། །བུང་བ་ཞེས་པ་ནི་རྐང་པ་དྲུག་སྟེ་དྲུག་པའི་རང་བཞིན་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །གླུའི་མཐའ་མར་ཞེས་པ་ནི་ཆ་མེད་པར་རོ། །ཐོས་པར་འགྱུར་ཞེས་པ་ནི་ཐོས་པའི་སྒོ་ནས་རྟོགས་པའོ། །ཨཱ་ལི་
เล่ม ๕ · หน้า 184a
ཀཱ་ལིའི་ནཱ་ད་དབྱེར་མེད་པ་ལས་འཛག་པ་བྱང་ཆུབ་སེམས་ཟླ་བ་ཞུ་ནས་ཤར་བའོ། །དེ་ཉིད་ཐུགས་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །གོའི་སྒྲས་ནི་དབང་པོ་རྣམས་སོ། །དེ་རྣམས་ཀྱི་མ་ནི་གཟུང་བ་དང་འཛིན་པ་ཡོངས་སུ་གཅོད་པས་ཅེ་སྤྱང་ངོ་། །དབང་པོ་དང་ཡུལ་དང་ཤེས་
པ་དེ་ཡང་སྒྲའོ། །དེའི་དོན་ཡང་རྟོགས་པའོ། །ཕྱི་རོལ་ཚལ་དུ་ཞེས་པ་ནི་ཕྱི་རོལ་ནི་དབང་པོ་དང་ཡུལ་རྣམས་ལས་བྱུང་ནས་འགྲོ་བའོ། །ཚལ་ནི་ཡང་དག་པའི་ཡེ་ཤེས་ཏེ། ཕྱི་རོལ་ཉིད་ཚལ་ཡིན་པས་ཕྱི་རོལ་ཚལ་ལོ། །དེ་ལ་ཡོད་པ་མཚོན་པར་བྱ་ནི་ཡེ་ཤེས་ཀྱི་སྤྱན་གྱིས་ཐམས་ཅད་ཉིད་
དབྱེར་མེད་པ་ཐོབ་པ་ཡིན་ནོ། །འདི་ནི་གླུ་བྱིན་རླབས་སོ། །གར་གྱི་བྱིན་རླབས་ཀྱིས་སྐུ་གཉིས་སོ། །གླུའི་བྱིན་རླབས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟར་གཉི་གའི་བྱིན་རླབས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་བསྟན་ཏོ། །གང་ཡང་ལྷ་དབང་བསྐུར་བ་ལས། །ཞེ་སྡང་ལ་སོགས་རྒྱས་
གདབ་གསུངས། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །གང་གི་ཕྱག་རྒྱ་ཕྱག་རྒྱ་ཅི། །ཞེས་ཞུས་པའི་ལན་གསུངས་པ། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །མཚན་མས་རིགས་ནི་མཚོན་པར་བྱ། །རིགས་འཚོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །དབང་
པོ་གང་གིས་ཡུལ་འཛིན་པ། །དེ་ནི་དེ་ཡི་ཡུལ་ཡིན་ཏེ། །མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་ཐོས་པར་གྱུར། །སྣ་ཡིས་དྲི་ནི་ཞེས་བྱ་བ་ལ་སོགས་པ་མིག་གི་དབང་པོ་ལ་སོགས་པའི་ཡུལ་ངེས་པའོ། །འདི་ཉིད་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་རིགས་བརྒྱའི་རབ་ཏུ་
དབྱེ་བས་རིགས་ཞེས་བརྗོད་དོ། །འཆོལ་བ་ནི་ཡོད་པའོ། །བསྒོམ་པ་ནི་སྙོམས་པར་འཇུག་པའོ། །སྦྱོར་མེད་ནི་འདུ་བ་མེད་པའོ། །དངོས་གྲུབ་མེད་ནི་ཡང་དག་པའི་ཡེ་ཤེས་རྫོགས་པ་མ་ཡིན་ནོ། །སྒྲུབ་པོ་མེད་ཅེས་པ་ནི་ཡང་དག་པའི་ཡེ་ཤེས་བསྐྱེད་པའི་རྒྱུ་ཡང་མེད་པ་ཡིན་ནོ། །རིགས་
མ་འཆོལ་བའི་རྣལ་འབྱོར་འདི་ཉིད་གསུངས་པ། །ཞེ་སྡང་ཕྱག་རྒྱས་བདག་མེད་མ། །གཏི་མུག་ཕྱག་རྒྱས་རྡོ་རྗེ་མ། །སེར་སྣའི་ཕྱག་རྒྱས་དཀར་མོ་ཉིད། །ཆགས་པས་ཆུ་མ་ཕྱག་རྒྱས་གདབ། །ཕྲག་དོག་ཕྱག་རྒྱས་མཁའ་འགྲོ་མ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །གཏི་མུག་ཕྱག་
เล่ม ๕ · หน้า 184b
རྒྱས་རི་ཁྲོད་མ། །སེར་སྣའི་ཕྱག་རྒྱས་གདོལ་བ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཡང་ནི་དཀར་མོ་ཞེ་སྡང་ལས། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷ་སྨ་རཱི། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་
མ། །འདོད་པས་ཕྱག་རྒྱ་ཤེས་པར་བྱ། །ཞེས་པའི་འདིའི་དོན་ནི་འདི་ཡིན་ཏེ། ནང་གི་རིམ་པར་གནས་པ་ལྔ་ནི་བདག་མེད་མ་ལ་སོགས་པའི་མཁའ་འགྲོ་མ་ལྔ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པས་དེའི་བདག་ཉིད་དུ་ཤེས་པར་བྱའོ། །ཞེ་སྡང་ནི་མི་བསྐྱོད་པ་རྣམ་པར་
ཤེས་པའི་ཕུང་པོ་བདག་མེད་མ་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ལ་སོ་སོ་མ་ཡིན་ཞིང་གཅད་དུ་མེད་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་མ་དང་འདི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཕྲ་མ་ནི་རིན་ཆེན་གཙོ་བོ་ཚོར་
བའི་ཕུང་པོ་གཽ་རཱི་མ་དང་འདི་དབྱེར་མེད་པའོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ་ཡང་ཆུའི་རྣལ་འབྱོར་མ་དང་འདི་གཉིས་སུ་མེད་པའོ། །ཕྲག་དོག་ཅེས་པ་ནི་དོན་ཡོད་གྲུབ་པ་འདུ་བྱེད་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་ཡང་རྡོ་རྗེ་མཁའ་འགྲོ་མ་དང་འདི་
གཉིས་སུ་མེད་པའོ། །འདིས་ནི་ཕུང་པོ་ལྔའི་རང་བཞིན་རྣམས་དང་དེ་བཞིན་ཉིད་རྣམ་པར་དག་པ་འདི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ལ་སོ་སོ་མ་ཡིན་ཞིང་གཅད་དུ་མེད་པའོ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །ཞེས་པ་ནི། ཞེ་སྡང་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོ་དེ་ཡང་པུཀྐ་སཱི་དང་
འདི་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །ཞེས་པའི་གཏི་མུག་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོའོ། །དེ་ཡང་རི་ཁྲོད་མ་དང་འདི་གཉིས་སུ་མེད་པའོ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །ཞེས་པ་ནི་ཕྲ་མ་ནི་རིན་ཆེན་དབང་པོ་གཙོ་བོ་ཚོར་བའི་ཕུང་པོ་དེ་ཡང་གདོལ་པ་མོ་དང་
འདི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཅེས་པ་ནི་འདོད་ཆགས་འོད་དཔག་ཏུ་མེད་པ། འདུ་ཤེས་ཀྱི་ཕུང་པོ་དེ་ཡང་གཡུང་མོ་དང་འདི་གཉིས་སུ་མེད་པའོ། །ཡང་ནི་དཀར་མོ་ཞེ་སྡང་ལས། །ཞེས་པ་ནི། ཞེ་སྡང་ནི་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོ།
เล่ม ๕ · หน้า 185a
དེ་ཡང་འདི་དཀར་མོ་དང་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །ཞེས་པ་ནི། གཏི་མུག་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་དེ་ཡང་ཆོམ་རྐུན་མ་དང་འདི་གཉིས་སུ་མེད་པའོ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །ཞེས་པ་ནི། ཕྲ་མ་རིན་ཆེན་
གཙོ་བོ་ཚོར་བའི་ཕུང་པོ་དེ་ཡང་རོ་ལངས་མ་དང་འདི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཞེས་པ་ནི་འདོད་ཆགས་ནི་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ་དེ་ཡང་གྷསྨ་རཱི་འདི་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །ཞེས་པ་ནི། གཏི་མུག་རྣམ་པར་
སྣང་མཛད་གཟུགས་ཀྱི་ཕུང་པོ་དེ་ཡང་ས་སྤྱོད་མ་དང་འདི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་མ། །ཞེས་པ་ནི། འདོད་ཆགས་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ་དེ་ཡང་མཁའ་སྤྱོད་མ་དང་འདི་གཉིས་སུ་བྱར་མེད་དེ་སོ་སོ་མ་ཡིན་ཞིང་གཅད་དུ་མེད་དོ། །རྡོ་རྗེ་
གསུམ་དབྱེར་མེད་པ་ཉིད་མཁའ་འགྲོ་མ་རྣམས་ཀྱི་ཡེ་ཤེས་གསུམ་གྱི་བྱིན་རླབས་བསྟན་པ་ཡིན་པས་ཆོས་སྐུ་ཉིད་སྐུ་གསུམ་ཡིན་ནོ། །ཞེ་སྡང་ཕྱག་རྒྱས་བདག་མེད་མ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །ཡང་ནི་དཀར་མོ་ཞེ་སྡང་ལས། །ཞེས་པ་ནི། རྣམ་པར་ཤེས་པ་དང་དབང་པོ་དང་ཡུལ་རྣམ་
པར་ཤེས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དབང་པོ་གང་དང་གང་ལམ་ཉིད། །དེ་ཡི་རང་བཞིན་ཉིད་དུ་གྱུར། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་ཉིད་དུ་མཉམ་པར་གཞག །ཅེས་པའོ། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བའི་
ཕུང་པོ་དཀར་མོའོ། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །ཞེས་པ་སྐུ་གསུམ་གྱི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པ་ལས་ཨཱ་ལི་ཀཱ་ལིའི་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པའི་ཁ་སྦྱོར་
བ་ཉིད་དེ་དགྱེས་པའི་རྡོ་རྗེའོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །ཕྲ་མའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཅེས་པ་ནི། སྐུ་གསུམ་གྱི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །ཕྲ་མའི་ཕྱག་རྒྱས་གདོལ་པ་མོ། །འདོད་
เล่ม ๕ · หน้า 185b
ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཅེས་པ་ནི། སྐུ་གསུམ་གྱི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཞེས་པ་མཁའ་འགྲོ་མ་གསུམ་པོ་འདི་ཡང་སྐུ་གསུམ་གྱི་རང་བཞིན་ནོ། །
བདག་མེད་སྤོས་མོ་དཀར་མོ་དང་། །རྣམ་ཤེས་མཁའ་འགྲོ་མ་གསུམ་ནི། །ཐབས་དང་ཤེས་རབ་ཡང་དག་ལྡན། །རྡོ་རྗེ་མཁའ་འགྲོ་མ་ཞེས་ངེས། །རི་ཁྲོད་གདོལ་པ་གཡུང་མོ་ནི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ། །དེ་བཞིན་གཽ་རཱི་ལ་སོགས་གསུམ། །སྐུ་གསུང་ཐུགས་ཀྱི་ཕྱག་
རྒྱས་གདབ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །གསུམ་པོ་རིགས་དྲུག་ཏུ་བརྗོད་དེ། །ཐབས་དང་ཤེས་རབ་རང་བཞིན་ཕྱིར། །གསུམ་པོ་རིགས་ནི་དྲུག་ཏུ་འགྱུར། །གཉིས་གྱི་ཚུལ་གྱིས་གསུམ་པོ་ཉིད། །གཉིས་མེད་གཅིག་པའི་རང་བཞིན་ཅན། །དེ་ཡང་རྣམ་པ་ལྔ་ཞེས་བརྗོད། །
ངེས་པར་མདོར་བསྡུས་པ་ལས། གཉིས་དང་གཉིས་སུ་མེད་ཚུལ་ཏེ། །དབྱེ་བ་ལས་ནི་གསུམ་དུ་འགྱུར། །བཞི་པ་བསྒྲུབ་པར་བྱ་བའི་ཚུལ། །དེ་ནི་བརྗོད་པར་མི་ནུས་སོ། །གང་ཕྱིར་ཞེ་སྡང་རྒྱས་གདབ་པས། །མཁའ་འགྲོ་འཁོར་ལོ་བླ་ན་མེད། །འདི་ཕྱིར་རིགས་ནི་འཆོལ་བ་ལས། །དངོས་
གྲུབ་མེད་ཅིང་སྒྲུབ་པ་མེད། །ཅེས་བྱ་བ་ལ་སོགས་པ་ནི་རིགས་འཆོལ་བའི་རྣལ་འབྱོར་བསྒོམ་པ་ཉིད་དེ་རིགས་འཆོལ་བའི་རྣལ་འབྱོར་བསྒོམ་པ་ཡིན་པར་དགོངས་སོ། །ཁྱད་པར་འཆོལ་བས་རིགས་དེ་རྣམས་གང་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་དེ་ནི་རིགས་འཆོལ་བ་བསྒོམ་པའི་རྣལ་
འབྱོར་རོ། །དེའི་ཕྱིར་དངོས་གྲུབ་མེད་ནི་འབྲས་བུ་མེད་པའོ། །སྒྲུབ་པོ་མེད་པ་ནི་རྒྱུ་མེད་པའོ། །རྒྱུ་དང་འབྲས་བུ་དག་གི་རང་བཞིན་དངོས་པོ་མེད་པ་དབྱེར་མེད་པ་ལས་སོ། །ཡང་ན་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་དོར་ནས་བཏང་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་རྣམས་
དེ་བཞིན་གཤེགས་པ་མངོན་པར་གང་ལ་བསྒོམ་པའི་རྣལ་འབྱོར་ཡོད་པ་དེ་ནི་རིགས་འཆོལ་བའི་བསྒོམ་པའི་རྣལ་འབྱོར་རོ། །དེའི་ཕྱིར། དངོས་གྲུབ་མེད་ཅིང་སྒྲུབ་པོ་མེད། །ཅེས་པ་ནི་རིགས་མ་འཆོལ་བའི་བསྒོམ་པའི་རྣལ་འབྱོར་གང་ཟུང་དུ་འཇུག་པ་འབྱུང་བའི་རིམ་པ་སངས་རྒྱས་ཀྱི་སྤྱོད་
เล่ม ๕ · หน้า 186a
ཡུལ་ལོ། །དེ་ཉིད་ཀྱི་ཕྱིར། འདོད་པས་རྣལ་འབྱོར་མས་ཤེས་བྱ། །འདོད་པས་ཞེས་པ་ནི་ལྷུན་གྱིས་གྲུབ་པས་སོ། །རྣལ་འབྱོར་མ་ཞེས་པ་ནི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་ལྡན་པའི་དོན་ཏོ། །གླུ་དང་གར་དང་རྒྱས་བཏབ་པའི་ཐེ་ཚོམ་བསལ་བ་ཡིན་ནོ། །
ད་ནི་སྔགས་ཀྱི་རིམ་པར་ཕྱེ་བར་གསུངས་པའི་སྔགས་བཏུ་བ་གསུངས་པ། ཨཱ་ལི་དང་པོ་བདག་མེད་མ། །ཨཱ་ལི་གཉིས་པ་རྡོ་རྗེ་མ། །ཨཱ་ལི་གསུམ་པ་དཀར་མོ་ཉིད། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཨ་ཨཱ་ཨི་ཨཱི་དེ་ཟླ་ཕྱེད་ཐིག་ལེས་བརྒྱན་པ། ཨཾ་ཨཾ་ཨིཾ་ཨིཾ་སྟེ་མཁའ་འགྲོ་མ་བཞིའི་ས་བོན་
ནོ། །ཡང་ན་ཨཱ་ལི་དང་པོ་བདག་མེད་མ་ནི་ཐུགས་རྡོ་རྗེའོ། །ཨཱ་ལི་གཉིས་པ་རྡོ་རྗེ་མ་ནི་སྐུ་རྡོ་རྗེའོ། །ཨཱ་ལི་གསུམ་པ་དཀར་མོ་ཉིད། །ཅེས་པ་ནི། གསུང་རྡོ་རྗེའོ། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཞེས་པ་ནི། རྡོ་རྗེ་གསུམ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའོ། །ཡང་ན་དགའ་བ་དང་མཆོག་དགའ་
དང་རྣམ་པར་དགའ་བའི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །བཞི་པ་ཆུའི་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་རྣལ་འབྱོར་འདི་ལ་ཡོད་པས་ཆུའི་རྣལ་འབྱོར་མ་སྟེ་བདེ་བ་སྤངས་ནས་དེ་མ་ཡིན་ཞེས་བྱ་བའི་ཚིག་གིས་བཞི་པ་ལྷན་ཅིག་སྐྱེས་པའོ། །ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །དྲུག་པ་པུཀྐ་
སཱི་ཞེས་བརྗོད། །བདུན་པ་ཉིད་ནི་རི་ཁྲོད་མ། །བརྒྱད་པ་སྨེ་ཤ་ཅན་དུ་བརྗོད། །དགུ་པ་ཡང་ནི་གཡུང་མོ་ཉིད། །ཡང་ནི་ལྔ་གཉིས་དཀར་མོ་ཉིད། །ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་དེ་རྣམས་རིམ་པས་སོ། །ས་བོན་དྲུག་པོ་རྣམས་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པར་གྱུར་པ། ཨུཾ་ཨཱུཾ་རྀཾ་རཱྀཾ་ལྀཾ་ལཱྀཾ་མཁའ་འགྲོ་
མ་དྲུག་གི་ས་བོན་ནོ། །ཡང་ན། ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནི། དེ་ཉིད་བཞི་པ་ནི་ལྔ་པ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་མཁའ་འགྲོ་མ་ཞེས་བརྗོད་དོ། །དེ་ཉིད་དྲུག་པ་སྟེ་དྲུག་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །པུཀྐ་སཱི་ཞེས་པ་ནི། །ཞེ་སྡང་ཕྱག་རྒྱས་
པུཀྐ་སཱི། །ཞེས་པའི་ཚིག་གིས་སོ། །དེ་ཉིད་བདུན་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ནོ། །ལྔ་པ་ནི་ཡེ་ཤེས་ལྔ་སྤྲོ་བ་དང་བསྡུ་བའི་རང་བཞིན་གྱིས་ཐབས་སོ། །དྲུག་པ་ནི་དྲུག་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ཤེས་རབ་དེ་གཉི་ག་དབྱེར་མེད་པའོ། །བདུན་པ་ཉིད་ནི་རི་ཁྲོད་
เล่ม ๕ · หน้า 186b
མ། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་སོ། །བརྒྱད་པ་ཞེས་པ་ནི་དེ་ཉིད་ཐབས་དང་ཤེས་རབ་དབྱེར་མེད་པའི་རྡོ་རྗེ་གསུམ་གྱི་རང་བཞིན་སྨེ་ཤ་ཅན་ཞེས་བརྗོད་དོ། །ཨཱ་ལི་ཀཱ་ལི་སྙོམས་པར་ཞུགས་པ་བདག་མེད་མས་བྱིན་གྱིས་བརླབས་པའི་རང་བཞིན་གྱི་ཕྱི་གཏུམ་མོ་རྣམས་ནི་བརྒྱད་པ་སྨེ་ཤ་
ཅན་དུ་བརྗོད་དོ། །དགུ་པ་ཡང་ནི་གཡུང་མོ་ཉིད། །ཡང་ནི་སླར་ཡང་བཞི་པ་སྟེ། །གཡུང་མོ་ཉིད་ནི་རེག་ཏུ་མི་རུང་བ་དྷཱུ་ཏཱི་བདག་མེད་མ་རྡོ་རྗེ་མཁའ་འགྲོ་མའོ། །དེ་ཉིད་ཡང་ཞེས་པ་ནི། བཞི་པ་ཡང་བསྡུ་བའི་རང་བཞིན་གྱི་བཞི་པར་དང་པོར་གསུངས་སོ། །ད་ནི། ལྔ་པ་རྡོ་རྗེ་མཁའ་འགྲོ་
མ། །ཞེས་བྱ་བ་ལ་སོགས་པས་སྤྲོ་བའི་རང་བཞིན་གྱི་བཞི་པ་བསྟན་ནས་སྤྲོ་བ་དང་བསྡུ་བའི་རང་བཞིན་ཉིད་བཞི་པ་ཡིན་པ་དེ་གསུངས་པ། ལྔ་གཉིས་དཀར་མོ་ཉིད་ཅེས་པ་ནི་རྣམ་པ་གཉི་ག་ཡང་ལྔ་ཚན་གཉིས་ཏེ་ཡེ་ཤེས་ལྔ་ལྔའི་རང་བཞིན་ཉིད་ཡིན་པའི་དོན་ཏོ། །བཅུ་གཅིག་ཆོམ་རྐུན་མ་
རུ་བཤད། །བཅུ་གཉིས་རོ་ལངས་མ་ཞེས་བརྗོད། །བཅུ་གསུམ་པ་ནི་གྷསྨ་རཱི། །བཅུ་བཞི་པ་ནི་ས་སྤྱོད་མ། །བཅོ་ལྔ་པ་ནི་མཁའ་སྤྱོད་མ། །རྣལ་འབྱོར་མ་ཡི་ས་བོན་ཉིད། །ཨེ་ཨཻ་ཨོ་ཨཽ་ཨཾ། དེ་ཟླ་ཕྱེད་ཐིག་ལེས་བརྒྱན་པ་ནི། ཨེཾ་ཨཻཾ་ཨོཾ་ཨཽཾ་ཨཾ། ཡང་ཨཾ་ངོ་། །ཡང་ན་ལྔ་པོ་དེ་ཉིད་
ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པས་བཅུའོ། །དེ་ཉིད་བཅུ་གཅིག་སྟེ་གཉིས་སུ་མེད་པའོ། །བཤད་པ་ནི་གྲགས་པ་སྟེ། འོད་གསལ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་ཡིན་པའི་ཐ་ཚིག་གོ། །བཅུ་གཉིས་ཞེས་པ་ནི་དེ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་འདོད་པའི་ཡང་
དག་པའི་ཡེ་ཤེས་སོ། །བཅུ་གསུམ་ཞེས་པ་ནི་སྐུ་གསུམ་གྱི་བདག་ཉིད་དོ། །ཨཾ་ནི་ཡང་དག་པའི་ཡེ་ཤེས་སོ། །བཅུ་བཞི་ཞེས་པ་ནི་དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ལྔ་པོ་ཉིད་དོ། །ས་སྤྱོད་མ་ཞེས་པ་ནི་ས་སྤྱོད་ཀྱི་སྒྲས་ནི་ས་བརྟན་པའི་ཡེ་ཤེས་སོ། །སྤྱོད་མ་ནི་སྤྲོས་པའི་
ཡེ་ཤེས་ཏེ་སྤྲོ་བ་དང་བསྡུ་བའི་ཡེ་ཤེས་ཉིད་བཞི་པ་ཡིན་པར་དགོངས་སོ། །བཅོ་ལྔ་པ་ཞེས་པ་ནི་ལྔ་ཉིད་བཅུ་ནི་བཅོ་ལྔ་པ་སྟེ། མཁའ་སྤྱོད་མ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམས་ཏེ་ཆོས་ཀྱི་དབྱིངས་ཉིད་བཞི་པའོ། །དེ་ཉིད་ལྔ་ཡང་ཡིན་ལ་བཅུ་ཡང་ཡིན་པས་བཅོ་ལྔའོ། །
เล่ม ๕ · หน้า 187a
འདིས་ཅི་བསྟན་ན། བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཞེས་པས། ཨཱ་ལི་དང་པོ་བདག་མེད་མ། །ཞེས་བྱ་བ་ལ་སོགས་པས་བསྡུ་བའོ། །ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །ཞེས་བྱ་བ་ལ་སོགས་པས་ནི་སྤྲོ་བའོ། །བཅུ་གཅིག་ཆོམ་རྐུན་མ་རུ་བཤད། །ཅེས་བྱ་བ་ལ་སོགས་
པས་སྤྲོ་བ་དང་བསྡུ་བ་དབྱེར་མེད་པའི་ཡང་དག་པའི་ཡེ་ཤེས་སུ་ངེས་པ་ཡིན་ནོ། །མཁའ་འགྲོ་བཞི་ནི་འབྱུང་བ་ཆེན་པོ་བཞི་རྣམས་སོ། །ལྔས་ནི་ཡེ་ཤེས་ལྔའོ། །དྲུག་པས་ནི་སྐྱེ་མཆེད་དྲུག་གོ། །ཁམས་གསུམ་པོ་འདི་ཐམས་ཅད་ཉིད་རེ་རེ་ཞིང་ཡང་ལྔའི་བདག་ཉིད་དོ་མཁའ་འགྲོ་མ་བཅོ་ལྔའི་
རང་བཞིན་ནོ། །རྣལ་འབྱོར་མའི་ས་བོན་ཉིད་ནི་རྣལ་འབྱོར་མའི་སྒྲས་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་སྤྲུལ་པའི་སྐུའོ། །ས་བོན་གྱི་སྒྲ་ནི་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཉིད་ནི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའོ། །རྣལ་འབྱོར་མ་རྣམས་ཀྱི་ས་བོན་ཡིན་ཏེ། སྐུ་གསུམ་
དང་དབྱེར་མེད་པའི་ཨཱ་ལི་ཀཱ་ལིའི་ནཱ་དའི་རང་བཞིན་ཀུན་རྫོབ་དང་དོན་དམ་པ་གཉིས་དབྱེར་མེད་པ་ཟུང་དུ་འཇུག་པའི་རྒྱས་བཏབ་པ་བླ་མ་དམ་པའི་ཞབས་ཀྱི་བཀའ་དྲིན་ལས་རྟོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་བྱང་ཆུབ་པའི་ལམ་ཡིན་ནོ། །སྔགས་ཀྱི་རིམ་པར་ཕྱེ་བ་བསྟན་ནས་
རིགས་ཀྱི་རིམ་པར་ཕྱེ་བ་གསུངས་པ། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་། །བཅུ་དྲུག་གཉིས་ཀྱི་བདག་ཉིད་གསུངས། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེར་རིམ་པ་བཞིན་དུ་སྦྱར། །རིགས་ཀྱི་ལེའུ་ཞེས་པ་ནི། །རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བའོ། །རྩ་རྣམས་གང་ནི་སུམ་ཅུ་རྩ་
གཉིས་ནས་བྱང་ཆུབ་ཀྱི་སེམས་འབབ་པ་ཞེས་བསྟན་ཏོ། །རྩ་དེ་རྣམས་གཉིས་གཉིས་ཀྱིས་རྣལ་འབྱོར་མ་རེ་རེར་བསྟན་ཏོ། །རིམ་པ་བཞིན་ནི་བརྒྱད་པའོ། །མི་ཕྱེད་མ་དང་ཚན་མ་ཞེས་པ་གཉིས་ནི་རྡོ་རྗེ་མའོ། །ཕྲ་གཟུགས་མ་དང་ནག་མོ་དང་། །ཞེས་པ་གཉིས་ནི་གསང་བའི་དཀར་མོའོ། །
མཛེས་མ་དང་སྤྱི་མ་ཞེས་པ་གཉིས་ནི་ཆུ་མའོ། །གཡོན་པ་མ་དང་རྒྱུ་སྦྱིན་མ། །ཞེས་པ་གཉིས་ནི་རྡོ་རྗེ་མཁའ་འགྲོ་མའོ། །གཡོན་པ་མ་དང་སྦྱོར་བྲལ་མ། །ཞེས་པ་གཉིས་ནི་པུཀྐ་སཱིའོ། །རུས་སྦལ་སྐྱེས་མ་སྡུ་གུ་མ། །ཞེས་པ་གཉིས་ནི་རི་ཁྲོད་མའོ། །བསྒོམ་པ་མ་དང་གྲུབ་མ་ཞེས་པ་
เล่ม ๕ · หน้า 187b
གཉིས་ནི་གཏུམ་མོའོ། །དབང་མ་དང་འཚེད་མ་ཞེས་པ་གཉིས་ནི་གཡུང་མོའོ། །སྐྱོན་མ་དང་ཡིད་བཟངས་མ་ཞེས་པ་གཉིས་ནི་དཀར་མོའོ། །འཇུག་མ་དང་སུམ་སྐོར་མ་ཞེས་པ་གཉིས་ནི་ཆོམ་རྐུན་མའོ། །མ་མོ་དང་འདོད་མ་ཞེས་པ་གཉིས་ནི་རོ་ལངས་མའོ། །མཚན་མོ་དང་ཁྱིམ་མ་ཞེས་
པ་གཉིས་ནི་ཟ་ཕོད་མའོ། །བསིལ་སྦྱིན་མ་དང་གཏུམ་མོ་ཞེས་པ་གཉིས་ནི་ས་སྤྱོད་མའོ། །ཚ་བ་མ་དང་བདུད་འདྲལ་མ་ཞེས་པ་གཉིས་ནི་མཁའ་སྤྱོད་མའོ། །འདིས་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་མཁའ་འགྲོ་མ་བཅུ་བཞིའོ། །བརྐྱང་མ་དང་རོ་མ་དང་ཀུན་འདར་མ་ཞེས་པ་གསུམ་ནི་བདག་མེད་
མའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། །བརྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་རུ་བཞེད། །ཅེས་པའོ། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱི་ལྷག་མ་སྤང་། །ཀུན་གྱི་ལྷག་མ་ཞེས་པ་ནི་དཱ་རི་ཀའོ། །སྤང་བ་ནི་སྤངས་པའོ། །ཚེག་དྲག་ཡིན་པའི་ཕྱིར་ཞེས་
དགོངས་པའོ། །འདི་ཇི་ལྟར་ཞེ་ན། གང་ཕྱིར་བཅུ་དྲུག་ཆ་མེད་པས། །ནུབ་པ་དང་འཆར་བ་དག་གི་ཚེས་གྲངས་བཅོ་ལྔ་རྣམས་ལ་ཆའི་རིམ་པས་ཚེས་གཅིག་ལ་སོགས་པ་ལ་ནུབ་པ་དང་འཆར་བས་གནམ་སྟོང་ལ་ནུབ་པར་འགྱུར་རོ། །དེ་ཉིད་ཚེས་གཅིག་ལ་སོགས་པ་འཆར་བར་ཡང་དམིགས་
པས་འཆར་བར་ཡང་འགྱུར་རོ། །དེའི་ཕྱིར་བཅོ་ལྔའི་ཆའི་བདག་ཉིད་ཅན་ཉིད་ཟླ་བ་སྟེ། དེའི་བཅུ་དྲུག་པའི་ཆ་ནི་མེད་པ་ཉིད་དོ། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་པ་ནི། ཆ་མེད་པའི་ཕྱིར་དོན་གྱི་བྱ་བ་ཡང་མེད་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་
གསུངས་པ། བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཟླ་བ་ནི་བདེ་བ་སྐྱེད་པར་གྱུར་པའོ། །གང་ཞེ་ན་བྱང་ཆུབ་ཀྱི་སེམས་ཏེ་བདུད་རྩིའི་ཁུ་བའོ། །དེ་ཡང་བཅོ་ལྔའི་བདག་ཉིད་ཅན་ནི་ནཱ་ད་
བཅོ་ལྔའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ཨཱ་ལིའི་གཟུགས་སོ། །དེ་ཉིད་བདེ་བ་ཆེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པར་དགའ་བའོ། །དེ་ཉིད་རྣལ་འབྱོར་མའི་ཆ་ནི་ཡན་ལག་ཏུ་གྱུར་པའོ། །དེའི་ཞེས་པ་ནི་བདུད་རྩིའི་ཁུ་བ་བྱང་ཆུབ་སེམས་ཀྱིའོ། །འདིས་ནི་ཆ་རྣམས་རྡུལ་ཕྲ་རབ་ཀྱི་རང་བཞིན་
เล่ม ๕ · หน้า 188a
པས་ཆ་མེད་པའི་ཕྱིར་རང་བཞིན་གྱིས་དབྱེར་མེད་པའི་རྣལ་འབྱོར་དང་ལྡན་པ་ཉིད་རྣལ་འབྱོར་མའི་ཆའོ། །དེའི་ཞེས་པ་ནི་བདེ་བ་ཆེན་པོ་དང་དབྱེར་མེད་པའི་བདུད་རྩིའི་ཁུ་བའོ། །ཕྱི་རོལ་གྱི་ཟླ་བ་ཡང་དབྱུ་གུ་གཉིས་ཀྱི་བདག་ཉིད་བཅོ་ལྔའི་ཆའི་བདག་ཉིད་ཅན་ནོ། །དེ་ཉིད་
ཀྱི་ཕྱིར། བཅུ་དྲུག་པ་ཤིན་ཏུ་གཟུགས་ཅན་མ་ཆ་མེད་པ་སྟེ་ནཱ་དའི་རང་བཞིན་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཀུན་གྱི་ལྷག་མ་ནི་བཞི་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། འབད་པས་ནི་རབ་ཏུ་འབད་པས་སོ། །སྤང་བ་ནི་སྤངས་པ་སྟེ་ཚེག་དྲག་ཉིད་དུ་རྣམ་པར་
གཞག་པར་བྱའོ། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཉེ་བར་དམིགས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ཡང་དོན་བྱེད་དེ་བདེ་བ་ཆེན་པོའི་རང་བཞིན་སྐྱེད་པར་བྱེད་དོ། །བཅོ་ལྔའི་ཆའི་བདག་ཉིད་ཅན། །ཞེས་པ་ནི། ཤེས་པས་སོ། །རྡོ་རྗེ་སྙིང་
པོས་གསོལ་པ། རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཡང་། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ག་པུར་ངེས་པར་སྤང་ངམ་ཅི། །ངེས་པར་ནི་ངེས་པའི་དོན་ཏོ། །ག་པུར་ནི་བདུད་རྩི་ཁུ་བའོ། །དེ་ཡང་སྤང་ངམ་ཅི་སྟེ་མི་སྤང་བའོ། །ངེས་
པར་ནི་གང་གི་ཕྱིར་རོ། །དེ་ཡང་རྣལ་འབྱོར་མ་ལས་བྱུང་ནི་གང་མཁའ་འགྲོ་མ་ཀུན་ལས་བྱུང་བའམ། །དེ་ལས་མཁའ་འགྲོ་མ་ཀུན་རྣམས་ནི་འབྱུང་བ་གང་གི་ཕྱིར་རོ། །འདིས་ནི་རྣལ་འབྱོར་མ་ཐམས་ཅད་ལས་ཡང་དག་པར་བྱུང་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དེའམ་བྱང་ཆུབ་
ཀྱི་སེམས་ལས་རྣལ་འབྱོར་མ་ཐམས་ཅད་བྱུང་བའོ། །ཡང་གི་སྒྲས་ནི་ཚིག་གི་ཕྲང་དེ་ཚིག་གི་ཕྲང་རྣམས་ནི་དོན་དུ་མ་ཡིན་པའི་ཕྱིར་ཡང་གི་དོན་ཏོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཡང་ངོ་། །འགྲིབ་པའི་ཚུལ་ཅན་སྤང་བའི་རང་བཞིན་གྱིས་ཏེ་ཡེ་ཤེས་ཅན་དེ་ཉིད་འགྲིབ་པ་མེད་དེ་
འཇིག་པའི་རང་བཞིན་ཉིད་ཀྱི་ཕྱིར་འཇིག་པ་མེད་པས་མི་ཟད་པ་ཡིན་པའི་དོན་ཏོ། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ཅེས་པ་ནི་དོན་བརྗོད་པར་བྱ་སྟེ། །གཟུགས་མེད་པས་འགྲིབ་པ་བདག་མེད་མའི་རང་བཞིན་པས་རང་བཞིན་མེད་པའོ། །བཏུང་མཆོག་ཅེས་པ་ནི་ཆེན་པོ་སྟེ། །
เล่ม ๕ · หน้า 188b
ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱིས་རྡོ་རྗེ་འཛིན་པའི་རང་བཞིན་ནོ། །ནམ་མཁའ་ཞེས་པ་ནི་གཉི་ག་དབྱེར་མེད་པའོ། །ཁ་ནི་རིན་ཆེན་གཙོ་ཉི་མ་དང་། ག་འོད་དཔག་ཏུ་མེད་པ་ཟླ་བ་དང་། །གཉི་ག་དབྱེར་མེད་པ་ཡིན་པའི་དོན་ཏོ། །ཡང་ན་མཁའ་ཞེས་པ་ནི་ཁ་ཆོས་འབྱུང་ངོ་། །དེར་འགྲོ་ཞིང་ཤེས་ལ་དེ་
དང་དབྱེར་མེད་པའི་རང་བཞིན་ཡིན་པས་ནམ་མཁའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཇི་སྐད་སྨྲས་པ་འདི་བཞིན་ནོ། །ཇི་སྐད་དུ་སྨྲས་པ་ནི་ཁོ་བོའི་ཡང་བཞེད་པའོ། །ཡང་ན་འདི་ནི་དེ་ལྟ་བུའི་རང་བཞིན་ཏེ། འགྲིབ་མེད་འགྲིབ་པའི་རང་བཞིན་ཅན་ནམ་འགྲིབ་མེད་བཏུང་མཆོག་ནམ་མཁའ་
གང་ཡིན་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ཟླ་བ་མི་སྤང་བ་ལྷན་ཅིག་སྐྱེས་པའི་རང་བཞིན་མི་འགྲིབ་པ་འགྲིབ་པའི་ཚུལ་ནི་སྤང་བའོ། །དེ་གཉི་ག་ཡང་ཐབས་གང་གིས་བསྐྱེད། ཆགས་ཞེས་པ་ནི་སྐྱེ་བའི་
རང་བཞིན་གྱིས་སྤང་བའོ། །ཀུན་རྫོབ་བོ། །དེ་ཉིད་མྱ་ངན་ལས་འདས་པའི་ཚུལ་གྱིས་དོན་དམ་པའི་བདེན་པའོ། །བསྐྱེད་པ་ནི་ཡང་དག་པར་ཤེས་པར་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། རང་བྱིན་བརླབ་པའི་རིམ་པས་ཀྱང་། ཀུན་
རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །དཀྱིལ་འཁོར་ཞེས་པ་ནི་ལྷ་རྣམས་འབྱུང་བའོ། །འཁོར་ལོ་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་སྐྱེ་བ་དང་གནས་པའི་དཀྱིལ་འཁོར་དང་དབྱེར་མེད་པའི་འཁོར་ལོ། འཁོར་ལོ་དང་དབྱེར་མེད་པའི་དཀྱིལ་འཁོར་ནི་དཀྱིལ་
འཁོར་གྱི་འཁོར་ལོའོ། །གང་གི་ཕྱིར་དཀྱིལ་འཁོར་ཉིད་འཁོར་ལོ་སྟེ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་བཞིན་གཤེགས་པ་ཉིད་མཁའ་འགྲོ་མ་ལ་འཁའ་འགྲོ་མ་ཉིད་དེ་བཞིན་གཤེགས་པའོ། །འདི་ཉིད་དང་པོ་ནི་གཙོ་བོའོ། །ཐབས་ནི་རྒྱུའོ། །དེས་ན་རྒྱུ་དང་འབྲས་བུ་གཉིས་ཀྱིས་སོ། །རང་གི་བྱིན་གྱིས་བརླབ་པ་
ནི་རང་བྱིན་གྱིས་བརླབ་པ་སྟེ། དེས་རིམ་པར་རྟོགས་པས་ན་རང་བྱིན་གྱིས་བརླབ་པའི་རིམ་པའོ། །དེས་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་ཐམས་ཅད་མི་དམིགས་པ་ཡིན་པར་དགོངས་སོ། །འདི་ནི། དཀྱིལ་འཁོར་འཁོར་ལོ་དང་པོའི་ཐབས། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་དང་པདྨ་
เล่ม ๕ · หน้า 189a
མཉམ་པར་སྦྱར་བས་ལྟེ་བའི་ནང་དུ་སོན་པ་མི་སྤང་པའོ། །རང་བྱིན་བརླབ་པའི་རིམ་པས་ཀྱང་ནི་སྤང་བ་སྟེ། ཁྱབ་པར་བྱ་བའི་ཚུལ་ཡེ་ཤེས་ཀྱི་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་དོན་དམ་གཟུགས་ཅན་གྱི་ནི་སྒྲིབ་པ་དང་བྲལ་བས་མྱ་
ངན་ལས་འདས་པ་སྟེ་དོན་དམ་པའི་བདེན་པའོ། །དེ་ཉིད་ཀུན་རྫོབ་སྟེ་སྒྲིབ་པ་དང་ལྡན་པས་ཀུན་རྫོབ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལྟ་བུའི་གཟུགས་ཅན་གྱི་རང་བཞིན་གྱི་ཡེ་ཤེས་བདེན་པ་གཉིས་དབྱེར་མེད་པ་འདི་འགྲིབ་པའི་ཚུལ་ཉིད་མི་འགྲིབ་པ་ཡང་དག་པའི་ཡེ་ཤེས་བཞི་པ་ལྷན་ཅིག་
སྐྱེས་པ་ཡིན་པའི་དོན་ཏོ། །གཉི་གའི་ཚུལ་ཉིད་གསུངས་པ། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །དོན་དམ་བདེན་པའི་གཟུགས་ཅན་ནོ། །བུད་མེད་ཀཀྐོ་ལ་བདེ་ཅན། །ཨེ་ཝཾ་རྣམ་པའི་རང་བཞིན་དུ། །ཀུནྡ་ལྟ་བུ་སྟེ་ཞེས་པ་ནི་བདུད་རྩི་ཁུ་བའི་རང་བཞིན་མི་སྤང་བ་ཀུན་རྫོབ་ཀྱི་བདེན་པའོ། །བདེ་
བའི་གཟུགས་ཅན་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་སྤང་བ་མྱ་ངན་ལས་འདས་པའོ། །འདི་ཡང་བུད་མེད་ཀཀྐོ་ལ་ཞེས་པ་ནི་བུད་མེད་ཀྱི་ཚུལ་གྱི་ཀཀྐོ་ལ་སྟེ་བུད་མེད་ཀྱི་གཟུགས་ཀྱི་ཀཀྐོ་ལ་ཆོས་འབྱུང་ངོ་། །དེ་ལ་བུད་མེད་གཟུགས་ཀྱི་ཀཀྐོ་ལ་དེ་ཉིད་ཇི་ལྟ་བུ་ཡིན་པ་གསུངས་པ། ཨེ་ཝཾ་
རྣམ་པའི་རང་བཞིན་ཅན། །དེ་ཉིད་གང་འདི་ཆོས་འབྱུང་དེར་ཐབས་དང་ཤེས་རབ་ཀྱི་རང་བཞིན་དབྱེར་མེད་པ་ཡིན་པ་དེ་ཉིད་ཨེ་ཝཾ་རྣམ་པའི་རང་བཞིན་ཅན་བདེ་བ་ཅན་ནོ། །བདེ་བ་ཅན་ནི་དེའི་གཞིར་གྱུར་པའོ། །འདི་ཇི་ལྟར་ཡིན་གསུངས་པ། །བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར། །བདེ་བ་ཅན་ཞེས་རབ་ཏུ་
བསྒྲགས། །སུ་ནི་ཁུ་བ་རྡོ་རྗེ་འཛིན་པའོ། །ཁ་ནི་ཆོས་འབྱུང་བདག་མེད་མ་སྟེ་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་པའི་ཡེ་ཤེས་ཀྱི་བདེ་བའོ། །དེ་ཡི་བསྲུང་བ་ཉིད་ཀྱི་ཕྱིར་ནི་མི་གཡོ་བའི་རང་བཞིན་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཅན་ཞེས་རབ་ཏུ་བསྒྲགས། །ཞེས་པ་ནི་སྒྲའི་ཡུལ་དུ་
བྱས་པའི་ཆ་དང་བཅས་པ་ཉིད་ཆ་མེད་པ་ཡིན་པའི་དོན་ཏོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ལ་གནས་པ་རྣམས་ཀྱིའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་པ་ནི་ལམ་ཤེས་པ་ལ་གནས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด