རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཅེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཧེ་བཛྲ་ཏནྟྲ་མ་ཧཱ་རཱ་ཛ་སྱ་པཉྩི་ཀཱ་ནེ་ཏྲ་བི་བྷཾ་ག་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕ · หน้า 290b
ཕྱིར་ཏུམྤི་སྟེ་ཀུ་བ་ལྟ་བུ་མ་ཡིན་པའི་གནས་ཡོན་ཏན་དང་བཅས་པའོ། །ཡང་སྤྱོད་ལམ་གྱི་དུས་སུ་ཡང་ཡོན་ཏན་དང་བཅས་པ་བསྟན་པའི་ཕྱིར། རྐང་པ་འཁྲུ་བ་ལ་སོགས་པ་ནི་གོ་སླའོ། །བརྟུལ་ཞུགས་ཅན་ཐབས་དང་བཅས་པའི་ཧེ་རུ་ཀར་མོས་པའོ། །རྣལ་འབྱོར་མ་ནི་ཤེས་རབ་དང་བཅས་པའི་
བདག་མེད་མ་སྟེ་ལོངས་སྐུའོ། །རྣམ་པར་བསྒོམ་པ་ནི་ལོངས་སྤྱོད་ལ་མོས་པའོ། །གཞན་པའི་ཚུལ་ལ་སོགས་པ་ནི་སྔ་མ་ལྟར་རོ། །ད་ནི་མཉམ་པར་གཞག་པ་བསྟན་པའི་ཕྱིར། །བསམ་གཏན་ནི་དབྱེར་མེད་པ་དང་ལྡན་པའི་རྩེ་གཅིག་པའོ། །ཉོན་མོངས་པ་ནི་འཇིགས་པའི་ཡོན་ཏན་ནོ། །རྡོ་རྗེ་
སྙིང་པོ་ནི་བོད་པའོ། །ང་ཡིས་བཤད་ནི་བཅོམ་ལྡན་འདས་ཉིད་ཀྱི་ཞལ་གྱིས་བཞེས་པའོ། །བརྩེ་བ་ནི་སེམས་ཅན་དོན་དུ་སྟེ་གཞན་དུའོ། །དངོས་གྲུབ་དོན་ནི་བདག་དོན་ནོ། །ཡང་བསྡུ་བ་ནི་ཕྱོགས་གཞན་མ་ཡིན་ནོ། །ཟླ་བ་ཕྱེད་དུ་རྟོགས་ནི་བསྒོམ་པ་སྟེ་དུས་མྱུར་བའི་ཚད་དོ། །བསམ་པ་ཐམས་
ཅད་སྤངས་ནི་ཉོ་ཚོང་དང་ཞིང་ལས་ལ་སོགས་པའོ། །ཡང་ན་སྔ་མ་བཞིན་ཏེ་དབྱེར་མེད་པའི་དེ་ཁོ་ན་ཉིད་དང་ལྡན་པས་སོ། །ལྷའི་གཟུགས་སུ་སེམས་པ་ནི་སྔ་མ་ལྟར་ཕྱོགས་གཉིས་སོ། །ཉི་མ་གཅིག་ཏུ་མ་ཆད་པ་ནི་ཆུང་ངུ་ན་ཐུན་གཅིག་ཏུ་ཡང་ངོ་། །སྒོམ་པ་ནི་ལྷའི་རྣམ་པར་གསལ་བའོ། །
ཡོངས་སུ་བརྟགས་པ་ནི་གཉིས་སུ་མེད་པའི་དེ་ཉིད་དང་ལྡན་པ་སྟེ། དེའི་ཕྱིར་ཀུ་བ་ལྟ་བུ་མ་ཡིན་ཞིང་དངོས་གྲུབ་ཏུ་ངེས་པར་མཉམ་གཞག་གི་ཡོན་ཏན་ནོ། །ད་ནི་སྤྱོད་པ་གྲོགས་དང་ལྡན་པའི་ཡོན་ཏན་བསྟན་པའི་ཕྱིར། རང་གཞན་དོན་བསྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་
པས་སོ། །འཁོར་བ་ནི་ཞེས་པ་ནི་རྣལ་འབྱོར་པ་འདོད་ཆགས་མ་སྤངས་པས་སོ། །ཐབས་གཞན་མེད་པ་ནི་ཉོན་ཐོས་ལ་སོགས་པ་ཡིན་པའོ། །དེའི་ཕྱིར་རིག་མ་གོམས་པ་ནི་བསྒོམ་པའི་དུས་སུ་འཕྲལ་དུ་མངོན་དུ་བྱེད་པའམ། ཡིད་ཆེས་ནི་སྤྱོད་པའི་དུས་ཉིད་དུ་ཡོན་ཏན་འབྱུང་བ་བསྟན་པའོ། །
དེ་བཤད་པའི་ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །ཕན་གནོད་འབྲས་བུ་འབྱུང་བ་ནི་འཕྲལ་དུ་ཉམས་སུ་མྱོང་བའོ། །དེ་ལྟར་ངེས་པར་ཤེས་ནས་ནི་མ་འོངས་པར་ཡང་ཤེས་པར་བྱའོ། །རྣལ་འབྱོར་པ་རྣམས་སྐད་ཅིག་ཀྱང་ཞེས་པ་ནི་འདི་དག་དང་གཞན་དུའོ། །ཇི་ལྟར་ངུ་འབོད་གནས་
เล่ม ๕ · หน้า 291a
སུ་སྐྱེ་ནི་ངུ་འབོད་ནི་མཚོན་པ་སྟེ་སྡུག་བསྔལ་ཅན་ཀུན་དུའོ། །ཇི་ལྟར་སྐྱེས་ན་ནི་སྤོང་བའི་སྒྲ་སྟེ་མིའི་འགྲོ་བ་ཁོ་ནའོ། །ད་ནི་སྤྱོད་པ་མཐར་ཕྱིན་པའི་ཆེ་བའི་བདག་ཉིད་བསྟན་པ་ནི། མཚམས་མེད་ལྔ་ནི་བྱེད་པ་དང་། །ཞེས་པ་ནི་ཕ་གསོད་པ་དང་མ་གསོད་པ་དང་། དགེ་འདུན་
གྱི་དབྱེན་བྱེད་པ་དང་། དགྲ་བཅོམ་པ་སུན་འབྱིན་པ་དང་། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། སྲོག་ཆགས་གསོད་ལ་དགའ་བ་དང་ཞེས་པ་ནི་མི་དགེ་བཅུ་སྤྱོད་པའོ། །གཞན་ཡང་སྐྱེ་བ་དམན་པ་གང་ནི་སྨྱིག་མ་མཁན་དང་། ཕག་གསོད་པ་ལ་སོགས་པ་དང་། །
རྨོངས་དང་མ་རུངས་ལས་བྱེད་དང་། །ཞེས་པ་ནི་རྒྱ་པ་དང་ཉ་པ་དང་། ཀོ་ལྤགས་བྱེད་པ་ལ་སོགས་པས་ཀྱང་འགྱོད་པའི་བསམ་པ་སྔ་མའི་ལས་སྤངས་ཏེ། དགྱེས་པའི་རྡོ་རྗེར་ཞུགས་ན་འགྲུབ་པར་འགྱུར་རོ། །དགེ་བ་བཅུ་ལ་གོམས་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་དམ་པ་རྣམས་ཀྱིས་
ངེས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ད་ནི་སྤྱོད་པའི་ཚུལ་དངོས་བསྟན་པའི་ཕྱིར། འདིའི་དགོས་པ་ནི་ལེའུ་དྲུག་པར་ཤེས་པར་བྱའོ། །རྣམ་པ་ཆ་ལུགས་དང་ལྷའི་ང་རྒྱལ་དང་། གནས་དེ་རྣམས་ཀྱང་ལེའུ་དྲུག་པ་ལྟར་ཤེས་པར་བྱའོ། །དྲོད་ཚད་ནི་སྐད་ཅིག་མར་ལྷར་གསལ་བ་དང་།
དངོས་པོ་ལྷར་གསལ་བ་དང་། དངོས་པོ་སྒྱུར་ནུས་པ་སྟེ་འདི་ནི་བསྐྱེད་པའི་རིམ་པའི་སྤྱོད་པའི་དྲོད་ཚད་དོ། །རྒྱུ་མཚན་གྱི་དྲོད་ཚད་ནི་ལེའུ་དྲུག་པ་ལྟར་ཤེས་པར་བྱའོ། །ད་ནི་གསང་བའི་སྤྱོད་པ་ལ་སོགས་པའི་གྲོགས་བསྟན་པར་བྱ་བའི་ཕྱིར། ཟླ་བ་གཅིག་ཏུ་གསང་ལ་སྤྱོད་པ་ནི་དུས་
མྱུར་བའི་ཚད་དོ། །ཇི་སྲིད་ཕྱག་རྒྱ་མ་རྙེད་པ་ནི་མ་རྙེད་པའི་ཚེ་ཇི་ལྟར་བཙལ་བའོ། །གནང་བ་སྦྱིན་པ་སྔགས་པ་ལ་ནི་ཚོལ་བའི་ནུས་པ་དང་ལྡན་པའོ། །རྣལ་འབྱོར་མའི་བསྒོ་བ་ནི་མཁའ་འགྲོ་མས་ནམ་མཁའ་ནས་བསྟན་པའོ། །ཇི་ལྟར་བསྒོ་ཞེ་ན། ཕྱག་རྒྱ་ཆེ་གེ་མོ་ཞིག་ནི་ཞིང་དང་ཞིང་སྐྱེས་མའི་
མིང་ངོ་། །ཁྱེར་ལ་ཞེས་པ་ནི་དགོན་པའི་གནས་སུ་སྟེ་གསང་བའི་སྤྱོད་པའོ། །སེམས་ཅན་དོན་གྱིས་ཞེས་པ་ནི་གྲོང་ཁྱེར་དག་ཏུ་འཁྱམས་པའམ་མོས་པར་འགྱུར་བའོ། །རྡོ་རྗེ་འཛིན་ནི་རྣལ་འབྱོར་པ་ལ་བོས་པའོ། །དགྱེས་པའི་རྡོ་རྗེའི་ང་རྒྱལ་གྱིས། །ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་སྤྱོད་པ་
เล่ม ๕ · หน้า 291b
ནི་སྒོ་གསུམ་གྱི་བདག་ཉིད་ཅན་ཡིན་ལ། གསང་བའི་སྤྱོད་པ་ནི་གྲོགས་དང་བཅས་པ་ཡིན་པས་བརྟན་པ་འཐོབ་ན་གང་དང་འགྲོགས་ཤེ་ན། སྤྱོད་པའི་སྒོ་གསུམ་ནི་ལེའུ་དྲུག་པ་ལྟར་ཤེས་པར་བྱའོ། །གསལ་བའི་སྤྱོད་པའི་གྲོགས་ནི་གཉིས་ཏེ་ཞིང་སྐྱེས་མ་དང་ལྷན་སྐྱེས་མའོ། །བརྟན་པ་མ་ཐོབ་
ཀྱི་བར་དུ་ལྷན་སྐྱེས་མ་དང་འགྲོགས་ཏེ་སྤྱོད་པའོ། །ལྷན་སྐྱེས་མའི་དེ་ཉིད་བསྟན་པའི་ཕྱིར། རྙེད་པ་དེ་ཡང་མིག་ཡངས་མ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ། རང་བཞིན་གྱི་ཡོན་ཏན་དང་སྦྱངས་པའི་ཡོན་ཏན་དང་ལྡན་པ་སྟེ། རང་བཞིན་གྱི་ཡོན་ཏན་ནི་བྱད་གཟུགས་དང་ལང་
ཚོ་དང་རིགས་ཀྱི་ཡོན་ཏན་ནོ། །སྦྱངས་པའི་ཡོན་ནི། དགེ་བ་བཅུ་ནས་བརྩམས་ནས་ནི། །ཞེས་པ་ལ་སོགས་པ་སེམས་བསྐྱེད་པ་དང་སྡོམ་པ་དང་དམ་ཚིག་སྦྱིན་པ་དང་། དབང་བསྐུར་ནས་ལྷ་བསྒོམ་པ་དང་ལྡན་པར་བྱའོ། །ད་ནི་ཡང་ན་ཡིད་སྐྱེས་དང་ལྷན་ཅིག་འགྲོགས་པ་བསྟན་པའི་ཕྱིར། ཟླ་བ་
གཅིག་ནི་སྔོན་དུ་དེ་ཉིད་སྒྲུབ་པའི་དོན་དུའོ། །སྐལ་ལྡན་ཐེ་ཚོམ་མེད་ནི་སྤྱོད་པའི་གྲོགས་ནུས་པར་རོ། །མཆོག་ཐོབ་ནི་ཡིད་ལས་བྱུང་བའི་ཆོས་ཀྱི་ཕྱག་རྒྱ་གསུངས་པའི་ཕྱིར་རོ། །བུད་མེད་ནི་འདོད་པའི་བུད་མེད་འདྲ་བས་སོ། །རྟོག་ཀུན་ཡང་དག་སྤོང་བ་ནི་དེ་ལྟར་བརྟེན་པའི་ཡོན་ཏན་ནོ། །
དེས་ནི་ཅུང་ཟད་སྨྱོན་པའི་བརྟུལ་ཞུགས་ཀྱི་གྲོགས་བསྟན་ཏོ། །དེ་སྐད་དུ་ཡང་། སྙིང་ལ་གནས་པའི་ལྷ་མོ་ཆེ། །ཡོན་ཏན་ཐམས་ཅད་སྐྱེད་པའོ། །ཞེས་གསུངས་སོ། །འདིའི་སྤྱོད་པའི་ལྡང་ཚད་ཀྱང་ལེའུ་དྲུག་པ་རུ། ཅང་ཏེའུའི་སྒྲ་ནི་བཟླས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་འདིར་སྦྱར་རོ། །ད་ནི་
སྔགས་སྐྱེས་དང་སྤྱོད་པ་བསྟན་པའི་ཕྱིར། ཡང་ན་ཕྱོགས་གཞན་ཏེ་སྔར་གྱི་དག་ལ་ཡང་ངོ་། །བདག་གི་ནུས་པ་ནི་སྒོམ་པ་དང་སྔགས་ཀྱིས་སོ། །ལྷ་དང་ལྷ་མིན་ལ་སོགས་པ་དགུག་པ་ནི་ཏིལ་མཆོག་མ་དག་གོ། །ཁྱེར་ལ་སྤྱད་ནི་སྔ་མ་ལྟར་རོ། །འདིས་ནི་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་གྲོགས་
གང་ཡང་རུང་བ་དང་འགྲོགས་སམ་གྲོགས་བྱེད་པར་འགལ་བ་མེད་དོ། །འདིའི་སྤྱོད་པའི་རྒྱུ་མཚན་ཡང་། ཨཱ་ལི་ཀཱ་ལིར་རབ་བརྟགས་པས། བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་ལེའུ་དྲུག་པ་ལྟར་ཤེས་པར་བྱའོ། །ད་ནི་ཐ་མལ་དགག་པའི་ཕྱིར་བདག་གི་
เล่ม ๕ · หน้า 292a
དཀྱིལ་འཁོར་བསྟན་པ་ནི་ཏིང་ངེ་འཛིན་ནོ། །མངོན་དུ་ནི་པྲ་ཏ་ཡ་སྟེ་རྐྱེན་ནམ་ཡིད་ཆེས་སུ་ཡང་ངོ་། །གང་བཤད་ནི་ཐབས་དང་ཤེས་རབ་གཉིས་མེད་དང་ལྡན་པའོ། །འཇིགས་པའི་གཟུགས་སམ་ཚུལ་ནི་ཧེ་རུ་ཀ་དང་བདག་མེད་པའི་ང་རྒྱལ་གྱིས་སོ། །སྤྱོད་པ་ལོངས་
སྤྱོད་ཕྱིར་ཞེས་པ་ནི་ཐ་མལ་གྱི་གྲོགས་སོ། །སྤྱོད་པ་མ་གསུངས་པ་ནི་ཐ་མལ་ལམ་ལྟོ་དགང་བའི་དཔུང་གཉེན་ནོ། །དེ་སྐད་དུ་ཡང་ཀྱེ་བཅོམ་ལྡན་འདས་གལ་ཏེ་སིཧླ་ལ་སོགས་པ་དེ་ཟོས་ན་ཇི་ལྟར་མི་གཙང་བར་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་ཉ་གཙང་སྦྲ་དང་པོ་
སྟེ། །གཉིས་པ་ཞི་བའི་བཏུང་བ་ཡིན། །སྣོད་གཅིག་ཏུ་ནི་ཟས་ཟ་བ། །གཙང་སྦྲ་གསུམ་པ་ཡིན་པར་བརྗོད། །རྣལ་འབྱོར་ཕྱི་རོལ་ལ་དགའ་བ། །སྦྲང་རྩི་འདི་ནི་བརྩམ་པར་བྱ། །རང་སེམས་དྲི་མ་ཅན་འགྱུར་ན། །གཙང་སྦྲ་འདི་ཡིས་ཅི་ཞིག་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའི། །
མི་མཐུན་ཆོས་རྣམས་གང་ཞིག་དང་། །ཟས་དང་ལོངས་སྤྱོད་ཕྱིར་བྱས་ན། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་ཞིང་། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །དཔེར་ན་ལ་ལ་མར་འདོད་པས། །འབད་པས་ཆུ་ནི་བསྲུབས་གྱུར་ཀྱང་། །མར་སར་འབྱུང་བར་མི་འགྱུར་གྱི། །ལུས་ཉོན་མོངས་པ་ཁོ་ནར་ཟད། །
འཚོ་བའི་ཐབས་ཀྱི་རྒྱུར་འགྱུར་བ། །འཛིན་ཅིང་མཆོད་པར་བྱེད་པ་ཡི། །རྣལ་འབྱོར་གཞན་ལ་བརྟེན་པ་ཡང་། །དེ་བཞིན་ངལ་བ་དོན་མེད་འགྱུར། །ཞེས་གསུངས་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་དང་ལྡན་ན། །དུང་དང་ཉ་ཕྱིས་མུ་ཏིག་སྟེ། །གསུམ་ཀ་རྒྱུ་ལས་བྱུང་ཡིན་ན། །ཆོས་ཀྱི་ཡེ་
ཤེས་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །ཅེས་གསུངས་སོ། །ད་ནི་བསམ་པའི་ཁྱད་པར་ཡང་། ཡིད་ནི་བརྟན་ནམ་གཡོ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་སྤྱིའི་མཚན་ཉིད་ཙམ་མོ། །རང་གི་སེམས་བརྟན་པ་ནི་ཡིད་མི་གཡོ་བར་རོ། །རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་གཞན་ལ་ཇི་ལྟར་
རིགས་པའོ། །བདག་མེད་རྣལ་འབྱོར་ནི་བདག་མེད་པར་བསྒོམས་པར་ལྡན་པའི་བུད་མེད་དོ། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་ཞེས་པ་ནི་སྤོང་བ་སྟེ། རང་ཉིད་ཕྱག་རྒྱ་ཡིན་ན། དེའི་རྒྱུ་མཚན་བསྟན་པའི་ཕྱིར་ཕྱག་རྒྱ་ནི་རང་ཉིད་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་གཉིས་ནི་ཡང་ཕྱག་རྒྱ་ལ་བརྟེན་པའི་
เล่ม ๕ · หน้า 292b
དངོས་གྲུབ་ཇི་ལྟར་འགྱུར་ཞེས་པ་ནི་ཐབས་ལ་མ་བརྟེན་པས་སྤོང་བའི་སྒྲའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་སྟེ་དབྱེར་མེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་དེའི་ཡན་ལག་གོ། །བུད་མེད་གཟུགས་ནི་སྤང་ཞེས་པ་ནི་ཕྱག་རྒྱའི་རྟེན་རྣམ་པར་བསྒྱུར་བ་སྟེ་བསྟན་པའོ། །དེ་བཤད་
པ་སྟེ་ནུ་མ་སྤང་བར་འབྲེལ་ལོ། །བོ་ལར་བསྒྱུར་ཏེ་ཇི་ལྟར་ཞེ་ན། ཀཀྐོ་ལ་དབུས་གནས་ནི་དབུས་ནས་སྐྱེས་པའོ། །འགྲམ་གཉིས་ནི་མཁུར་བའོ། །དྲིལ་བུ་ནི་འབྲས་བུའོ། །ཟེའུ་འབྲུ་ནི་ཀོན་ཏའོ། །བོ་ལ་ནི་རིན་པོ་ཆེའི་ཕོ་བྲང་ངོ་། །དེ་ནས་སྐྱེས་བུ་ཉིད་དུ་འབྲེལ་ལོ། །ཇི་ལྟར་ཞེ་ན་འབད་པ་མེད་པར་
སྐྱེས་བུར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསལ་བར་ནུས་པའི་ཕྱིར་རོ། །འདི་ལས་སྐྱེས་བུར་འགྱུར་བ་དེ་ལས་སོ། །ཕྱག་རྒྱའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱེད་ནུས་པ་ཁོ་ནའོ། །ཡང་སྤངས་གཞན་ཞེས་པ་ནི་བདག་གཟུགས་བསྒྱུར་ཏེ་གཞན་ཞེས་པ་ནི་ཀཀྐོ་ལ་ལས་གཞན་པའོ། །
བཅོམ་ལྡན་འདས་ཀྱི་གཟུགས་ནི་ཧེ་རུ་ཀའོ། །བསྟན་པ་དེ་བཤད་པའི་ཕྱིར་ལྷག་མ་ཞེས་པ་སྟེ་བོ་ལླ་ལས་གཞན་པའི་སྐུའོ། །བདག་ཉིད་ཆེན་པོ་སྒེག་པ་ལ་སོགས་པའི་ཉམས་སོ། །དགའ་ཆེན་ཧེ་རུ་ཀའི་གཟུགས་ནི་ཐབས་བདེ་བ་དང་ལྡན་པའོ། །ཧེ་རུ་ཀ་སྦྱོར་ནི་སྐུ་གསུང་ཐུགས་སུའོ། །དེ་
ནས་གསལ་བར་ནུས་པའི་རྣལ་འབྱོར་དུ་འབྲེལ་ལོ། །ཤིན་ཏུ་གོམས་པ་ལས་བྱུང་བའི་ཕྱིར་རོ། །འདི་ལས་ནི་ཧེ་རུ་ཀར་བསྒྱུར་བ་དེ་ལས་སོ། །ཕྱག་རྒྱའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོར་བསྒྱུར་ནུས་པ་ཁོ་ནའོ། །ད་ནི་སྐྱེ་བ་དག་པར་བསྟན་པའི་ཕྱིར། སྐྱེ་དང་འཇིག་པ་ནི་ཚོགས་གཉིས་སམ།
ཨཱ་ལི་ཀཱ་ལི་ལས་སམ། ཟླ་བ་ཉི་མའམ། བྱང་ཆུབ་པར་བསྐྱེད་པའམ། རྗེས་སུ་ཆགས་པར་ཞུ་བ་ལ་སོགས་པའོ། །ཐབས་དང་ཤེས་རབ་མི་འཆིང་མི་གནོད་ཅེས་པ་ནི་དེ་རྣམས་ཐབས་དང་ཤེས་རབ་ཡིན་པའི་ཕྱིར་རོ། །བསྟན་པ་དེ་བཤད་པའི་ཕྱིར་ཐབས་ནི་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བ་སྟེ། བསོད་
ནམས་ཀྱི་ཚོགས་དང་། ཀཱ་ལི་དང་། ཉི་མ་དང་། བྱང་ཆུབ་པ་ལྔས་བསྐྱེད་པ་ལ་སོགས་པའོ། །དེའི་ཕྱིར་དེ་རྣམས་ནི་ཐབས་ཡིན་པས་མྱ་ངན་ལས་འདས་པ་མཐར་ཕྱིན་པ་ནི་ལྷག་མའོ། །ཡང་འཇིག་པ་ནི་ཡེ་ཤེས་ཀྱི་ཚོགས་དང་ཨཱ་ལི་ཀཱ་ལི་དང་ཟླ་བ་དང་རྗེས་སུ་ཆགས་པས་ཞུ་བ་ལ་སོགས་པ་ཀུན་
เล่ม ๕ · หน้า 293a
ནས་གང་ཡང་རུང་བའོ། །ཤེས་རབ་ནི་འདི་རྣམས་ཀྱི་རང་བཞིན་ཡིན་པས་སྲིད་པ་མཐར་བྱེད་པའོ། །དེ་དག་བསྡུས་པའི་ཕྱིར། དེ་ནས་ཞེས་པ་ནི་ཤེས་རབ་ཡིན་པས་ནའོ། །འདི་ལ་ནི་ཡེ་ཤེས་ལ་སོགས་པས་ནའོ། །དེ་ཉིད་ལས་ནི་ཞེས་པ་ནི་བསོད་ནམས་ཚོགས་ལ་སོགས་
པའོ། །དེས་ན་ཞེས་པ་ལྷག་མ་སྟེ་ཐབས་ཡིན་པས་སོ། །གང་ལའམ་ལ་ལ་ནི་ཐ་མལ་པའི་ཚེ་ནའོ། །འཇིག་པས་འཇིག་པའམ་ཟད་པར་འགྱུར་ཞེས་པ་ནི་ཞིག་ནས་མེད་པར་རོ། །འཇིག་པའི་དངོས་པོ་ནི་གདོད་མ་ནས་ཤེས་རབ་ཡིན་པས་འཇིག་པའི་རྒྱུ་མེད་པའོ། །ཟག་པ་མེད་པ་
ནི་ཞིག་ནས་ཟད་པ་ཡིན་པས་སོ། །དེ་བཞིན་དུ་ཡང་ཐབས་སྐྱེ་བ་ལ་ཡང་ལྷག་མ་ཁོང་ནས་ཕྱུང་སྟེ་ཤེས་པར་བྱ་སྟེ། ལ་ལ་སྐྱེ་བ་སྐྱེ་བར་འགྱུར། །ཞེས་འབྱུང་སྟེ། ཉོན་མོངས་པའི་སྐྱེ་བ་ཡིན་པས་སོ། །སྐྱེ་བའི་དངོས་མེད་ཟད་པར་འགྱུར། །ཞེས་པ་ཐབས་དང་ཤེས་རབ་ཀྱིས་སྐྱེ་བ་ཡིན་
པའི་ཕྱིར་རོ། །དེ་དག་གིས་ནི་བསྐྱེད་པའི་རིམ་པ་ཐབས་ཀྱི་ཆོ་ག་དག་པར་བྱས་ནས། བསྐྱེད་པ་ལྷའི་མཚན་མ་དག་པའི་ཕྱིར་བསྐྱེད་པའི་རིམ་པ་ནི་རྣལ་འབྱོར་འདིས་ལས་དང་པོ་ནས་བཟུང་བའོ། །བརྟུལ་ཞུགས་ཅན་ནི་བསྐྱེད་རིམ་མཐར་ཕྱིན་པའི་བར་གྱིས་སོ། །སྤྲོས་པ་ནི་ཁ་དོག་
དང་མཚན་མ་ལ་སོགས་པའོ། །བསྒོམ་པ་ནི་གསལ་བར་རོ། །རྨི་ལམ་ལྟར་གསལ་བ་སེམས་ཀྱི་ཆོས་ཡིན་པས་སོ། །དེའི་ཕྱིར། སྤྲོས་པ་ཉིད་ནི་སྤྲོས་པ་མེད། །ཅེས་བྱ་སྟེ་བསྐྱེད་པའི་ངོ་བོ་དག་པར་བྱེད་པའོ། །ད་ནི་བསྐྱེད་པའི་རིམ་པའི་ཡོན་ཏན་ནམ་སྤྱོད་ཡུལ་དག་པར་བསྟན་པའི་
ཕྱིར། །ཇི་ལྟར་སྒྱུ་མ་ཞེས་པ་ནི་རིག་མ་ལ་བརྟེན་པ་ལ་སོགས་པས་བདེ་བ་སྒྱུ་མ་ལྟ་བུ་མྱོང་བའོ། །དེ་བཞིན་རྨི་ལམ་གསལ་བ་སེམས་ཀྱི་ཆོས་སུའོ། །ད་ནི་སྐྱེ་བའི་རྟེན་དག་པར་བསྟན་པའི་ཕྱིར། །ཇི་ལྟར་ནི་གཞལ་ཡས་ཁང་ངོ་། །བར་སྲིད་དམ་དྲི་ཟའི་གྲོང་ཁྱེར་ནི་ནམ་མཁའ་
ལ་འཚོ་བའི་ཁང་བཟངས་སོ། །རྟག་ཏུ་གོམས་པའི་སྦྱོར་བ་ནི་དག་པ་དང་ལྡན་པས་སྔ་མ་ལྟར་རོ། །དཀྱིལ་འཁོར་ཉིད་ཀྱང་དེ་བཞིན་སྣང་ནི་བསྐྱེད་རིམ་དེ་ལྟར་ཤེས་ནས་རྫོགས་རིམ་ལ་སྦྱོར་ནུས་པས་སོ། །ད་ནི་རྫོགས་པའི་རིམ་པ་བསྟན་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ནི་
เล่ม ๕ · หน้า 293b
ཀུན་རྫོབ་ཕྱག་རྒྱ་ཆེན་པོའི་གཟུགས་ཕལ་པའི་པདྨ་ཅན་ལ་བརྗོད་པ་སྟེ་ལས་ཀྱི་ཕྱག་རྒྱའོ། །དབང་བསྐུར་ནི་གསུམ་པ་དང་འདྲ་བ་ལས་རྟེན་ཁྱད་པར་ཅན་དུ་ཉམས་སུ་མྱོང་བའོ། །ཇི་ལྟར་གཟུང་བའི་བདེ་ཆེན་པོ་ནི་ཟླ་བ་གཟུང་བའི་མན་ངག་ལས་སྐྱེས་པའོ། །དེའི་བྱིན་རླབས་སམ་མཐུ་
ནི་གསལ་བའི་བདེ་བའོ། །བྱིན་རླབས་སྐྱེས་པ་ལས་རྟེན་དང་བརྟེན་པར་འགྱུར་བས་དཀྱིལ་འཁོར་ཡིན་པ་ཁོ་ནའོ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད་ནི་ལྷན་ཅིག་སྐྱེས་ལས་གཞན་པ་ལས་སོ། །དེ་ནི་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་ཕྱག་རྒྱ་ཆེན་པོ་ནི་ལྟེ་
བ་ལ་གནས་པའི་ཐིག་ལེའམ་ཡི་གེའོ། །དབང་བསྐུར་བ་ནི་སྤྱི་བོའི་ཧཾ་ལས་ཞུ་བ་སྟེ་གུར་ཀུམ་གྱི་ཆར་ལ་སོགས་པ་དང་ལྡན་པའོ། །ཤེས་པའི་བདེ་ཆེན་ནི་གསལ་བའི་བདེ་བའོ། །གཞན་དག་སྔ་མ་ལྟར་རོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །གསུམ་པ་ཆགས་བྲལ་གྱི་དབང་
བསྐུར་བ་སྟེ་ཉམས་སུ་མྱོང་བ་ནི་སྔ་མ་དང་འདྲའོ། །ཡང་ཕྱག་རྒྱ་ཆེན་པོ་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །དབང་བསྐུར་བ་ནི་དེ་བསྟེན་པའི་ཐབས་ཆགས་པ་དང་ཆགས་བྲལ་ལྟ་བུའི་ཚུལ་ལོ། །ཤེས་པའི་བདེ་བ་ཆེ་ནི་གཉིས་སུ་མེད་པའི་ཤེས་པ་འབའ་ཞིག་གོ། །བྱིན་གྱིས་བརླབས་
ནི་སྣང་བ་བྱིན་གྱིས་རློབ་པའོ། །གཞན་ལས་ནི་གཉུག་མའི་དབང་པོ་མ་སྨིན་པ་ལས་སོ། །དཀྱིལ་འཁོར་འབྱུང་བ་མེད་ན་སྒོ་གསུམ་ནུས་པ་མེད་པས་རྐང་པ་ཉེད་པ་དང་དཀྱིལ་འཁོར་མེད་པ་དང་། དེས་མཚོན་ནས་ཕྱག་རྒྱ་དང་སྔགས་ཀྱང་མེད་པ་སྟེ་ཡང་དག་པའི་བརྟུལ་ཞུགས་དང་མི་
ལྡན་པ་ཞེས་བྱ་བ་ནི་ཐ་ཚིག་གོ། །ད་ནི་དེའི་རྒྱུ་མཚན་རང་སྣང་བའི་མན་ངག་བསྟན་པ་ནི་གོ་སླའོ། །བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་རྟེན་གྱི་དཀྱིལ་འཁོར་མཚོན་ཏེ། །བདེ་བ་ཆེན་པོ་ཁ་དོག་རྣམ་པ་ལྔས་མཚོན་པའོ། །ཡང་བསྟེན་པའི་དཀྱིལ་འཁོར་མཚོན་ཏེ།
ནག་པོ་ནི་རྡོ་རྗེ་འཆང་། སེར་པོ་ནི་རིན་ཆེན་འབྱུང་ལྡན། དམར་པོ་སྣང་བ་མཐའ་ཡས། དཀར་པོ་རྣམ་པར་སྣང་མཛད། ལྗང་གུ་དོན་ཡོད་གྲུབ་པ། །སྔོན་པོ་མི་བསྐྱོད་པ་མཚོན་པའོ། །དེ་བཞིན་དུ་རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་བདེ་བས་མཚོན་པའོ། །
เล่ม ๕ · หน้า 294a
དེ་ཡང་། །རྡོ་རྗེ་སེམས་དཔའ་བདེ། །ཞེས་པ་ལ་གོ་བཟློག་སྟེ། སྣང་བ་བདེ་བ་ཆེན་པོ་ཉིད་དུ་རྡོ་རྗེ་སེམས་དཔའ་བརྗོད་དོ། །དེ་ནས་བདེ་བ་ཆེན་པོ་ལ་ཐེ་ཚོམ་དྲི་བའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་ནི་དབང་ལས་ཐོབ་ཅིང་
དཀྱིལ་འཁོར་དུ་གནས་པའི་བདེ་ཆེན་ནོ། །སཏྭ་སུ་ཁ་སྟེ་དམ་པའམ་དེའི་བདེ་བ་ནི་རྫོགས་རིམ་གྱི་བདེ་ཆེན་ནོ། །དེ་ནས་བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ་དུ་འབྲེལ་ཅིའི་ཕྱིར་ཞེ་ན། རྫོགས་པ་བསྒོམ་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་ལན་དུའོ། །ཨེ་མ་ནི་
ཨ་ཧོ་སྟེ་དེ་ལྟར་ཡིན་ནའང་ངོ་མཚར་བའོ། །བྱང་ཆུབ་སེམས་དཔའི་ཆེ་བ་ནི་གུས་པའི་ཚུལ་དུ་བོད་པའོ། །འདི་ནི་ཞེས་པ་ནི་འདི་ལ་སྟེ་རྫོགས་རིམ་ལའོ། །དད་པའི་ཤུགས་ཀྱིས་ཉམས་པ་ནི་རྫོགས་རིམ་ཉིད་ཉམས་པའོ། །ཅིའི་ཕྱིར་ཞེ་ན་ལུས་ཀྱི་དངོས་མེད་ནི་བསྐྱེད་རིམ་གྱིས་རྣམ་པ་
གསལ་བ་དང་བཅས་པའི་ལུས་སོ། །གང་ལས་བདེ་ནི་ལྔ་པ་ཡིན་ཡང་བདུན་པའི་དོན་ཏེ། དེ་ནས་རྟེན་མེད་པའི་ཕྱིར་བརྟེན་པའི་བདེ་བ་སྨྲ་བར་མི་ནུས་པའོ། །ཁྱབ་བྱ་ཁྱབ་བྱེད་ཚུལ་ནི་ཕན་ཚུན་དུའོ། །བདེ་བས་འགྲོ་བ་ཁྱབ་པ་ནི་གསུམ་དང་གཉིས་པ་ཡིན་པས་འགྲོ་བ་ཡང་བདེ་བ་ཁྱབ་པ་ཉིད་
དོ། །ཇི་ལྟར་ནི་དཔེའོ། །མེ་ཏོག་ནི་རྟེན་ནོ། །དྲི་ནི་བརྟེན་པའོ། །མེ་ཏོག་དངོས་མེད་ནི་བརྟེན་པའི་ཕྱིར་རོ། །ཤེས་མི་འགྱུར་ནི་བརྟེན་པ་འདྲི་མི་ཤེས་པའོ། །དེ་བཞིན་ནི་དཔེ་ལས་འབྱུང་བའོ། །གཟུགས་ལ་སོགས་པ་དངོས་མེད་ནི་རྟེན་མེད་པའི་ཕྱིར་རོ། །བདེ་བ་ཉིད་ཀྱང་མི་དམིགས་པ་
ནི་རྟེན་དམིགས་ཞེས་པའོ། །རྫོགས་རིམ་ལ་རྟེན་མེད་པ་ནི་ཐབས་ལ་བདེ་བ་མི་འབྱུང་བ་བསྟན་ནས་མི་རྟོག་པར་མི་འབྱུང་བར་བསྟན་པའི་ཕྱིར། དངོས་པོ་ནི་སྐྱེ་བའམ་ཆགས་པའོ། །ད་ནི་བདག་ཏུ་མི་དམིགས་པའམ་མི་རྟོག་པའོ། །དངོས་པོ་མེད་པ་བསྡུ་བའམ་ཐིམ་པའོ། །ད་ནི་ཡང་མི་རྟོག་པའོ། །ཅིའི་ཕྱིར་ཞེ་ན། དངོས་
པོ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་བདེ་བ་དེ་དག་ནི་རྨི་ལམ་ལྟར་རྟོགས་པའི་ཕྱིར་བུདྡྷ་རྟོགས་པ་འམ་སངས་རྒྱས་ཡིན་ལ། ད་སྟེ་མི་རྟོག་པ་རྟོགས་པའོ། །དེ་བཞིན་དུ་དངོས་པོ་མེད་པར་ཡང་ལྷག་མ་སྟེ་ཁོད་ནས་དྲང་ངོ་། །དེས་ནི་འདི་སྐད་འཆད་པར་འགྱུར་ཏེ། བསྐྱེད་རིམ་དངོས་པོ་ལ་དངོས་པོ་
เล่ม ๕ · หน้า 294b
མེད་པ་བརྟེན་པའི་བདེ་བ་མི་འབྱུང་ལ། དེ་ལྷན་ཅིག་ཚོལ་བའི་མི་རྟོག་པ་དང་རྟོག་པ་གསལ་བ་ཡང་མི་འབྱུང་བའོ། །དེའི་ཕྱིར་གང་ཞིག་དམ་པ་སུ་ཞིག་གོ། །ལེ་ལོས་བསྣུན་པའམ་བཅོས་མ་ནི་རྟེན་གྱི་ཆོས་ལ་དགའ་བ་སེམས་པའོ། །རྨོངས་པ་ནི་རྟེན་པའི་ཆོས་སུམ་ཤེས་པའོ། །
ད་མི་ཤེས་པ་ནི་རྟོག་པ་མེད་པས་སངས་རྒྱས་མ་ཡིན་པའོ། །དེ་ཡང་སྐྱེད་པ་ལྷའི་རྣམ་པས་ཆོག་པས་ལུས་ཅི་དགོས་ཤེ་ན། དེའི་ཕྱིར་གཉུག་མའི་ལུས་བསྟན་པ་ནི། བཙུན་མོ་བྷ་ག་བདེ་ཆེན་དུ། །ཞེས་བྱ་བ་ལ་སོགས་པ་སྟེ་དེ་ཡང་བཤད་ཚུལ་སོ་སོར་སྦྱར་ཏེ། སྔོན་དུ་འགྲོ་བའི་
ཆོ་ག་རྣམས་སྔ་མ་བཞིན་བྱས་ལ། ཨེའི་རྣམ་པའི་ཆ་བྱད་ཅེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་གཞལ་ཡས་ཁང་གི་རྣམ་པ་དང་བཅས་པར་བསྒོམ། སངས་རྒྱས་རིན་ཆེན་ཟ་མ་ཏོག་ནི་རྒྱུའི་རྡོ་རྗེ་འཆང་བ་དང་། འབྲས་བུའི་ཧེ་རུ་ཀར་གྱུར་པ་དང་། འཁོར་བསྐྱེད་པ་དང་སེམས་དཔའ་
སུམ་བརྩེགས་བསྒོམ་པ་སྟེ། ཟ་མ་ཏོག་ཅེས་བྱ་སྟེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །བདེ་བ་ཅན་དུ་གནས་སམ་བཞུགས། །ཞེས་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནས་བཟླས་པའི་མཐར་ཐུག་པའི་བར་དུ་བསྐྱེད་པའི་རིམ་པ་ལྟར་སྦྱར་རོ། །ཡང་རྡོ་རྗེ་བཙུན་མོ་ནི་གཟུགས་
དང་ལང་ཚོ་ལ་སོགས་པ་དང་ལྡན་པའོ། །བྷ་ག་ནི་བྱ་རོག་གི་གདོང་ཅན་ཏེ་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པའི་ཕྱིར་རོ། །ཨེའི་རྣམ་པའི་ཆ་བྱད་གཟུགས་ནི་གསང་བའི་གནས་ཀྱི་སྤྱིའོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ནི་དེ་དང་འབྲེལ་བའི་ཐབས་ཀྱི་གནས་སོ། །བདེ་བ་ཅན་ནི་ཞུ་བ་དེའོ། །
རྟག་ཏུ་གནས་བཞུགས་ནི་གནས་གཉིས་དང་འབྲེལ་ལོ། །དེ་དག་གཞན་ལུས་ཤེས་རབ་ལ་བརྟེན་པའོ། །ཡང་རྡོ་རྗེ་བཙུན་མོ་ནི་རྡོ་རྗེ་ལུས་ཀྱི་རྩའོ། །བྷ་ག་ནི་ཡེ་ཤེས་སོ། །ཨེའི་རྣམ་པ་ནི་སྐྱེ་གནས་སོ། །སངས་རྒྱས་རིན་ཆེན་ནི་བདེ་ཆེན་ནོ། །ཟ་མ་ཏོག་ནི་སྣོད་ཡིན་པས་ཟ་མ་
ཏོག་དང་འདྲའོ། །བདེ་བ་ཅན་ནི་ཞུ་བ་དེའོ། །རྟག་ཏུ་ཞུགས་སམ་གནས་པ་ནི་བྱོན་ཏེ་གནས་པའོ། །དེ་ནི་རང་ལུས་ཐབས་ལ་བརྟེན་པའོ། །ཡང་རྡོ་རྗེ་བཙུན་མོ་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །བྷ་གར་ནི་གནས་བཟང་པོ་དེར་འཇུག་པ་དང་ལྡོག་པའོ། །ཨེའི་རྣམ་པ་ནི་སའི་དཀྱིལ་
เล่ม ๕ · หน้า 295a
དུ་ཟུག་པའོ། །སངས་རྒྱས་རིན་ཆེན་ནི་ནམ་མཁའི་དཀྱིལ་དུ་ཟུག་པའོ། །ཟ་མ་ཏོག་ནི་གོང་དང་འདྲའོ། །བདེ་བ་ཅན་ནི་གཉུག་མའི་དབང་པོ་ཞུ་བ་དང་བཅས་པའོ། །རྟག་ཏུ་ཞུགས་སམ་གནས་པ་ནི་ཡེ་ཤེས་ཆེན་པོ་འབའ་ཞིག་གོ། །དེ་དག་ནི་གཉིས་སུ་
མེད་པའི་ཕྱག་རྒྱ་ཆེན་པོའོ། །དེ་བཤད་པའི་ཕྱིར་བཙུན་མོའི་བྷ་གར་འབྲེལ་ལོ། །དེ་ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །དེའི་ཚེ་ཆེ་བ་བསྟན་པ་ནི་འཆད་པ་པོ་ང་ནི་ཞུ་བ་སྟོན་པ་ཡིན་པས་སོ། །ཆོས་ང་ནི་བདེ་བ་སྟོན་པས་སོ། །ཉན་པ་ང་ནི་རྟོག་པ་གསལ་བ་འབྱུང་བའོ། །
འཇིག་རྟེན་པ་ནི་ལུས་ལ་གནས་པའོ། །བསྒྲུབ་བྱ་ང་ནི་སེམས་པ་ལ་གནས་པའོ། །འཇིག་རྟེན་ང་ནི་ཀུན་རྫོབ་ལྷན་སྐྱེས་སོ། །འཇིག་རྟེན་འདས་པ་ང་ནི་དོན་དམ་ལྷན་སྐྱེས་སོ། །གོ་རིམས་ཟློག་སྟེ་ངའི་རང་བཞིན་ཅི་ཞེ་ན། ལྷན་ཅིག་སྐྱེས་དགའ་ཞེས་པའོ། །དེ་ཇི་ལྟར་ཤེས་པར་
བྱ་ཞེ་ན། །མཆོག་དགའ་དགའ་བྲལ་དང་པོ་ནི་གསུམ་པའམ་ཁྱད་པར་ཏེ་ཀུན་རྫོབ་དང་དོན་དམ་མོ། །དེའི་དཔེ་ཡང་བདུན་པ་ནི་གོ་རིམས་དང་ཁྱད་པར་མ་ཤེས་པའོ། །མར་མེ་ལྟར་ནི་གསུམ་གྱི་བར་དུ་མཚོན་པའམ་གསུམ་ལ་ཁྱད་པར་མཚོན་པའོ། །དེ་ལྟ་མོད་ཀྱིའམ་དེ་བཞིན་
དུ་ནི་ལྷན་སྐྱེས་ལ་མཚོན་དུ་མེད་ཀྱིའམ། དཔེ་དང་མཐུན་པར་རོ། །བུ་ནི་རྡོ་རྗེ་སྙིང་པོ་སྟེ་རྟོགས་པར་འདོད་པ་ཀུན་ནོ། །ཡིད་ཅེས་ནི་པྲ་ཏ་ཡ་སྟེ། རྐྱེན་ནམ་མངོན་དུ་བྱེད་པའོ། །ད་ནི་དེ་དག་སྔར་གྱི་དྲིས་པའི་ལན་དུ་བསྡུས་པའི་ཕྱིར་རོ། །དེ་མེད་པས་ནི་འབྲེལ་ཏེ། དེ་མེད་པའམ་མ་
རྟོགས་པ་ནི་ལུས་སོ། །བདེ་མེད་འགྱུར་ནི་ཞུ་བ་དེའོ། །དེ་མེད་ན་ཞུ་བདེ་མེད་ནའོ། །དེ་ཡོད་མིན་ནི་མི་རྟོག་པ་གསལ་བའོ། །ཅིའི་ཕྱིར་ཞེ་ན། ནུས་པ་མེད་ཕྱིར་ཞེས་པ་ནི་ཀུན་ཤེས་པའོ། །ལྟོས་དང་བཅས་ནི་བརྟེན་པ་དག་ལའོ། །འོ་ན་ལས་ཀྱིས་ཆོག་མོད་ལྷ་བསྐྱེད་པ་ཅི་དགོས་ཤེ་ན། དེའི་
ཕྱིར་ལྷའི་རྣལ་འབྱོར་ལས་ཞེས་པ་ནི་ལྷ་རུ་བྱས་པ་ལས་སོ། །དེ་ནས་དེ་ཉིད་དུ་འབྲེལ་ཏེ་དེའི་ཕྱིར་རོ། །དངོས་མེད་ཚུལ་མིན་ལུས་ལྷར་བྱས་པའི་ཕྱིར་རོ། །དེ་ནས་བདེ་བར་འབྲེལ་ཏེ་དེ་བས་སམ་དེའི་ཕྱིར་ན་སེམས་ཀྱི་ཆོས་བདེ་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་ནི་རྟོགས་པའོ། །དངོས་པོ་
เล่ม ๕ · หน้า 295b
མིན་ནི་བེམས་པོའོ། །དེས་ནི་འདི་སྐད་བསྟན་ཏོ། །ལུས་དང་ལྷ་དང་བདེ་བ་མི་རྟོག་གསལ་ལ་དབྱེར་མེད་བསྟན་ཏོ། །དེ་བསྟན་པའི་ཕྱིར་ཞལ་ཕྱག་རྣམ་པའི་གཟུགས་ནི་གཟུགས་ཐ་མལ་པར་བསྒྱུར་བའོ། །དེ་ནས་ལྷའི་རྣམ་པར་འབྲེལ་ཏེ། དེའི་གཟུགས་ནི་ཇི་ལྟར་འགྱུར་བའོ། །བཞིན་
ལག་ཁ་དོག་ནི་འདི་ལྟར་གནས་པའོ། །འོ་ན་བསྐྱེད་མི་དགོས་པས་བསྐྱེད་རིམ་མ་ཡིན་ནོ་ཞེ་ན་དེའི་ཕྱིར་བསྐྱེད་ཙམ་ཉིད་ན་ཞེས་བྱ་བ་ནི་ལུས་ལྷར་བྱས་པ་ཙམ་མོ། །ཡང་གནས་ནི་དེ་ཡང་ལུས་རྫོགས་པའི་རིམ་པའོ། །དེ་ནས་མཆོག་ཏུ་བདེ་བར་འབྲེལ་ཏེ་གཟུགས་མེད་པ་ནི་སེམས་སོ། །དེའི་
ཕྱིར་ནི་ཆོས་ཉིད་བདེ་བ་ཡིན་པས་སོ། །འགྲོ་ཀུན་ནི་སེམས་ཅན་ཀུན་ནོ། །ལྷན་ཅིག་སྐྱེས་པ་ནི་དབྱེར་མེད་པའི་བདེ་བའོ། །དེའི་ཕྱིར་རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད་དོ། །རྣམ་དག་སེམས་ནི་དགའ་བའོ། །རང་བཞིན་མྱ་ངན་ལས་འདས་པ་ནི་རྟོག་པ་སྟེ་སངས་རྒྱས་ཁོ་ནའོ། །དེས་ནི་འདི་
སྐད་སྟོན་ཏེ་ལུས་སེམས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསྟན་ཏོ། །དེའི་ཕྱིར་འོན་ཀྱང་ཞེས་པ་ནི་ལྷན་ཅིག་སྐྱེས་པ་དེ་ལྟར་མིན་ཡང་ཞེས་པའོ། །བག་ཆགས་ཕལ་པ་ནི་སྤྲིན་དང་ཁུ་རླངས་ལྟ་བུར་གློ་བུར་དུ་མངོན་པར་ཞེན་པའོ། །ད་ནི་སྤང་བའི་ཚུལ་ཉམས་སུ་བླང་བའི་ཐབས་བསྟན་པའི་
ཕྱིར། །དུག་གི་དུམ་བུ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ལྟ་བ་ཤེས་རབ་ཀྱིས་སྤྲོ་བ་དང་མཚན་མས་སྤྲོས་པའི་དཔེ་སྟེ་དེ་ཡང་མུ་སྟེགས་སུ་འབྲེལ། དེ་ཡང་རྟག་ཆད་ཀྱི་སྤྲོས་པ་དུག་གི་དེ་ཉིད་ཤེས་པ་མི་གནོད་ལ་མ་ཤེས་ན་གནོད་པ་སྟེ། དེའི་ཕྱིར་མུ་སྟེགས་ཀྱིས་མི་ཤེས་པའོ། །ཇི་ལྟར་
རླུང་གིས་ཟིན་པ་ཞེས་པ་ནི་དབྱེར་མེད་སྤྱོད་པས་སྤྲོས་པའི་དཔེ་སྟེ། མི་གཙང་བ་དང་མི་དགེ་བས་ཟིན་པའོ། །མོན་སྲན་སྟེར་བ་ནི་མི་གཙང་བ་དང་མི་དགེ་བ་ལ་སྤྱོད་དུ་འཇུག་པ་སྟེ་བཟློག་པའི་སྨན་གཉེན་པོའི་སྨན་ཡིན་པས་སོ། །རླུང་གིས་རླུང་ལ་བསྣུན་པ་ནི་མི་མཐུན་པ་ལ་སྤྱོད་པས་མི་མཐུན་པ་
ལྡོག་པའོ། །དེ་ནས་སངས་རྒྱས་སུ་འབྲེལ་ཏེ་སངས་རྒྱས་པའི་ཉན་ཐོས་པ་དང་རང་རྒྱལ་གྱིས་མི་ཤེས་པའོ། །རྣམ་རྟོག་ལས་ནི་ཞེས་པ་ནི་དབྱེར་མེད་འབྲས་བུ་སྤོང་བ་སྟེ་དེ་ཡང་རྣམ་རྟོག་སྤོང་བ་སྟེ། སྲིད་པས་སྲིད་པ་དག་པའི་ཕྱིར་རོ། །རྟོག་པ་དང་བརྟགས་པས་མྱ་ངན་ལས་འདས་
เล่ม ๕ · หน้า 296a
པ་ཆེན་པོ་ཐོབ་པའོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ་འཁོར་བར་ཞུགས་པའི་དཔེའོ། །ཆུ་གཞན་གྱིས་དགུག་པ་ནི་འཁོར་བ་ཉིད་འབྲས་བུར་གྱུར་པའི་དཔེའོ། །དེ་བཞིན་དངོས་པོའི་རྣམ་རྟོག་ནི་དཔེ་ལས་བྱུང་བ་སྟེ། བརྟགས་པ་འཁོར་བ་སྤང་ངོ་། །
རྣམ་པར་ངེས་པར་སྤོང་བར་བྱ་བ་ནི་འབྲས་བུ་ངེས་པར་འགྱུར་བ་ལ་མཁས་པའོ། །ཡང་སངས་རྒྱས་སུ་འབྲེལ་ན་ནི་བསྐལ་པ་དུ་མར་སྦྱོང་བས་མི་ཤེས་སོ། །ཇི་ལྟར་མི་ཤེས་པ་ནི་ཉོན་མོངས་ཐམས་ཅད་སྒོམ་པས་སྤོང་བ་སྟེ། མེ་ཡིས་ཡང་ནི་གདུང་བ་སྟེ་ནི་རིམ་གྱིས་བསྲུང་བའི་ཐབས་སོ། །
དེ་བཞིན་འདོད་ཆགས་ནི་དཔེ་ལས་འབྱུང་བའོ། །འདོད་ཆགས་འདུལ་བ་ནི་རིམ་གྱིས་དལ་བུས་ཞུ་བ་དེ་ཆགས་པའི་ཆ་རྟོགས་པའི་མན་ངག་གོ། །སངས་རྒྱས་པས་མི་ཤེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ཀྱིས་སོ། །ད་ནི་བསྡུས་ཏེ་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། སྐྱེ་
བོ་མི་བཟང་པའི་ལས་ནི་བླ་མ་འཕགས་པ་དང་འདྲ་བའི་ཆོས་མ་ཐོབ་པས་སོ། །གང་དང་གང་གི་སྤྱིར་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་སོ། །འཆིང་འགྱུར་ནི་གནོད་པའོ། །ཐབས་ནི་རྗེས་སུ་བརྒྱུད་པའི་ཚུལ་ལོ། །དེ་ཉིད་ལས་དང་ཉོན་མོངས་པའོ། །ཡང་ན་ལྟ་བ་ལ་སོགས་
པའི་དེ་ཉིད་དོ། །སྲིད་པའི་འཆིང་བ་ནི་འཁོར་བར་སྐྱེ་བའི་རྒྱུའོ། །གྲོལ་བ་ནི་དེའི་ནུས་པ་འཇོམས་པའོ། །ཡང་ན་ཐབས་ནི་བསྒོམ་པའོ། །བཅས་པ་ནི་ལྟ་བའོ། །དེ་ཉིད་ནི་སྤྱོད་པའོ། །སྲིད་པ་ནི་འཆིང་བ་ལས་གྲོལ་བའོ། །དེ་དག་གིས་སྤྱིར་བསྟན་ནས་སྒོམ་པ་ཁྱད་པར་དུ་བསྟན་
པའི་ཕྱིར། ཆགས་པ་ཞེས་པ་ནི་ཐ་མལ་པའོ། །འཇིག་རྟེན་འཆིང་བ་ནི་ལོ་ཀ་སྟེ། ཕྱི་མ་ལ་གནོད་ཅེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་ཉིད་རྗེས་སུ་ཆགས་པའི་སྒོམ་པའོ། །རྣམ་གྲོལ་ནི་དེ་ཁོ་ན་ཉིད་ལ་མོས་པ་ཙམ་ནི་མ་ཡིན་གྱི། ལྷན་ཅིག་སྐྱེས་པའི་རང་གི་མཚན་ཉིད་སྐྱེ་བའི་
ཕྱིར་རོ། །བཟློག་པའི་སྒོམ་པ་ཉིད་ནི་མཚོན་པ་སྟེ། སྒོམ་པ་དང་སྤྱོད་པ་ལ་བརྗོད་དུ་ཟིན་ཀྱང་ལྟ་བ་དང་འབྲས་བུ་ལ་ཡང་ངོ་། །ད་ནི་འབྲས་བུ་བསྟན་པའི་ཕྱིར། ཀུན་དུ་རུ་ལས་ཞེས་པ་སྟེ། དགའ་བ་ཆེན་པོ་གཅིག་ཉིད་ནི་ཞུ་བ་ཞེས་པའོ། །ཚིགས་སུ་བཅད་པ་གཅིག་སྟེ་གོ་སླའོ། །དེའི་
เล่ม ๕ · หน้า 296b
བཤད་པ་ཡང་ཚིགས་སུ་བཅད་པ་ལྔ་སྟེ་གོ་སླའོ། །ལུས་ལྷན་ཅིག་སྐྱེས་པའི་འབྲས་བུར་བསྟན་ནས་སེམས་བསྟན་པའི་ཕྱིར། སེམས་ནི་ཆེན་པོ་ཉིད་ནི་སྔར་གྱི་དགའ་བ་ཆེན་པོ་སྟེ། དེ་ནས་བདེ་ཆེན་མཆོག་ཏུ་ཡང་འབྲེལ་ལོ། །འདོད་ཆགས་ལ་སོགས་སེམས་ལྔ་ནི་ཉོན་
མོངས་པའི་གནས་སྐབས་སོ། །དབྱེ་བ་ནི་ཆེ་ལོང་དུ་དབྱེ་བས་སོ། །ལྔ་རུ་འགྲོ་བ་ནི་ཡེ་ཤེས་ལྔར་འགྲོ་བ་དང་། དེས་རིགས་ལྔར་ཡང་འགྱུར་བའོ། །དེ་དག་ཅིས་ཤེ་ན། དེ་ནས་ལྔའི་གཟུགས་སུ་འབྲེལ་ལོ། །ལྔའི་གཟུགས་ཀྱིས་ནི་འབྱུང་བ་ལྔའོ། །རྣམ་པར་མཚོན་ནས་
བརྟགས་ནི་སེམས་ལ་ཡང་ངོ་། །རིགས་ནི་ལྔའོ། །དེ་ཉིད་ལས་འབྱུང་བ་ལྔ་དང་ཡེ་ཤེས་ལྔ་ལས་གྱུར་པའོ། །དེ་དག་ལས་དབྱེ་བ་ནི་དེའི་ཕྱིར་རང་བཞིན་ནི་དེ་བཞིན་གཤེགས་པའི་རིགས་སུ་འབྲེལ་ལོ། །དེ་ལས་དུ་མ་ནི་རིགས་རྣམ་པ་བརྒྱ་ཞེས་པའོ། །ད་ལ་སྟོང་ཕྲག་ཏུ་མ་སྐྱེས་
ཞེས་པ་ནི་དེ་ལས་ཁྲིར་འགྱུར་བ་ནི་ལྷག་མའོ། །དེ་ལས་འབུམ་ཕྲག་རིགས་ཆེན་ནི་ཞེས་པའོ། །དེ་ལ་དབྱེ་བའི་རིགས་ཞེས་པའོ། །དེ་གཞན་དག་ནི་ལྷག་མའོ། །དེ་ལས་གང་གཱ་ཀླུང་བཅུའི་བྱེ་མ་ཞེས་པའོ། །དེ་ལས་རིགས་ནི་གྲངས་མེད་དོ་ཞེས་པའོ། །དེ་ལྟར་ན་དེ་ཀུན་ཀྱང་
མཆོག་ཏུ་དགའ་བ་སྟེ་ལྷན་ཅིག་སྐྱེས་པ་ཉིད་དབྱེར་མེད་པའོ། །རིགས་ལས་བྱུང་ནི་སྒྱུའམ་རང་བཞིན་ནོ། །དགྱེས་པའི་རྡོ་རྗེ་ནི་རྒྱུད་སྤྱིའམ་ཧེ་རུ་ཀའོ། །མཁའ་འགྲོ་མ་ནི་བདག་མེད་མ་ལ་སོགས་པའོ། །དྲ་བ་ནི་དེ་དག་གིས་ཞུས་པའམ་དེ་དག་གི་དོན་དུ་གསུངས་པར་འབྲེལ་བའོ། །སྡོམ་པ་ནི་
སྙོམས་འཇུག་གམ་བདེ་མཆོག་སྡོམ་པའོ། །དངོས་གྲུབ་གཏན་ལ་འབེབས་པ་ནི་ལམ་གཉིས་ཀྱིས་ཇི་ལྟར་མཐོང་བའམ་དབྱེར་མེད་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པའོ། །བརྟག་པ་གཉིས་པའི་ལེའུ་གཉིས་པའོ།། །།དེ་ནས་ནི་དེའི་རྗེས་སུའོ། །རྡོ་རྗེ་ཅན་ནི་ཧེ་རུ་ཀའོ། །རྣལ་འབྱོར་
མ་རྣམས་ནི་བདག་མེད་མ་ལ་སོགས་པའོ། །རྒྱུད་ཀུན་གྱི་གླེང་གཞི་ནི་ཨེ་ཝཾ་མོ། །ཐབས་ནི་དབང་ལ་སོགས་པའོ། །བཀའ་སྩལ་པ་ནི་མ་ཞུས་པར་གནང་བ་སྦྱིན་པའོ། །དེ་ཡང་གླེང་གཞི་ནི་ཅི་ཞེ་ན། སྡོམ་པ་དང་ཞེས་པ་སྟེ་བདེ་མཆོག་གོ། །དེའི་གནས་ཨེ་ཝཾ་སྟེ་གླེང་གཞིའོ། །དབང་ལ་
เล่ม ๕ · หน้า 297a
སོགས་པ་ནི་ཐབས་ཏེ་གོང་མའི་བཀའ་སྩལ་པ་དང་འབྲེལ་ཏོ། །ལེའུ་འདིས་ནི་ལེའུ་དང་པོའི་གླེང་གཞི་གཏན་ལ་འབེབས་ཏེ། ཆོས་ཐམས་ཅད་དགྱེས་པའི་རྡོ་རྗེར་སྟོན་ལ་དེ་ཡང་བརྟག་པ་དང་པོར་བསྡུས་ཏེ། དེ་ཡང་རྡོ་རྗེ་རིགས་ཀྱི་ལེའུ་མདོ་རུ་བསྡུས་ཏེ། དེ་ཡང་གླེང་
གཞིའི་ཡི་གེ་སུམ་ཅུ་རྩ་བདུན་ནམ་ཡི་གེ་བཞི་བཅུར་བསྡུས། དེ་ཡང་ཡི་གེ་བཞི་དང་ཨེ་ཝཾ་ཡི་གེ་གཉིས་སུ་བསྡུས་ཏེ་བསྟན་པ་དེ་ཤེས་པར་བྱེད་དེ། སྡོམ་པ་ནི་ཨེ་ཝཾ་སྟེ་ཆོས་ཐམས་ཅད་ཐབས་དང་ཤེས་རབ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྡོམ་ལ། གང་གིས་སྡོམ་ན་མ་ཡཱ་སྟེ་དབང་
རྣམ་པ་བཞིའི་ཚུལ་གྱིས་སྡོམ་སྟེ། ཨཱཏྨ་སྟེ་རྟོགས་པར་བྱེད་དོ། །སྲུ་ཏ་སྟེ་དགོངས་པའི་སྐད་ཀྱིས་ཏེ། ངག་བརྡ་དང་ལུས་བརྡ་ཨེ་ཀ་སྨིན་ས་མ་ཡ་སྟེ། སྐད་ཅིག་མ་དང་དགའ་བ་བཞིའི་རྟོག་པ་སྐྱེ་ལ། ས་མ་ཡ་སྟེ་དེ་དག་གི་དུས་སུ་བཟའ་བ་ཚོགས་ཀྱི་འཁོར་ལོ་དང་། མཆོད་པ་
དང་བྱ་བའི་རིམ་པ་རྣམས་ལག་ལེན་དུ་འབྲེལ་ལོ། །བསྟན་པ་དེ་བཤད་པའི་ཕྱིར་སྡོམ་པ་བཀའ་སྩལ་ཞེས་པ་ནི་རྟེན་དང་བཅས་པའོ། །དེ་ཡང་སངས་རྒྱས་ཀུན་གྱི་སྡོམ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྡོམ་པའོ། །ཨེ་ཝཾ་ཡི་གེར་རབ་ཏུ་གནས་ནི་ལས་ཀྱི་ཕྱག་རྒྱ་དང་བཅས་པའི་
གསང་བའི་གནས་སོ། །ཨེ་ཝཾ་རྣམ་པའི་ཚུལ་གཅིག་ནི་བདེ་ཆེན་ཉི་ཟླ་འདྲེས་པའི་བདེ་ཆེན་ནོ། །དེ་ནི་གཞན་ལུས་ལ་བརྟེན་པའོ། །ཡང་ཨེ་ཝཾ་ནི་སྐྱེ་གནས་དང་སྤྱི་བོ་སྟེ་རྟེན་ནོ། །བདེ་ཆེན་ནི་རྒྱུན་མི་འཆད་པར་ཞུ་བ་དང་བཅས་པ་སྟེ་བརྟེན་པའོ། །དེ་ནི་རང་ལུས་ཐབས་སོ། །ཡང་ཨེ་ཝཾ་
ཡི་གེར་རབ་ཏུ་གནས་ནི་ནམ་མཁའི་དཀྱིལ་དུ་ཟུག་པའི་ཕྱག་རྒྱ་ཆེན་པོ་སྟེ་རྟེན་ནོ། །བདེ་ཆེན་ནི་ལྷན་ཅིག་པ་འབའ་ཞིག་སྟེ་བརྟེན་པའོ། །དེ་དག་ནི་སྡོམ་པ་བཤད་ནས་ཐབས་བསྟན་པའི་ཕྱིར། དབང་ལས་ཡང་དག་ཤེས་པ་ནི་དགོངས་པའི་སྐད་ལ་སོགས་པ་ཡང་མཚོན་སྟེ་ཡང་དག་ཤེས་
པའོ། །དེ་ལ་དབང་ནི་ཕྱི་རོལ་གྱི་སྙོམས་འཇུག་གཞན་ལུས་ལ་བརྟེན་པ་དང་། ནང་གི་སྙོམས་འཇུག་རང་ལུས་ལ་བརྟེན་པ་དང་། ཕྱག་རྒྱ་ཆེན་པོ་གཉིས་མེད་ཀྱི་དབང་ངོ་། །ད་ནི་མཁའ་འགྲོ་མའི་སྡོམ་པ་དེ་ཨེ་ཝཾ་དུ་བྲིས་པ་དེ་ལ་སོགས་པ་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
เล่ม ๕ · หน้า 297b
པ་ཞེས་པ་ནི་ལན་ནོ། །ཨེའི་ཆ་བྱད་ལ་སོགས་པའི་མཁའ་འགྲོ་མའི་སྡོམ་པ་ནི་བདེ་ཆེན་ཡིན་ལ། དེ་སྡོམ་པ་ནི་གླེང་གཞི་ཨེ་ཝཾ་ཡིན་ཏེ། དེ་དག་གི་བཤད་པ་ཡང་གཞན་ལུས་ཤེས་རབ་ལ་བརྟེན་པ་ལ་སོགས་པ་སྔ་མ་ལྟར་རོ། །ད་ནི་ཐབས་བསྟན་པའི་གོ་རིམས་བཟློག་སྟེ། སྐད་ཅིག་ལ་
བསྟན་པ་ཡང་སྐད་ཅིག་དབྱེ་བ་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པ་རྣམས་སོ། །དབྱེ་བ་ཉིད་ནི་དགའ་བ་རྣམས་སོ། །དགའ་བ་བདེ་ལས་སྐྱེས་ཞེས་པ་ནི་དེའི་ཕྱིར་རོ། །སྐད་ཅིག་ཤེས་ནས་ཞེས་པ་ནི་སྤོང་བའི་རིམ་པའོ། །བདེ་ཞེས་པ་ནི་ཐོབ་པའི་རིམ་པའོ། །དེ་དག་ནི་གང་གིས་སྡོམ་
པ། །ཨེ་ཝཾ་ཡི་གེར་རབ་ཏུ་སྡོམ་པའོ། །རབ་ཏུ་གནས་པ་ནི་བདེ་བ་ཆེན་པོ་རོ་གཅིག་པའོ། །བདེ་བ་མཆོག་ཏུ་སྡོམ་པའོ། །ད་ནི་རྣམ་པ་སྣ་ཚོགས་ལ་སོགས་པ་ནི་གྲངས་དང་མཚན་ཉིད་དང་སྦྱར་ཏེ། འཁྱུད་དང་འོ་བྱེད་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ལས་ཀྱི་ཕྱག་རྒྱའི་དགའ་
བ་རྣམ་པ་བཞི་ནི་སློབ་དཔོན་ཁ་ཅིག་གསང་གནས་ཀྱི་ཁྱད་པར་རྡོ་རྗེའི་ནོར་བུའི་རྩ་བ་དང་། རྐེད་པ་དང་། བུམ་པར་ཐིག་ལེར་གནས་པ་ལ་འཆད་དོ། །ཁ་ཅིག་ནི་གཉིས་རྡོ་རྗེ་ནོར་བུའི་ཆ་ལ་གནས་གཉིས། པདྨའི་ཆ་ལ་གནས་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་བརྩིས་ནས་དེའི་རྗེས་ལ་
དགའ་བྲལ་འདོད་དོ། །དགོངས་པ་ནི་འདི་ཡིན་ཏེ། འོ་དང་འཁྱུད་པ་ལ་སོགས་པའི་ཀར་ནའི་བྱེ་བྲག་སྣ་ཚོགས་པ་ལ་རྟོག་པ་འདྲེས་མ་ནི་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་ཅེས་བྱ་སྟེ། དེའི་རྣམ་པར་འཆད་པ་ལ་ཡོངས་སུ་གཅོད་པ་ཡེ་ཤེས་ཀྱི་ཆ་ཅུང་ཟད་ཐོབ་པ་དགའ་བའོ། །རྣམ་པར་
སྨིན་པ་དེ་ལས་བཟློག །ཅེས་ཕྱི་རོལ་གྱི་རྟོག་པ་སྤངས་ཏེ་ཤེས་པ་ནང་དུ་ཐིམ་ནས་ཀུན་དུ་རུའི་སྦྱོར་བའི་བར་ནི་སྔ་མ་ལས་ཁྱད་པར་དུ་སྨིན་པས་རྣམ་པར་སྨིན་པའི་སྐད་ཅིག་མའི་ཡོངས་གཅོད་ནི་མཆོག་དགའ་ཡེ་ཤེས་སོ། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །ཅེས་པ་ནི་བོ་ལའི་གནས་
སུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཕྱིན་པ་ལ་མི་མཐུན་པའི་རྣམ་པར་རྟོག་པ་སྤངས་ཏེ། གཉེན་པོ་ཡེ་ཤེས་སུ་གྱུར་པ་ནི་རྣམ་པར་ཉེད་པའི་སྐད་ཅིག་མའམ་ཡོངས་སུ་གཅོད་པ་ནི་དགའ་བྲལ་གྱི་ཡེ་ཤེས་སོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཞེས་པ་ནི་དེའི་ཚེ་ཐིག་ལེ་བྱང་ཆུབ་ཀྱི་
เล่ม ๕ · หน้า 298a
སེམས་ཟིན་པ་ནི་མི་ཐུན་པའི་ཕྱོགས་ཐམས་ཅད་བྲལ་ཏེ། གཉེན་པོ་ཡེ་ཤེས་འབའ་ཞིག་ཏུ་གནས་པ་ནི་མཚན་ཉིད་བྲལ་བའི་སྐད་ཅིག་མ་རྣམ་པར་བཅད་ནས་ཏེ། ཡོངས་གཅོད་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །འདི་རྣམས་སྐྱེས་པ་ནི་མན་ངག་ལུས་ཀྱི་
འཁྲུལ་འཁོར་དང་། རྩའི་འཁྲུལ་འཁོར་གསུམ་ནི་དབང་གི་དུས་སུ་བླ་མ་ལས་ཤེས་པར་བྱའོ། །དེ་བཞིན་དུ་དབང་གི་མན་ངག་ཀྱང་བསྒོམ་པའི་མན་ངག་བླ་མ་ལས་ཤེས་པར་བྱའོ། །གཞན་ཡང་དམ་ཚིག་གི་ཕྱག་རྒྱའི་དགའ་བ་བཞི་དང་། ཕྱག་རྒྱ་ཆེན་པོའི་དགའ་བ་བཞི་དང་།
སྐད་ཅིག་མ་བཞི་ཡང་སྤོང་བའི་ཚུལ་ཡང་ཐོབ་པའི་ཚུལ་དུ་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པ་ཅི་རིགས་པར་ཤེས་པར་བྱའོ། །ཡང་དག་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་སྤོང་བའོ། །མཆོག་དགའ་བ་ཐོབ་པའི་ཆ་ལ་འཇུག་པ་བཞིན་དུ་དབང་དབྱེར་མེད་ལ་འཇུག་
པ། །དབྱེ་བའི་གྲངས་དང་སྦྱར་བ་བསྟན་པ་དང་། མཚན་ཉིད་དཔེ་ལས་བཤད་པ་སྟེ། དེ་དག་ཀྱང་ཅིའི་ཕྱིར་བཞི་རུ་གྲངས་ངེས་ཤེ་ན་འཇིག་རྟེན་པ་ལ་དགོད་པ་དང་ལྟ་བ་དང་ལག་བཅང་ལ་སོགས་པ་བཞིར་བསྡུས་པས། དེ་སྦྱང་བའི་དོན་དུ་རྒྱུད་རྣམ་པ་བཞིར་བསྟན་ལ། དབང་ཡང་རྣམ་པ་
བཞི་རུ་བསྟན་ཏོ། །ད་ནི་ངེས་ཚིག་བསྡུ་བ་སྟེ། །གཏོར་དང་བླུགས་པ་ཞེས་བྱ་འདིས། །དབང་ཞེས་མངོན་པར་བརྗོད་པར་བྱ། དང་པོ་ལ་བུམ་པའི་དབང་ངམ་སློབ་དཔོན་གྱི་དབང་ཞེས་བྱ་བ་ནི། ཨ་བྷི་ཥིཉྩ་དྲི་མ་འཁྲུད་པས་ན་དབང་སྟེ་ལུས་ཀྱི་དྲི་མ་འཁྲུད་པར་བྱེད། བུམ་པས་ཉེ་བར་
མཚོན་པས་བུམ་པའི་དབང་ཞེས་བྱ། སྡིག་པ་མི་དགེ་བ་ལས་རིང་དུ་འགྲོ་བས་ན་སློབ་དཔོན་གྱི་དབང་ཞེས་བྱ། མ་རིག་པ་ལྔ་བཟློག་ཅིང་རིག་པའི་ཡེ་ཤེས་ལྔ་བསྐྱེད་པའི་ཕྱིར་རིག་པའི་དབང་ཞེས་བྱ། ཨ་བྷི་ཥེ་ཀ་སྟེ་ནུས་པ་འཇོག་པ་ནི་སྤྲུལ་པའི་སྐུའི་ནུས་པ་འཇོག །བསྐུར་བའི་
གནས་ནི་ལུས་ལ་བསྐུར་ལ། དབང་རྫས་ནི་བུམ་པ་དང་དབུ་རྒྱན་ལ་སོགས་པའོ། །གསང་བའི་དབང་ལ་ཨ་བྷི་ཥིཉྩ་སྟེ་ཉོན་ཐོས་དང་རང་སངས་རྒྱས་རྣལ་འབྱོར་གྱི་རྒྱུད་མན་ཆད་ལ་གསང་བས་ན་གསང་བའི་དབང་ཞེས་བྱའོ། །ངག་གི་དྲི་མ་འཁྲུ་བས་ན་དབང་ཞེས་བྱའོ། །ཨ་བྷི་ཥེ་ཀ་
เล่ม ๕ · หน้า 298b
སྟེ་ལོངས་སྤྱོད་རྫོགས་པའི་སྐུའི་ནུས་པ་འཇོག་པའོ། །བསྐུར་བའི་གནས་ནི་མགྲིན་པར་བསྐུར་ལ། བསྐུར་བའི་རྫས་ནི་སློབ་དཔོན་གྱིས་ཉམས་སུ་མྱོང་བའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཤེས་རབ་མ་ལ་བརྟེན་ནས་ཡེ་ཤེས་སྐྱ་བར་བྱེད་པས་ན་ཤེས་རབ་ཡེ་
ཤེས་ཀྱི་དབང་ཞེས་བྱའོ། །ཨ་བྷི་ཥིཉྩ་སྟེ་ཡིད་ཀྱི་དྲི་མ་འཁྲུ་བར་བྱེད་དོ། །ཨ་བྷི་ཥེ་ཀ་སྟེ་ཆོས་ཀྱི་སྐུའི་ནུས་པ་འཇོག་པར་བྱེད་པས་དབང་ཞེས་བྱའོ། །གནས་གང་དུ་བསྐུར་ན་གསང་བའི་གནས་སུ་བསྐུར་རོ། །བསྐུར་བའི་རྫས་ནི་ཕྱག་རྒྱ་མ་མཚན་དང་ལྡན་པའོ། །དབང་བཞི་པ་ནི་དེ་ལྟར་དེ་
བཞིན་ཡང་བཞི་པ་ཞེས་པ་ནི་གསུམ་པས་གོ་ཕྱེ་བའི་ཚིག་དབང་རིན་པོ་ཆེ་སྟེ། ཨ་བྷི་ཥིཉྩ་སྟེ་ལུས་དག་ཡིད་གསུམ་གྱི་བག་ལ་ཉལ་གྱི་དྲི་མ་འཁྲུད་པར་བྱེད་དོ། །ཨ་བྷི་ཥེ་ཀ་སྟེ་བདེ་བ་ཆེན་པོའི་སྐུའི་ནུས་པ་འཇོག་པར་བྱེད་དོ། །བསྐུར་བའི་གནས་ནི་ལུས་ངག་ཡིད་གསུམ་ཆར་ལའོ། །བསྐུར་
པའི་རྫས་ནི་སློབ་དཔོན་ལ་ལ་དག་ནི་རྟེན་ཅན་དུ་ཡང་འདོད་དོ། །བླ་མའི་གཞུང་གིས་ནི་རྫས་མི་འདོད་དོ། །དང་པོས་ནི་རྡོ་རྗེ་འཆང་གི་རིགས་སུ་བྱེད་དོ། །གཉིས་པས་ནི་རྡོ་རྗེ་འཆང་གི་སྲས་སུ་བྱེད་དོ། །གསུམ་པས་ནི་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་དོ། །བཞི་པས་ནི་རྡོ་རྗེ་འཆང་གི་ངོ་བོར་
བྱས་ཏེ་གཞན་དོན་ཡོངས་སུ་རྫོགས་པའི་གོ་འཕང་ལ་འགོད་དོ། །ད་ནི་དེ་དག་གི་ཆོ་གའི་རིམ་པ་ནི་ཤེས་རབ་བཅུ་དྲུག་ལ་སོགས་པས་དབང་བསྐུར་གྱི་རིམ་པ་ཡང་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར། ཇི་ལྟར་དབང་བསྐུར་དུ་འབྲེལ་ཏོ། །དེ་ནས་སློབ་མའི་བྱ་བ་བཤད་ཅེས་པ་ནི་ཚིག་བཤད་
བསྒྱུར་བའོ། །བླ་མ་ཕྱག་རྒྱ་ལྡན་མཐོང་ཞེས་པ་ནི་རང་གི་ཕྱག་རྒྱ་ཕུལ་བ་དང་བཅས་པ་ལའོ། །དེ་ནས། མཆོད་བསྟོད་གསོལ་གདབ་ཇི་བཞིན་བྱ། །ཞེས་འབྲེལ་བའོ། །ཡང་མཆོད་པ་དེ་ནས་ཞིམ་པའི་བཟའ་བར་འབྲེལ་ཏེ་རྐང་པ་དྲུག་ནི་གོ་སླའོ། །དེ་ནས་བསྟོད་པ་ནི་ཀྱེ་བཅོམ་ལྡན་འདས་
སུ་འབྲེལ་ཏེ་ཚིགས་སུ་བཅད་པ་གཅིག་གོ། །གསོལ་བ་བཏབ་པའི་ཡང་ཚིགས་སུ་བཅད་པ་གཅིག་གོ། །ད་ནི་སློབ་དཔོན་གྱི་ལས་བསྟན་པའི་ཕྱིར་སློབ་དཔོན་གྱི་དབང་ནི་ཁྱད་པར་དུ་གྱུར་པ་སྟེ་གོ་སླའོ། །དེ་ནས་གསང་བའི་དབང་བསྟན་པའི་ཕྱིར། ཤིན་ཏུ་བཞིན་བཟང་མིག་ཡངས་
เล่ม ๕ · หน้า 299a
མ། །རྐང་པ་གཉིས་ཀྱིས་རྗེས་ལ་སྟོན་པ་ནི་བླ་མའོ། །ཤེས་རབ་ནི་དེ་མ་ཐག་གི་ཕྱག་རྒྱའོ། །རབ་ཏུ་མཆོག་ནི་ཐ་མལ་དུ་མ་ཡིན་པའོ། །དེ་ནས་མཐེ་བོང་སྲིན་ལག་ཏུ་འབྲེལ་ཏེ། ལས་དང་པོ་པའི་དབང་བསྐུར་ཐབས་སོ། །སློབ་མའི་ཁ་ནི་ལོངས་སྤྱོད་ཀྱི་གནས་སུའོ། །
དབང་པའམ་ལྟུང་བ་ནི་རྡོ་རྗེ་འཆང་གི་རིགས་དང་བཅས་པའོ། །ད་ནི་གསུམ་པ་བསྟན་པའི་ཕྱིར། དེ་ནས་དེ་ཉིད་དུ་ནི་ཞེས་པའི་ཚིག་རྐང་གཉིས་བསྟན་པའོ། །བཤད་པའི་ཕྱིར་ཕྲག་དོག་ཁྲོ་བ་འབྲེལ་ཏེ་སློབ་མ་མཚན་ཉིད་དང་ལྡན་པར་ཤེས་པར་བྱའོ། །སྟོན་པས་གནང་བ་སྦྱིན་པ་ནི་
མན་ངག་བཤད་པ་དང་བཅས་པར་རོ། །ཀུན་དུ་རུ་ནི་ལྷན་ཅིག་སྐྱེས་པ་ལ་སྦྱོར་ཏེ། དེ་ནས་མཆོག་ཏུ་དགའ་བར་འབྲེལ་ཏེ། མཆོག་ཏུ་དགའ་བ་ཡང་དག་འཐོབ་ནི་ལྷན་སྐྱེས་སོ། །ཡང་ན་མཆོག་ཀྱང་ཡིན་ལ་ཡང་དག་ཐོབ་ཀྱང་ཡིན་པས་ལྷན་སྐྱེས་སོ། །རིམ་པ་གང་དུ་འཐོབ་
ཅེ་ན་སྣ་ཚོགས་སྤངས་པའི་སྐད་ཅིག་ནི་སྣ་ཚོགས་པ་ལ་སོགས་པ་སྟེ། དགའ་བྲལ་གྱི་སྔོན་དུ་འཐོབ་པའོ། །ཡང་ན་སྣ་ཚོགས་སྤངས་པའི་དགའ་བའོ། །སྐད་ཅིག་མ་རྣམ་པར་སྨིན་པ་སྟེ་མཆོག་དགའོ། །དེ་ཡང་སྤངས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཡང་དག་ཐོབ་ནི་ལྷན་སྐྱེས་
སོ། །དེའི་ཐབས་བསྟན་པའི་ཕྱིར་གོང་གི་རྡོ་རྗེ་འཛིན་ནས་དེ་བཤད་པའི་ཕྱིར་སྟོན་པས་སྨྲས་པ་སེམས་དཔའ་ཆེན་པོ་འབྲེལ་ཏོ། །དེས་འདི་སྐད་སྟོན་ཏེ་སྟོན་པས་སྨྲས་པ་ནི་མན་ངག་སྔོན་དུ་བཤད་པ་སྟེ། ཟླ་བ་འཛིན་པའི་མན་ངག་གིས་རྡོ་རྗེ་འཛིན་པ་དང་འདྲ་བར་གྲུབ་པའོ། །དེའི་ཕྱིར་
སེམས་དཔའ་ཆེན་པོ་ནི་གསོལ་བ་འདེབས་པའི་སློབ་མ་ལ་བོད་པའོ། །བདེ་བ་ཆེན་པོ་བཟུང་ནི་ཞུ་བའི་ཟླ་བའོ། །ཇི་སྲིད་བྱང་ཆུབ་མ་འཐོབ་བར་དུའོ། །སེམས་ཅན་དོན་གྱི་ནུས་པ་དང་ལྡན་པའོ། །རྡོ་རྗེ་འཛིན་གྱིས་ཞུ་བ་དེ་དང་མི་འབྲལ་བས་ཡོན་ཏན་གྱི་མིང་ངོ་། །དེ་ནས་གོང་
གི་བརྗོད་ནས་བཏད་པར་འབྲེལ་ཏེ། བརྗོད་པར་བྱས་པ་ཞེས་པ་ནི་དེ་མ་ཐག་གི་མན་ངག་གོ། །གཏད་པ་ནི་ལག་ཏུའོ། །སྟོན་པས་སྨྲས་པ་ནི་ཤེས་རབ་དང་གཉིས་ཀ་ལའོ། །སེམས་དཔའ་ཆེན་པོ་ནི་ཐབས་ལ་བོད་པའོ། །ཕྱག་རྒྱ་བདེ་བ་དང་ལྡན་པ་ནི་དབང་གཉིས་པའི་ཡོན་
เล่ม ๕ · หน้า 299b
ཏན་དང་ལྡན་པ་གཞན་ནོ། །ཁྱེར་ཞེས་པ་ནི་ཡོལ་བའི་གནས་སུ་སྟེ། དེའི་ཚིགས་སུ་བཅད་པ་ཡང་འཆད་པར་འགྱུར་རོ། །དེ་ནས་ཞི་བ་བསྟན་པའི་ཕྱིར་སློབ་མ་རྡོ་རྗེ་ཅན་མཐོང་དུ་འབྲེལ་ལོ། །སློབ་མ་རྡོ་རྗེ་ཅན་ནི་གསུམ་པ་ཐོབ་པས་སོ། །མཐོང་བས་ནི་སློབ་དཔོན་གྱི་ཤེས་པའོ། །རྡོ་རྗེ་
ཅན་གྱིས་སྨྲས་པ་ནི་བླ་མས་ཚིག་དབང་རིན་པོ་ཆེའོ། །དེ་ཉིད་ནི་ཨེ་དྷ་སྟེ་བྷ་ག་གསུམ་པར་ཉམས་སུ་མྱོང་བ་དེ་ཉིད་དོ། །ཡེ་ཤེས་ཆེན་པོ་ནི་ཟག་པ་མེད་པའོ། །ཐམས་ཅད་ལུས་ལ་རྣམ་པར་གནས་ནི་གཉུག་མའི་དབང་པོར་ལུས་ཅན་ཀུན་ལའོ། །དེ་ཕྱིར་གཉིས་ནི་སྣང་བར་རོ། །
གཉིས་མེད་ཚུལ་ནི་དེ་ཁོ་ན་ཉིད་དོ། །དངོས་དང་དངོས་མེད་ནི་ཡོད་པ་དང་མེད་པའོ། །ཡང་ན་ལུས་ནི་ལུས་དང་སེམས་སོ། །བདག་ཉིད་གཙོ་བོ་ནི་ལྷན་ཅིག་སྐྱེས་པ་གསལ་བའོ། །བརྟན་གཡོ་ཁྱབ་པ་ནི་བདག་མེད་མའི་ཤེས་པ་དེ་ཉིད་དེ་ཤེས་རབ་པོ། །སྒྱུ་མའི་གཟུགས་ཅན་
ནི་སྣང་བ་བདེ་བའི་རོ་སྟེ་ཐབས་སོ། །དེའི་ཕྱིར་དཀྱིལ་འཁོར་ནི་ཐབས་སོ། །འཁོར་ལོ་ནི་ཤེས་རབ་མངོན་དུ་གྱུར་པའི་ངེས་པར་འགྲོ་བ་གཉིས་སུ་མེད་པར་གསལ་བའོ། །དེ་དག་ནི་རྣལ་འབྱོར་མ་རྣམས་ལ་དབང་བསྟན་ནས་དབང་དེ་ཉིད་ལ་ཐེ་ཚོམ་བསལ་བ་ནི། མན་ངག་སྟེ་དེའི་ཕྱིར་དེ་
ནས་ཞེས་པ་ནི་དབང་གི་རྗེས་ལའོ། །རྡོ་རྗེ་སྙིང་པོས་རྣལ་འབྱོར་མ་རྣམས་ལ་བཟོད་པར་གསོལ་བ་ནི་ཁྱེད་ལ་གནང་བའི་འཕྲོ་ཡིན་ཡང་ངོ་། །བཅོམ་ལྡན་འདས་ལ་གསོལ་བ་ནི་ཐེ་ཚོམ་མ་སྐྱེས་ནས་སོ། །དཀྱིལ་འཁོར་འཁོར་ལོ་ཅི་ཞེས་པ་ནི་སྡོམ་པ་སྟེ་གནས་པའོ། །དཀྱིལ་འཁོར་
ཐོག་མར་བཤད་པ་ནི། སངས་རྒྱས་ཀུན་བདག་ནི་རྡོ་རྗེ་འཛིན་པའམ། རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་དོ། །གྲོང་ཁྱེར་གཅིག་པ་སྟེ་ཁང་བཟངས་སོ། །བཅོམ་ལྡན་འདས་ནི་བདེ་བའོ། །བདག་ནི་རྡོ་རྗེ་སེམས་དཔའོ། །འཁྲུལ་འགྱུར་ནི་བཞི་པའི་དོན་དབྱེར་མེད་པའི་
ལྷན་སྐྱེས་ལ་དཀྱིལ་འཁོར་དུ་གསུངས་པ་གྲོང་ཁྱེར་ཁང་བཟངས་ཡིན་པས། དེའི་ཕྱིར་འཁྲུལ་ཞིང་ཐེ་ཚོམ་དུ་གྱུར་པའོ། །ཇི་ལྟར་རིགས་པ་ནི་རིགས་པ་གང་གིས་སོ། །བཤད་དུ་གསོལ་ནི་ཐེ་ཚོམ་སོལ་ཅིག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་ཐབས་བདེ་བ་ཆེན་པོའི་
เล่ม ๕ · หน้า 300a
རིགས་པས་དཀྱིལ་འཁོར་དུ་བསྒྲུབ་པའོ། །དཀྱིལ་འཁོར་ནི་མཎྜལ་སྟེ་དཀྱིལ་ལམ་དབུས་སོ། །དེ་ཅིའི་ཕྱིར་ཞེ་ན། ས་ར་ནི་སྙིང་པོའམ་བཅུད་དེ་དེའི་ཕྱིར་བརྗོད་དོ། །དེ་ཉིད་གང་ཞེ་ན། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པ་སྟེ། ཐབས་དང་ཤེས་རབ་དབྱེར་
མེད་པའི་ལྷན་ཅིག་སྐྱེས་པའི་རོའོ། །ཨ་ངྷན་ནན་ཏ་ཀ་རི་ཏའི་སྒྲ་དང་པོར་མཐར་བྱེད་པའམ་ལེན་པར་བྱེད་པའོ། །དེ་ཡང་དང་པོར་ནི་དཀྱིལ་འཁོར་སྙིང་པོའོ། །མཐར་ནི་བསྐོར་བའོ། །ཡང་ན་བླང་བྱ་ནི་བདེ་ཆེན་ནོ། །ལེན་པར་བྱེད་པ་ཞེས་པ་ནི་ཉམས་སུ་ལེན་པའོ། །དེའི་ཕྱིར་འདུས་པ་
ནི་མཎྜ་ལ་ན་སྟེ་བསྐོར་བྱ་སྐོར་བྱེད་དམ་བླང་བྱ་བླང་བྱེད་སྡོམ་པའོ། །དེའི་མཎྜ་ལ་མ་ཊ་སྟེ་དཀྱིལ་འཁོར་ཉིད་དུ་བརྗོད་དོ། །ད་ནི་འཁོར་ལོ་ཅི་ཞེས་པ་ནི་བསྟན་པ་བཤད་པའི་ཕྱིར་ཡང་སངས་རྒྱས་ཀུན་བདག་ནི་སྔ་མ་ལྟར་རོ། །གྲོང་ཁྱེར་ལ་ལྷག་མ་སྟེ་འཁོར་ལོའོ། །བཅོམ་ལྡན་འདས་སྔ་མ་
ལྟར་རོ། །འཁྲུལ་འཁོར་ནི་དབང་བཞི་པའི་དོན་ལྷན་ཅིག་སྐྱེས་པ་ལ་གསུངས་པས་འཁོར་ལོ་ནི་ཙཀྲ་བྷ་ར་ད་སྟེ། གཅོད་པར་བྱེད་པའི་འཁོར་ལོ་ཡིན་པས་འཁྲུལ་ཞིང་ཐེ་ཚོམ་དུ་གྱུར་པའོ། །ཇི་ལྟར་རིགས་པ་ནི་ཤེས་རབ་མི་རྟོག་པའི་རིགས་པའོ། །བཤད་དུ་གསོལ་ནི་སྔ་མ་ལྟར།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནི་ཤེས་རབ་ཀྱི་རིག་པས་འཁོར་ལོར་བསྒྲུབ་པའོ། །འཁོར་ལོ་ཞེས་གནས་སུ་འབྲེལ་ཏེ། དེ་ཡང་ཙ་ཀྲ་ནི་མ་ཧཾ་སྟེ་ཞེས་གནས་པ་དང་ཞེས་བརྗོད་པ་སྟེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་སྟོང་པར་རོ། །ཡུལ་ལ་སོགས་པ་ནི་དབང་པོ་ལ་སོགས་
པའི་ཆོས་ཇི་སྙེད་པའོ། །རྣམ་པར་སྦྱོང་ནི་གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པའི་ཤེས་རབ་ཀྱི་རིམ་པ་དང་འདྲ་བར་བདག་མེད་པའི་རང་བཞིན་དུ་སྦྱོར་རོ། །དེ་ནི་དེ་ཉིད་ཀྱི་རིམ་པ་ནི་སྡོམ་པ་སྟེ། དབང་གསུམ་པར་ཤེས་པར་བྱའོ། །བོ་ལ་ཀཀྐོ་ལ་སྦྱོར་ནི་ཟླ་བ་བཟུང་བ་སྟེ་བཤད་ཟིན། དེའི་
བདེ་བ་རྟེན་དང་བརྟེན་པ་ནི་འབྲེལ་པའི་རྟགས་སོ། །ཤེས་པར་གྱུར་པའི་མ་བྱ་བ་ནི་དེས་མི་རྟོགས་པར་རོ། །ད་ནི་གླེང་གཞི་ཨེ་ཝཾ་ལ་སྡོམ་པའི་ཆོས་ཏེ། རྟོག་པའི་ཡན་ལག་ཏུ་ཐབས་ཀྱི་རིམ་པ་དབང་ལ་སོགས་པ་ནི་གོ་བཟློག་སྟེ་བསྟན་ནས་སྲུང་སྡོམ་གྱི་དམ་ཚིག་དང་ཐབས་སུ་འགྱུར་བར་
เล่ม ๕ · หน้า 300b
བསམས་ནས། རྡོ་རྗེ་སྙིང་པོ་པ་དྲིས་པ་དང་། བཅོམ་ལྡན་འདས་ཀྱི་ལན་ཏེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བ་དང་། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་བྱ་བ་ནི་འདི་དག་གི་དགོངས་པ་ནི་བཞི་སྟེ། དགོངས་པའི་
སྐད་ཀྱིས་བཤད་པ་དང་། དགེ་བ་ཐུལ་གྱིས་གནང་བ་དང་། ཡུལ་དང་། བསམ་པ་དང་། སྦྱོར་བས་གནང་བ་དང་། མཉམ་པ་དེ་ཁོ་ན་ཉིད་ལ་དགོངས་པའོ། །དགོངས་པའི་སྐད་ཀྱིས་བཤད་པ་ནི། སེམས་ཅན་སྲོག་ཆགས་གསོད་པ་ཉིད། །ཅེས་པ་ནི་བདག་གཞན་དུ་འཛིན་པའི་ཞེན་
པ་སྤང་བར་བྱའོ། །འཇིག་རྟེན་བསྒྲུབ་ཅེས་པ་ནི་བརྫུན་དང་འདྲ་བ་སྟེ་ཁས་ལེན་ཅིང་དམ་བཅའ་བའོ། །བཙུན་མོ་ཞུ་བ་མ་བྱིན་པ་ནི་ཟླ་བ་མ་ཡིན་པར་ཉི་མ་བླང་བའི་མན་ངག་གོ། །གཞན་གྱི་བུད་མེད་རང་མཚུངས་མཛེས། །ཞེས་པ་སངས་རྒྱས་སྤྱན་དང་མཱ་མ་ཀཱི་ལ་སོགས་པ་བསྟེན་
པའོ། །དེ་དག་ནི་གོ་རིམས་སུ་བཤད་དོ། །དགེ་བ་ཐུལ་གྱིས་གནང་བ་ནི་སྲོག་ཆགས་གཅིག་བསད་ན་མང་པོ་དག་སྲོག་ཐར་བར་མཐོང་བ་ནི་སྔོན་བཅོམ་ལྡན་འདས་དེད་དཔོན་དུ་གྱུར་པའི་ཚེ། ཚོང་པ་ཅིག་ལ་ཤ་པའི་ཚལ་བ་གཅིག་བསྣུན་ཏེ། བསད་ནས་ཚོང་པ་གཞན་ཐར་བ་ལྟ་བུའོ། །
ཇི་ལྟར་སྡིག་པར་མི་འགྱུར་ཞེ་ན། སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང་། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་སོ། །བརྫུན་གནང་བ་ནི་ཉན་ཐོས་དག་ལ་ནི་རྣམ་པ་ཐམས་ཅད་དུ་མ་གནང་སྟེ། ནམ་མཁའ་མཐོང་དང་སེན་མོ་མཐོང་། །ཞེས་བརྗོད་པ་དང་། ཐེག་པ་ཆེན་པོ་ནི་
སྲོག་གི་སྐྱབས་སུ་གྱུར་ན་གསོད་མའི་མི་དག་གིས་གསོད་པ་འགའ་ཞིག་སྐྱབས་སུ་སོང་བ་བདག་གིས་མཐོང་ནས་མཐོང་བཞིན་དུ་མ་མཐོང་ཞེས་ཤེས་བཞིན་བརྫུན་ཀྱང་གནང་ངོ་། །མ་བྱིན་པར་བླང་པ་ནི། སེར་སྣ་ཅན་གྱི་ནོར་ཕྲོགས་ཤིང་བརྐུས་ལ། སེམས་ཅན་གཞན་ཕ་རོལ་གྱི་སྐྱབས་
སམ་ཕན་པར་སྦྱིན་ནོ། །ཕ་རོལ་གྱི་བུད་མེད་བསྟེན་པ་ནི་གཞན་ཕ་རོལ་སྲོག་གི་སྐྱབས་སུ་གྱུར་ན་འདོད་པ་ལོག་པར་ཀྱང་སྤྱོད་དེ། དཔེར་ན་བྲམ་ཟེའི་ཁྱེའུ་སྐར་མའི་གཏམ་རྒྱུད་ལྟ་བུའོ། །དེ་སྐད་དུ། གལ་ཏེ་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམ་གཞག་པར་གསུངས། །ཞེའོ། །
เล่ม ๕ · หน้า 301a
ཡུལ་དང་བསམ་པ་ལ་སོགས་པས་གནང་བ་ནི་འོག་ནས་བསྟན་པ་ལ་གནོད་པ་བྱེད་པ་དང་། བླ་མའི་དགྲར་གྱུར་པ་ལ་སོགས་པའོ། །བསམ་པ་ནི་སྙིང་རྗེའི་དབང་གིས་བསམ་པ་དཀར་བའོ། །སྦྱོར་བས་གནང་བ་ནི་ཁ་སྦྱོར་འབྱེད་པ་སྟེ་འོག་ནས། བསམ་
གཏན་སྔགས་ཀྱི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་སྟེ། འདིར་ནི་བསམ་གཏན་དང་སྔགས་ཙམ་གྱིས་བྱའི། འཁྲུལ་འཁོར་དང་སྦྱིན་སྲེག་ལ་སོགས་པ་ནི་བཀག་པའོ། །དེ་བཞིན་དུ་གསུམ་པོ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །མཉམ་པ་དེ་ཁོ་ན་ཉིད་ནི་ང་དང་བདག་ཏུ་འཛིན་
པའི་རྣམ་པར་རྟོག་པ་ནུབ་པའི་དུས་ཙམ་ན། དགེ་བ་དང་མི་དགེ་བ་ཐམས་ཅད་ཀྱང་མཉམ་པར་ཤེས་པའི་དུས་ན་ཐམས་ཅད་བྱ་བ་ཁོ་ན་ཡིན་ནོ། །དེ་ནས་རྣལ་འབྱོར་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོས་དབང་བཞི་པའི་འཁོར་ལོ་
དྲི་བ་མ་རྫོགས་པས། དྲི་བ་གཉིས་བསྐབས་མ་ཡིན་པར་ཤེས་ནས་ཞེས་པའོ། །དེ་ཡང་ཡུལ་ལ་སོགས་པའི་གྲངས་དྲིས་པ་དང་། ལན་ནི་གོ་སླའོ། །ད་ནི་སྔར་གྱི་གཅིག་དང་དུ་བྲལ་ལ་སོགས་པ་དང་འདྲ་བའི་རང་བཞིན་སྦྱོར་བ་བསྟན་པའི་ཕྱིར། རང་བཞིན་ཅི་ལགས་དྲིས་
པའི་ལན་དུ། རང་བཞིན་གདོད་ནས་མ་སྐྱེས་པ། །ཞེས་པ་ནི་རང་བཞིན་ཉིད་དུ་འབྲེལ་ཏེ། དེའི་ཁྱད་པར་ཅི་ཞེ་ན། ཨ་ཏ་ཨ་ནུཏྤ་ན་སྟེ། གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །དཔེར་ན་ཐམས་ཅད་ཆུའི་ཟླ་བ་ལྟ་བུའོ། །འདོད་པས་ནི་གྲུབ་པའི་མཐས་སོ། །ཡང་ན་འདོད་ན་
སྟེ་ཟབ་མོ་ལ་མོས་ནའོ། །རྣལ་འབྱོར་མ་ནི་བོད་པའོ། །ཤེས་རབ་ཀྱིས་ནི་གདམས་པའོ། །ད་ནི་དཔེ་ལ་ངེས་པ་བསྐྱེད་པའི་མན་ངག་ཏུ་བསྟན་པའི་ཕྱིར་འདི་ལྟ་སྟེ་ཏདྱ་ཐཱ་སྟེ་དཔེར་ན་ཞེས་པའམ། འདི་ལྟ་བུ་སྟེ་གཞན་དག་ནི་གཙུབ་ཤིང་གཙུབ་གཏན་ཞེས་པ་ལ་སོགས་པ་ནི་ཆོས་ཐམས་
ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་དབབ་པའོ། །ཡང་ན་གཙུབ་ཤིང་ནི་རྩ་ཨ་ཝ་དྷཱུ་ཏཱིའོ། །གཙུབ་གཏན་ནི་ལྟེ་བའི་པདྨའོ། །ལག་པའི་རྩོལ་བ་ནི་ལ་ལ་ནཱ་དང་ར་ས་ནཱ་གཉིས་ཏེ། དེ་གཉིས་ནས་རླུང་རྒྱུ་བས་ཨ་ཝ་དྷཱུ་ཏཱིའི་
เล่ม ๕ · หน้า 301b
གནས་སུ་ཆུད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་སྟེ། རུས་གྱི་གནད་ཅེས་བྱ་སྟེ། ལག་ཏུ་ལེན་པའི་བླ་མ་ལས་ཤེས་པར་བྱའོ། །ད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཆེ་བའི་མན་ངག་གིས་ལྟ་བ་རྟོགས་ནས། དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པས་མཆོད་པ་
བྱས་ཏེ་གོ་སླའོ། །དེ་ནས་བཅོམ་ལྡན་འདས་དགྱེས་ནས་ཞེས་པ་ནི་དམ་ཚིག་གི་མཆོད་པ་དང་། བདེ་མཆོག་སྡོམ་པའི་མཆོད་པས་སོ། །རང་བྱིན་གྱིས་བརླབ་པ་ནི་བསྒོམ་པའི་མན་ངག་གིས་རང་གི་མཚན་ཉིད་ཉམས་སྐྱེས་པའོ། །བསྟན་པ་ནི་དེའི་ཕྱིར་རོ། །ཀྱེ་ཀྱེ་ནི་མཛེས་པས་བོད་པ་
སྟེ་གནང་བ་སྦྱིན་པ་དང་ཉན་པ་ལ་སྦྱར་བ་སྟེ་གོ་སླའོ། །ད་ནི་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་དམ་ཚིག་དང་སྡོམ་པས་གཉུག་མའི་དབང་པོ་སྡངས་པར་བྱེད་པའི་ཐབས་དང་ཅུང་ཟད་སྨྱོན་པའི་བརྟུལ་ཞུགས་སྔར་གྱི་ལས་རྣམ་པ་གཞན་གྱིས་དབང་པོ་དང་བར་བྱིན་གྱིས་བརླབ་པའི་ཐབས་བསྟན་པའི་
ཕྱིར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་སོགས་པ་བསྟན་ཏེ་གོ་སླའོ། །དེ་ནས་རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་བདག་དྲི་བའི་སྐབས་ཡིན་པ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱང་མ་ཡིན་ཏེ། སྔར་དབང་པོའི་གྲངས་བསྟན་པའི་སྐབས་སུ། གཏི་མུག་རྡོ་རྗེ་ལ་སོགས་ལྡན། །ཞེས་པ་གནང་
བ་དེ་ཞུས་པའི་ཕྱིར་རོ། །ཐམས་ཅད་ཡུལ་གྱི་རྣམ་དག་ནི་ལེའུ་དགུ་པར་སྒྱུ་མ་རྣམ་དག་གོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དབང་པོ་དྲུག་ལམ་གསུངས་པའི་བར་ལེའུ་དགུ་པར་མ་བསྟན་ཅིང་། དབང་པོའི་གྲངས་བསྟན་པའི་སྐབས་སུ་གནང་བ་མཛད་དེ་གསོལ་བ་ཞེས་སྔ་མར་
འབྲེལ་ལོ། །གཞན་དག་ནི་གོ་སླའོ། །གོ་ཆ་ཞེས་བྱ་བ་ནི་ཐ་མལ་གྱི་དབང་པོ་སྤངས་ནས། ལྷའི་ས་བོན་ལས་མོས་པ་མི་མཐུན་པ་འཇུག་མི་ནུས་པས་ཀ་བ་ཙ་སྟེ་གོ་ཆའམ་ཁྲབ་བོ། །སེམས་དཔའ་ཆེན་པོ་བོས་ནས་དགོས་པ་ཡོད་པར་བསྟན་པའོ། །རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ནི་གླེང་གཞི་དང་
སྡོམ་པ་ལ་དགོས་པའི་ཡན་ལག་གི་ཐབས་རྣལ་འབྱོར་མ་ཀུན་ལ་གནང་བ་སྟེ། མ་ལུས་པར་བསམས་ནས་དྲིས་པའོ། །དགོངས་པའི་སྐད་ཅི་ཞེས་པ་ནི་སྔར་གནང་ཡང་ངེས་པར་མ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ངེས་པར་གསུངས་པ་ནི་བཤད་པར་རོ། །རྣལ་འབྱོར་མའི་དམ་ཚིག་ཆེན་པོ་
เล่ม ๕ · หน้า 302a
ནི་རྡོ་རྗེ་སྙིང་པོས་དྲིས་ཀྱང་རྣལ་འབྱོར་མ་ལ་ཐུགས་སྟོན་པས་མངོན་རྟོགས་སྐྱེས་པའོ། །ཉན་ཐོས་ལ་སོགས་མི་ཤེས་པ། །ཞེས་པ་ནི་རང་རྒྱལ་བ་དང་ཕ་རོལ་ཕྱིན་པས་མི་ཤེས་པའོ། །འོ་ན་བྱ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་གཞན་གྱིས་ཀྱང་ཤེས་སམ་ཞེ་ན། དབང་གི་ཐབས་
ཀྱིས་སྟོན་པའི་གླེང་གཞི་སྡོམ་ཡོད་ཀྱིས་ཀྱང་། དགོངས་པའི་སྐད་མ་བསྒྲགས་ཤིང་བཤད་པས་འདིར་ངེས་པར་བསྟན་པ་གོ་སླའོ། །ད་ནི་ཉམས་སུ་ལེན་པ་སུ་དག་དང་སྨྲ་ཞེ་ན། དེའི་ཕྱག་རྒྱ་ནི་གཡུང་མོ་ལ་སོགས་གོ་སླའོ། །ད་ནི་སྐད་ཀྱིས་མ་སྨྲས་པའི་སྐྱོན་བསྟན་པའི་ཕྱིར་རྡོ་རྗེ་སྙིང་པོ་ལ་སོགས་
པའོ། །དགྱེས་པའི་རྡོ་རྗེ་དབང་བསྐུར་ཞེས་པ་ནི་དབང་བསྐུར་བའི་དུས་སུའམ། ཡང་ན་དབང་ཐོབ་ནས་དུས་ཐམས་ཅད་དུའོ། །རང་གི་དམ་ཚིག་རིགས་རྙེད་ནས། །ཞེས་པ་ནི་ཁྱད་པར་གྱི་དུས་ཏེ་ཞིང་སྐྱེས་མ་ལ་སོགས་པ་རྙེད་ནས་སྤྱོད་པའི་ཚེའོ། །ལེའུ་གསུམ་པའོ།། །།དེ་ནས་ནི་རྗེས་ལ་སྟེ་ལེའུ་སྔ་མའིའོ། །རྡོ་རྗེ་སྙིང་པོ་
ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐེ་ཚོམ་དུ་གྱུར་པ་ནི་སྔར་ནི་སོ་སོར་དྲིས་ལ་ད་ནི་སྡོམ་སྟེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་དག་གིས་སོ་སོར་དྲིས་པ་ནི་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་པ་ལན་རིམ་གྱིས་ཏེ་དང་པོར་གླུའོ། །རྡོ་རྗེའི་གླུ་ཡང་བཞིར་གནས་ཏེ་བསྐྱེད་
རིམ་གྱི་ང་རྒྱལ་དང་ལྡན་པའི་དཔའ་བོའི་སྟོན་མོ་དང་། ཚོགས་བྱ་བ་དང་། གཞན་ལུས་ཤེས་རབ་ལ་བརྟེན་པ་ཀུན་གྱི་ཆགས་པའི་ཆོས་སུ་བསྟན་པ་དང་རང་ལུས་ཐབས་དང་ལྡན་པ་དང་གཉིས་མེད་ཕྱག་རྒྱ་ཆེན་པོའོ། །བསྐྱེད་རིམ་ལ་གཉིས་ཏེ། དཔའ་བོའི་སྟོན་མོ་དང་ཚོགས་སོ། །དཔའ་
བོའི་སྟོན་མོ་ལ་བཞི་སྟེ། འདུ་བའི་ཁྱད་པར་དང་ལོངས་སྤྱོད་དང་དམ་ཚིག་དང་རྟོག་པའོ། །དེ་ལ་འདུ་བའི་ཀོ་ལ་ཨི་རེ་ཊྛི་སྟེ་གནས་ལ་སོགས་པའི་རྣལ་འབྱོར་པ་དང་། མུམྨུ་ནི་ཞིང་ལ་སོགས་པའི་རྣལ་འབྱོར་མ་རྣམས་དང་གྷ་ཎེ་སྟེ་ཉེ་བར་འདུས་ནས་ཧ་ལེ་ཀ་ལི་སྟེ་སྐལ་པ་དང་ལྡན་པ་ནི་གཞུག །
དུཾ་དུ་ར་སྟེ་སྐལ་བ་དང་མི་ལྡན་པ་ནི་མི་གཞུག་གོ། །ནི་རཾ་ཤུ་རུས་པའི་རྒྱན་བཏགས་པའོ། །ཀྲྀ་པི་ཊ་ཧོ་བཛྲ་ཞེས་པ་ནི་ཅང་ཏེའུའི་སྒྲ་ནི་བརྡུང་བ་དང་བཅས་པའོ། །ཀཱ་རུ་ཎ་ནི་བརྩེ་བ་དང་ལྡན་པའོ། །ཨ་ཨི་ན་རོལ་སྟེ་ཞེ་འགྲས་པ་མེད་པས་སོ། །ཏ་ཧི་ཛཾ་ས་རཱ་བ་སྟེ་རོ་བཙལ་ནས་སོ། །པ་ཎི་
เล่ม ๕ · หน้า 302b
ཨ་ཨི་སྟེ་དབུས་སུ་བཅུག་པ་དང་བཅས་པའོ། །ཀུན་ཀྱང་རྟོག་པ་བསྐྱེད་ཅིང་བསྒོམ་སྟེ། ལོངས་སྤྱོད་ཀྱི་རྣལ་འབྱོར་ཀུན་དང་སྤྱད་པར་བྱ་བའི་རོ་ལ་སོགས་པ་རྫས་ཀུན་ལ་རོ་ནི་ཕྲེཾ་ཁ་ཎ་སྟེ་གང་ནས་ཀྱང་མ་འོངས། ཁ་ཊ་ཀ་རན་ཏེ་གང་དུ་ཡང་འགྲོ་བའི་དགོས་པ་མེད་པའོ། །གཞན་དག་
བཟའ་བཏུང་གི་ཆོ་གས་ནི་ཤུདྡྷ་སྟེ་དག་པ་དང་། །ཨ་ཤུདྡྷ་སྟེ་མ་དག་པར་རོ། །མུ་ཎི་ཨ་ཨི་སྟེ་མི་བལྟ་བར་རོ། །གཙང་བ་དང་མི་གཙང་བ་མེད་པའི་ཕྱིར་དག་པ་དང་མ་དག་པར་མི་བལྟ་སྟེ་ལྷར་རྟོགས་པས་བསྒོམ་པ་དང་། ཏ་ཧིཾ་བ་ལ་སྟེ་སྟོབས་བཟའ་བ་དང་། ག་ཌྷེཾ་སྟེ་འབད་
པས་ཆང་བཏུང་བ་སྟེ་ལོངས་སྤྱོད་དོ། །དེ་ནས་དམ་ཚིག་ནི་ཙ་ཨུ་མ་སྟེ། བཞི་མཉམ་ལ་སོགས་པའོ། །ཨ་ཨི་བྷ་རུ་ཁཱ་ཨི་སྟེ་དེར་ཁེངས་པར་བཟའ་བཏུང་ངོ་། །རྟོགས་པ་ནི་མངོན་རྟོགས་འཁྲུག་སྟེ་ཤེས་པར་བྱའོ། །ཚོགས་ལ་གཉིས་ཏེ་ཡུལ་མཉམ་པ་དང་སྦྱོར་བ་མཉམ་པའོ། །དེ་
ཡང་ཚིག་གི་གོ་རིམས་བཟློག་པའོ། །དེ་ཡུལ་མཉམ་པ་ནི་ཌི་མ་སྟེ་གཡུང་མོ་ཉེ་བར་མཚོན་པ་སྟེ་བྲམ་ཟེ་མོའི་བར་དུ་མི་སྤང་བར་སྤྱད་དོ། །ཀྱེ་ཧ་ཧི་ནི་བྷ་ཛའི་སྟེ་མི་སྤང་བར་བཤད་དོ། །སྦྱོར་བ་མཉམ་པ་ནི་མ་ལཱ་ཛེ་སྟེ་ཡབ་ཡུམ་ལུས་ཆ་མཉམ་པ་དང་ཀུན་དུ་རུ་བྷ་ཏ་ཧི་སྙོམས་འཇུག་
ལས་བྱུང་བའི་ཞུ་བ་དེ་མཉམ་པར་མི་སྤང་བའོ། །ད་ནི་གཞན་ལུས་ཤེས་རབ་ལ་བརྟེན་པ་ལ་རྗེས་སུ་ཆགས་པའི་ཆོས་སུ་བསྟན་པའི་ཕྱིར་ལ་ཚིག་བཞི་བཞི་ལ་རྐང་པ་གཉིས་སུ་སྦྱར་ཏེ་བླང་ངོ་། །དེ་ཡང་བཞི་སྟེ། སྙོམས་པར་འཇུག་པའི་སྦྱོར་བ་དང་ལྡན་པ་དང་། ཡོན་ཏན་སྤོང་བའི་ཁྱད་
པར་དང་ལྡན་པའི་སྦྱོར་བ་དང་། ཡོན་ཏན་ཐོབ་པའི་ཁྱད་པར་དང་ལྡན་པའོ། །སྦྱོར་བ་དང་དབྱེར་མེད་བསྒོམ་པའི་ཁྱད་པར་ལྡན་པའི་སྦྱོར་བའོ། །དེ་ལ་སྙོམས་པར་འཇུག་པའི་སྦྱོར་བའི་ཆོས་ནི་ཀོལླ་ཨི་རི་སྟེ་རྣལ་འབྱོར་པའི་ལུས་དང་པོ་ལ་སྟེ་གསང་བའི་ལུས་སོ། །མུམྨུ་སྟེ་རྣལ་
འབྱོར་མའི་ལུས་དང་ཀ་ཀྐོ་ལ་སྟེ་གསང་བའི་གནས་སོ། །གྷ་ཎ་སྟེ་ཕྲད་ཅིང་ཞུགས་པའོ། །ཀྲྀ་པི་ཊ་ཧོ་བཛྲ་ཨི་གདུངས་ཤིང་བརྩེ་བའི་ངག་སྟོན་པས་སོ། །ཀཱ་རུ་ཎི་ཀ་ཨ་ཨི་ཎ་རོལ་ཏེ་ཆགས་ཤིང་གདུངས་པའི་སེམས་ཤིན་ཏུ་འཕེལ་བའོ། །དེ་ནས་ཌི་ཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི་སྟེ། དེས་
เล่ม ๕ · หน้า 303a
གཡུང་མོ་ལ་སོགས་པ་ཡང་མི་སྤོང་བར་རོ། །མ་ལ་ས་ཛ་འདུས་པ་ལུས་མཉམ་པར་སྦྱོར་བ་ཞུ་བདེ་ཆ་མཉམ་པའོ། །དེ་ནས་ཡོན་ཏན་སྤོང་བའི་ཁྱད་པར་བ་ལ་ཁཱ་ཛྫ་ཨི་སྟེ་བདེ་བ་རྟོག་པ་སྤངས་ནས་མི་རྟོག་པ་ལ་འཇུག་པའོ། །ག་ཌྷེཾ་མ་སྟེ་འབད་པས་ཞུ་བ་དང་མི་འབྲལ་
ཞིང་། །འཐུངས་པས་དམ་ཚིག་ཏུ་ལུས་རྒུད་པ་མེད་པར་སྟོབས་ཅན་དུ་འབྱུང་ངོ་། །ཧ་ལེ་ཀཱ་ལི་སྟེ་ལྷན་ཅིག་སྐྱེས་པའི་སྐལ་བ་དང་ལྡན་པས་སོ། །དུཾ་དུ་ར་ནི་སྐལ་མེད་སྤོང་བ་སྟེ་ཆགས་པ་ལ་སོགས་པའི་སྐལ་མེད་སྤོང་བའོ། །དེ་ནས་ཚིག་རྐང་གཉིས་ཀྱིས་སྦྱོར་བ་སྔ་མ་བཞིན་ནོ། །ད་ནི་
ཡོན་ཏན་ཐོབ་པའི་ཁྱད་པར་ནི་རྣལ་འབྱོར་མ་ལ་ཙ་ཨུ་ས་མ་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་ཀྱི་རོ་བསྡུས་པ་ཞུ་བ་ཀུནྡ་ལྟ་བུར་ཨ་ཨི་བྷ་རུ་སྟེ། ལུས་གང་བས་འཇོག་གི་གཉུག་མའི་ཡེ་ཤེས་ཐོབ་པའོ། །རྣལ་འབྱོར་མས་ནི་ཙ་ཨུ་ས་མ་ལ་སོགས་པ་འབྱུང་བ་ལྔའི་རོའི་བདག་ཉིད་འདུས་པ་
ཉི་མའི་རྣམ་པ་ཅན་ཀུན་འདུས་ལུས་བཀང་བས་གཉུག་མའི་ལུས་ཐོབ་པའོ། །ཚིག་རྐང་གཉིས་ཀྱིས་སྦྱོར་བ་ནི་འདིར་ཡང་སྔ་མ་བཞིན་ནོ། །ད་ནི་དབྱེར་མེད་སྒོམ་པའི་ཁྱད་པར་ནི་ཀུན་རྫོབ་བྱང་ཆུབ་སེམས་ཏེ་མན་ངག་གི་ཚུལ་དུ་གཟུང་བ་དང་དམ་ཚིག་ཏུ་བཟའ་བའོ། །མན་ངག་གི་
སྒྲུབ་པ་ནི་ས་འོག་ས་སྟེངས་ས་བླ་མ་ཡིན་པ་ནམ་མཁའི་དཀྱིལ་དུ་ཕྲེཾ་ཁ་ཎ་སྟེ། འགྲོ་འོང་གི་དོགས་པ་མེད་བར་མི་གཡོ་བར་གཟུང་བའོ། །དམ་ཚིག་གི་ཚུལ་ནི་ལག་པ་དང་སྣོད་མ་ཡིན་པར་དག་པ་དང་མ་དག་པར་གཙང་བ་དང་མི་གཙང་བ་མེད་པར་ལྕེས་བླང་ངོ་། །དེ་ཡང་མན་ངག་དག་
གིས་གཟུང་བ་ནི་ནི་རཾ་ཤུ་སྟེ། ལུས་ཐམས་ཅད་རུས་པ་དང་འདྲ་བར་བརྒྱན་པ་གཉུག་མའི་བདེ་བ་ལ་འཇུག་གོ། །དེ་ཡང་དམ་ཚིག་ཏུ་ཟོས་པས་ཏ་ཧིཾ་ཛ་ས་ར་ཝའི་རོ་དང་འདྲ་བར་རྟོག་པ་མེད་པར་འཇུག་གོ། །གཡུང་མོ་མི་སྤོང་བ་དང་ཀུན་དུ་རུ་ནི་སྔ་མ་ལྟར་གཞན་དག་ལ་སྦྱར་རོ། །རང་ལུས་
ཐབས་དང་ལྡན་པ་ནི། ཀོ་ལ་ཨི་རི་ཊྛི་སྟེ་མགོ་བོའི་གནས་སོ། །བོ་ལ་སྟེ་ཧཾ་ངོ་། །མུམྨུ་སྟེ་ལྟེ་བའོ། །ཀཀྐོ་ལ་སྟེ་ཨཾ་ངོ་། །གྷ་ཎ་སྟེ་བྱང་ཆུབ་ཀྱི་སེམས་རྒྱུན་སྟེང་འོག་ཏུ་འདུས་པའོ། །ཀྲྀ་པི་ཊ་སྟེ་ནཱ་དའི་སྒྲ་སྐྲའི་རྩེ་མོ་དབབ་པས་ཕྲ་བའོ། །ཀཱ་རུ་ཎི་སྟེ་ཆགས་པས་ནང་དུ་བལྟས་པའོ། །ཨ་
เล่ม ๕ · หน้า 303b
ཨི་ན་སྟེ་ཕྱི་རོལ་དུ་མི་གཡེངས་པས་སོ། །བ་ལ་ཁཱཛྫ་སྟེ་ཕྱི་རོལ་གྱི་རྟོག་པ་སྤངས་པའོ། །གཌྷེཾ་སྟེ་ནང་གི་རོ་མྱང་བའོ། །ཧ་ལེ་ཀཱ་ལི་སྟེ་རླུང་སྐལ་བ་དང་ལྡན་པར་ནང་དུ་བཅུག་པས་སོ། །དུཾ་དུ་ར་སྟེ་ཕྱི་རོལ་གྱི་རྟོག་པ་གཟུང་བའི་ཡུལ་སྤང་ངོ་། །ཙ་ཨུ་ས་མ་ལ་སོགས་ཉོན་མོངས་པ་ལྔའོ། །
ག་ཎ་བཟའ་སྟེ་དེ་དག་རང་རིག་འོད་གསལ་དུ་མི་རྟོག་པའོ། །ཕྲེཾ་ཁ་ཎ་སྟེ་སྟེང་ནས་བྱང་ཆུབ་ཀྱི་སེམས་རྒྱུ་བ་དང་འོག་ནས་རླུང་དང་འོད་ཟེར་རྒྱུ་བ་སྟེ་དེ་གཉིས་ལ་ཤུདྡྷ་ཨ་ཤུདྡྷ་སྟེ། བཟང་ངན་དུ་མི་རྟོག་གོ། །ནི་རཾ་ཤུ་སྟེ་ཞུ་བ་འདུས་པ་སྟེ་ཡང་སར་པ་སྟེ་རོ་དང་འདྲ་བའི་བདེ་བ་ལ་མི་རྟོག་པ་
སྐྱེ་བའོ། །དེ་ལྟར་དེ་ཉིད་གཡུང་མོ་ལ་སོགས་པ་ལྟོས་པ་མེད་ཅིང་སྤང་བླང་མེད་པར་ནང་གི་ཀུན་དུ་རུའི་སྦྱོར་བའོ། །གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་དྲུག་སྟེ། ལྟ་བ་དང་སྤྱོད་པ་དང་སྒོམ་པ་དང་དབང་པོ་རང་སྣང་དང་སྤྱོད་ལམ་དང་བསྲེ་བ་དང་། འབྲས་བུ་ལ་སོགས་པའོ། །དེ་ལ་ལྟ་བ་ནི་ཀོ་ལླ་
ཨི་རེ་སྟེ་དངོས་པོ་རཱུ་པ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐབས་ཀུན་དུ་སྣང་བའོ། །མུམྨུ་ཎི་ནི་གཅིག་དང་དུ་བྲལ་གྱིས་ཤེས་བྱ་སྟོང་ཞིང་བདག་མེད་པ་མི་རྟོག་ཅིང་མི་དམིགས་པ་བདག་མེད་པའི་ཤེས་རབ་བོ། །དེ་གཉིས་དབྱེར་མེད་པར་བྱས་པའོ། །སྤྱོད་པ་ལ་གཉིས་ཏེ་སྤྱོད་
པ་དང་སྤྱོད་པའི་རྒྱུ་མཚན་ནོ། །སྤྱོད་པ་ནི་ག་ཎ་སྟེ་ཅུང་ཟད་སྨྱོན་པའི་རྡོ་རྗེ་ཐོད་པའི་སྤྱོད་པས་ང་རྒྱལ་དུ་བསྒོམ་པ་དང་། ཀྲྀ་པི་ཊ་སྟེ་ཅང་ཏེའུའི་སྒྲས་བཟླས་པ་བྱེད་པའོ། །སྤྱོད་པའི་རྒྱུ་མཚན་ནི་ཀཱ་རུ་ཎ་སྟེ་སེམས་ཅན་ཀུན་ལ་སྙིང་རྗེ་འཇུག་པ་དང་། བ་ལ་ཁཱ་ཛྫ་སྟེ་ཞེ་སྡང་མེད་པར་རྣམ་པར་
རྟོག་པའི་སྟོབས་བཟའ་བའི་ཟས་དང་ག་ཌྷེཾ་མ་ཨ་ཎི་པ་སྟེ་བདེ་བའི་རོ་འཐུང་བའི་སྒོམ་པ་དང་ལྡན་པ་སྟེ་འབད་པའི་ཚུལ་གྱིས་སྤྱོད་པ་བྱེད་དོ། །ཡང་སྒོམ་པའི་རྟེན་བསྟན་པ་ནི་ཧ་ལེ་ཀཱ་ལིཉྫ་སྟེ་རྣམ་པར་མི་གཡེང་བའི་དབང་པོ་ཡེ་ཤེས་ཀྱི་སྐལ་བ་ཅན་བསྟེན་པའོ། །དུཾ་དུ་ར་སྟེ་སྐལ་མིན་ནི་ཡིད་
ཀྱི་རྗེས་སུ་འབྲང་བའི་ཐ་མལ་པའི་དབང་པོ་སྤངས་པའོ། །དབང་པོ་རང་སྣང་ནི་སྐལ་ལྡན་གྱི་དབང་པོ་དང་པོར་བྱེད་པ་དང་། དབང་པོ་དེའི་བྱིན་རླབས་རང་སྣང་བ་སྟེ་དོན་གྱི་ཚུལ་གཉིས་སོ། །དེ་ཡང་ཙ་ཨུ་ས་མ་ནེ་གཟུགས་སྡུ་གུ་ཀཙྪུ་རི་སྒྲ་སྙན་པ་སི་ཧླ་དྲི་ཞིམ་པ་ཀཔྤུ་ར་རོ་ཞིམ་པོ་མ་ལ་སཱ་
เล่ม ๕ · หน้า 304a
ཛ་རེག་བྱ་འཇམ་པ་ལ་སོགས་པའོ། །སོགས་པ་ལྔ་པོ་འདོད་པའི་ཡོན་ཏན་ལྔ་སྟེ་གཟུགས་ལ་སོགས་པའོ། །བྷ་རུ་ཁ་སྟེ་བཀང་ཞིང་ཚིམ་པས་དབང་པོ་དང་བ་དང་། ཁེངས་པར་ཟོས་ཤིང་འཐུངས་པས་བྱིན་རླབས་མི་རྟོག་པར་སྣང་བའོ། །སྤྱོད་ལམ་དང་བསྲེ་
བས་ནི་འཇུག་པ་དང་སྤྱོད་པའོ། །འཇུག་པ་ནི་བཟའ་བ་ལ་སོགས་པ་གང་ལ་འཇུག་ཀྱང་། ཁ་ཊ་ཀ་ར་སྟེ་འཇུག་དང་འགྲོ་བ་མི་རྟག་དང་། ཕྲེཾ་ཁ་ཎ་འོང་ཞིང་བཟློག་པ་མི་རྟག་པའོ། །སྤྱོད་པ་ནི་ཤུདྡྷ་སྟེ་དག་པ་དང་མ་དག་པ་དང་གཙང་བ་དང་མི་གཙང་བ་དང་། ཡིད་དུ་འོང་བ་དང་མི་འོང་
བ་ལ་སོགས་པ་ཞེན་པ་ཙམ་དུ་མི་བྱའོ། །འབྲས་བུ་རྫོགས་པ་ནི་ལྟ་བ་ལ་སོགས་པ་ཀུན་གྱི་འབྲས་བུ་ཆེན་པོ་སྟེ། རྟེན་ལུས་དང་བརྟེན་པ་སེམས་ཐབས་ཤེས་རབ་དབྱེར་མེད་དོ། །རྟེན་ཡང་ལུས་ཅན་ཀུན་ལ་གནས་པ་ནི་རཾ་ཤུ་སྟེ་དབང་པོ་དང་བའི་དབུས་སུ་ཞུ་བ་དེ་རྫོགས་པའི་ཐབས་སོ། །
བརྟེན་པ་སེམས་ནི་སྟེ་རོ་དང་འདྲ་བར་རྣམ་པར་རྟོག་པའི་ཟུག་རྔུ་མེད་པས་མི་རྟོག་པ་རང་རྣལ་དུ་འཇུག་པ་སྟེ་ཤེས་རབ་བོ། །ད་ནི་དབྱེར་མེད་བསྟན་པའི་ཕྱིར་མ་ལཱ་ཛེ་སྟེ་ཆུ་དང་འོ་མ་དང་། ནམ་མཁའ་བཞིན་དུ་ཀྱེ་ཨཾ་འདུས་ཤིང་དབྱེར་མེད་པའོ། །དེ་ཡང་ཀུན་དུ་བ་ཏ་ཨི་སྟེ་རང་རིག་པ་ཀུན་
དུ་རུ་སྟེ་ཀུན་དུ་སྦྱོར་བའོ། །བརྟེན་པ་སེམས་ནི་ས་ར་བ་སྟེ་རོ་དང་འདྲ་བར་རྣམ་པར་རྟོག་པའི་ཟུག་རྔུ་མེད་པས་ཉི་མའི་འོད་ཟེར་དྲོ་གསལ་གྱིས་ཀུན་ལ་ཁྱབ་པ་བཞིན་དུ་ལུས་ཀྱི་དངས་མ་དང་སེམས་ཀྱི་དངས་མ་དབྱེར་མེད་དེས་གཡུང་མོ་ལ་སོགས་པ་རིགས་ངན་པ་དང་། བཟང་པོ་ལ་ཁྱད་
པར་མེད་པར་འབྲས་བུ་མ་ཧཱ་མུ་དྲ་དེ་ལྕགས་ཀྱི་ཁང་རུམ་འབར་བ་སྣང་ཡང་མི་སྦྱོར། དེ་བཞིན་དུ་ཡི་དགས་དང་ལྷའི་ལོངས་སྤྱོད་ཀུན་དུ་སྣང་ཡང་མི་སྦྱོར་རོ། །ཌིཎྜི་མ་སྟེ་གཡུང་མོ་ལ་སོགས་པ་མི་སྤང་བ་སྟེ། རང་རིག་གི་འོད་ཟེར་མཐའ་ཡས་པ་སྣང་བས་འབྱུང་བ་ལྔ་དང་ཡེ་ཤེས་ལྔ་ལ་
སོགས་པ་རིགས་ཀྱི་དབྱེ་བ་ཡོངས་སུ་རྫོགས་པའོ། །ཡང་ན་བླ་ན་མེད་པའི་རིགས་དབྱེ་བ་ཡོངས་སུ་རྫོགས་པའོ། །དེ་ལྟར་བྱས་པས་རྟགས་གསུམ་འབྱུང་སྟེ་འཛིན་པའི་རྟགས་དངོས་གྲུབ་གྲུབ་པའི་རྟགས་དེ་ཁོ་ན་ཉིད་ལ་འཇུག་པའི་རྟགས་སོ། །ཡང་ན་ལྟ་བའི་རྟགས་བསྒོམ་
เล่ม ๕ · หน้า 304b
པའི་རྟགས་ཙརྱའི་རྟགས་སོ། །དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ནས་རྡོ་རྗེའི་གླུ། བརྟག་པ་གཉིས་ཀྱི་དོན་ཡང་འདིར་གནས་ཤིང་ལམ་གྱི་རིམ་པ་ཉེ་བར་རྫོགས་པ་ན་ཐ་མར་ཕྱག་རྒྱ་ཆེན་པོར་ཉེ་བར་གནས་པའོ། །ད་ནི་རྡོ་རྗེའི་གར་བསྟན་པའི་ཕྱིར། དྲན་པས་མི་འཕྲོགས་རྣལ་འབྱོར་
ཞེས་པ་ནི་གཡེང་བར་མ་གྱུར་པའོ། །ཧེ་རུ་ཀའི་གཟུགས་ཀྱིས་གར། །ཞེས་པ་ནི་རིགས་བསྡུས་པ་ལུས་ཀྱི་སྤྱིས་སོ། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །ཞེས་པ་གང་གི་ཧེ་རུ་ཀ་སྟེ་དགའ་བྲལ་མ་ཡིན་པའོ། །འདོད་ཆགས་སེམས་ཀྱིས་ཞེས་པ་ནི་མཆོག་དགའ་འམ་ཐབས་ཀྱི་ཁྱད་
པར་ལས་སོ། །བསྒོམ་པ་ཉིད་ནི་ལྷན་སྐྱེས་སོ། །ད་ནི་གླུ་དང་གར་ཐུན་མོང་དུ་ཡོན་ཏན་གྱི་ཆ་སྟོན་ཏེ། རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པ་གསུང་གི་རིགས་ཏེ་གླུའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་གར་རོ། །རྣལ་འབྱོར་མ་ནི་རྗེས་སུ་ཆགས་པའི་ཡུལ་ལོ། །མ་མོ་ནི་གར་གྱི་ཆགས་
པའི་ཡུལ་ཏེ་དེ་དག་ནི་ཐུགས་སོ། །གླུ་དང་གར་ནི་འདི་དག་གི་སྔར་གྱི་མཚན་ཉིད་དང་ལྡན་པའོ། །གླུ་བླང་གར་ཡང་བྱ་ནི་ཧེ་རུ་ཀའི་ང་རྒྱལ་ལ་སྐུ་དང་གསུང་གི་ཡོན་ཏན་དང་ལྡན་པས་ཐུགས་ཀྱི་ཡུལ་རྣལ་འབྱོར་མ་དང་མ་མོ་དང་ལྡན་པའོ། །ཡང་ན་རྡོ་རྗེ་ཆོས་སངས་རྒྱས་ནི་སྐུ་མདོག་དཀར་པོའི་
གླུའི་གྲོགས་སུ་བསྟན་ལ། རྣལ་འབྱོར་མ་དང་མ་མོ་ནི་གར་གྱི་གྲོགས་འབྲས་བུ་ཧེ་རུ་ཀས་གར་བྱེད་པ་སྟོན་ཏོ། །ད་ནི་དེའི་ཕན་ཡོན་བསྟན་པ་ཚོགས་སྲུང་ནི་འཁོར་རོ། །བདག་གི་གཙོ་བོའམ་བྱེད་པའོ། །འཇིག་རྟེན་དབང་དུ་བྱེད་པ་ནི་ཡིད་འཕྲོག་པའོ། །སྔགས་ཀྱི་ཟློས་པ་ནི་གླུའོ། །
གར་སྒོམ་པ་ནི་སྔ་མ་ལྟར་རོ། །ད་ནི་རིམ་པ་བསྟན་པའི་ཕྱིར་ཚོགས་ཀྱི་བདག་པོ་སྔར་བྱས་ནི་སློབ་དཔོན་གྱི་གླུ་དང་གར་ནང་དུ་བསྒོམ་པའམ་དངོས་སུ་དང་པོར་བྱའོ། །དྲི་མཚོན་པ་ནི་དངོས་གྲུབ་ཤིས་པའི་མཚན་མ་གར་གྱིའོ། །སྒོག་པའི་དྲི་ནི་ངན་པའོ། །བྱ་རྒོད་དྲི་ནི་ཅུང་ཟད་ངན་པའོ། །
ག་བུར་ནི་ཞིམ་པའོ། །མཱ་ལ་ཡ་ཛ་ནི་ཧེ་མ་ལ་ཡ་ཛ་སྟེ་ཁ་བ་ཅན་ལས་སྐྱེས་པ་སྟེ་ཙནྡན་ཤིན་ཏུ་ཞིམ་པའོ། །ད་ནི་གླུའི་མཚན་མའི་དང་པོ་ནི་དང་པོའི་སྒྲའོ། །བུང་བ་ནི་བར་དུའོ། །བ་ལང་ཚེའི་སྒྲ་ནི་ཐ་མར་རོ། །དེ་གང་དུ་ཞེ་ན། གླུའི་མཐའ་ནས་མཉམ་པར་བྱ་ནི་དྲིལ་བུའི་སྒྲ་མཐའ་ལྟ་
เล่ม ๕ · หน้า 305a
བུའོ། །གནས་གང་དུ་ཞེ་ན། ཕྱི་རོལ་གྱི་ཚལ་དུ་སྐྱེ་ཤིང་གི་ར་བའམ་དུར་ཁྲོད་དུའོ། །གླུའི་བྱིན་རླབས་མཚན་ཉིད་ནི་དངོས་གྲུབ་བམ་ཤིས་པ་བརྗོད་པའོ། །ད་ནི་ཕྱག་རྒྱའི་ལན་ཕྱག་རྒྱ་རྟགས་དང་མཚན་མ་ལ་སོགས་པའོ། །འདི་ནི་རིགས་མཚོན་པ་སྟེ་བསྐྱེད་པའི་
རིམ་པ་མཐའ་དག་རྣམ་པ་གཉིས་ཏེ། ཞི་བའི་རྣམ་པ་དང་ཁྲོ་བོའི་རྣམ་པའོ། །དེ་དག་ཐམས་ཅད་ཀྱང་རྒྱལ་བ་རིགས་ལྔ་ལས་མི་འདའ་སྟེ། རྒྱུ་སེམས་ཅན་གྱི་གནས་སྐབས་ནས་སྦྱང་གཞི་རྣམ་པ་ལྔ་ཡོད་པས་དེ་སྤྱོད་བྱེད་ཀྱང་རིགས་ལྔ་སྟེ། དེ་སྐད་དུ་ཡང་། ཞི་བ་ཡི་ནི་དཀྱིལ་
འཁོར་རོ། །ཁྲོ་བོ་ཡི་ནི་དཀྱིལ་འཁོར་ཏེ། །རྗེས་སུ་གཟུང་བ་བྱ་ཕྱིར་རམ། །གཞན་དག་ཚར་གཅད་བྱ་ཕྱིར་བཤད། །ཡང་ལྷ་དང་ལྷ་མོ་ཐ་དད་པ་དང་དེའི་རིགས་འབྱུང་སྟེ་དེ་མེད་ཀྱང་ནི་དེ་ཡོད་ནི། འགྲོ་བའི་དོན་དུ་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་རྣམས་ཀྱི་རྒྱུ་མཚན་ནི་འོག་
ནས་འཆད་དོ། །ཡང་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནི་ཨཱ་ལི་དང་པོ་ལ་སོགས་པ་སྟེ་དེ་བཞིན་ནོ། །ད་ནི་རྩའི་གྲངས་ལས་རྣལ་འབྱོར་མའི་གང་བསྟན་པའི་ཕྱིར། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་ཞེས་པ་ནི་ལེའུ་དང་པོ་ལས་སོ། །བཅུ་དྲུག་གཉིས་གསུངས་པ་ནི་སྔོན་དུ་དྲིས་པ་སྟེ།
བདེན་ཏེ་ཞེས་པ་ནི་ལྷག་མའོ། །ཇི་ལྟ་བུ་ཞེ་ན་རྩ་ནི་གཉིས་གཉིས་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་རྩ་གཉིས་སྡོམ་པའོ། །རྣལ་འབྱོར་མ་རེ་རེ་ཞེས་པ་ནི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའོ། །གསུམ་དུ་བརྗོད་ཅེས་པ་ནི་བརྐྱང་མ་ལ་སོགས་པའོ། །བདག་མེད་རྣལ་འབྱོར་ཞེས་པ་ནི་
རྩ་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གཅིག་པའོ། །འོ་ན་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ཐ་མ་ལྷག་པ་དང་རྩ་རྣམས་ཀྱི་ཐ་མ་ལྷག་པ་ཅི་བྱེད་ཅེ་ན། དེའི་ཕྱིར་གང་ཕྱིར་བཅུ་དྲུག་ཆ་མེད་ཅེས་པ་ནི་དབྱངས་ཡིག་བཅུ་དྲུག་པ་མེད་པའོ། །ཆ་མེད་ཅེས་པ་ནི་རྩ་སུམ་ཅུ་རྩ་གཉིས་པ་མེད་
པའམ་བདག་མེད་མ་བཞིན་དུ་མཁའ་སྤྱོད་མ་གསུམ་འདུས་པའོ། །འབད་པ་ནི་བླ་མ་ལས་རྙེད་པའི་མན་ངག་གིས་ཏེ་དབྱངས་ཡིག་བཅོ་ལྔ་པ་ལས་བཅུ་དྲུག་པ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་མེད་པ་དང་། དྲི་བ་དང་བརྗོད་པ་ཙམ་དུ་ནི་ཡོད་དོ། །རྩ་བདུད་འདྲལ་མ་ཡང་བྱང་
เล่ม ๕ · หน้า 305b
ཆུབ་ཀྱི་སེམས་གནས་པ་ཙམ་ལས་འཕེལ་བ་དང་འགྲིབ་པའི་བྱ་བ་མི་བྱེད་དོ། །དེའི་ཕྱིར་སྤང་བའོ། །དཔེར་ན་ཕྱིའི་ཟླ་བ་དཀར་པོ་དང་ནག་པོའི་ཕྱོགས་འཕེལ་བ་དང་འགྲིབ་པ་བཅོ་ལྔ་ལས་མེད་པའི་ཕྱིར་རོ། །འོ་ན་ཕྱིའི་ཟླ་བ་མེད་པས་བཅུ་དྲུག་པ་དང་སུམ་ཅུ་རྩ་གཉིས་པ་ལས་ཅི་གནོད་ཅེ་ན་
དེའི་ཕྱིར། བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །ཞེས་པ་སྟེ་ལུས་ལ་རྩ་གཉིས་ལ་བྱང་ཆུབ་ཀྱི་སེམས་གཡོན་ནས་འཕེལ་བ་བཅོ་ལྔ་དང་། གཡས་ནས་འགྲིབ་པ་བཅོ་ལྔ་རྒྱུ་བའི་ཕྱིར་རོ། །དེ་དང་ས་བོན་ཡི་གེ་དག་དང་ཅི་འབྲེལ་ཞེ་ན། དེའི་ཕྱིར་བདེ་བ་
ཆེན་པོ་ནི་རྟེན་ཏེ་ཞུ་བའོ། །ཨཱ་ལི་གཟུགས་ནི་ཞུ་བའི་གནས་བཅོ་ལྔ་ལས་ཨ་ལ་སོགས་པ་བཅོ་ལྔར་འགྱུར་བ་སྟེ། དེའི་རྩ་རྣམས་ཀྱང་དེ་རྣམས་ཡིན་པའི་ཕྱིར་རྣལ་འབྱོར་མ་རྣམས་ཞེས་པ་ནི་བདག་མེད་མ་ལ་སོགས་པ་བཅོ་ལྔའོ། །དེའི་ཆ་ནི་རྟེན་ཞུ་བ་དེ་ཡང་རྟེན་རྩའི་ཆས་སོ། །
ད་ནི་སྔར་གྱི་རྣམ་དག་དྲིས་པའི་ལན་དུ་བྱང་ཆུབ་ཀྱི་སེམས་བསྟན་པའི་ཕྱིར་རྡོ་རྗེ་སྙིང་པོས་གསོལ་ཞེས་པའོ། །ག་པུར་ངེས་པར་ཅིས་མི་སྤངས། །ཞེས་པ་ནི་ཀུན་རྫོབ་མི་སྤང་བའི་ཐབས་ཏེ་དོན་དམ་ཡང་ཤུག་ཀྱིས་དྲིས་པའོ། །རྣལ་འབྱོར་མ་ཀུན་ལས་ཞེས་པ་ནི་འཆད་པར་འགྱུར་
བའི་ཤིན་ཏུ་བཞིན་བཟངས་ལ་སོགས་པ་ལས་བྱུང་བའོ། །ལྷན་སྐྱེས་རང་བཞིན་ནི་ཀུན་རྫོབ་བོ། །ཟག་མེད་དང་འགྲིབ་མེད་ནི་གཟུང་བའི་ཐབས་ཀྱི་མི་འབྲལ་བའོ། །བཏུང་མཆོག་ནི་བདུད་རྩི་ཡིན་པས་སོ། །དེས་ནི་འདི་སྐད་སྟོན་ཏེ་ཀུན་རྫོབ་ལྷན་ཅིག་སྐྱེས་པའི་ཚུལ་ནི་རྟེན་རྣལ་
འབྱོར་མ་ལས་བྱུང་། གནས་པའི་ཚུལ་གཟུང་བའི་མན་ངག་བྱས་ལ་ཡོན་ཏན་བཏུང་མཆོག་སྟེ་ལུས་རྒུད་པ་ལ་སོགས་སེལ་བས་སོ། །དེ་ལྟར་ལགས་སམ་ཞེས་ཞུས་པའོ། །ཡང་རྣལ་འབྱོར་མ་ཀུན་ལས་བྱུང་ན་སྟོང་པ་ཤེས་རབ་ཀྱི་རང་བཞིན་ལས་སོ། །ལྷན་ཅིག་སྐྱེས་
དགའ་ནི་བདེ་བ་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ནམ་མཁའ་ཉིད་དུ་འབྲེལ་ཏེ་ནམ་མཁའི་རང་བཞིན་གཉིས་སུ་མེད་ཅིང་བདག་མེད་པའོ། །དེས་ཀྱང་འདི་སྐད་དུ་སྟོན་ཏེ་རྣལ་འབྱོར་མ་ཀུན་ལས་བྱུང་བའི་ཆོས་ཀྱི་སྐུ་ལྷན་ཅིག་སྐྱེས་དགའ་ལོངས་སྐུ་འཁྱུད་ནས། ནམ་མཁའ་དབྱེར་
เล่ม ๕ · หน้า 306a
མེད་བདེ་ཆེན་གྱི་སྐུ་ལགས་སམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་པ་ནི་ཡིན་པར་ཞུས་སོ། །ཇི་སྐད་སྨྲས་པ་དེ་བཞིན་ཞེས་པ་ནི། བདུད་རྩི་དང་བདེ་ཆེན་གྱི་སྐུར་བྱས་པ་སྟེ་བསྟན་པའོ། །དེ་བཤད་པ་ཡང་རྡོ་རྗེ་སྙིང་པོས་གསོལ་ཞེས་
པ་ནི་བདག་གི་ཡིན་ཡང་དེ་ལས་རྒྱས་པར་རོ། །ཐབས་གང་གིས་བསྐྱེད་ལགས་ཞེས་པ་ནི་ལམ་རིམ་པ་གཉིས་དྲིས་པའོ། །མ་བསྐྱེད་ན་བསོད་ནམས་མེད་ཅིང་སྡིག་པ་མེད་པས་བསྐྱེད་དེ་མི་སྤང་བར་ཞུས་པ་ཡང་བཀའ་སྩལ་ཞིང་རིམ་གཉིས་སུའོ། །དཀྱིལ་འཁོར་ནི་རྟེན་གྱི་རྣལ་འབྱོར་
རོ། །འཁོར་ལོ་ནི་བརྟེན་པའོ། །ཐབས་ནི་ཡེ་ཤེས་དགུག་པ་དང་དབང་དང་མཆོད་པ་ལ་སོགས་པའོ། །ཅི་རྫོགས་རིམ་གྱི་སྐབས་སུ་མི་འགལ་ལམ་ཞེ་ན། བསྐྱེད་རིམ་ཉུང་ལྡན་ཐ་མལ་གྱི་རྣམ་པར་བསྒྱུར་བ་ཙམ་ཡིན་པའི་ཕྱིར་རང་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཉིད་དོ། །བྱིན་གྱིས་བརླབ་པ་
ཞེས་པ་ནི། སྔར་བསྟན་པ་བཞིན་དབང་པོའི་རང་སྣང་བ་འཆད་པའམ་འཆད་པར་འགྱུར་བ་ལྟར་སྤྱོད་ལམ་དང་བསྲེའོ། །རིམ་པས་ཞེས་པ་ནི་རྫོགས་རིམ་མོ། །ཀྱང་ནི་བསྐྱེད་རིམ་བསྡུ་བ་སྟེ་གཉིས་སོ། །ཀུན་རྫོབ་དོན་དམ་བསྐྱེད་པ་ནི་གོ་རིམས་བཞིན་དུའོ། །ཀུནྡ་ལྟ་བུའི་ཟླ་བ་སྟེ་
ཞུ་བའོ། །བདེ་བ་ནི་མཚོན་པ་སྟེ་ནམ་མཁའ་ལྟ་བུའོ། །དེ་ནི་དེ་དག་སྡོམ་པའི་གནས་བསྟན་པའི་ཕྱིར་བུད་མེད་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ། ཨེ་ཝཾ་རྣམ་པའི་རང་བཞིན་དུ། །ཞེས་པ་ཤེས་རབ་ཀྱི་གསང་བའི་གནས་དང་། ཐབས་ཀྱི་གསང་བའི་གནས་དང་།
གཉིས་སྦྱར་བ་ལས་ཤེས་པར་བྱ་བ་དང་། ཡང་ལྟེ་བའི་གནས་དང་སྤྱི་བོའི་གནས་སུ་སྦྱར་བ་ལས་ཤེས་པར་བྱ། གཉུག་མའི་དབང་པོ་དང་དེ་བསྟེན་པའི་ཐབས་དང་བཅས་པ་ལས་ཤེས་པར་འགྱུར་རོ། །ད་ནི་དེ་དག་གི་རང་བཞིན་བསྟན་པའི་ཕྱིར། འདི་ཉིད་ནི་དོན་དམ་ཀུན་རྫོབ་བོ། །འཁོར་
བ་ནི་བསླད་པའོ། །མྱ་ངན་ལས་འདས་པ་ནི་གཉུག་མ་མ་བཅོས་པའོ། །དེའི་ཕྱིར་འཁོར་བ་སྤངས་ནས་གཞན་ཉན་ཐོས་ལྟ་བུའོ། །མྱ་ངན་ལས་འདས་པ་མི་རྟོག་ནི་རང་བཞིན་གཉུག་མ་མ་ཤེས་པ་སྟེ་བསྟན་པའོ། །དེ་བཤད་པའི་ཕྱིར། འཁོར་བ་གཟུགས་དང་སྒྲ་ལ་སོགས། །ཞེས་
เล่ม ๕ · หน้า 306b
པ་ནི་ཡུལ་གྱི་སྐྱེ་མཆེད་རྣམས་སོ། །འཁོར་བ་ཚོར་བ་ལ་སོགས་པ་ནི་ཕུང་པོ་རྣམས་སོ། །འཁོར་བ་དབང་པོ་ནི་ནང་གི་སྐྱེ་འཆེད་དོ། །འཁོར་བ་ཞེ་སྡང་ལ་སོགས་པ་ནི་ཉོན་མོངས་པ་ལྔའམ་རྣམ་པར་ཤེས་པའི་ཁམས་སོ། །འདི་རྣམས་ཆོས་ནི་མྱ་ངན་འདས་ནི་གཉུག་མ་ལས་མི་འགྱུར་
ཞིང་རང་གི་མཚན་ཉིད་འཛིན་པས་ཆོས་སོ། །རྨོངས་ཕྱིར་འཁོར་བ་ནི་རང་གི་མཚན་ཉིད་མ་རྟོགས་པར་འཁོར་བ་ལྟར་ལོག་པར་སྣང་ངོ་། །རྨོངས་བྱེད་འཁོར་བ་དག་པ་ནི་གློ་བུར་བ་མེད་པའོ། །མྱ་ངན་ལས་འདས་པར་འགྱུར་ནི་དག་པའི་ལུས་དང་སེམས་ལ་དབང་ཐོབ་པའོ། །རྟོག་པ་
མེད་པའི་བྱང་ཆུབ་ཀྱི་སེམས་ནི་ལུས་དང་སེམས་ཀྱི་ལྷན་ཅིག་སྐྱེས་པའོ། །ཀུན་རྫོབ་དོན་དམ་རྟེན་དང་བརྟེན་པའོ། །ཚུལ་ཅན་ནི་རུང་བ་སྟེ་རྟེན་ཡི་གེ་ཡང་བསྐྱེད་པ་མ་ཡིན་པའི་རང་བཞིན་ནོ། །ད་ནི་ཀུན་རྫོབ་བསྐྱེད་པའི་ཐབས་བསྟན་པའི་ཕྱིར། ཤིན་ཏུ་བཞིན་བཟངས་ནས་དེར་སྦྱོར་བ་ལས་
བྱུང་བའི་རྣལ་འབྱོར་མ་ཀུན་ལས་བྱུང་བའི་བཤད་པའོ། །བསྟན་པ་གཞན་གྱི་བཤད་པ་ཡང་མི་སྤང་ནི་མི་སྤང་བའི་ལན་ནོ། །ག་བུར་ནི་ལྷན་ཅིག་སྐྱེས་དགའི་ལན་ནོ། །མཁས་པ་ནི་འགྲིབ་མེད་ཟད་མེད་ཀྱི་ལན་ནོ། །ལག་ཏུ་མི་བླང་བ་ལ་སོགས་པ་ནི་བཏུང་མཆོག་གི་ལན་དུའོ། །ད་
ནི་དོན་དམ་ལྷན་སྐྱེས་སུ་བསྟན་པའི་ཕྱིར། ལྷན་སྐྱེས་རྣམ་དག་ཉིད་ཀྱི་ནི། །ག་བུར་ཉིད་ནི་བདག་མེད་མ། །ལ་སོགས་པ་དོན་དམ་སྐྱེད་པ་གསུངས་ཏེ། ཀུན་རྫོབ་ཉིད་ནི་ཀུན་རྫོབ་སྔ་མ་དེ་ཉིད་དོ། །བདག་མེད་མ་དེ་ནི་རྣལ་འབྱོར་མའོ། །བདེ་བ་བདག་མེད་ཚུལ་ཅན་ནི་ཐབས་དང་
ཤེས་རབ་ཀྱི་རང་བཞིན་ནོ། །དེ་ནི་བདག་མེད་མ་སྟེ་ཤེས་རབ་ཀྱིའོ། །བདེ་བ་ནི་ཐབས་སོ། །ཕྱག་རྒྱ་དབྱེར་མེད་དོ། །དེ་ཇི་ལྟར་སྐྱེ་ཞེ་ན། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས་ནི་བཞི་སྟེ་པདྨའི་ཟེ་འབྲུ་ལས་དང་པོར་དབྱངས་ཡིག་ནི་ཨེ་སྟེ་རྟེན་ནོ། །བློ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་ཆོས་
ཏེ་བརྟེན་པའོ། །སངས་རྒྱས་རྣམས་ཀྱིས་བཏགས་པ་ནི་དགྱེས་པའི་རྡོ་རྗེའམ་གཞན་གྱིས་ཏེ་ཡུལ་དུའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ནི་རྣལ་འབྱོར་པའམ། བདེ་བ་ཆེན་པོ་ནས་འབབ་པའོ། །དེ་ཉིད་བཅོམ་ལྡན་ཤེས་རབ་ནི་ལྟེ་བ་ན་གནས་པ་སྟེ་ཡུམ་དུ་བྱས་པའོ། །དེ་ནི་རིང་མིན་
เล่ม ๕ · หน้า 307a
ལ་སོགས་པ་ནི་དེ་དག་ལས་འདས་པའོ། །ལྷན་ཅིག་སྐྱེས་དགའ་བྱེད་པ་ནི་བདེ་བ་ཆེན་པོ་ལ་སོགས་པས་སོ། །དེ་ལས་སྐྱེས་པ་ནི་མཚོན་བྱ་ལས་བྱུང་བའི་མཚོན་བྱེད་མྱོང་བས་སོ། །རྣལ་འབྱོར་པས་དེའི་བདེ་བའི་བཟའ་བ་ནི་གཞན་
ལ་མི་ལྟོས་པར་རོ། །ཡང་ན་ག་བུར་ཉིད་ནི་བདག་མེད་མ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་སའི་དཀྱིལ་དང་། ནམ་མཁའི་དཀྱིལ་དུ་གནས་པའི་གཉུག་མའི་དབང་པོ་སྟེ། ག་བུར་ཉིད་ནི་བདག་མེད་མ་ནི་སྐྱེ་བ་མེད་དོ། །བདེ་བ་བདག་མེད་ཚུལ་ནི་བདེ་
བའི་གཟུང་ལ་བདག་མེད་པར་རྟོགས་པའོ། །དེའི་ཕྱག་རྒྱ་ཆེ་ནི་རྟེན་ཁྱད་པར་ཅན་དུ་མྱོང་བའོ། །ལྟེ་བའི་དཀྱིལ་ནི་བརྟེན་པའི་དཀྱིལ་དང་ནམ་མཁའི་དཀྱིལ་དུ་གནས་པའོ། །དང་པོ་དབྱངས་ཡིག་ནི་མ་ཏྲ་སྟེ། ཕྱི་མོའམ་ཐོག་མའོ། །བློ་ཞེས་སངས་རྒྱས་
རྣམས་ཀྱིས་བཏགས་ནི་བུདྡྷ་སྟེ་རྟོག་པ་ལས་འབྱུང་བའོ། །དེ་སྐད་དུ། མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུ་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་གྱུར་ཤེས་རབ་དམ་པ་
འདི་ལ་དགོངས་པ་མཛད། །ཅེས་གསུངས་སོ། །དེ་ལས་སྐྱེས་པའི་རྣལ་འབྱོར་ནི་དེ་ཉིད་བསྒོམ་པའོ། །དེ་ཉིད་བཅོམ་ལྡན་འདས་ཤེས་རབ་མ་ནི་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པའོ། །དེའི་མཚན་ཉིད་དབྱིབས་དང་ཁ་དོག་ལ་སོགས་པ་ཡིན་ཏེ་
རིང་མིན་ཐུང་མིན་ལ་སོགས་པའོ། །དེ་དང་ལྷན་ཅིག་ཅེས་བྱ་བ་ནི་དེར་སྐྱེས་པའི་ཡེ་ཤེས་སོ། །བདེ་བ་བཞི་པ་ནི་ཟག་མེད་མཐར་ཐུག་པའོ། །གཟུགས་སོགས་གཉིས་ཀྱིས་སྤྱོད་པ་ཉིད་དུ་སྟེ་དེར་སྦྱོར་བའོ། །དེའི་ཆོས་ཀྱི་འཁོར་ལོ་ལ་སོགས་པ་སྔ་མ་བཞིན་
ནོ། །མེ་ལོང་ཡེ་ཤེས་ནི་ཆོས་རྣམས་དེ་ལ་སྣང་བའོ། །མཉམ་ཉིད་ནི་རོ་གཅིག་པར་རྟོགས་པའོ། །སོ་སོར་རྟོག་པ་ནི་སེམས་ཅན་གྱི་དོན་གྱི་སྤྲུལ་པ་སྟོན་པའོ། །བྱ་བ་ནན་ཏན་ནི་བྱ་བ་ཐམས་ཅད་བསྒྲུབ་པའོ། །ཆོས་དབྱིངས་ནི་དེས་ཀུན་ལ་ཁྱབ་པའོ། །ཇི་
เล่ม ๕ · หน้า 307b
ལྟར་རིགས་པ་བཞིན་ནོ། །དེ་ལྟར་མཚན་ཉིད་བསྟན་ནས་ཆོས་བསྟན་པའི་ཕྱིར། །དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ་ནི་རྟེན་དག་པས་བདག་པོ་བྱས་ནས། མ་དག་པ་དང་རྣམ་པར་བྱང་བའི་ཆོས་དགྱེས་པའི་རྡོ་རྗེ་དང་། བདག་མེད་མ་དབྱེར་མེད་པའི་རང་བཞིན་ཏེ་གོ་སླའོ། །ད་ནི་ལུས་སྡོམ་
པ་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་ཞེས་པའོ། །འཁོར་ལོ་བསྒོམ་པ་ནི་སེམས་བསྐྱེད་པའི་ཐབས་ཏེ། དཀྱིལ་འཁོར་དང་འཁོར་ལོ་དང་རང་བྱིན་གྱིས་བརླབ་པའོ། །ལམ་དང་ཞེས་བྱ་བ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའོ། །ལྷ་རྣམས་ཇི་ལྟར་ནི་ག་བུར་ཀུནྡ་བདེ་བ་རྣམས་
ནམ་མཁའ་ལྟ་བུའོ། །འབྱུང་བ་ཉིད་ནི་བསྐྱེད་པ་སྟེ་ཀུན་རྫོབ་དང་དོན་དམ་གྱི་སེམས་གཉིས་སོ། །ཐམས་ཅད་བཅོམ་ལྡན་འདས་གསུངས་ནས། ཕྱག་རྒྱ་ཆེན་པོ་རྒྱས་བཏབ་པ་ཡང་གསུངས་པའོ། །སྡོམ་པ་བདག་ལ་བཤད་དུ་གསོལ། །ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱའི་ཚུལ་
དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནི་དེའི་ལན་དུའོ། །རྣལ་འབྱོར་མ་ལུས་ནི་བདག་མེད་པར་བསྒོམ་པའོ། །དབུས་གནས་ནི་ལྟེ་བར་རོ། །ཨཾ་སྡོམ་པར་གནས་ནི་བདག་མའི་ཡི་གེའི་རྣམ་པས་སོ། །ཇི་ལྟར་ཕྱི་རོལ་དེ་དེ་བཞིན་དུ་སྙིང་གར་དགྱེས་པའི་རྡོ་རྗེ་ཧཱུཾ་གི་རྣམ་པར་རོ། །
སྡོམ་པ་དེ་ཉིད་ནི་སྙོམས་འཇུག་གོ། །རབ་ཏུ་ཕྱེ་བའམ་བཤད་པ་ནི་རྣམ་པ་སྣ་ཚོགས་ལ་སོགས་པར་དབྱེ་བའོ། །བོ་ལའི་བདེ་བ་ནི་གསང་བའི་གནས་ཀྱི་ཡང་བསྐུལ་པའམ་ཧཱུཾ་དེ་ཉིད་དོ། །ཕྱག་རྒྱ་ཆེན་པོར་ཕྱག་རྒྱ་དེ་ཉིད་ལ་སྦྱར་བའམ་སྔར་གྱི་དང་འདྲ་བས་སོ། །རྡོ་རྗེ་སྐྱེ་མཆེད་ཐབས་
ཉིད་ནི་ཧཱུཾ་ཞུ་བ་གསང་བའི་དབང་པོར་ཉམས་སུ་མྱོང་བའོ། །འདིས་ནི་གསང་བའི་སྙོམས་འཇུག་ནི་ནང་གི་སྙོམས་འཇུག་གིས་སོ། །ཕྱི་རོལ་གཉིས་བསྟན་པ་མེད་དམ་དེ་བཞིན་ནི་བདག་མེད་མར་བསྒོམ་པ་ལའོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཕྱག་རྒྱ་ལ་བརྟེན་པར་ཕྱག་རྒྱ་ཆེན་
པོ་ཇི་ལྟར་འགྲུབ་ནུས་སྙམ་པའི་དོགས་པ་སེལ་བར་བྱ་བའི་ཕྱིར། སྔར་གྱི་ཧེ་རུ་ཀའི་གཟུགས་སུ་གྱུར་པའི་རྣལ་འབྱོར་མས་བྱ་བའི་ཐབས་ཡིན་ལ། འདིར་ནི་རྣལ་འབྱོར་པས་བདག་མེད་མ་བསྒོམ་པའི་ཐབས་སོ། །དེ་ལྟར་སྙོམས་འཇུག་གི་སྡོམ་པ་བསྟན་ནས། ད་ནི་སྤྱིར་ལུས་ལ་གནས་
เล่ม ๕ · หน้า 308a
བའི་སྡོམ་པ་བསྟན་པའི་ཕྱིར། སྐུ་གསུམ་ལུས་ཀྱི་ལ་སོགས་པ་སྟེ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བརྟེན་པ་ཁྱད་པར་དུ་བྱ་བའི་མིང་བསྟན་ཏོ། །ཚིག་རྐང་གཉིས་རྟེན་དང་བརྟེན་པའི་སྐུ་སྟེ་བདེ་བ་ཆེན་པོ་ཡང་ལྷག་མའོ། །ཡང་ཚིག་རྐང་གཉིས་ཀྱིས་ནི་
ལུས་ཅན་ཀུན་ལ་ཡོད་པར་བསྟན་པའོ། །སྤྲུལ་པར་གནས་བརྟེན་པ་ལ་སོགས་པ་ནི་རྒྱུ་མཚན་བཤད་པའོ། །ཨེ་ཝཾ་ལ་སོགས་པ་བསྟན་པས་དེ་བཤད་པ་ཡང་ལས་ཀྱི་རླུང་གིས་བསྐུལ་ཞེས་པ་ནི་མདོམས་བར་དུ་ཡཾ་རཾ་ལས་བསྐུལ་བའམ་སྙོམས་འཇུག་གི་དུས་བསྐྱེད་པས་སོ། །
བཅོམ་ལྡན་འདས་ཤེས་རབ་བརྗོད་ནི་བདག་མེད་མ་ཨཾ་གི་གཟུགས་ཅན་ནོ། །ཇི་ལྟར་བྱས་པ་ནི་དཀའ་བའི་བྱ་བ་དུ་མའོ། །དེ་བཞིན་སྤྱོད་ནི་ཡེ་ཤེས་རྟོག་པ་དང་འདྲེན་མ་དུ་མ་སྐྱེད་ཅིང་ཉམས་སུ་མྱོང་བའི་ཕྱིར་རོ། །རྒྱུ་མཐུན་ཞེས་པ་ནི་རབ་ཏུ་གྲགས་ནི་རྒྱུ་མཚན་དེས་བསྒྲུབ་པོ། །ཡང་
ལས་ཆུང་ཞེས་པ་ནི་རླུང་དང་མེའམ་སྙོམས་འཇུག་ལ་མི་ལྟོས་པའོ། །འབྲས་བུ་ཆེ་བ་ནི་ཡེ་ཤེས་རྩེ་གཅིག་པ་མྱོང་བའི་ཕྱིར་རོ། །རྣམ་སྨིན་དེ་ལས་བཟློག་པ་ནི་རྒྱུ་འབྲས་ཆེ་ཆུང་བཟློག་པའམ་རྒྱུ་མཐུན་དང་མི་འདྲ་བར་བཟློག་པ་སྟེ་རྣམ་སྨིན་གྲུབ་པའོ། །དེ་ནས་སྐྱེས་བུར་འབྲེལ་ཏེ་མགྲིན་
པ་ལོངས་སྤྱོད་ཀྱི་བདག་པོར་བྱེད་པར་འདོད་པས་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེར་ནི་རྣལ་འབྱོར་བདག་ཕྱིར་ནི་བདེ་ཆེན་དུའོ། །དྲི་མེད་ཉིད་ནི་གློ་བུར་བ་སྤངས་པ་སྟེ་བྲལ་བའི་འབྲས་བུའོ། །གང་ཕྱིར་སྤྲུལ་པ་ལ་སོགས་པ་ནི་དེ་རྣམས་དང་ཆོས་མཐུན་དུ་བྱས་པའམ། འབྲས་
བུ་སྐུ་གསུམ་ཡོངས་སུ་ཤེས་པ་བདེ་བ་ཆེན་པོའི་སྐུ་སྟེ། སྐྱེ་བ་གང་ལ་ཞེས་པ་སེམས་ཅན་ཐམས་ཅད་སྐྱེ་བ་ལྟེ་བ་ནས་འབྱུང་ལ། སྤྲུལ་པའི་སྐུ་ལས་སེམས་ཅན་གྱི་དོན་བྱེད་པས་དེ་དང་ཆོས་མཐུན་པའོ། །སྙིང་ག་དང་ཆོས་སྐུ་ཡང་ཆོས་ཐམས་ཅད་སེམས་ལས་བྱུང་བ་དང་། ཆོས་སྐུ་
ཡང་ཐམས་ཅད་ཀྱི་རྟེན་བྱེད་དེ། ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་བཞེད། །ཅེས་གསུངས་སོ། །མགྲིན་པ་དང་ལོངས་སྐུ་ཡང་རོ་དྲུག་ནི་མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། ཚ་བ་དང་། བསྐ་བ་དང་། ལན་ཚྭ་དེ་རྣམས་མགྲིན་པར་མྱོང་གི་
เล่ม ๕ · หน้า 308b
འདས་ནས་མ་ཡིན་པ་ལྟར་ལོངས་སྐུའི་ཞིང་ཁམས་དང་འཁོར་དང་ཆོས་ལ་ལོངས་སྤྱོད་པའོ། །སྤྱི་བོ་བདེ་ཆེན་གྱི་སྐུ་ཡང་སྤྱི་བོར་བདེ་བ་ཁྱད་པར་དུ་འཕགས་པ་བདེ་བ་ཆེན་པོའི་སྐུ་ཡང་སྐུ་གསུམ་ཡོངས་སུ་ཤེས་པས་ཁྱད་པར་དུ་འཕགས་པའོ། །ཨེ་ཝཾ་རྒྱུ་མཐུན་ནི་ཨེ་སྟེ་
སྤྲུལ་པ་ལ་སོགས་པ་ཨེ་ཝཾ་མ་ཡཱ་སྦྱར་རོ། །ཕ་རོལ་ཕྱིན་པ་ལ་འབྲས་བུ་བཞི་སྟེ། འཁོར་ལོ་བཞི་དང་ཆོས་མཐུན་བསྟན་ཏེ། དང་པོར་རྒྱུ་མཐུན་པའི་འབྲས་བུ་ནི། རྒྱུ་མཐུན་དང་འདྲ་བ་ཉིད་ཅེས་པ་བཟོ་ལ་སོགས་པ་ལས་མ་འོངས་པ་ན་ཡང་དེ་དང་མཐུན་པར་འབྱུང་སྟེ། ལས་
ཀྱི་རླུང་གིས་མེ་ལ་སོགས་པ་བསྐུལ་བས་ལྟེ་བའི་གནས་སུ་རྟོག་པ་དང་འདྲེན་པར་ཉམས་སུ་མྱོང་བས་སོ། །རྣམ་པར་སྨིན་པའི་འབྲས་བུས་ནི་དེ་ལས་དགེ་མི་དགེ་ཅུང་ཟད་ལས་མ་འོངས་པའི་དུས་སུ་ལྷ་མིན་ཁྱད་པར་ཅན་དང་ངན་སོང་དུ་སྨིན་པས་ལས་ཆུང་ལ་འབྲས་བུ་ཆེ་བ་
ཞེས་བྱ་སྟེ། དེ་ལྟར་ལྟེ་བ་ནས་སྙིང་གར་ཁྱད་པར་དུ་མྱོང་བའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་རྐྱེན་གྱི་སྟོབས་ཀྱིས་གང་ནས་གང་དུ་འཕེལ་བ་སྟེ། བསླབ་པ་ཁྱད་ཞུགས་པ་ལ་བྱ་སྟེ། དེ་ཡང་མགྲིན་པར་ཡང་སྔ་མ་ལས་གོང་ནས་གོང་དུ་འཕེལ་ལོ། །དྲི་མ་མེད་པའི་འབྲས་
བུ་ནི་མི་མཐུན་པ་དང་འབྲེལ་པ་སྟེ། དཔེར་ན་སྨིན་པའི་འབྲས་བུས་ལོངས་སྤྱོད་ཆེ་བ་དེས་འབུལ་བ་དང་བྲལ་བ་ལྟར། བདེ་ཆེན་དུ་ཡང་མི་མཐུན་པ་དང་བྲལ་ནས་ཡེ་ཤེས་གནས་པའོ། །ཉན་ཐོས་ལ་ཤེས་བྱ་སྡེ་པ་བཞི་དང་། ཤེས་བྱེད་སྡེ་པ་བཞི་སྟེ། དེ་ཡང་འཁོར་བཞིར་
སྦྱར་བ་གནས་བརྟན་པ་ཡང་དང་པོ་གནས་ཀྱི་གཞི་མ་ལ་བྱ་ལ། ལྟེ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ལྟེ་བ་ནས་ཆགས་པའོ། །དགེ་འདུན་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཁྲིམས་ལས་རེ་རེ་བཅས་པའི་གཞི་འདོད་པ་སྟེ། དཔེར་ན་ནག་པོ་འཆར་ཀའི་གཏམ་རྒྱུད་བཞིན་དུ་
ཀུན་ལ་ཡོད་པའོ། །སྙིང་ག་ཆོས་ཐམས་ཅད་འབྱུང་བའི་གནས་གཞིའོ། །དགེ་འདུན་ཀུན་བཀུར་ནི་སྡེ་པ་ཀུན་གྱིས་བཀུར་བའོ། །དེ་བཞིན་དུ་བྱ་བ་ཐམས་ཅད་བྱས་ནས་མགྲིན་པར་བཀུར་བའོ། །དགེ་འདུན་ཕལ་ཆེན་ནི་སྡེ་པ་གཞན་ལས་ཕལ་ཆེ་བས་ནའོ། །བདེ་ཆེན་ཡང་འོག་
เล่ม ๕ · หน้า 309a
མ་བས་བདེ་བ་ཟླ་བ་ཞུ་བ་ཕལ་ཆེ་བའོ། །ཤེས་བྱ་ཡང་སྡུག་བསྔལ་བདེན་པ་ནི་འཁོར་བའི་ཕུང་པོ་ལྔ་ཡིན་ལ་དེ་ལ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། དེ་ལ་སོགས་པའི་རྩ་བའི་
ཕུང་པོ་ཡིན་ལ། ལྟེ་བ་ཡང་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཆོས་མཐུན་པའོ། །ཀུན་འབྱུང་གི་བདེན་པ་ནི་ལས་དང་ཉོན་མོངས་པ་སྟེ་དེ་ལ་སྡུག་བསྔལ་འབྱུང་བའོ། །སྙིང་ག་ལ་ཆོས་དགེ་མི་དགེ་ཀུན་འབྱུང་བས་ཆོས་མཐུན་པས་སོ། །འགོག་པའི་བདེན་པ་སྡུག་བསྔལ་རྒྱུ་དང་བཅས་
པ་བཞི་པའོ། །སྤྱི་བོ་ཡང་མི་མཐུན་པ་ཐམས་ཅད་ཞི་ནས་གཉེན་པོར་གནས་པ་ཆོས་མཐུན་པའོ། །ལམ་གྱི་བདེན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ་དེས་མི་མཐུན་པ་རིང་དུ་སྤོང་བས་ལམ་མོ། །མགྲིན་པར་ཡང་མི་མཐུན་པའི་རིང་དུ་སྤོང་བས་ལམ་མོ། །ཡང་འཇིག་རྟེན་པའི་
ཆོས་དགོད་པ་དང་། བལྟ་བ་དང་། འཁྱུད་པ་དང་། གཉིས་སྦྱོར་བ་ཡེ་ཤེས་དང་། སྤོང་བའི་ཁྱད་པར་དུ་གྱུར་པ་སྦྱར་རོ། །དེ་བཞིན་དུ་དགའ་བ་དང་། སྐད་ཅིག་མ་རྒྱུད་བཞི་དང་། རིགས་བཞི་དང་བཞི་བཞིར་བསྡུས་ལ་སྦྱར་རོ། །དེ་ཡང་། དགྱེས་པའི་རྡོ་རྗེ་ཡིས་ནི་བདེ་མཆོག་འཁོར་
ལོ་དང་། །དེ་བཞིན་དུ་ནི་རྡོ་རྗེ་གདན་བཞི་དང་། །བཞི་བཞི་པ་ནི་ཐམས་ཅད་ཤེས་པར་འགྱུར། །ཞེས་གསུངས་པས་ཀུན་དུ་སྦྱར་བས་རྒྱུ་མཚན་ཅི་རིགས་པར་བྱའོ། །ཕྱི་རོལ་གྱི་ཞེན་པ་སྤང་བའི་ཕྱིར་རོ། །དེ་དག་གིས་ནི་སེམས་དང་ལུས་རྫོགས་པའི་སངས་རྒྱས་སུ་བསྟན་ནས། ད་ནི་ས་
བཅུ་པའི་སངས་རྒྱས་སུ་སྐྱེ་བ་དག་པ་བསྟན་པའི་ཕྱིར་གོ་རིམས་ཅུང་ཟད་བསྣོར་ཏེ། འདི་དག་རྐྱེན་གྱིས་སེམས་ཅན་རྣམས་སུ་འབྲེལ་ཏེ་རྐྱེན་གྱིས་ནི་ས་མ་ཡ་ཀྲི་པ་སྟེ། སེམས་ཅན་རྣམས་ནི་དེ་དག་ཏུ་གྱུར་པའོ། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད་ནི་དོན་ལ་སྐྱེ་བ་དག་པས་སོ། །ཅིས་ཤེ་ན་ཟླ་བ་
བཅུར་ནས་རྣམས་ཕྱིར་ནི་དག་པ་ཡིན་པའི་ཕྱིར་རོ། །སེམས་ཅན་ས་བཅུའི་དབང་ཕྱུག་ནི་དེ་ལས་མཛད་པ་འབྱུང་བའོ། །གང་དག་ཅེ་ན། དེ་ལ་ལྟེ་བ་གནས་སུ་བརྗོད་དུ་འབྲེལ་ཏེ། གནས་ནི་རྒྱལ་བའི་གནས་དགེ་འདུན་གྱི་གནས་ལྟ་བུའོ། །སྐྱེ་གནས་ནི་མངལ་ལམ་ཆོས་འབྱུང་ངོ་། །
เล่ม ๕ · หน้า 309b
འདོད་ཆགས་བྲལ་བ་འབྱུང་ནི་བཙུན་མོ་ནང་ནས་འབྱུང་བའི་བར་དུ་བྱུང་བའོ། །མངལ་གྱི་ཁྲུ་མ་ཆོས་གོས་ཀྱི་གཙོ་བོ་ཙི་བ་རའོ། །དེ་བཞིན་མ་ནི་མཁན་པོ་ཉིད་ནི་མཁན་པོ་ལྟ་བུ་སྟེ་དེ་ལ་ནོད་པའོ། །མགོ་བོ་ཐལ་མོ་སྦྱར་བ་ནི་སྐྱེ་བའི་དུས་ནའོ། །ཕྱག་ནི་དེར་ཞེས་བྱའོ། །འགྲོ་བའི་བྱ་བ་ནི་སྐྱེ་
གནས་ཐ་མལ་གྱི་བྱ་བའོ། །ཁྲིམས་ནི་སིན་ཁྱ་སྟེ་བསླབ་པའི་རིམ་པའོ། །གནས་ནི་བནྡྷན་ཛ་སྟེ། སྟོན་པའི་ཚིག་གམ་ནོད་པའི་གནས་སོ། །དེ་བཞིན་ཨ་ཧཾ་ཐོག་མ་ཉིད་ནས་སྐད་འདོན་པའོ། །སྔགས་བཟླས་ནི་ཨཱ་ལི་ཀཱ་ལི་བསྡུས་པའོ། །གང་དུ་ཞེ་ན། སྐྱེ་གནས་འཁོར་ལོ་ནི་ལྟེ་བར་རོ། །
རྣམ་པ་ཨ་ནི་ཨཾ་ཡིག་གོ། །བདེ་ཆེན་གྱི་ཡང་ནི་སྤྱི་བོར་རོ། །རྣམ་པ་ཧཾ་ནི་ཧཾ་ཡིག་གོ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས་ནི་ཐོག་མ་ཉིད་ནས་དགེ་སློང་ཉིད་དོ། །ཁྱད་པར་ནི་ཅི་ཞེ་ན། གོང་གི་ཨ་ཧཾ་དང་ལྡན་པས་སྔགས་སྐྱེས་པའོ། །ད་ནི་རྫོགས་པའི་སངས་རྒྱས་སུ་བསྟན་པས་སྐྲག་པའི་ཐེ་ཚོམ་
དུ་གྱུར་པས་ནི་དེ་ནས་རྣལ་འབྱོར་མ་ལ་སོགས་པའོ། །དེ་ནས་དེ་དབུགས་དབྱུང་བར་བྱ་བའི་ཕྱིར་ཡང་རྡོ་རྗེ་ཅན་གྱིས་ནི་དགྱེས་པའི་རྡོ་རྗེས་སོ། །ལྷ་མོ་ཐམས་ཅད་གཟིགས་ནས་ནི་འགྱེལ་བ་རྣམས་སོ། །བསླང་བའི་ཕྱིར་ནི་དྲན་པ་རྙེད་ནས་དབུགས་དབྱུང་བའོ། །ཡང་དག་པར་བསྟོད་
པ་ནི་ཡོན་ཏན་བརྗོད་པའོ། །ཅི་ཞེ་ན། ཁི་ཏོ་ཛ་ལ་སོགས་པ་མིང་ཁྱད་པར་ལྡན་པ་ལ་སོགས་པ་བསྡུས་པའི་ལྷ་མོ་སྤྱན་ལ་སོགས་པ་ཆོས་ཀྱི་སྣོད་ཡིན་པར་བསྟོད་པའོ། །གང་ཞིག་སུས་ཀྱང་མི་ཤེས་པ་ནི་བྱང་ཆུབ་སེམས་དཔས་ཀྱང་ངོ་། །དེ་ཉིད་ང་ཡིས་སྤྲོ་ཡི་ཉོན་ནི་གདམས་པར་གནང་
བའོ། །བཅོམ་ལྡན་འདས་ཀྱི་གསུང་ནི་ལྷ་མོ་དག་ལ་བསྟོད་པ་དེ་དག་གོ། །རྨི་ལམ་ལྟ་བུར་ཐོས་ནས་བརྒྱལ་བའི་སྐབས་སུ་ཡང་ཡང་དུ་དྲན་པས་སོ། །ཐམས་ཅད་སྲོག་རྙེད་བར་འགྱུར་ནི་བརྒྱལ་བ་ཅུང་ཟད་སངས་པའོ། །ད་ནི་དབུགས་གཉིས་པ་དབྱུང་བའི་ཕྱིར། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ་ནི་དྲན་པ་ཅུང་ཟད་རྙེད་པ་རྣམས་ལའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ལྷ་མོ་དག་ལ་བསྟོད་པ་དག་གོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ནི་སྟོང་པ་ཉིད་ནི་རྟོགས་པས་སོ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ནི་སྟོང་པ་སངས་རྒྱས་ཀྱི་རང་བཞིན་ཡིན་ཡང་
เล่ม ๕ · หน้า 310a
སྒྲིབ་པའོ། །དེ་ཉིད་བསལ་ནས་སངས་རྒྱས་ཀྱི་སྒྲིབ་པ་དེ་ཉིད་བདག་མེད་པར་གསལ་བའི་སངས་རྒྱས་སོ། །ལྷ་མོས་གསོལ་བ་ནི་དྲན་པ་བརྟན་པར་གྱུར་ནས་སོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ་སེམས་ཅན་གྱི་སེམས་བདག་མེད་པའི་དབང་དུ་བྱས་པའི་
ཚེའོ། །བདེན་ཏེ་ནི་དོན་དམ་དུའོ། །བརྫུན་པ་མ་ལགས་ནི་ཀུན་རྫོབ་ཐབས་ཀྱི་དབང་དུ་བྱས་པས་སོ། །ཡང་ན་བཅོམ་ལྡན་འདས་ཀྱིས་གསུངས་དེ་མི་བརྫུན་པའོ། །ད་ནི་དབུགས་གསུམ་པ་དབྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་ལྷ་མོ་དག་རྟོག་པ་དང་ལྡན་པ་ལ།
བདེ་བའི་ཉམས་བསྐྱེད་པའི་ཕྱིར་རོ། །མི་ཤེས་བཙན་དུག་ཏུ་དཔེའོ། །རྨོངས་སྤངས་དེ་ཉིད་ཀྱིས་ཞེས་པ་ནི་དཔེ་ལས་འབྱུང་བ་སྔར་གྱི་བདག་པོའོ། །དེའི་མྱ་ངན་ཡོངས་སུ་གཅོད་ནི་སྟོང་པར་རྟོགས་པས་དབུགས་གཉིས་པ་ཕྱུང་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དཔེ་ལྟར་རོ། །
ཞི་བའམ་ཐར་པ་ནི་བདག་མེད་པ་དཔེ་ལས་བྱུང་བའོ། །ཐབས་ཤེས་རབ་ནི་བདེ་བའོ། །དགྱེས་པའི་རྡོ་རྗེ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་རོར་བྱས་པའོ། །མ་རིག་པ་ལ་སོགས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །གཏི་མུག་ལ་སོགས་པ་ནི་ཤེས་བྱའི་སྒྲིབ་པའོ། །ཡང་ན་མ་རིག་པ་
ལ་སོགས་པས་མི་འཛིན་ནི་སྔར་བདག་མེད་པར་བྱས་པས་སོ། །གཏི་མུག་ལ་སོགས་པས་མི་འཆིང་ནི་ལྷན་ཅིག་སྐྱེས་པའི་བདེ་བས་སོ། །རང་དང་རང་གི་བྱང་ཆུབ་ཕྱིར་ནི་གཉུག་མའི་ཡེ་ཤེས་ཡིན་པས་སོ། །སངས་རྒྱས་མ་ཡིན་སེམས་ཅན་ནི། །ཞེས་པ་ནི་ལྷན་ཅིག་སྐྱེས་གཉིས་ལས་
གཞན་པའི་ལུས་སེམས་སོ། །གཅིག་ཀྱང་ཡོད་པ་མ་ཡིན་ནི་བདེ་ཆེན་དང་ལྡན་པའི་སངས་རྒྱས་འབའ་ཞིག་གོ། །འོ་ན་དམྱལ་བ་ལ་སོགས་པ་ཅི་ཞེ་ན། དེའི་ཕྱིར་རྟག་ཏུ་རང་བཞིན་བདེ་བ་ཅན་ནི་གཉུག་མར་ལྡན་པ་ཡང་མ་ཤེས་སོ། །འོ་ན་ལྷ་ལ་སོགས་པས་མྱོང་ཞིང་ཤེས་སོ་
ཞེ་ན། །དེའི་ཕྱིར་ལྷ་དང་ལྷ་མིན་ཞེས་པ་ནི་བདེ་བ་མྱོང་ཞིང་ཤེས་ཀྱང་ངོ་། །བདེ་བ་གང་ཕྱིར་མི་ཤེས་ཞེས་པ་ནི་རྟག་ཏུ་གཉུག་མའི་རང་བཞིན་མི་ཤེས་པའོ། །དེ་དག་བསྡུ་བའི་ཕྱིར་འཇིག་རྟེན་ཁམས་ནི་ལ་སོགས་པའི་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ་ནི་ལྷ་མོ་རྣམས་དབུགས་ཕྱིན་ནས་དེའི་
เล่ม ๕ · หน้า 310b
དོན་བསྡུས་ནས་འདིར་བརྗོད་པའོ། །ཀྱེའི་རྡོ་རྗེའི་ཐབས་རྙེད་ནི་དབུགས་དབྱུང་གསུམ་པ་ལྟར་རོ། །ཡུལ་རྣམས་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ནོ། །རྣལ་འབྱོར་ནི་བདག་མེད་པས་སོ། །བླ་མེད་རྙེད་ནི་བདེ་བའི་རོས་སོ། །ད་ནི་སྔར་བསྟན་པའི་ཕྱག་རྒྱ་ངེས་པའི་རྒྱུ་
མཚན་བཤད་པའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སྙིང་པོས་གསོལ་བ་ནི་ས་ནི་པུཀྐ་སཱིར་བཤད་པ། གང་ཕྱིར་གཏི་མུག་སྲ་བ་ཉིད། །ཅེས་པ་ལ་སོགས་པ་ནི་སྔར་གྱི་ཕྱག་རྒྱའི་རྒྱུ་མཚན་དྲིས་པ་སྟེ། མ་ལ་སོགས་པ་ལ་ཕྱག་རྒྱ་ཞེས་
པ་ནི་དེ་ཉིད་མི་འཐད་པར་སྟོན་ཏེ། ལུས་ལ་སེམས་ཀྱི་ཕྱག་རྒྱ་འདེབས་པ་དང་། ཐུགས་ལ་སྐུའི་ཕྱག་རྒྱ་འདེབས་པ་མི་རིགས་སོ་ཞེ་ན་འདིར་ནི་མི་འཐད་པ་མེད་དེ། སེམས་སྤངས་ནས་ནི་ལུས་ཀྱི་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །ཞེས་པ་ནི་བྱིན་གྱིས་བརླབ་བྱ་དང་རློབ་བྱེད་ཀྱི་དབང་དུ་
བྱས་ཏེ་གསུངས་སོ། །ཡང་། སེམས་སྤངས་ནས་ནི་ལུས་ཀྱི་ནི། །ཞེས་པ་སྔ་མ་དང་གཉིས་ཀ་ལ་རྩ་བའི་ཚིག་བསྒྱུར་ཏེ་འདིར་ནི་ལུས་སྤངས་ནས་ནི་ཞེས་བྱ་སྟེ་རྟེན་དང་བརྟེན་པའི་རྒྱུ་མཚན་ནོ། །རྡོ་རྗེ་སྙིང་པོས་གསོལ་པ། །མེ་ནི་གདོལ་བ་མོར་བཤད་དེ། །ཞེས་པ་ནི་འདོད་ཆགས་ཀྱི་ཕྱག་རྒྱར་
རིགས་པ་ལས་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱར་ཇི་ལྟར་འགྱུར་ཞེ་ན། འདི་ནི་རྒྱུ་ལ་འབྲས་བུའི་རྒྱས་བཏབ་པའི་རིགས་པ་སྟེ། སེར་སྣ་དང་ཤ་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་པ། གང་ཕྱིར་རླུང་གི་གཡུང་མོ་ཉིད། །ཅེས་པ་ནི་གཡུང་མོ་ལ་ཕྲག་དོག་གི་ཕྱག་རྒྱས་རིགས་
པ་ཡིན་ནོ་ཞེ་ན། འདོད་ཆགས་ཀྱི་ཕྱག་རྒྱས་ཕྲག་དོག་ལ་འདེབས་པ་ནི་འབྲས་བུ་ལ་རྒྱུ་ཡིས་རྒྱས་བཏབ་པའི་རྒྱུ་མཚན་དང་། དེ་བཞིན་དུ་གཽ་རཱི་དང་ཙཽ་རཱི་ལ་སོགས་བྱིན་གྱིས་བརླབ་བྱ་རློབ་བྱེད་དང་རྟེན་དང་བརྟེན་པའི་རྒྱུ་མཚན་གྱིས་སྔ་མ་དང་འདྲའོ། །རོ་ལངས་མ་དང་གྷ་སྨ་རཱི་ཡང་རྒྱུ་ལ་འབྲས་བུས་རྒྱས་
གདབ་པ་དང་། འབྲས་བུ་ལ་རྒྱུ་ཡིས་རྒྱས་གདབ་པ་སྔ་མ་བཞིན་ནོ། །དེ་ནས་གཏོར་མ་བསྟན་པའི་ཕྱིར་དགྱེས་པའི་རྡོ་རྗེ་ནི་གྱུར་མ་ཐག་པ་དེའམ། རྡོ་རྗེ་འཛིན་ནི་ཉེ་བའི་རྒྱུའི་རང་བཞིན་ཡིན་པས་སོ། །སྙོམས་འཇུག་གནས་པ་ནི་དགྱེས་པའི་རྡོ་རྗེའོ། །ལྷ་ཉིད་ནི་ལུས་ལས་འབྱུང་བ་སྟེ་ཞུ་བ་
เล่ม ๕ · หน้า 311a
དང་བཅས་པ་ལའོ། །སེམས་ཅན་དོན་ཕྱིར་ནི་འཆད་པར་འགྱུར་བའི་ཕན་ཡོན་ནོ། །གཏོར་མ་ཆེ་ནི་བ་ལིཾ་སྟེ་སྟོབས་སམ་ནུས་པ་དང་ལྡན་པའོ། །བདག་མེད་མས་ཞུས་པ་ནི་གཞན་གྱི་དོན་དུའོ། །ཨེ་ཝཾ་རྣམ་པར་བཞུགས་ནི་སྙོམས་འཇུག་གི་ཚུལ་ལམ། ཨེ་ཝཾ་ངེས་
བཞུགས་ནི་སྔོན་བྱུང་དང་རྗེས་སུ་འཇུག་པ་གཉིས། སྔོན་བྱུང་དུ་བཅོམ་ལྡན་འདས་ཆོས་འབྱུང་དང་གཞལ་ཡས་ཁང་ན་གནས་པའོ། །རྗེས་སུ་འཇུག་པ་ནི་སྒྲུབ་པ་དང་མགྲོན་ཏེ། ཆོས་འབྱུང་གི་ནང་གི་པདྨ་སུམ་བརྩེགས་བསྒོམས་པ་ལ་དབུས་ཀྱི་ལྟེ་བ་ལ་རང་གནས་སོ། །འདབ་མ་ལ་མགྲོན་
དམིགས་པར་བྱའོ། །ཡང་གཏོར་མ་ཨེ་ཝཾ་སྟེ་རླུང་དང་མེ་དང་ཐོད་པར་སྦྱར་བ་ལ་སོགས་པའོ། །བྱིན་གྱིས་རློབ་པའི་ཚེ། ཨཾ་ཧཱུཾ་ཨེ་ཝཾ་གྱི་བརྡས་ཤེས་རབ་དང་ཐབས་སུ་བྱས་པའོ། །གཞན་དག་ནི་དེ་བཞིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། གཏོར་མ་སྔར་བཤད་པའི་བདུད་རྩི་སྦྱངས་པས་བསྒྲུབས་
ནས་ཆོས་ཀྱི་འབྱུང་གནས་ནང་དུ་ནི། པདྨ་འདབ་མ་སུམ་བརྩེགས་བསམ། །དཀར་དང་སྔོ་དང་དམར་བ་སྟེ། །སྟེང་དུ་ཨོཾ་ལས་ཚངས་ལ་སོགས། །བར་དུ་ཧཱུཾ་ལས་བརྒྱ་བྱིན་སོགས། །འོག་ཏུ་ཨཱཿལས་མཐའ་ཡས་སོགས། །པདྨའི་མདོག་བཞིན་བསྐྱེད་པར་བྱ། །རང་བཞིན་སྤྱན་དྲང་གཉིས་
མེད་བསྟིམ། །བྱིན་བརླབ་དབང་བསྐུར་ཚུལ་བཞིན་བྱ། །སྟེང་ལ་རྟག་པ་མི་བསྐྱོད་དབུས། །འོག་མ་སྣང་བ་མཐའ་ཡས་མཚན། །ལྗགས་ལ་རྡོ་རྗེར་བརླབས་ལ་དབུལ། །བསྔོ་བ་གཉིས་ཏེ་ཟང་ཟིང་ཆོས། །རིམ་པ་བཞིན་དུ་བསྔོ་བའོ། །ཕན་ཡོན་གཉིས་ཏེ་རེ་ཞིག་དང་། །རྒྱུན་དུ་བྱིན་པའི་
ཕན་ཡོན་ནོ། །ཡང་སྔར་ནི་ཕྱག་རྒྱའི་ངེས་པ་བསྒྲུབ་པ་ལས་མཁའ་སྤྱོད་མ་ལ་སོགས་པ་རིགས་གསུམ་དུ་བྱ་བ་དང་རིགས་ཀྱི་དབྱེ་བ་གོ་སླའོ། །ལེའུ་བཞི་པའོ།། །།ད་ནི་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལས་གསུངས་པ། དེའི་སྒྲུབ་ཐབས་བཤད་པར་ཞུས་པ་ནི། ཕྱག་ནི་བཅུ་དྲུག་ཞལ་
བརྒྱད་པ། །ཞེས་པ་ནི་རྡོ་རྗེ་འཆང་ལ་བདག་མེད་མས་གསོལ་བ་གདབ་པའོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན་ནི་མི་མགོ་ལྔ་བཅུའི་ཕྲེང་བ་འཕྱང་སྟེ་འདུ་བྱེད་ལྔ་བཅུ་དག་པའོ། །གཞན་དག་ནི་རྣམ་པར་དག་པ་སྔར་བཤད་ཟིན་ཏོ། །བཅོ་ལྔས་ཡོངས་སུ་བསྐོར་བའི་བདག་གི་འཁོར་ལོ་
เล่ม ๕ · หน้า 311b
ཁྱེད་ཀྱིས་བཤད་ནི་ལེའུ་བརྒྱད་པར་གསུངས་པའོ། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་དྲིས་པའོ། །བདག་མེད་མ་ལ་འོ་མཛད་ནས། །ཞེས་བྱ་བ་ལ་སོགས་པ་ནི་ཞེ་སྡང་ཅན་དང་ཆགས་པ་ཅན་འདུལ་བའི་དོན་ཏོ། །འཁོར་ལོ་ཇི་ལྟར་སྔར་གསུངས་པ། །ཞེས་པའི་དོན་
འདིར་སྒྲུབ་པའི་ཐབས་ནི་སྒྲུབ་པ་པོས་གནས་གང་ཡང་རུང་བར་བྱ་བ་དང་། ཚོགས་བསགས་པ་དང་། སྲུང་བ་མཚམས་དང་ཆོས་ཀྱི་འབྱུང་གནས་བསྒོམ་པ་སྔ་མ་ལྟར་བྱས་ལ། འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་ཡི། །ཞེས་ལེའུ་བརྒྱད་པ་ལྟར་བསྒོམས་ལ།
ཁྱད་པར་ནི་འཕར་མ་གཅིག་པ་ལ་སོགས་པ་དང་ལྡན་པའི་རྗེས་ལ། ཚངས་པ་དབང་པོ་ཉེ་དབང་དྲག །ལ་སོགས་པ་སྦྱར་ལ། དུར་ཁྲོད་བརྒྱད་དང་བཅས་པའི་དབུས་སུ་བདུད་བཞི་བསྣོལ་མར་བསྒོམས་ནས་ཨ་ལ་བཛྲ་ཞེས་པའི་སྔགས་བརྗོད་དོ། །དེ་སྐད་དུ་ཡང་། མི་མཉམ་མེད་པས་
གྲུ་བཞི་སྟེ། །དྲན་པས་དབང་པོ་སྒོ་བཞི་ཡིན། །རྣམ་ཐར་བརྒྱད་ཀྱི་ཀ་བ་སྟེ། །ཏིང་འཛིན་བཞི་ཡི་ཁ་ཁྱེར་ཏེ། །བསམ་གཏན་བཞི་ཡི་རྟ་བབས་ཅན། །འདོད་པའི་ཡོན་ཏན་ལྔ་ཡིས་སྤྲས། །ཉོན་མོངས་ཆེ་ཆུང་རྣམ་དག་པའི། །དྲ་བ་དང་ནི་དྲ་བ་ཕྱེད། །ཁམས་གསུམ་བདག་ནི་མེད་པ་
ཡི། །དུར་ཁྲོད་བརྒྱད་ཀྱིས་ཉེ་བར་མཛེས། །ཚངས་པ་ལ་སོགས་མནན་པ་ནི། །ཐ་མལ་རྣམ་སྦྱོང་གཞལ་ཡས་ཁང་། །རྟེན་གྱི་རྣལ་འབྱོར་དྲོད་གཤེར་ལས་སྐྱེས་པ་དང་མཐུན་པ་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པའོ། །དེ་ནས་འདོད་ཆགས་ཆེན་པོ་རྗེས་ཆགས་ཞེས་བྱ་བ་ཤློ་ཀ་
གཅིག་སྦྱར་ཏེ། དེ་ལ་དབུས་སུ་ང་ཡོད་ཅེས་བྱ་བ་ནི་རྡོ་རྗེ་འཆང་བསྐྱེད་པ་སྟེ། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ནི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་དགུག་པ་ནི། །
ཡོ་གི་ཞེ་སྡང་བདག་ཉིད་ཅེས། །མངོན་པར་བྱང་ཆུབ་ལྔ་སྦྱར་ཏེ། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཡིན་ཞེས་ཟེར། །དེ་རྣམས་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པའོ། །ཞེས་པ་རྡོ་
เล่ม ๕ · หน้า 312a
རྗེ་འཆང་སྐུ་མདོག་དཀར་པོ་གོང་དུ་གསུངས་པ་དང་། འོག་ནས་འཆད་པའི་ཕྱག་མཚན་ལ་སོགས་པ་དང་ལྡན་བར་བསྐྱེད་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ལ་རྗེས་སུ་ཆགས་པའི་སྔགས་བརྗོད་པ་ནི་རྗེས་སུ་ཆགས་པའི་ཡན་ལག་སྟེ་སྒོང་སྐྱེས་དང་ཆོས་མཐུན་པའོ། །དེའི་
རྗེས་ལ། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང་། །དགའ་བས་ཤིན་ཏུ་རོལ་པ་ལས། །ཞེས་སྦྱར་ཏེ། དེ་ཡང་། དང་པོ་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་གསུངས་ཏེ་འཁོར་རྗེས་སུ་མཐུན་པའི་བྱང་ཆུབ་པ་ལྔས་མངལ་སྐྱེས་ཀྱི་སྒོང་སྐྱེས་དང་འདྲ་བར་བསྐྱེད་དེ།
གཾ་ཙཾ་ལ་སོགས་པ་ཚིག་གཉིས་སྦྱར་རོ། །དེའི་དོན་ནི་སྙིང་ག་ནས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཀུག་ནས་ཞལ་དུ་ཞུགས། སྙིང་གར་ཞུ། སྲོག་དག་པའི་ལམ་ནས་བྱུང་སྟེ། ཡུམ་གྱི་པདྨར་ཐིག་ལེ་དེ་ལས་ས་བོན་བརྒྱད་དུ་གྱུར་པ་དང་། མདུན་གྱི་ཚངས་པའི་གདན་
སྟེང་དུ་ཨཱ་ལི་ལས་ཟླ་བ་ཀཱ་ལི་ལས་ཉི་མ་དེའི་བར་ན་གཾ །དེ་ལས་གྲི་གུག །དེ་སྤྲོ་བསྡུ་བྱས་ནས་ཞུ་བ་ལས་གཽ་རཱི་བསྐྱེད་དེ། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །རླུང་གི་མཚམས་སུ་གཡུང་མོ་ནི། །ཞེས་པའི་མཐར་ཏེ། རླུང་མཚམས་ནི་ཉི་མའི་སྟེང་ན་
ཐགས་བཟངས་རིས་མནན་པའི་སྟེང་དུ་ཨཱ་ལི་ལས་ཟླ་བ་ཀཱ་ལི་ལས་ཉི་མ། དེ་གཉིས་བར་དུ་ཌཾ་དེ་ལས་རྡོ་རྗེ་ལ་ཌཾ་གིས་མཚན་པ་དེ་སྤྲོས་བསྡུས་ནས་ཞུ་བ་ལ་གཡུང་མོ་བསྐྱེད་དོ། །གཞན་ལ་ཡང་དེ་བཞིན་སྦྱར་རོ། །དེ་སྐད་དུ། ཟླ་བ་ཉི་མའི་རབ་དབྱེ་བས། །དཀར་མོ་ལ་སོགས་རབ་ཏུ་གྲགས། །
ཞེས་གསུངས་སོ། །དེ་ལྟར་འཁོར་བསྐྱེད་ནས་གཙོ་བོ་འགྱུར་བ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མ་བཅས་པར་ཞུ་བར་འགྱུར། །ཞེས་པ་སྟེ། རྒྱུའི་འགྱུར་བ་ནི་སྔར་གྱི་ཐིག་ལེ་བྱང་ཆུབ་སེམས་དཔའ་འབྲུ་ལྔར་གྱུར་པ་དེ་གཙོ་བོའི་ཞལ་དུ་ཞུགས་པས་གཙོ་བོ་དང་རིག་མར་བཅས་པ་
ཞུའོ། །དེ་ནས་རྐྱེན་གྱིས་འགྱུར་བ་ནི། །སྣ་ཚོགས་གླུ་ཡི་མཆོད་པ་ལས། །དེ་ནས་ལྷ་མོ་རྣམས་ཀྱིས་བསྐུལ། །ཞེས་པ་སྟེ་མཚམས་ཀྱི་ལྷ་མོས་བསྐུལ་ཏེ་ཆོས་ཅན་རྣམ་པར་དག་པ་འབྱུང་བ་བཞིས་འབྲས་བུ་བསྐྱེད་པ་དང་། ངོ་བོ་ཚད་མེད་པ་བཞེས་སེམས་ཅན་གྱི་དོན་བྱེད་པ་དང་ལས་
เล่ม ๕ · หน้า 312b
སོ་སོར་ངེས་པ་སྟེ། མཚམས་མས་སློང་བའི་ལས་དང་། སྒོ་མས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ལ་སོགས་པའོ། །རྗེ་བཙུན་ཞེས་བྱམས་པ་ཆེན་པོ་པུཀྐ་སཱིའི་གླུ་སྟེ་སྲི་ཞུས་བོད་པའོ། །སྙིང་རྗེའི་ཡིད་ཀྱིས་བཞེངས་ཤིག་པ་སྟེ་ཐིག་ལེ་ལས་བསྐུལ་བའོ། །པུཀྐ་སཱི་ནི་བདག་ལ་
སྐྱོབས་ནི་སེམས་ཅན་གྱི་དོན་མཛོད་ཅིག་པའོ། །སྟོང་པའི་རང་བཞིན་ཉིད་སྤོངས་ལ་ནི་ཐིག་ལེ་སྟོང་པ་དང་འདྲ་སྟེ་གཞན་དོན་མི་ནུས་པའོ། །བདག་ལ་བདེ་ཆེན་སྦྱོར་ནི་གཞན་དོན་ལ་བསྐུལ་བ་སྟེ་གཞན་བདེ་བས་བདག་བདེ་བའོ། །ཁྱོད་མེད་ན་ནི་བདག་འགུམ་པས། །ཞེས་པ་
སྙིང་རྗེ་ཆེན་པོ་ཤ་བ་རཱིའི་གླུ་སྟེ་བདག་གི་སྲོག་སྙིང་རྗེས་གཞན་དོན་མེད་ན་སྙིང་རྗེ་མེད་པ་བདག་འགུམ་པ་ཞེས་པའོ། །ཀྱེའི་རྡོ་རྗེ་ཞེས་བོད་པའོ། །སྟོང་པ་སྔ་མ་དང་འདྲའོ། །རི་ཁྲོད་མ་འབྲས་བསྒྲུབ་པ་ནི་གཞན་དོན་མཛོད་ཅིག་པའོ། །དགའ་གཙོ་ཞེས་པ་ནི་དང་བའི་དགའ་
བའི་གླུ་སྟེ། ཁྱེད་དང་པོ་སེམས་བསྐྱེད་ཙམ་ན་སེམས་ཅན་མགྲོན་དུ་བོས་ནས་ད་སྟོང་པ་ལ་ཅིའི་ཕྱིར་བཞུགས་ཞེས་བྱའོ། །འོ་ན་རང་གིས་གཞན་དོན་བྱས་མོད་ཅེ་ན། ཁྱོད་མེད་ན་ནི་ཕྱོགས་མི་ཁུམས། །ཞེས་པ་སྟེ་བདག་གི་དོན་མི་ཤེས་པར་དགོངས་པའོ། །དེའི་ཕྱིར་
བདག་ཞུ་བར་བགྱིད་པའོ། །མིག་འཕྲུལ་ལྟ་བུར་ཞེས་བྱ་བ་ཤློ་ཀ་གཅིག་སྦྱར་ཏེ། བཏང་སྙོམས་གཡུང་མོའི་གླུ་སྟེ། ཁྱེད་སྤྲུལ་པ་ལྟ་བུ་སྒྱུ་མ་ལྟ་བུ་མངའ་བ་སྟེ་དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཁྱེད་ཀྱི་ཐུགས་འཚལ་ཞེས་པའོ། །དེའི་འཐད་པ་གཡུང་མོ་བདག་ཉིད་
དྲན་ཉམས་ནི་གྲོང་ཁྱེར་ཆེན་པོའི་མི་ཞེས་བྱ་སྟེ། སྙིང་རྗེ་རྒྱུན་ཆད་མ་མཛད་ནི་ཐིག་ལེ་སྤོངས་ཞེས་བྱའོ། །དེའི་རྗེས་སུ། ཨཾ་དང་ཧཱུཾ་གིས་རྡོ་རྗེ་ཆེ། ཞེས་བྱ་བ་ཤློ་ཀ་གཅིག་སྦྱར་ཏེ་འབྲས་བུ་ཧེ་རུ་ཀར་བཞེངས་པ་ནི་རྫུས་སྐྱེས་དང་མཐུན་པ། ཡུད་ཙམ་གྱིས་མངོན་པར་བྱང་ཆུབ་པ་
བསྐྱེད་དེ། བདག་པོ་ས་བོན་དག་གིས་ནི་ཚིག་གཉིས་སྦྱར་ཏེ། ཐིག་ལེ་དེ་ཆ་གཉིས་ལས་འོག་ཟླ་བ་མེ་ལོང་ལྟ་བུ་སྟེང་ཉི་མ་མཉམ་པ་ཉིད་དེ། བར་དུ་ཡི་གེ་ཨཾ་དང་ཧཱུཾ་ལས་རྡོ་རྗེ་ཆེན་པོ་སྟེ། གྲི་གུག་དེ་ལས་ས་བོན་གྱིས་མཚན་མ་ནི་སོ་སོར་རྟོག་པའི་ཡེ་ཤེས་དེ་ལས་སྤྲོ་བ་དང་བསྡུས་
เล่ม ๕ · หน้า 313a
ནས་ཞུ་བ་ནི་བྱ་བ་ནན་ཏན་ནོ། །དེ་ལས་སྐུར་བཞེངས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་མོད་ལ་ཞབས་རྣམས་ས་ལ་བརྡབས་པ་ལ་སོགས་པར་གྱུར་ཏོ། །འདིར་ཐིག་ལེ་གཉིས་བྱས་ལ་ཡུམ་ཡང་འགྲན་ཐུབ་ཏུ་བསྐྱེད་དེ་བདག་མེད་མ་གཙོ་བོ་
ཡིན་པའི་ཕྱིར་རོ། །ཞལ་བརྒྱད་པ་ལ་ཞབས་བཞི་ཞེས་སྦྱར་ཏེ་རྣམ་དག་ཕལ་ཆེར་སྔར་བཤད་དོ། །སྣ་ཚོགས་རྡོ་རྗེ་ནི་མི་བསྐྱོད་པའི་རིགས་མཚོན་པའོ། །ཐལ་བས་ལུས་ལ་བྱུགས་པ་ནི་དྲུག་པ་རྡོ་རྗེ་འཆང་གི་དག་པའོ། །དབའ་རླབས་མེད་པའི་བདེ་བ་ཞེས་པ་ལྷན་ཅིག་སྐྱེས་
པའི་ངོ་བོའོ། །དེའི་རྗེས་ལ་གླང་པོ་རྟ་བོང་ཞེས་སྦྱར་ཏེ། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུག་མཛེ་དང་བིརྫི་ཀ །མཆེར་པ་མཆིན་པར་རང་གཟུགས་ནི། །གོ་རིམས་བཞིན་དུ་སྤོང་ཕྱིར་རོ། །ཕྲ་བ་ཡང་བ་མཆོད་པར་བསྟན། །བདག་པོར་གྱུར་པར་བདག་ལྡན་པ། །
གང་ཡང་ཕྱིན་ཅིང་འདོད་དགུར་ལྡན། །དགའ་མགུར་སྤྱོད་པ་བདེ་བས་སོ། །དེ་སྐད་དུ་ཡང་། འགྲོ་བ་རྣམས་ཀྱི་ནང་ན་ནི། །མི་རྣམས་ཀྱི་ནི་འགྲོ་བ་མཆོག །དེ་རྣམས་ནད་ནི་ཞི་དོན་དུ། །གླང་པོ་ལ་སོགས་འཛིན་པ་ནི། །ཉིད་ཀྱི་སྐུ་ལ་ཟློག་པར་མཛད། །ཅེས་པའོ། །སྒེག་ཅིང་
དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །ཅེས་པ། རིག་མ་ལ་འཁྱུད་བདུད་བཞི་མནན། །སྨིན་མ་བཅུམ་ཞིང་ཞལ་གདངས་པ། །ཐོད་པའི་དོ་ཤལ་མཆེ་བ་གཙིགས། །སྤྲུལ་པ་འཕྲོ་ཞིང་ཐོད་ཁྲག་
གང་། །བརྒྱད་པོ་རིམ་པར་སྦྱར་བྱས་ལ། །ཞི་བ་སྤྱིར་ནི་སེམས་ཅན་དོན། །དེའི་རྗེས་སུ། དཀར་མོ་གཡས་ན་གྲི་གུག་སྟེ། །ཞེས་པ་ལ་སོགས་པ་སྦྱར་རོ། །སྔར་འཁོར་བསྐྱེད་ཀྱང་གཙོ་བོ་མ་བསྟན་པས་མ་བཤད་ལ། འདིར་གཙོ་བོ་བསྟན་པས་དེའི་རྗེས་སུ་འཁོར་བསྟན་པར་
དགོངས་སོ། །གཡས་པ་ཐབས་ཀྱི་ཉོན་མོངས་འཇོམས་ལ། གཡོན་པ་ཤེས་རབ་ཀྱི་ཆོས་འཆད་པ་ལ་སོགས་ཀུན་ལ་སྦྱོར་རོ། །དེའི་རྗེས་སུ་མ་མོའི་འཁོར་ལོ་གྲོང་ཉམས་དགའ་ཞེས་པ་ཤློ་ཀ་གཅིག་སྦྱར་ཏེ། སེམས་དཔའ་སུམ་བརྩེགས་བསྒོམས་ཏེ། ཐམས་ཅད་
เล่ม ๕ · หน้า 313b
རྡོ་རྗེ་འདི་ཡིས་ནི། །རང་སྔགས་ཡི་གེ་རྫོགས་པ་དང་། །ས་བོན་ཕྱག་མཚན་གྱུར་པ་ལས། །སྐུ་རང་འདྲ་བ་སྒོམ་པར་བྱེད། །དེ་ཡི་ཐུགས་ཀའི་ས་བོན་ལས། །ལྷ་དགུའི་རྣམ་པར་སྤྱན་དྲངས་ཏེ། །ཕྱག་མཚན་རྡོ་རྗེ་ཧཱུཾ་གིས་མཚན། །རྗེས་ཀྱི་ཡེ་ཤེས་ཏིང་འཛིན་སེམས། །
ལྷ་རྣམས་ཀུན་ལ་བསྒོམ་པར་བྱ། །དེ་ནས་རྫོགས་པར་བྱ་བའི་ཕྱིར། །ཡེ་ཤེས་འཁོར་ལོ་དགུག་པ་སྟེ། །དམ་ཚིག་འཁོར་ལོ་ལ་མཉམ་ཐིམ། །ཡེ་ཤེས་འཁོར་ལོ་ཆེན་པོ་འབར། །རང་གི་ཏིང་ངེ་འཛིན་སེམས་དཔའ་ལ་འོད་ཟེར་འཕྲོས་ཏེ། སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་ཐམས་ཅད་ལྷ་དགུའི་རྣམ་པར་སྤྱན་དྲངས་ཏེ། གཞལ་ཡས་ཁང་གི་ཕྱི་རོལ་དུ་བྱོན་པ་ལ། རང་གི་སྙིང་ག་ནས་གཽ་རཱི་ལ་སོགས་པ་སྤྲོས་ཏེ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཞེས་མཆོད་པ་བྱས་ལ་གཽ་རཱི་ལ་སོགས་པ་བཞིས་དགུག་པ་ལ་སོགས་པ་བྱའོ། །དེ་ནས་མ་བརྟས་བརྟས་པར་
བྱེད་པ་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྔར་དང་མཐུན་པར་བྱའོ། །དེ་ནས་དབང་བསྐུར་བ་སྟེ་སྔ་མ་བཞིན་སྤྱན་དྲངས་པ་ལ་ཡང་མཆོད་པ་སྔ་མ་ལྟར་བྱའོ། །དེ་ནས་གསོལ་བ་གདབ་པ་ཨོཾ་སརྦ་ཏ་ཐཱ་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་བརྗོད་ལ་ལེའུ་གསུམ་
པ་བཞིན་དབང་བསྐུར་བར་བསམ། གོང་གི་རང་གི་རིགས་ཀྱིས་དབུ་བརྒྱན་ནོ། །དེ་ནས་དབང་བསྐུར་བའི་སྔགས་བརྗོད་པར་བྱའོ། །དེ་ནས་རང་གི་ཐུགས་ཀ་ནས་གཽ་རཱི་བྱང་ཆུབ་ཀྱི་སེམས་འཛིན་པ་ལ་སོགས་པ་སྤྲོས་ཏེ། ལྷ་མོ་བཅུ་དྲུག་གིས་བདག་དང་དཀྱིལ་འཁོར་གྱི་ལྷ་
རྣམས་མཆོད་ནས་མཆོད་པའི་སྔགས་ཀྱང་བརྗོད་དོ། །བསྟོད་པ་ལས་འབྱུང་བ་རྣམས་བརྗོད་ལ། །བསྟོད་པའི་སྔགས་ཀྱང་བརྗོད་དོ། །བདུད་རྩི་མྱང་བ་ཡང་བྱ་སྟེ། །ཡཾ་ལས་རླུང་དང་རཾ་ལས་མེ། །ཀཾ་ལས་ཐོད་པ་རྣམ་གསུམ་བསྐྱེད། །ཨ་ལས་ཐོད་པ་ཆེན་པོ་སྟེ། །ཉི་ཟླ་ཁ་སྦྱོར་
ནང་དུ་ནི། །ས་བོན་མིང་ནི་ཡི་གེ་ལས། །བདུད་རྩི་ལྔ་དང་ཤ་ལྔ་བསམ། །དེ་སྟེང་ཧཱུཾ་ལས་རྡོ་རྗེ་ནི། །ཁ་བཅང་རྒྱ་གྲམ་ཧཱུཾ་གིས་མཚན། །སྙིང་གའི་ཧཱུཾ་ལས་འོད་ཟེར་སྤྲོས། །རྒྱ་གྲམ་ཧཱུཾ་གིས་བ་དན་བསྐྱོད། །མེ་སྦར་རྫས་རྣམས་ཞུ་བ་ལས། །ཨོཾ་ལས་འོད་བྱུང་ཡེ་ཤེས་ཀྱི། །
เล่ม ๕ · หน้า 314a
བདུད་རྩི་བཀུག་ནས་རྡོ་རྗེ་ཞུ། །དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབ། །དཀྱིལ་འཁོར་བ་ཡི་ལྷ་རྣམས་ཀྱི། །ལྗགས་ལ་རྡོ་རྗེ་ནས་འབྲུ་ཙམ། །བསམས་ཏེ་སོ་སོར་རང་སྔགས་ཀྱིས། །བརྗོད་པས་བདུད་རྩིས་ཚིམ་པར་བསམ། །ཨོཾ་སརྦ་ཏ་ཐཱ་ག་
ཏ་ཨ་མྲྀ་ཏ་སུ་སཏྭཱ་ནཱཾ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །དེ་ནས་ནག་པོ་རབ་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་ཁ་དོག་ཡན་ལག་དྲུག་གི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་ལེའུ་བརྒྱད་པ་ལྟར་བསྒོམས་ལ། རྫོགས་པའི་རིམ་པ་ནི་ཕྱག་རྒྱ་ཆེན་པོའི་གདམས་ངག་གམ་ཨ་
བ་དྷཱུ་ཏཱི་རྣམ་གསུམ་གྱི་མན་ངག་གམ། གཏུམ་མོ་ལ་སོགས་པ་གང་ཡང་རུང་བ་ཅིག་བསྒོམས་ལ་དག་པ་རྗེས་སུ་དྲན་པ་དང་སྔགས་བཟླས་པ་དང་འོག་ནས་འབྱུང་བའི་གཏོར་མ་ཡང་གཏང་བར་བྱ་སྟེ། ཐུན་བཞིའི་རིམ་པས་བསྒོམ་པར་བྱའོ། །དེ་ལ་རྟགས་
ལ་སོགས་པ་སྦྱར་བ་དང་སྤྱོད་པའི་རིམ་པ་སྔར་བསྟན་པ་བཞིན་དུ་བྱའོ། །ད་ནི་དེ་ལ་སྔགས་བསྟན་པ་ནི། བོ་ལ་གཞིབ་པར་མཛད་ནས་ནི། །ཞེས་བྱ་བ་ལ་སོགས་པ་ངོ་མི་ཆོགས་པས་ཁྱེད་ལ་བཤད་ཅེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་དང་བཅས་པའི་སྔགས་བརྗོད་པར་
ཞལ་གྱིས་བཞེས་པའོ། །འབར་བའི་ཕྲེང་བ་འཁྲུག་པ་ཡིན། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །ཞེས་བྱ་བ་ཟླ་བ་ལྟ་བུའི་བསམ་གཏན་དང་། ཆུ་ཟླ་ལྟ་བུའི་དཀྱིལ་འཁོར་པ་བསྒོམས་ལ། སྒྲ་རིང་བ་དང་བཟང་བ་ཡིས། །ཞེས་པ་ནི་སྒྲ་བརྙན་དང་བྲག་ཅ་ལྟ་བུའི་
བཟླས་པ་སྟེ། བཟླས་པ་འབུམ་གྱིས་རྣལ་འབྱོར་བདག །ཅེས་པ་ནི་བསྙེན་པའི་གྲངས་སོ། །བཟླས་པ་ཁྲི་ཡིས་གསལ་བ་དང་། །ཞེས་པ་ནི་སྒྲུབ་པའི་གྲངས་སོ། །རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཞེས་པ་ནི་སྔགས་བཏུ་བ་སྟེ་རིག་བྱེད་ནི་བཞི་སྟེ་མཆོད་སྦྱིན་གྱི་རིག་
བྱེད་དང་། །སྙན་དངགས་ཀྱི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། ངེས་བརྗོད་ཀྱི་རིག་བྱེད་དེ། དེ་ནས་ཨོཾ་ལས་འདྲེན་པ་སྟེ། ཟླ་ཕྱེད་ཐིག་ལེས་རྣམ་པར་བརྒྱན་པ་ནི་ཨོཾ། དེ་ནས་ནི་སྔགས་རིལ་པོར་བཏུས་བ་སྟེ། ཨཥྚ་ལ་སོགས་པའོ། །འདིར་དགོངས་
เล่ม ๕ · หน้า 314b
པ་ནི་གཙོ་བོ་དང་འཁོར་གྱི་གྲངས་ནི་སྔར་བསྟན་ཟིན་ནོ། །གཙོ་བོའི་བཟླས་པ་ལ་ཞི་བ་དང་ཁྲོ་བོའི་སྟེ། ཞི་བའི་སྔགས་ཀྱི་ལེའུར་བཤད་ཟིན་ནོ། །ཁྲོ་བོའི་འདི་ཡིན་ཏེ། འབྲས་བུ་ཧེ་རུ་ཀའི་ང་རྒྱལ་གྱིས་བཟླས་པ་བྱའོ། །སྔགས་ཀྱི་འབྲས་བུའི་དོན་ནི་གཞན་དུ་ཤེས་པར་བྱའོ། །དེ་
ནས་ལྷ་མོ་དེ་དགྱེས་ནས་ཞེས་པ་ལ་སོགས་པ་སྒྲུབ་པའི་དཀྱིལ་འཁོར་ཞུས་པའོ། །དེ་ལ་སྟོན་པ་ཞེས་པ་ནས། ཉིད་ཀྱི་དཀྱིལ་འཁོར་བྲི་བར་མཛད། །ཅེས་པ་ནི་སྔོན་བྱུང་དང་རྗེས་འཇུག་རྣམ་པ་གཉིས་ཏེ། སྔོན་བྱུང་དུ་ཁྲོ་ཆགས་རྣམ་པ་གཉིས་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོས་
དཀྱིལ་འཁོར་བྲི་བ་བསྟན་ཏོ། །རྗེས་སུ་འཇུག་པ་ནི་ཉིད་ཀྱི་ཞེས་པས་གང་ཟག་བཞིའི་རིམ་པ་སྟོན་ཏེ། ཐོས་བསམ་གྱི་མཐར་ཕྱིན་པའི་རྟགས་མ་ཐོབ་ཀྱི་བར་དུ་ལས་དང་པོ་པའི་གང་ཟག་ཡིན་ཏེ། རང་ཉིད་ཀྱིས་དཀྱིལ་འཁོར་ལ་སོགས་པའི་ལས་ཐམས་ཅད་བྱའོ། །གཉིས་པ་གསུམ་
པ་ཕབ་སྟེ་བྲི། །ཞེས་པ་ཅུང་ཟད་ཡེ་ཤེས་ལ་དབང་བ་ནི་དབང་པོ་སྤྲིན་དང་འདྲ་བའི་རྟགས་དང་། མངོན་པར་ཤེས་པ་གཅིག་ཙམ་ཐོབ་པ་དང་། གསུམ་པ་ཡེ་ཤེས་ལ་དབང་བའི་རྟགས་ནི་དུ་བ་དང་། སྲིན་བུ་མེ་ཁྱེར་དང་མངོན་པར་ཤེས་པ་གསུམ་ཙམ་ཐོབ་པ་དང་། ཁྱེའུ་དང་བུ་མོ་གཞོན་
ནུ་མ་ལས་ཡེ་ཤེས་ཕབ་སྟེ་འདྲི་རུ་གཞུག་གོ། །ཡང་དག་པའི་ཡེ་ཤེས་ལ་དབང་བའི་རྟགས་ནི་ནམ་མཁའ་ལྟ་བུ་མཐོང་བ་དང་། མངོན་པར་ཤེས་པ་ལྔ་ཐོབ་པས་དཀྱིལ་འཁོར་སྤྲུལ་ལ་དབང་བསྐུར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ་སྔར་བསྟན་པས་བསྙེན་པ་རྫོགས་ནས།
དེ་ནས་སྒྲུབ་པ་ནི་སའི་ཆོ་ག་དང་སྟ་གོན་གྱི་ཆོ་ག་དང་དབང་བསྐུར་བའོ། །དེ་ལ་སའི་ཆོ་ག་ནི་ལེའུ་བཅུ་པ་ནས་བཤད་པ་བཞིན་དུ་བྱས་ལ། སྟ་གོན་དུ་གནས་པ་དང་བུམ་པ་དང་སློབ་མ་སྟ་གོན་ནི་བརྟག་པ་ཕྱི་མའི་ལེའུ་དང་པོར་བཤད་པ་ལྟར་བྱའོ། །བུམ་པ་སྟ་གོན་ནམ་གྲངས་ནི་རྒྱས་པར་
བསྡུ་ན་བཅུའམ་དྲུག་སྟེ། རྣམ་པར་རྒྱལ་བ་དང་། ལྷ་མོ་བརྒྱད་ཀྱི་བུམ་པ་དང་། ལས་ཐམས་ཅད་པ་དང་བཅུའོ། །ཡང་ན་རྣམ་རྒྱལ་གཙོ་བོའི་བུམ་པ་དང་ལྷ་མོ་བརྒྱད་པོ་རིགས་བཞི་རུ་བསྡུས་ལ་ལྔ། ལས་ཐམས་ཅད་པ་དང་དྲུག་གོ། །གང་བའི་བུམ་པ་ནི་ཅི་རིགས་པར་ཤེས་པར་
เล่ม ๕ · หน้า 315a
བྱའོ། །ལྷ་སོ་སོའི་མཚན་མས་མཚན་ལ་རིན་པོ་ཆེའི་བུམ་པའམ་གཞལ་ཡས་ཁང་དུ་བསྐྱེད། པཾ་ལས་པདྨ་འདབ་བརྒྱད་བསྐྱེད་ལ། རྣམ་པར་རྒྱལ་བའི་བུམ་པར་ས་བོན་ཙཾ་ལས་ལྷ་ཚང་བར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་བསྟོད་བཟླས་
པ་བྱས་ལ་ལྷ་ཞུ་བར་བསམ་མོ། །གཞན་དག་ལ་ལྷ་རེ་རེའམ། ལྷ་གཉིས་གཉིས་བསྐྱེད་ལ་ཆོ་ག་སྔ་མ་བཞིན་བྱའོ། །དེ་ནས་སློབ་མའི་སྟ་གོན་ནི་ཁྲུས་བྱས་ཏེ་ཀུན་གྱིས་མཎྜལ་ཕུལ་ལ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པ་དང་།
བུ་ཚུར་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་སྤྲོ་བ་བསྐྱེད་ལ། བདུན་རྣམ་པར་དག་པས་སྦྱང་བ་བྱ། དེ་ནས། ཐུབ་པ་ཉི་མ་མ་ལུས་པ། །ཞེས་བྱ་བས་སྡོམ་པ་ལ་གསོལ་བ་གདབ། རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ནི། །ཞེས་བྱ་བ་ལ་སོགས་པས་ནི་སྡོམ་པ་བཤད།
སྡོམ་པ་དཔོག་གོ། །དེ་ནས་སེམས་བསྐྱེད་པ་གསང་བ་སྟ་གོན་ལ་གནས་ཏེ་མཆོད་པར་བྱའོ། །དེ་ནས་སོ་ཤིང་དོར་བའི་ཆོ་ག་བྱ། ཧུབ་གསུམ་གྱིས་ཆུ་བླུད། ཀུ་ཤ་སྦྱིན་སྲུང་སྐུད་གདགས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པར་བྱའོ། །དེ་ནས་འབྱོར་ན་སྦྱིན་སྲེག་གིས་ལྷག་པར་གནས་པར་
ཡང་བྱའོ། །རྨི་ལམ་མ་བརྗེད་པར་བསྒོས་ལ་ཉལ་ཁང་དུ་གཏང་། དེ་དག་གི་ཆོ་གར་བྱ་བ་ནི་མཚོ་སྐྱེས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལྟར་ཤེས་པར་བྱའོ། །དེ་ནས་ནང་པར་སྔར་ལངས་ལ་རྨི་ལམ་བརྟག །མཆོད་བསྟོད་བྱ་སྟེ། སྟ་གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ་ཉི་ཟླ་ཁ་སྦྱར་དུ་
བཅུག །དབྱངས་ཡིག་གིས་རྒྱས་གདབ་པར་བྱའོ། །ཐིག་དང་ཚོན་ནི་ལེའུ་བཅུ་པ་ལྟར་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པ་ནི། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་བྱ་བ་ནས། བརྒྱད་པ་ཟེ་བ་བཅས་པར་བྲི། །ཞེས་བྱ་བའི་བར་དུ་དཀྱིལ་འཁོར་གྱི་རྣམ་དག་སྔར་
བཞིན་ཤེས་པར་བྱའོ། །དེ་ནས་མཚན་མ་ཙ་ཀླི་དགོད་པ་ནི། སྙིང་པོར་བསྐྱེད་པའི་ཐོད་པ་ཉིད། །མདོག་དཀར་ཆ་ནི་གསུམ་པ་བྲི། །དེའི་རྗེས་སུ་དབུས་སུ་ཐོད་པ་དཀར་པོ་ཡང་ཚིག་གཉིས་སྦྱར་རོ། །དེ་ནས། དབང་ལྡན་དུ་ནི་ཤ་ར་བྷ། །ཞེས་བྱ་བ་ནས། ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །
เล่ม ๕ · หน้า 315b
ཞེས་པ་སྟེ་རང་རང་གི་སྔགས་ལ་དེ་ཉིད་གསུམ་སྤེལ་ཞིང་ལྷ་རུ་མོས་པ་དགོད་པར་བྱའོ། །དེ་ནས་བུམ་པ་དགོད་པ་ནི་དེ་ནས་རྣམ་རྒྱལ་ཉིད་ཅེས་བྱ་བ་ལ་སོགས་པ་བུམ་པའི་ཡོ་བྱད་ཐམས་ཅད་གསོས་གདབ་སྟེ། སྟ་གོན་གྱི་གནས་ནས་རོལ་མོ་དང་བཅས་པས་སྤྱན་དྲངས་ལ་རྣམ་པར་རྒྱལ་བའི་བུམ་པ་
ནི་གཙོ་བོའི་སྤྱན་སྔར་གཞག་པར་བྱའོ། །བུམ་པ་གཞན་རྣམས་ནི་རང་རང་གི་གནས་ལ་ཉེ་བར་གཞག་གོ། །ལས་ཐམས་ཅད་པའི་བུམ་པ་ནི་སྒོའི་གཡས་ཕྱོགས་སུ་དགོད་པར་བྱའོ། །དེ་བཞིན་དུ་མཆོད་པ་ཐམས་ཅད་ཀྱང་ཉེ་བར་བཤམ། བླ་རེ་དང་རྒྱན་དང་གདུགས་དང་བདན་ལ་སོགས་པ་དང་
རྟ་བབས་དང་རོལ་མོ་དང་། ན་བཟའི་བྱེ་བྲག་ཐམས་ཅད་ཀྱང་ལྷ་རྣམས་ལ་རས་ཟུང་རེ་རེ་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི། །མང་དུ་བརྗོད་པས་ཅི་ཞིག་བྱ། །ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་བྱ་བ་ནི་སྤྱིར་དེ་དག་ཐམས་ཅད་མཐུན་
པར་ཤེས་པར་བྱའོ། །ཁྱད་པར་ནི་དཀྱིལ་འཁོར་གྱི་ཤར་སྒོ་རུ་སྟན་བདེ་བ་ལ་འདུག་སྟེ། ཡན་ལག་དྲུག་གི་རྣལ་འབྱོར་པ་སྦྱོར་བ་རྣམ་པ་གསུམ་བཟླས་པའི་བར་དུ་བྱ་བ་ནི་བདག་ཉིད་ལྡན་པ་ཕུན་སུམ་ཚོགས་པའོ། །དེར་དཀྱིལ་འཁོར་གྱི་ལྷ་རྣམས་ས་བོན་ཕྱག་མཚན་ཙམ་ལས་བསྐྱེད་ལ་
ཡེ་ཤེས་ཀྱི་འཁོར་ལོ་དགུག སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་བསྟོད་རྒྱས་པར་བྱ། བདུད་རྩི་མྱང་བ་བཟླས་པའི་བར་དུ་བྱའོ། །དེ་ནས་སློབ་མས་མཎྜལ་བྱས་ལ་གསོལ་བ་གདབ་པ་དང་ཆོ་ག་རྣམས་ནི་སྟ་གོན་གྱི་སྐབས་བཞིན་འདིར་བྱའོ། །དེ་དག་ཐུན་མོང་གི་ཆོ་ག་
ཐམས་ཅད་ནི་ཇི་ལྟར་དེ་ཉིད་བསྡུས་པ་ལྟར་བྱའོ། །ཁྱད་པར་གྱི་ཆོ་ག་ནི་ལེའུ་བཅུ་པར་བསྟན་པ་བཞིན་ནོ། །འཇུག་པའི་ཆོ་ག་ལ་དམ་ཚིག་བསྒྲགས། མནའ་ཆུ་བླུད། དེ་ནས་ཡེ་ཤེས་དབབ་པ་དང་། མེ་ཏོག་དོར་བ་དང་། དཀྱིལ་འཁོར་ཀྱི་ལྷ་ངོ་བསྟན་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་
བཅས་པ་ནི་འཇུག་པའི་རིམ་པའོ། །དེ་ནས་དབང་བསྐུར་བ་ལ་ཁྱད་པར་དུ་ཡི་དམ་གྱི་ལྷའི་དབང་བསྐུར་བ་དང་། བུམ་པའི་དབང་བསྐུར་བ་ནས་བརྩམས་ནས་རྗེས་སུ་གནང་བ་ཐུན་མོང་དང་ཁྱད་པར་དང་། དབུགས་དབྱུང་བ་དང་ལུང་བསྟན་པ་རྣམས་མཐུན་པར་བྱ་བ་ཡིན་ནོ། །དེ་ནས་ཁྱད་པར་གྱི་དབང་
เล่ม ๕ · หน้า 316a
བསྐུར་བ་ནི་གསང་བའི་དབང་སྔོན་དུ་སོང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་གཉིས་ཏེ་ཆགས་ཅན་གྱི་དབང་བསྐུར་བ་དང་ཆགས་བྲལ་གྱི་དབང་བསྐུར་ལུགས་སོ། །དང་པོ་བཤད་པ། བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། །རིག་མ་བདེ་ཆེན་བརྒྱད་པོ་ཉིད། །ཅེས་བྱ་བ་ལ་
སོགས་པ་ནི་ན་ཚོད་ཀྱི་ཡོན་ཏན་དང་། རིགས་ཀྱི་ཡོན་ཏན་དང་། སྦྱངས་པའི་ཡོན་ཏན་ལ་སོགས་པ་ནི་སྔ་མ་དང་འདྲ་བར་གཞུག་གོ། །མ་དང་སྲིང་མོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་མ་ཡིན་པ་སྟེ་སློབ་དཔོན་གྱི་དབང་ནོད་པ་དང་། རང་དང་ལྷན་ཅིག་དབང་མནོས་པ་དང་། རང་གིས་བུམ་པའི་
དབང་བསྐུར་བ་བྱས་པ་དང་། དེ་ལ་སོགས་པ་ཆོས་ཀྱིས་བསྡུས་པ་ཡིན་ནོ། །དམ་དུ་འཁྱུད་དང་འོ་བྱེད་པ། །ལ་སོགས་པ་ནས། དེ་ལ་རྩེད་མོ་རྩེ་བར་བྱ། །ཞེས་བྱ་བའི་བར་དུ་ནི་ཐུན་ཚོད་དང་པོའོ། །དེ་ནས་ཐུན་ཚོད་གཉིས་པ་ལ། །ཞེས་བྱ་བ་ནས། སློབ་དཔོན་ལ་སོགས་རབ་ཕྱེ་ནས། །ཞེས་བྱ་བའི་
བར་ནི་བྱ་བའི་རིམ་པ་སྟེ་མཆོད་པ་དང་བསྟོད་པ་དང་གསོལ་བ་གདབ་པ་སྔ་མ་བཞིན་དུའོ། །དེ་ནས་དབང་བསྐུར་བ་དངོས་ནི་དེ་ཉིད་ལ་བསྟན་པར་བྱ། དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཐམས་ཅད་རྒྱུད་དུ་སྤྲོས་པ་སྟེ། །མཐའ་ཡིས་མཐའ་ཡི་ཕྱེ་བ་ཉིད། །ཅེས་བྱ་བ་ནི་རྒྱུད་ཀྱི་རིམ་པ་དང་སྦྱར་ཏེ་བྱ་
བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དང་པོ་རུ་བལྟ་བ་ཙམ་གྱིས་དགའ་བའི་ཡེ་ཤེས་སྦས་ཏེ་བསྟན་པའོ། །གཉིས་པ་རུ་ལྷ་རྣམས་ཕན་ཚུན་དགོད་པ་ཙམ་གྱིས་མཆོག་དགའི་ཡེ་ཤེས་སྦས་ཏེ་བསྟན་པའོ། །གསུམ་པར་ནི་ལྷ་དམ་ཚིག་སེམས་
དཔའ་དང་། །ཡེ་ཤེས་སེམས་དཔའ་ཕྱག་རྒྱ་འཁྱུད་པ་ཙམ་གྱིས་དགའ་བྲལ་གྱི་ཡེ་ཤེས་སྦས་ཏེ་བསྟན་ཏོ། །འདིར་ནི་ཀུན་དུ་རུའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཏན་ལ་ཕབ་སྟེ་བསྟན་ཏོ། །ཡང་དང་པོ་དགའ་བ་ལམ་ནས་ཞུགས་པ་ཡིན་ནོ། །གཉིས་པ་མཆོག་དགའ་གཉེན་པོ་དང་ལྡན་པ་ཡིན་ནོ། །
གསུམ་པ་དགའ་བྲལ་གཉེན་པོར་གྱུར་པ་སྟེ་མི་མཐུན་པ་དང་བྲལ་བ་ཡིན་ནོ། །བཞི་པ་ལྷན་ཅིག་སྐྱེས་པ་སྟེ། གཉེན་པོ་འབའ་ཞིག་གི་ངོ་བོ་ཡིན་ནོ། །དེ་ནས་ཆགས་བྲལ་གྱི་དབང་བསྐུར་བ་བསྟན་པ་ནི། རྡོ་རྗེ་མཆོད་པས་ཡང་སྦྱར་ནས། །ལྷ་དེ་ཞེས་བྱ་བ་ལ་སོགས་པ་ཞུས་པའོ། །བཅོམ་ལྡན་འདས་
เล่ม ๕ · หน้า 316b
བཀའ་སྩལ་ཞེས་བྱ་བ་ནི་ལན་ཏེ། དེར་ནི་ཐོག་མ་ཐ་མ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པ་ཉིད། །ཅེས་པ་སྟེ་འདིས་ནི་བྱ་རོག་གི་མིག་དང་འདྲ་བར་སྔ་མ་དང་ཕྱི་མ་གཉིས་ཀྱི་དོན་གཏན་ལ་འབེབས་ཏེ། ཤེས་བྱའི་དབང་དུ་བྱས་ཏེ་
བཤད་པ་དང་། སྔ་ཕྱིའི་དོན་ལྷན་ཅིག་སྐྱེས་པར་གཏན་ལ་དབབ་པ་དང་། རྫོགས་པའི་རིམ་པ་མངོན་རྟོགས་ཅིག་ཅར་སྟོན་ཏོ། །དང་པོ་ནི་ཐོག་མ་སྟེ་དངོས་པོ་སྐྱེ་བར་མ་གྲུབ། དབུས་གནས་པ་མ་གྲུབ། ཐ་མ་འགག་པར་མ་གྲུབ། སྲིད་མེད་འཁོར་བའི་དངོས་པོ་ཐམས་ཅད་ཀྱང་མི་གནས་
སོ། །མྱ་ངན་ལས་འདས་པར་ཡང་མི་གནས་སོ། །བདག་དང་གཞན་མེད་པ་སྟེ་གཟུང་བ་དང་འཛིན་པའི་དངོས་པོ་ཡང་མེད་དེ། འདིར་ནི་མཆོག་ཏུ་བདེ་ཆེན་ནི་འབྲས་བུའི་མཚན་ཉིད་དེ་མ་བཅོས་པའི་རང་བྱུང་གི་ཡེ་ཤེས་ཆེན་པོ་སྟོན་ཏོ། །ཡང་ཐོག་མར་དགའ་བའི། དབུས་མ་མཆོག་དགའ།
ཐ་མ་དགའ་བྲལ་ལོ། །སྲིད་མེད་མྱ་ངན་འདས་མེད་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པའོ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད་ནི་ཟག་པ་མེད་པའི་དོན་གྱི་ཡེ་ཤེས་མཚོན་པའོ། །བདག་མེད་གཞན་མེད་ཅེས་བྱ་བ་ནི་བདག་གཞན་གྱི་རྟོག་པ་འགགས་
པའོ། །ཡང་སིད་མེད་ཅེས་པ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྡུ། མྱ་ངན་ལས་འདས་པ་མེད་ཅེས་པ་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཧེ་རུ་ཀ་དང་བདག་མེད་མར་བསྡུས་པའོ། །བདག་མེད་གཞན་མེད་ནི་
བདག་མེད་མ་ཡང་ཧེ་རུ་ཀ་ལ་བསྡུ་བའོ། །དེར་ཐོག་མ་དབུས་མཐའ་མེད་ནི་ཐུགས་ཀའི་ཟླ་བ་དང་ཉི་མ་ནི་དབུས་ཀྱི་ཡི་གེ་ཧཱུཾ་ལ་བསྡུ་བའོ། །ཧཱུཾ་ཡང་ཞབས་ཀྱུ་ལ་དེ་འ་ལ་འ་ཡང་ཧ་ལའོ། །ཧ་ནི་ཟླ་ཚེས་ལའོ། །ཟླ་ཚེས་ནི་ཐིག་ལེ་ལའོ། །ཐིག་ལེ་ནཱ་ད་མར་མེ་ལྟར་ཕྲ་བའོ། །འདི་ནི་མཆོག་
ཏུ་བདེ་ཆེན་ཉིད། །ཅེས་བྱའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་བསྒོམ་པའོ། །ད་ནི་དབང་བསྐུར་བའི་ཐབས་བསྟན་པ་ནི། ལོངས་སྤྱོད་ཀྱི་ནི་རླབས་ཉིད་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གང་། །དེ་ནི་རྣལ་འབྱོར་པ་ཡིས་
เล่ม ๕ · หน้า 317a
བཙིར། །ཞེས་པ་ལ་ལ་ནཱ་དང་ར་ས་ནཱ་གཉིས་རང་གི་ལག་པ་དང་བླ་མའི་ལག་པས་བཙིར་བ་སྟེ། དེ་ལས་དགའ་བ་བཞི་རིམ་གྱིས་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལ་ཅི་ཞིག་སྐྱེ་ཞེ་ན། གཞོན་ནུའི་དགའ་བ་ཇི་ལྟ་བའམ། ལྐུགས་པའི་རྨི་ལམ་ཇི་ལྟ་བ། །ཞེས་བྱ་སྟེ་
ཉམས་སུ་མྱོང་བ་བརྗོད་དུ་མེད་པའི་དཔེའོ། །ཇི་ལྟར་མཚོན་དུ་བཏུབ་ཅེ་ན། མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་པ་སྟེ་མཆོག་གི་མཐའ་ནི་མཆོག་དགའ་བའོ། །དགའ་བྲལ་དབུས་ནི་དགའ་བྲལ་ཡང་ཡིན་ལ་དབུས་ཡིན་ཏེ་མཆོག་དགའི་རྗེས་
ལ་བྱ་ཞེས་བྱའོ། །ཐ་མ་ནི་ལྷན་ཅིག་སྐྱེས་པ་སྟེ། དེའི་དོན་སྟོང་པ་དང་ཞེས་པ་རྣམ་པར་ཐར་པའི་སྒོ་གསུམ་མོ། །སྟོང་མིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དཔལ་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་དགའ་བྲལ་དབུས་ཞེས་བྱ་བ་ནི་དགའ་བྲལ་ཐ་མར་ཏེ། གསུམ་པར་ལྷན་ཅིག་སྐྱེས་
པ་ཡིན་ཞེས་ཟེར་རོ། །འདི་ལ་བརྟག་པ་མང་དུ་ཡོད་མོད་ཀྱང་སྤྲོས་པ་མང་དུ་དོགས་པས་མ་བྱས་སོ། །དབང་དེ་རྣམས་བསྐུར་བའི་ཐབས་ནི་བླ་མ་ལས་ཤེས་པར་བྱའོ། །ལེའུ་ལྔ་པའོ།། །།ད་ནི་བྲིས་སྐུ་དང་གླེགས་བམ་ལ་སོགས་པའི་མཚན་ཉིད་ཇི་ལྟར་བྱ་བ་དང་ཆོ་ག་ཇི་ལྟར་བྱ་བ་དང་
ཚོགས་ཀྱི་འཁོར་ལོ་སྔར་འདུ་བ་ལ་སོགས་པའི་གནས་བསྟན་ཀྱང་མངོན་པར་རྟོགས་པ་མ་བསྟན་པས་ལེའུ་གཉིས་གསུངས་སོ། །ལྷ་མོ་ལ་ནི་དམ་འཁྱུད་ཅིང་། །ཞེས་བྱ་བ་ནས། མཉམ་སྦྱར་བདེ་བ་མྱོང་མཛད་ནས། །ཞེས་པའི་བར་གྱིས་གཙོ་བོ་ཆགས་པ་དང་ཁྲོ་བོའི་ཚུལ་གྱིས་གསུངས་
པའོ། །ཕྱག་རྒྱ་ལྔ་ནི་རབ་ཕྱེ་ཞེས་པ་ནས། །སངས་རྒྱས་ལྔ་ཡི་ཕྱག་རྒྱས་གདབ། །ཅེས་པའི་བར་ནི་དགོངས་པ་དང་། ཕྱག་རྒྱ་ལྔའི་རྣམ་དག་གོ་སླ་བ་དང་སྔར་བཤད་དོ། །དེ་ནས་རབ་ཏུ་བཞད་མཛད་ཅིང་། །བྱ་བ་ནས་བྱེད་པ་བདེ་བ་ཆེན་པོ་གསུངས་ཀྱི་བར་གྱིས་བྲིས་སྐུའི་བྱ་བ་དང་ཆོ་ག་
ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་པ་ནས། འདིར་ནི་འདྲི་མཁན་དམ་ཚིག་ཅན། །ཞེས་པ་ལ་སོགས་པས་སྒྲུབ་པ་པོ་དང་རི་མོ་མཁན་དང་རས་ཡུག་འཁལ་བ་དང་ཐག་པའི་བར་ཀྱང་དམ་ཚིག་ཅན་གྱིས་བྱའོ། །དབེན་པའི་གནས་སུ་ཚོན་ཀོང་དང་པིར་ལ་སོགས་ཏེ།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด