དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་སཾ་པུ་ཊི་ཏི་ལ་ཀཱ་ནཱ་མ་ཡོ་གཱི་ནཱི་ཏནྟྲ་རཱ་ཛ་སྱ་ཊཱི་ཀཱ་སྨྲྀ་ཏི་སཾ་དཪྴ་ནཱ་ལོ་ཀ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖ · หน้า 254a

གསུངས་པའི་ར་ལ་སོགས་པ་ལས་བྱུང་བའི་ཁྲག་ལ་སོགས་པ་ཁམས་བཅུ་དྲུག་གི་འཁྲུལ་འཁོར་ལ་རེ་མིག་བཅུ་དྲུག་ཅེས་བརྗོད་དོ། །དེ་རྣམས་ལ་ར་ནི་གསུམ་མོ། །དེ་བཞིན་དུ་ས་ནི་བཞིའོ། །མ་ནི་གསུམ་མོ། །བ་ནི་གཅིག་ཁོ་ནའོ། །བ་ནི་ལྔ་པའོ། །དེ་ལྟར་ཏཱཾ་ནཱ་ཐ་དང་

ཞེས་པ་བཞིའི་ནང་ནས་འབྱུང་བས་ན་སྔ་མའི་ཁམས་བཅུ་གཅིག་གོ། །འོན་ཀྱང་ར་གསུམ་ནི་གསུང་གི་རང་བཞིན་ནོ། །ས་བཞི་ནི་སྐུའི་རང་བཞིན་ནོ། །མ་གསུམ་ནི་རིན་ཆེན་གཙོ་བོའི་རང་བཞིན་ནོ། །བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ནོ། །པ་ནི་མི་བསྐྱོད་པའི་རང་བཞིན་ནོ། །དེ་བཞིན་

དུ་ཏཱཾ་ནཱ་ཐ་ད་ཞེས་པ་ནི་ཡེ་ཤེས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །དེ་ལྟར་ཡང་རིམ་པ་བཞིན་དུ་འདུ་ཤེས་དང་། གཟུགས་དང་། ཚོར་བ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཧ་ཞེས་བྱ་བ་ལ་སོགས་པ་ལ། དབྱངས་ཡིག་དྲུག་པ་

ཞེས་པ་ནི་ཨུའོ། །བསྡུས་ན་ཧཱུཾ་ཞེས་པ་སྟེ། དེ་ནི་རྣམ་པར་ཤེས་པའི་མིང་ཅན་ནོ། །དེ་ཡང་ཡི་གེ་ལྔ་སྟེ། དེ་སྦྱིན་ཞེས་པ་གནས་བཅུ་དྲུག་རྣམས་སུ་རྣམ་པར་ཤེས་པ་སྲོག་གི་རང་བཞིན་གྱིས་རྒྱུ་བའི་ཕྱིར་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་ཡི་གེ་བཅོ་ལྔའི་ནང་ནས་གཙོ་བོའི་གཟུགས་ཧ་ཞེས་

བྱ་བ་ལ་སོགས་པ་ལ། ཧ་ཞེས་པའི་སྒྲ་ཙམ་མོ། །དེས་ན་ཀུན་ནས་སངས་རྒྱས་ཐམས་ཅད་འདུས་པ་ཞེས་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་རྣམས་གང་བཤད་པ་དེ་ཐམས་ཅད་རྣལ་འབྱོར་གྱི་རྒྱུད་དོ། །ཐམས་ཅད་དུ་སངས་རྒྱས་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །

དེ་རྣམས་ཀྱི་འདུས་པ་ནི་སྒྲ་ཙམ་མོ། །རང་རིག་པའི་ཡེ་ཤེས་མཚོན་བྱར་ཐིམ་པར་བྱ་ཞེས་པའི་དོན་ཏོ། །དེའི་ཕྱིར་སྒྲའི་ཚུལ་ལས་ཞེས་བྱ་བ་ལ་སོགས་པ་ནི་རང་རིག་པ་གཉིས་མེད་པའི་སྒྲ་ཙམ་ལས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་གྱི་སེམས་བྱང་ཆུབ་ཀྱི་ས་བོན་གྱི་རང་བཞིན་

ཡེ་ཤེས་ཀྱི་སྐུའི་མཚན་ཉིད་མཆོག་ཏུ་མི་འགྱུར་བའི་སྦྱོར་བའོ། །ལྱ་པ་ཕྱིས་པའི་ལྔ་པའོ། །དེ་ཡང་ཡེ་ཤེས་ཀྱི་ཁམས་བརྟན་པར་བྱས་ནས་འབྱུང་ཞེས་སྦྱར་རོ། །དེ་ཅི་ཞེ་ན། གསུངས་པ། སྒྲའི་ཚུལ་ལས་ཞེས་པ་ནི་སྒྲ་ནི་སྒྲ་ཙམ་གྱི་ཚུལ་ཏེ་ཨཱ་ལི་ཀཱ་ལི་གཉིས་ངག་ཏུ་བརྗོད་པའི་ཚུལ་གྱི་

เล่ม ๖ · หน้า 254b

སྔོན་དུ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པས་རང་རིག་པའི་ཡེ་ཤེས་བསྒྲུབས་ཏེ། དེས་རབ་ཀྱི་མཐར་ཐུག་པ་དེ་ནི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་སྟེ་དེ་ནི་དཔྱིད་དུ་བརྗོད་དོ། །དུས་ཐམས་ཅད་གང་དུ་ཡང་མ་སོང་བ་མ་འོངས་པ་དེ་ཉིད་སྒྲ་ཙམ་གྱི་སྒྲ་ནི་ཐིག་ལེར་བརྗོད་དོ། །ཅིའི་ཕྱིར་ཞེ་

ན། གསུངས་པ། འདིར་གང་གི་ཕྱིར་སྒྲ་ཙམ་གྱི་སྒྲ་ནི་གང་ལ་ཐོག་མ་མེད་པ་དེ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཐིག་ལེའོ། །དེ་ཉིད་ཀྱི་བསྐྱེད་པའི་ས་བོན་དང་བྲལ་བའི་ཕྱིར་སྒྲ་ཙམ་མོ། །དེས་ན་སྒྲའི་རང་བཞིན་ཐིག་ལེའོ། །དེ་ཡང་ཤེས་བྱའི་རྣམ་པའི་གཟུགས་

ཅན་ཤེས་རབ་མ་རྡོ་རྗེ་ཕག་མོའམ་བདག་མེད་མ་འབྱུང་བ་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་གི་རིག་པ་བཟང་པོ་ཀུན་གཞི་རྣམ་པར་ཤེས་པ་སངས་རྒྱས་ཀྱི་གཟུགས་ཁམས་གསུམ་པར་སྤྲུལ་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ཉིད་ཀྱིས་ནི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་ཁམས་

གསུམ་གྱི་སེམས་ཅན་རྣམས་ལ་དམ་ཚིག་ཅེས་པ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པའོ། །དེའི་སྤྱོད་པ་ཞེས་པ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་སྟོན་པར་བྱེད་པའོ། །དེའི་སྤྱོད་ཡུལ་ཞེས་པ་ནི་ཐོས་པ་དང་བསམ་པ་ལ་སོགས་པས་བྱང་ཆུབ་

མྱུར་ཆེས་པར་ཐོབ་པའོ། །དེ་བཞིན་དུ་འཇིག་རྟེན་གསུམ་དུ་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟ་བུའི་རྣལ་འབྱོར་པ་ནི་རྙེད་པར་དཀའ་སྟེ་གང་ལ་འདི་ལྟ་བུའི་བསམ་པ་ཡོད་པ་དེ་ནི་དེ་བཞིན་དུ་བརྗོད་པར་འགྱུར་རོ། །ཐོག་མ་ཞེས་པ་ནི་སྒྲ་ཙམ་གྱི་དུས་སུའོ། །དབུས་ཞེས་པ་ནི་ད་ལྟར་དེ་བཞིན་

གཤེགས་པ་རྣམས་འབྱུང་བའི་དུས་སུའོ། །དེ་བཞིན་དུ་མཐའ་མར་ཞེས་པ་ནི་ཐམས་ཅད་ཀྱི་རང་བཞིན་གྱི་ཆོས་རྒྱུན་མི་འཆད་པར་ཇི་སྲིད་ནམ་མཁའི་མཐར་ཐུག་པར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་གནས་པ་ནི་རྣལ་འབྱོར་པའི་ངེས་པའོ། །འདིར་བསྲུབ་ཅིང་ཞེས་བྱ་

བ་ལ་སོགས་པ་ལ། འདིར་བསྲུབ་ནི་རྣལ་འབྱོར་གྱི་རྒྱུད་དོ། །བསྲུབ་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཅིའི་ཕྱིར་བསྲུབ་པ་རྣལ་འབྱོར་ཡིན་ཞེ་ན། འདིར་གང་གི་ཕྱིར་ཤེས་རབ་ཀྱི་དངོས་པོའི་དབྱེ་བས་སེམས་ཀྱི་ཏིང་ངེ་འཛིན་རྣམས་འབྱུང་བའི་མཚན་ཉིད་དོ། །དེས་ན་དེ་བསྲུབས་པས་བླ་ན་

เล่ม ๖ · หน้า 255a

མེད་པ་ཐོབ་ཅེས་པའི་དོན་ཏོ། །དེ་བཞིན་དུ་ཤེས་རབ་ཀྱི་རྒྱུད་རྣམས་སུ་ཐབས་ཀྱི་དངོས་པོའི་དབྱེ་བས་བསྲུབ་པས་མཚོན་བྱའི་རྒྱུའི་ཕྱིར་ཞེས་པའི་དོན་ཏོ། །དེའི་ཕྱིར་འདི་དག་སྦྱོར་བ་ནི་བསམ་གྱིས་མི་ཁྱབ་པའི་གཉིས་མེད་པའི་ཡེ་ཤེས་སོ། །ཇི་བཞིན་ཞེས་པ་ནི་འདིའི་

རྒྱུ་དང་འབྲས་བུ་སྔགས་བཟླས་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲ་ནི་འཆད་བཞིན་པའི་སྦྱོར་བའི་བསྒོམ་པའོ། །དེ་བཞིན་དུ་ཞེས་པ་ནི་རྒྱུད་བཤད་ཀྱིས་ཉོན་ཞེས་འབྲེལ་ཏོ། །འདིར་རྒྱུད་ཅེས་པ་ནི་ཤེས་རབ་དང་ཐབས་འདུས་པའི་གནས་སུའོ། །བཤད་ཀྱིས་ཞེས་པ་ནི་མཚོན་

བྱའོ། །དེ་ཡང་ཉོན་ཞེས་པ་ནི་ཁོང་དུ་ཆུད་པའོ། །དེ་བཞིན་དུ་རྒྱུད་ཀྱི་སྒྲ་ནི་གཞན་རྣམས་ཀྱི་རྒྱུད་ཡིན་པས་ན་གཞན་དབང་ངོ་། །བཤད་ཀྱིས་ཞེས་པ་ནི་ཀུན་ཏུ་བརྟགས་པའི་རྒྱུད་དོ། །ཉོན་ཞེས་པ་ནི་ཡོངས་སུ་གྲུབ་པའི་རྒྱུད་དོ། །རྒྱུད་དེ་གསུམ་གྱི་དགོངས་པས་གང་བསྒྲུབ་བྱ་དང་

སྒྲུབ་པ་དང་སྒྲུབ་པ་པོ་རྣམས་ཀྱི་རང་བཞིན་རྣམ་པར་རིག་པ་ཙམ་ཉིད་དོ། །དེས་ན་རྣམ་པར་མི་རྟོག་པའི་དངོས་པོ་རྣམས་ལ་སྒྲུབ་པ་པོ་འཇུག་པར་བྱེད་དོ། །རྣམ་པར་མི་རྟོག་པ་ཡང་བེམས་པོ་མ་ཡིན་པ་སྟོང་པ་ཉིད་བདག་ཏུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ། །དེ་ཡང་མེད་པས་ན་རྣམ་པར་

མི་རྟོག་པ་བདག་ཏུ་འཛིན་པ་དང་བྲལ་བ་དེ་ལ་དེ་བཞིན་དུ་གསུངས་སོ། །རྣམ་པར་རྟོག་པ་གང་ལ་ལ་ཡིད་ལས་བྱུང་བར་འགྱུར་བ་ནི་ཀུན་དོར་བའི་རང་བཞིན་ནོ། །གང་ཡང་དགའ་དང་བཅས་པའི་གཟུགས། །སྙིང་ནི་དགའ་བར་བྱེད་པ་ནི། །དེ་ཡང་ཀུན་ཏུ་རྟོག་པ་ཙམ། །དེ་ཡང་ཆགས་

དང་བྲལ་བའི་ཚུལ། །གཞན་ཡང་དེ་དང་དེ་གཉི་ག །སྲིད་པ་ཡི་ནི་དང་པོའི་རྒྱུད། །ཁ་ཅིག་གི་ནི་ཡུལ་ལ་ཡང་། །རྣམ་པར་མི་རྟོག་བདག་དངོས་ལས། །མྱ་ངན་འདས་པ་གཞན་ན་མེད། །ཡང་གསུངས་པ། ངེས་པ་ལ་སོགས་དོན་ནི་འདི། །ཟབ་མོའི་ཚུལ་ནི་དཔའ་བོས་གསུངས། །

ཤེས་རབ་དམན་ལ་རྣམ་ཤེས་ནི། །གཟུང་དང་འཛིན་པའི་རྣམ་པར་སྣང་། །ཁ་ཅིག་གཉིས་ཀ་ལས་གྲོལ་བའོ། །ཟབ་མོས་འཇིག་པ་འཇིགས་བྱེད་པའོ། །དེ་ལྟར་མར་མེ་བལྟམ་པ་ཡི། །འདི་ཡི་རྩེ་མོ་རྒྱུན་ནི་འབར། །མར་ཁུར་ནུབ་པའི་སྡོང་བུ་ཡང་། །མར་ཁུ་ཟད་པས་སྡོང་བུ་དེ། །

เล่ม ๖ · หน้า 255b

ལྡོག་པ་ཡི་ནི་དུས་སུ་ཐོབ། །དེ་བཞིན་དུ་ནི་ཡེ་ཤེས་འདི། །དེ་ལྟར་མ་རིག་ཟད་པའི་ཕྱིར། །རྣམ་ཤེས་འདི་ནི་ལྡོག་འགྱུར་ཏེ། །མར་མེ་བཞིན་དུ་མྱ་ངན་འདས། །དེ་བཞིན་དུ་ཡང་གསུངས་པ། མ་རིག་པར་ནི་གང་བརྗོད་པ། །རྣམ་ཤེས་གཡོ་བའི་རྒྱུ་ཡིས་ནི། །གཞན་དབང་ལ་སོགས་

སྦྱང་བའི་ཕྱིར། །རིག་པ་བཟང་པོ་དེ་དག་གསུངས། །འོན་ཀྱང་བྱིས་པ་མཁས་རྣམས་ཀྱིས། །རྣམ་པར་རིག་པ་རྟག་བཏགས་ཕྱིར། །སྔོན་པོ་ལ་སོགས་སྣང་ཚུལ་གྱིས། །ཟབ་མོའི་ཚུལ་ནི་སུན་འབྱིན་བྱེད། །ཀུན་རྫོབ་དང་ནི་དོན་དམ་ལམ། །བདེན་པ་གཉིས་ཀྱི་དོན་གསུངས་པ། །འདི་

ནི་ཟབ་མོའི་ཚུལ་གསལ་བ། །བླ་མའི་རིམ་པས་ཤེས་པར་བྱ། ཐེག་པ་གསུམ་ལ་མོས་པ་ཡིས། །བསྟན་པ་རྩོད་པའི་དུས་ཀྱི་ཕྱིར། །དེ་རྣམས་སྤྱོད་པ་ལ་ནི་འཇུག །ཀུན་བརྟགས་ལ་སོགས་རིམ་པ་བཞིན། །ཀུན་བརྟགས་དང་ནི་གཞན་གྱི་དབང་། །ཡོངས་སུ་གྲུབ་པ་ཉིད་

དེ་བཞིན། །ཁ་ཅིག་ཕྱོགས་ནི་རྣམ་བཅས་ཏེ། །རྣམ་པ་མེད་པ་ཉིད་དུ་བརྟགས། །བྱིས་པ་རྣམས་ཀྱི་བློ་འཕེལ་ཕྱིར། །དངོས་པོ་ཙམ་ཞིག་གཞག་པ་ཡིན། །ཀུན་བརྟགས་ལ་སོགས་སྣང་བ་ཡི། །རང་བཞིན་དུ་ནི་གསུམ་མིན་ནམ། །དེ་རྣམས་མངོན་སུམ་ཉིད་དུ་འགྲུབ། །མཚན་

མོ་ལ་སོགས་རིམ་ཇི་བཞིན། །ཇི་ལྟར་བློ་ནི་འཕེལ་ཕྱིར་ཡིན། །རང་གི་ཕྱོགས་ལ་མཉེས་པར་གསུངས། །ལུང་དང་ཚད་མ་རྒྱས་པ་ནི། །འབའ་ཞིག་མ་གསུངས་གཞན་ལའང་ཡོད། །ཞི་བྱེད་ལ་སོགས་ལྷ་ལྔ་པོ། །དེ་རྣམས་རང་རང་ལུང་རྣམས་སུ། །སྣང་བ་གསུམ་ནི་ཡིད་ཆེས་

ཕྱིར། །བུམ་པ་ཡི་ནི་དཔེ་བཞིན་དུ། །འདིར་ནི་རྟག་ཏུ་བསྟན་པ་ཡིན། །གཉི་ག་ཡང་ནི་སྤྱོད་པར་མཚུངས། །སྟོང་པའི་ཕྱོགས་ལ་ནི་ཐ་དད། །ཇི་ལྟར་མི་ནི་རིགས་བཞི་ཡི། །ཆ་ཤས་རྣམས་ལ་དབྱེ་བ་མེད། །དེ་བཞིན་སྣང་ལ་སོགས་སྣང་བ། །སྔོན་གྱི་སངས་རྒྱས་ལ་སོགས་

གསུངས། །ཐུན་མོང་སྟོང་གསུམ་རང་བཞིན་ཕྱིར། །སྙིང་སྟོབས་སོགས་ཡོན་ཏན་སྦྱོར་ལས། །སེམས་ཅན་ཐམས་ཅད་འབྱུང་བའི་ཕྱིར། །དེ་ལྟར་གང་ལ་དགོས་ཡོད་པ། །དེ་ལ་བདག་གིས་ཚིག་འདི་བརྗོད། །དེ་ནི་དོན་གསུངས་མ་ཡིན་ཏེ། །ཅི་ཕྱིར་འདིར་བརྗོད་ཅེས་གསུངས་

เล่ม ๖ · หน้า 256a

ཏེ། །འདིར་ནི་ཀུན་བརྟགས་ལ་སོགས་གང་། །ཁྱོད་ཀྱིས་བརྗོད་པའི་ཚིག་ནི་ཉིད། །སྐྱེས་བུ་ལ་སོགས་ཆ་ཤས་བཞིན། །དེ་ཕྱིར་ཐམས་ཅད་ཐུན་མོང་ཉིད། །སྣང་བ་ལ་སོགས་སྣང་གསུམ་ཉིད། །སྔགས་ཀྱི་ཚུལ་ལ་མཚུངས་མེད་ཕྱིར། །གང་ཕྱིར་དངོས་པོ་

ཐམས་ཅད་ལ། །མུ་སྟེགས་རྣམས་ལ་མཚུངས་འདི་ཡིས། །སྔགས་ཀྱི་ཐེག་པ་སྙིང་པོར་འགྱུར། །དངོས་པོ་ཀུན་གྱི་ནང་དུ་འདུས། །དངོས་པོའང་དེ་ཡི་ནང་དུ་འདུས། །དེ་བཞིན་འདིར་ནི་མན་ངག་གིས། །ཀུན་བརྟགས་ལ་སོགས་སྣང་བ་གསུམ། །ཚིག་ཙམ་ཕྱིར་ནི་མཚུངས་པ་

མེད། །དེ་ལྟར་སྔགས་ཀྱི་ཐེག་པ་ནི། །ཐེག་པ་གསུམ་ནི་འདུས་པ་སྟེ། །ཆོས་བསྡུས་ལ་སོགས་པ་རུ་ནི། །སྣ་ཚོགས་རྣམ་པར་དག་གསུངས་ཕྱིར། །དེ་བཞིན་འདིར་ནི་མན་ངག་ལས། །གང་ཕྱིར་ཁ་ཅིག་ཏུ་ནི་དོན། །ཀུན་དགའ་བོ་ནི་ཕྱག་རྡོར་ཞེས། །ཤཱ་རིའི་བུ་ནི་བྱམས་པ་

སྟེ། །རབ་འབྱོར་ཀུན་ཏུ་བཟང་པོའོ། །དེ་བཞིན་མཽད་གལ་གྱི་ནི་བུ། །ནམ་མཁའི་མཛོད་དུ་བརྗོད་པ་ཡིན། །དེ་ལ་སོགས་པར་ཤེས་པར་བྱ། །དངོས་པོ་གཅིག་ལ་སྣ་ཚོགས་པའི། །མིང་རྣམས་སྔོན་དུ་འགྲོ་བ་ནི། །དངོས་པོ་གཅིག་ལ་མིང་དུ་མའོ། །འོན་ཀྱང་ཐེག་པ་གསུམ་གསུངས་

པ། །ཆོས་གང་གིས་ནི་སེམས་ཅན་རྣམས། །སེམས་ཀྱི་རྣམ་རྟོག་སྣ་ཚོགས་པ། །རྩོད་པ་ཙམ་ནི་འབའ་ཞིག་དང་། །བློ་འཕེལ་བ་ནི་ཉིད་འགྲུབ་པ། །གཞན་རྣམས་ལ་ནི་ཕྱིར་བཟློག་པ། །དེ་ཉིད་ཀྱིས་བརྟུལ་སེམས་ཅན་གྱི། །རྒྱུ་ནི་སྔགས་ཀྱི་ཐེག་པ་མཆོག །རྩོད་པའི་དུས་

ལས་གཞན་པ་ཡི། །དུས་རྣམས་ལ་ནི་གཏན་དབབ་མིན། །ཐེག་པ་གསུམ་གྱིས་འགྲུབ་འགྱུར་བ། །སྐྱེ་བ་སྔ་མར་རྟོགས་ཕྱིར་རོ། །འོན་ཀྱང་གསང་སྔགས་ཐེག་ཆེན་ལས། །མ་རྟོགས་དངོས་གྲུབ་རྙེད་མི་འགྱུར། །དེ་ཡང་སྔོན་དུ་མོས་པ་ཡིས། །ཉན་ཐོས་སེམས་ཀྱིས་སྦས་པ་

ཡིན། །དེ་ཕྱིར་རྫོགས་ལྡན་སོགས་དུས་སུ། །སྔགས་ཀྱི་ཐེག་པ་སྙིང་ལ་གནས། །སྐྱེ་བ་འབུམ་ཕྲག་དུས་ནས་སུ། །དེ་མ་རྟོགས་པར་དངོས་གྲུབ་མེད། །གཉི་གའི་མཐའ་ལ་བརྟེན་ནས་ནི། །བྱང་ཆུབ་དམ་པ་གསུངས་པ་ཡིན། །དེ་ལྟར་ཀུན་བརྟགས་ལ་སོགས་ཀུན། །མན་ངག་

เล่ม ๖ · หน้า 256b

གི་ནི་ནང་དུ་འདུས། །དེ་ལས་བྱུང་བའི་སྣང་བ་ནི། །འདུས་བྱས་ཐ་མལ་པ་རུ་འདོད། །འདུས་བྱས་རྣལ་འབྱོར་མ་ཡིས་གསུངས། །བྱིས་པ་རྣམས་ཀྱི་ཐ་མལ་གསུངས། །འདུས་བྱས་སྣང་བ་འབའ་ཞིག་མིན། །གང་ཅུང་ཟད་ཀྱི་དོན་དམ་པའི། །ཕྱོགས་དང་གར་མཁན་གྲངས་མེད་པ། །དེ་དག་

ཐམས་ཅད་འབྱུང་བ་ཉིད། །མ་རིག་པ་ཡང་དེར་ཟད་འགྱུར། །རིག་པ་བཟང་པོ་ཡི་ནི་རྒྱུ། །ཤེས་དང་ཤེས་བྱ་དག་མི་གཡོ། །གཞན་དུ་སངས་རྒྱས་རྙེད་མི་འགྱུར། །དེ་ཡང་འདུས་བྱས་སྒོམ་པ་པོས། །རྣམ་པར་མི་རྟོག་དེ་ཁོ་ན། །དེ་ནི་མེད་ཅིང་དེ་ཡང་མེད། །བདག་ལ་བརྗོད་དུ་མེད་

པས་བརྒྱན། །རྣམ་གྲངས་སྦྱོར་ལས་སངས་རྒྱས་འབྱུང་། །དེ་ལྟར་སྙིང་རྗེ་ལ་དམིགས་པའི། །བློ་ལྡན་ནན་ཏན་ཤེས་བྱ་བ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བྱིས་པ་བཞིན་དུ་ཡང་དག་སྤྱད། །གང་ཡང་མུ་སྟེགས་པ་རྣམས་ཀྱིས། །རྟག་ཏུ་སྣང་བའི་མིང་ཉིད་ཀྱིས། །དུས་ཙམ་

ཉེ་བར་མཚོན་པ་ཉིད། །དམ་པའི་དོན་ནི་དངོས་པོ་མིན། །དེ་རྣམས་རིག་པ་མི་ཤེས་པས། །འདིར་ནི་ལྟ་བ་ཉམས་པ་ཉིད། །གང་ཡང་རིགས་པས་ཤེས་པ་ནི། །དེ་ཉིད་སངས་རྒྱས་གཞན་དུ་མིན། །དམ་བའི་དོན་གྱི་ལྟ་བ་ཡིས། །སངས་རྒྱས་པ་ནི་མྱང་འདས་འགྲོ། །ལྟ་བ་གཞན་ནས་

སེམས་ཅན་ཡང་། །དམ་པའི་དངོས་པོས་གྲོལ་བར་འགྱུར། །དེ་བཞིན་དུ་ཕྱི་དང་ནང་དུ་རྣལ་འབྱོར་བསྐྱེད་པ་བསྟན་པའི་ཕྱིར། སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་གནས་ཞེས་པ་ནི་ལྟེ་བའི་དབུས་སུའོ། །རྩ་གཉིས་ཞེས་པ་ནི་ལ་ལ་ནཱ་དང་ར་ས་ནཱ་གཉིས་སོ། །ཁུ་བ་ཞེས་

པ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་རང་འབྱུང་ཡང་ཤེས་པར་བྱའོ། །དེ་དག་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའོ། །འདུས་པ་ཡིན་ཞེས་པ་ནི་རྩ་གཉིས་འདུས་པའི་ཕྱིར་རོ། །དོན་དམ་པའི་ཡུལ་ལ་ནི་སྒྲའི་ཚུལ་ལོ། །དེ་བཞིན་དུ་ཡང་སྙིང་

སྟོབས་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནང་དུ་བསྐྱེད་པ་སྟོན་པའི་ཕྱིར་རོ། །འབྱུང་བའི་གནས་ནི་ཆོས་ཀྱི་དབྱིངས་སྐྱེ་གནས་སོ། །དེའི་ཕྱིར་རྩ་ལས་བསམ་གྱིས་མི་ཁྱབ་ལ་བསམ་དུ་མེད་པ་འབྱུང་སྟེ། སྙིང་སྟོབས་དང་། སྣང་བ་དང་། ལུས་དང་། སེམས་དང་། སྟོང་པ་དང་།

เล่ม ๖ · หน้า 257a

ཟླ་བ་དང་། ཤེས་རབ་དང་། མཚན་མོ་དང་། གཞན་དབང་དང་ཨོཾ་དང་ཨཱཿའོ། །དེ་བཞིན་དུ་རྡུལ་དང་། སྣང་བ་མཆེད་པ་དང་། ངག་དང་། སེམས་ལས་བྱུང་བ་དང་། ཤིན་ཏུ་སྟོང་པ་དང་། ཉི་མ་དང་། ཐབས་དང་། ཉིན་མོ་དང་། ཀུན་བརྟགས་པ་དང་

ཨ་དང་ཧྲཱིཿའོ། །དེ་བཞིན་དུ་མུན་པ་དང་། སྣང་བ་ཐོབ་དང་། ཡིད་དང་། མ་རིག་པ་དང་། སྟོང་པ་ཆེན་པོ་དང་། སྒྲ་གཅན་དང་། ཡང་དག་པར་སྦྱོར་བ་དང་། མཚམས་དང་། ཡོངས་སུ་གྲུབ་དང་། ཧཱུཾ་དང་ཕཊ་དོ། །ཡེ་ཤེས་དེ་རྣམས་ཀྱི་རང་བཞིན་རྣམས་སུ་ལུས་དང་ངག་དང་སེམས་

ཀྱི་བདག་ཉིད་གྲངས་མེད་པ་སངས་རྒྱས་ཀྱིས་རང་བཞིན་དུ་དགོངས་པའོ། །འབྱུང་བ་ལས་གྱུར་པའི་དེ་རྣམས་ལ་སྲིད་པར་འབྱུང་བར་བརྗོད་དོ། །ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ཉིད་ཀྱིས་ན་ཞེས་གསུངས་པས་སངས་རྒྱས་ཀྱི་རང་བཞིན་ཉིད་དོ། །དེ་ཉིད་དུ་གསུངས་པ། སྙིང་སྟོབས་

ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་དེའི་དོན་བཤད་དེ་སྔོན་གྱི་བག་ཆགས་ཀྱིས་བསོད་ནམས་ཉེ་བར་སྤྱོད་པའི་ཕྱིར་མ་དང་ཕ་སྦྱོར་བ་སྔོན་དུ་གསུངས་སོ། །དངོས་པོ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་དེ་བཞིན་དུ་གསུངས་སོ། །དེ་བཞིན་བཤང་གཅི་ཞེས་བྱ་བ་ལ་

སོགས་པ་ལ། རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུའི་ལུས་ཅན་ནོ། །བརྗོད་ཅེས་པ་ནི་སྦྱོར་བའོ། །རུས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣམ་གཉིས་ལས་བྱུང་ཞེས་པ་ནི་ཕ་དང་མའི་ཁམས་ཀྱི་དབང་གིས་སམ་བྱང་ཆུབ་སེམས་དང་སྲོག་ལས་སྲོག་ཏུ་སེམས་ཀྱི་རང་བཞིན་

གྱི་མཚན་ཉིད་རྣམ་པ་མང་པོའི་ཕྱིར་རོ། །དེ་བཞིན་དུ་གཅིག་ཅེས་པ་ནི་རང་རིག་པའི་སྒྲའི་བདེ་བའོ། །དུ་མ་ཞེས་པ་ནི་སྤྲུལ་པའི་སྐུའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་གྱིས་གནས་པ་རྡོ་རྗེ་ཅན་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ངོ་། །དེ་ཡང་རྩའི་ཞེས་བྱ་བ་ལ་སོགས་

པ་རྣལ་འབྱོར་པ་རྣམས་དང་ད་ལྟར་གྱི་དུས་སུའོ། །རྒྱུ་བ་ཞེས་པ་ནི་རྒྱས་པར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ལ་རླུང་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་རྣམས་རྒྱུའོ། །དེས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཆས་གང་དུས་དེས་ནི་འདི་བྱ་བའོ། །དེ་ཅི་ཞེ་ན། དེའི་ཞེས་གསུངས་

เล่ม ๖ · หน้า 257b

ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱི་རྩ་རེ་རེ་ལའོ། །སྒོ་ཞེས་བྱ་བ་ནི་འོག་དང་སྟེང་དུ་སྒོ་གཉིས་སུ་འགྱུར་བའོ། །དེའི་གཉིས་ཞེས་པ་ནི་འོག་དང་སྟེང་ལས་གང་དུ་རྒྱུ་བ་ནི་སྤྲོ་བའི་དུས་སུའོ། །འོག་གི་སྒོ་ནས་རྒྱུ་བ་ནི་སྡུད་པའི་དུས་སོ། །དེ་དག་གི་ཞེས་པ་ནི་གཡོན་དང་གཡས་སུ་

སྲོག་འཕོ་བའི་དུས་སུའོ། །འདུས་དུས་སུ་ཞེས་པ་ནི་རྩ་རྣམས་ཀྱི་ཕན་ཚུན་སྲོག་རྒྱུ་བའི་དུས་སུའོ། །ལྷ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིར་འཕོ་བའི་ཕྱིར་ཐིག་ལེའི་མཚོན་པ་ཉིད་རང་བཞིན་མེད་པ་རླབས་མེད་པའི་ཏིང་ངེ་འཛིན་ཉེ་བར་དམིགས་པར་འགྱུར་རོ། །དེས་ན་འགྱུར་ཞེས་པ་ནི་བདག་ཉིད་རྡོ་རྗེ་འཆང་

དུ་འགྱུར་ཞེས་དགོངས་སོ། །ད་ནི་གོང་དུ་འཕོ་བའི་སྦྱོར་བས་གཏུམ་མོའི་སྦྱོར་བའི་དངོས་པོ་བསྟན་པའི་ཕྱིར། སྟེང་གི་སྒོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྩ་ཐམས་ཅད་རྒྱུ་བའི་ཕྱིར་དེའི་གང་དུ་བསྐྱེད་པའི་གནས་དེར་སྒོ་གཅིག་ཏུ་འགྱུར་རོ། །དེ་ནི་སྤྱི་བོའི་གནས་སྟེང་གི་སྒོ་ཞེས་བརྗོད་དོ། །

དེ་ཉིད་ཀྱི་སྲོག་རྒྱུ་བའི་བུ་ག་ནི་འོག་གི་སྒོའོ། །དེ་ཉིད་ཀྱི་འོག་གི་སྒོར་རྣམ་པར་ཤེས་པ་སྲོག་གི་སྦྱོར་བ་ལ་གནས་སོ། །སྟེང་གི་སྒོ་རུ་ཞེས་པ་ནི་སྐྱེ་བའི་གནས་སུའོ། །ཁམས་རྣམས་ཞེས་པ་ནི་ལུས་ཀྱི་གོང་བུའི་བ་སྤུ་དང་པགས་པ་ལ་སོགས་པའི་ཁམས་རྣམས་ཀྱི་གནས་རྣམས་སུའོ། །

འཇུག་པར་བསམ་ཞེས་པ་ནི་རྣམ་པར་ཤེས་པ་དང་ལྡན་པའི་སྲོག་གི་རླུང་བསམ་པར་བྱའོ། །རྣལ་འབྱོར་པ་ཞེས་པ་ནི་སེམས་སོ། །རྩ་རྣམས་ཐམས་ཅད་ཅེས་པ་ནི་རྩའི་རྣལ་འབྱོར་མ་རྣམས་ཀྱིའོ། །འདུས་པ་ཞེས་པ་ནི་ཐིམ་པར་འགྱུར་བའོ། །དེས་ན་སྟེང་སྒོར་ཞེས་པ་ནི་སྔོན་གྱི་ཚུལ་གྱིས་

བསྐྱེད་པའི་གནས་སུའོ། །དེ་ཉིད་ཀྱིས་ན་ནིའི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ཞེས་པ་ནི་དེར་རོ། །ལུས་ཞེས་པ་ནི་ལུས་ལའོ། །རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པར་རོ། །རྡོ་རྗེ་ཅན་ཞེས་པ་ནི་ཡེ་ཤེས་ཀྱི་ཁམས་སོ། །རྟག་ཏུ་གནས་ཞེས་པ་ནི་ཁམས་བཞིའི་ནང་དུ་འདུས་པར་གནས་སོ། །དེ་ལས་ནི་མི་

བསྐྱོད་པའོ། །ད་ནི་དེ་བཞིན་དུ་སྙིང་གར་རོ། །སྠི་ནི་རང་འབྱུང་གི་མེ་ཏོག་གོ། །ཏ་ནི་ཁུ་བ་ཉིད་དོ། །དེ་བཞིན་དུ་སྟེང་ཞེས་བྱ་བ་ལ་སོགས་པ་ནི་དེའི་སྟེང་གི་སྒོ་ལ་འཁྲུལ་འཁོར་གསུམ་མོ། །སྒོ་དགུ་ཞེས་པ་ནི་རྩ་དགུས་ཡོངས་སུ་བསྐོར་བའོ། །དེ་ཡང་ཅི་ཞེ་ན། དེ་ལ་ཀྱེ་བཅོམ་ལྡན་འདས་ཞེས་

เล่ม ๖ · หน้า 258a

པ་ནི་ཞུས་པའོ། །དེ་ཡང་སྔོན་གྱི་ཚིག་གི་རྗེས་སུ་འགྲོ་བ་རྟག་ཏུ་བཞུགས་ཞེས་པ་དང་འབྲེལ་ཏོ། །དེ་ལ་བཀའ་སྩལ་པ་ཞེས་པ་ནི་བསྟན་པའི་སླར་བཤད་པ་གསུངས་པའོ། །ཅི་ཞེ་ན། གསུངས་པ། གསུམ་ཞེས་བྱ་བ་ལ་སོགས་པ་ནི་འདིར་འཁྲུལ་འཁོར་གྱི་སྒྲས་ནི་རྩ་

སོ་སོ་རྣམས་ཀྱི་བསྐྱེད་པའི་གནས་རྣམས་སུ་ལུས་དང་ངག་དང་སེམས་ཀྱི་དབྱེ་བས་སྨིག་རྒྱུའི་སྐུད་པ་བཞིན་རྩ་གསུམ་འཁྲུལ་འཁོར་གྱི་གཟུགས་འཁྱིལ་པའི་རྣམ་པ་ཉིད་དུ་གནས་ཏེ། དེ་ཉིད་སུམ་འཁྱོགས་ཐོང་བའི་ཆ་བྱད་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་ཁམས་སུ་བརྗོད་དོ། །དེ་ལ་

ཆུང་ངུ་ཞེས་པ་ནི་ཨོཾ་འཇུག་པས་ས་འོག་གནས་མ་རྣམས་བསྐྱེད་པའོ། །དེ་བཞིན་དུ་འབྲིང་ཞེས་པ་ནི་ཨཱཿགནས་པའི་ཕྱིར་ས་སྤྱོད་རྣམས་བསྐྱེད་པའོ། །དེ་བཞིན་དུ་མཆོག་ཅེས་པ་ནི་ཧཱུཾ་ལྡང་བའི་ཕྱིར་མཁའ་སྤྱོད་རྣམས་བསྐྱེད་པའོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་དང་། ལམ་གསུམ་

དང་། མིག་གསུམ་དང་། སྐུ་གསུམ་དང་། ཐར་པ་གསུམ་དང་། འཇིག་རྟེན་གསུམ་དང་། སྲིད་པ་གསུམ་དང་། དེ་ཁོ་ན་ཉིད་གསུམ་དང་། དུས་གསུམ་དང་། ཐུན་མཚམས་གསུམ་དང་། ཁམས་གསུམ་དང་། འགྲོ་བ་གསུམ་དང་། ཕོ་བྲང་གསུམ་དང་། ས་བོན་གསུམ་

དང་། གྲུ་གསུམ་དང་། གནས་གསུམ་དང་། ཡོན་ཏན་གསུམ་དང་། ཡི་གེ་གསུམ་དང་། སྣང་བ་གསུམ་དང་། རང་བཞིན་གསུམ་དང་། ཁམས་གསུམ་དང་། ཞལ་གསུམ་དང་། ཐབ་ཁུང་གསུམ་དང་། གཟུགས་གསུམ་གྱི་རིམ་པས་གྲངས་མེད་པར་འགྱུར་རོ། །དེ་ལྟར་

དཀྱིལ་འཁོར་ལ་སོགས་པ་རྣམས་ལ་ཀ་བ་གཅིག་ཅེས་པ་ལ་སོགས་པ་ནི་རྐང་པ་ནས་མགོའི་བར་དུ་ནོར་ལས་རྒྱལ་ཞེས་པའི་རླུང་ལུས་ཐམས་ཅད་ཀྱི་རྟེན་ནོ། །དེ་ཉིད་ཀྱི་སྒོར་དགུ་ཞེས་པ་ནི་ནོར་ལས་རྒྱལ་ཞེས་པ་ལ་སྣལ་མ་ཕྲ་མོ་སྒོ་དགུའི་བདག་ཉིད་སྲོག་ལ་སོགས་པའི་རླུང་རྒྱུ་བ་དེ་ལ་དེ་སྐད་ཅེས་

བྱའོ། །རགས་པ་ཞེས་པ་ནི་སྲོག་ལ་སོགས་པ་རླུང་ལྔ་རྣམས་ཕུང་པོ་ལྔའི་རང་བཞིན་དཀྱིལ་འཁོར་ལྔའོ། །དེ་རྣམས་ཀྱི་ལྷག་པའི་ལྷ་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། །དེ་བཞིན་དུ་བུ་ག་ཞེས་བྱ་བ་ལ་སོགས་པ་ནི་སྣལ་མ་ཕྲ་མོ་རྣམས་སྦོམ་པོ་ཉིད་

เล่ม ๖ · หน้า 258b

དུ་འགྱུར་རོ། །བུ་ག་ཞེས་པ་ནི་མིག་ལ་སོགས་པའི་སྒོར་སོན་པའོ། །དགུ་ཞེས་པ་ནི་ཀ་བ་གཅིག་དགུའི་བདག་ཉིད་དོ། །དེ་རྣམས་རེ་རེས་གསུམ་གསུམ་གྱི་བུ་ག་རྣམས་སོ། །དེ་ཉིད་དུ་གསུངས་པ་ཐ་མ་ལ་ཞེས་བྱ་བ་ལ་སོགས་པ་འདིར་ཐ་མ་ནི་འཇུག་པའི་ཕྱིར་ཨོཾ་ཞེས་པ་ལུས་ཀྱི་སྒོར་ལུས་ལ་ཁྱབ་

པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་སྦོམ་པོ་ཞེས་པ་ནི་ས་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བའི་སྤྱན་མ་ལ་སོགས་པའོ། །ལྷ་མོ་རྣམ་པར་སྤྲུལ་ཞེས་པ་ནི་བཤང་བ་དང་། གཅི་བ་དང་། ཤེལ་དང་། རང་འབྱུང་དང་། ཁུ་བ་ནམ་མཁའི་ཁམས་ཅན་ཏེ། དེ་རྣམས་ཀྱི་ལུས་སུ་སྤྲུལ་ཞེས་པའི་

དོན་ཏོ། །དེ་ཡང་སེམས་ལྡན་ཞེས་པ་ལ་སོགས་པ་རྣལ་འབྱོར་པའི་མཐར་ཐུག་པའི་མིང་གི་རྣམ་གྲངས་ཀྱིས་ལྔ་སྟེ་ཁམས་ལྔའི་རང་བཞིན་གྱི་ཕྱིར་རོ། །དེ་བཞིན་དུ་རྟག་ཏུ་ཞེས་པ་ནི་ཡི་གེ་གཉིས་ཀྱི་སྒོའི་མཆོག་གཏན་ལ་ཕབ་པའོ། །དེ་ཡང་ངག་གི་སྒོ་དུས་རྣམས་ཀུན་དུ་འགྲོ་བ་ཞེས་པའི་ཚིག་

གི་ཁྱད་པར་གྱིས་ཏེ། དེས་ན་འགྲོ་བ་སེམས་ཀྱི་རྣམ་པར་རྟོག་པ་ལས་སེམས་ལས་བྱུང་བའི་ཚིག་གོ། །དེ་ཉིད་ཀྱིས་ན་བརྟགས་པའི་རྒྱུད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ། རྐང་གཅིག་ཅེས་པ་སྐྱེས་བུའི་ཁྱད་པར་རོ། །རྐང་བཞི་ཞེས་པ་བ་ལང་དང་རྟ་དང་མ་ཧེ་ལ་སོགས་པའི་ཁྱད་པར་རོ། །

སོགས་པའི་སྒྲས་ནི་རྐང་གཉིས་ལ་སོགས་པ་བསྡུའོ། །དེ་རྣམས་ཀྱི་རླུང་ལ་སོགས་པ་ཞེས་པ་ནི་འཆད་བཞིན་པའི་དཀྱིལ་འཁོར་རྒྱུ་བའི་ཕྱིར་རོ། །སོགས་པའི་སྒྲ་ཡང་དཀྱིལ་འཁོར་ལྔ་པོ་ཉིད་དོ། །འགྲོ་བ་ཞེས་པ་ནི་དུས་དེའི་ཚེ་སྐྱེས་པ་དང་ཡུལ་འཁོར་དང་རྒྱལ་པོའི་གནས་ལ་སོགས་

པར་བརྟག་པའི་ཕྱིར་རོ། །དེའི་རང་བཞིན་དུ་འབྱུང་ངོ་། །དེ་བཞིན་དུ་རླུང་ནི་རྣམ་པ་བཞི་ཞེས་པ་རླུང་ཡང་རླུང་གཅིག་གི་ཁྱད་པར་ལ་དབང་ཆེན་ལ་སོགས་པ་རྣམ་པ་བཞིར་བརྗོད་དོ། །དེ་ཅི་ཞེ་ན། གསུངས་པ། སེམས་ཞེས་བྱ་བ་ལ་སོགས་པ་ལ། གནས་པ་ཞེས་པ་ནི་སྔོན་དུ་རྟག་ཏུ་ཡི་

གེ་གཉིས་ཀྱི་དོན་གསུངས་སོ། །དེ་ལྟར་གནས་ཞེས་པ་ནི་སྒྲས་བརྗོད་དོ། །དེ་ལྟར་གནས་ཞེས་པ་ནི། སེམས་ཅན་གྱི་རིགས་ཏེ་དེ་ཡང་རྣམ་པ་གཉིས་སོ། །དེ་ལ་ཐིམ་པ་ལ་སོགས་པ་བསྟན་པ་དང་། བཤད་པ་ཁོང་དུ་ཆུད་པར་བྱ་སྟེ། འདིར་གང་ཐིམ་པ་ཡང་ཡུལ་ཐམས་ཅད་ལ་ཉེ་བར་

เล่ม ๖ · หน้า 259a

མཚོན་པའི་ཕྱིར་རོ། །དེ་བཞིན་དུ་བཤད་པས་ཐིམ་པ་རྟག་ཏུ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུས་པས་དུས་ཐམས་ཅད་དུ་ཡང་མ་སོང་ཞེས་པའི་དོན་ཏོ། །དེ་བཞིན་དུ་འཇུག་པའི་ཆོ་ག་ནི་དབང་པོ་དྲུག་ཡུལ་ལ་འཇུག་པར་བསྟན་ཏོ། །འདིར་བཤད་པ་འཇུག་པ་

དང་། འགྲོ་བ་དང་སེམས་ཅན་ཐམས་ཅད་ལ་ཞེས་པ་ནི་དངོས་པོ་ཐམས་ཅད་མཐོང་བའི་ཕྱིར་དེའི་ཚེ་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱིས་ན་དེ་རྣམས་ལ་ཐིམ་པའི་ཕྱིར་འགྲོ་བ་ཞེས་པ་སྐྱེ་བའི་མཚན་ཉིད་དོ། །དེ་བཞིན་དུ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འགྲོ་བའོ། །

གང་ཡང་འཇིག་རྟེན་པ་དེ་ནི་བྱིས་པ་རྣམས་བེམས་པོའི་བློས་རྟོགས་པས་འགྲོ་བ་དྲུག་གི་འཁོར་བ་རྣམས་སུ་འགྲོའོ། །གང་ཡང་འཇིག་རྟེན་ལས་འདས་པ་དེ་ནི་འཕགས་པ་རྣམས་རྟག་ཏུ་བེམས་པོའི་མ་ཡིན་པའི་བློའི་ཁྱད་པར་གྱིས་རྟག་ཏུ་དམ་པ་ལ་སྤྱད་པའི་མཚན་ཉིད་ཀྱིས་བདེ་འགྲོ་

ཞིང་ང་རྒྱལ་མེད་པར་འགྲོ་བའོ། །དེས་ན་སངས་རྒྱས་ཀྱི་འཇིག་རྟེན་དགའ་ལྡན་ལ་སོགས་པ་རྣམས་སུ་འགྲོའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་དཀྱིལ་འཁོར་ལྔ་རྒྱུ་བ་བསྟན་པའི་ཕྱིར། མེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

འདིར་མེའི་དཀྱིལ་འཁོར་གོས་དཀར་མོའི་རང་བཞིན་མགྲིན་པའི་འཁོར་ལོ་ནས་རྒྱུ་སྟེ། གཡོན་དང་གཡས་ཀྱི་སྣ་ཁུང་ནས་སྟེང་དུ་རྒྱུའོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་ནི་དཔྲལ་བའི་འཁོར་ལོ་ནས་སྣའི་བུ་ག་གཉིས་ཀའི་ལོགས་ནས་རྒྱུའོ། །དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་

ནི་ལྟེ་བའི་འཁོར་ལོ་ནས་ཐད་ཀ་ཞེས་པ་མདུན་དྲང་པོར་རྒྱུའོ། །ཆུའི་དཀྱིལ་འཁོར་ནི་སྙིང་གའི་འཁོར་ལོ་ནས་འོག་ཏུ་འགྲོ་བས་རྒྱུའོ། །ནམ་མཁའི་དཀྱིལ་འཁོར་ནི་དཀྱིལ་འཁོར་བཞི་དང་མཉམ་པོར་རྒྱུའོ། །དེ་ཉིད་ཀྱིས་ན་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་རྣམས་

ཀྱི་ལོག་པའི་དངོས་པོ་གསུམ་སྟེ། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་རྣམས་ཀྱི་ལྷག་པའི་ལྷའི་རང་བཞིན་གྱིས་སངས་རྒྱས་ལྔའི་རླུང་ལས་བསྐྱེད་པའི་ཕྱིར་རོ། །སྟེང་གི་སྒོ་རུ་ཞེས་པ་ནི་རྩ་རྣམས་བསྐྱེད་པའི་གནས་རྣམས་སུ་ལུས་ཀྱི་ཁམས་ལ་རླུང་མི་གཡོ་བའོ། །དེ་བཞིན་

เล่ม ๖ · หน้า 259b

དུ་འོག་ཏུ་ཞེས་པ་ནི་སྣའི་བུ་ག་ལ་སོགས་པ་ནས་བྱུང་ནས་ཟད་པའི་ཕྱིར་རོ། །དེ་རྣམས་རྣམ་པར་གནས་ཞེས་པ་ནི་རླུང་རྒྱུ་བ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་གནས་སོ། །དེ་ནས་སྟེང་དུ་གཤེགས་གསོལ་ཞེས་པ་ནི་སྤྱི་བོ་ནས་བསྐྱེད་པའི་རྣམས་སུ་བླ་མའི་མན་ངག་གིས་

སྟོང་པའོ། །དེ་བཞིན་དུ་སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ལས་བྱུང་བ་རྣམས་ཀྱི་དངོས་པོ་རྣམས་ལའོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུའོ། །འགྲོ་བ་ཞེས་པ་ནི་ཡུལ་དང་ཡུལ་ཅན་རྣམས་ལ་འགྲོ་བའོ། །དེ་བཞིན་དུ་ཇི་ལྟ་བུའི་རང་བཞིན་གྱི་ཚིག་མཁའ་འགྲོ་མ་ཞེས་བྱ་བ་

ལ་སོགས་པ་ནི་གོ་སླའོ། །དེ་ལྟར་གསུངས་པ། ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཏེ། དེས་ན་ཡང་སྡུད་པ་པོ་བདག་ཉིད་ཀྱི་ཉེས་པ་བསལ་བའི་དོན་དུ་འདི་ནི་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་དེ་ཉིད་སྟོན་པའི་ཕྱིར་ཞེས་དགོངས་སོ། །ད་ནི་བདག་མེད་མ་ལ་སོགས་

པའི་རྣལ་འབྱོར་མ་རྣམས་ཀྱི་ཞུ་བ་སྣ་ཚོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྡོ་རྗེ་སྙིང་པོས་དྲིས་པ་ཞུས་པའི་རྗེས་སུ་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་པ་བྱས་ནས་དེ་ནས་བཅོམ་ལྡན་འདས་མཉེས་ནས། སེམས་དཔའ་

ཆེན་པོ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཅན་དེ་ལ་ཚིག་འདི་ཞུས་པ་སྟེ། དེ་ཡང་བསྟན་ཏེ་ཞེས་པ་ནས་བདག་ལ་བཤད་དུ་གསོལ་བའི་བར་དུ་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ཉོན་ཅིག་ཅེས་པ་ལ་སོགས་པ་བསྟན་པ་དང་བཤད་པ་སྣ་ཚོགས་པ་རབ་ཏུ་

བྱེད་པ་འདི་ནས་རབ་ཏུ་བྱེད་པ་གཉིས་པའི་མཐར་ཐུག་པ་ནི་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་གོ། །དེ་བཞིན་དུ་གནས་འདི་ཞེས་བྱ་བ་ལ་སོགས་པ་ལ། མཁའ་འགྲོ་མ་ཞེས་པ་ནི་རབ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་ཤེས་པར་ཞེས་པ་ནི་ངེས་པའོ། །གཞན་ནི་གོ་སླའོ། །འོན་ཀྱང་

འཆད་བཞིན་པ་སླར་བཤད་པ་གསལ་བ་ཉིད་ཀྱིས་ན་འདིར་མ་བཤད་དོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་གཞུང་བསྟན་པ་སྟེ་དང་པོའོ།། །།ད་ནི་རྩ་བའི་འཁོར་ལོ་ཇི་ལྟར་

เล่ม ๖ · หน้า 260a

བྱུང་བའི་གནས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་པ་ནི་རྣལ་འབྱོར་པའི་ལུས་ཀྱིའོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་སྐུའི་ཁྱད་པར་སྐྱེས་བུ་ཆེན་པོའི་ཕྱིར་རོ། །དེ་བཞིན་དུ་སྙིང་གའི་དབུས་ཞེས་བྱ་བ་ལ་སོགས་

པ་ནི་འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཀྱི་རེ་རེའི་སྙིང་པོར་རྩའི་འཁོར་ལོ་སྡོམ་པའི་དབྱེ་བས་ཤིན་ཏུ་ཕྲ་བའི་དུས་བརྗོད་དོ། །པདྨ་ཞེས་པ་འདིར་པདྨའི་སྐྲ་ནི་སའོ། །དེ་ཡང་འདབ་མ་བརྒྱད་ཅེས་པ་ནི་ཞིང་བརྒྱད་ཀྱི་རྩའོ། །ལྟེ་བར་བབས་ཞེས་པ་ནི་ཐམས་ཅད་ནམ་མཁའི་རྣམ་

པའོ། །དེའི་དབུས་སུ་སོན་པའི་རྩ་ཞེས་པ་ནི་སྙིང་རྗེའི་རྒྱུན་གྱི་ཆགས་པ་ཆེན་པོ་རྒྱུན་མི་འཆད་པའི་རྩ་མར་མེའི་རྒྱུན་བཞིན་ནོ། །དེ་ཉིད་ཀྱིས་ན་མར་མེ་ལྟ་བུའི་གཟུགས་ཅན་ནོ། །དེ་བཞིན་དུ་དེ་ཡང་ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཁ་ནི་ཐུར་དུ་ཞེས་པ་ནི་རྩ་ཐམས་ཅད་དང་ཡུལ་དང་ཡུལ་ཅན་

ལས་བདུད་རྩིའི་རོ་དགུག་སྟེ། སེམས་ཀྱི་ཆུ་ཤིང་གི་མེ་ཏོག་བཞིན་རོ་གཅིག་པར་གྱུར་པས་མདུན་དུ་དམིགས་བཞིན་པས་སྲིད་པ་དང་མྱ་ངན་ལས་འདས་པའི་གཟུགས་ཀྱི་ཕྱིར་རོ། །དེ་བཞིན་དུ་དེའི་དབུས་ཞེས་པ་ནི་རྩ་བའི་ཆགས་པའི་རྩ་རྣམས་ཀྱི་དབུས་སུའོ། །གནས་པའོ་ཞེས་པ་ནི་རྣམ་པར་

རྟོག་པ་མཐའ་དག་སྤངས་པའི་ཕྱིར་དཔའ་བོ་རྡོ་རྗེ་ལྟ་བུའི་སྲོག་གོ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཧཱུཾ་ངོ་། །ཇི་ལྟར་རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཁུ་བའི་ཐིག་ལེ་འཛག་པ་པདྨར་ཧཱུཾ་ལྟུང་པ་དེའི་བར་ལ་ལྷན་ཅིག་སྐྱེས་པ་རྣམས་སོ། །དེ་ལྟར་

སྣའི་རྩེ་མོ་ནས་སྲོག་ཡུངས་ཀར་ཙམ་སྲོག་རིང་པོ་འགྲོ་བའོ། །དེས་ན་འགྲོ་བ་ཧཱུཾ་མི་ཤིགས་པ་སྲོག་ས་བོན་ཞེས་སྦྱར་རོ། །འཛག་པ་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་ས་བོན་མི་འཛག་པའོ། །དེ་ཡང་བསམ་གཏན་ཞེས་བྱ་བ་ལ། བ་ཞེས་པ་ནི་རྡོ་རྗེའི་དབུས། །རྟག་ཏུ་འདོད་པ་ལ་རོལ་པ། །འགྲོ་དང་

འོང་ལ་སོགས་པ་ཡི། །དེ་ཚེ་དགྱེས་པའི་རྡོ་རྗེ་བཞུགས། །ས་ཞེས་པ་ནི་ཚིག་ཀུན་ཏུ། །རྣལ་འབྱོར་མ་ཡི་གནས་རྒྱས་པས། །སྐྱེ་བ་དང་ནི་འཇིག་འཇོམས་ཕྱིར། །རྒྱུ་བའི་སྤྱོད་པ་ལ་ནི་སྤྱོད། །ཏ་ཞེས་པ་ནི་སྣལ་མ་སྟོང་། །བདུན་ཅུ་རྩ་གཉིས་གོ་རིམས་ལས། །དེ་ཡི་དབུས་གནས་དཔའ་བོ་

เล่ม ๖ · หน้า 260b

ནི། །ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་ཅན། །དེ་བཞིན་ཏིལ་ཀ་ཞེས་པ་ལ། །ཏ་ནི་ཨ་སྔོན་འགྲོ་བ་ཡིས། །ཆུ་ལ་རླུང་ནི་ཐིམ་པ་ཉིད། །དེར་གནས་པ་ཡི་སྐྱེམས་པར་བྱེད། །ལུས་ཀྱི་ཚོགས་ཀུན་རྣམས་ལ་ཁྱབ། །ལ་ཞེས་པ་ནི་ས་ལྷོ་རུ། །ཨ་ཡི་ཕ་རོལ་ཏུ་ནི་ར། །དེས་ན་མེ་དང་མཉམ་པར་

གནས། །ས་ཡི་རྣམ་པ་དང་ནི་སེམས། །ཀ་ནི་ནམ་མཁའི་གཟུགས་ཀྱིས་ནི། །ཕུང་པོ་ལྔ་ལ་ཡང་དག་གནས། །ཐམས་ཅད་དུ་ནི་བདག་མེད་ཉིད། །དེས་ན་བདག་ཉིད་མ་རུ་གྲགས། །དེ་བཞིན་དུ་ལས་ཀྱི་རླུང་ཞེས་བྱ་བ་ལ་སོགས་པ་ནི་རྩ་སོ་སོ་རྣམས་ཀྱི་ནང་རྣམས་སུ་དཔྱིད་ཀྱི་ཐིག་ལེ་ཡང་

དག་པར་གནས་ཏེ། སླར་ལ་ཡང་དཔྱིད་ཀྱི་ཐིག་ལེའི་ནང་དུ་ལས་ཞེས་བྱ་བ་ལ་སོགས་པ་སྣ་ཆུ་འབབ་པ་སྟེ་ཞེས་པའི་མཐར་ཐུག་པ་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་བོའི་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་གཉིས་པ་ལུས་ལ་རྩ་དགོད་པ་ཞེས་པའི་རྒྱ་

ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གཉིས་པའོ།། །།ད་ནི་ལུས་ཀྱི་དཀྱིལ་འཁོར་གྱི་རྒྱུ་དང་འབྲས་བུ་བསྟན་པའི་ཕྱིར། ནང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་འཁོར་ལོ་བཞི་དང་དཀྱིལ་འཁོར་རྣམས་ལ་

སོགས་པ་ལས་ཞུས་པ་བསྡུས་པའོ། །ཅི་ལྟ་བུར་འགྱུར་ཞེས་པ་ནི་རྣམ་པ་གང་གིས་འགྱུར་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོས་ཞེས་པ་ནི་བདེ་བ་ཆེན་པོ་ལས་མཉམ་པར་འཚལ་བའོ། །བདག་ལ་བཤད་དུ་གསོལ་ཞེས་པ་ནི་བདག་མེད་མ་བདག་ལ་བཤད་དུ་གསོལ་བའོ། །དེར་བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་གྱི་ཚིག་གོ། །ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀ་ལ་སོགས་པའི་ལྷ་རྣམས་སོ། །སོགས་པའི་སྒྲས་ནི་གཽ་རཱི་ལ་སོགས་པའམ་མཁའ་འགྲོ་མ་ལ་སོགས་པ་བསྡུའོ། །རྩའི་གཟུགས་ནི་ཞེས་པ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་རང་བཞིན་ཧེ་རུ་

ཀའོ། །དེ་ཉིད་ཀྱིས་ན་ཤིན་ཏུ་བསྡམས་པ་སྟེ་དེ་རྣམས་སྡོམ་པའི་ཕྱིར་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཐོག་མ་ཐ་མའི་རང་བཞིན་ཉིད་དོ། །དེ་ཡང་སྒོ་བཞིར་ལྡན་ཞེས་པའི་དོན་ནི་གོ་སླའོ། །འོན་ཀྱང་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱི་རྩ་རེ་རེའི་ནང་

เล่ม ๖ · หน้า 261a

དུ་སྙིང་གི་རྩ་རྣམས་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་ཀྱི་ན་ད་དུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་ཞེས་པའོ། །འདིར་གལ་ཏེ་རེ་ཞིག་རྩ་ཕྲ་བའི་ཡང་ཕྲ་བ་དེའི་ཚེ་ཆོས་ལ་སོགས་པ་སྐུ་བཞིའི་གཟུགས་ཀྱིས་ཇི་ལྟར་རོལ་ཞེས་སྦྱར་

རོ། །དེ་རྣམས་ཞེས་པ་ནི་ཆོས་ལ་སོགས་པ་རྣམས་ཀྱིའོ། །དབྱེ་བ་ཞེས་པ་ནི་རབ་ཏུ་དབྱེ་བའོ། །མི་འཚལ་ཞེས་པ་ནི་ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པ་ཤེས་པར་བྱ་བ་ཉིད་དོ། །དེའི་ཕྱིར་བདེ་བ་ཆེན་པོས་བཤད་དུ་གསོལ་ཞེས་སོ། །རིམ་པ་མིན་པས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་ནང་དུ་སྐུ་

གསུམ་ཡང་དག་པར་གནས་ཞེས་དགོངས་སོ། །དེ་བཞིན་དུ་དེ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་བདེ་བ་ཆེན་པོ་ཉིད་ལ་རྣལ་འབྱོར་པ་རྣམ་པར་གནས་པའི་ཕྱིར་རབ་ཏུ་རྟོགས་པའི་ཚུལ་ལོ། །དེ་ལ་མགོ་ཞེས་པ་ནི་མགོའི་ནང་ནས་ལྟེ་བ་ལ་ཐུག་པར་སྔོན་དུ་གསུངས་

པའི་ཨ་ཝ་དྷཱུ་ཏཱིའི་ནང་དུ་འཁོར་ལོ་བཞིའོ། །དེ་ཡང་སྙིང་ཞེས་བྱ་བ་ལ་སོགས་པས་མགྲིན་པ་ལ་ཐུག་པར་ཨེའི་དབུས་སུ་ཝཾ་ལྟ་བུའི་ཞེས་པ་དེའི་རང་བཞིན་གྱི་ཕྱིར་རོ། །དེ་བཞིན་དུ་དེ་ཉིད་ཀྱི་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྤྲུལ་པའི་འཁོར་ལོ་ལ་སྡེ་ཚན་བརྒྱད་ཅེས་པ་ནི་ཐུང་ངུ་དང་

རིང་པོའི་དབྱེ་བས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡི་གེ་གཉིས་གཉིས་ཏེ། དེ་ཡང་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་པ་དང་། །དེ་བཞིན་དུ་ཀ་ལ་སོགས་པ་ཉིས་འགྱུར་ཉིད་གནས་ལྔ་བཅུ་ལའོ། །དེ་བཞིན་དུ་གནས་བཅུ་ལ། ༸ཤཾ་ཤཾ་ཐྷྲ་ཡྱ་ཐྷའོ། །དེ་བཞིན་དུ་རིང་བའོ། །དེ་བཞིན་

དུ་མཚམས་བཞིར་ཨ་ཨཱ་ཨཾ་ཨཿའོ། །དེ་ལྟར་དྲུག་ཅུ་རྩ་བཞིར་སྲོག་ནང་གི་རང་བཞིན་སྤྲུལ་པ་ཅན་དུ་རྟོགས་པར་བྱ་ཞེས་དགོངས་སོ། །དེ་བཞིན་དུ་འཁོར་ལོ་གསུམ་རྣམས་ལ་ཡང་མན་ངག་གིས་ཤེས་པར་བྱའོ། །དབྱངས་ཡིག་ལྔ་ཞེས་པ་ནི་དབུས་སུ་མི་ཤིགས་པའི་གནས་སུ་ཨའོ། །

ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ་རིམ་པ་བཞིན་དུ་ཨི་རྀ་ལྀ་ཨུའོ། །དེ་བཞིན་དུ་མེ་ལ་སོགས་པའི་མཚམས་རྣམས་སུ་ཡ་ར་ལ་ཝའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་ཆ་ཞེས་པ་ནི། ཨ་ཨཱ་ཨཾ་ཨཿའོ། །དེ་བཞིན་དུ་བདེ་བ་ཆེན་པོའི་འཁོར་ལོ་ལ་ཟླ་བ་ཉི་མ་ཞེས་པ་

เล่ม ๖ · หน้า 261b

ནི་ཨཱ་ལི་དང་ཀཱ་ལི་ཕྲེང་གཉིས་སོ། །གཞན་ནི་གོ་སླའོ། །དེ་བཞིན་དུ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཞེས་པ་ནི་ཡི་གེ་ཐུང་ངུ་ནི་ཤེས་རབ་བོ། །ཡི་གེ་རིང་པོ་ཐབས་སུ་གསུངས་པའི་རིམ་པས་དེ་རྣམས་ཀྱི་འགྲོ་བ་དང་འོང་བ་ངེས་པར་བཅིངས་པའི་ཕྱིར་རོ། །འོད་གསལ་བའི་གོ་འཕང་ལ་གནས་

པའི་རྣལ་འབྱོར་ལ་སྔོན་དུ་གོམས་པས་ཕྱི་དང་ནང་སྒྱུ་མ་ལྟ་བུར་ཤེས་ཏེ་དེ་ཉིད་ཀྱིས་ན་འགོག་པའི་ཆོས་ཉེ་བར་དམིགས་པས་ཉེ་བར་དམིགས་པར་བྱ་ཞེས་པ་ནི་ངེས་པའོ། །ད་ནི་འཁོར་ལོ་བཞིའི་ཚུལ་གྱིས་དབྱངས་དང་གསལ་བྱེད་ཀྱི་རབ་ཏུ་སྦྱོར་བའི་ཆོ་ག་བསྟན་པའི་ཕྱིར། འཆར་དང་ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སླར་ཡང་སྲོག་འཇུག་པ་དང་འབྱུང་བ་འགོག་པའི་དོན་ཏོ། །དེའི་ཕྱིར་འཆར་ཞེས་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་རང་བྱིན་གྱིས་བརླབ་པ་སྒྱུ་མ་ལྟ་བུ་ལ་གནས་པས་ཤིན་ཏུ་ཉལ་བའི་གནས་སྐབས་ལས་སད་པ་

རྨི་ལམ་བཞིན་དུ་མཐོང་བའོ། །དེ་སད་པ་འབའ་ཞིག་གི་རྒྱུས་སྤྲུལ་པའི་སྐུར་གནས་ཏེ་དེ་ལྟར་འོད་གསལ་བ་ལས་རང་བྱིན་གྱིས་བརླབ་པ་སད་པའོ། །དེ་ཉིད་ཀྱིས་ན་གཉིས་ཀྱི་ཚིག་ཏུ་བྱའོ། །དེ་བཞིན་དུ་སྤྲུལ་པའི་སྐུ་ལ་གནས་པས་ཀྱང་གཉིས་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་དེའི་

སྦྱོར་བ་བརྗོད་དེ། གཡས་ཞེས་བྱ་བ་ལ་སོགས་པ་ནི་འདིར་མི་བཟད་པའི་ཕྱིར་གཡས་དང་གཡོན་ཞེས་པ་ནི་སྔོན་དུ་གསུངས་པའི་འཁོར་ལོ་རྩིབས་བཅུ་གཉིས་ཀྱི་རང་བཞིན་དེའི་གཡས་དང་གཡོན་གྱི་ལོགས་སུ་དབྱངས་ཀྱི་མིང་ཅན་འཕོ་བ་བཅུ་གཉིས་པོ་རྣམས་ལྟེ་བའི་གནས་སུ་རྒྱུའོ། །

དེ་ཡང་སྟེང་བལྟས་ཞེས་པ་ནི་སྲོག་གང་དུ་སྐྱེས་པ་དེར་ཐིམ་ཞེས་སྦྱར་རོ། །དེ་ཡང་སྟེང་གི་སྒོར་སྟོང་བཞིན་པས་གནས་སོ། །འདིར་གསུངས་པ། སྟེང་དང་འོག་གི་སྦྱོར་བ་ཡིས། །དལ་ཞིང་དལ་བས་འགྲོ་བྱས་ཏེ། །འདིར་ནི་གྲངས་དང་དུས་དག་དང་། །དཔྱད་པ་ཡིས་ནི་དམིགས་

པར་བྱ། །ཉེ་བར་དམིགས་པ་ཤེས་མེད་པ། །ཆུ་ཤིང་སྙིང་པོ་ལྟ་བུ་ནི། །ཅུང་ཟད་མེད་ཅིང་ཅི་ཡང་མེད། །བག་ཆགས་ཀྱིས་ནི་སངས་རྒྱས་འདོད། །དེ་ཕྱིར་ཚིག་གི་སྦྱོར་བ་ཡིས། །ཨཱ་ལི་དང་ནི་ཀཱ་ལིར་བརྗོད། །དེ་ཡང་སྟེང་དུ་བལྟས་ཞེས་བྱ། །བརྗོད་དུ་མེད་པའི་རྒྱུ་ཡིས་སོ། །

เล่ม ๖ · หน้า 262a

ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་དེ་རྣམས་ཀ་ལ་སོགས་པས་བསྐོར་ཞེས་པ་ནི་རིམ་པ་མིན་པས་འཁོར་ལོ་བཞིར་བསྐོར་བའོ། །འདིར་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། ཀ་ཞེས་པ་ནི་ཀའི་ཕྲེང་བའོ། །སོགས་པའི་སྒྲས་ནི་ཨ་ལ་སོགས་པའི་ཕྲེང་བ་བཟུང་ངོ་། །

དེ་ཉིད་ཀྱིས་ན་འཁོར་ལོ་བཞི་ལས་རྒྱུ་བ་དེས་ན་བསྐོར་བའི་དབྱངས་ཡིག་བཅུ་གཉིས་སྲོག་གིས་ཐིམ་པ་དེའི་ཚེ་དེ་རྣམས་ཀ་ལ་སོགས་པ་འཁོར་ལོ་བཞི་ལ་གནས་པས་བསྐོར་བའོ། །འོག་ཏུ་བལྟས་པ་ཞེས་པ་ནི་ཇི་ལྟར་སེམས་ཅན་ཐམས་ཅད་རྣམས་ཀྱི་ཐ་མལ་པའི་གནས་སྐབས་སུ་སྣའི་བུ་ག་དག་

ལས་རྒྱུ་བ་ནི་ལས་ངན་པས་སོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ཡང་དེ་ལྟར་ཤེས་པར་བྱའོ། །འོན་ཀྱང་གཟུང་བ་དང་འཛིན་པ་དང་བྲལ་བ་ཡང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་རྒྱུ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་འོག་གི་ཆ་རུ་སྡུད་ཅིང་སྟེང་གི་ཆར་སྤྲོས་པའོ། །དེ་ཉིད་ཀྱིས་ན་ཀྵ་ཞེས་པ་ནི་

བསྲུང་བར་བརྗོད་ཅེས་པ་ནི་རྣམ་པར་མི་རྟོག་པས་དངོས་པོ་ཐམས་ཅད་བསྡུས་པ་འོག་གི་ཆ་ཞེས་པའི་མཐར་ཐུག་པ་དེ་ལ་དེ་སྐད་ཅེས་བྱའོ། །དཀྲིས་པ་ཞེས་པ་ནི་སེམས་ཆོས་ཀྱི་དབྱིངས་སུ་དམིགས་ཞེས་དགོངས་སོ། །དེ་བཞིན་དུ་ཉིན་མོ་དང་མཚན་མོའི་རབ་ཏུ་དབྱེ་བ་གསལ་བར་བསྟན་པའི་

ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཚེ་མགྲིན་པ་ཞེས་པ་ནི་སྲོག་སྐྱེས་པའི་བུ་གའི་རྩའོ། །ཆགས་པ་ཆེན་པོ་ཞེས་པ་ནི་རང་རིག་པའི་བདེ་བའི་གཟུགས་ཀྱིས་ཏེ། ཟླ་བ་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་འཕོ་བའི་གཟུགས་ཅན་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་

ཏེ། དེ་ཚེ་ལོངས་སྤྱོད་རྫོགས་པ་ཞེས་པ་ནི་དེའི་དུས་སུ་གང་རྣལ་འབྱོར་པ་རྣམས་ཀྱི་རང་གི་རང་བཞིན་དུ་འགྱུར་རོ། །དེས་ན་སངས་རྒྱས་རྣམས་ཀྱི་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་མོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །སྐུའི་མཆོག་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་ཏེ་དེའི་

ཚེ་རང་བཞིན་དུ་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་སྣ་རྩེར་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པའོ། །དེ་ཉིད་ཀྱིས་ན་ནིའི་སྒྲ་ནི་གང་གི་ཕྱིར་དོན་ཏོ། །སྣའི་རྩེ་མོ་ནས་སོ། །དེའི་ཚེ་འདི་ཞེས་པ་ནི་བྱང་ཆུབ་སེམས་ཀུན་རྫོབ་ལས་ཏེ། དེ་ཉིད་རྡོ་རྗེའི་རྩེ་མོར་གང་ཚེ་གནས། །ཞེས་པ་ནི་ཉའི་མཐའི་ནག་པོའི་ཚེས་

เล่ม ๖ · หน้า 262b

གཅིག་གི་མཚན་མོའི་མཚམས་སུ་ཡང་རྡོ་རྗེ་ནོར་བུ་རང་རིག་པའི་བདེ་བས་ཡང་ཡང་ཐིག་ལེ་འཛག་པའི་དུས་སུའོ། །ནུབ་པར་འགྱུར་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐིམ་པའི་སྐད་ཅིག་ལ་ཁྱབ་བྱེད་དོ། །འཇིག་རྟེན་རྣལ་འབྱོར་པ་རྣམས་ཀྱིས་ཀུན་རྫོབ་པ་འཛག་པའི་ཕྱིར་པདྨར་ལྟུང་བའི་དུས་སུ་བདེ་བ་

ནུབ་པས་སྐུ་ཡང་ཞེས་པ་ནི་ཆོས་ཀྱི་སྐུར་འགྱུར་བའོ། །དེ་བཞིན་དུ་བྷ་གའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཆོས་དབྱིངས་བྷ་གར་བརྗོད་དེ། དེའི་དབུས་སུ་གནས་པ་ཡུངས་ཀར་ཞེས་པ་དེའི་གནམ་སྟོང་གི་མཐའ་དཀར་པོའི་ཚེས་གཅིག་གི་མཚན་མའི་མཚམས་སུའོ། །

དེས་ན་ཡང་ཉི་མའི་གཟུགས་ཞེས་པ་ནི་ཆགས་པ་ཆེན་པོ་ལས་རྡོ་རྗེའི་བདག་ཉིད་སྟོང་པ་ཉིད་དང་དབྱེར་མེད་པ་ཉིད་དུ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་ཕྱིར་ཏེ་གང་གི་ཕྱིར་དེ་ནི་སྤྲུལ་པའི་སྐུ་རུ་བརྗོད་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལས་བྱུང་ཞེས་པ་ནི་དེ་ལས་སྐྱེ་བར་

འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར། པདྨ་གར་དབང་ཞེས་པ་ནི་རྩ་རྣམས་ཐམས་ཅད་ཀྱི་རྒྱུ་བའི་སྦྱོར་བས་གར་གྱི་དབང་ཕྱུག་ནི་སྲོག་གོ། །རྒྱལ་པོ་ཞེས་པ་ནི་སེམས་ཀྱིས་ཁྱད་པར་རོ། །དེ་ཉིད་ཀྱིས་ན་མཆོག་གོ །འཕང་དུ་འགྲོ་བའི་ཕྱིར་རོ། །པདྨ་འབྱེད་པའི་སྦྱོར་དང་

ལྡན། །ཞེས་པ་ནི་ཆོས་ཀྱི་དབྱིངས་རྒྱས་པར་བྱེད་པ་ཞེས་པའི་དོན་ཏོ། །དེས་ན་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པའི་སྐུ་སྤྲོས་ཞེས་སྦྱར་རོ། །དེ་རུ་ཞེས་བྱ་བ་ལ་སོགས་པ་ནི་ནུབ་ནས་ཉི་མའི་མཐར་ཏེ་གནམ་སྟོང་དང་དཀར་པོའི་ཚེས་གཅིག་གི་མཚམས་སུའོ། །

སྤྲུལ་པའི་སྐུ་ཡི་གཟུགས་ཅན་ཏེ། །ཞེས་པ་ནི་ཉ་དང་གནམ་སྟོང་དག་གཉིས་མེད་པའི་ཕྱིར་ཏེ། དེས་ན་སྐད་ཅིག་མ་གཅིག་ལ་གང་སྐྱེས་པ་དེ། ཐམས་ཅད་གང་དེ་རྫོགས་བྱང་ཆུབ། །ཅེས་པ་ནི་དོན་དམ་པ་ཆགས་པ་ཆེན་པོ་དག་གི་སེམས་སོ། །གོང་བུར་གྱུར་པ་ནི་རོ་གཅིག་པར་གྱུར་པ་

བསམ་དུ་མེད་པ་གཉིས་མེད་པ་ལས་གཉིས་མེད་པའི་གཟུགས་བརྗོད་དུ་མེད་པར་གྲངས་མེད་པར་བརྗོད་པ་སངས་རྒྱས་ཐམས་ཅད་ཀྱི་གཟུགས་ཅན་གཉིས་མེད་པར་ཞེས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་འཁོར་བ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་འདོད་ཆགས་ལ་སོགས་པ་རྣམ་པར་གཅོད་

เล่ม ๖ · หน้า 263a

ཅིང་སྤྲོས་པ་ལྟ་བུའི་འཇིག་རྟེན་དེ་རྣམས་སངས་རྒྱས་ཏེ། དེས་ན་ཡང་ཞི་བྱེད་ཅེས་པ་ནི་སྒྱུ་མ་ལྟ་བུས་སེམས་ཅན་ཐམས་ཅད་ལ་དགེ་བ་སྟེར་བར་བྱེད་པའོ། །སྒྱུ་མ་དེ་ཡང་རབ་སྤྲུལ་པས། །རང་གི་བདག་ཉིད་དེས་སངས་རྒྱས། །སེམས་ཀྱི་སངས་རྒྱས་འཇིག་རྟེན་མཆོག །

སངས་རྒྱས་བསྐྱེད་པའི་མཚན་ཉིད་མིན། །སངས་རྒྱས་ཞེས་པ་དེ་ཇི་ལྟ་བུའི་རང་བཞིན་ཡིན་ཞེ་ན། དེ་ཉིད་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སེམས་ང་རྒྱལ་དང་བཅས་པ་དེས་ནི་སེམས་ཅན་ཡང་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་སེམས་དག་པས་སངས་

རྒྱས་སུ་འགྱུར་བའོ། །དེ་ཉིད་ཀྱིས་ནི་རྒྱུད་ཅེས་བྱ་བ་ལ་སོགས་པ་ནི་རྒྱུད་རྣམ་པ་བཞིའོ། །དེ་རྣམས་ཀྱི་ཡོན་ཏན་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་མཚན་ཉིད་དེ་དེས་ན་རང་བཞིན་ཅན་ཞེས་པ་ནི་རྒྱུ་རྣམ་པ་བཞིའི་གཟུགས་ཅན་ནོ། །དེ་ཡང་རྒྱུད་ཅེས་བྱ་བ་ལ་སོགས་པ་

གསུངས་ཏེ། དགོད་པ་དང་ལྟ་བ་དང་ལག་པ་བཅངས་པ་རྣམས་རིམ་བཞིན་གཟུགས་མེད་པ་དང་གཟུགས་དང་། འདོད་པའི་ཁམས་པའིའོ། །འདོད་ཆགས་ཞེས་པ་ནི་མི་རྣམས་ཀྱི་གཉིས་གཉིས་འཁྱུད་པ་ཉིད་དོ། །དེ་ཡང་ཆགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཆགས་པ་

བྲལ་ཞེས་པ་ནི་དགའ་བྲལ་ལོ། །དེ་དག་གི་བར་དུ་ཟོས་པ་ནི་མཚོན་པའོ། །དེས་ན་ཡོན་ཏན་དུ་ནི་གནས་ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་མཚོན་དུ་མེད་པ་ཞེས་དགོངས་སོ། །དེ་ལྟར་ཡང་གསུངས་པ། འཆར་དང་ནུབ་ལ་དུས་ནི་ཡོངས་ཤེས་པས། །རྣལ་འབྱོར་ཚུལ་དེར་གང་མཚོན་

མཚོན་པ་མེད། །བྱང་ཆུབ་རང་བཞིན་དེ་ལས་འཇིག་རྟེན་སྐྱེས། །གང་ཞིག་བདེན་དངོས་དངོས་པོ་མེད་པར་འབྱུང་། །རྩ་རྣམས་ཐམས་ཅད་ཅེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱི་ཕན་ཚུན་འདུས་པའི་གནས་དང་ཕྲད་པའི་གནས་ནི་གང་ལྟེ་བར་རོ། །དེས་ན་མཁའ་འགྲོ་མའི་

དྲ་བ། །ཞེས་པ་ནི་ཐ་མལ་པ་དང་འདུས་བྱས་པའི་དངོས་པོའི་མཚན་ཉིད་གསུངས་པའོ། །སྡོམ་པ་ཞེས་པ་ནི་སྡོམ་པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་རྣམས་འགོག་པར་བྱ་ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་གསུམ་པ་ལུས་

เล่ม ๖ · หน้า 263b

ཀྱི་དཀྱིལ་འཁོར་ལ་སོགས་པའི་མན་ངག་སྣ་ཚོགས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། །།ད་ནི་རབ་ཏུ་བྱེད་པ་གསུམ་མདོར་བསྟན་ནས། དེ་རྣམས་ཀྱི་སྡོམ་པའི་དབྱེ་བ་སླར་བཤད་པས་གཏན་ལ་དབབ་པ་བསྟན་

པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པ་ནི་གང་གི་དང་པོ་ཡིན་པ་དེ་ནི་དེ་བཞིན་དུ་རྡོ་རྗེ་སྙིང་པོ་སྟེ། དེ་ལ་སོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །དེ་བཞིན་དུ། བདག་མེད་པ་ལ་སོགས་པའི་རྣལ་འབྱོར་མ། །ཞེས་པ་ནི་

བདག་མེད་མ་གཙོ་མོ་ལ་སོགས་པའི་མཁའ་སྤྱོད་ཀྱི་མཐར་ཐུག་པ་བཅོ་ལྔ་དང་། གཞན་འཆད་བཞིན་པའི་གྲངས་མེད་པ་རྣམས་སོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམས་བསམ་པ་གཅིག་པས་ཞུས་ཞེས། འདིར་གང་གི་ཕྱིར་དངོས་པོ་ཐམས་ཅད་སྡོམ་པའི་ཕྱིར་

རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམས་དངོས་པོའི་རང་བཞིན་གྱི་ཕྱིར་རོ། །འདི་སྐད་གསོལ་ཏོ་ཞེས་པ་ནི་དེ་རྣམས་ཀྱི་ཚིག་གོ། །དེ་ཡང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་བྱེད་པ་མདོར་བསྟན་པ་གསུམ་ལ་བསྟན་པ་དེ་ཐམས་

ཅད་དོ། །དེའི་ཕྱིར་སྡོམ་པ་ཞེས་པ་ནི་འདུས་པའི་རྣམ་པར་དག་པའི་བསྡུས་དོན་ཏེ། བདག་ལ་བཤད་དུ་གསོལ་ཞེས་པ་ནི་བདག་ཉིད་ཀྱི་དོན་གང་གི་ཕྱིར་བདག་དང་ཁྱོད་དབྱེར་མེད་པའི་དངོས་པོའི་ཕྱིར་ཤིན་ཏུ་བརྟགས་པའི་གཟུགས་དེ་ཉིད་འགྲོ་བའི་དོན་གྱི་རྒྱུ་བྲག་ཅའི་སྒྲ་ལྟ་བུའོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་པ་ནི་འཇིག་རྟེན་པ་འཇུག་པའི་དོན་ཏོ་ཞེས་སྦྱར་རོ། །དེ་ཉིད་གསུངས་པ། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལུས་དབུས་ཞེས་པ་ནི་ལྟེ་བའི་དབུས་སུའོ། །ཨ་ཞེས་པ་ནི་དང་པོའི་དབྱངས་ཡིག་གོ། །གནས་ཞེས་པ་ནི་རྟག་ཏུ་

གནས་པ་ཉིད་དོ། །རྣལ་འབྱོར་མའི་ཞེས་པ་ནི་བདག་མེད་མའི་ས་བོན་ནོ། །དེ་ཉིད་ཀྱིས་ན་དངོས་པོ་མ་ལུས་པས་སྡོམ་པས་ན་སྡོམ་པ་ཞེས་སྦྱར་རོ། །དེ་བཞིན་དུ་སྡོམ་པའི་སྒྲའི་དོན་གསུངས་པ། །སཾ་ནི་དངོས་པོ་ཐམས་ཅད་ཀྱང་། །རྣམ་རྟོག་ཐམས་ཅད་བླ་ན་མེད། །དྲན་པའི་ཕྱིར་

เล่ม ๖ · หน้า 264a

ན་དངོས་ཀུན་ནི། །ཡིད་ཀྱིས་ནམ་མཁའ་ལས་དེ་འཛགས། །བ་ནི་ནམ་མཁའ་ཡི་ནི་མཆོག །སྟོང་དང་མི་སྟོང་ནམ་མཁའ་མེད། །སྤྱི་བོར་ཐིག་ལེ་ལས་འཛག་པའི། །ནམ་མཁའ་ལྟེ་བ་རུ་ནི་ལྟུང་། །ར་ཞེས་པ་ནི་མེ་ལངས་པས། །སེམས་ཀྱི་ནམ་མཁའ་བཅས་པ་

བསྲེགས། །ཐལ་བ་རྣལ་འབྱོར་མ་གཟུགས་ཅན། །སྡོམ་པ་ཡིས་ནི་ཐར་པ་བརྗོད། །ཨ་ཡིས་ཀྱང་ནི་ཐར་བར་འགྲོ། །ཀུན་གཞི་ཞེས་བྱ་སད་པའི་ཕྱིར། །མེ་ལོང་ལ་ནི་ཧས་བཏབ་བཞིན། །རིམ་གྱིས་མི་སྣང་པ་རུ་འགྱུར། །དེ་བཞིན་དུ་ཕྱི་རོལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་

ཕྱི་རོལ་དེ་བཞིན་དུ་ནང་ཡང་བལྟ་བར་བྱའོ། །དེ་ལས་རིང་བ་མ་ཡིན་ཞེས་པའི་དོན་ཏོ། །ལུས་ལ་སྡོམ་པའི་ཕྱིར་སྡོམ་པ་ཞེས་དགོངས་སོ། །དེའི་ཕྱིར་འདི་ཇི་ལྟར་བདག་མེད་པའི་ལུས་ལ་གནས་པ་དེ་ལྟར་རྣལ་འབྱོར་པའི་ལྟེ་བ་ལ་གནས་པ་ཀུན་རྫོབ་ཀྱི་ཨ་ཞེས་གསུངས་པར་འགྱུར་རོ། །རྡོ་

རྗེའི་བདེ་བ་ཞེས་པ་ནི་ལྟེ་བའི་ཨ་རྡོ་རྗེའི་རྩེ་མོར་སོང་བ་དང་སྙིང་ནས་ཨའི་རྩེ་མོར་སོང་བའི་ཧཱུཾ་ནི་རྡོ་རྗེའི་ལྟེ་བ་སྟེ། དེ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མ་དང་། ཧེ་རུ་ཀའི་ལུས་ཀྱི་སྡོམ་པ་ཞེས་པའི་དོན་ཏོ། །དེ་ཉིད་རྡོ་རྗེ་སྐྱེ་མཆེད་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ཐབས་སོ། །ཨ་དང་ཧཱུཾ་འདི་དག་གི་

སྙོམས་པར་འཇུག་པས་བདག་མེད་མ་དང་ཧེ་རུ་ཀ་དག་གི་ཕྱིའི་གཉིས་གཉིས་སྙོམས་པར་འཇུག་པའི་མཆོག་ཏུ་དགའ་བ་གཉིས་མེད་པ་བསྟན་ཏོ། །དེ་ནས་བུད་མེད་དང་སྐྱེས་པ་འབྲེལ་ལོ་ཞེས་པ་སྟེ་ངེས་པའོ། །སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་སོ་སོ་ཐམས་ཅད་ཀྱི་སྤྲུལ་པའི་

སྐུ་མཐའ་ཡས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་མཐའ་ཡས་པ་དང་། ཆོས་ཀྱི་སྐུ་མཐའ་མེད་པའོ། །དེ་ལུས་ཀྱི་དབུས་སུ་གནས་པར་བསྟན་ཞེས་པ་ནི་བརྗོད་པའོ། །སྡོམ་པ་དུ་ཞེ་ན། འཁོར་ལོའི་གཟུགས་ཀྱིས་ཏེ། སྤྲུལ་པ་ལ་སོགས་པ་འཁོར་ལོ་གསུམ་གྱི་གཟུགས་སོ། །དེ་ཡང་

འདབ་མ་དྲུག་ཅུ་རྩ་བཞི་ལ་སོགས་པའི་གཟུགས་ཀྱིས་སོ། །སྐུ་གསུམ་པོ་དེ་ཉིད་ཡོངས་སུ་ཤེས་པ་ནི་རང་བཞིན་གྱི་སྐུའོ། །དེ་ཉིད་མཐའ་མེད་པ་བཞིན་སངས་རྒྱས་རྣམས་ཀྱི་སྐུ་བདེ་བ་ཆེན་པོའི་འཁོར་ལོའི་གཟུགས་ཀྱིས་སྡོམ་པ་སྟེ། པདྨ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་རྣམ་པས་

เล่ม ๖ · หน้า 264b

ངེས་པར་བརྟན་ཞེས་པའི་དོན་ཏོ། །འཁོར་ལོ་རྣམས་ཀྱི་ཡང་དོན་བསྟན་པའི་ཕྱིར། ཆོས་ཞེས་བྱ་བ་ལ་སོགས་པ་གསུངས། དྷ་ཞེས་པ་ནི་གསལ་བའི་ཆོས། །ཆོས་ཀྱི་འབྱུང་གནས་སུ་ནི་ཐིམ། །ཆོས་ཀྱི་དབྱིངས་དང་འཁོར་ལོར་བཅས། །སྲིད་པ་ཡི་ནི་རྒྱ་མཚོ་གཅོད། །རྨ་ཞེས་པ་ནི་

གཉིས་མེད་ཉིད། །འདོད་ཆགས་རྡོ་རྗེའི་འདབ་སྐྱེས་ལས། །དེ་བཞིན་སྙོམས་པར་འཇུག་པ་གསུངས། །སྦྲང་རྩིའི་ས་བོན་བདེ་ཆེན་ཕྱིར། །ས་ནི་ས་སོགས་བཟང་པོ་འདིར། །རྒྱུ་དང་མི་རྒྱུར་སོང་བ་ཡིན། །བྷོ་ནི་སྒྱུ་མའི་མཚན་ཉིད་སྤྱོད། །བཅུ་གཉིས་བརྒྱད་ཀྱི་འཁོར་ལོར་སྐྱེས། །

ལོངས་སྤྱོད་ས་ལ་ཐམས་ཅད་སྤྱོད། །འདི་ནི་རྟག་ཏུ་སངས་རྒྱས་བཞུགས། །དབུས་གསུམ་ས་ལ་ཧཱུཾ་ཆ་བྱད། །ག་ཞེས་པ་ནི་ཐར་པར་འགྲོ། །ཟབ་མོ་བདེ་བ་ཕུན་སུམ་ཚོགས། །ནམ་མཁའི་དཀྱིལ་ནི་ལྟ་བུའི་ཕྱིར། །ནམ་མཁའི་ལས་ནི་འབྱུང་ཞིང་ཐིམ། །ནི་ནི་ཀུན་དུ་གླེང་གཞིར་

འགྱུར། །རྟག་ཏུ་ནམ་མཁའི་ཡིད་ཀྱིས་ནི། །རྣམ་པར་མི་རྟོག་བདག་དངོས་ཉིད། །མཚན་མོའི་དུས་སུ་སངས་རྒྱས་ཉིད། །རྨ་ནི་ཡིད་ཀྱི་ཆོས་སྤྲུལ་པ། །མྱ་ངན་འདས་ཕན་སེམས་ཀྱིས་ནི། །རྣལ་འབྱོར་མཚན་བྱ་མཚོན་པ་ཡིས། །གཟུགས་ནི་བཟང་པོ་བྱེད་པ་ཡིན། །ཐོག་མ་བར་དང་

ཐ་མ་མེད། །སྤྲུལ་པ་སྟོང་པའི་མཚན་ཉིད་དོ། །དངོས་པོ་མེད་ཅིང་འདུས་པ་མེད། །མཁས་པས་ཉོན་མོངས་མེད་པའོ། །མ་ནི་སྔགས་ཀྱི་ནུས་པ་སྟེ། །ནོར་བུའི་ནང་ཆུད་འགོག་པའི་ཕྱིར། །འདོད་པ་སྟེང་དུ་རྒྱུ་བ་ཡིན། །སྔགས་ནི་བཟང་པོས་གཟིར་བའི་ཕྱིར། །ཧ་ཡི་རྣམ་པའི་

གཟུགས་ཀྱིས་ནི། །རྐང་པའི་མཐའ་ནས་མགོ་བོར་ཧ། །འདི་ནི་ཁྱབ་བྱེད་ཆེ་བཟང་པོ། །རྣལ་འབྱོར་མ་གནས་རྡོ་རྗེ་ཅན། །སུ་ཞེས་པ་ནི་ལམ་གྱི་རབ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །སུ་ནི་ཡིད་བཟངས་ནང་གི་སྲོག །ཐིམ་པའི་ཕྱིར་ན་བདེ་མི་འཛག །ཁང་ཞེས་པ་ནི་དེར་གནས་

པ། །བྱང་ཆུབ་སེམས་ནི་བརྗོད་པའོ། །འདིར་ནི་རང་བཞིན་གྱི་ནི་སྐུ། །གསལ་བར་སངས་རྒྱས་སྤྱོད་ཡུལ་ཉིད། །འདི་རྣམས་ཀྱིས་བསྡུས་པའི་དོན་དུ་གནས་རྣམས་གསུངས་པ། སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་གནས་ཀྱི་གནས་ནི་སེམས་ཅན་ཐམས་ཅད་ཀྱི་ལྟེ་བའི་འོག་དེར་སྙིང་

เล่ม ๖ · หน้า 265a

གར་ལ་སོགས་པ་འཁོར་ལོ་གསུམ་སྐུ་གསུམ་ནང་དུ་འདུས་པའོ། །ལྷན་ཅིག་སྐྱེས་པ་ནི་བཞི་པ་སྟེ། ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པ་ནི་ཁྱད་པར་རོ། །དེ་བཞིན་དུ་གནས་དང་འབྲེལ་བའི་རིགས་པ་བསྟན་པར་འདོད་ནས་གསུངས་པ། གང་ལས་

ཞེས་བྱ་བ་ལ་སོགས་པ་ལ། གང་ལས་ཞེས་པ་ནི་སྐྱེ་གནས་ལས་སོ། །རབ་ཏུ་གྲགས་ཞེས་པ་ནི་སྐྱེ་གནས་བཞི་ལས་སྐྱེས་པ་ནི་སངས་རྒྱས་ཀྱི་གཟུགས་སུ་རབ་ཏུ་གྲགས་སོ། །དེ་རྣམས་ཀྱང་སྐྱེ་བ་ཉིད་དུ་ཞེས་པ་ནི་ཐམས་ཅད་སྤྲུལ་པའི་སྐུའི་ལུས་ཅན་གནས་བཞི་ལས་སྐྱེས་པའོ། །

དེ་ལ་གང་གི་ཕྱིར་བརྟན་པ་ལས་སྤྲུལ་པའོ་ཞེས་པ་ནི་རྫུས་ཏེ་སྐྱེས་པའི་གནས་ཅན་ལྷའི་གཟུགས་སུ་སངས་རྒྱས་པ་རྣམས་ནི་སའི་སྐྱེ་གནས་ལས་བྱུང་བའོ། །དེ་བཞིན་དུ་ཆོས་ཞེས་པ་ནི་སེམས་ཀྱི་རང་བཞིན་ཏེ། སྒོ་ང་ལས་སྐྱེས་པའི་གནས་ཅན་ནམ་མཁའ་ལྡིང་ལ་སོགས་པའི་

གཟུགས་སུ་སངས་རྒྱས་པ་ནི་རླུང་གི་སྐྱེ་གནས་ལས་བྱུང་བའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་ཞེས་པ་ནི་ཟས་ལ་སྤྱོད་པ་མངལ་ལས་སྐྱེས་པའི་སྐྱེ་གནས་ཅན་རྐང་གཉིས་པ་ལ་སོགས་པའི་གཟུགས་སུ་སངས་རྒྱས་པ་ནི་མེའི་སྐྱེ་གནས་ལས་འབྱུང་བའོ། །དེ་བཞིན་དུ་ཆོས་

ཀུན་ཞེས་བྱ་བ་ལ་སོགས་པ་ནི་དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་ཅན་སྦྲུལ་ལ་སོགས་པའི་གཟུགས་སུ་སངས་རྒྱས་པ་ནི་ཆུའི་སྐྱེ་གནས་ལས་བྱུང་བའོ། །དེ་ཉིད་ཀྱི་གཟུགས་ཀྱིས་དེའི་སེམས་ཅན་རྣམས་འདུལ་བར་བྱེད་དོ་ཞེས་པ་སྟེ་ངེས་པའོ། །དེ་རྣམས་ཉིད་སངས་རྒྱས་ཀྱི་གཟུགས་

ཀྱིས་སྡོམ་པའི་ཕྱིར་སྡོམ་པར་བརྗོད་དོ། །ཇི་ལྟར་འཁོར་ལོ་བཞི་སྐུ་རྣམས་ཀྱི་སྡོམ་པ་དེ་བཞིན་དུ་འབྲས་བུ་རྣམས་དང་སྡེ་པ་རྣམས་བསྟན་པའི་ཕྱིར། ཨེ་ཝཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་ཝཾ་ཞེས་པ་ནི་སྐྱེ་གནས་ལ་གནས་པའི་སྤྲུལ་པའི་འཁོར་ལོའོ། །དེ་ཅི་ཞེ་ན། གསུངས་

པ། འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྒྱུའི་ཁྱར་པར་གྱིས་ཁྱད་པར་དུ་བྱས་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེ་བཞིན་དུ་འབྲས་བུ་བཞི་རྣམས་ཤེས་པར་བྱའོ། །དེ་ཡང་ཨེ་ཝཾ་གྱི་ནང་དུ་འདུས་སོ། །དེས་འབྲས་བུ་འདི་རྣམས་ལ་སུ་ཞིག་སྤྱོད་ཅིང་གང་ལ་སྟེར་བར་གསུངས་

เล่ม ๖ · หน้า 265b

པ། ལས་ལ་སྤྱོད་ཅེས་པ་ལ་སོགས་པ་ནི་ལས་ཀྱི་འབྲས་བུ་རྒྱུ་མཐུན་པ་ལ་སོགས་པ་རྣམས་ལ་ཤེས་རབ་སྤྱོད་པ་ནི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཆོས་ཐམས་ཅད་ནང་དུ་འདུས་ཏེ། གང་གི་ཕྱིར་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཚན་ཉིད་དེ་དེའི་ཕྱིར་སྐྱེ་གནས་བཞི་ལས་སྐྱེས་པ་སྤྲུལ་

པའི་ལུས་ཅན་རྣམས་ཀྱི་ལས་ཀྱི་ལུས་ལ་སྤྱོད་པ་ནི་བདག་གིས་ལས་ཉིད་བྱིན་པ་ནི་མ་ཡིན་ཏེ་རང་བཞིན་མེད་པའི་ཕྱིར་རོ། །དབང་ཕྱུག་གིས་བྱས་པ་མ་ཡིན་པའི་ཕྱིར་བྱེད་པ་པོ་ལས་སྟེར་བར་བྱེད་པ་མ་ཡིན་ནོ། ཅིའི་ཕྱིར་ཞེ་ན། སྤྲུལ་པའི་སྐུ་ཉིད་ཀྱི་ཕྱིར་རོ། །འདིར་ཡང་ཇི་ལྟར་རྒྱུའི་

གནས་སྐབས་སུ་བྱས་པ་ལས་ཞུ་བ་ལ་སོགས་པའི་བཞིན་དུ་འབྲས་བུ་ལ་སྤྱོད་པ་ནི་སེམས་ཅན་གྱི་རྒྱུད་ཀྱི་སྤྲུལ་པའི་སྐུས་སོ། །དེ་ལྟར་གཉི་ག་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལོག་པ་ཅུང་ཟད་མཚོན་དུ་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱིས་ན་ལས་ཀྱི་རླུང་གིས་

བསྐྱོད་པ་ནི་སེམས་ཅན་རྣམས་ཀྱི་དོན་ཁྱད་པར་དུ་བྱེད་པའི་ཕྱིར་འདྲ་བ་ལས་ལོགས་པར་ལྷག་པ་ཞེས་པའི་དོན་ཏོ། །དེ་དག་གི་མཚན་ཉིད་ཀྱང་ངག་གིས་སྤྲོས་པས་ཆོས་བསྟན་པའི་ཆོས་ཀྱི་སྐུ་ཡོད་དེ་སྐྱེས་བུ་བྱེད་པ་བསྐྱེད་པའོ། །ཅིའི་ཕྱིར་ཞེ་ན། མི་ལ་སོགས་པ་རྣམས་ཀྱི་དགེ་བ་རྣམས་

བསྐྱེད་པའི་ཕྱིར་རོ། །དེ་ཡང་སྟོང་པ་ལ་སོགས་པ་བྱེད་པ་དེས་ན་སྤྲུལ་པའོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་བཞིན་དུ་འབྲས་བུ་བཞི་པ་དྲི་མ་མེད་པ་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དག་པའོ། །གང་གི་ཕྱིར་རྣལ་འབྱོར་ལས་སྐྱེས་པའི་ཡེ་ཤེས་ནི་རྣལ་འབྱོར་

གྱི་ཕྱག་རྒྱ་ཆེན་པོ་ཞེས་པ་ཡེ་ཤེས་སྣང་བའོ། །དེས་ན་དག་པ་ཤིན་ཏུ་རྣམ་པར་དག་པའི་ཕྱག་རྒྱ་ཆེན་པོའོ། །དེའི་ཕྱིར་དྲི་མ་མེད་པ་བདེ་བ་ཆེན་པོའི་འཁོར་ལོའོ། །ད་ནི་སྐུ་བཞི་ཉིད་དེའི་དབྱེ་བས་བསྟན་པའི་ཕྱིར་འཕགས་པའི་དགེ་འདུན་བརྗོད་དེ་སྐུ་རྣམས་བདེ་བ་ཡིན་པ་དེའི་ཕྱིར་སྤྲུལ་པ་ལ་

སོགས་པའི་སྐུ་བཞི་བདེ་བ་སྔོན་དུ་གསུངས་པའི་རྫུས་ཏེ་སྐྱེས་པ་ལ་སོགས་པ་ནི་སྐུའི་རྣམ་པའི་གཟུགས་ཅན་ཏེ། དགེ་སློང་གི་གཟུགས་རྣམས་ནི་མ་ཡིན་ནོ། །འོན་ཀྱང་དགེ་སློང་གི་གཟུགས་སོ། །དེ་ཅིའི་ཕྱིར་ཞེ་ན་འདི་གང་གི་ཕྱིར་བཏགས་པའི་ཆོས་རྣམས་ཐམས་ཅད་ཐ་མལ་པའི་གནས་སྐབས་

เล่ม ๖ · หน้า 266a

ཀྱི་དུས་སུ་ཡང་སྐུ་བཞིའི་རང་བཞིན་སངས་རྒྱས་ཀྱི་སྤྲུལ་པ་ཉིད་དེ་དེ་ཡང་གང་དང་གང་གི་སེམས་ཅན་རྣམས་འདུལ་བ་དེ་དང་དེའི་གཟུགས་སུ་བྱ་ཞེས་སོ། །དེས་ན་གནས་ཉིད་ལ་སྦྱར་བའི་ཕྱིར་གནས་བརྟན་པ་སྟེ་རྫུས་ཏེ་སྐྱེས་པའོ། །ཐམས་ཅད་བདེན་པར་སྨྲ་བའི་ཕྱིར་ན་ཐམས་

ཅད་ཡི་རང་བར་སྨྲ་བ་སྟེ་སེམས་ཀྱི་ཆོས་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཉན་ཐོས་ཀྱི་ཐེག་པ་ཉིད་གང་ཟག་ཏུ་ལྟ་བའོ། །ཡང་ན་ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་པ་ཉིད་དུ་བརྗོད་པའི་ཕྱིར་སྔོན་པོ་ལ་སོགས་པར་སྣང་བ་མེད་པ་ཉིད་ཀྱིས་ན་དེ་ཙམ་དུ་ཡོད་པར་སྨྲ་བར་བྱེད་པའོ། །དེ་རྣམས་ཡང་དག་

པར་རིག་པར་སྦྱོར་བའི་ཕྱིར་མང་པོས་བཀུར་བ་སྟེ་སྒྱུ་མའི་རྣམ་པར་དེས་ན་བརྗོད་པའོ། །དེ་ཡང་གཉིས་མེད་པ་ལས་གཉིས་མེད་པའི་ཕྱིར་སྲ་བའི་དངོས་པོ་རྣམས་དོན་མེད་པའི་ཕྱིར་རོ། །དགེ་འདུན་ཕལ་ཆེན་པའི་སྤྱི་བོ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེ་དང་སྦྱོར་བའི་ཕྱིར་དགེ་འདུན་ཕལ་ཆེན་

པའོ། །དེ་ཡང་ཆོས་ཀྱི་དབྱིངས་འདུས་པ་ཐམས་ཅད་ཀྱི་གོང་ན་མེད་པའི་ཕྱིར་མགོ་བོར་གནས་པའོ། །གང་གི་ཕྱིར་ཐམས་ཅད་ལས་སྦྱོར་བ་གཙོ་བོར་གྱུར་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་རྣམས་ཀྱི་རྒྱུད་ནི་གསང་བའི་མཚན་ཉིད་ལས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཏུ་གསུངས་སོ། །

སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པས་སངས་རྒྱས་ཀྱི་ཡོན་ཏན་རྣམས་འབྱུང་བ་ནི་ཆོས་སྡུད་པ་ལ་སོགས་པའི་ཚུལ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཉན་ཐོས་ཀྱི་ཚོགས་དང་བྱང་ཆུབ་སེམས་དཔའི་ཚོགས་སྙོམས་པར་འཇུག་པ་རྫོགས་ཏེ། ཇི་ལྟར་སྔོན་དུ་གསུངས་པའི་མཚན་

ཉིད་ཀྱིས་སྐུ་གསུམ་དང་བཞི་སྦྱོར་བ་སྟེ་ངེས་པའོ། །ད་ནི་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱི་ཕྱིར་དེ་ལྟར་ཀུན་རྫོབ་རྒྱས་པར་གསུངས་ཏེ། དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྟོ་བ་ཞེས་པ་ནི་མའི་ལྟོ་བའོ། །འདོད་ཆགས་བྲལ་བ་ཞེས་པ་ནི་མ་དང་ཕར་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་

པ་སྐྱེ་བའི་དུས་སུ་འདོད་ཆགས་མེད་པའི་ཕྱིར་རོ། །ཤ་མའི་དྲ་བའི་ཞེས་པ་ནི་མའི་མངལ་གྱི་དྲ་བ་དྲི་མ་འབར་བ་ཞེས་པའི་དོན་ཏོ། །ཨ་ཧཾ་ཞེས་པ་ནི་མངལ་ནས་ལྟུང་བའི་དུས་སུ་དབུགས་འབྱུང་བ་དང་འཇུག་པའི་སྒྲའོ། །དེ་བཞིན་དུ་ཞེས་པ་ནི་རྒན་པོའི་དུས་སུ་ཡང་ཧ་ཧུ་ཞེས་པའི་སྔགས་

เล่ม ๖ · หน้า 266b

བཟླས་པའོ། །དེ་བཞིན་དུ་ཨ་དང་ཧཾ་ཞེས་པ་བཟླས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་དགེ་སློང་སྐྱེས་པ་ཞེས་གསུངས་ཏེ་སློང་མོ་ཟ་བའི་རིམ་པ་དང་རིམ་པས་བཟླས་པར་བྱའོ། །རབ་ཀྱི་མཐར་ཐུག་པ་ནི་སློང་མོ་ཟ་བས་མི་བཟླས་ཞེས་པའི་དོན་ཏོ། །དེས་ན་ཡང་གོས་མེད་པ་ཞེས་པ་ནི་རེག་པའི་བདེ་

བ་དང་བྲལ་ལོ། །དེ་ཉིད་ཀྱིས་ན་གཅེར་བུ་སྟེ་གོས་མ་གོན་པའོ། །རང་བཞིན་གྱིས་གོས་བགོས་པའོ། །མགོ་བོ་ཞེས་པ་ནི་སྐྲ་མེད་པའི་ཁ་སྤུ་ཞེས་པ་ནི་སྨ་རའོ། །བྲེགས་ཞེས་པ་ནི་རང་བཞིན་གྱིས་སོ། །ཚོགས་འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ས་བཅུའི་དབང་ཕྱུག་ཅེས་པ་ནི་

སྐྱེས་པའི་དུས་ཀྱི་མཐར་ཐུག་པ་དེ་རྗེས་སུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དང་རྟོགས་པའི་ཕྱིར་སངས་རྒྱས་ཞེས་དགོངས་སོ། །དེ་ལྟར་ལྟོ་བ་ལ་སོགས་པ་ཡང་ཕྱིའི་ལྷ་ཁང་ལ་སོགས་པའོ། །དེའི་སྡོམ་པ་ནི་རེག་པའི་བདེ་བར་ཤེས་པར་བྱའོ། །དེ་རྣམས་ཀྱི་ཡང་གཉིས་

མེད་པའི་ས་རྣམས་ལ་རབ་ཏུ་གཞག་པ་དེ་ལ་དེ་སྐད་ཅེས་བྱའོ། །སླར་ཡང་སེམས་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུ་ཉིད་ཀྱིས་ན་དེ་ཉིད་སངས་རྒྱས་ཞེས་པ་ནི་བཅོམ་ལྡན་འདས་དེ་ཉིད་རང་བཞིན་གྱིས་རྣམ་པར་སྤྱོད་ཅེས་བརྗོད་དོ། །དེའི་དོན་གསུངས་པ། བཙུན་མོ་ལ་སོགས་པའི་ཚིགས་

སུ་བཅད་པ་ནི་བསྡུས་པའི་རྒྱུད་དུ་རྒྱས་པར་གསུངས་ཏེ། འདིར་ནི་མདོར་བསྡུས་ཏེ་གསུངས་སོ། །དེ་ལྟར་བཙུན་མོ་ཞེས་པ་ནི་རྡོ་རྗེ་བཙུན་མོ་སྟེ། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་བཙུན་མོའོ། །དེའི་བྷ་ག་རྣམས་སུ་ཁུ་བ་ཞེས་པ་རྣམ་པར་བཞུགས་ཏེ་ཞེས་པ་ནི་དེ་ཡང་གྲུབ་པ་དང་བསྒྲུབ་བྱའོ། །གང་

གྲུབ་པ་དེ་ནི་ཡེ་ཤེས་ཀྱི་ཁུ་བའོ། །གང་བསྒྲུབ་བྱ་དེ་ནི་དཔེའི་ཕྱིར་ཐབས་ཀྱི་ཕྱིའི་ཁུ་བ་སྟེ། དེས་ན་འདི་ནི་ཁུ་བའི་མིང་ཅན་ཏེ་དེའི་ཁུ་བ་ནི་འདིར་ཁུ་བ་གཉིས་ཀ་སྙོམས་པར་འཇུག་པས་ལྟོས་པའི་ཕྱིར་བདེ་བ་ཆེན་པོ་གཉིས་མེད་པ་མེད་པའི་ཕྱིར་རོ། །རྒྱུ་བའི་ནང་དུ་རུས་པ་མེད་པའི་ཕྱིར་རོ། །ལྷ་

ཞེས་པ་ནི་ལྷའི་སྦྱོར་བ་ལས་ལྷར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ད་ལྟར་བསྒྲུབ་བྱའི་བདེ་བ་འདོད་པ་རྣམས་ཀྱིས་ལྷའི་སྦྱོར་བ་ལས་དེ་བསྒོམ་པར་བྱ། དེ་བཞིན་དུ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། དངོས་མིན་ཞེས་པ་ནི་བསྒྲུབ་བྱའི་བདེ་བ་སངས་རྒྱས་མ་ཡིན་ཞེས་པའོ། །དེ་ཇི་ལྟར་ཞེ་ན་འདིར་

เล่ม ๖ · หน้า 267a

གང་གི་ཕྱིར་ལམ་ནི་དངོས་པོ་མིན་ཞིང་དངོས་པོ་མིན་པ་མ་ཡིན་ཏེ་འོད་གསལ་བར་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ཡང་སངས་རྒྱས་མ་ཡིན་ཏེ། དེ་ཉིད་ཀྱང་གང་གི་ཚེ་འོད་གསལ་ལས་ལངས་ནས་འདིར་གནས་པར་ཡང་སྙིང་རྗེ་ལ་དམིགས་པ་དེས་ན་འདིར་འདིའི་

ལུས་ཀྱིས་དེའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་ཟད་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཚུལ་འདིས་སངས་རྒྱས་དེ་ཉིད་དངོས་པོ་དང་དངོས་པོ་མེད་པ་རབ་ཏུ་རྟོགས་པས་ནི་འགྲོ་བའི་དོན་བྱེད་པའི་དོན་ཏོ། །དེ་ཉིད་ཀྱིས་ན། དངོས་པོ་མེད་པ་ཉིད་ཀྱང་མིན། །ཞེས་གསུངས་ཏེ། དེ་ཡང་ཐམས་

ཅད་ལ་ཁྱབ་པར་བྱེད་པས་རྣམ་པར་དག་པ་རོ་མཉམ་པ་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར། ཆོས་འདོད་པ་ལྷུན་གྱིས་གྲུབ་པའི་རྒྱུན་གཉིས་སུ་བྱར་མེད་པའི་མཚན་ཉིད་ཀྱིས་ན་ཆོས་ཀྱི་དབྱིངས་མི་ཟད་པའི་རྒྱུན་གྱི་དངོས་པོའི་ཚུལ་ཏེ་དངོས་པོའི་དོན་ཏོ། །ཕྱག་དང་ཞལ་གཟུགས་རྣམ་པ་ཞེས་

པ་ནི་རང་བྱིན་གྱིས་བརླབས་པའི་ཕྱིར་སྒྱུ་མའི་དཔེས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་བཟུང་ངོ་། །རྣལ་འབྱོར་པའི་ཡང་དེ་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱིས་ན་གཟུགས་མེད་ཅེས་པ་ནི་སྒྱུ་མ་མི་བདེན་པའི་ཕྱིར་རོ། །དེས་ན་དོན་དམ་པ་བདེ་བ་ཞེས་པ་ནི་གྲུབ་པའི་བདེ་བ་མཚོན་པའི་མཚན་

ཉིད་ཀྱིས་བརྫུན་པས་ཆོས་ཀྱི་སྐུའི་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལོངས་སྤྱོད་རྫོགས་པའི་བདེ་བས་རྟགས་པའི་རང་བཞིན་གྱི་ཕྱིར་ཞེས་པའི་དོན་ཏོ། །དེ་ལྟར་དེ་ཡང་འབྲས་བུ་རབ་ཏུ་སོང་བ་ན་དངོས་པོ་དང་དངོས་པོ་མེད་པ་མེད་དོ། །དེ་བཞིན་དུ་དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་

ཀུན་ལྷན་ཅིག་སྐྱེས་ཞེས་པ་ནི་འདིར་གང་གི་ཕྱིར་ལྷན་ཅིག་སྐྱེས་པའི་སྦྱོར་བ་ལས་སྐྱེ་བོ་ཐམས་ཅད་འབྱུང་ཞིང་དེ་རྣམས་དང་སངས་རྒྱས་ཉིད་ཀྱི་སྦྱོར་བས་ལྷན་ཅིག་སྐྱེས་པ་དེ་ཉིད་དུ་ཐིམ་པ་ཉིད་དུ་འགྱུར་རོ། །དེ་ཡང་འགྲོ་ཀུན་ཞེས་པ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་ལ་སོགས་པ་དང་མི་ལ་སོགས་

པའི་སེམས་ཅན་རྣམས་སངས་རྒྱས་དང་རྡོ་རྗེ་འཆང་བར་ཡང་འགྱུར་ཏེ་ལྷན་ཅིག་སྐྱེས་པ་འདོད་པས་སོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཅི་ཞེ་ན་གསུངས་པ། ལྷན་ཅིག་སྐྱེས་པ་ཞེས་པ་ལ་སོགས་པ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་གྲངས་ཏེ་ཐོག་མ་མེད་པར་

เล่ม ๖ · หน้า 267b

རྟག་པའི་གཟུགས་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །དེ་ལྟར་གཙོ་བོར་སྤྲུལ་པའི་སྐུས་སངས་རྒྱས་པའི་ཕྱིར་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་དག་གིས་རང་བཞིན་ལྷན་ཅིག་སྐྱེས་པའི་དངོས་པོ་ཞེས་པ་སྟེ་ངེས་པའོ། །དེའི་དབང་དུ་བྱས་ཏེ་གསུངས་པ། འོད་གསལ་བའི་རང་བཞིན་གྱིས་

ལྷུན་གྱིས་གྲུབ་པས་རྟག་པ་དང་། མི་རྟག་པའི་དོན་མེད་པར་འཇུག་པ་ཆོས་མཐུན་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན་གསུངས་པ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལས་རྣམ་པར་དག་པ་ནི་རྣལ་འབྱོར་ལ་ཞེས་པའི་དྲི་མ་མེད་དོ། །འོད་གསལ་བ་ཉིད་བསམ་དུ་མེད་པའི་རྣལ་འབྱོར་པའི་

རང་བཞིན་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་རྣམ་པར་དག་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུ་དེས་ན་གང་གི་ཕྱིར་འོད་གསལ་བ་རྣམ་པར་དག་པ་ནི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་དངོས་པོ་མེད་པའོ། །གང་གི་ཕྱིར་སེམས་ཉིད་རྣམ་པར་དག་པའི་ཕྱིར་བསམ་དུ་མེད་པའི་རྣམ་པའོ། །དེའི་

ཕྱིར་དངོས་པོ་དང་དངོས་པོ་མེད་པ་མེད་དོ། །གཉིས་མེད་པའི་དངོས་པོ་ཡང་མེད་དེ་མི་སྦྱོར་བའི་ཕྱིར་རོ། །ཐོག་མ་མེད་པ་ནས་གྲུབ་པ་འདི་རྣམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཡང་རྣལ་འབྱོར་པའི་སེམས་ཀྱིས་སངས་རྒྱས་དང་རྡོ་རྗེ་འཆང་ཐོབ་པའི་ས་བོན་དུ་གསུངས་ཤིང་ཆོས་ཀྱི་སྐུ་

ཟབ་མོའི་ས་བོན་དུ་ཡང་ངོ་། །དེ་ཇི་ལྟར་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་མེད་དེས་ན་སྔོན་གྱི་ཚིག་མི་བདེན་པར་འགྱུར་རོ། །དེ་ནི་བརྗོད་དེ་ཐ་མལ་པའི་ལུས་ཙམ་དེའི་ས་བོན་ནོ་ཞེས་སྡུག་བསྔལ་མང་པོ་དང་ལྡན་པ་དེས་ན་ལྷའི་ལུས་མ་ཡིན་ནོ། །དེའི་ཚེ་དེ་མེད་པའི་ཕྱིར་ལྷའི་རིགས་དང་བྲལ་བའི་

དོན་ཏོ། །དེས་ན་བཅོམ་ལྡན་འདས་ཀྱིས་བཀའ་གསུངས་པ། ལྷའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང་གི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་གཟུགས་མེད་པའི་ཕྱིར་གཟུགས་མེད་པ་ལྟ་བུ་དེ་སྐྱེས་པའི་དུས་སུ་ལྷའི་གཟུགས་ཀྱི་སྒྲས་ནི་དེས་ས་བོན་དང་འདྲ་བར་གསུངས་སོ། །དེ་ཡང་སྐྱེས་

པ་ཙམ་གྱི་ལུས་ལ་གནས་ཏེ་སྔོན་གྱི་དངོས་པོའི་ཕྱིར་རོ། །དེ་ཅི་ཞེ་ན། གསུངས་པ། ཕྱག་དང་ཞལ་ཞེས་བྱ་བ་ལ་སོགས་པ་ནི་མངོན་སུམ་དུ་མི་ལ་སོགས་པ་ལག་པ་གཉིས་ལ་སོགས་པའི་ལུས་དང་མཐུན་པའི་ཕྱིར་ཞེས་པའི་དོན་ཏོ། །ཇི་ལྟར་རྣལ་འབྱོར་པའི་ལུས་ལ་རང་བཞིན་གྱིས་རྣམ་

เล่ม ๖ · หน้า 268a

པར་དག་པ་གློ་བུར་བའི་དྲི་མ་རྣམས་ཀྱིས་བསྒོས་པའི་ས་བོན་ནི་འོད་གསལ་བ་རྣམ་པར་དག་པའི་ཡེ་ཤེས་སོ། །དེས་ན་དེ་ལས་བྱུང་བ་ནི་སྤྲུལ་པའི་སྐུའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་ལུས་ཉིད་ལྷའི་ལུས་ཀྱི་ས་བོན་ཞེས་དགོངས་སོ། །

དེ་བསམས་ཀྱང་རུང་མ་བསམས་ཀྱང་རུང་ལྷན་ཅིག་སྐྱེས་པའི་རྣམ་པ་ཞེས་པའི་དོན་ཏོ། །དེའི་དོན་བསྒོམ་པའི་ཕྱིར། དེ་བཞིན་གཤེགས་པའི་གསུང་གིས་ངེས་པར་གསུངས་པ་བཀོད་པ་བསྟན་པ་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་ལུས་ཀྱི་རྒྱུ་ལས་ཀྱི་བག་ཆགས་ཐོག་མ་མེད་པ་ནས་

བསགས་པའི་ཕུང་པོ་དེ་ཡོངས་སུ་ཟད་པའི་ཕྱིར། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་དུ་ལེན་པའི་ལས་ཀྱི་སེམས་དག་པའི་རྣམ་པར་རྟོག་པའི་བག་ཆགས་དམ་པས་ཧེ་རུ་ཀ་ཕྱག་གཉིས་པ་ལ་སོགས་པའི་གཟུགས་དམིགས་པའི་རང་གི་ལུས་ལྷའི་སྐུ་རུ་བསྒོམས་པ་དེས་ཐ་

མལ་པའི་ལུས་སྤོང་སྟེ། བསྐྱེད་པའི་རིམ་པས་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་སྐུ་རུ་འགྲུབ་བོ། །རྫོགས་པའི་རྣལ་འབྱོར་པ་ཁྱད་པར་ཅན་གྱི་སྔོན་དུ་གསུངས་པའི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་རྣམ་པས་ཕྱག་རྒྱ་ཆེན་པོ་འགྲུབ་པའོ། །འོན་ཀྱང་རྣམ་པར་སྒོམ་པ་ཅི་འདྲ་བ་འདིར་ཡང་དེ་འདྲ་

བ་འཆད་བཞིན་པ་ལས་དཔེ་མང་པོས་བཤད་པར་བྱ་ཞེས་པ་སྟེ་ངེས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སེམས་དངོས་པོ་ཐམས་ཅད་སྡོམ་པའི་ཕྱིར་བཤད་པ་ཞེས་པ་ནི་རང་བཞིན་གྱི་དངོས་པོ་མེད་པས་སྡོམ་པ་མེད་པར་གསུངས་སོ། །དེས་ན་གོང་ན་མེད་ཅེས་པ་ནི་སྦྱོར་བ་

བསྒོམ་པའི་ཕྱིར་ཞེས་སྦྱར་རོ། །དེས་ན་དེ་ཐམས་ཅད་འདུས་པའི་རྣལ་འབྱོར་མ་རྣམས་ཀྱིས་བརྗོད་པ། དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འདིར་བདག་མེད་མ་རྣལ་འབྱོར་མའི་རྒྱུད་རྣམས་སུ་བསྟན་པའི་ཕྱིར་རྣལ་འབྱོར་མ་དེ་རྣམས་ཐམས་ཅད་ལ་སོགས་པ་དང་གཞན་སྤྱན་མ་ལ་སོགས་

པ་བཞི་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་རྣམས་སུ་བསྟན་པའི་རྣལ་འབྱོར་མ་ཐམས་ཅད་དང་འདི་རྣམས་ཀྱི་ཐབས་དཔའ་བོ་རྣམས་དང་དེ་བཞིན་དུ་ཁྲོ་གཉེར་མ་ལ་སོགས་པ་རྣལ་འབྱོར་མ་ལྔ་རྣམས་ཏེ། བྱ་བའི་རྒྱུད་རྣམས་སུ་བསྟན་པའི་རྣལ་འབྱོར་མ་རྣམས་དང་། དེ་བཞིན་དུ་དང་གི་སྒྲས་

เล่ม ๖ · หน้า 268b

ནི་སྤྱོད་པའི་རྒྱུད་རྣམས་སུ་གསུངས་པའི་རྣལ་འབྱོར་མ་རྣམས་བསྟན་པའོ། །དེ་དག་ལ་སོགས་པ་ཞེས་པ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་དང་བྱ་བ་དང་སྤྱོད་པའི་རྒྱུད་རྣམས་སུ་རེ་རེ་ཡང་ཇི་ལྟར་གསུངས་པར་འགྱུར་རོ། །རྣལ་འབྱོར་མ་དེ་རྣམས་དང་ནང་དུ་རྐང་པའི་མཐིལ་ནས་གཙུག་ཏོར་གྱི་

མཐར་ཐུག་པར་གཞུའི་རྣམ་པའི་སྲོག་དེའི་ཚད་ཀྱི་རྣལ་འབྱོར་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྲོག་དང་རྩོལ་བ་དེ་རྣམས་ལས་སྐུའི་རང་བཞིན་སྤྱོད་པའི་རྒྱུད་ལས་སྐྱེས་པའོ། །དེ་བཞིན་དུ་གསུང་གི་རང་བཞིན་བྱ་བའི་རྒྱུད་ལས་སྐྱེས་པའོ། །ཐུགས་ཀྱི་རང་བཞིན་རྣལ་འབྱོར་གྱི་རྒྱུད་ལས་

སྐྱེས་པའོ། །ཡེ་ཤེས་ཀྱི་རང་བཞིན་རྣལ་འབྱོར་མའི་རྒྱུད་ལས་སྐྱེས་པ་རྣམས་ཞེས་པ་སྟེ་ངེས་པའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་མཆོག་ཏུ་ཡ་མཚན་སྐྱེས་པར་འགྱུར་རོ་ཞེས་སྦྱར་རོ། །དེར་དེ་རྣམས་བསླང་བའི་དོན་དུ་མི་

བསྐྱོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་གྱི་སྲོག་གི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་རྒྱལ་བར་འགྱུར་རོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྔོན་གྱི་བག་ཆགས་ཀྱི་རྨི་ལམ་བཞིན་གྱིས་མཐོང་ངོ་། །དེས་ན་བཅོམ་ལྡན་འདས་ཞེས་པ་

ནི་ཡེ་ཤེས་ཀྱི་རྒྱན་གྱིས་རང་གི་རང་བཞིན་དེ་ཉིད་བྲག་ཅའི་སྒྲ་བཞིན་སློང་སྟེ། བསྐུལ་བས་རྣལ་འབྱོར་མའི་ཚོགས་ཞེས་པ་སྐུ་ལ་སོགས་པ་རྣམས་སོ། །འོན་ཀྱང་དགོངས་པ་ནི་འདི་ཡིན་ཏེ་ཕན་ཚུན་སེམས་ཅན་གྱི་གཟུགས་ནི་རྣལ་འབྱོར་མའོ། །རྣལ་འབྱོར་མའི་གཟུགས་ཀྱང་སེམས་

ཅན་ནོ། །དེ་བཞིན་དུ་རྣལ་འབྱོར་མ་ཡང་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་ཅན་ནོ། །སེམས་ཅན་ཡང་བདག་གི་ལུས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ངོ་། །དེས་ན་དེའི་ཚེ་ཇི་ལྟར་བཅོམ་ལྡན་འདས་ཀྱི་བཀའ་འགྱུར། བདག་སྤངས་པ་དེས་ན་སེམས་ཅན་དང་།

སངས་རྒྱས་དབྱེར་མེད་པ་དེའི་ཚེ་ཉེས་པ་ཡོད་དེ། གང་གི་ཕྱིར་སྔོན་དུ་ཐམས་ཅད་གྲུབ་པོ། །དེའི་ཕྱིར་བཅོམ་ལྡན་འདས་ཉིད་རང་འཁྲུལ་པར་འགྱུར་ཏེ་དེས་ན་རྒྱལ་བར་འགྱུར་རོ། །གང་གི་ཕྱིར་འབྱུང་བ་ཆེན་པོའི་རང་བཞིན་སྣ་ཚོགས་པ་ཐ་མལ་པའམ། སྦྱང་བའི་དངོས་པོ་ཡིན་

เล่ม ๖ · หน้า 269a

པའི་ཕྱིར་རོ། །དོན་དེ་ཉིད་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ཀུན་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མི་ཤེས་པའི་རྣལ་འབྱོར་མ་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་ཉན་པའི་སྐྱེ་བོའི་གཟུགས་ཅན་ཐུན་མོང་པའི་ཕྱིར་རོ། །གལ་ཏེ་རེ་ཞིག་

སངས་རྒྱས་ཀྱི་གཟུགས་ཏེ། ཇི་ལྟར་སངས་རྒྱས་ཀྱི་མདུན་དུ་ཆོས་སྟོན་པ་ཉན་འོན་ཀྱང་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱི་དངོས་པོའོ། །སངས་རྒྱས་ཀྱི་རང་བཞིན་འབའ་ཞིག་རང་རང་གི་རང་བཞིན་རྟོགས་པའི་ཕྱིར་སངས་རྒྱས་སོ། །དེས་ན་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །དེའི་

ཕྱིར་མི་ཤེས་པ་སྟེ་དེའི་མི་ཤེས་པ་བཟློག་པའི་ཕྱིར་རོ། །རྣམ་པར་རྒྱལ་བ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་རྟོགས་པའི་ཕྱིར། དེ་ཉིད་ཀྱིས་ན་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་གཟུགས་སུ་གང་གི་ཚེ་འགྱུར་བ་དེའི་ཚེ་ཏིང་ངེ་འཛིན་དེ་ཡང་རྡོ་རྗེའི་མིང་སྟེ་དེ་ལ་སྙོམས་པར་ཞུགས་པ་རྟག་པའི་

གཟུགས་རྣམ་པ་ཀུན་དང་ལྡན་པའོ། །རྣལ་འབྱོར་མ་ཐམས་ཅད་ཅེས་པ་ནི་དེའི་གཟུགས་རྡོ་རྗེའི་རང་བཞིན་གྱི་མཚན་ཉིད་ཀྱིས་མི་ཕྱེད་པའི་དུས་གཅིག་ལ་འབྱུང་བ་ཐམས་ཅད་མཁྱེན་པའི་དོན་ཏོ། །དེས་ན་བདག་དང་མཚུངས་པ་བསླང་བའོ། །གཞན་དུ་སེམས་ཅན་སངས་རྒྱས་ཉིད། །ཅེས་

པ་ནི་བདེན་ཏེ་ཁྱོད་ཉིད་ཁྱོད་ཀྱི་རང་བཞིན་ནོ་ཞེས་པའོ། །དེའི་དོན་ནི་འདི་སྟེ་འོན་ཀྱང་ཞེས་པ་ནི་ལས་དང་པོ་པའི་དུས་སུ་དུས་གསུམ་དུ་གང་དག་རྟོགས་པ་དེ་རྣམས་ཀྱང་ངོ་། །གློ་བུར་དྲི་མས་བསྒྲིབས་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་སེམས་ཅན་སངས་རྒྱས་ཡིན་མོད་དེ་རྣམས་ལ་ཇི་སྲིད་དུ་དེ་

བཞིན་གཤེགས་པའི་རབ་ཏུ་སོན་པའི་ཏིང་ངེ་འཛིན་མ་རྟོགས་པ་དེ་སྲིད་དུ་བཞི་པའི་རང་བཞིན་དུ་མི་འགྱུར་རོ། །དེས་ན་རང་གི་ཡེ་ཤེས་ལ་ཆགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་གློ་བུར་བའི་དྲི་མ་རྣམས་ཀྱིས་བསྒྲིབས་པ་ཡིན་ནོ། །གང་ཡང་བཞི་པ་དང་ལྡན་པ་དེ་ཐམས་ཅད་ནི་འཇིག་རྟེན་དུ་

གྲགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་མཆོག་གི་གཟུགས་ཀྱིས་གནས་ལ་སོགས་པའི་ཡུལ་དང་ཡུལ་དུ་སེམས་ཅན་གྱི་དོན་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་དགོངས་སོ། །གཞན་ཡང་པདྨ་བཛྲའི་ཞལ་སྔ་ལ་སོགས་པ་རྣམས་ནི་གྲུབ་པའོ་ཞེས་གྲགས་

เล่ม ๖ · หน้า 269b

སོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་གྱི་སེམས་ཅན་གློ་བུར་བའི་དྲི་མས་བསྒྲིབས་པ་རྣམས་ཀྱིས་ཏེ་དེའི་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་དུ་སྤངས་པའི་ས་ཞེས་པ་ནི་སྔོན་དུ་གསུང་པའི་མན་ངག་སྣ་ཚོགས་པ་དང་ཁ་སྦྱོར་འདི་ལ་སོགས་པའི་གཞུང་བསྟན་པའོ། །དེ་ནས་སྡུད་པ་པོས་ཀྱང་

གླེགས་བམ་རྣམས་སུ་ཡི་གེའི་གཟུགས་ཀྱིས་བྲིས་ཞེས་པའི་ངེས་པའོ། །དེ་བཞིན་དུ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདིར་དེ་ལྟར་འདི་དག་ཅེས་པ་ནི་གལ་ཏེ་རེ་ཞིག་གླེགས་བམ་ལ་སོགས་པ་རྣམས་སུ་བཅོམ་ལྡན་འདས་ཀྱི་གསུང་གནས་པ་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཁ་ནས་

ཁར་གནས་སོ། །དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་མདོ་སྡེ་རྣམས་དང་རྟོགས་པར་བརྗོད་པ་ལ་སོགས་པ་རྣམས་དང་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུང་། ང་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་སེམས་ཅན་གདུལ་དཀའ་བའི་སྡིག་པའི་བློ་ཅན་སྡིག་

པའི་ལས་བྱེད་པ་འབྱུང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་བརྫུན་ནམ་ཞེ་ན་གསུངས་པ། རིགས་ཀྱི་བུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་རྣམས་ལ་བོད་པའོ། །དུག་ཟོས་ཞེས་བྱ་བ་ལ་སོགས་པ་ལ་ནི་འདིར་དུག་ཟོས་པའི་འཇིག་

རྟེན་གང་བརྒྱལ་བ་སེམས་མེད་པ་དུག་སེལ་བར་མི་ཤེས་པ་ཡིད་སེམས་པ་མེད་པའོ། །དེ་ཉིད་ཤེས་པའི་ཕྱིར་གཏི་མུག་སྤངས་པ་ནི་གང་གི་དུག་སྤངས་པ་དེའི་འོ། །དེ་ཉིད་ཡིད་ཅེས་པ་ནི་དུག་སེལ་བའི་དེ་ཁོ་ནའི་ཡིད་ཀྱིས་འཇུག་པའོ། །དེའི་དུག་ཟོས་པའི་སྡུག་བསྔལ་སྐྱེས་པ་འདི་

གཅོད་པ་འདི་ནི་དཔེ་ཙམ་མོ། །དེའི་ཕྱིར་དཔེས་ཤེས་པར་བྱ་བའི་བྱང་ཆུབ་སྔོན་གྱི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་རྣམ་པ་དང་བཅས་པའི་བསྒོམ་པས་མོས་པ་དེའི་ཕྱིར་ཐབས་ཀྱི་སྒོ་ནས་རྒྱུ་དང་འབྲས་བུ་འབྲེལ་བའི་ཕྱིར་བྱང་ཆུབ་བོ། །དེ་ཡང་ཤེས་བྱ་བ་ལ་ཤེས་པ་འཇུག་པའོ། །དེ་ལྟར་

ཡེ་ཤེས་དང་ཤེས་བྱ་དག་དཔེས་ཤེས་པར་བྱ་བ་སྣང་བ་མེད་པ་བརྗོད་དུ་མེད་པ་ལྷན་ཅིག་སྐྱེས་པའི་དོན་དམ་པའོ། །དེ་ཉིད་ཀུན་རྫོབ་ཀྱི་བདེ་བ་མེད་པར་མི་འགྲུབ་སྟེ། དངོས་པོ་ཤེས་པའི་ཕྱིར་རོ། །འདིར་གལ་ཏེ་འོ་ན་དངོས་པོའི་ཡེ་ཤེས་ཀྱིས་གྲོལ་བར་འགྱུར་ན་དེའི་ཚེ་སེམས་ཅན་རྣམས་ཇི་ལྟར་

เล่ม ๖ · หน้า 270a

འཁོར་བར་འཁོར། མ་རིག་པའི་དབང་གིས་ཞེས་པ་ནི་དེ་ཡིས་ཇི་ལྟར་སྲིད་པར་འགྱུར། ཁྱོད་ཅག་རྣམས་ཀྱི་གཏམ་ཡང་ཐོས་པ་མ་ཡིན་ནམ། འདིར་གང་གི་ཕྱིར་ཁམས་གསུམ་པ་འདོད་ཆགས་ཀྱི་དབང་གིས་སྐྱེས་པ་དེའི་ཡང་གང་དག་སེམས་ཅན་དེ་དག་ཀྱང་

འདོད་ཆགས་ཅན་ནོ། །འདོད་ཆགས་ཀྱང་མ་རིག་པའི་རྩ་བའོ། །དེའི་ཕྱིར་མ་རིག་པ་དངོས་པོའོ། །དེས་གྲོལ་བ་འདི་དག་ནི་འགལ་ལོ། །དེའི་ཕྱིར་བརྗོད་དེ་བཅོམ་ལྡན་འདས་ཀྱི་བཀའ་ལས་ཤེས་པར་བྱའོ། །དེ་ཅི་ཞེ་ན། གསུངས་པ་དུག་གི་དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་

འདིར་དུག་བསལ་བ་ཐུན་མོང་བ་ནི་རྣམ་པ་གསུམ་སྟེ། དེ་ལ་གཅིག་ནི་སྔགས་གྲུབ་པ་སྟེ། ལུང་སྣ་ཚོགས་པའི་རྗེས་སུ་འབྲངས་པའི་ཕྱིར་རོ། །གཉིས་པ་ནི་སྨན་གྱིས་གྲུབ་པའོ། །གསུམ་པ་ནི་རྣལ་འབྱོར་གྱིས་ནུས་པས་སོ། །དེ་ཡང་སྔགས་དང་སྨན་དག་གི་རྣམ་པ་གཉིས་སུ་འདོད་

དོ། །དེ་ལ་གཅིག་ནི་སྔགས་བཟླས་པ་དང་སྨན་བསྒྲུབས་པས་ཤིན་ཏུ་ཡུན་རིང་པོ་ནས་བསོད་ནམས་ཀྱི་དབང་གིས་འགྲུབ་པོ། གཉིས་པ་ནི་བཀས་འགྲུབ་པའོ། །དེ་ཡང་བླ་མ་དང་རྣལ་འབྱོར་མ་རྣམས་བསྙེན་པ་དང་བསྙེན་བཀུར་བྱས་པའི་ཕྱིར་རོ། །གང་ཡང་རྣལ་འབྱོར་གྱི་སྟོབས་ཀྱིས་དེ་

དུག་གི་དེ་ཉིད་ཤེས་པས་དུག་སེལ་ཏེ་དུག་འབའ་ཞིག་ཏུ་མ་ཟད་ཀྱི་དུག་ཉིད་བདུད་རྩིར་བྱེད་དོ། །དེས་ན་དུག་གིས་སེལ་བར་འགྱུར། །ཞེས་པ་ནི་རྒ་བ་དང་འཆི་བ་དང་མཛེ་ལ་སོགས་པའི་ནད་རྣམས་དུག་གིས་རབ་ཏུ་བརླབས་ཤིང་མི་རྒས་པ་དང་མི་འཆི་བར་འགྱུར་རོ། །དེ་བཞིན་དུ་མ་རིག་

པའི་བག་ཆགས་ཉིད་སྲིད་པའོ། །འོན་ཀྱང་སྔོན་དུ་སངས་རྒྱས་ཡིན་པ་གསུངས་པའི་བསྒྲུབ་པ་རྣམས་ལ་དཔེ་སྣ་ཚོགས་པ་རྣམས་ཀྱིས་རིགས་པ་བསྟན་ཏོ། །འདིར་མ་རིག་ཉིད་རིགས་པ་བཟང་པོར་བྱ་བའི་ཕྱིར། ཇི་ལྟར་རླུང་ནད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་སྦྱོར་བ་ཞེས་

པ་ནི་ཀུན་རྫོབ་ཀྱི་བདེ་བའི་རྣམ་པར་དག་པའི་ཡིད་ལ་བྱེད་པའོ། །སྲིད་པ་ཉིད་ཀྱིས་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་སྲིད་པས་སོ། །དེ་ཉིད་ཀྱིས་ན་རྣམ་རྟོག་ཅེས་པ་ནི་གང་གིས་སངས་རྒྱས་པ་དེ་ཉིད་རྣམ་པར་རྟོག་པས་བརྟགས་པའོ། །དེ་བཞིན་དུ་འདིའི་རྣ་བར་ཞེས་བྱ་བ་ལ་སོགས་པའི་

เล่ม ๖ · หน้า 270b

དཔེས་ཀྱང་ཤེས་པར་བྱའོ། །དངོས་པོ་ཞེས་པ་ནི་ཤེས་བྱའི་བདེ་བའོ། །དེའི་སྒྲིབ་པ་ནི་རྣམ་པར་རྟོག་པ་སྟེ་དེ་སྦྱང་བའོ། །གང་གིས་ཤེ་ན་རྣམ་པས་ཞེས་པ་ནི་ལྷའི་སྦྱོར་བའི་སྒོམ་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་དོན་ཏོ། །ཉིད་ཅེས་པ་ནི་ངེས་པ་ཞེས་པའི་དོན་ཏོ། །དཔེར་ན་ཞེས་བྱ་བ་ལ་

སོགས་པ་ནི་གོ་སླའོ། །དེ་བཞིན་དུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་རིམ་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་བསྟན་ཏེ། དེ་ཡང་དབང་གཉིས་སྦྱོར་བ་ཞེས་པ་ནས་ཕྲ་མ་ནམ་མཁའ་ལས་བྱུང་ངོ་ཞེས་པའི་མཐར་ཐུག་པ་ནི་འབྱུང་བའོ། །དེ་བཞིན་དུ་ཆེན་པོའི་སེམས་ཞེས་པ་

ནས། ཇི་སྲིད་མཆོག་ཏུ་དགའ་བའི་རིགས་ལས་བྱུང་། །ཞེས་པའི་མཐར་ཐུག་པ་ནི་འབྱུང་བ་ལས་གྱུར་པའོ། །དེ་བཞིན་དུ་འདིར་གསོལ་བ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པས་ཞུས་པའོ། །དེ་ཡང་ཅི་ཞེས་བྱ་བ་ལ་སོགས་པའོ། །འདིར་བཅོམ་ལྡན་འདས་ཀྱི་རིགས་གྲངས་མེད་

པ་འབྱུང་བ་དེའི་ཚེ་ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱང་དོག་པ་ཉིད་དུ་འགྱུར་རོ། །གོང་བུའི་གཟུགས་ཅན་ཞེས་པ་ནི་ས་ལ་སོགས་པའི་ཁམས་རྣམས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ཀྱི་ངེས་པ་གསུངས་པའི་དབྱེ་བས་བཤད་པའི་ཕྱིར་རོ། །དེ་ཇི་ལྟར་རིགས་གྲངས་མེད་པ་རྣམས་གང་

དུ་གནས་ཞེས་པའི་དོན་ཏོ། །འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་ནོ། །དེ་བསྟན་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཇི་ལྟར་ཁ་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྡུལ་གཅིག་གི་ཚད་ཀྱིས་ནང་གི་ཕུག་ཀྱང་བསོད་ནམས་

ཀྱི་མཐུས་དོག་པར་མི་འགྱུར་ཞིང་ཡངས་པར་མི་འགྱུར་རོ། །སངས་རྒྱས་ལ་སོགས་པའི་འཕགས་པའི་དགེ་འདུན་མཐའ་དག་སྟོན་མོ་ལ་སྤྱན་འདྲེན་པར་བྱེད་དོ། །དེ་ཡང་བཞེངས་ཤིག་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་བསྐྱེད་པའི་རིམ་པས་རྫོགས་པའི་རིམ་པ་བསྐྱེད་པ་གསུངས་

པ། ཁ་སྦྱོར་ཞེས་བྱ་བ་ལ་སོགས་པ་ལ། ཁ་སྦྱོར་ལས་བྱུང་བ་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བ་ལས་བྱུང་བ་དང་། འབྱུང་བ་ལས་གྱུར་པ་དག་འབྱུང་སྟེ། དེ་ཡང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ས་ལ་སོགས་པ་འབྱུང་བ་རྣམས་སོ། །ཡེ་ཤེས་ཀྱི་ཁམས་དེ་ཅི་ཞེ་ན།

เล่ม ๖ · หน้า 271a

གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཕྱིར་རོ། །དེ་ལྟར་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་སོ། །དེས་ན་དེ་བྱང་ཆུབ་བོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་ཡང་ངོ་། །དེ་ཡང་བདག་པོ་རེ་རེ་ཡང་ལྔ་ལྔ་ཉི་ཤུ་རྩ་

ལྔར་འགྱུར་རོ། །གཞན་ནི་གོ་སླའོ། །འོན་ཀྱང་འཆད་བཞིན་པས་རྒྱས་པར་བཤད་པར་བྱའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དྲུག་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་ཕྱི་དང་ནང་གི་སྡོམ་པ་བསྟན་པའི་གཞུང་བསྟན་པ་སྟེ་བཞི་པ་རྫོགས་སོ།། །།

ད་ནི་རྣལ་འབྱོར་པ་སྤྲུལ་པའི་ལུས་ཅན་རྣམས་ཀྱི་ཕྱི་རུ་རྣམ་པས་སྤྱོད་པས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལས་སྣ་ཚོགས་ཀྱི་སྒྲུབ་ཐབས་བརྗོད་པའི་ཕྱིར་ངག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངག་གི་ཕྱག་རྒྱའི་ཡེ་ཤེས་བརྗོད་པའི་ཕྱིར་ཕྱག་རྒྱ་དེ་ནི་བརྡའི་སྐད་དོ། །སླར་ཡང་

ལག་པའི་ཕྱག་རྒྱས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཤེས་པར་བྱེད་པ་གང་གི་ཚེ་དེའི་མཚན་ཉིད་ནི་མཚན་མའི་ཕྱག་རྒྱས་ཞེས་པའི་དོན་ཏོ། །དགོངས་པའི་སྐད་ནི་ཇི་ལྟར་བརྗོད། །ཅེས་པ་ནི་ཀླ་ཀློའི་ཚིག་ཅེས་པའི་དོན་ཏོ། །རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་ལ་དབྱེ་བ་དང་རབ་

ཏུ་དབྱེ་བ་མི་ཕྱེད་པའོ། །དེ་བཞིན་དུ་དགོད་དང་ཞེས་བྱ་བ་ལ་སོགས་པ་གནས་བཞི་རྣམས་སུ་སྟེ་སྔོན་གྱི་ཚུལ་གྱིས་ལྷ་དང་མི་ལ་སོགས་པ་རྣམས་སུ་མ་གསུངས་ཞེས་པ་ནི་མ་བརྗོད་ཅེས་པ་སྟེ་ཞུས་པའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་ལན་གྱི་ཚིག་གོ། །ཌིཎྜི་མ་ཞེས་པ་ནི་མཐར་སྐྱེས་མའོ། །

ལུ་གུ་ཞེས་པ་ནི་ཁ་ལས་བརྗོད་པར་བྱའོ། །ཡི་གེའི་ཕྱག་རྒྱའི་ཡེ་ཤེས་ཞེས་པ་ནི་སྔོན་དུ་གསུངས་པའི་རྣལ་འབྱོར་པ་མངོན་ཤེས་དང་ལྡན་པ་བསྟན་གྱི་ཐ་མལ་པས་ནི་མ་ཡིན་ཏེ་རྣལ་འབྱོར་མ་འཁྲུག་པའི་ཕྱིར་རོ། །འོན་ཀྱང་ཐ་མལ་པའི་གནས་སྐབས་ཀྱི་དུས་སུ་ཡང་གོམས་པར་བྱ་སྟེ། སེམས་

རྣམ་པར་དག་པས་ཞེས་དགོངས་སོ། །དེ་བཞིན་དུ་ཡེ་ཤེས་ཀྱི་སྒྲ་ནི་མངོན་པར་ཤེས་པའི་མཚན་ཉིད་ཀྱི་ཕྱིར་རོ། །འཆད་བཞིན་པའི་ཡེ་ཤེས་ཀྱི་སྒྲ་ཐམས་ཅད་དང་དེ་ལྟར་ཤེས་པར་བྱ་ཞེས་པ་ནི་ངེས་པའོ། །གཞན་ནི་གོ་སླའོ། །སླར་ཡང་རྡོ་རྗེ་སྙིང་པོས་ཞུས་པ་བརྡ་ཞེས་པ་ནི་ཕྱག་རྒྱའོ། །

เล่ม ๖ · หน้า 271b

གཞན་ནི་གོ་སླའོ། །དེ་བཞིན་དུ་ངག་གི་བརྡའི་ཡེ་ཤེས་ནི་གཉིས་པའོ།། །།ད་ནི་ལྟ་སྟངས་ཀྱི་ཕྱག་རྒྱའི་ཡེ་ཤེས་བརྗོད་པའི་ཕྱིར་མཉམ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལྟེ་བའི་གནས་སུ་སྔོན་དུ་སྲོག་གོམས་པར་བྱས་ཏེ་ཇི་སྲིད་དུ་མངོན་ཤེས་ཐོབ་པར་འགྱུར་གྱི་བར་དུའོ། །

དེས་ན་ཕྱི་རུ་སྦྱར་བར་བྱའོ། །ལྷག་མ་ནི་གོ་སླའོ། །འདི་ནི་ཡེ་ཤེས་གསུམ་པར་བརྗོད་དོ། །ད་ནི་སེམས་ཅན་རྣམས་གཞུག་པའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་ལས་ཚོགས་རྣམས་ནུས་པ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །དཔལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ཞེས་པ་ནི་ཤེས་

རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །དེས་ན་རྣལ་འབྱོར་མའི་སྐུའི་དབྱིབས་དང་ལྡན་པ་བསམ་གཏན་གྱི་སྦྱོར་བ་དང་ལྡན་པས་མཚན་མ་ཐོབ་པ་དང་ལྡན་ནོ། །དེ་ཡང་འཆད་བཞིན་པ་ལས་བརྗོད་པར་བྱའོ། །དེ་བཞིན་དུ་མིའི་ཐོད་པར་ཞེས་བྱ་བ་ལ་སོགས་པ་ལ་ཆོ་ག་བཞིན་

ཞེས་པ་ནི་གང་གི་ཐོད་པ་ཡིན་པ་དེའི་རོའི་ལུས་ཀྱི་ཤ་དང་བཤང་བ་ལ་སོགས་པས་བྲན་པ་དང་སྔགས་བཟླས་པས་ཡུངས་ཀར་འཕེལ་པར་འགྱུར་རོ། །དེའི་འབྲས་བུ་ལ་སོགས་པས་སྲུང་བར་བྱེད་དོ། །དེ་ཡང་དམ་པ་ཞེས་པ་ནི་གོང་ན་མེད་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་འོལ་མ་སོ་དཀར་

པོའི་བསྒྲུབ་པ་བསྟན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་མཆུར་བཙིར་པའི་ཁ་སྦྱར་གྱི་ཕྱག་རྒྱས་དེ་བཞིན་དུ་ཕྱོགས་རྒྱས་གདབ་པར་བྱའོ། །སངས་རྒྱས་ཀུན་གྱི་ཞེས་པ་ནི་སེམས་ཀྱིས་གྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱེ་གཉིས་ཀྱི་ཐོད་པ་ཞེས་པ་ནི་

བྲམ་ཟེའི་ཐོད་པའོ། །ཡང་ན་བསྒེགས་པས་བསྒྲུབ་སྟེ། དེའི་ཐོད་པ་ལ་སྔོན་བཞིན་དུ་སྲུང་བ་ལ་སོགས་པ་ཐམས་ཅད་བྱས་ན་འོལ་མ་སེ་བསྐྱེད་པར་བྱའོ། །དེས་ནི་མིའི་ཐོད་པ་ལ་བར་སྣང་ནས་བླངས་ནས་དེས་གང་ལ་བསྣུན་ན་དེའི་ཚེ་བུད་མེད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །ཕན་ཚུན་དུ་གཟུགས་

བསྒྱུར་བའི་ཕྱིར་ཞེས་པ་ནི་ངེས་པའོ། །ཡང་ན་བསྒྲུབ་པའི་འོལ་མ་སེ་དེ་གླང་པོ་ཆེ་ལ་སོགས་པའི་ཐོད་པར་བསྐྱེད་དེ། དེའི་ཤ་ལ་སོགས་པས་བྲན་པར་བྱ་ཞིང་དེ་ཉིད་སྔགས་རབ་ཏུ་བཟླས་པ་ལ་སོགས་པས་བསྲུང་བ་བྱས་ནས་ཇི་སྐད་གསུངས་པ་བཞིན་དུ་བྱེད་དོ། །ལྷག་མ་ནི་གོ་སླའོ། །

เล่ม ๖ · หน้า 272a

ད་ནི་དབབ་པའི་ཆོ་ག་བསྟན་པའི་ཕྱིར། རོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རོའི་ཁར་གུ་གུལ་ཞེས་པ་ནི་འཆད་བཞིན་པའི་གུ་གུལ་དང་ལྷན་ཅིག་པ་ཡན་ལག་ལྔ་ཡོངས་སུ་བསྒྲུབས་ཏེ། ཉིན་ཞག་ལ་ཞེས་པ་ནི་དེའི་ཚེ་མཚན་མོ་ལ་བྱས་ནས་ཇི་སྐད་གསུངས་པ་བཞིན་དུ་

བྱེད་དོ། །དེ་བཞིན་དུ་གསེར་གྱི་འབྲས་བུ་ཞེས་པ་ནི་ད་དུ་རའི་འབྲས་བུའོ། །ཁྱིམ་བྱ་ཞེས་པ་ནི་ཟངས་མའི་གཙུག་ཕུད་ཅན་ནོ། །དེ་ལྟར་ཇི་སྐད་གསུངས་པ་བཞིན་དུ་བྱེད་དོ། །དེ་བཞིན་དུ་དུག་གི་སྒྲུབ་པའམ་བཟའ་བའི་སྦྱོར་བ་བསྟན་པའི་ཕྱིར། རྟ་གསོད་དཀར་པོ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། ཏུ་རུ་སྐ་དཀར་པོའི་ཆའོ། །དེ་བཞིན་དུ་མ་རིའི་རྩ་བའོ། །ཡང་ན་དུག་གི་རྩ་བའོ། །ཨརྐ་ཞེས་པ་ནི་ཤིང་ཨརྐའི་རྩ་བའོ། །ཏ་རུ་ཞེས་པ་ནི་ཨརྐའི་འོ་མའོ། །ས་ལ་བྷ་ཞེས་པ་ནི་དུག་སྣ་ཚོགས་ཀྱི་འབྲས་བུའི་ཁྱད་པར་རྣམས་སོ། །དེ་རྣམས་ཀྱི་ཆ་དང་སྡིག་པ་ནི་གྲགས་

པར་ཟད་དེ། དེའི་མཇུག་མའི་རྩེ་མོའོ། །དེ་ལྟར་ཐམས་ཅད་ཕྱེ་མར་བྱས་ཏེ་སྔོན་གྱི་སྨན་དུག་བརྒྱ་ལྡན་པར་བྱའོ། །ལག་པའི་གྷོ་ནས་ཞེས་པ་ནི། དེ་ཕྱེ་མ་དེ་རི་ལུ་བྱས་ཏེ་དེ་བཞིན་དུ་ལག་པས་བཟུང་ན་གྷོ་ན་ས་ལྟ་བུའི་སྲོག་ཆགས་ཀྱི་ཁྱད་པར་དུ་འགྱུར་རོ་ཞེས་པ་སྟེ་ངེས་པའོ། །རི་ལུ་དེ་

བཏགས་ན་ཉིན་མོ་བྱེད་པ་ཞེས་པ་ཨརྐའི་འོ་མ་དང་ལྷན་ཅིག་བཏུང་བར་བྱའོ། །ཡང་ན་འཐུང་དུ་གཞུག་གོ། །དེའི་ཚེ་ཞག་བདུན་དུ་བརྒྱལ་བར་འགྱུར་རོ། །སྤྲེའུ་ཞེས་པ་ནི་མི་མ་ཡིན་པར་འགྱུར་རོ། །ཁ་ཅིག་ནི་དུག་ནག་པོར་འགྱུར་ཞེས་ཟེར་བའི་དོན་ཏོ། །དེ་ཡང་འཚོ་བ་བསྟན་པའི་

ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་བཞིན་དུ་སྨན་གྱི་སྦྱོར་བས་དུག་སྨིན་པར་བསྟན་པའི་ཕྱིར། མ་ལ་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལ་ཡ་ཞེས་པ་ནི་ཙནྡན་ནོ། །འབྱུང་བ་ཞེས་པ་ནི་ནང་གི་ཙནྡན་ཏེ། དེའི་འཆད་བཞིན་པའི་མར་ཁུའོ། །ནད་

ཀྱི་དབང་པོ་ཞེས་པ་ནི་རུ་ཤྷའི་ཁྱད་པར་ཏེ་མངལ་སྤྱོད་པའོ། །རྒྱ་སྤོས་ཞེས་པ་ནི་གོང་བུའི་རྒྱ་སྤོས་སོ། །དེ་ལྟར་ཐམས་ཅད་བཙོས་ནས་འགྲོ་བ་ཞེས་པའི་བྱ་བ་བྱེད་དོ། །ཉིན་ཞག་དེ་ཞེས་བྱ་བ་ལ་སོགས་པ་ནི་ཉིན་ཞག་དེ་ལ་སྐྱེས་ནས་ཤི་བའི་ལྕེ་བཏོགས་ཏེ་ཤུ་དག་དང་རྒྱ་སྤོས་དང་སྦྱར་ལ་དེས་

เล่ม ๖ · หน้า 272b

རི་ལུ་ཙ་ན་ཀའི་ཆད་ཙམ་བྱས་ཏེ་བཟའ་བར་བྱའོ། །དེ་ལྟར་གོམས་པ་ལས་དེའི་ཚེ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་བྱེད་དོ། །དེ་བཞིན་དུ་སྦལ་པ་ཞེས་པ་ནི་སྦལ་པའི་ལྕེའུ་ཆུང་བའོ། །དེ་བཞིན་དུ་སྦྲུལ་ཞེས་པ་ནི་སྦྲུལ་གྱི་པགས་པའོ། །བ་རུ་ར་ཞེས་པ་ནི་བ་རུ་རའི་འབྲས་བུའོ། །དེས་ན་ཇི་སྐད་

གསུངས་པ་བཞིན་དུ་བྱེད་དོ། །དེ་བཞིན་དུ་བའི་མར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་ཞེས་པ་ནི་ཤྲི་ཁཎྜའི་ཤིང་ངོ་། །ཡང་ན་བུད་མེད་ཀྱི་མེ་ཏོག་གོ། །གཞན་ནི་གོ་སླའོ། །དེ་བཞིན་དུ་རིམས་ཞི་བ་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར། མཉམ་པར་གཞག་ཅིང་ཞེས་བྱ་བ་ལ་

སོགས་པའི་སྒྲས་ནི་དབྱེ་བ་ལ་སོགས་པ་བསྡུའོ། །འབྱུང་བའི་ཉི་མ་ཞེས་པ་ནི་མར་ངོའི་ཚེས་བཅུ་བཞི་ལའོ། །དེའི་ཆོ་གས་རིམས་ཉེ་བར་ཞི་བར་འགྱུར་རོ། །དེ་བཞིན་དུ་སྦྲུལ་གྱི་པགས་པ་བརྗེས་པ་དང་སྦྲུལ་གྱི་དགྲ་ཞེས་པ་ནི་ནེའུ་ལེའི་པགས་པ་ལ་འཆད་བཞིན་པའི་སྔགས་ཀྱིས་དགྲའི་

མིང་དང་ལྡན་པ་བྲི་བར་བྱའོ། །འོན་ཀྱང་དུས་ཀྱི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ། །སྦལ་པ་ཞེས་པ་ནི་སྦལ་པའི་ལྕེ་དང་བྱ་རོག་གི་སྒྲོ་དང་ཉིན་མོ་འཇིགས་ཞེས་པ་འུག་པའི་སྒྲོ་སྟེ་དེ་རྣམས་ཀྱི་སྤོས་ཀྱིས་དབང་ཕྱུག་མ་སྨད་ཀྱང་འབྱེད་པར་བྱེད་ཅེས་པའི་དོན་ཏོ། །དེ་བཞིན་དུ་བསྐྲད་པ་གསུངས་

པ། རྟའི་ཞེས་བྱ་བ་ལ་སོགས་པ་ནི་རྟའི་རྨིག་པ་ལ་སོགས་པའི་འཁྲུལ་འཁོར་རོ། །དེ་བཞིན་དུ་སྦྲུལ་གྱི་མགོ་དང་ཁྱི་སྨྱོན་པའི་ལྕེས་ནི་གསུངས་པའི་ལས་བྱེད་དོ། །དེ་བཞིན་དུ་ནང་གི་སྦྱོར་བ་བསྟན་པའི་ཕྱིར། ཧ་ལི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ལི་ནི་ཞེས་པའི་ནི་ཨུ་མའི་རྩ་

བའོ། །ཕག་པ་ཞེས་པ་ནི་བུམ་པ་ཅན་ནོ། །རུས་པ་ཞེས་པ་ནི་འཇུག་པའོ། །མགྲིན་རིངས་ཞེས་པ་ནི་འབྱུང་བའོ། །དེ་བཞིན་དུ་ཨོཾ་དང་ཨཱཿའོ། །རིང་པོ་ཞེས་པ་ནི་ཧཱུཾ་ངོ་། །དེ་ལ་རི་ལ་གནས་པ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའོ། །དེས་སྲིད་པ་གསུམ་བསྐྲད་དེ་ལུས་དང་ངག་དང་སེམས་སྦྱོར་བའི་

མཆོག་འདིས་འགོག་པས་ཡུལ་ལ་སོགས་པའི་དངོས་པོ་རྣམས་བསྐྲད་པར་འགྱུར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་སྦྱོར་བ་གཞན་བསྟན་པའི་ཕྱིར་རྟའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟའི་ཁྲག་དང་བདུད་ཅེས་པ་ནི་ཀ་ར་བཱི་རའོ། །དེ་ལྟར་བྱས་ཏེ་བསམ་གཏན་གྱི་ཁྱད་པར་གྱིས་མེ་ལོང་

เล่ม ๖ · หน้า 273a

ལ་བལྟས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དེའི་ཚེ་དེ་རྣམས་ཀྱི་གཉེར་མའི་དྲི་མ་དང་ཁྲག་ལ་སོགས་པ་དང་བསྲེས་ཏེ་རྟ་ལ་སོགས་པའི་ལག་སྐྱེ་ཁ་སྦྱོར་གྱིས་སྦྱོར་བས་བསྲེས་པའི་ཐལ་བ་བླངས་ཏེ། སྦལ་པའི་ཞག་དང་བསྲེས་པས་བྱུགས་པ་དེ་ལ་ཡང་དེ་

སྐད་ཅེས་བྱའོ། །དེ་བཞིན་དུ་མིག་སྨན་བསྟན་པའི་ཕྱིར། ཨང་ཀོ་ཏ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འདིར་ཨང་ཀོ་ཏ་ཞེས་པ་ནི་ཡོན་ཏན་མེད་པའི་ཨང་ཀོ་ཏིའི་འབྲས་བུ་སྟེ་དེའི་ས་བོན་གྱི་མར་ཁུའམ་འོ་མའོ། །དེ་ཡང་ན་སུ་ར་བྷིའི་འོ་མ་དེས་མིག་ལ་བྱུགས་པས་སོ། །སྲིད་པ་གཞན་

གྱི་ཞེས་བྱ་བ་ནི་སྐྱེ་བ་སྣ་ཚོགས་པ་གཞན་ཡང་མཐོང་བའོ། །ལྷག་མ་ནི་གོ་སླའོ། །ད་ནི་མེ་མནན་པ་བརྗོད་པའི་ཕྱིར་རི་བོང་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རི་བོང་ཅན་གྱི་སྒྲ་ནི་རྣམ་པ་གཉིས་ཏེ། གཅིག་ནི་དངུལ་ཆུའོ། །གཉིས་པ་ཞེས་པ་ནི་རི་བོང་གི་མར་ཁུའོ། །སྲིན་བུ་

པདྨ་དཀར་པོའི་མར་ཁུ་དང་དེ་བཞིན་སྦལ་པའི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་འཛག་པ་ཞེས་པ་ནི་དུ་བ་ཅན་ནོ། །རི་བོང་ལས་བྱུང་བ་ཞེས་བྱ་བ་ནི་རི་བོང་གི་ཁྲག་གོ། །དེ་ལྟར་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་ཆུ་ལས་ཆགས་པ་གསུངས་པ། ཆུ་

སྦྲུལ་ཞེས་པ་ནི་ལྟོ་འཕྱེའི་སྙིང་ཁྲག་དང་བཅས་པའོ། །དེའི་ནི་དེ་བཞིན་དུ་འགྱུར་རོ། །སླར་ཡང་སྤོང་ན་ཀ་ཞེས་པ་ནི་པ་ཏ་ན་ཀའི་ས་བོན་རྣམས་ཀྱི་ཁ་དགང་བར་བྱ་ཞེས་པའོ། །ལྷག་མ་ནི་གོ་སླའོ། །བཙག་ཡུག་རྣམས་ཞེས་པ་ནི་ལྡོང་རོས་དམར་པོའོ། །དྲི་ངན་པ་ཞེས་པ་ནི་མུ་ཟི་སེར་

པོའོ། །དེ་བཞིན་དུ་ཡི་དགས་སུ་བྱ་བ་གསུངས་པ། གསེར་གྱི་ས་བོན་ཞེས་བྱ་བ་ལ་སོགས་པ་ལ་གསེར་ཞེས་པ་ནི་ད་དུ་རའོ། །པི་ཌི་ཞེས་པ་ནི་དངུལ་ཆུ་བསད་པའོ། །པཱ་ཐ་ཞེས་པ་ནི་པ་ཐའི་ཕྱེ་མའོ། །དེ་རྣམས་ལས་གཟུགས་བརྙན་བྱའོ། །བུ་རམ་དང་སྐྱུར་པོ་དག་གིས་ཞེས་པ་ནི་བུ་གའི་ནང་

ནས་ཕྱུང་ནས་བཀྲུས་ནས་སྔོན་བཞིན་དུ་འགྱུར་རོ། །དེ་བཞིན་དུ་གཉིས་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ་སྤྲེའུ་ཞེས་པ་ནི་སྤྲེའུ་དམར་པོའོ། །དེ་བཞིན་དུ་བྱ་རོག་གི་སྒྲོ་རྣམས་སོ། །ས་བོན་ཅན་ཞེས་པ་ནི་ས་བོན་གྱི་རི་བོང་ངོ་། །དྭི་ཀ་ཞེས་པ་ནི་སྔགས་པའོ། །སྣང་ཞེས་པ་ནི་དོན་གཉིས་ཏེ། གཅིག་

เล่ม ๖ · หน้า 273b

ནི་རང་འབྱུང་དུ་འགྱུར་རོ། །གཉིས་པ་ནི་སྦྲུལ་གདུག་པའི་ཁྲག་དེ་ཡང་བླང་ངོ་། །དེ་བཞིན་དུ་འོག་ནས་འབྱུང་བ་ཞེས་པ་ནི་དྲི་ཆེན་དང་དྲི་ཆུའོ། །གསེར་ཞེས་པ་ནི་ད་དུ་རའི་རྩ་བའོ། །དེ་བཞིན་དུ་ཕུག་རོན་ལ་སོགས་པ་རྣམས་ཀྱི་བྱ་ཁྲ་དང་སྤུ་དང་སྐྲ་ལ་སོགས་པ་རྣམས་སོ། །མེ་ཞེས་པ་ནི་སྟག་གི་སྤུ་ལ་

སོགས་པ་རྣམས་སོ། །དེས་ནི་ཇི་སྐད་གསུངས་པ་བཞིན་བྱེད་དོ། །དེ་བཞིན་གསོར་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ཆེན་པོ་ཞེས་པ་ནི་གླང་པོ་ཆེའི་རྡུལ་ལོ། །འབུའི་ཕྱེ་མ་ཞེས་པ་ནི་ཤིང་གི་ནང་གི་སྲོག་ཆགས་དེའི་ཕྱེ་མ་ནི་དུག་གི་ཁྱད་པར་རོ། །དེས་ན་དེ་ལ་དེ་སྐད་ཅེས་བྱའོ། །སླར་ཡང་སྦྱོར་

བ་གཞན་བསྟན་པའི་ཕྱིར། ཚ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚ་བའི་མར་ཁུ་དེ་ཉིད་ཀྱིས་འདི་ལྟར་བྱ་སྟེ། ཤིང་དེའི་རྩེ་མོ་འུག་པའི་ཚང་དང་ཤིང་གི་རྩེ་མོའི་རྩ་བ་དེ་ཐམས་ཅད་ལ་བྱུགས་ནས་ལག་པ་དེ་ཉིད་ཀྱིས་ཞེས་པ་བྱ་རོག་གི་ལག་པས་དུར་ཁྲོད་ཀྱི་ཤིང་གི་མེ་ལ་ཚང་ལ་སོགས་པ་

བསྲེགས་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དབྱེ་བ་བསྟན་པའི་ཕྱིར། བྱ་རོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེའི་སྐྲ་དང་མདུད་པ་མེད་པའི་སྐྲ་དག་དང་དེས་བྱས་པའི་གཞན་དུ་མ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པའི་ཡེ་ཤེས་ཞེས་པ་ནི་བཞི་པའོ། །འོན་ཀྱང་རྣམ་པར་

ཤེས་པ་ཡེ་ཤེས་ནི་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ནང་གི་ལས་ཐམས་ཅད་བྱ་སྟེ་རྩ་བའི་རྒྱུ་བའི་སྦྱོར་བས་སོ། །དེ་ཡང་བླ་མའི་མན་ངག་ལས་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ། །ད་ནི་དབང་དུ་བྱ་བ་བརྗོད་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀར་མོ་དགའ་བ་དང་བཅས་པ། །

ཞེས་པ་ནི་འདིར་གང་སུ་ཡང་རུང་བའི་བུད་མེད་རྣལ་འབྱོར་དེ་འདོད་པས་དང་པོ་བདེ་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོར་སྙིང་དུ་བསམ་པར་བྱའོ། །སྦྲང་བུ་ཕྱེ་མར་བྱས་ཏེ་ཞེས་པ་ནི་བུད་མེད་གཞན་དང་འཁྲིག་པར་བྱས་ཏེ་དེའི་ཁུ་བ་བླངས་ཏེ་ཕྱེ་མ་དང་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ། །འོན་

ཀྱང་དེའི་ལས་ནི་བརྟུལ་ཞུགས་པ་ནི་དབང་དུ་བྱེད་པའོ། །བསམ་གཏན་དང་ས་བོན་དང་སྔགས་སྤྱོད་པ་དང་སྔོན་དུ་བསྙེན་པ་བྱེད་པའི་འོ། །བསམ་ཞེས་པ་ནི། སྐར་མ་རྒྱལ་ལ་སྙོམས་པར་འཇུག་པར་བྱ། །ཞེས་པ་སྟེ་ངེས་པའོ། །དེ་དག་གི་བཅུད་ལ་རྫས་སྦྱོར་བ་གསུངས་ཏེ། ན་རི་ཙི་ཞེས་བྱ་བ་

เล่ม ๖ · หน้า 274a

ལ་སོགས་པ་ལ། ན་རི་ཙི་ཞེས་པ་ནི་རྔད་ཀྱི་ཁྱད་པར་ཏེ་དེའི་ཕྱེ་མའོ། །ན་ར་ཏ་རུའི་འདབ་མ་ཞེས་པ་ནི་ན་རང་ཀའི་ལོ་མའི་ཁུ་བ་དེ་དང་ཆ་མཉམ་པའོ། །གླང་པོ་ཆེའི་དག་པ་ཞེས་པ་ནི་གླང་པོ་ཆེའི་རྡུལ་དང་མིའི་མར་ཁུའོ། །དེ་ལྟར་ཐམས་ཅད་རོ་གཅིག་པར་བྱས་ནས་བུ་མོ་ཞེས་

པ་ཇི་སྐད་གསུངས་བཞིན་བྱེད་དོ། །དེ་བཞིན་དུ་མིག་གི་ཆུ་ཞེས་པ་ནི་མཆི་མའོ། །བཀྲན་ཏ་ཞེས་པ་ནི་ཙག་ཀྲ་ཨ་ཀའོ། །འཛག་པ་ཞེས་པ་ནི་དུ་བའོ། །ལག་རྨི་ཞེས་པ་ནི་སྐྱུ་རའི་ཁུ་བའོ། །དེ་བཞིན་དུ་ཤིང་ཨརྐར་པོའོ། །གནས་ཀྱི་བྱིའུ་ཞེས་པ་ནི་ཁྱིམ་གྱི་བྱེའུའམ་མཆིལ་པའོ། །རྨ་སྐྱེས་

ཞེས་པ་ནི་རང་གི་སྲིན་ལག་གི་ཁྲག་གོ། །དེས་ནི་གསུངས་པའི་ལས་བྱེད་དོ། །དེ་བཞིན་དུ་ར་མ་དུ་ཏི་ཞེས་པ་ནི་སྔོན་དུ་གསུངས་པའི་སྙོམས་པར་འཇུག་པའི་ཁུ་བ་དང་དྷཱུ་བའི་འོ་མ་དང་བསྲེའོ། །སྦལ་པ་ཞེས་པ་ནི་དེའི་ཁུ་བའོ། །དེས་ནི་ཇི་སྐད་གསུངས་པ་བཞིན་དུ་བྱའོ། །ཤི་བའི་ཡན་ལག་མ་

ཞེས་པ་ནི་བདག་པོའི་ཕྱིར་ཤི་བའོ། །དེའི་སྐྲ་ཞེས་པ་ནི་སྐྲའི་ཐལ་བའོ། །དེ་བཞིན་དུ་རེག་པ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་དབང་པོས་དྲན་པ་ཙམ་གྱིས་ཐམས་ཅད་བྱེད་ཅེས་པའི་དོན་ཏོ། །ཡེ་ཤེས་ཞེས་པ་ནི་ལྔ་པའོ། །ད་ནི་ཐིག་ལེར་བྱས་པའི་ཡེ་ཤེས་བརྗོད་པའི་ཕྱིར། བྱའི་ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོས་མཚན་མ་དང་ཨིནྟྲ་གོ་བ་དང་། ཤི་ལ་ཞེས་པ་བྲག་ཞུན་དང་བ་ལང་གི་གི་ཝང་དང་ལྡོང་རོས་ཏེ། དེས་ནི་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་དཱུར་ཝ་ཞེས་བྱ་བ་ལ་སོགས་པ་ལ། རི་དགས་ཀྱི་དཱུར་ཝ་ཞེས་པ་ནི་ཀྲྀཥྞ་ས་རང་ཀའི་དཱུར་ཝ་

ཞེས་པའོ། །ཡང་བྱ་བདག་དང་ཨ་བ་ན་ཏ་ཞེས་པ་རྟག་ཏུ་མེ་ཏོག་ཅན་ནོ། །བག་པོ་སར་པ་ཞེས་བྱ་བ་ལ་སོགས་པ་ནི་འདིས་བུ་མོ་བག་མར་བླངས་པའི་དུས་ནས་ཞག་བདུན་གྱི་ནང་དུ་གལ་ཏེ་ཁྱོ་ཤི་བ་དེའི་ཚེ་དེ་ཡང་མེ་ལ་ཤི་བའོ། །དེ་དག་གི་མེ་ཏོག་ཅེས་པ་ནི་འདིར་ཡང་ཇི་སྐད་གསུངས་བཞིན་དུ་

འགྱུར་རོ། །དེ་བཞིན་དུ་བྱི་སྣུ་ཞེས་བྱ་བ་ལ་སོགས་པ་ལ་ཤྲི་ཞེས་བྱ་བ་ལ་སོགས་པ་ལ། ཀྵ་ན་ཞེས་པ་ནི་ཨིནྟྲ་ཀ་ཞེས་པའི་སྨན་ཏོ། །སྭ་ཧ་ཞེས་པ་ནི་ས་ཧ་དེ་བའོ། །ནནྟ་ཀིན་ཞེས་པ་ནི་རྩང་སྤའོ། །ཡང་སྦྲུལ་གྱི་རྒྱལ་པོའོ། །ཨུ་ཀྲ་ཞེས་པ་ནི་དྲག་པོའི་རྩ་བའོ། །ཀུ་ཐ་ཙི་ན་ཞེས་པ་ནི་རྩ་སྟ་རེས་

เล่ม ๖ · หน้า 274b

གཅད་པའོ། །བེའུ་ཞེས་པ་ནི་པུནྟ་ན་ཛ་རིའོ། །ལྟེ་བ་ཞེས་པ་ནི་གླ་རྩིའོ། །དེ་བཞིན་དུ་ཤྲི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དང་ཙནྡན་དམར་པོ་དང་ཤྲི་ཁནྜ་དང་ལྷན་ཅིག་པའོ། །ལྟེ་བ་ཞེས་པ་ནི་གླ་རྩིའོ། །རི་ཤི་སུ་ཏ་ཞེས་པ་ནི་པ་ལ་ཤའི་ས་བོན་ནོ། །བྱི་འུའི་ཁྲག་ཅེས་པ་ནི་བྱིའུ་དམར་

པོའི་ཁྲག་གིས་བསྒོས་ཏེ་ཐིག་ལེར་བྱས་ཞེས་པ་ནི་ངེས་པའོ། །ཛ་ཡནྟི་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་སླའོ། །དེ་ལྟར་ན་ཐིག་ལེའི་ཡེ་ཤེས་དྲུག་གོ། །ད་ནི་རི་ལུ་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་ཞེས་པ་ནི་དེའི་རང་བཞིན་ཉིད་དོ། །དཀྲི་ཞེས་པ་ནི་རི་ལུའོ། །ཉི་མ་

ཞེས་པ་ནི་ཟངས་མའོ། །ཟླ་བ་ཞེས་པ་ནི་དངུལ་ལོ། །མེ་ཞེས་པ་ནི་གསེར་རོ། །དེ་བཞིན་དུ་འདི་རྣམས་ཀྱི་ཚད་གསུངས་པ། ར་ཏི་ཕྱེད་གསུམ་མ་ཤ་གསུམ། །ར་ཏི་ཕྱེད་གསུམ་མ་ཤ་བཞི། །ར་ཏི་བདུན་དང་མ་ཤ་བཞི། །ཉི་མ་ཟླ་བ་སྲེག་བྱེད་ཀྱིས། །ཞེས་སོ། །དེ་བཞིན་དུ་ཡང་ན་ཞེས་བྱ་བ་ལ་

སོགས་པ་ལ་རྡོ་རྗེའི་འོ་མ་ཞེས་པ་ནི་རྡོ་རྗེ་ཤིང་གི་འོ་མས་སོ། །གཞན་ནི་གོ་སླའོ། །པྲི་ཡཾ་ཀུའི་མེ་ཏོག་ཅེས་པ་ནི་ལང་ཚོའི་དང་པོའི་མེ་ཏོག་གོ། །གཉིས་སྐྱེས་ཞེས་པ་ནི་སྙོམས་པར་འཇུག་པ་ལས་བྱུང་བའོ། །འདི་ནི་བདེན་པ་མི་སྣང་བའི་ཡེ་ཤེས་སོ། །སླར་ཡང་གྲུབ་པའི་མིག་སྨན་གྱི་སྦྱོར་བ་བསྟན་པའི་

ཕྱིར། དེ་ནས་མིག་སྨན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ཆེན་ལས་སྐྱེས་ཞེས་པ་ནི་ཤ་ཆེན་པོ་ལས་འབྱུང་བའོ། །ཐོད་པ་གང་བ་ཞེས་པ་ནི་ཆང་གིས་གང་བའི་ཐོད་པའོ། །བྷ་ག་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་བཞིན་ལྷའི་སྦྱོར་བས་བསྒོམ་པར་བྱ་ཞེས་པའོ། །གྲུབ་པའི་

མིག་སྨན་གྱི་ཡེ་ཤེས་ཞེས་པ་ནི་བརྒྱད་པའོ། །ད་ནི་བཅུད་དང་གསེར་གྱི་ཆོ་ག་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་ཞེས་པ་ནི་རི་ལས་སྐྱེས་པའོ། །དེ་བཞིན་དུ་རྒྱ་མཚོ་ལས་སྐྱེས་པ་དང་ཁྲོན་པ་ལས་སྐྱེས་པའོ། །དེ་ལ་སོགས་པ་ནི་མང་པོའི་ཚིག་ཏུ་བརྗོད་པའི་ཕྱིར་རོ། །

སྐྱུར་མོ་ཞེས་པ་ནི་སྟར་བུའི་འབྲས་བུའི་ཁུ་བའོ། །རྡོ་ཚན་ཏེ་ལ་ཞེས་པ་ནི་མེ་ཤེལ་གྱི་རྡོ་བའོ། །ཡང་དང་ཡང་དུ་མཉེས་པས་ནི་བརྟན་པར་འགྱུར་རོ། །ཛཱ་ཏི་ཀ་ཞེས་པ་ནི་དྲག་པོ་རལ་པ་ཅན་གྱི་རྩ་བའོ། །ཆུ་དང་བཅས་ཞེས་པ་ནི་སྨན་རུ་ཏ་ནྟིའོ། །དེ་བཞིན་དུ་འབྲས་ཀྱི་ཆུ་སྐྱུར་མོའོ། །བསྐོལ་

เล่ม ๖ · หน้า 275a

ནས་ལས་གཞན་གསུངས་པ། ལྕགས་ཀྱི་དྲེག་པ་ཞེས་པ་ནི་ལྕགས་ཀྱི་དྲི་མའོ། །ལྷག་མ་ནི་གོ་སླའོ། །དགུ་པ་ཡེ་ཤེས་སོ། །དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཐམས་ཅད་དུ་ནང་གི་རྫས་རྣམས་

ཀྱིས་བྱ་སྟེ། དེས་ན་བཅུད་ཀྱིས་ལེན་པའི་སྒྲུབ་ཐབས་སུ་འགྱུར་རོ། །དེ་ཉིད་ཀྱིས་ན། སྙིང་པོ་ཀུན་ལས་བཏུས་ཏེ་བཤད། །ཅེས་གསུངས་ཏེ། ཕྱིའི་སྨན་ཐམས་ཅད་ནི་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་བེམས་པོའོ། །དེས་ན་ནང་གི་ཁམས་ནི་བེམས་པོ་མ་ཡིན་པ་ཉིད་དོ། །དེ་བཞིན་

དུ་དུས་བཅིངས་པ་ཞེས་པ་ནི་སྡིག་པ་ནས་ཆུ་སྲིན་འཕོ་བ་ལ་ཐུག་པའི་ཟླ་གཉིས་དང་པོར་བྱས་པ་དང་གཞན་ནི་འཆད་བཞིན་པ་ལས་བཤད་པར་བྱའོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །དེས་ན་ཕྱག་རྒྱ་དེས་ནི་ནད་ཐམས་ཅད་རབ་ཏུ་འཇོམས་པའོ། །

དེའི་ཕྱིར་རྫས་རྣམས་བདུད་རྩིའི་དངོས་པོར་འགྱུར་རོ། །དེ་ཡང་བཞི་མཉམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བཞི་མཉམ་ནི་དྲི་ཆེན་ནོ། །གླ་རྩི་ནི་མི་བསྐྱོད་པའོ། །ཙནྡན་དམར་པོ་ཞེས་པ་ནི་མེ་ཏོག་དང་ལྡན་པའི་བུད་མེད་དང་འདུས་པ་ལས་བྱུང་བའི་ཁྲག་དང་ཁུ་བའོ། །ག་པུར་ནི་ལག་པས་

བསྐྱེད་པའི་བྱང་ཆུབ་སེམས་སོ། །ཤ་ལི་ཛ་ད་ནི་མིའི་མར་ཁུའོ། །སི་ལ་ཀམ་ནི་དང་པོའི་མེ་ཏོག་གོ། །ཀུན་ཏུ་རུ་ནི་ལོ་བཅུ་གཉིས་མའི་བུ་མོ་དང་སྙོམས་པར་འཇུག་པ་ལས་བྱུང་བའོ། །ཀཀྐོ་ལ་ནི་ལང་ཚོ་འབའ་ཞིག་ལས་བྱུང་བའི་ཁུ་བའོ། །སྦུ་གུའི་མར་ནི་ལང་ཚོ་མ་རྣམས་ཀྱིས་རྟག་ཏུ་བརླན་པའི་

སྣུམ་མོ། །དེ་བཞིན་དུ་ཕྱིའི་རྫས་བཅུ་རྣམས་ཀྱང་བསྡུ་བར་བྱའོ། །དང་ཞེས་པ་ནི་ངེས་པར་ཞེས་པའི་དོན་ཏོ། །དེ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དཔྱིད་ཀའི་དུས་སུ་ནི་བཞི་མཉམ་དང་ཙནྡན་དམར་པོའི་བཅུད་ལེན་བླང་ངོ་། །ཡང་ན་ཕྱི་དང་ནང་གཉིས་ཀ་བཟའ་བར་བྱའོ། །དེ་ཡང་ཐོ་རངས་

བཟའ་བར་བྱ་བའམ་བླང་བར་བྱའོ། །དེ་བཞིན་དུ་སོ་ག་ཉིན་ཕྱེད་ན་ཤ་ལི་ཛ་ད་དང་ཀཀྐོ་ལའོ། །དེ་བཞིན་དུ་དབྱར་དགོངས་མོ་ནི་གླ་རྩི་དང་སི་ལའོ། །དེ་བཞིན་དུ་སྟོན་སྲོད་ལ་ནི་སྦུ་གུའི་མར་རོ། །དགུན་སྟོད་མཚན་ཕྱེད་ལ་ནི་ཀུན་ཏུ་རུའོ། །དགུན་སྨད་ཐོ་རངས་ན་ནི་ག་པུར་བཟའོ། །དེ་ཡང་

เล่ม ๖ · หน้า 275b

སྔོན་བཞིན་དུ་བྱའོ། །འདི་རྣམས་ཀྱི་ནང་དུ་རང་རང་གི་དུས་རྣམས་ལ་རྫས་བཞི་འདུས་པ་དང་ལྷན་ཅིག་བཟའ་བར་བྱའོ། །དེ་ཡང་དངུལ་ཆུ་ཞེས་བྱ་བ་ལ་སོགས་པའོ། །འོན་ཀྱང་དངུལ་ཆུ་སྔོན་དུ་གསུངས་པའི་ཚོགས་བཅིངས་པའོ། །མུ་ཟི་ཞེས་པ་ནི་མུ་ཟི་མར་ཁུའོ། །བྲག་ལས་འཛག་ཅེས་

པ་ནི་བྲག་ཞུན་ནོ། །མར་དང་ཞེས་པ་ནི་འཕྲལ་དུ་བསྐོལ་བའི་མར་གྱིས་ཏེ། སླར་ཞེས་པ་ནི་མཉེས་པའོ། །ལས་རྣམས་ཀུན་ཞེས་པ་ནི་རྫས་ཐམས་ཅད་ལ་འདི་བཞི་པ་སྦྱར་ཞེས་འབྲེལ་ཏོ། །རྣམ་པ་དགུ་ཞེས་པ་ནི་སྔོན་དུ་གསུངས་པའི་བཞི་མཉམ་ལ་སོགས་པའི་རྫས་རྣམས་ཏེ། དེ་དང་

རྫས་བཞི་ལྷན་ཅིག་བཟའ་བར་བྱའོ། །དེ་ལྟར་རིམ་པ་དང་རིམ་པར་བྱ་བའི་དོན་ཏོ། །སླར་ཡང་རྫས་བཅུ་བཞི་པོ་དེ་རྣམས་བཟའ་བའོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་ཁུ་བ་ལ་སོགས་པ་ཟོས་པའི་ཕྱིར་རོ། །དངུལ་གྱི་ལས་སུ་འགྱུར་རོ། །ཁྲག་ལ་སོགས་པ་ནི་གསེར་ལ་སོགས་པར་

འགྱུར་ཏེ་ངེས་པའོ། །ཇི་ལྟར་ཞེ་ན། འདིར་ལོ་གཅིག་ཏུ་རྫས་བཅུ་བཞི་པོ་བསགས་པར་བྱ་སྟེ། ཐམས་ཅད་གཅིག་ཏུ་བྱས་ཏེ་བཟའ་བར་བྱའོ། །དེས་ན་ཉི་མ་བདུན་གསུམ་གྱིས་ཞེས་པ་ནི་ཞག་ཉི་ཤུ་རྩ་གཅིག་ཏུ་ཟོས་པས་སོ། །གྲུབ་ཅེས་པ་ནི་ཇི་སྐད་གསུངས་བཞིན་དུ་བྱེད་པའོ། །དེ་

བཞིན་དུ་མར་ཁུའི་ཆོ་ག་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མ་ཏྲི་ཞེས་པ་ནི་མ་དུ་ལུང་གའི་འབྲས་བུ་རྣམས་སོ། །བཞི་གཉིས་ཞེས་པ་ན་བརྒྱད་དོ། །མིང་བདག་བྲམ་ཞེས་པ་ནི་བུང་བའི་རྒྱལ་པོའི་རྩའོ། །མིའི་ས་བོན་ཞེས་པ་ནི་བུང་བའི་རྒྱལ་པོའི་ས་བོན་ནོ། །དེ་བཞིན་

དུ་སྐུ་བྱུག་པའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་ཅེས་པ་ནི་གང་དུ་བསྟན་པའི་མར་ཁུ་ཉིད་དོ། །ཁྲག་འཕྲོག་ཅེས་པ་ནི་ཁྲག་འཕྲོག་པར་བྱེད་པའོ། །དྲི་ཌ་ཞེས་པ་ནི་གྲགས་པར་ཟད་དོ། །པྲ་རོ་ཧ་ཞེས་པ་ནི་ཙིན་ད་རོ་ཧའོ། །སྔོན་ཞེས་པ་ནི་སྐོལ་བ་

ལ་སོགས་པ་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མར་ཁུ་དེ་ལ་ལས་གཞན་བྱ་བ་གསུངས་ཏེ། ཤ་མ་ནས་ག་པ་ལའི་མཐར་ཐུག་པའི་སྨན་ཉི་ཤུ་རྩ་གསུམ་མར་ཁུ་དང་ལྷན་ཅིག་པས་ནི་ཐམས་ཅད་ཅེས་པ་ལ་སོགས་པ་བྱེད་དོ། །དེ་བཞིན་དུ་ཡན་ལག་དྲུག་གི་སྤོས་གསུངས་ཏེ། ཙནྡན་

เล่ม ๖ · หน้า 276a

ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་གཡན་པ་ཞེས་བྱ་བ་ལ་སོགས་པ་ནི་ནད་ཐམས་ཅད་འཇོམས་པའི་དོན་ཏོ། །དེ་བཞིན་དུ་ནད་སྣ་ཚོགས་པ་འཇོམས་པའི་ཆོ་ག་བརྗོད་པའི་ཕྱིར། ཡུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུང་བ་ཞེས་པ་ནི་ཡུང་བ་ནག་

པོའོ། །ཙོ་ར་ཞེས་པ་ནི་ཙོ་ར་པ་ཏྲའོ། །ཀིང་སུ་ཞེས་པ་ནི་ཀིང་སུ་ཀའོ། །བཅས་ཞེས་པ་ནི་སྐྱེ་ཚེ་དང་ཧ་ས་དེ་བ་གཟུང་ངོ་། །དེ་ལྟར་ནད་ཐམས་ཅད་འཇོམས་པ་དེ་ལ་དེ་སྐད་ཅེས་བྱའོ། །བ་ཀུ་ཙི་ཞེས་པ་ནི་ཤུ་དག་གོ། །སླར་ལ་ཡང་བེའུ་སྣབས་ལ་སོགས་པའི་ནད་རྣམས་འཇོམས་པར་

བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གླ་རྩི་ཞེས་པ་ནི་དྲི་ཆུའོ། །ལྷག་མ་ནི་གོ་སླའོ། །འོན་ཀྱང་སྨན་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པས་ནད་ཀྱི་བདག་ཉིད་ཀྱིས་བྱའོ། །དེ་བཞིན་དུ་སྟོང་པ་ཞེས་པ་ནི་གནས་ཀྱི་བྱེ་བྲག་སྟེ། སྙིང་གི་ནམ་མཁར་ཞུགས་པའོ། །བྲག་

ཅེས་པ་ནི་རྒལ་ཚིགས་ལ་བསྟན་པའི་གང་རྩ་དེ་རྣམས་ལ་རྒྱུ་བའི་སྨན་ལ་སོགས་པའི་སྦྱོར་བ་བསྟེན་པའོ། །སོགས་པའི་སྒྲས་ནི་དབེན་པའི་གནས་སྣ་ཚོགས་པ་རྣམས་རྒྱུ་བའི་མཚམས་རྣམས་སུ་ཤེས་པར་བྱའོ། །གཞན་ནི་ཞེས་པ་ནི་ཕྱིའི་སྦྱོར་བ་ལ་སོགས་པ་ལ་བརྟེན་པ་དེ་ནི་དོན་མེད་ཅེས་སྦྱར་

ཏེ། །ནང་གི་བདག་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ལ་ཡང་གཉིས་ཀས་འགྲུབ་པའི་དོན་ཏོ། །དེ་བཞིན་དུ་དབེན་པ་ཞེས་བྱ་བ་ལ་སོགས་པ་ལ་དབེན་པ་ནི་ཡིད་ཀྱི་གནས་སུའོ། །ནགས་ཚལ་ལུས་ཀྱི་སའོ། །དགོན་པ་ཞེས་པ་ནི་ངག་གི་གནས་སོ། །བྲག་ཕུག་ཅེས་པ་ནི་ལུས་ཀྱི་ཁམས་རྣམས་

སོ། །དེར་གནས་ནས་བསྒོམ་པར་བྱ་ཞེས་པ་ནི་རབ་ཏུ་བྱེད་པ་འདིའི་དང་། དང་པོའི་ལས་ཚོགས་ཀྱིས་རྫས་རྣམས་བརྩམས་ཏེ། ཇི་སྲིད་རྫས་ཡོངས་སུ་རྫོགས་པའི་དེ་སྲིད་རང་གི་སེམས་ལས་ཉིན་མཚན་དུ་འབྱུང་བར་དགོངས་སོ། །དེ་བཞིན་དུ་བཅིངས་པ་ཞེས་བྱ་བ་ལ་སོགས་པ་འདིར་དགོངས་

བཤད་གཞན་གྱི་བཅིངས་པའི་སྒྲ་ནི་སྤྱི་རུ་ཁ་ཅིག་ཏུ་མ་དྷུ་ཀ་ལ་སོགས་པའི་ཤིང་དག་ལ་གལ་ཏེ་གཙོར་མ་དྷུ་ཀར་གྱུར་པ་དེའི་ཚེ་ད་ལ་མ་ཤ་ཏ་ལ་སོགས་པ་གཞན་གྱི་ཡལ་ག་སྐྱེ་བར་མཐོང་བ་དེའི་ཕྱིར་བཅིངས་པའི་ཤིང་ངོ་། །དུས་ཀྱི་སྒྲ་ཡང་རྣམ་པ་གཉིས་སོ། །དེ་བཞིན་དུ་ལུས་ཀྱི་ཤིང་ལ་ཡང་

เล่ม ๖ · หน้า 276b

དུས་སྣ་ཚོགས་ཀྱི་དབང་གིས་ལྕུག་མའོ། །གཞན་སྨན་ནི་བག་ཆགས་སྣ་ཚོགས་པའི་དབང་གིས་དཀར་པོའི་ཆོས་རྣམས་འབྱུང་བའོ་ཞེས་པ་སྟེ་ངེས་པའོ། །དེས་གང་གིས་མི་ཤེས་པ་དེ་ནི་རྣལ་འབྱོར་པ་ཉིད་འདོད་ཅེས་པ་ལ་སོགས་པ་དེ་ལ་དེ་ལྟར་བརྗོད་དོ། །དེ་ལྟར་བཅོམ་ལྡན་འདས་ནི་ཡ་

མཚན་ཅན་གྱི་གཟུགས་སོ། །དེ་ལྟར་ཡང་གསུངས་པ། གང་ཚེ་སྨན་གྱི་ལམ་རྣམས་ལ། །གང་ཚེ་སྨན་དུ་ཡང་འགྱུར་བ། །ལས་བྱེད་པ་ཡིས་ཡང་ནི་དེར། །སུ་ཡང་རུང་བ་ལས་ནི་བྱེད། །དངོས་པོ་ཀུན་གྱི་རྣམ་རྟོག་ནི། །སྙིང་གི་ནམ་མཁའ་ལས་ནི་སྤྲོས། །སྒྱུ་མ་བདེན་པ་འདི་གསལ་

བ། །ཉན་ཐོས་ལ་སོགས་ཀྱིས་མི་ཤེས། །ཐར་པའི་དོན་དུ་སེམས་ཀྱིས་ནི། །རྨོངས་པ་དེ་རྣམས་འཁོར་བར་སྤྱོད། །དེ་རྣམས་ལ་ནི་ཐར་པ་རིང་། །སྒྱུ་མའི་དཔེ་ནི་སྤངས་པ་ཉིད། །ལྷག་མ་ཡང་ནི་གོ་སླའོ། །དེ་ལྟར་ཐམས་ཅད་ཅེས་པ་ནི་ཡེ་ཤེས་བཅུ་རྣམས་ཏེ། སྲོག་ལ་སོགས་

པའི་རླུང་རྒྱུ་བ་ལས་འབྱུང་བ་ཡེ་ཤེས་དང་ཤེས་བྱའི་མཚན་ཉིད་དོ། །དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བ་ལས། ཚོགས་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དོ། །གཞན་ནི་མ་ཡིན་ཞེས་དགོངས་སོ། །ཚེའི་རིག་བྱེད་ཅེས་པ་ནི་དེ་རྣམས་ཀྱི་འཆི་བར་བྱེད་

པ་ལོ་བརྒྱ་ཕྲག་གཅིག་དང་གསུམ་ལ་སོགས་པ་ལ་རང་རང་གི་དུས་དང་བག་ཆགས་ཀྱིས་སྐད་ཅིག་ལས་གསུངས་སོ། །འོན་ཀྱང་སངས་རྒྱས་ཉིད་ནི་ཐོག་མ་དང་ཐ་མ་སྤངས་པ་སྟེ་ཀུན་གཞི་ལ་སོགས་པས་སངས་རྒྱས་རྒྱུད་མེད་པའི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་ཐིག་ལེའི་

རྒྱུད་ཀྱི་རྒྱལ་པོ་རྟོག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོ་ལས། སྣ་ཚོགས་ཀྱི་སྒྲུབ་ཐབས་ཀྱི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་དང་པོའོ།། །།ད་ནི་གསུངས་པའི་ལས་རྣམས་ལ་ཞི་བ་ལ་སོགས་པ་རྣམས་ཀྱི་སྦྱིན་སྲེག་ལ་སོགས་པའི་ཆོ་ག་བསྟན་

པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟླས་པ་ཞེས་པ་ནི་ཚད་མ་ཇི་ལྟ་བུ་ལ་སོགས་པའི་སྒྲས་ནི་སྦྱིན་སྲེག་གི་རྫས་ལ་སོགས་པ་བསྡུའོ། །ཅི་འདྲ་ཞེས་བྱ་བ་ནི་རང་བཞིན་ཇི་ལྟ་བུ་ཞེས་པའི་དོན་ཏོ། །ཁ་ཁྱེར་ཞེས་པ་ནི་ཐབ་ཁུང་གི་ཕྱི་རོལ་དུ་མུ་རན་གྱིས་བསྐོར་

เล่ม ๖ · หน้า 277a

བའོ། །དམ་ཚིག་ཆེན་པོ་ཞེས་པ་ནི་མིའི་མར་ཁུ་དང་མཆེ་བ་ཅན་གྱི་ཤ་དང་ལྷན་ཅིག་ཏུ་བྱས་ལ་དེ་སྐད་ཅེས་བྱའོ། །ལྕེའི་དྲི་མ་ཞེས་པ་ནི་ལྕེ་བཞར་བའི་དྲི་མའོ། །གྲོང་གི་ཕྱི་རོལ་དུ་ཞེས་པ་ནི་གྲོང་ཁྱེར་གྱི་ཕྱི་རོལ་དུ་བྱ་བ་སྟེ། དམ་ཚིག་ཉམས་ན་མི་འགྲུབ་པའི་དོན་ཏོ། །དེ་དག་

ཐམས་ཅད་ནི་གསལ་པའི་ཕྱིར་གོ་སླ་བས་བདག་གིས་མ་བཤད་དོ། །འདིར་ཚིགས་སུ་བཅད་པ་གསུངས་པ། ཞི་ལ་སོགས་པའི་ལས་ནི་གང་། །གཡོན་དང་གཡས་ཀྱི་རྒྱུ་བ་ཡི། །དཀྱིལ་འཁོར་བཅུ་ཡི་གྲངས་ཉིད་ལས། །རྣལ་འབྱོར་པ་ཡིས་རྟག་ཏུ་བྱ། །ཡེ་ཤེས་ཀྱིས་ནི་དཀྱིལ་

འཁོར་ཉིད། །གཡོན་དང་གཡས་ཀྱི་དཀྱིལ་འཁོར་ནས། །འདི་ནི་གྲངས་ནི་གཉིས་ཞེས་བྱ། །གཉིས་ཀ་ཡང་ནི་བཅུ་གཉིས་ཉིད། །ལས་ཆེན་བཅུ་གཉིས་པོ་འདི་རྣམས། །ལྟེ་སོགས་ཐབ་ཁུང་དུ་ནི་བྱ། །གཏུམ་མོ་འབར་བའི་མེ་ལ་ནི། །ཁམས་ནི་སྔོན་འགྲོ་བསྲེག་པར་བྱ། །

ཞེས་པ་ནི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་བདུན་པའི་རབ་ཏུ་བྱེད་པ་གཉིས་པའི་སྦྱིན་སྲེག་གི་ཐབ་ཁུང་ལ་སོགས་པའི་ཆོ་གའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་གཉིས་པ་བསྟན་པའོ།། །།ད་ནི་ལས་འདི་

རྣམས་བྱ་བའི་ཕྱིར་སྔགས་གསུངས་ཏེ། དེ་ཡང་སྔགས་བཏུ་བའི་མཚན་ཉིད་བརྗོད་པའི་ཕྱིར། ལྷ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཞེས་པ་ནི་དེ་ལྟར་སྔོན་དུ་གསུངས་པའི་ལས་ལ་སྔགས་བཏུ་བ་བསྟན་པའི་ཕྱིར་བདག་མེད་མ་ལ་བོས་པའོ། །ཨ་ལ་སོགས་པ་ཞེས་པ་ནི་

ཨ་ལ་སོགས་པའི་སྡེ་ཚན་བརྒྱད་དོ། །དེ་བཞིན་དུ་དང་པོའི་གཉིས་པ་ཞེས་པ་ནི་ཨའོ། །སྟོང་པ་ཞེས་པ་ནི་ཐིག་ལེའོ། །སྟོང་པ་ཡིས་ནི་ཡང་དག་མནན། །ཞེས་པ་ནི་ཐིག་ལེ་གཉིས་པའོ། །དེས་དེ་མནན་པ་ནི་ཚེག་དྲག་པོ་གཉིས་སོ། །དེ་ལྟར་བསྡུས་ན། ཨཱཿཞེས་སོ། །གསུམ་པ་

ནི་བཅོ་ལྔའོ་ཞེས་པ་ནི་ཨཱི་ཞེས་པའོ། །དེ་ལ་ཟླ་བ་དང་ནི་ཐིག་ལེ་ཞེས་པ་ནི་ཟླ་བ་ཕྱེད་པ་དང་། སྟེང་དུ་ཐིག་ལེ་དགོད་པའོ། །བསྡུས་ན་ཨཱཾ་ཞེས་འགྱུར་རོ། །དེ་ནས་བྱང་ཆུབ་ས་བོན་ཞེས་པ་ནི་ཧའོ། །བཅོ་ལྔ་ཞེས་པ་ནི་རྗེས་དབྱངས་དང་ལྷན་ཅིག་པའོ། །བསྡུས་ན་ཧཾ་ཞེས་སུ་འགྱུར་རོ། །དེ་ལྟར་

เล่ม ๖ · หน้า 277b

ཐམས་ཅད་བསྡུས་ན་ཨོཾ་ཨཱཿཨཱཾ་ཧཾ་སྭཱ་ཧཱ་ཞེས་པའི་སྔགས་སུ་འགྱུར་རོ། །དེ་བཞིན་དུ། བདུན་པ་ཡི་ནི་གཉིས་པ་ལ། །ཞེས་པ་ནའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ནི་ཨུས་བརྒྱན་པའོ། །དེ་བཞིན་དུ། ལན་གཉིས་སུ་ནི་བཟླས་པར་བྱ། །ཞེས་པ་ནི་རུ་རུ་ཞེས་འགྱུར་བའོ། །དྲོ་བ་ཡི་ནི་གསུམ་

པ་ཞེས་པ་ནི་སའོ། །དྲུག་པའི་གཉིས་པ་ཞེས་པ་ནི་ཕ་གདན་དུ་བྱས་པའོ། །དེ་ཡང་། དབྱངས་ཡིག་ལྔ་པ་དང་ནི་སྦྱར། །ཞེས་པ་ཨ་དང་སྦྱར་བའོ། །དེ་ལྟར་བསྡུས་ན་སུ་ཞེས་འགྱུར་རོ། །མཐར་གནས་པའི་ཞེས་པ་ནི་མཐར་གནས་པའི་གཉིས་པའོ། །དབྱངས་ཡིག་ལྔ་པ་སྟན་དུ་ཞེས་པ་

ནི་ཨུ་དང་ལྷན་ཅིག་ཏུ་ཞེས་པར་འགྱུར་རོ། །གསུམ་པ་ནི་གསུམ་པ་ལ་ཞེས་པ་ནི་ཛའོ། །ཉི་ཤུ་རྩ་དགུ་པ་ཞེས་པ་ནི་ཝའོ། །དེའི་སྟན་དང་ལྷན་ཅིག་ཛྭ་ཞེས་སུ་འགྱུར་རོ། །བདུན་པ་ཡི་ནི་གསུམ་པ་ཞེས་པ་ལའོ། །ལྔ་པའི་དང་པོ་ཞེས་པ་ཏའོ། །དབྱངས་ཡིག་གསུམ་པ་ནི་ཨི་སྟེ་བསྡུས་པ་ནི་

ཏི་ཞེས་པ་འགྱུར་རོ། །བརྒྱད་པའི་གཉིས་པ་ཞེས་པ་ནི་ཤའོ། །བཅུ་གཉིས་པ་ཡིས་སྟན་དུ་བྱ། །ཞེས་པ་ནི་ཐའོ། །དེས་ན་ཥྛ་ཞེས་འགྱུར་རོ། །སུམ་ཅུ་རྩ་གཉིས་པ་གཟུང་བྱ། །ཞེས་པ་ནི་སའོ། །གཽ་རཱི་ཞེས་པ་ནི་ཨིའོ། །དེ་ལྟར་སི་ཞེས་འགྱུར་རོ། །ལྔ་པ་ཡི་ནི་གསུམ་པ་ཞེས་པ་ནི་

དའོ། །དེ་བཞི་པའི་འོག་ཏུ་སྦྱིན་ཞེས་པ་ནི་ཧ་འོག་ཏུ་སྦྱིན་པའོ། །གཉིས་ཀ་སྦྱོར་བས་དྷ་ཞེས་འགྱུར་རོ། །མཐར་གནས་པའི་གསུམ་པ་ཞེས་པ་ནི་ལའོ། །གྷསྨ་རཱི་ཡིས་སྟེང་དུ་བརྒྱན། །ཞེས་པ་ནི་ཨོའོ། །དེ་ལྟར་ལོ་ཞེས་འགྱུར་རོ། །གསུམ་པ་ཡི་ནི་དང་པོ་ཞེས་པ་ནི་ཙའོ། །ལྔ་པ་ཡི་ནི་

ལྔ་པ་ཞེས་པ་ནི་ནའོ། །ཙཽ་རཱི་མཆོག་ཏུ་ཕན་པར་བྱེད། །ཅེས་པ་ནི་ཨེ་དང་ལྷན་ཅིག་པར་བྱའོ། །དེས་ན་ནི་ཞེས་འགྱུར་རོ། །དེ་ལྟར་བསྡུས་ན་ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སྭཱ་ཧཱ་ཞེས་སོ། །དེ་ལྟར་སངས་རྒྱས་ཀུན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་རྟོགས་པ་རྣམས་ནི་སངས་རྒྱས་ཀྱི་མིང་

དུ་འགྱུར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་ཞི་བར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་དོ། །དེ་བཞིན་དུ་ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པ་བསྐུལ་བའི་སྔགས་འདི་ནི་ཁ་སྦྱོར་རོ། །སླར་ཡང་གཉིས་པ་ཡི་ནི་བཞི་པ་ཞེས་པ་ནི་གྷའོ། །

เล่ม ๖ · หน้า 278a

ཆུ་མ་ཡིས་ནི་བརྒྱན་ཞེས་པ་ཨིའོ། །གཉིས་ཀ་བསྡུས་ན་གྷི་ཞེས་འགྱུར་རོ། །གོང་གི་སྔགས་དང་འདི་སྤེལ་ཏེ་བཟླས་སོ། །ཡང་ན་ཐ་དད་པའི་རིམ་པས་ཨོཾ་གྷི་སྭཱ་ཧཱ་ཞེས་བཟླས་ཏེ་སྙིང་པོའོ། །དེ་བཞིན་དུ་དྲོ་བ་ཡི་དང་པོ་ས་བོན་ཞེས་པ་ནི་ཤའོ། །མཁའ་སྤྱོད་མ་

ཡིས་སྟེང་དུ་བརྒྱན། །ཞེས་པ་ནི་རྗེས་དབྱངས་སོ། །དེས་ན་གཉིས་ཀ་ཤཾ་ཞེས་འགྱུར་རོ། །གཉིས་པ་ཡི་ནི་དང་པོ་ཞེས་པ་ནི་ཀའོ། །བདུན་པ་ཡི་ནི་གཉིས་པ་ཞེས་པ་ནི་རའོ། །དེ་བཞིན་དུ་ཙཽ་རཱི་སྦྱར་བར་བྱ་ཞེས་པ་ནི་ཨེའོ། །དེས་ན་གཉིས་ཀར་རེ་ཞེས་འགྱུར། །དེ་བཞིན་དུ་བརྒྱད་པ་ཡི་ནི་

དང་པོ་ཞེས་པ་ནི་ཤའོ། །རྡོ་རྗེ་མ་ནི་མཆོག་ཏུ་ཕན། །ཞེས་པ་ནི་ཨཱ་དང་སྦྱར་བའོ། །གཉིས་ཀ་ཤཱ་ཞེས་འགྱུར་རོ། །ཡི་གེ་ཉི་ཤུ་པ་ཞེས་པ་ནི་ནའོ། །ལྔ་པ་ཡི་ནི་སྟན་དུ་བྱས། །ཞེས་པ་ནི་ཏའོ། །དེ་བཞིན་དུ་གཽ་རཱི་ཡིས་ནི་བརྒྱན་ཞེས་པ་ནི་ཨིའོ། །བསྡུས་ན་ཏི་ཞེས་འགྱུར་རོ། །

གཉིས་པ་ཡི་ནི་དང་པོ་ཞེས་པ་ནི་ཀའོ། །ཉི་ཤུ་བདུན་པ་ཞེས་པ་ནི་རའོ། །དེ་ལ་ཙཽ་རཱི་ཞེས་པ་ནི་ཨེ་དང་ལྷན་ཅིག་གཉིས་ཀ་རེ་ཞེས་འགྱུར་རོ། །གཉིས་པ་ཡི་ནི་བཞི་ཞེས་པ་ནི་གྷའོ། །རྡོ་རྗེ་མཁའ་འགྲོ་མ་སྟན་བྱ་ཞེས་པ་ནི་ཨུའོ། །དེ་གཉིས་ཀ་གྷུ་ཞེས་འགྱུར་རོ། །གསུམ་པ་ཡི་ནི་དང་

པོ་ཞེས་པ་ནི་ཙའོ། །ལན་གཉིས་བཟླས་ཞེས་པ་ནི་གྷུ་ཙ་ཞེས་པའི་སྔགས་ཀྱི་ཚིག་ལན་གཉིས་སུ་བཟླས་ཞེས་པའི་དོན་ཏོ། །དེ་བཞིན་དུ་གཉིས་པ་ཡི་ནི་བཞི་པ་ཞེས་པ་ནི་གྷའོ། །རྡོ་རྗེ་མཁའ་འགྲོ་མ་དང་སྦྱར། །ཞེས་པ་ནི་ཨུ་དང་ལྷན་ཅིག་གྷུ་ཞེས་འགྱུར་རོ། །ཡི་གེ་བཅུ་གཅིག་ཅེས་

པ་ནི་ཊའོ། །དབྱངས་ཡིག་གསུམ་པས་ཕྱེ་བ་ཞེས་པ་ནི་ཨིའོ། །དེས་ནི་ཊི་ཞེས་འགྱུར་རོ། །ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ། །དེ་ལ་གཽ་རཱི་སྦྱར་བར་བྱ་ཞེས་པ་ནི་ཨིའོ། །དེས་ན་གཉིས་ཀ་ནི་ཞེས་འགྱུར་རོ། །གཉིས་པ་ཡི་ནི་བཞི་པ་ཞེས་པ་ནི་གྷའོ། །རྡོ་རྗེ་མ་ཡིས་མཆོག་ཏུ་བརྒྱན། །

ཞེས་པ་ནི་ཨཱའོ། །དེས་ན་གཉིས་ཀ་གྷཱ་ཞེས་འགྱུར་རོ། །དེ་ནས་བཅུ་དྲུག་པ་ཞེས་པ་ནི་ཏའོ། །ཉི་ཤུ་རྩ་དྲུག་ཅེས་པ་ནི་ཡའོ། །ལན་གཉིས་བཟླས་ཞེས་པ་ནི་དེ་ལྟ་གྷཱ་ཏ་ཡ་ཞེས་པ་ནི་སྔགས་ཀྱི་ཚིག་ལེན་གཉིས་སུ་བཟླས་པར་འགྱུར། དེ་བཞིན་དུ་གཉིས་པ་ཡི་ནི་བཞི་པ་ཞེས་པ་གྷཱའོ། །

เล่ม ๖ · หน้า 278b

དབྱངས་ཡིག་ལྔ་པས་བརྒྱན་པར་བྱ། །ཞེས་པ་ནི་ཨུ་སྟེ། གཉིས་ཀ་གྷུ་ཞེས་འགྱུར་རོ། །བཞི་པའི་དང་པོ་གང་ཡིན་པ་ནི་ཊའོ། །གཽ་རཱི་དང་ནི་ཡང་དག་ལྡན། །ཞེས་པ་ནི་ཨི་སྟེ་དེས་ནི་ཊི་ཞེས་འགྱུར་རོ། །ལྔ་པའི་ལྔ་པ་ཞེས་པ་ནི་ནའོ། །དེ་ལ་གཽ་རཱི་སྦྱར་བར་བྱའོ། །བསྡུས་ན་ནི་ཞེས་

འགྱུར་རོ། །དེ་ལྟར་བསྡུས་ན་སྔགས་ཨོཾ་ཤི་ཀ་རི་ཤཱནྟི་ཀ་རེ་གྷུ་ཙ་གྷུ་ཙ་གྷུ་ཊི་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུ་ཊི་ནི་སྭཱ་ཧཱ་ཞེས་པའོ། །རྡོ་རྗེ་སྲུང་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྲུང་བའི་སྦྱོར་བས་ཞེས་པ་ནི་བསྒོམས་པའི་དུས་སུ་ཁྲོ་བོའི་རྡོ་རྗེ་སྤྲོ་བར་བྱ་ཞིང་། རྡོ་རྗེ་དྲག་པོ་ལ་སོགས་པ་ཡང་བསྒོམ་པར་

བྱའོ། །དེའི་སྟོབས་བྱེད་པའི་སྔགས་གསུངས་པ། ཨོཾ་ཛྭ་ལ་ཞེས་བྱ་བ་ལ་སོགས་པ་ནི་འདི་ནི་ཁ་སྦྱོར་གྱི་སྔགས་ཏེ། དེ་དེ་བཞིན་དུ་སྲུང་བ་བྱེད་པའི་དོན་ཏོ། །དེ་བཞིན་དུ་རྒྱས་པའི་སྔགས་གསུངས་པ། གཉིས་པ་ཡི་ནི་དང་པོ་ཉིད། །ཅེས་པ་ནི་ཀའོ། །བཞི་པའི་དང་པོ་ཞེས་པ་ནི་ཊའོ། །

གཽ་རཱི་ཡིས་ནི་བརྒྱན་པར་འདོད། །ཅེས་པ་ནི་ཨེས་སོ། །དེས་ན་ཊེ་ཞེས་འགྱུར་རོ། །བདུན་པ་ཡི་ནི་བཞི་པ་ནི་ཝའོ། །སྟེང་དུ་གཽ་རཱིས་བརྒྱན་ཞེས་པ་ནི་ཨིས་ཏེ། དེས་ན་ཝི་ཞེས་འགྱུར་རོ། །གཉིས་པའི་དང་པོ་ཞེས་པ་ནི་ཀའོ། །དེ་ནས་བཅུ་གཅིག་པ་ཞེས་པ་ནི་ཊའོ། །ཙཽ་རཱི་ཡིས་ནི་སྤྱི་

བོར་བརྒྱན། །ཞེས་པ་ནི་ཨེས་སོ། །དེས་ན་གཉིས་ཀ་ཊེ་ཞེས་འགྱུར་རོ། །ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ། །དབྱངས་ཡིག་གསུམ་པ་ཞེས་པ་ནི་ཨིའོ། །དེས་ན་ནི་ཞེས་འགྱུར་རོ། །གཉིས་པའི་དང་པོ་ཞེས་པ་ནི་ཀའོ། །བཞི་པ་ཡི་ནི་དང་པོ་གང་ཡིན་པ་ཞེས་པ་ནི་ཊའོ། །ཙཽ་རཱི་ཡིས་ནི་

ཁྱད་པར་བྱས། །ཞེས་པ་ནི་ཨེའོ། །དེས་ན་ཊེ་ཞེས་འགྱུར་རོ། །གཉིས་པའི་དང་པོ་ཞེས་པ་ནི་ཀའོ། །བཞི་པའི་དང་པོ་ཞེས་པ་ནི་ཊའོ། །མཁའ་སྤྱོད་མ་ཡིས་སྤྱི་བོར་བརྒྱན། །ཞེས་པ་ནི་ཨཾ་གིས་རྗེས་དབྱངས་སུ་སྦྱིན་ཞེས་པའོ། །དེས་ན་གཉིས་ཀ་ཊཾ་ཞེས་འགྱུར་རོ། །གཉིས་པའི་

དང་པོ་ཞེས་པ་ནི་ཀའོ། །བཅུ་གཅིག་ཅེས་པ་ནི་ཊའོ། །ཙཽ་རཱིར་ཡང་དག་ལྡན་ཞེས་པ་ནི་ཨེའོ། །དེས་ན་ཊེ་ཞེས་འགྱུར། དེ་ལྟར་བསྡུས་ན་སྔགས་ནི་ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱ་ཧཱ་ཞེས་པའོ། །དེ་ལྟར་རྟག་ཏུ་སྟོབས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་ཁ་སྦྱོར་གྱི་སྔགས་

เล่ม ๖ · หน้า 279a

ནི་ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཁམས་གསུམ་པའི་དབང་དུ་བྱེད་པའི་སྔགས་གསུངས་པ། དེ་ནས་བཅུ་དྲུག་པའི་བཟུང་བ་བྱ་ཞེས་པ་ནི་ཏའོ། །རྡོ་རྗེ་མ་ཡིས་མཆོག་ཏུ་མཛེས། །ཞེས་པ་ནི་ཨ་སྦྱིན་པའི་ཕྱིར་གཉིས་ཀ་ཏ་ཞེས་འགྱུར་རོ། །མཐར་གནས་

པའི་གཉིས་པ་དེ་ཉིད་ཅེས་པ་ནི་རའོ། །ཙཽ་རཱི་སྦྱར་བར་བྱ་ཞེས་པ་ནི་ཨེ་དང་ལྷན་ཅིག་རེ་ཞེས་འགྱུར་རོ། །དེ་ནས་ལྔ་པ་ཞེས་པ་ནི་ཏའོ། །མཁའ་འགྲོ་མ་ཡིས་རྒྱས་པར་འདོད། །ཅེས་པ་ནི་ཨུ་སྦྱར་བས་ཏུ་ཞེས་འགྱུར་རོ། །དེས་ན་བཅུ་པ་བཟུང་ནས་ཞེས་པ་ནི་ཏའོ། །ལྔ་པའི་དང་པོ་སྟན་དུ་

བྱ་ཞེས་པ་ནི་དེ་ལ་ཏ་སྦྱིན་པའོ། །དེས་ན་གཉིས་ཀ་ཏྟ་ཞེས་འགྱུར། །རྡོ་རྗེ་མ་ནི་དེ་ལ་སྦྱར། །ཞེས་པ་ནི་ཏ་བརྩེགས་མ་དེ་ལ་ཨ་སྦྱར་བའོ། །དེས་ན་ཏྟཱ་ཞེས་འགྱུར་རོ། །ཡི་གེ་ཉི་ཤུ་རྩ་བདུན་གཟུང་ཞེས་པ་ནི་རའོ། །ཙཽ་རཱི་དང་ནི་ལྡན་པར་བྱ། །ཞེས་པ་ནི་ཨེ་དང་ལྷན་ཅིག་རེ་ཞེས་འགྱུར་རོ། །

ལྔ་པའི་དང་པོ་གང་ཡིན་པ་ཞེས་པ་ནི་ཏའོ། །རྡོ་རྗེ་མཁའ་འགྲོ་འོག་ཏུ་སྦྱར། །ཞེས་པ་ནི་ཨུ་འོག་གི་ཆར་སྦྱར་བས་ཏུ་ཞེས་འགྱུར་རོ། །བདུན་པ་ཡི་ནི་གཉིས་པ་ཞེས་པ་ནི་རའོ། །ཙཽ ་རཱིས་སྦྱར་བ་གང་ཡིན་ཞེས་པ་ནི་ཨེ་དང་སྦྱར་བ་སྟེ་རེ་ཞེས་འགྱུར་རོ། །དེ་ལྟར་སྒྲོལ་མའི་སྔགས་བསྡུས་

པ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཞེས་པའོ། །དེ་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་གསུངས་པ་བཞིན་དུ་བྱེད་པ་ཞེས་པ་སྟེ་ངེས་པའོ། །དེ་ཡང་ཁ་སྦྱོར་གྱི་སྔགས་ནི་ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའོ། །འདིར་གང་ཡང་སྔགས་བསྡུས་པའི་སྔགས་དེ་རྣམས་རྩ་འཆར་བའི་དུས་

ཀྱི་དབང་གིས་རྟོགས་པར་བྱ་སྟེ། དེ་རྣམས་ཡི་གེ་རེ་རེའི་ཁ་སྦྱོར་གྱི་སྔགས་བརྗོད་པར་བྱའོ། །དེ་ཡང་སེམས་ཅན་རྣམས་ཀྱི་རང་རང་གི་ཡི་གེའི་ལས་རྣམས་ལའོ། །དེ་བཞིན་དུ་དང་པོ་རྣམ་པར་སྣང་མཛད་སྦྱིན་ཞེས་པ་ནི་ཨོཾ་མོ། །དྲོ་བའི་བཞི་པ་ཞེས་པ་ནི་ཧའོ། །པུཀྐ་སཱི་ཡིས་ཞེས་པ་ནི་ཨུ་ཞེས་

པས་མཛེས་པའོ། །སྟོང་པ་ཞེས་པ་ནི་རྗེས་དབྱངས་ཏེ་མནན་པའོ། །དེས་ན་གཉིས་ཀ་ཧཱུཾ་ཞེས་འགྱུར་རོ། །དེ་ལྟར་བསྡུས་པ་ནི་ཨོཾ་ཧཱུཾ་སྭཱ་ཧཱ། སྔགས་འདི་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །དེ་བཞིན་དུ་ཡི་གེའི་བདག་པོ་ཞེས་པ་ནི་ཨོཾ་མོ། །མཁའ་སྤྱོད་མ་ཞེས་པ་ནི་ཨོཾ་མོ། །བསྡུས་

เล่ม ๖ · หน้า 279b

པའི་སྔགས་ནི་ཨོཾ་ཨཾ་སྭཱ་ཧཱ། དེ་བཞིན་དུ་རིགས་བྱེད་རྣམས་ཀྱི་དབང་པོ་ཞེས་པ་ནི་ཨོཾ་མོ། །གཉིས་པའི་གཉིས་པ་ཞེས་པ་ནི་ཁའོ། །སྟོང་པས་མནན་ཅིང་ཞེས་པ་ནི་རྗེས་དབྱངས་དང་ལྷན་ཅིག་ཁཾ་ཞེས་འགྱུར་ཏེ་ངེས་པའོ། །དེ་ལྟར་བསྡུས་ན་ཨོཾ་ཁཾ་སྭཱ་ཧཱ། དེ་བཞིན་དུ་རྣམ་པར་སྣང་མཛད་ཅེས་པ་

ནི་ཨོཾ་མོ། །གསུམ་པ་ཡི་ནི་གསུམ་པ་ཞེས་པ་ནི་ཛའོ། །དེ་ཡང་ར་དང་ལྡན་པའོ། །བཱ་རིས་བརྒྱན་ཞེས་པ་ནི་ཨིའི་དབྱངས་དང་ལྷན་ཅིག་པའོ། །སྟོང་དང་ཞེས་ནི་རྗེས་དབྱངས་སྦྱིན་པའོ། །བསྡུས་ནི་ཛྲཱིཾ་ཞེས་འགྱུར་རོ། །དེ་ལྟར་བསྡུས་ན་ཨོཾ་ཛྲཱཾ་སྭཱ་ཧཱ། དེ་ཞེས་པའི་སྔགས་

སོ། །དེ་བཞིན་དུ། དང་པོའི་ཡི་གེ་དབང་ཕྱུག་སྦྱིན། །ཞེས་པ་ནི་ཨོཾ་མོ། །བདུན་པ་ཡི་ནི་བཞི་པ་ཞེས་ཝའོ། །སྟོང་དང་ཞེས་པ་ནི་རྗེས་དབྱངས་སྦྱིན་པའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ནི་ཨུ་དང་ལྡན་པའོ། །བསྡུས་ན་ཝུཾ་ཞེས་འགྱུར་རོ། །དེ་ལྟར་

བསྡུས་པའི་སྔགས་ནི་ཨོཾཝུཾ་སྭཱ་ཧཱ། དེ་བཞིན་དུ་ཡི་གེ་དབང་ཕྱུག་ཅེས་པ་ནི་ཨོཾ་མོ། །དེ་བཞིན་དུ་ཧཱུཾ་ཁ་དོག་དམར་པོ་བསམ་མོ། །བསྡུས་ན་ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་སུ་འགྱུར་རོ། །དེ་བཞིན་དུ་དང་པོའི་གཏི་མུག་རིགས་སྦྱིན་ཞེས་པ་ནི་ཨོཾ་མོ། །དེ་བཞིན་གྷུ་ཡང་སྦྱར་རོ། །དེ་ལྟར་

བསྡུས་ན་ཨོཾ་གྷུ་སྭཱ་ཧཱ། ཞེས་པའི་སྔགས་སོ། །དེ་བཞིན་དུ་སྡེ་ཚན་བརྒྱད་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྡེ་ཚན་རྣམས་གཉིས་དབུས་སུ་ཞེས་པ་ནི་འཆད་བཞིན་པའི་ཕྱག་འཚལ་བ་དང་སྭཱ་ཧཱ་ཞེས་པའི་དབུས་སུའོ། །དེ་ཡང་བརྒྱད་བརྒྱད་ཀྱིས་ཞེས་པ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་གྱིས་

སོ། །དེ་བཞིན་དུ་བརྒྱད་གཉིས་ཀྱི་དབུས་སུ་ཞེས་པ་ནི་ཨ་ཐུང་ངུ་ནས་ཚེག་དྲག་ཅན་གྱི་མཐར་ཐུག་པའི་ཡི་གེ་བཅུ་དྲུག་རྣམས་ཏེ། དེ་རྣམས་གཉིས་འགྱུར་དུ་བྱས་པའི་ཕྱིར་སུམ་ཅུ་རྩ་གཉིས་ཏེ་དེ་རྣམས་ཀྱི་དབུས་སུ་ཀ་ལ་སོགས་པའི་མཐར་ཐུག་པ་རྣམས་དེའི་བར་དུ་སྦྱིན་པའི་དོན་ཏོ། །དེ་

རྣམས་ཀྱི་དང་པོར་གཏི་མུག་རིགས་ཞེས་པ་ནི་དང་པོར་ཨོཾ་སྦྱིན་པའོ། །ཆ་མེད་ཅེས་པ་ནི་ཧཱུཾ་ཞེས་པའོ། །སྭཱ་ཧཱ་མཐར་སྦྱར་ཞེས་པ་ནི་ཁ་ཅིག་གིའོ། །དེ་བཞིན་དུ་ངེས་པར་གསུངས་པ། སྡེ་ཚན་བརྒྱད་རྣམས་ཞེས་བྱ་བ་ལ་སོགས་པ་ལ་སྡེ་ཚན་བརྒྱད་པོའི་ཡི་གེ་གང་དག་ཡིན་པ་དེ་དག་ཐམས་

เล่ม ๖ · หน้า 280a

ཅད་གཉིས་དབུས་སུ་ཞེས་པ་ནི་དང་པོར་སྦྱིན་པས་ཨོཾ་དང་པོར་དང་སྭཱ་ཧཱ་ཐ་མའི་དབུས་སུ་བརྒྱད་བརྒྱད་ཀྱིས་ནི་ཞེས་སྡེ་ཚན་བརྒྱད་རྣམས་ཀྱིས་བརྩེགས་པའི་ཡི་གེར་བྱའོ། །དེ་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ། ཨི་ཁ་ཚ་ཋ་ཐ་ཕ་ར་ཥ་ཨུ་ག་ཛ་ཌ་ད་བ་ལས། །རྀ་གྷ་ཛྷ་ཌྷ་དྷ་བྷ་ཝ་ཧ།

ལྀ་ང་ཉ་ཎ་ན་མ་ྉྤ་ྈྐ། ཨེ་ག་ཛ་ཌ་ད་པ་ྉྶ་ྉྟ། ཨོ་ག་ཛ་ཌ་ད་བ་ྉྷ་ྉྐྵ། ཨཾ་ག་ཛ་ཌ་ད་བ་ྉྴ་ྈྐའོ། །དེ་ལྟར་ཡི་གེ་རེ་རེ་བརྩེགས་པ་བརྒྱད་བརྒྱད་དུ་འགྱུར་ཏེ། ཡི་གེ་དྲུག་ཅུ་རྩ་བཞིའི་ཕྱིར་རོ། །ཡང་ན་སྡེ་ཚན་བརྒྱད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སྔར་གསུངས་པའི་སྔགས་བརྒྱད་དོ། །གཉིས་

ཞེས་པ་ནི་ཐམས་ཅད་བཅུ་དྲུག་གོ། །དེ་རྣམས་དབུས་སུ་ཞེས་པ་ནི་ཁེ་སྦྱོར་གྱི་སྦྱོར་བས་སོ། །བརྒྱད་བརྒྱད་ཅེས་པ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཀྱི་སྔགས་རེ་རེ་བརྒྱན་པ་སྟེ། ཨོཾ་ལ་སོགས་པ་སྭཱ་ཧཱའི་མཐར་ཐུག་པའོ། །དེ་ཡང་གསུངས་པ། ཨོཾ་ཨ་སྭཱ་ཧཱ། ཨོཾ་ཀ་སྭཱ་ཧཱ་ཞེས་བྱ་བ་ལ་

སོགས་པ་སྦྱར་བར་བྱའོ། །ལས་ཀྱི་ས་བོན་གཟུང་ཞེས་པ་ནི་ཡའོ། །རྣམ་པར་སྣང་མཛད་ཅེས་པ་ནི་ཨོཾ་མོ། །དེ་ནས་ཨོཾ་ཡ་སྭཱ་ཧཱའོ། །སྒོ་སྐྱོང་རྣམས་ནི་ཞེས་པ་ནི་རྟ་གདོང་ལ་སོགས་པའོ། །དེ་བཞིན་དུ་མ་ནིང་ས་བོན་ཞེས་པ་རྀ་རཱི་ལྀ་ལཱྀའོ། །དེ་ལྟར་བསྡུས་ན་ཨོཾ་ཡ་རྀ་སྭཱ་ཧཱ། །ཨོཾ་རྀ་རཱ་

སྭཱ་ཧཱ། ཨོཾ་ལ་ལཱྀ་སྭཱ་ཧཱ། ཨོཾ་ཝཱ་ལྀ་སྭཱ་ཧཱ། ཞེས་པ་སྟེ་སྔགས་སོ། །འདི་རྣམས་ཀྱི་ལས་ནི་འཆད་བཞིན་པ་ལས་བཤད་པར་བྱའོ། །དེ་བཞིན་དུ་དབྱངས་ཡིག་ལྷག་མ་ཉིད་ཅེས་པ་ནི་དབྱངས་ཡིག་བཅུ་གཉིས་རྣམས་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿའོ། །རིག་བྱེད་ཅེས་བྱ་

བ་ལ་སོགས་པ་ནི་ཨོཾ་ལ་སོགས་པ་སྭཱ་ཧཱའི་མཐར་ཐུག་པར་སྦྱར་བའོ། །དེ་བཞིན་དུ་ཨོཾ་ཨ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་མེ་ཏོག་མ་ལ་སོགས་པ་ནི་རྣལ་འབྱོར་མ་བརྒྱད་ཀྱི་སྔགས་སོ། །སྔགས་བཏུ་བའི་ཆོ་གའོ། །ད་ནི་རྩ་སུམ་ཅུ་རྩ་གཉིས་ཀྱི་དབྱེ་བས་དབང་དུ་བྱེད་པ་ལ་སོགས་པ་སྔགས་ཀྱི་

འཁོར་ལོ་སུམ་ཅུ་རྩ་གཉིས་འབྱུང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲོལ་མ་བྱུང་ཞེས་པ་ནི་དང་པོ་ཉིད་དུ་ལྷ་མོ་སྒྲོལ་མའི་སྔགས་ཀྱི་འཁོར་ལོ་དེའི་འབྱུང་བའོ། །དེ་ཡང་ཨ་ཝ་དྷཱུ་ཏཱིའི་རྩའོ། །ཅིའི་ཕྱིར་ཞེ་ན་འདིར་གང་གི་ཕྱིར་ཨ་ཏ་ར་དབྱུག་པའི་དབུས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด