དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་སམྤུ་ཊ་ཏནྟྲ་རཱ་ཛ་ཊཱི་ཀ་ཨ་མ་ནཱ་ཡ་མཉྫ་རི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗ · หน้า 56b

སོ། །འདི་སྐད་བརྗོད་དོ་ཞེས་པ་དང་སྦྲེལ་ལོ། །གང་ལས་བདག་གིས་ཐོས་པའོ། །ཅི་ལྟར་རྒྱུད་ཀྱི་ཚོགས་པ་གསལ་བར་བྱེད་ཅེ་ན། གང་གི་ཕྱིར་འདི་སྐད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་འདོད་ཆགས་ཆེན་པོ་བདེ་བ་ཆེན་པོའི་ངོ་བོ་བཅོམ་ལྡན་འདས་རྒྱུད་འདིར་རྟག་ཏུ་སྟེ་རྒྱུན་མ་ཆད་པ་ཉིད་དུ་

བརྗོད་པར་བྱ་བ་ཉིད་ཀྱིས་གནས་ཤིང་དེའི་རྗོད་པར་བྱེད་པ་ཡང་རྒྱུད་དོ་ཞེས་ལྡན་པར་གསལ་བར་བྱེད་དོ། །དེ་ཉན་བྱེད་ཀྱི་ཡུལ་དུ་བྱས་པ་ནི་ཐོས་པའོ། །དེ་ཅི་རྗོད་པར་བྱེད་པ་འབའ་ཞིག་གམ་ཞེ་ན། མ་ཡིན་ཏེ་བདེ་བ་ཆེན་པོའི་མགོན་པོ་ཡང་ཐོས་ཏེ་སྒྲ་དང་དོན་གཅིག་པ་དག་ཁོ་ནའི་ངག་ཆེན་པོ་

ཐོས་སོ་ཞེས་པའི་དོན་ཏོ། །དབྱེར་མེད་པ་སྟེ་ཁྱད་པར་མེད་པར་འགྱུར་རོ། །དེ་ལྟ་ཡང་མ་ཡིན་ཏེ། གང་གི་ཚེ་སྟོན་པ་པོ་ལས་རྒྱུད་ཐ་དད་པར་ཉན་པ་པོ་དང་སྡུད་པ་པོ་གདུལ་བྱའི་ངེས་པ་ལས་འགྱུར་བས་ནའོ། །རྒྱུད་ཐ་དད་པ་མེད་པ་ན་ནི་ཡང་ན་ཞེས་པ་ལ་སོགས་པ་སྟེ། ཆོས་ནི་བསྟན་པར་བྱ་བའོ། །

སྡུད་པར་བྱེད་པས་དོགས་པ་ནི་དེ་ཞེས་པ་ལ་སོགས་པ་སྟེ། དེ་ཁོ་ན་སྟོན་པ་པོ་ལ་སོགས་པ་ཞེས་པ་དེའོ། །གཅིག་པུ་ཞེས་པ་གཅིག་གོ། །ཉམས་ཞེས་པ་སོ་སོ་རང་ལ་ཡོད་པའི་ཡིད་ཀྱི་འགྱུར་བའི་ཁྱད་པར་རོ། །གང་དུ་སྟེ་གཞན་གྱི་དོན་བྱ་བ་ལའོ། །རྡོ་རྗེ་འཛིན་པ་གཅིག་ཁོ་ན་ཡིད་ཀྱི་འགྱུར་

བའི་བྱེ་བྲག་ལས་རྣམ་པ་སྣ་ཚོགས་པའི་གཟུགས་རྣམས་ཀྱིས་རོལ་པར་མཛད་དོ་ཞེས་པའི་དོན་ཏོ་ཞེས་པ་འདི་ཁོ་ན་རྒྱུད་འདིར་ཚིག་སྟེ། དེ་ལས་སོ། །བཅོམ་ལྡན་འདས་ཞེས་པ་ལ་བཅོམ་ལྡན་འདས་ཀྱིས་སོ། །བཤད་པ་གཞན་གསུངས་པ་དུས་ཞེས་པ་ལ་སོགས་པའོ། །སྣ་ཞེས་པ་མིའི་སྣ་སྟེ་

ཨ་ཝ་དྷཱུ་ཏཱིའོ། །དེ་ནི་མི་དག་གི་སྟེ་བུད་མེད་དང་སྐྱེས་པ་དག་གི་སྣ་སྟེ། སྐྱེས་པའི་ཡང་བོལླའི་རྩ་བ་ནས་བརྩམས་ཏེ་སྣ་རུ་བརྗོད་པའི་ཕྱིར་རོ། །དེ་ཉིད་རྩེ་མོ་སྟེ། དེའི་བུག་པར་འོངས་པའི་འོ་མའི་རྒྱུན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དུས་བཟང་པོ་སྟེ་སྐད་ཅིག་བཟང་བ་དགའ་བ་དང་མཆོག་

དགའ་དང་དགའ་བྲལ་གྱི་དགའ་བའི་ངོ་བོའོ། །སོང་བ་དང་ནི་ཕྱིར་སོང་བ་ཐིག་ལེ་མེ་བཞིན་དུ་ཡོངས་སུ་གདུང་བ་སྡུག་བསྔལ་གྱི་སྟེ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཉམས་སུ་མྱོང་བས་འབབ་པ་ནི་གལ་ཏེ་བདེ་བ་སྟེ་ཡོངས་སུ་གདུང་བའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་ཉིད་གྱུར་ནི་བཞི་པའི་སྐད་

เล่ม ๗ · หน้า 57a

ཅིག་གི་ངོ་བོའོ། །ཅི་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ་ཞེ་ན། མཚན་ཉིད་ནི་བདེ་བར་རྣམ་པར་རྟོག་པའི་ཕྱིར་དགའ་བ་གསུམ་གྱི་ངོ་བོའོ། །འགོག་པ་ནི་བདེ་བ་མེད་པ་སྡུག་བསྔལ་ལམ་སྡུག་བསྔལ་ཡང་

མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །དབུ་མ་ནི་འདིར་ཉན་ཐོས་རྣམས་ཀྱི་བདེ་བ་ལ་སོགས་པ་མེད་པར་དགག་པའི་ངོ་བོའི་དངོས་པོར་གྱུར་པ་མ་ཡིན་པ་སོ་སོར་བརྟགས་པའི་འགོག་པའི་གྲོལ་བའོ། །དེ་ནི་ཇི་ལྟར་མུ་སྟེགས་བྱེད་རྣམས་ཀྱི་གྲོལ་བ་ལྟར་ཐ་ཤལ་མ་ཡིན་ཏེ། གང་གསུངས་

པ། གཞན་སྨྲ་བའི་ཐར་པ་རྣམས་ནི་སྲིད་པའི་ཕྱོགས་གཅིག་རྣམས་སོ་ཞེས་གསུངས་ཤིང་། ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྟར་མཆོག་མ་ཡིན་པས་སོ། །མི་དམིགས་སོ་ཞེས་པ་གང་གི་ཕྱིར་མེད་པར་དགག་པ་ཙམ་ནི་ཀུན་རྫོབ་ཏུ་ཡང་མ་ཡིན་ནོ་ཞེས་གཞན་དུ་བསྒྲུབ་ཟིན་ཏོ། །ཆགས་པ་

དང་ཆགས་བྲལ་དག་ནི་ཀུན་རྫོབ་ཏུ་ཡང་ལྷན་ཅིག་སྐྱེས་པའི་གནས་སྐབས་ལ་མེད་དོ། །ཅི་ལྟར་ཞེ་ན་གང་གི་ཕྱིར། འདོད་ཆགས་ཞེས་པ་ལ་སོགས་པའོ། །རྙོག་མེད་ནི་ལྷན་སྐྱེས་ཏེ་རྣམ་པར་རྟོག་པའི་རྙོག་པ་མེད་པའི་ཕྱིར་རོ། །འོ་ན་ལྷན་ཅིག་སྐྱེས་པ་ལ་ཆགས་པ་དང་ཆགས་བྲལ་དག་མེད་པའི་

ཕྱིར་ཅི་ལྟར་འདྲེས་པ་ཉིད་ཡིན་ཞེ་ན་གསུངས་པ། དེ་བཞིན་ཞེས་པ་སྟེ། རྙོག་པ་མེད་པ་ཉིད་ཀྱིས་ན་འདྲེས་པ་ཉིད་དང་གཅིག་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རོ་མཉམ་ཞེས་པ་སྟེ། རོ་སྟེ་རང་བཞིན་འདིའི་མཉམ་པའོ་ཞེས་པ་རོ་མཉམ་མོ། །བརྟག་པ་གཉིས་པར་ཡང་གསུངས་པ།

རོ་མཉམ་དངོས་པོ་གཅིག་ཏུ་ནི། །དོན་འདི་ཡིས་ནི་བརྗོད་པར་བྱ། །ཞེས་ཏེ། དངོས་པོ་གཅིག་ནི་རང་བཞིན་གཅིག་གོ། །དོན་འདི་ཡིས་ཞེས་པ་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་སོ། །འདི་སྐད་བཤད་དེ་བདེ་བ་ཆེན་པོ་ཁོ་ན་ཉམས་སུ་མྱོང་བའི་ཕྱིར་ཆགས་པ་དང་ཆགས་བྲལ་དག་སོ་སོར་ཉམས་སུ་མ་

མྱོང་བ་ཙམ་གྱིས་ན་འདྲེས་པ་ཉིད་དང་གཅིག་ཉིད་དུ་སྲིད་པ་དང་མྱ་ངན་ལས་འདས་པ་དག་བཞིན་ཐ་སྙད་བྱའོ། །རོ་མཉམ་པ་ཉིད་ཀྱང་སྤྲོས་པ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་ཉམས་སུ་མྱོང་བའི་ཕྱིར་ཇི་ལྟར་སྔོན་པོ་ལ་སོགས་པ་ལྟར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དངོས་པོ་ཐམས་ཅད་རོ་མཉམ་

เล่ม ๗ · หน้า 57b

པ། །ཞེས་པའོ། །བཅོམ་ལྡན་འདས་ཁོ་ན་དུས་སུ་བརྗོད་དེ། དབང་ཕྱུག་ནི་གཞན་དབང་མ་ཡིན་པ་ཡིན་ཞིང་། དེ་བཅོམ་ལྡན་འདས་ཀྱི་ཕུན་སུམ་ཚོགས་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་པའི་ཡོན་ཏན་ཐམས་ཅད་ཕུན་

སུམ་ཚོགས་པའི་མཚན་ཉིད་ཅན་ཡང་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་སྒྲིབ་པ་མེད་པ་ནི་བདེ་བ་ཆེན་པོའི་བདུད་རྩིས་དབང་བསྐུར་བ་སྒྲིབ་པ་མེད་པའི་སྐུ་དང་གསུང་དང་ཡིད་ཕུན་སུམ་ཚོགས་པ་རྟོགས་པས་སོ། །གཟུགས་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པའི་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་རྣམ་པར་

གསལ་བའི་སྐུ་ཅན་ཉིད་ཀྱི་ཕྱིར་རོ། །གྲགས་པ་ཕུན་སུམ་ཚོགས་པ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྒྲ་གྲགས་པ་ཉིད་ཀྱི་ཕྱིར་རོ། །ཕུན་སུམ་ཚོགས་པ་གང་གིས་ན་མང་པོ་རྣམས་ཀྱིས་བསྟེན་པར་བྱ་བ་དེ་ནི་དཔལ་ཏེ། བླ་ན་མེད་པའི་བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད་ཅན་ནོ། །དེ་ཕུན་

སུམ་ཚོགས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་འདོད་པ་ཐམས་ཅད་ཀྱིས་བསྟེན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཤེས་བྱ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་དག་ཅིང་ཆགས་པ་མེད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཅན་ཉིད་ཀྱི་ཕྱིར་རོ། །

བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པའི་གསུང་ཕུན་སུམ་ཚོགས་པ་སྟེ་ལྷུན་གྱིས་གྲུབ་པས་ཆགས་པ་མེད་ཅིང་རྒྱུན་མ་ཆད་པ་ལ་འབད་པ་མེད་པར་འབྱུང་བས་འགྲོ་བ་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་ཚིམ་པར་བྱེད་པ་དབྱངས་ཀྱི་ཡན་ལག་ཐམས་ཅད་དང་ལྡན་པ་འགྲོ་བ་གྲོལ་བར་བྱེད་པའི་

གསུང་སྟེ། གཞན་གྱི་དོན་རྣམ་པ་ཐམས་ཅད་པ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་པའི་སྐུ་དག་གིས་རྟག་ཏུ་ལྡོག་པ་མེད་པའི་བྱ་བ་ཅན་ཉིད་ཀྱི་ཕྱིར་རོ། །ཆོས་ཞེས་པ་ཆོས་མ་ཡིན་པ་མ་རིག་པ་ལ་སོགས་པ་རྣམས་ཀྱང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་རྣམས་སོ། །དེ་བཞིན་

གཤེགས་པ་མཐའ་དག་བཙུན་མོ་དང་ལྷན་ཅིག་ཅེས་པ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱང་ཡིན་ལ་བཙུན་མོ་རྣམས་ཀྱང་ཡིན་པ་སྤྱན་མ་ལ་སོགས་པ་རྣམས་ཏེ། དེ་རྣམས་ལྷན་ཅིག་པའོ། །མཆོད་པའི་དུས་སུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཁོ་ན་བཙུན་མོ་རྣམས་ཏེ། དེའི་

เล่ม ๗ · หน้า 58a

ཕྱིར་གསུངས་པ། ཨེ་མ་ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཡོངས་སུ་མཉེས་པའི་དོན་དུ་དེ་བཞིན་གཤེགས་པ་རྣམས་རང་གི་རིགས་དང་རྗེས་སུ་མཐུན་པའི་བུད་མེད་ལྷ་མོའི་གཟུགས་སུ་སྤྲུལ་པར་མཛད་དེ། རིག་མའི་ཚོགས་འཇུག་པ་བུད་མེད་ཀྱི་

ཡོན་ཏན་ལྷག་པ་ཕུན་སུམ་ཚོགས་པ་སྐྱེས་པས་ཤིན་ཏུ་དགྱེས་པ་བསྐྱེད་པའི་ཆེད་དུ། རྡོ་རྗེ་འཛིན་པའི་རིག་མའི་ནང་དུ་འདུས་པ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་ལ་མཆོད་པར་བྱེད་དོ། །ཆོས་རྣམས་ཀྱིས་ཏེ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱི་དང་པོར་རྟག་ཏུ་རྒྱུན་མི་འཆད་པར་བཞུགས་

ཏེ་རང་གི་ངོ་བོས་སོ། །ཁ་ཅིག་ཏུ་དོན་གྱིས་ཏེ། ཇི་ལྟར་གསང་བ་ན་ཞེས་པ་ལ་སོགས་པ་ལྟར་རོ། །དག་པ་ནི་དག་པའི་དོན་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེའི་དོན་བསྒོམས་པས་རྫོགས་པའི་སངས་རྒྱས་ཉིད་འགྲུབ་པའོ། །རྒྱས་པར་སྟོན་པའི་ཡི་གེ་ཞེས་པ་ལ་སོགས་པའོ། །འཁོར་

བའི་ཕ་རོལ་ནི་མྱ་ངན་ལས་འདས་པའོ། །ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཤིན་ཏུ་རིང་བ་སྲིད་པ་དང་། མྱ་ངན་ལས་འདས་པ་ལ་མི་གནས་པའོ། །རྡོ་རྗེ་སེམས་དཔའ་ཉིད་ཁོ་ན་རབ་ཏུ་རྒྱས་པར་སྟོན་པ། བསམ་གྱིས་མི་ཁྱབ་པའི་གོ་འཕང་ཞེས་པའོ། །བདེ་གཤེགས་

རྣམས་ཀྱིས་ཞེས་པ་ལ། །བདེ་གཤེགས་རྣམས་ནི་འདིར་ས་བཅུ་གསོལ་བ་རྣམས་ཏེ་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་རྣམ་པར་གཅོད་པས་ལེགས་པར་དང་མི་ལྡོག་པར་དང་མ་ལུས་པར་གཤེགས་པ་འདི་རྣམས་ལ་ཡང་སྲིད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་པ་ནི་བཅོམ་ལྡན་འདས་ལའོ། །ཡང་

དག་པར་མཚོན་ཞེས་སྦྲེལ་ལོ། །གསུངས་པ་ནི་གཏི་མུག་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་བཅིངས་པའི་སེམས་ཅན་རྣམས་ཞེས་པ་ལ་སོགས་པས་སོ། །མཚོན་བྱ་ནི་འདིར་ཤེས་རབ་ཀྱི་ཡེ་ཤེས་སོ། །ཡང་དག་པར་ཞེས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཁོ་ནར་གང་གི་ཚེ་མཚོན་

པར་བྱས་པར་འགྱུར་ནའོ། །སྟོང་པ་ཉིད་ཁོ་ན་ཉོན་མོངས་པ་མཐའ་དག་འཇོམས་པ་པོའོ། །དེ་མེད་པར་ཉོན་མོངས་པའི་སེམས་ཀྱིས་ཤེས་རབ་ཡེ་ཤེས་བསྟེན་ན་འཁོར་བ་པ་ཉིད་དེ་དེ་ལས་ངན་འགྲོ་ཡང་ངོ་། །དེའི་ཕྱིར་ཉོན་མོངས་པའི་སེམས་སྤངས་པ་ལས་དག་པའི་སེམས་ཏེ་

เล่ม ๗ · หน้า 58b

དག་པའི་ཤེས་རབ་ཡེ་ཤེས་སོ། །ཅི་ལྟར་ཞེ་ན། ཤེས་རབ་ཐབས་ཀྱིས་རབ་སྦྱོར་བ་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་རྟོགས་པས་སོ། །གང་གི་ཕྱིར་ཀུན་རྫོབ་པའི་ཕྱི་རོལ་གྱི་ཤེས་རབ་ལ་ཇི་ལྟར་ཐོབ་པ་ལྟར་ཇི་ལྟ་བ་བཞིན་བསྟེན་པས་བདེ་བ་ཆེན་པོ་རྟོགས་ཏེ་དེ་ཁོ་ནས་སྤྲོས་པ་ཐམས་ཅད་ཉེ་

བར་ཞི་བ་ལས་དག་པའོ། །བདེན་པ་སྟེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་དང་། མྱོང་བའི་བདག་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པའོ། །འདིས་མཚོན་པར་བྱ་བས་ན་མཚན་ཉིད་དེ་རྒྱུའི་རྒྱུད་དོ། །དེ་ལན་ཅིག་མ་ཡིན་པར་བསྟེན་ཅིང་བསྒོམས་པས་རྣམ་པར་འགྱུར་བཞིན་

པ་ནི་རབ་ཀྱི་མཐར་ཐུག་པ་ན་ཤེས་རབ་དང་ཐབས་ཀྱི་རྣམ་འགྱུར་དུ་འགྱུར་ཏེ་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་སྤངས་པ་ལས་སྟོང་པ་ཉིད་དང་བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དག་དྲི་མ་མེད་པ་ཉིད་དུ་འགྱུར་བ་མངོན་དུ་བྱེད་པ་གང་གིས་ཡིན་པ་དེ་དེ་སྐད་དོ། །དོན་དམ་པར་ནམ་མཁའ་དང་

མཉམ་པ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་སྤྲོས་པ་ལས་འདས་ཤིང་། ཀུན་རྫོབ་ཏུ་ནི་ས་གསུམ་གཟིགས་པ་སྟེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་མཚོན་བྱ་སྟེ། དེ་ཁོ་ན་མཚན་ཉིད་ཀྱིས་སྒོམ་པ་རབ་ཏུ་གྱུར་པ་ན་མཚོན་པར་བྱ་བའོ། །མཚོན་པའི་དུས་ན་ཡང་ལྷག་པར་མོས་

པས་སོ། །འོན་ཀྱང་མཚོན་དཀའ་སྟེ་བླ་མའི་མན་ངག་ལས་མངོན་པར་བརྩོན་པ་ཅན་རྣམས་ཀྱིས་ཅི་ལྟར་ཡང་མཚོན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་སོན་པ་ནི་སྣ་ཚོགས་ལ་ཡང་བདེ་བ་ཆེན་པོའི་རང་བཞིན་ཉིད་དུ་སོ་སོར་སྣང་བའི་ཕྱིར་རོ། །རྒྱུ་ནི་ཉེ་བར་ལེན་པའི་རྒྱུ་ཡེ་ཤེས་ཀྱི་ཚོགས་ཏེ།

རྐྱེན་ནི་ལྷན་ཅིག་བྱེད་པའི་རྒྱུ་ཤེས་རབ་དང་སྦྱོར་བ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སོ། །དེ་དག་ཡོངས་སུ་རྫོགས་པ་དག་ལས་སྐྱེའོ་ཞེས་པ་རྒྱུ་དང་རྐྱེན་ལ་རག་ལས་པའོ། །སྣ་ཚོགས་ཤིང་དཔག་ཏུ་མེད་པའི་ལུས་ལ་སོགས་པ་སྤྲོས་པས་སྐལ་བ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་དོན་

གྲུབ་པར་བྱེད་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་རྣམས་ཀྱི་མཆོག་ནི་དངོས་གྲུབ་མཆོག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་བདག་ཉིད་རྡོ་རྗེ་འཛིན་པའི་རང་གི་ངོ་བོའོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་ནི་རྡོ་རྗེ་འཛིན་པ་སྟེ། དེ་ལས་

เล่ม ๗ · หน้า 59a

ཡང་དག་ཐོབ་བོ་ཞེས་སྦྲེལ་བར་བྱའོ། །དཔལ་ནི་བཅོམ་ལྡན་འདས་ཏེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བླ་ན་མེད་པ་དང་ལྡན་པའི་ཕྱིར་རོ། །ཡང་དག་སྦྱོར་ལས་བྱུང་བ་ཡང་སྟེ། དེ་ཁོ་ན་ཡང་རྣམ་པར་མི་རྟོག་ཀྱང་རང་གི་སྨོན་ལམ་དང་སེམས་ཅན་གྱི་བསོད་

ནམས་ཀྱི་དབང་ལས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའོ། །སེམས་ཅན་རྣམས་ཀྱི་རང་གི་མོས་པས་དེ་ལྟ་དེ་ལྟར་བརྟག་བྱའོ་ཞེས་པ་བརྟག་པའོ། །དེ་སྐད་དུ་ཡང་བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་བརྟག་པའི་རྒྱལ་པོར་གསུངས་པ། རྣམ་པར་མི་རྟོག་ཏིང་འཛིན་ལས། །

སེམས་ཅན་དོན་ནི་ཡོངས་བྱེད་ཕྱིར། །དེས་ན་བརྟག་པར་ཡང་དག་བཤད། །རྟོག་པ་ཡོངས་སུ་དག་བྱེད་དུའོ། །ཞེས་སོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་སོ། །དེ་ཁོ་ན་ཉིད་བསྡུས་པར་ཡང་། །སངས་རྒྱས་རྣམས་ཀྱི་མི་རྟོག་པར། །ཡེ་ཤེས་ཐེར་ཟུག་གྱུར་

པ་སྟེ། མི་རྟོག་ཡེ་ཤེས་དེ་ལས་ནི། །རྟོག་ཕྱིར་རྟག་པར་བརྗོད་པར་བྱ། །ཞེས་སོ། །དེ་ལྟར་ཡང་སེམས་ཅན་སྨིན་པར་བྱེད་པས་རྣམ་པར་གསལ་བའི་ཕྱིར་རྒྱལ་པོའོ། །དེ་རྟོགས་པར་བྱེད་པའི་གཞུང་གི་ཚོགས་ནི་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བརྟག་པའི་རྒྱལ་པོའོ། །འདིས་ནི་

རྒྱུད་གཞན་ལ་ལྟོས་ནས་མཆོག་ཏུ་བཤད་དེ། ཕུལ་དུ་དབྱུང་དུ་མེད་ཅིང་ཐུན་མོང་མ་ཡིན་པའི་ཐབས་འདི་ཁོ་ནར་གསལ་བར་བྱེད་པའི་ཕྱིར་རོ། །དང་པོ་ནི་བརྟག་པ་གཞན་ལ་ལྟོས་ནས་དང་པོར་བཤད་པ་ཉིད་ཀྱི་ཕྱིར་རོ། །རྫོགས་པ་ནི་ཡང་དག་པར་གཟུང་ངོ་ཞེས་པའོ། །དཔལ་ཡང་

དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བཞི་པའོ།། །།རྫོགས་པའི་རིམ་པ་དང་བསྐྱེད་པའི་རིམ་པ་འདི་དབང་བསྐུར་མེད་པར་མ་ཡིན་ཞིང་དེ་ཡང་དཀྱིལ་འཁོར་མེད་པར་མ་ཡིན་པས་ཇི་ལྟ་བའི་ཆོ་ག་བཞིན་དེ་དག་གསུངས་པ། དེ་ནས་ཞེས་པ་ལ་

སོགས་པའོ། །ཆོ་ག་ཡང་དག་བཤད་བྱ་སྟེ། །དཀྱིལ་འཁོར་གྱི་ཞེས་པ་ལྷག་མའོ། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་ག་དེ་ཡང་རབ་བཤད་བྱ། །ཞེས་སྦྱར་རོ། །དང་པོར་ལྷ་ཡི་བདག་ཉིད་ཀྱིས། །ཞེས་པ་ཏིང་ངེ་འཛིན་གསུམ་བསྒོམས་པས་སྔོན་དུ་བསྙེན་པ་

เล่ม ๗ · หน้า 59b

བྱས་པ་དཔལ་རྡོ་རྗེ་འཛིན་པའི་སྐུར་གྱུར་པས་སོ། །ཧཱུཾ་ཞེས་པ་ཧཱུཾ་ཡིག་གོ། །རྡོ་རྗེར་བྱ་བ་ནི་རྐང་མཐིལ་དག་དང་སའི་མཐིལ་གྱི་བར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བསྒོམ་པའོ། །འབད་པས་ཏེ་འཆད་པར་འགྱུར་བས་སོ། །ལྷའི་རྡུལ་ཚོན་ནི་རིན་པོ་ཆེ་རྣམས་ཀྱིའོ། །བར་མ་ནི་འབྲས་ཀྱི་ཕྱེ་མ་

ལ་སོགས་པ་རྣམས་ཀྱིའོ། །བཞི་ཞེས་པ་ལོགས་བཞི་རྣམས་ལ་སོར་གསུམ་ལྷག་པའི་ཁྲུ་གསུམ་མོ་ཞེས་དཀྱིལ་འཁོར་མདོར་བསྟན་པ་ཉི་ཤུ་བརྒྱད་པར་རྒྱས་པར་སྟོན་པར་འགྱུར་རོ། །དེ་ལ་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་བསྐུར་ནི་རྒྱས་པར་རྒྱུད་གཞན་རྣམས་སུ་གོ་སླ་བར་

འདིར་ཡང་ཤེས་པར་བྱའོ། །དེ་སྐད་དུ་ཡང་གསུངས་པ། གང་དུ་ལས་ནི་ཡོད་གྱུར་ཅིང་། །རང་གི་ལས་ཀྱི་ཆོ་ག་མེད། །དེར་ནི་སྤྱི་ཡི་རྒྱུད་གསུངས་པའི། །ཆོ་ག་མཁས་པས་བསྟེན་པར་བྱ། །ཞེས་སོ། །མདོར་བསྡུས་པས་ནི་དཀྱིལ་འཁོར་སྒྲུབ་པའི་དོན་དང་དབང་བསྐུར་

བའི་དོན་དུ་སྐབས་གསུངས་པ། རིག་མ་ཞེས་པ་ལ་སོགས་པའོ། །བཟང་མོ་མཆོག་རྣམས་རྡོ་རྗེ་རྣལ་འབྱོར་མ་རྣམས་གཞུག་པར་བྱའོ། །ཅི་འདི་རྣམས་དབང་བསྐུར་བ་ཁོ་ནའི་དོན་དུ་བསྟེན་པར་བྱའམ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་སྔགས་ཞེས་པ་ལ་སོགས་པ་སྟེ། སྔགས་ཀྱི་

ལམ་ནི་སྔགས་ཀྱི་ཚུལ་ལོ། །མཐའ་ཡས་འཇིག་རྟེན་ཁམས་དབང་མ། རྡོ་རྗེ་ལྷ་མོ་དབང་གི་དུས་སུ་རང་བྱིན་གྱིས་བརླབ་པའི་གནས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་གོ་འཕང་རྟོགས་ནས་གཞན་གྱི་ཚེ་ཡང་བསྟན་པར་བྱའོ། །དམ་ཚིག་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྟེ་སྔར་

ཇི་སྐད་བཤད་པ་བཞིན་ནོ། །དོན་དམ་པར་ཞེས་པ་དམ་པ་བླ་ན་མེད་པ་ཟག་པ་མེད་པའི་བདེ་བ་ཆེན་པོའི་རྒྱུན་ཉམས་སུ་མྱོང་བ་དོན་དགོངས་པ་ཡིན་པ་དེ་ལ་སྟེ་དེའི་རྒྱུ་མཚན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཀྱང་འདི་འདའ་བར་དཀའ་ན་གཞན་རྣམས་ཀྱིས་ལྟ་ཅི་སྨོས། འདི་ཁོ་

ན་ཡང་གྲུབ་པའི་མཐའ་སྟེ། དེ་ལྟར་ནི། དཀྱིལ་འཁོར་ངེས་པའི་དུས་དང་ནི། །བརྡ་དང་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་གྲུབ་པའི་མཐའ་ལ་ཡང་། །དམ་ཚིག་རྒྱལ་བ་རྣམས་ཀྱིས་གསུངས། །དེའི་ཕྱིར་དོན་ཞེས་པ་བཤད་པའི་དགོས་པ་འདི་ཡིས་སོ། །དབང་བསྐུར་ཡང་དེའི་

เล่ม ๗ · หน้า 60a

དོན་ཉིད་ཀྱི་ཕྱིར་རོ། །དབུལ་ཞེས་མདོར་བསྟན་པ་རྒྱས་པར་སྟོན་པར་འགྱུར་ཏེ། ཤེས་རབ་མ་འབུལ་བས་སོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་རང་བཞིན་གྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྟོན་ཏོ་ཞེས་པ་རྡོ་རྗེ་སློབ་དཔོན་བླ་མ་སྟེ་དེ་

ལའོ། །ཡོན་ཏན་མཚོར་ཞེས་པ་ཆོ་ག་ཇི་ལྟ་བ་བཞིན་བླ་མ་རྣམས་ཀྱིས་དབང་བསྐུར་བ་ཉིད་དང་རྗེས་སུ་གནང་བ་ཉིད་དང་སྙིང་རྗེ་དང་དད་པ་དང་ཐོས་པ་དང་བསམ་པ་དང་སྒྲུབ་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཤེས་པ་ཉིད་དང་ཟབ་མོའི་དེ་ཁོ་ན་ཉིད་རིག་པ་ཉིད་དང་དེ་ཁོ་ན་ཉིད་བཅུ་ཤེས་པ་ལ་

སོགས་པ་རྣམས་ཡོན་ཏན་ནོ། །དཀྱིལ་འཁོར་རང་གི་ཏིང་འཛིན་དང་། །ཕྱག་རྒྱ་བྱེད་པ་གདན་དང་ནི། །བཟླས་པ་སྦྱིན་སྲེག་དེ་བཞིན་མཆོད། །ལས་ཀྱི་སྦྱོར་བ་ཉེ་བར་སྡུད། །ཅེས་པ་དང་། སྲུང་བ་དབང་བསྐུར་གཏོར་མ་བཟླས་པ་དབྱེ། །ཕྱིར་ཟློག་དག་དང་དཀྱིལ་འཁོར་སྒྲུབ་

ཐབས་དང་། །བཙན་ཐབས་སྦྱོར་བ་གཤེགས་སུ་གསོལ་བའོ། །ཞེས་པ་དེ་ཉིད་བཅུ་རྣམས་སུ་ནི་བཤད། །དེ་རྣམས་ནི་སྐབས་ཇི་ལྟ་བར་འཆད་པར་འགྱུར་རོ། །ཤེས་རབ་ནི་བཟང་མོ་རྣམས་མ་རྙེད་ན་གཞན་རྣམས་ཀྱང་ངོ་ཞེས་གསུངས་པ། ཡང་ན་ཞེས་པ་ལ་སོགས་པ་སྟེ། དེ་ཞེས་

པ་དེ་དང་ལྷན་ཅིག་ཏུ་ལྷན་ཅིག་སྐྱེས་པའི་བདེ་བ་བསྒྲུབ་པའོ། །བུ་མོ་རྣམས་ཞེས་པ་བུ་མོ་ཉིད་དེ་འདི་རྣམས་ལོངས་མ་སྤྱད་པའི་ཕྱིར་རོ། །དེ་ལ་འཆད་པར་འགྱུར་བའི་རིམ་པས་རིག་མའི་བརྟུལ་ཞུགས་ལ་ལོངས་མ་སྤྱད་པ་ཁོ་ན་གཟུང་བར་བྱའོ། །དཀྱིལ་འཁོར་དུ་ཞུགས་པ་ལ་

སོགས་པ་ལ་ནི་དེ་མེད་ན་རྡུལ་དང་ལྡན་པའི་དེ་མ་ཐག་ཏུ་ལོངས་མ་སྤྱད་པ་ཡང་གཟུང་བར་བྱའོ། །དེ་མེད་ན་ཡང་ཉི་མ་དེ་ལ་ཉེ་བར་མ་སྤྱད་པའང་ངོ་། །འདི་རྣམས་ཀྱང་བུ་མོ་ཉིད་དེ་བུ་མ་སྐྱེས་པ་ཉིད་ཀྱི་ཕྱིར་དང་ལང་ཚོ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །རིན་ཐང་མེད་ནི་རིན་ཐང་

མེད་པ་ཞེས་པ་རྙེད་པར་དཀའ་བ་ཉིད་དང་མཆོག་ཏུ་དགའ་བས་མཆོད་བྱ་ཉིད་དུ་གསལ་བར་བྱེད་དོ། །རིགས་ཀྱི་རིམ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིམ་པའོ། །ལོ་གྲངས་བཅུ་དྲུག་མ་ཞེས་བཤད་པ་ལང་ཚོ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཚིག་འདི་ཡང་ཇི་ལྟར་སྲིད་པ་སྟེ་

เล่ม ๗ · หน้า 60b

མ་ཡ་ཞེས་བརྗོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ལང་ཚོ་གསར་པ་ཕུན་སུམ་ཚོགས། །ཞེས་པ། དེ་མེད་ན་གཞན་ཡང་ཞེས་པའོ། །དེ་ལྟར་ནི། བཅུ་གཉིས་ལོ་ལོན་ཉི་ཤུའི་བར། །ཕྱག་རྒྱ་གསར་པ་མཆོག་རྣམས་ཏེ། །དཀྱིལ་འཁོར་ཀུན་ལ་ཐུན་མོང་དུ་འམ། །ཡང་

ན་རྣལ་འབྱོར་པ་ཀུན་གྱིའོ། །ལོ་ནི་ཉི་ཤུ་རྩ་ལྔའི་བར། །ཕྱག་རྒྱ་བར་མའོ་གཞན་རྣམས་དམན། །གང་ཕྱག་རྒྱ་ཆེན་པོ་ཐིག་ལེར་གསུངས་པ། ཉི་ཤུ་རྩ་ལྔའི་ལོ་ལོན་པ། །གཟུང་བྱ་ལྷག་མ་རྣམ་སྤང་བྱ། །ཞེས་སོ། །ལོ་བཅུ་གཅིག་མ་ནི་བཅུད་ལེན་ལ་ཕན་པའོ་ཞེས་གསུངས་

སོ། །སྐྱབས་གསུམ་རྣམས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཏེ་དེ་རྣམས་བདག་ཉིད་ཀྱི་སྐྱབས་ཉིད་དུ་ཤིན་ཏུ་ཁས་ལེན་པ་འདའ་བར་བྱ་བ་མ་ཡིན་པའི་ཤེས་རབ་ནི་སྐྱབས་སུ་འགྲོ་བའོ། །དེ་ཁོ་ན་ཉིད་གསང་ཆེན་ཞེས་པ་དེ་ཁོ་ན་ཉིད་དང་གསང་ཆེན་དམ་ཚིག་ལ་སོགས་པ་

བའོ། །འོ་ན་གང་དེ་ལྟར་འཆད་པ་དེ་ཁོ་ན་བླ་མ་དང་། མོ་དེ་ཡང་སློབ་མ་ཡིན་ན་རྩེ་བར་འདོད་པའི་བླ་མ་དེ་དང་ལྷན་ཅིག་སྙོམས་པར་འཇུག་པར་འོས་སམ། མ་ཡིན་ཞེ་ན་འོས་ཏེ། དེ་སྐད་དུ་ཡང་རྡོ་རྗེ་ཨཱ་རལླིའི་རྒྱུད་དུ་གསུངས་པ། ཐེ་ཚོམ་ཡོངས་སུ་སྤངས་ནས་ནི། །དགོད་དང་

དེ་བཞིན་སྟེག་པ་དང་། །བླ་མས་ལྷ་མོ་རབ་དགའ་བའི། །རོལ་བའི་གཙོ་བོ་སྦ་མི་བྱ། །བླ་མ་འབྲས་བུ་ཀུན་སྟེར་བ། །སྐྱེས་བུ་འདོད་ན་དགའ་བར་བྱ། །བླ་མའི་སྟེང་དུ་ངེས་ལྟ་སྟེ། །རྟག་ཏུ་ཆགས་བཅས་བླ་མ་ལའོ། །དེ་ནས་ལག་པ་གཡས་པ་ཡིས། །བླ་མའི་རྟགས་

ནི་གཟུང་བྱས་ནས། །བྷ་གར་བླ་མའི་ལག་སོན་བྱས། །རིག་པ་གསང་སྔགས་རྗེས་དྲན་བྱ། །དེ་ཡི་རོ་ནི་རྟག་བཟུང་ནས། །ཙཱ་རུ་བྱས་ཏེ་བཟའ་བར་བྱ། །རྒྱུད་དང་རྒྱུད་དུ་ངས་བཤད་པའི། །དངོས་གྲུབ་རྣམས་ནི་བཞིན་བཟང་མ། །བླ་མ་མཉེས་ན་ཐོབ་པར་འགྱུར། །

དེ་ཕྱིར་བླ་མ་རྟག་མཉེས་བྱ། །ཞེས་སོ། །སྒྲ་ནི་སྒེག་པ་དང་དགོད་པའི་རོ་དང་ལྡན་པ་ལེགས་པར་སྦྱར་བ་དང་། རང་བཞིན་ལ་སོགས་པ་སྟེ་མཆོག་ཏུ་ལྟུང་བ་ལ་སོགས་པའི་འཁུན་པ་ཡང་ངོ་། །འོག་གི་ལམ་ནི་སྐྱེས་པའི་འོག་ཏུ་ཀུན་དུ་གནས་པ་ལ་མཁས་པ་དང་པདྨར་ལྟ་བའོ། །

เล่ม ๗ · หน้า 61a

ལྕེའི་དེ་ཁོ་ན་ཉིད་ནི་ལྕེས་རྡོ་རྗེའི་དང་པདྨའི་ལྟེ་བ་སྤྲོ་བ་བསྐྱེད་པ་ལ་དང་གདོང་པས་སྦྲང་རྩི་འཐུང་བ་ལ་སོགས་པ་ལ་མཁས་པ་ཉིད་དོ། །མིག་གི་རྗེས་སུ་ཆགས་པ་དགའ་བ་ལ་རྗེས་སུ་ཆགས་པ་དང་བཅས་པར་གྱུར་པ་ནི་བདེ་བ་སྐྱེད་པར་བྱེད་པའོ། །སྟེང་དུ་བསྐྱོད་པ་

ནི་སྐྱེས་པ་འདོད་པའི་ལག་པ་དང་རྐང་པ་འགོད་པའི་ཁྱད་པར་རོ། །ཕན་ཚུན་དུ་གདོང་དང་མིག་ལྟ་བ་ཡང་ངོ་། །ནམ་མཁས་ནི་མིག་ལ་སོགས་པར་འོ་བྱེད་པ་དང་ཡི་གེ་གསུམ་དང་སེན་མོ་འདེབས་པ་དང་ཆུ་རི་ཏ་ཀ་ལ་སོགས་པ་དང་། རྡོ་རྗེ་བསྡམས་པས་མགྲིན་པ་བསྡམས་ཤིང་ལག་

པ་གཡས་པས་ནུ་མ་འཛིན་པ་ལ་སོགས་པའོ། །སྣ་ཚོགས་པའི་བྱེད་པ་རྣམས་ནི་ཆེར་རྒྱས་པ་ལ་སོགས་པ་རྣམས་སོ། །དེ་ལ་ལུས་ཀྱི་རོ་སྟོད་དམའ་བའི་ཕྱོགས་སུ་བྱས་ཤིང་ཕྱི་མ་ཕྱེད་མཐོ་བར་བཞག་ནས་བུད་མེད་ཀྱི་པུས་མོ་དག་སྐྱེས་པའི་དཀུར་དང་རྒྱབ་ཀྱི་ཕྱོགས་སུ་རྐང་པ་དག་

སྟེ་བུད་མེད་ཀྱི་འཕང་ཚོས་དག་གི་དབུས་དང་འོག་ཏུ་དམའ་བར་བྱས་པའི་སྐྱེས་པའི་རྐང་པ་དག་དང་། རྩིབ་ལོགས་ལ་རིག་པའི་དཔུང་བ་ཅན་སྐྱེས་པ་དང་བུད་མེད་སྐྱེས་པའི་རྒྱབ་ལ་རེག་པའི་དཔུང་པ་གཉིས་ཅན་ནོ་ཞེས་པ་ཆེར་རྒྱས་པའོ། །བྱིན་པ་གཉིས་བཀུག་ཅིང་གན་རྐྱལ་དུ་བུད་མེད་

བྱས་ཏེ། སྐྱེས་པ་ཡང་ལུས་དྲང་པོར་བྱས་ཤིང་། བུད་མེད་ཀྱི་རྐང་པ་དག་སྐྱེས་པའི་རྐུབ་ཚོས་དག་ལ་དང་། ཕན་ཚུན་མགྲིན་པ་ལ་འཁྱུད་པ་ལས་མི་མཉམ་པར་སྦྱར་བའོ། །བུད་མེད་གན་རྐྱལ་གྱི་བྱིན་པ་དག་ཉེ་བར་གནས་པའི་སྐྱེས་པའི་བརླ་ལ་སོན་ཞིང་བུད་མེད་ཀྱི་ལག་པ་དག་སྐྱེས་

པའི་མགྲིན་པར་དང་། སྐྱེས་པའི་ལག་པ་དག་བུད་མེད་ཀྱི་གཞོགས་སུ་དང་བུད་མེད་ཀྱི་རྐང་པ་དག་སྐྱེས་པའི་རྩིབ་ལོགས་དག་ཏུའོ་ཞེས་པ་གྲོང་བའོ། །བུད་མེད་ཀྱི་པུས་མོ་གཉིས་བདག་ཉིད་ཀྱི་ཕྱོགས་སུ་འོངས་ཤིང་བྱིན་པ་དག་བརྐྱང་བ་སྟེ། རྐང་པ་དག་སྐྱེས་པའི་རྩིབ་ལོགས་ལ་རེག་

ཅིང་བུད་མེད་ཀྱི་ལག་པ་དག་སྐྱེས་པའི་མགྲིན་པར་དང་། བུད་མེད་ཀྱི་པུས་མོའི་ཕྱི་རོལ་དུ་སོན་པར་སྐྱེས་པའི་ལག་པ་དག་མལ་སྟན་ལའོ་ཞེས་གྲོང་ཁྱེར་གྱི་གར་རོ། །བུད་མེད་གན་རྐྱལ་གྱི་རྐང་པ་དག་བྲང་དུ་བཟུང་ནས། སྐྱེས་པས་དཔུང་པ་གཉིས་ཀྱིས་མགྲིན་པ་དཀྲིས་ཤིང་བུད་མེད་ཀྱི་

เล่ม ๗ · หน้า 61b

ལག་པ་དག་སྐྱེས་པའི་ཚང་ར་ལའོ་ཞེས་པ་བྲང་འབུགས་པའོ། །རྐང་པ་གཅིག་སྙིང་གར་དང་གཉིས་པ་བརྐྱང་སྟེ་ལག་པ་དག་རྒྱབ་ཏུ་འཇུས་ཤིང་། སྐྱེས་པའི་ལག་པ་དག་བུད་མེད་ཀྱི་རྐེད་ངོས་སུའོ་ཞེས་པ་རབ་ཏུ་བརྐྱང་བའོ། །བུད་མེད་གན་རྐྱལ་གྱི་ཁྲི་ལས་ཕྱི་རོལ་དུ་རྐང་པ་དག་བརྐྱང་

སྟེ། དེ་ལྟར་ཉེ་བར་ཞུགས་པའི་སྐྱེས་པའི་རྐང་པ་དག་ཁྲི་ལས་ཕྱི་རོལ་དུ་བརྐྱང་ཞིང་། སྐྱེས་པའི་ལག་པ་དག་བུད་མེད་ཀྱི་མགྲིན་པར་འཇུས་ལ། བུད་མེད་ཀྱི་ལག་པ་དག་སྐྱེས་པའི་རྒྱབ་ཏུ་སྦྱར་བའོ་ཞེས་པ་ཁ་བ་ཅན་ནོ། །གང་དུ་སྟེང་དུ་གནས་པ་ཁོ་ནའི་བུད་མེད་རོལ་ཞིང་རྫ་མཁན་གྱི་འཁོར་

ལོ་བཞིན་དུ་བསྐོར་ལ། རྐང་པ་ཟུང་གྱེན་དུ་བསྐྱོད་ཅིང་བསྐྱོད་ནས། ལག་པ་གཡོན་པའི་གྲུ་མོ་གཡས་པའི་སྟེང་དུ་སྦྱིན་ཞིང་། གཡས་པ་ཡང་གྲུ་མོ་གཡོན་པའི་སྟེང་དུ་འཛིན་པ་ཞེས་པ་བུང་བ་ཅན་ནོ། །སྐྱེས་པ་གན་རྐྱལ་གྱིས་ཡང་དག་པར་མཐོང་བར་བྱས་པའི་རྐང་པ་གཉིས་ཀྱི་རྩེ་མོས་

ནམ་མཁའི་མཐིལ་བཀག་ཅིང་། མངོན་དུ་ཕྱོགས་པས་ཉེ་བར་ཞུགས་པའི་རབ་མྱོས་མ་སྐྱེས་མདུན་སྟན་དུ་བྱས་ནས་རོལ་ཅིང་ལག་པ་མགྲིན་པར་འཁྱུད་དེ། སྐྱེས་པའི་ལག་པ་དག་བུད་མེད་ཀྱི་རྒྱབ་ཏུ་སྦྱར་བའོ་ཞེས་པ་མྱོས་བྱེད་ཀྱི་རྟ་བབས་སོ། །སྐྱེས་པ་ཉེ་བར་འདུག་པ་བརྐྱང་བཞིན་ཅུང་ཟད་

བཀུག་པའི་རྐང་པ་གཉིས་ལ་གནས་པའི་འདོད་ལྡན་མ་རྐང་པ་གཉིས་བསྐུམ་པ་ཅན་རོལ་ཅིང་བསྲུབ་པ་ནི་སྲུབ་བྱེད་དོ། །དེ་བཞིན་དུ་བྱེད་པ་གཞན་རྣམས་ཀྱང་དེ་ལ་མངོན་པར་བརྩོན་པ་རྣམས་ཀྱིས་གཞན་དུ་རིག་པར་བྱའོ། །བྱེད་པ་རྣམས་ཀྱིས་ནི་ལུས་མཉེན་པར་བྱེད་པའི་ཕྱིར་ཤིན་ཏུ་

དགའ་བའི་བདེ་བ་ཆེན་པོའི་རོ་མྱོང་བ་ཐོབ་པར་རྣལ་འབྱོར་མ་རྣམས་སྐྱེའོ། །འབད་པ་འདི་ཅིའི་དོན་དུ་ཡིན་ཞེ་ན། དངོས་གྲུབ་ཀྱི་དོན་དུའོ། །གང་གི་ཕྱིར་འདི་ལྟར་བྱེ་བྲག་ཏུ་བཤད་པའི་རིམ་པ་གཉིས་གོམས་པས་སམ། རིགས་ལྔའི་ཚོགས་བཀོད་པས་སྦྱངས་པའི་རིག་མ་ནི་ཕྱག་རྒྱ་ཆེན་པོའི་

དངོས་གྲུབ་ཀྱི་རྒྱུར་འགྱུར་ན། དངོས་གྲུབ་གཞན་རྣམས་ཀྱིས་ལྟ་ཅི་སྨོས་ཞེས་པ་དགོངས་པའོ། །དེའི་ཕྱིར་དེ་ལྟར་འདུས་བྱས་པའི་རིག་མ་ནི་རིག་པ་འཛིན་པ་རང་གི་ཤེས་རབ་དང་བཅས་པས་དབུལ་ཞིང་། བདག་ལ་རྗེས་སུ་བརྩེ་བས་དབང་བསྐུར་བ་ཞལ་གྱིས་བཞེས་པར་མཛོད་

เล่ม ๗ · หน้า 62a

ཅིག་ཅེས་བླ་མ་ལས་རྟོགས་པར་བྱའོ། །ཅི་བྱས་ནས་ཤེ་ན་གསུངས་པ། དྲི་དང་ཞེས་པ་ལ་སོགས་པའོ། །འོ་མ་ནི་འདིར་ཆང་ངོ་། །ཕྱག་རྒྱ་ནི་འདིར་སྒྲུབ་པ་པོ་སྟེ། དེས་ཀྱང་བསྙེན་བཀུར་ལ་སོགས་པ་བྱའོ་ཞེས་པའི་དོན་ཏོ། །སྟོང་ཉིད་སྙིང་པོ་ཞེས་

པ་སྟོང་པ་ཉིད་ལས་རབ་ཏུ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཀུན་མཁྱེན་ཡེ་ཤེས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་སྐུའོ། །དེ་ལྟར་མི་བསྐྱོད་པའི་ངོ་བོས་བསྟོད་ནས་རྣམ་པར་སྣང་མཛད་ལ་སོགས་

པའི་ངོ་བོར་སྟོད་པར་བྱེད་དེ། འགྲོ་བ་ཞེས་པ་ལ་སོགས་པའོ། །སྒྲིབ་པ་གཉིས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དག་པ་སྟེ། དེ་ཁོ་ན་ཉིད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིན་ཆེན་འབྱུང་ལྡན་ནོ། །སོ་སོར་རྟོག་པའི་ཡེ་

ཤེས་ཀྱིས་ནི་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ཉིད་ཀྱིས་འགྲོ་བ་ལ་སོ་སོར་རྟོག་པའི་ཕྱིར་འགྲོ་བའི་དཔའ་བོ་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་འཛིན་པའི་སེམས་ཅན་གྱི་དོན་བྱ་བའི་བཀའ་བསྒོ་རྫོགས་པར་བྱེད་པའི་ཕྱིར་བདེ་གཤེགས་བཀའ་བཞིན་མཛད་དོ། །དཔལ་ནི་བྱ་བ་སྒྲུབ་པའི་ཡེ་

ཤེས་ཏེ། དེའི་བདག་ཉིད་ཀྱི་ཕྱིར་དེ་དང་ལྡན་པ་དོན་ཡོད་གྲུབ་པའོ། །རྡོ་རྗེ་འཛིན་པས་བསྐྱེད་པ་ཉིད་ཀྱི་ཕྱིར་སངས་རྒྱས་སྲས་པོའོ། །བླ་མེད་དེ་ཁོ་ན་ཉིད་ནི་དབང་བཞི་པའོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་དང་དོན་དམ་པ་ལ་སྟེ། དེས་བུམ་པའི་དབང་ལ་སོགས་པ་

ལ་གང་དབང་བསྐུར་བ་དེ་ཡིས་སོ། །གསང་ཆེན་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་ཆོས་ཅན་ནི་རྡོ་རྗེ་སྙིང་པོ་སྟེ་དེ་ལ་དབང་བསྐུར་ནས་སོ། །གང་གསུངས་པ། རྡོ་རྗེ་སྙིང་པོར་དབང་བསྐུར་བ། །སྦྱིན་ཆེད་ཏིལ་མཆོག་མ་བཀུག་གོ། །ཞེས་སོ། །དེ་

ནས་ཞེས་པ་ཡང་དག་པར་མཆོད་ནས་རིག་མ་དབུལ་བ་སྔོན་མ་ཅན་གསོལ་བ་བཏབ་ནས་སོ། །ལྔ་ཞེས་པ་སྟེ་མ་ཐོབ་པ་རྣམས་འདོད་པར་བྱ་ཞིང་མངོན་པར་འདོད་པར་བྱ་བའོ་ཞེས་པ་འདོད་པའོ། །ཐོབ་པ་རྣམས་ཡོན་ཏན་དུ་བྱ་ཞིང་ཡང་དང་ཡང་དུ་སྤྱད་པར་བྱ་བའོ་ཞེས་པ་ཡོན་ཏན་རྣམས་

เล่ม ๗ · หน้า 62b

སོ། །འདོད་པ་རྣམས་ཀྱང་དེ་ཡིན་ལ་ཡོན་ཏན་རྣམས་ཀྱང་ངོ་ཞེས་པ་འདོད་པའི་ཡོན་ཏན་རྣམས་ཏེ། གྱ་ནོམ་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །འདི་རྣམས་ཀྱི་འདོད་པ་ཉིད་ཀྱང་བྱིས་པ་རྣམས་དང་རྣལ་འབྱོར་པ་རྣམས་ཀྱིའོ། །རྣལ་འབྱོར་ཞེས་པ་རྣལ་འབྱོར་པའོ། །ཕྱག་

རྒྱ་དང་སྦྱོར་བ་ནི་སློབ་མས་ཕུལ་བའི་ཕྱག་རྒྱ་དང་སྙོམས་པར་འཇུག་པའོ། །པདྨའི་སྣོད་དུ་སྟེ་ཆོས་འབྱུང་དུའོ། །བྱང་ཆུབ་ཀྱི་སེམས་ནི་ཁུ་བ་སྟེ། རྒྱལ་བའི་བདག་ཉིད་སྐྱེས་ཞེས་པ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ཀྱི་སྐུ་ཤེས་རབ་

མ་དང་བཅས་པ་བདེ་བ་ཆེན་པོའི་དགའ་སྟོན་གྱིས་ཞུ་བར་གྱུར་ཏེ་རྣམ་པར་སྣང་མཛད་ཀྱི་ལམ་ནས་ནང་དུ་བཙུག་ནས་རྡོ་རྗེའི་ལམ་ནས་ཕྱིར་བྱུང་བར་བསྒོམས་ཤིང་། དེས་པདྨར་གནས་པའི་སློབ་མ་དབང་བསྐུར་ནས་དེ་ལས་སྐྱེས་པ་པདྨ་ནས་ཕྱུང་ནས་ཕྱིའི་ནམ་མཁར་གནས་པའི་དེ་བཞིན་གཤེགས་

པ་རིག་མ་དང་བཅས་པ་རྣམས་ཀྱིས་དང་ལྷ་མོ་རྣམས་ཀྱིས་ཀྱང་དབང་བསྐུར་བཞིན་པ་པདྨ་ལས་ཕྱིར་བྱུང་བའི་སློབ་མ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྡན་པ་ལ་དབང་བསྐུར་བར་བྱའོ། །འགྲོ་བའི་གཙོ་བོ་ནི་རྡོ་རྗེ་འཛིན་པའི་ངོ་བོའི་བླ་མའོ། །རིན་ཆེན་དམ་པ་ཞེས་པ་མཆོག་ཏུ་དགའ་བའི་རྒྱུ་བུམ་

པའི་དབང་ངོ་། །ཉམས་དགའ་ནི་ལྷའི་བྱིན་རླབས་དང་སྲུང་བ་ལ་སོགས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །བཟང་བ་ནི་མཆོག་སྟེ་བསྐྱེད་པའི་རིམ་པ་ཅན་རྣམས་ཀྱི་བདུད་རྩི་བྱེད་པའི་ཕྱིར་དང་། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ནི་རང་བཞིན་གྱིས་འདུས་བྱས་སོ། །ཁྲག་ཆེན་པོ་

ནི་རྡུལ་ལོ། །ག་བུར་ནི་ཤ་ཆེན་པོ་འམ་རྐང་ངམ་མར་རམ་བད་ཀན་སྲ་བའོ། །ཙནྡན་དམར་པོ་ནི་བཤང་བ་སྟེ་ལུས་དང་སེམས་རྒྱས་པ་བསྐྱེད་པས་སྨིན་པར་བྱེད་པའི་ཕྱིར་དང་དགའ་བར་བྱེད་པའི་ཕྱིར་རོ། །རྡོ་རྗེའི་ཆུ་ནི་གཅི་བའོ། །སེམས་ལས་ཡང་དག་བྱུང་ནི་ཁུ་བ་སྟེ། འདུས་

པ་ཕྱི་མར་ཡང་གསུངས་པ། རང་བཞིན་གྱིས་ལུས་ཆོས་རྣམས་ལ། །དྲི་མ་ལྔ་ཡིས་རྣམ་པར་མཛེས། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་ཕྱིར། །བདུད་རྩི་ལྔ་ཞེས་བྱ་བར་བཤད། །ཅེས་སོ། །དམ་ཚིག་ཅེས་པ་བདུད་རྩི་ལྔའོ། །སྲོག་ཆགས་གསོད་པ་ཞེས་པ་ཉེས་

เล่ม ๗ · หน้า 63a

པར་སྤྱོད་པ་གཞན་རྣམས་ཉེ་བར་མཚོན་པའོ། །གསང་བའི་དབང་བསྐུར་བའི་སྐབས་བྱེད་དེ། སྔོན་དུ་གསུངས་པ་ཞེས་པ་གང་སློབ་མས་ཕུལ་བའོ། །སྤྲུལ་པ་ཞེས་པ་ལྷ་མོའི་གཟུགས་སུའོ། །སིཧླ་ག་བུར་གྱིས་བསྒོས་པ་ནི་རྡུལ་དང་ཁུ་བ་མང་བའོ། །

གང་འདུས་པ་ཕྱི་མར་གསུངས་པ། དྲི་དང་མེ་ཏོག་གིས་དཀྲིགས་ནས། །ཞེས་དང་། བུ་མོ་གསར་པའི་མཁའ་ཡི་ཁམས། །མེ་ཏོག་ཅེས་པར་མངོན་བརྗོད་བྱ། །ཞེས་ཀྱང་ངོ་། །དེ་ལ་གསར་པ་ནི་རིག་མའི་པདྨའོ། །གསར་པ་ཉིད་ཀྱང་མངོན་པར་གསར་པར་རྒྱས་པ་ཉིད་ཀྱིས་ཏེ།

རྡུལ་ཡང་དག་པར་སྐྱེས་པས་ནི། དེ་རྒྱས་པ་དང་ཡོངས་སུ་དག་པར་གྱུར་པར་འགྱུར་ཏེ། རིམ་གྱིས་ནི་ཡོངས་སུ་མཉེས་པར་འགྱུར་རོ། །མེ་ཏོག་གིས་དཀྲིགས་པར་བྱས་ནས་ཞེས་པ་མེ་ཏོག་དང་ལྡན་པར་གྱུར་པ་ལ་འདོད་པ་བྱའོ། །པདྨ་མ་ཟུམ་པ་ནི་རྡུལ་དང་ལྡན་མ་ཐག་པ་ནས་ཉི་མ་

བཅུ་གསུམ་ཇི་སྲིད་པར་ཉི་མ་གསུམ་ལས་གོང་དུ་འདོད་དེ། འགྱུར་དུ་ཟིན་ཡང་འགའ་ཞིག་རྩོལ་བ་ཆེན་པོས་ཀྱང་ཁུ་བ་མི་འཛག་པ་དེ་སྤང་བའི་དོན་དུ་འདི་གསུངས་པའོ། །གདོང་བཅིང་བ་ནི་གཉིས་ཀ་དག་མི་མཐོང་བའི་དོན་དུ་སྟེ། མཐོང་ན་མི་དད་པར་དོགས་པས་སོ། །གང་ཞེས་པ་

ཁུ་བའོ། །དབབ་པར་བྱ་ཞེས་པ་རྡོ་རྗེ་མཐེ་བོང་དང་མིང་མེད་ཀྱིས་བཙིར་ནས་པདྨ་ལས་བྱུང་སྟེ། དངོས་སུ་གཞུག་པར་བྱའོ། །སློབ་དཔོན་གྱི་ཤེས་རབ་ཀྱང་ལངས་ནས་པདྨ་ཁོ་ནས་དབབ་པར་བྱའོ་ཞེས་པ་ཤེས་རབ་དང་ཐབས་དག་གི་གསང་བ་དག་གིས་དབང་བསྐུར་བའོ་ཞེས་པ་གསང་

བའི་དབང་གསུངས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གསུངས་པ། བྱེད་དུ་གཞུག་ཅེས་པ་ལ་སོགས་པའོ། །དེ་ཉིད་ལ་ཞེས་པ་སློབ་མའི་ཕྱག་རྒྱ་ཁོ་ན་ལའོ། །གང་སློབ་མས་ཐམས་ཅད་ཀྱི་ཚེ་ལོངས་སྤྱོད་པའི་དོན་དུ་ཕུལ་བའམ། བདག་ཉིད་ཀྱི་རྣལ་འབྱོར་མ་དེ་ལ་ནི་མ་ཡིན་ཏེ། དེ་བསྟེན་

པས་དམྱལ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །འཇིགས་རུང་དམྱལ་བ་སྡིག་ཅན་དུ། །བླ་མའི་ཤེས་རབ་མ་བགྲོད་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་། །བླ་མའི་རྫས་ནི་སྲོག་བཞིན་ཏེ། །དེ་ཡི་རིག་མ་བླ་མ་བཞིན། །དེ་ཡི་འཁོར་

เล่ม ๗ · หน้า 63b

ནི་གཉེན་བཞིན་དུ། །མཉམ་པར་གཞག་པས་རྟག་ཏུ་བལྟ། །མཆོད་རྟེན་བཤིག་འདྲའི་སྡིག་འཇིགས་པས། །དེ་ཡི་གྲིབ་མའང་མི་འགོམ་ན། །མཆིལ་ལྷམ་གདན་དང་བཞོན་པ་སོགས། །འགོམ་པར་བྱ་བ་སྨོས་ཅི་དགོས། །ཞེས་སོ། །གང་བླ་མའི་གྲིབ་མ་ལ་སོགས་པ་

འགོམ་པ་ལ་ཡང་སྡིག་པ་འབྱུང་བ་དེས་བླ་མའི་མཆོག་ཏུ་དགའ་མ་ལ་བླ་མ་བཞིན་དུ་བལྟ་བར་བྱ་སྟེ། གང་ལ་འགོམ་པ་ནི་སྡིག་པ་ཆེན་པོ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། བླ་མའི་གྲིབ་མ་ཆུང་མ་དང་། །མཆིལ་ལྷམ་གདན་དང་མལ་སྟན་ལ། །གང་རྣམས་

རྨོངས་ཆེན་ལས་འགོམ་བྱེད། །མི་དེ་སྤུ་གྲི་གཅོད་པ་རྣམས། །ལེགས་དབང་བསྐུར་ཡང་སློབ་མ་ནམ། །བླ་མའི་བཀའ་ལ་འགོམ་བྱེད་པ། །འཇིག་རྟེན་འདིར་ནི་ལྐུགས་པར་འགྱུར། །འཇིག་རྟེན་ཕ་རོལ་དམྱལ་བར་གནས། །སྒྱུ་དང་གཡོ་ཡི་སྦྱོར་བ་ཡིས། །བརྫུན་པའི་

གུས་པ་གསལ་བྱེད་ལས། །ཟད་བྱེད་མཛེ་དང་ནད་ཆེན་ཅན། །དམྱལ་སོགས་རྣམས་སུ་སྐྱེ་བར་འགྱུར། །ཞེས་སོ། །གང་ཡང་རིག་མ་སློབ་མས་གསང་བའི་དབང་གི་དོན་ཁོ་ནར་བླ་མ་ལ་ཕུལ་བ་དེ་བླ་མས་རང་ཉིད་ཉེ་བར་སྤྱད་ནས་སློབ་མ་ལ་སྦྱིན་པར་བྱ་ཞིང་། དེ་ལ་ཡང་སློབ་མས་

ཤེས་རབ་ཡེ་ཤེས་མྱོང་བར་བྱ་སྟེ། དེ་ལྟར་ཡང་འདུས་པ་ཕྱི་མར་གསུངས་པ། ཤིན་ཏུ་དད་ཅིང་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །རྣལ་འབྱོར་གཅིག་པུའི་བྱ་བ་གོམས། །དམ་ཚིག་རྣམས་ཀྱི་དམ་ཚིག་ཅན། །སྒྲུབ་པ་པོ་ཡིས་བླ་མ་ལ། །ཡོན་གྱི་ཆེད་དུ་

དབུལ་བར་བྱ། །བླ་མས་བྱིན་གྱིས་བརླབ་བྱས་ནས། །སྒྲུབ་པོ་དེ་ལ་སྦྱིན་པར་བྱ། །ཞེས་སོ། །སྒྲུབ་པ་པོ་དང་ལྷན་ཅིག་ཏུ། །གང་གིས་ལྷའི་རྣལ་འབྱོར་གཅིག་པུ་གོམས་ཤིང་། གཅིག་ཀྱང་ཡིན་ལ་བྱ་བ་ཡང་སྟེ་དེ་སྒོམ་པ་དང་སྙོམས་པར་འཇུག་པ་རྗེས་སུ་སྒྲུབ་པའི་མཚན་ཉིད་

ཅན་གང་གིས་གོམས་པར་བྱས་པ་དེ་རྣལ་འབྱོར་གཅིག་པུའི་བྱ་བ་གོམས་པའོ། །རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱི་སྒྲུབ་པ་པོའི་དམ་ཚིག་ཅན་ཏེ་རང་གི་རིགས་དང་རྗེས་སུ་མཐུན་པའོ། །མ་རྟོགས་པས་ནི་རྣལ་འབྱོར་གཅིག་པའི་བྱ་བ་གོམས་པ་ཁོ་ན་ལས་འདིའི་དམ་ཚིག་ཅན་མ་

เล่ม ๗ · หน้า 64a

འདིའོ་ཞེས་རྟོགས་པར་བྱའོ། །ཡོན་ནི་མི་འཁྱོག་པ་སྟེ་ཡོན་ནི་ཉེ་བར་ཕུལ་བ་འདི་ཉེ་བར་འདུན་པར་བྱེད་དོ། །བྱིན་གྱིས་བརླབས་ནས་རང་ཉིད་ཉེ་བར་ལོངས་སྤྱོད་དེ་བླ་མས་ཡང་སྒྲུབ་པ་པོ་ལ་སྦྱིན་པར་བྱའོ། །དེ་ལྟར་ན་འདི་བྱིན་གྱིས་བརླབས་པར་འགྱུར་

རོ། །རོ་མཉམ་ཞེས་པ་ལྷན་ཅིག་སྐྱེས་པའི་བདེ་བའོ། །སློབ་མའི་སྤྱོད་ཡུལ་ནི་སློབ་མས་ཡང་དག་པར་རིག་པར་བྱ་བ་སྟེ། ཇི་ལྟར་འདིར་དེ་ཁོ་ན་ཉིད་རྟོགས་པ་བཞིན་ཏེ། གཟུང་བ་ལ་སོགས་པའི་རྟོག་པ་དང་བྲལ་བས་བྱང་ཆུབ་སེམས་སྤྲོ་བའི་དུས་སུ་བཤད་ཟིན་པའི་སྒྲུབ་པའི་ཁྱད་པར་

ལས་བླ་མའི་ཞལ་ལས་རྟོགས་པར་བྱའོ། །གང་བརྟག་པ་གཉིས་པར་གསུངས་པ། མཆོག་ཏུ་དགའ་བ་ཐོབ་པ་ན། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་གཟུང་བར་བྱ། །ཞེས་སོ། །མཆོག་ཏུ་དགའ་བ་ནི་འདིར་

ལྷན་ཅིག་སྐྱེས་པའི་དགའ་བ་ཁོ་ན་སྟེ་སྣ་ཚོགས་སྤངས་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །འབྱུང་བའི་རིམ་པས་དེ་འཐོབ་པ་རྟོགས་པར་བྱའི། །དེ་བྱུང་བ་ན་བླ་མའི་གསུང་སྐབས་མ་ཡིན་ཏེ། ཉེ་བར་མི་མཁོ་བ་ཉིད་ཀྱི་ཕྱིར་རོ། །གཟུང་བར་བྱ་བ་ནི་ངེས་པར་གཟུང་བར་

བྱ་བའོ། །འདིར་ཡང་མྱོང་བར་སྨྲ་བ་རྣམས་ནི་དེ་ཁོ་ན་བདེ་བ་ཆེན་པོ་མྱོང་བ་དེ་ཁོ་ན་ཉིད་དུ་སྨྲའོ། །དབུ་མ་པ་རྣམས་ནི་ཐབས་དེས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་དུ་བརྗོད་ཅིང་། དེའི་ཕྱིར་དེ་ཁོ་ན་བཞི་པར་འཆད་དོ། །དེས་ཅི་ཞེ་ན་གསུངས་པ། རང་གིས་རིག་བྱ་ཞེས་པ་

ལ་སོགས་པ་སྟེ། གང་གི་ཕྱིར་རོ་མཉམ་པར་རང་གིས་རིག་པ་བསྒོམས་པས་ཡེ་ཤེས་འབྲས་བུར་གྱུར་པར་འགྱུར་ཏེ། ཉེ་བར་མ་མཚོན་པའི་ཕྱིའི་སྒོམ་པ་མི་འཐད་དོ་ཞེས་པ་དགོངས་པའོ། །འབྲས་བུའི་ཡེ་ཤེས་ཁོ་ན་ཁྱད་པར་དུ་བྱེད་དེ། རང་གཞན་ཡང་དག་རིག་པ་སྤངས། །བླང་བྱ་

དང་དོར་བྱ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཁའ་མཉམ་སྟེ་སྤྲོས་པ་མེད་པའོ། །རྡུལ་དང་བྲལ་བ་སྟེ་སྒྲིབ་པ་གཉིས་མེད་པའི་ཕྱིར་རོ། །སྟོང་པ་སྟེ་རང་བཞིན་མེད་པའོ། །གང་གི་ཕྱིར་དངོས་དང་དངོས་མེད་བདག་ཉིད་དེ། འབྱུང་བས་ན་

เล่ม ๗ · หน้า 64b

དངོས་པོ་སྟེ་གཟུགས་ལ་སོགས་པ་རྣམས་དང་། དེ་རྣམས་ཀྱི་དངོས་མེད་ནི་མ་སྐྱེས་པ་སྟེ་དེའི་བདག་ཉིད་དོ། །ཡང་ན་དངོས་པོ་ནི་རྣལ་འབྱོར་པའི་ལུས་སོ། །དངོས་མེད་ནི་དེ་ཁོ་ནའི་ཚོར་བ་ལ་སོགས་པ་སྟེ། དེ་དག་འདིའི་བདག་ཉིད་ཡིན་པ་ཞེས་པ་ནི་དེ་སྐད་གསུངས་སོ། །མཆོག་

ནི་དོན་དམ་པའོ། །སྲོག་ཅེས་པ་ནི་འཚོ་བ་སྟེ། དེ་དང་བྲལ་ན་འཚོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འགྱུར་མེད་དམ་པ་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ཁྱབ་པ་ནི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཡེ་ཤེས་ཅན་

ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །དཔལ་ཧེ་རུ་ཀ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པས་རྒྱུ་དང་རང་བཞིན་དང་འབྲས་བུར་སྒྲོ་འདོགས་པ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་རྒྱུའི་

རྒྱུད་ཀྱི་ངོ་བོ་ལས་སྣ་ཚོགས་སྐྱེ་སྟེ། དེའི་བདག་ཉིད་ཀྱི་ཕྱིར་ཉོན་མོངས་པ་དང་ལས་འབྱུང་བའི་ཕྱིར་རོ་ཞེས་པ་འདི་གསུངས་པ། དངོས་དང་ཞེས་པ་ལ་སོགས་པས་སོ། །དངོས་པོ་ནི་བྱིས་པའི་བར་གྱི་དངོས་པོའི་ཐ་སྙད་ཀྱི་ཡུལ་ཉིད་ཀྱི་ཕྱིར་རིགས་པའི་ངོ་བོ་ལུས་སོ། །དངོས་མེད་ནི་ཕྲ་བའི་

དངོས་པོ་སེམས་དང་སེམས་ལས་བྱུང་བའི་ངོ་བོའོ། །ཉེ་བར་མཚོན་པ་ལས་བར་མ་ཡང་དག་གི་རང་བཞིན་དུ་རིག་པར་བྱའོ། །དེ་ལྟར་ན་ལུས་དང་ངག་དང་སེམས་རྣམས་གསུངས་སོ། །གཞན་རྣམས་ནི་དབང་པོ་རྣམས་སོ། །གང་རྣམས་དེ་རྣམས་ཞེས་པ་འདིས་བརྟན་པ་ལ་སོགས་

པ་རྣམས་དང་གཡོ་བ་གཞན་སྲོག་ཆགས་རྣམས་བརྗོད་དོ། །དེ་སད་དུ་ཡང་བརྟག་པ་གཉིས་པར་གསུངས་པ། དམན་པ་ཕྲ་བའི་དངོས་པོ་སྟེ། །མཆོག་ནི་དངོས་པོར་བརྗོད་པར་བྱ། །བར་མ་གཉིས་ཀ་སྤངས་པའོ། །གཞན་རྣམས་ཞེས་པ་དབང་པོ་དྲུག །གང་རྣམས་དེ་རྣམས་

བརྟན་དང་གཡོ། །ཞེས་སོ། །དངོས་པོ་ལ་སོགས་པ་འདི་རྣམས་བསྒོམ་པས་བདེ་བ་ཆེན་པོའི་རང་བཞིན་ཉིད་དུ་འགྲུབ་པོ། །བྱང་ཆུབ་ཀྱི་སེམས་ཁོ་ན་ནི་རྨི་ལམ་ལ་སོགས་པ་ན་བཞིན་དུ་དེ་དང་དེའི་རྣམ་པར་སོ་སོར་སྣང་བ་རྣམས་ཏེ། དེ་བདེ་བའི་རང་བཞིན་ཉིད་ན་དེ་རྣམས་ཀྱང་དེའི་

เล่ม ๗ · หน้า 65a

རང་བཞིན་ཉིད་དུ་གྲུབ་པ་ཁོ་ན་སྟེ། ཆུ་བསིལ་བ་ཉིད་ན་དེའི་རང་བཞིན་ཆུ་རླབས་རྣམས་བཞིན་ནོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ཡང་བྱང་ཆུབ་ཀྱི་སེམས་ལས་དེའི་རང་བཞིན་དགའ་བ་བཞི་རྣམས་སྤྲོ་བར་བྱེད་དོ་ཞེས་གསུངས་པ། དགའ་བ་ཞེས་པ་ལ་

སོགས་པའོ། །དཔའ་བོ་ནི་སྒྲུབ་པ་པོ་སྟེ་རང་གཞན་དག་ཕ་རོལ་དུ་འགྲོ་བའི་དོན་དུ་བརྩོན་འགྲུས་བརྩམས་པ་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་དགའ་བ་སྟེ། དགའ་བ་ལས་གཞན་པའི་བདེ་བ་སྤྱོད་པ་པོ་མི་སྲིད་པའི་ཕྱིར་རོ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་པ་ཤིན་ཏུ་དགའ་བའི་ཀུན་

དགའ་དོན་དུ་གཉེར་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །རབ་རྩེའི་དགའ་བ་ནི་ཁྱད་པར་དགའ་བ་སྟེ་ཁྱད་པར་གྱི་ངོ་བོས་རབ་ཏུ་རྩེ་བ་ན་དགའ་བའི་ཕྱིར་རོ། །མཐའ་དག་ཅེས་པ་ཤེས་རབ་དང་ཐབས་ཀྱི་ངོ་བོ་སྟེ། དེའི་ཚེ་བུད་མེད་དང་སྐྱེས་པ་དག་བསམ་པ་མཚུངས་པ་ཉིད་ཀྱི་ཕྱིར་རམ། དགའ་བ་

དང་། མཆོག་གི་ངོ་བོའི་དཔའ་བོ་དང་རྣལ་འབྱོར་མ་དག་གི་འདུ་བའི་གནས་ཉིད་ཀྱི་ཕྱིར་རོ། །དེ་བདེ་བའི་ཐབས་ཅན་ཞེས་པ། རབ་ཏུ་རོལ་བའི་དགའ་བའི་བདེ་བ་དེ་འདིའི་ཐབས་ཏེ་དེ་མ་ཐག་པའི་རྒྱུ་ཡིན་པའོ་ཞེས་པས་དེ་བདེའི་ཐབས་ཅན་ཡང་འདི་ཡིན་ལ་ཐམས་ཅད་རིག་པ་ཐམས་

ཅད་མཁྱེན་པ་ཡང་སྟེ། བཅོམ་ལྡན་འདས་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ཀྱི་ངོ་བོ་མཚོན་པའི་ཆེད་དུ་གསུངས་པ། དང་པོ་ཞེས་པ་ལ་སོགས་པའོ། །དགའ་བ་ཙམ་ནི་ཕུལ་དུ་བྱུང་བ་མ་ཡིན་པ་བདེ་བ་ཆུང་བ་རྣམ་པ་སྣ་ཚོགས་པ་གཟུང་བ་དང་འཛིན་པའི་

རྣམ་པར་རྟོག་པ་ཡོད་པར་གྱུར་པའི་ཕྱིར། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པ་རྣམས་ཀྱིས་པདྨ་དང་རྡོ་རྗེ་དག་ཡང་ཡང་དུ་རེག་པས་འདོད་པ་ཕུལ་དུ་བྱུང་བའི་མཚན་ཉིད་ཅན་རྡོ་རྗེ་དང་པདྨ་དྲུད་པའི་མཐར་ཐུག་པ་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་འཁྱུད་བྱས་

ནས། །དྲིལ་བུ་རྡོ་རྗེ་མཉམ་སྦྱོར་ལས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་བརྟག་པ་གཉིས་པར་གསུངས་པའི་ཕྱིར་རོ། །མཆོག་ཏུ་དགའ་བ་ཡང་གོང་དུ་བདེ་བ་འདོད་པའི་མཚན་ཉིད་ཅན་དགའ་བ་ལས་ཕུལ་དུ་བྱུང་བ་ཉིད་ཀྱིས་བཟློག་པའི་བདེ་བའི་ཡེ་ཤེས་ཉེ་བར་

เล่ม ๗ · หน้า 65b

ལོངས་སྤྱོད་པ་རྣམ་པར་སྨིན་པའི་ངོ་བོ་སྟེ། སྲབ་པར་གྱུར་པའི་གཟུང་བ་དང་འཛིན་པའི་རྟོག་པ་གཉིས་ཀྱིས་བསྒྲིབས་པ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་དགའ་བར་བཤད་ཅེས་པ་ཁྱད་པར་དུ་འཕགས་པར་དགའ་བ་སྟེ། བདེ་བ་འདོད་པའི་ངོ་བོ་ཉིད་ཆགས་པ་དང་བྲལ་བའི་ཕྱིར་རྩོལ་བ་

དང་བྲལ་བའི་མཚམས་ཁྱད་པར་དགའ་བ་འབྱུང་བར་འགྱུར་བའི་བདེ་བ་ཆེན་པོའི་ལྟ་བ་ཉེ་བར་མཚོན་པ་འདི་སྟེ་དེའི་བདེ་བ་བདག་གིས་བཤད་དོ་ཞེས་པ་རྣམ་པར་ཉེད་པའི་ངོ་བོ་རབ་ཀྱི་གནས་སྐབས། བདེ་བ་ལ་ཆགས་པའི་ངོ་བོར་འཛིན་པའི་རྣམ་པར་རྟོག་པ་དང་ལྡན་པ་དེ་དང་བྲལ་བའི་

མཚམས་ཏེ། བརྟག་པ་གཉིས་པར་ཇི་སྐད་གསུངས་པ། གསུམ་པ་འདོད་ཆགས་ཉམས་པའི་ཕྱིར། །ཞེས་སོ། །བཞི་པ་ལྷན་ཅིག་སྐྱེས་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བ། ཀུན་རྫོབ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་རང་གི་དངོས་པོ་སྟོང་པ་བདེ་བ་ཆེན་པོའི་མྱོང་བ་རྣམ་པར་

རྟོག་པ་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་བདེ་བའི་ཆགས་པ་སྤངས་པ་དང་དེ་ལས་བཟློག་པའི་མངོན་པར་ཞེན་པ་དང་བྲལ་བའོ། །དེ་གསུངས་པ། མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་སོ། །དེ་ཅི་འདི་མཐོང་བའི་ལམ་ཡིན་ནམ་ཞེ་ན། དེ་ལྟ་

མ་ཡིན་ཏེ། ཐབས་ཀྱི་ཁྱད་པར་ལས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་བླ་མའི་བྱིན་རླབས་ལས་འཐོབ་པའི་ཕྱིར་རོ། །རང་གི་ངང་གིས་འཐོབ་ན་ནི་དེ་ལྟར་འགྱུར་རོ། །དེ་ཁོ་ན་དབུགས་དབྱུང་བ་གཉིས་སུ་སྨྲ་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་དང་སྟོང་པ་ཉིད་དག་དེའི་

བདག་ཉིད་ཀྱི་ཕྱིར་ཕན་ཚུན་རྒྱས་བཏབ་པ་དག་མི་བསྐྱོད་པ་དང་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པར་གདོན་མི་ཟ་བར་འབྱུང་བར་འགྱུར་རོ་ཞེས་པ་དེའི་ལམ་ཐོབ་པའི་ཕྱིར་ཞེས་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་དང་རྡོ་རྗེ་འཛིན་པའི་དབུགས་འབྱུང་བ་

སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། ཐབས་དང་ཐབས་བྱུང་དབྱེ་བ་ཡིས། །བཞི་པའི་དོན་ནི་རྣམ་གཉིས་འདོད། །གཅིག་ནི་དེ་བཞིན་གཤེགས་དངོས་གྲུབ། །གཞན་ནི་རྡོ་རྗེ་འཛིན་པར་འདོད། །ཅེས་སོ། །འོ་ན་ལྷན་ཅིག་སྐྱེས་པའི་རྗེས་ཐོགས་སུ་ཁྱད་པར་གྱི་

เล่ม ๗ · หน้า 66a

དགའ་བ་རིགས་ཏེ། ཇི་སྐད་དུ་བརྟག་པ་གཉིས་པར་གསུངས་པ། ལྷན་ཅིག་སྐྱེས་དགའི་རང་བཞིན་པ། །མཆོག་མཐའ་ཁྱད་དགའ་དང་པོ་ཅན། །ཞེས་སོ་ཞེ་ན། མ་ཡིན་ཏེ། མཆོག་གི་མཐའ་ཁྱད་དགའ་ནི་གང་གི་དང་པོ་ཡིན་པ་སྟེ། མཆོག་གི་རྗེས་སུ་ཁྱད་

པར་དགའ་བ་དང་དེའི་རྗེས་སུ་ལྷན་ཅིག་སྐྱེས་པའོ་ཞེས་དོན་གྱི་ཤུགས་ལས་སོ། །གང་མཆོག་གི་མཐའ་དང་ཁྱད་དགའི་དང་པོ་སྟེ། མཆོག་དང་ཁྱད་པར་དགའ་བ་དག་གི་བར་རོ་ཞེས་དོན་འཆད་པ་དེ་ནི་མི་འཐད་དེ། ཁྱད་དགའ་དང་པོར་མཚོན་པར་བྱ། །དེ་ཡང་དགའ་བ་གསུམ་སྤངས་

པ། །ཞེས་པའི་གསུང་ལས་སོ། །འདི་ནི་ཁྱད་དགའ་ཡང་འདི་ཡིན་ལ། དང་པོ་ཡང་ངོ་ཞེས་པས་ཁྱད་པར་དགའ་བའི་དུས་ཁོ་ན་ལྷན་ཅིག་སྐྱེས་པ་ཉེ་བར་འཆར་བ་དང་པོ་ཁོ་ནར་མཚོན་པར་བྱའོ་ཞེས་བསྒྲུབས་ཏེ། ལྷན་ཅིག་སྐྱེས་པ་ཤར་བ་ན་ནི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་རང་

བཞིན་ཉིད་ཀྱི་ཕྱིར་ག་ལ་མཚོན། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་དང་། རིམ་པ་ལྔ་པར་གསུངས་པ། སྒྱུ་མ་རྣམས་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདི། །འདི་ལ་གསལ་བར་མཚོན་

པར་འགྱུར། །ཞེས་པ་འདིས་དང་། རིམ་པ་ལྔ་པར། སྣང་བ་མཚན་མོའི་ཆ་ཡིན་གསལ་བའི་ཉི་མའི་འོད་ཅན་ཉིན་མོ་སྣང་བ་མཆེད་པར་འགྱུར། །མཚམས་ནི་སྣང་བ་ཐོབ་པ་རང་བཞིན་རང་ཉིད་རྣམས་ཀྱིས་ལན་ཅིག་མིན་པར་སྦྱོར་བ་འདིའོ། །མཚན་མོ་མ་ཡིན་མཚམས་ཀྱང་མ་ཡིན་

ཉིན་མོར་ཡང་ནི་མ་ཡིན་མི་འགྱུར་རང་བཞིན་བྲལ་བ་གང་། །དེ་འདི་བྱང་ཆུབ་སྐད་ཅིག་ཐུབ་མཆོག་གིས་གསུངས་རྣལ་འབྱོར་པ་རྣམས་ཁོ་ནའི་རྟོགས་བྱའོ། །ཞེས་པ་འདིས་ཀྱང་དགའ་བ་གསུམ་མཚོན་པ་དང་བཞི་པ་མི་མཚོན་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མཚན་ཉིད་བྲལ་

བ་གསུམ་ལས་གཞན། ཞེས་པ་འདིས་སོ། །དེའི་ཕྱིར་ཅི་ལྟར་ལྷན་ཅིག་སྐྱེས་པའི་རྗེས་སུ་ཁྱད་དགའ་སྐྱེ་སྟེ། མཚོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཁྱད་དགའི་དེ་མ་ཐག་པའི་རྗེས་སུ་དྲན་པ་ཁོ་ནས་མཚོན་པ་ཉིད་ན་ཉམས་སུ་མྱོང་བའི་ཐབས་མ་བསྟན་པར་འགྱུར་རོ། །ལྷན་ཅིག་

เล่ม ๗ · หน้า 66b

སྐྱེས་པ་འཆར་བའི་གནས་ལ་ནི་ལོག་པར་རྟོག་པ་མེད་པ་ཁོ་ནའོ། །འོ་ན་དང་པོར་ཡང་ཅིའི་ཕྱིར་མཚོན་དེ་ཉམས་སུ་མ་མྱོང་བ་ཉིད་ཁོ་ནའི་ཕྱིར་ཞེ་ན། མ་ཡིན་ཏེ་ཐོ་རངས་ཀྱི་དུས་སུ་མཚམས་བཞིན་ནོ། །འོ་ན་དེ་ལྟ་ན་ཡང་དེའི་ངོ་བོ་ཉེ་བར་མ་མཚོན་པ་ཁོ་ནའོ་ཞེ་ན། བདེན་ཏེ། ཉམས་

སུ་མྱོང་བའི་ཐབས་ནི་འདི་ལྟར་ཉེ་བར་བསྟན་པར་བྱའོ། །འོ་ན་དེ་ལྟ་བུ་ཐབས་སུའང་འགྱུར་བར་འོས་པ་མ་ཡིན་ཏེ། དེ་ནས་བཟུང་ནས་དེ་ཉེ་བར་མཚོན་པར་མངོན་པར་ཞེན་པ་འདི་ལ་དེ་མི་སྲིད་པའི་ཕྱིར་རོ་ཞེ་ན། བདེན་ཏེ། གལ་ཏེ་དེ་ལྟར་གྱུར་ནའོ། །དེར་ནི་དེ་ལྟར་འབྱུང་བཞིན་པ་

ན་ཇི་ལྟར་བྱ་བ་དེ་ལྟར་བླ་མ་རྣམས་གསུང་བར་འགྱུར་རོ། །དེ་ལྟར་འདོད་པ་གཉི་ག་ལ་ཡང་ཉེ་བར་མཚོན་པའི་རིམ་པ་གསལ་བར་བྱས་སོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱང་བསྟན་པར་བྱའོ། །དེ་ལ། །མཆོག་མཐའི་ཁྱད་དགའ་དང་པོ་ཅན། ཞེས་པ་འདི་ལ་ཡང་མཆོག་གི་མཐའ་ནི་མཆོག་མཐའ་སྟེ།

གང་གི་དང་པོ་ཁྱད་དགའ་ཡིན་པ་ཞེས་པ་ཁྱད་དགའ་དང་པོ་ཅན་ཏེ། མཆོག་དང་ཁྱད་དགའ་དག་གི་མཐའོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་དེ་ཅི་འདྲ་ཞེས་འདྲི་བ་ལ། ཐོག་མ་ཐ་མ་དབུས་མེད་པ། །སྲེད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་པོ། །གཞན་མིན་

བདག་ཀྱང་མ་ཡིན་པའོ། །ཞེས་པ་དང་པོ་དང་ཐ་མ་དང་དབུས་རྣམས་ཏེ་སྐྱེ་བ་དང་འཇིག་པ་དང་གནས་པ་རྣམས་བཀག་པ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་འདིར་བདེ་བ་ཆེན་པོ་དང་རོ་གཅིག་པ་ཐབས་འདིས་མངོན་པར་རྟོགས་པར་བྱའོ་ཞེས་པ་ལན་གྱི་དོན་ཏོ། །དགའ་བ་དང་ཁྱད་

དགའ་དང་མཆོག་དགའ་རྣམས་བཀག་པ་ལས་དང་མི་འཕོ་བ་ཉིད་ཀྱི་ཕྱིར་སྲིད་པ་དང་ཞི་བ་ལ་མི་གནས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ནི་དེ་ཁོ་ན་ཉིད་དོ་ཞེས་པ་ཡང་ནའོ། །དེ་བཞིན་དུ། མཆོག་མཐའ་དབུས་མ་ཁྱད་དགའ་ཡི། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་པ་འདིར་མཆོག་དགའི་

མཐའ་གང་ཞིག་དབུས་ཡིན་པ་ཁྱད་དགའ་སྟེ། དེའི་བར་མ་ཆད་པ་ཉིད་ཀྱིས་ན་འབྲེལ་པ་ཅན་དུ་མཚོན་པར་བྱ་བ། རང་གི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པ་དང་། དེ་ལྟར་ཡང་བརྗོད་དུ་མེད་པའི་ཕྱིར་སྟོང་མིན་ཏེ། གཉིས་དང་བྲལ་བས་ན་བདེ་བ་ཆེན་པོའི་ངོ་བོར་གནས་པའི་ཕྱིར་

เล่ม ๗ · หน้า 67a

ལ། དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཧེ་རུ་ཀའོ་ཞེས་པའི་དོན་ཏོ། །མཆོག་དང་ཁྱད་དགའ་དག་དབུས་སུ། །མཚོན་བྱ་བལྟས་ནས་བསྟན་པར་བྱོས། །ཞེས་པ་འདི་གལ་ཏེ་སོ་སོའི་སྐྱེ་བོའི་ངག་ཡིན་ན་འོ་ན་འདི་ལ་གུས་པས་ཅི་ཞིག །ཅི་སྟེ་ལུང་ཡིན་ན་དེའི་ཆ། དབུས་

མ་དགའ་བ་ཙམ་ཉིད་དེ། །ཞེས་བརྟག་པ་གཉིས་པར་གསུངས་པའི་ཕྱིར། དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་རྣམས་ཡོད་པ་ན་ཉེ་བར་འཆར་བའི་ལྷན་ཅིག་སྐྱེས་པ་མཚོན་བྱའོ་ཞེས་པའི་དོན་ཏོ། །ཡང་ན་དྲུག་པ་ནི་ངེས་པར་འཛིན་པ་ལ་སྟེ། མཆོག་ནི་རབ་སྟེ་ལྷན་ཅིག་

སྐྱེས་པའོ། །གཉིས་དག་གི་དབུས་སུ་མཆོག་དེ་མཚོན་པར་བྱའོ་ཞེས་པའི་དོན་ཏོ། །བདེ་བ་མཆོག་ནི་མཆོག་དགའ་སྟེ་འདིར་ལྷན་ཅིག་སྐྱེས་པའི་དགའ་བ་ཁོ་ནའོ། །མཆོག་དགའ་ཡང་དག་ཐོབ་པ་ན། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །ཞེས་གསུངས་པའི་ཕྱིར་རོ། །ཕྱག་རྒྱ་

བཞི་པའི་རྗེས་སུ་འགྲོ་བའི་གཞུང་ནི་སོ་སོ་སྐྱེ་བོ་གདམས་ངག་མི་ཤེས་པ་ཁོ་ནས་བྱས་པ་སྟེ། ཕན་ཚུན་འགལ་བ་ནི་འཕགས་པ་རྣམས་ཀྱིས་མི་སྦྱོར་བས་སོ། །དེ་ལྟར་ནི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རིམ་པ་ལྔ་པའི་དོན་གསལ་བར་བྱེད་པའི་འཕགས་པ་ཤཱཀྱ་བཤེས་གཉེན་ཞབས་

ཀྱིས་གསུངས་པ། སྟོང་པ་ཉིད་དང་ཤིན་ཏུ་སྟོང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །འབྲས་བུ་རྒྱུ་ཡི་རབ་དབྱེ་ལས། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་ལས། །རྫོགས་པ་ཉེ་བར་དམིགས་པའོ། །རྫོགས་པ་ཉེ་བར་ཐོབ་པ་ལས། །ཐམས་

ཅད་སྟོང་པ་འོད་གསལ་བའོ། །རྒྱུ་ཡི་རིམ་པ་རྣམ་དག་ནི། །རྣམ་ཤེས་གསུམ་གྱི་སྦྱོར་བ་ལས། །སྟོང་པ་གསུམ་པོ་སྙོམས་འཇུག་ལས། །གོ་འཕང་བླ་ན་མེད་པ་འཐོབ། །སྣང་དང་སྟོང་དང་ཤེས་རབ་མ། །ཞེས་དང་། སྣང་བ་མཆེད་པ་ཞེས་གསུངས་པ། །ཤིན་ཏུ་

སྟོང་པ་དང་ནི་ཐབས། །ཞེས་དང་། སྣང་བ་མཆེད་སྦྱོར་ལས་སྐྱེས་པ། །སྣང་བ་ཉེ་བར་ཐོབ་པ་སྟེ། །དེ་བཞིན་ཉེ་བར་ཐོབ་པ་ཉིད། །ཅེས་དང་། སྒྱུ་མ་རྣམས་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདི། །གསལ་བར་

เล่ม ๗ · หน้า 67b

འདི་ཁོ་ན་ལ་མཚོན། །ཆགས་པ་ཉིད་དང་ཆགས་བྲལ་དང་། །དེ་དག་གི་དབུས་གནས་གསུམ་པོ། །ཞེས་སོ། །དེ་བཞིན་དུ་རྣམ་པ་འདི་ལྟ་བུའི་གསུང་རབ་གཞན་ལ་ཡང་ཇི་ལྟར་ཕན་ཚུན་མི་འགལ་བ་ལྟར་དོན་གཞུང་གཟུགས་པར་བྱའོ། །ཁྱད་དགའ་ལྷན་ཅིག་སྐྱེས་པའི་དེ་མ་

ཐག་པ་ཉིད་ན། འོ་བྱེད་དེ་བཞིན་འཁྱུད་པ་དང་། །རྣམ་གཞན་རྣམས་ཀྱིས་སྣ་ཚོགས་པ། །བྷ་ག་ལིང་ག་རབ་སྦྱོར་བས། །རྣམ་པར་སྨིན་པའི་ཡེ་ཤེས་མཆོག །ཕྱག་རྒྱ་རྣམ་པར་ཉེད་བྱ་ཞིང་། །མཚན་ཉིད་བྲལ་བ་ངེས་མཚོན་བྱ། །དགའ་བ་དང་པོ་ཡེ་ཤེས་དང་། །མཆོག་ཏུ་

དགའ་བ་ཡང་དག་ལྡན། །རབ་དགའི་དགའ་བ་དངོས་གྲུབ་ཆེ། །ལྷན་སྐྱེས་དགའ་བ་བླ་མའོ། །ཞེས་པ་མངོན་པར་བརྗོད་པ་ཕྱི་མའི་རྒྱུད་དོ། །རྒྱུད་གཞན་རྣམས་ལས་ཀྱང་། །དགའ་བ་དེ་ནི་བསྐྱོད་བྱས་ནས། །བདེ་བ་གནས་དང་མི་འགྱུར་བ། །ཐུན་གཅིག་གམ་ནི་ཉིན་གཅིག་

གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་པ་འམ་བསྐལ་བ་སྟོང་ཕྲག་ཏུ། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་ཆུབ་སེམས་གཤེགས་མི་བྱེད་པ། །དེ་སྲིད་དགའ་བ་ལ་སྐྱེས་བདེ། །ཅི་ཡང་རྒྱུན་མི་འཆད་པར་འཐོབ། །དངོས་གྲུབ་

ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་གྱུར་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་དང་། ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང་། །བརྟན་པས་མཆོག་ཏུ་བདེ་ཉིད་དེ། །མི་བརྟན་པས་ནི་ག་ལ་བདེ། །ཞེས་དང་། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་

འཆང་། །ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འཐད་ཅིང་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་ཐབས་ཀྱང་སྲིད་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ངོ་བོ་ཁོ་ན་འབའ་ཞིག་པ་ནི་མི་འཐད་པ་མེད་དོ་ཞེས་པས་ལུགས་སྔ་མ་ཁོ་ན་གདམས་ངག་རིག་པ་རྣམས་སྨྲའོ། །གང་རྣམས་སྦྱོར་བ་མེད་

པའི་བདག་ཉིད་བཙན་ཐབས་ཀྱི་རྣལ་འབྱོར་ཁོ་ན་ལ་ཁྱད་པར་ཅན་གྱི་བདེ་བ་ཁྱད་པར་གྱི་དགའ་བ་གསུམ་པ་དང་ལྷན་ཅིག་སྐྱེས་པ་བཞི་པ་སྟེ། གཞན་པ་ནི། ལྷན་ཅིག་སྐྱེས་པ་གསུམ་པ་དང་། །ཁྱད་པར་དགའ་བ་བཞི་པའོ། །ཞེས་སྨྲས་པ་དེ་རྣམས་ཀྱི་ཤིན་ཏུ་བབ་ཅོལ་ཁོ་ནའོ་ཞེས་པ་ཤིན་ཏུ་

เล่ม ๗ · หน้า 68a

རྒྱས་པས་ཆོག་གོ། །སྐབས་སུ་བབ་པ་རྗེས་སུ་སྦྲེལ་བར་བྱ་སྟེ། དེ་ལ་བོ་ལླའི་རྩ་བ་ནས་ཏེ་གསང་བའི་པདྨ་ལས་རྡོ་རྗེ་ནོར་བུ་ལས་སྔར་དགའ་བ་ལ་སོགས་པ་གསུམ་དང་ནོར་བུའི་དབུས་སུ་ནི་ལྷན་ཅིག་སྐྱེས་པའོ་ཞེས་པ་རྣམ་པར་གཞག་པ་གཅིག་གོ། །པདྨའི་

ནམ་མཁའ་ནོར་བུ་དང་། །ཟེ་འབྲུ་དག་བཙིར་བའི་གནས་སུ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་ལྟ་ཞིང་། །ཡེ་ཤེས་སྐྱེ་བ་གང་ཡིན་དེ། །ཡེ་ཤེས་དེ་ཡི་ངོ་ཤེས་ནུས། །ཞེས་མཆོག་གི་དང་པོའི་རྒྱུད་དུ་གསུངས་པའི་ཕྱིར། ཆུ་སྐྱེས་ཀྱི་དབུས་སྟོང་པའི་

ཕྱོགས་སུ་སྟེ་རྡོ་རྗེའི་ཡོངས་སུ་བའི་མཚན་མ་གདེངས་པ་ལའོ། །ཡང་ན་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག་པ་ལ་གང་ལས་ནོར་བུའི་ནང་དུ་ཆུད་པའི་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཡིན་ཞིང་དེའི་ངོ་བོ་སྟེ་དེ་དང་འདྲ་བའི་ཡེ་ཤེས་ནུས་ཏེ། ཡོངས་སུ་རྫོགས་ཤིང་རྟོགས་པ་མཐར་ཐུག་པར་འཇུག་པའོ། །རྒྱུད་

གཞན་རྣམས་སུ་ཡང་ལྷན་ཅིག་སྐྱེས་པ་ནོར་བུའི་ནང་དུ་ཆུད་པ་གསལ་བར་བྱེད་པའི་གསུང་མང་པོ་རྣམས་ཏེ། ཁ་ཅིག་འཆད་པར་ཡང་འགྱུར་རོ། །གང་གི་དྲུད་པའི་མཐར་ཐུག་པ་དགའ་བ་སྟེ། དྲུད་པ་ཡང་བྱང་ཆུབ་ཀྱི་སེམས་ནོར་བུ་དང་ཉེ་བ་ཇི་སྲིད་པའོ། །ནོར་བུའི་མདུན་དུ་རེག་པ་ནི་

མཆོག་དགའ་རིན་པོ་ཆེའི་རྩེ་མོ་ཇི་སྲིད་པའོ། །བོ་ལླའི་སྙིང་པོའམ་དེ་རྩེ་མོར། །ཡང་ན་ཐོད་པར་ལྷུང་གྱུར་པའམ། །བར་དུའང་འདོད་པ་མ་ཡིན་ཏེ། །དེ་ཉིད་བླ་མའི་ཞལ་ལས་རིག །ཅེས་པ་རྡོ་རྗེའི་ཁར་ལྷན་ཅིག་སྐྱེས་པ་དང་དེ་ལས་བྱང་ཆུབ་ཀྱི་སེམས་ལྟུང་བ་ན་ཁྱད་པར་དགའ་

བ་སྟེ། གཉིས་སོང་ནས་ནི་གཉིས་གནས་པ། །རྡོ་རྗེ་ནས་ལྷུང་པདྨར་རེག །རྡོ་རྗེ་ནས་ལྷུང་མི་བསྐྱོད་པ། །པདྨར་རེག་པ་རྡོ་རྗེ་སྟེ། །འབྲས་བུར་རྒྱུ་ཡིས་རྒྱས་གདབ་པ། །འདི་ནི་བདེ་ཆེན་རྒྱལ་པོའོ། །ཞེས་འདོད་པ་དེ་ནི་མ་བཅད་པར་སྙིལ་བ་སྟེ། གང་ཕྱིར་པདྨ་དང་ནོར་བུ་

རེག་པ་ན་ཡང་རྡོ་རྗེ་ནོར་བུ་རེག་པའི་གནས་རྣམས་ཁོ་ནར་བྱང་ཆུབ་ཀྱི་སེམས་ཉམས་སུ་མྱོང་བ་ཉེ་བར་མཁོའོ། །རྡོ་རྗེ་ལས་ཕྱི་རོལ་དུ་བྱུང་བ་ན། པདྨར་རེག་པ་ལ་ཡང་བདེ་བ་མྱོང་བའི་དྲི་ཡང་ཡོད་པ་མ་ཡིན་པས་ཁྱད་དགའ་ནི་དགའ་བ་ཉིད་མ་ཡིན་ཞིང་། རྡོ་རྗེ་སེམས་དཔའི་བདེ་བ་

เล่ม ๗ · หน้า 68b

ཆེན་པོའི་རྒྱལ་པོ་ཉིད་ཀྱང་མ་ཡིན། བདེ་བ་མྱོང་བ་དང་བྲལ་བའི་རྡོ་རྗེ་སེམས་དཔའ་གང་ཅི་ཡང་ཡོད་པ་ཡང་མ་ཡིན། བདེ་བ་མྱོང་བ་ལས་ཐ་དད་པའི་དུས་སུ་འབྱུང་བ་དེ་དང་བདེ་བ་ཆེན་པོའི་ངོ་བོ་མི་བསྐྱོད་པ་ཕན་ཚུན་རྒྱས་གདབ་པ་ཡང་མ་ཡིན་ཏེ། ཆོས་དང་ཆོས་ཅན་སྟོང་པ་ཉིད་དང་

སྙིང་རྗེ་དག་ནི་དེའི་བདག་ཉིད་ཁོ་ན་རྒྱས་འདེབས་པར་བརྗོད་ལ། དུས་ཐ་དད་པ་དག་ལ་དེའི་བདག་ཉིད་མེད་པས་སོ། །རིན་པོ་ཆེ་ལས་ཕ་རོལ་རྡོ་རྗེའི་ཞལ་དུ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ཡང་མ་ཡིན་ན། དེའི་ཕྱིར་དེ་ཁོ་ན་ཉིད་ཅི་ཞིག་ཏུ་རིག་གང་ཞིག་རིན་པོ་ཆེའི་སྙིང་

པོར་རང་དང་གཞན་གྱི་གྲུབ་མཐའ་གཞན་ཐལ་བར་འགྱུར་བར་བྱེད་པ་དེ་ཡང་ཤེས་པ་ཆུང་བའི་རྣམ་པར་རོལ་བ་སྟེ། ནོར་བུའི་དབུས་སུ་སོ་སོ་རང་གིས་རིག་པར་བྱ་བ། རྣམ་པ་ཐམས་ཅད་མཆོག་གིས་ཡོངས་སུ་བསྐོར་བ། ཀུན་རྫོབ་པ། བདེ་བ་ཆེན་པོ་མྱོང་བ། དོན་དམ་པར་རང་བཞིན་

མེད་པ། དབུ་མའི་ལམ་གྱི་ངོ་བོ་ནི་མེད་པ་སྟེ། དབུ་མ་ལས་གཞན་པ་རྣམས་སྨྲའོ་ཞེས་པ་ཨུ་ཏ་པུ་ཏྲའི་རྟོག་པ་རྣམས་ལས་ཆེད་ཆེར་བྱེད་པས་ཆོག་གོ། །རྣམ་པར་གཞག་པ་གཞན་ནི། གཙུག་ཏོར་ནས་ནི་མཛོད་སྤུ་ཡི། །པདྨར་ཁུ་བ་འོངས་དགའ་བ། །མགྲིན་པ་སྙིང་གར་མཆོག་

དགའ་བ། །ཁྱད་པར་དགའ་བར་དེ་ནས་འགྱུར། །སྣ་ཚོགས་དགའ་བྱེད་ལྟེ་བར་ཏེ། །གསང་བའི་པདྨར་གང་འོངས་པའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་སྐྱེས་དགའ་བ་མི་འཕོ་བའོ། །མི་གནས་མྱ་ངན་འདས་པ་སྟེ། །འདོད་ཆགས་ཆེན་པོ་འགྱུར་མེད་གཙོ། །

ཆགས་བྲལ་དང་པོ་འཕོ་ལས་འདས། །ཤེས་དེ་མྱ་ངན་འདས་པར་གནས། །ཞེས་དུས་ཀྱི་འཁོར་ལོར་གསུངས་སོ། །དེ་ལ་ཆེན་པོའི་རགས་པའི་རྟོག་པ་མེད་པ་ལས་མཆོག་གིའོ། །འབྲིང་པོའི་རགས་པ་མེད་པ་ལས་ཁྱད་དགའོ། །ཆུང་ངུའི་རགས་པ་མེད་ཙམ་གྱིས་ཕྲ་མོ་ཡོད་

ན་ཡང་ལྷན་ཅིག་སྐྱེས་པར་གཞག་གོ། །རྣམ་པར་རྟོག་པ་ཕྲ་མོའི་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོའི་དབྱེ་བས་ཐ་དད་པའི་རིམ་པ་ཇི་ལྟ་བར་མེད་པ་ལས་སྔར་བརྗོད་པའི་དགའ་བ་བཞིའོ་ཞེས་མན་ངག་རིག་པ་རྣམས་འདོམས་པར་བྱེད་དོ། །བུད་མེད་རྣམས་ཀྱི་

เล่ม ๗ · หน้า 69a

གསང་བའི་ཆུ་སྐྱེས་ཀྱི་ལྟེ་བ་ནི་ནོར་བུ་ལྟ་བུ་སྟེ། གང་ཕྱག་རྒྱ་ཆེན་པོ་ཐིག་ལེར་གསུངས་པ། ལྟེ་འོག་གཉེར་མ་གསུམ་གྱི་གནས། །གྲུ་གསུམ་པོའོ་དེ་སྟེང་དུ། །གྲུ་གསུམ་ཟེ་འབྲུའི་རྣམ་པ་སྟེ། །རྡོ་རྗེའི་རང་བཞིན་ཅན་དུ་གསལ། །གྲུ་གསུམ་པ་ནི་རྩ་

ཀུན་གྱི། །གནས་ནི་མཆོག་ཏུ་བཤད་པའོ། །ཞེས་སོ། །དེ་ལྟར་དབང་བསྐུར་བ་གསུམ་བརྗོད་ནས་བཞི་པ་རིམ་པ་སོ་སོར་བསྒྲུབ་པས་རྟོགས་པར་བྱ་བའི་ཆེད་དང་དགའ་བ་བཞི་རྣམ་པར་དག་པའི་ངོ་བོར་དབང་བཞི་རྣམས་བསྟན་པའི་ཆེད་དུ་གསུངས་པ། དེ་ཡང་ཞེས་པ་ལ་

སོགས་པའོ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་ཤེས་རབ་ཡེ་ཤེས་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡང་སྟེ་ཕྱིས་བཞི་པར་བརྗོད་དོ། །དེ་བཞིན་ཞེས་པ་དེ་འདྲ་བ་ཁོ་ན་སྟེ། ཆོ་ག་ཇི་ལྟ་བས་འཕེལ་བཞིན་པ་སྒྲིབ་པ་མེད་པ་ཉིད་དུ་འགྱུར་བའི་དེ་ཁོ་ན་ཉིད་བླ་མའི་མན་ངག་ལས་ཡན་

ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་རང་གི་ངོ་བོར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་མཐའ་དྲུག་པའི་འགྲེལ་པར་གསུངས་པ། སྐྱོན་ཐམས་ཅད་ཀྱི་དྲི་མ་འཁྲུད་པས་ན་ཡེ་ཤེས་འཆར་བར་བྱེད་པའི་ཕྱིར་བྱང་ཆུབ་ནི་དབང་བསྐུར་བའོ་ཞེས་སོ། །དེ་ཡང་

བསོད་ནམས་དང་ཡེ་ཤེས་ཀྱི་བག་ཆགས་བསགས་པ་རྣམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་ཁོ་ནར་གསལ་ཞིང་། དེ་ལས་གཞན་རྣམས་ལ་ཚིག་གིས་གསལ་བར་བྱའོ། །ཤེས་རབ་ཡེ་ཤེས་ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པ་མཚོན་བྱེད་མན་ངག་ཇི་ལྟ་བ་བཞིན་ནི་ཡན་ལག་གཞན་དང་ལྡན་

པ་གོམས་བཞིན་པ་ནི་མི་འགྱུར་བའི་བདེ་བ་ཆེན་པོ་མཚོན་པར་བྱ་བ་ཕུལ་དུ་དབྱུང་དུ་མེད་པ་ཐབས་ལས་བྱུང་བ་ཡན་ལག་ཡང་དག་པར་རྫོགས་པ་ཉེ་བར་སྐྱེད་དོ། །ལམ་གྱི་གནས་སྐབས་སུ་ཡང་། གྲུབ་པ་ངའོ་ཞེས་སེམས་ཀྱིས། ཞེས་རྒྱུད་དུ་གསུངས་པའི་ཕྱིར་འབྲས་བུ་དང་རྒྱུ་དག་དབྱེར་

མེད་པར་མོས་པས་ཕྱག་རྒྱ་ཆེན་པོའི་ང་རྒྱལ་དང་ལྡན་པས་བསྒོམ་པར་བྱའོ། །དེ་སྐད་དུ་ཡང་དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་ལྟ་བས། །རྒྱུ་མཐུན་ལ་སོགས་བདེ་བ་རྫོགས། །དྲི་མེད་ཇི་སྲིད་དེ་འགྲོའོ། །

เล่ม ๗ · หน้า 69b

དེ་བཞིན་དུ། བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་ནས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཞེས་སོ། །བདེ་མཆོག་ཏུ་ཡང་། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། །ཞེས་

སོ། །འདིར་རྡོ་རྗེ་གྱེན་དུ་ལངས་པ་ནི་སྐྱིལ་ཀྲུང་གདན་ཏེ། དེར་ཆ་བཅུ་དྲུག་རྫོགས་པ་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ནི་ཡིད་ནང་དུ་ཆུད་པར་བརྗོད་ཅིང་། དེས་འཕོ་བ་མེད་པས་དང་ལས་དང་ཡེ་ཤེས་དང་བདེ་བ་ཆེན་པོའི་ཕྱག་རྒྱའི་རྣལ་འབྱོར་གྱིས་ཁམས་གསུམ་

པ་སྟེ་བརྟན་པ་དང་གཡོ་བའི་དངོས་པོའི་རང་བཞིན་གྱི་བདག་ཉིད་དུ་མ་ལུས་པར་རྣམ་པ་ཐམས་ཅད་མཆོག་དང་ལྡན་པར། བདེ་བ་ཆེན་པོ་རང་བཞིན་གྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ། ཡོད་པ་དང་མེད་པ་ལས་འདས་པ་ལ་རྟེན་མེད་པ་ཉིད་ཀྱིས་དམིགས་པ་མེད་པའི་བློས་

བསྒོམ་པར་བྱའོ། །དེ་གསུངས་པ། རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །སྐྱེ་གནས་རྒྱུན་མི་འཆད་སྦྱོར་པས། །བྱང་ཆུབ་སེམས་འདོར་མི་བྱེད་པ། །དེ་སྲིད་བར་དུ་དགའ་མཆོག་འཐོབ། །བདེ་བའི་ངོ་བོ་དེ་ཉིད་ཀྱིས། །ཡང་དག་ལྡན་པའི་སངས་རྒྱས་གཟུགས། །ཇི་

སྲིད་ཁུ་བ་བརྟན་འགྱུར་བ། །བདག་ཉིད་རྟག་ཏུ་བསྒོམ་པར་བྱ། །ཞེས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཅོམ་ལྡན་ནི། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ་རུ་འགྱུར་ཏེ་གང་ལས། རྣམ་པ་ཐམས་ཅད་རྣམ་པ་མེད། །བཅུ་

དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །འདིར་སངས་རྒྱས་འགྲོ་བའི་ཆོས་ནི་དགའ་བ་གསུམ་པོ་རོ་གཅིག་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་འཛིན་པ་ནི་དེའི་བདག་ཉིད་ཀྱིས་སོ། །རྣམ་པ་ཐམས་

ཅད་མཆོག་དང་ལྡན་པ་ནི་ཀུན་རྫོབ་ཏུ་སྟེ། དོན་དམ་པར་ནི་རྣམ་པ་མེད་པ་རང་བཞིན་མེད་པ་སྟེ། ཐམས་ཅད་དུ་རྣམ་པ་ནི་རང་བཞིན་དུ་བརྗོད་པར་བྱའོ། །དེ་སྐད་དུ་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། རྣམ་བཅས་དངོས་པོ་ཀུན་བརྟགས་དང་། །རྣམ་པ་

เล่ม ๗ · หน้า 70a

མེད་པ་ཉིད་བརྟགས་པ། །གཅིག་བྱས་རྣལ་འབྱོར་པ་ཡིས་དཔྱད། །དེ་ནི་ཟུང་དུ་འཇུག་པར་རིག །ཅེས་སོ། །ཆ་མེད་པ་ནི་ཆ་བཅོ་ལྔའི་མཐར་གནས་པའོ། །ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་ལ་རབ་ཏུ་མ་ཞུགས་པའོ། །འདི་དག་

གི་ཐབས་དང་ཐབས་ལས་བྱུང་བའི་བདེ་བ་དག་གི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཁོ་ནའོ། །གང་རྣམས་བདེ་བ་ཁོ་ན་དེ་ཁོ་ན་ཉིད་དུ་རྟོགས་ནས་གནས་པ་དེ་རྣམས་ཀྱི་འཁྲུལ་པ་བསལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་

མིན། །ཞེས་སོ། །འབྱུང་བ་ཆེ་ཞེས་པ་ཁུ་བ་དང་བདེ་བ་དག་དེའི་བདག་ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་ཡང་རྟག་ཏུ་ཐམས་ཅད་དུ་མི་འབྱུང་སྟེ། དེ་ལྟར་ནི་ལྷན་ཅིག་སྐྱེས་པ་ནི་དངོས་པོའི་རང་གི་ངོ་བོ་སྟེ་དེའི་དོན་དམ་པ་སྟོང་པ་ཉིད་ཁོ་ན་དང་། ཀུན་རྫོབ་པ་རྟོགས་

པའོ། །བདེ་བ་ནི་རྟོགས་པ་ཡིན་མོད་དེ་ལྟ་ན་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། སྡུག་བསྔལ་དང་བཏང་སྙོམས་ཉམས་སུ་མྱོང་བའི་དུས་སུ་དང་བསམ་གཏན་བཞི་པ་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་རྟོགས་པ་བཞིན་ཉམས་སུ་མ་མྱོང་བ་ཉིད་ཀྱི་ཕྱིར་

རོ། །གང་མཚན་ཡང་དག་པར་བརྗོད་པར་གསུངས་པ་ནི། བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་དེ་ལ་བསམ་གཏན་བཞི་པ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་རྩེ་མོ་ལ་སྒྲིབ་པ་མེད་པའི་རྟོགས་པ་མཐར་ཐུག་པ་ལ་དེའི་བདག་ཉིད་ཀྱིས་གནས་པ་ཉིད་ཀྱི་ཕྱིར་དེའི་རང་གི་ངོ་

བོ་འཛིན་པའོ་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོའི་རང་བཞིན་དུ་མུ་མཐའ་མེད་པའི་ཁམས་གསུམ་པ་སྣང་བར་གྱུར་པ་ན་བསམ་གཏན་ལ་སོགས་པ་ཡང་བདེ་བ་ཆེན་པོའི་རང་བཞིན་ནི་བཅོམ་ལྡན་འདས་ཁོ་ནའི་སྟེ། གཞན་གྱི་མ་ཡིན་ནོ་ཞེས་གསུངས་པ། བཟླས་ཏེ་བཤད་པའི་དོན་ཏོ། །

འོ་ན་ཅི་ལྟར་བདེ་བ་ལྷན་ཅིག་སྐྱེས་པར་བརྗོད་ཅེ་ན། ཇི་ལྟར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་དེ་ཁོ་ན་ཉིད་མ་མཐོང་བའི་ཡོད་པ་མ་ཡིན་པ་ལྷག་པར་མོས་པས་བསྒོམ་བཞིན་པ་ནི་དེ་ཁོ་ན་ཉིད་རྟོགས་པ་ལ་རྟོགས་པའི་བདག་ཉིད་ཀྱི་ཕྱིར་ཀུན་རྫོབ་པའི་རང་བཞིན་གྱི་ལྷན་ཅིག་སྐྱེས་

เล่ม ๗ · หน้า 70b

པར་བརྗོད་པ། དེ་ལྟར་བདེ་བ་རེས་འགའ་ཉམས་སུ་མྱོང་བའི་གནས་སྐབས་སུ་དང་ཉམས་སུ་མ་མྱོང་བའི་གནས་སྐབས་སུ་དེ་ཁོ་ན་ཉིད་མ་མཐོང་བས་ལྷག་པར་མོས་པས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པར་བསྒོམ་

བཞིན་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་ན་འཇིག་རྟེན་ལས་འདས་པ་ནི་རྩོལ་བ་མེད་པ་ཉིད་ཀྱིས་མ་བཅོས་པ་ཉིད་ཀྱིས་ན་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་སུ་ཉམས་སུ་མྱོང་བ་ཟག་པ་དང་བཅས་པ་མི་བརྟན་པ་མ་རྒྱས་པ་ཡན་ལག་མཐའ་དག་

མ་ཡིན་པ་གློག་འགྱུ་བ་བཞིན་དུ་སྐད་ཅིག་ཙམ་པ། འཇིག་རྟེན་པ་ཀུན་རྫོབ་པ་སྟེ། རྩོལ་བ་དང་བཅས་པ་ཉིད་ཀྱིས་ན་བཅོས་མ་ཉིད་ན་ཡང་ལྷན་ཅིག་སྐྱེས་པར་བརྗོད་དེ། ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་འོད་གསལ་བ་བཞིན་ནོ། །ཇི་སྐད་དུ་ཕྱག་རྒྱ་ཆེན་པོ་

ཐིག་ལེར་གསུངས་པ། གང་འདིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་དེ་འོད་གསལ་བའོ། །ཞེས་སོ། །དེ་ལྟར་ལྷན་ཅིག་སྐྱེས་པ་ལས་བྱུང་བའི་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་

དབྱེར་མེད་པའོ། །དེ་ཅི་འདི་ཤེས་རབ་ཡེ་ཤེས་ལས་གཞན་པ་ཁོ་ནའམ་ཞེ་ན། གཞན་མ་ཡིན་ཏེ། དེ་ཁོ་ནའི་འདི་མི་མཐུན་པའི་ཕྱོགས་བསལ་བས་དེ་ནི་རྣམ་པ་འདི་ལྟ་བུའོ་ཞེས་རང་གི་ངོ་བོ་རབ་ཏུ་གསལ་བའོ། །དེའི་ཕྱིར་ཤེས་རབ་ཡེ་ཤེས་འདི་ཉིད་ཉམས་སུ་མྱོང་ནས་ཡན་ལག་

དང་བཅས་པ་སྒོམ་པས་འཕེལ་བ་ནི་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པའི་དྲི་མ་རྣམས་དངོས་སུ་འཁྲུད་པའི་ཕྱིར་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཡིན་ཞིང་བཞི་པ་འོད་གསལ་བ་སྟེ། དཔག་བསམ་གྱི་རྐང་འཐུང་བཞིན། མངོན་པར་མཐོ་བ་ལ་སོགས་པའི་འབྲས་བུ་རྣམས་

ཀྱིས་སྐལ་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་དང་ཡང་དག་པར་སྦྱོར་བའི་དཔལ་བདེ་མཆོག་ལ་སོགས་པའི་གཟུགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པས་འགྲོ་བ་ཚིམ་པར་བྱེད་ཅིང་རྒྱུན་མི་འཆད་པར་མུ་མཐའ་མེད་པའི་དུས་སུ་བཞུགས་ཞེས་གནས་སོ། །དེ་ལྟར་འདི་

เล่ม ๗ · หน้า 71a

ལོངས་སྤྱོད་རྫོགས་པ་དང་ཡང་དག་པར་སྦྱོར་བ་དང་བདེ་བ་ཆེན་པོ་དང་རང་བཞིན་མེད་པ་དང་ཐུགས་རྗེས་གང་བ་དང་རྒྱུན་མི་འཆད་པ་དང་འགོག་པ་མེད་པའི་མཚན་ཉིད་ཀྱི་ཡན་ལག་བདུན་དང་ལྡན་པར་གསུངས་སོ། །འདིར་ཡན་ལག་དང་པོ་གསུམ་ཐེག་

པ་གཞན་དང་ཐུན་མོང་མ་ཡིན་པ་སྟེ། གང་གི་ཕྱིར་རྒྱུའི་གནས་སྐབས་སུ་བསྐྱེད་པའི་རིམ་པས། དཔལ་བདེ་མཆོག་ལ་སོགས་པའི་གཟུགས་སུ་བསྒོམ་པར་གསུངས་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མེད་པ་སྟེ། མཚན་དང་དཔེ་བྱད་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་འབྲས་བུའི་

གནས་སྐབས་ཁོ་ནར་གསུངས་པའི་ཕྱིར་རོ། །ཤེས་རབ་དང་སྦྱོར་བ་ཡང་མ་ཡིན་ལ། དེ་ལས་སྐྱེས་པའི་བདེ་བ་ཆེན་པོ་ཡང་མ་ཡིན་ནོ། །ཁ་ཅིག་གི་ནི་སེམས་ལོངས་སྤྱོད་རྫོགས་པ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཤེས་རབ་དང་ཡང་དག་པར་སྦྱོར་བ་དང་དེ་སྒོམ་པ་ལས་

སྐྱེས་པའི་བདེ་བ་ཆེན་པོ་དང་དེ་རང་བཞིན་མེད་པ་ཉིད་དང་དེ་ལས་བྱུང་བའི་སྙིང་རྗེ་ཞེས་པ་དེ་ལྟར་ཡན་ལག་ལྔ་ཐུན་མོང་མ་ཡིན་པའོ་ཞེས་རྣམ་པར་འཇོག་པ་ནི་མི་འཐད་དེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་འདི་མང་དུ་གསལ་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སེམས་ནི་བྱང་ཆུབ་

ཀྱི་སེམས་ཏེ། རྫོགས་པའི་རིམ་པས་དཔལ་ཧེ་རུ་ཀ་ལ་སོགས་པའི་རང་གི་ངོ་བོར་མོས་པ་དང་། རང་བཞིན་མེད་པའི་བློ་རྡོ་རྗེ་ཕག་མོ་ལ་སོགས་པ་ཉིད་དུའོ། །དེ་གཉིས་ཀས་ཁྱད་པར་དུ་བྱས་པའི་ལྷ་དང་ཡང་དག་པར་སྦྱོར་བ་སྒོམ་པས་སྐྱེས་པའི་བདེ་བ་ཆེན་པོ་དང་དེ་རང་བཞིན་མེད་པ་

ཉིད་དང་། རྣམ་པ་འདི་ལྟ་བུའི་ལམ་སྟོན་པས་ཁྱད་པར་དུ་བྱས་པའི་སེམས་ཅན་གྱི་དོན་བྱེད་པ་ཡོད་པའི་ཕྱིར་ཐུགས་རྗེ་ཆེན་པོའོ་ཞེས་པས་ཐུན་མོང་མ་ཡིན་པ་ཉིད་དེ། འདི་རྣམས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་དེ་ལྟར་མ་བརྗོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་དེ་ལྟར་འགྱུར་བའི་

བཅོམ་ལྡན་འདས་བར་སྐབས་སུ་རྣམ་པར་ཆད་པ་མེད་པའི་ཕྱིར་རྒྱུན་མི་འཆད་པ་དང་མཐའ་གཅིག་ཏུ་མྱ་ངན་ལས་འདས་པ་མེད་པའི་ཕྱིར་འགོག་པ་མེད་པ་ཡང་ཐུན་མོང་མ་ཡིན་པའོ་ཞེས་པས་ཡན་ལག་བདུན་རྣམས་ཀྱང་ཐུན་མོང་མ་ཡིན་པར་གསུངས་པར་བརྗོད་ཅིང་སྟེ་བསྐྱེད་པའི་རིམ་

เล่ม ๗ · หน้า 71b

པ་ལ་ཡང་ངོ་། །ཁ་ཅིག་ལོངས་སྤྱོད་རྫོགས་པའི་ཡན་ལག་ཁོ་ན་ཐབས་ཉིད་དུ་འཁྲུལ་པ་ལས་སྙིང་རྗེའི་ཡན་ལག་ཏུ་སྨྲའོ། །དེ་མི་རིགས་ཏེ། གང་ཕྱིར་སྡུག་བསྔལ་ལས་གདོན་པར་འདོད་པ་ནི་སྙིང་རྗེ་སྟེ། དེ་ཡང་ལས་དང་པོ་པའི་ནི་སེམས་ཅན་ཆོས་ཅན་གྱི་ངོ་བོ་རྣམས་ཁོ་ན་ལ་

དམིགས་ནས་སྐྱེ་ཞིང་། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་ཆོས་སྦྱར་བ་ལ་དམིགས་ནས་དང་། དེ་ནས་རབ་ཏུ་གྱུར་པ་ལས་རྣམ་པར་མི་རྟོག་པ་ཉིད་ཀྱིས་ན་སངས་རྒྱས་རྣམས་ཁོ་ནའི་དམིགས་པ་མེད་པ་ལྷུན་གྱིས་གྲུབ་པ་ལས་རྒྱུན་མི་འཆད་པར་འགྲོ་

བ་འདོན་པར་བརྗོད་དོ། །དེ་ལྟར་ཡང་གསུང་བར་འགྱུར་བ། ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེའོ། །ཞེས་སོ། །དམིགས་པ་མེད་པའི་སྙིང་རྗེ་འདི་ཁོ་ན་དབང་པོ་རབ་ལས་དང་པོ་པས་ཀྱང་ལྷག་པར་མོས་པས་སྒོམ་མོ་ཞེས་པ་སྙིང་རྗེ་ནི་ཡན་ལག་

ཐ་དད་པའོ། །དབང་བསྐུར་བཞི་པ་འདི་ཁོ་ན། དབང་བསྐུར་སྦྱིན་བྱ་ཞེས་པ་ལ་སོགས་པས་རྒྱས་པར་འཆད་པར་འགྱུར་རོ། །དབང་པོ་རབ་ཀྱི་སེམས་ཅན་ལ་ནི་དགའ་བ་བཞི་པོ་ཁོ་ན་དབང་བསྐུར་བཞི་རྣམས་སོ་ཞེས་སྟོན་པའི་དོན་དུ། དེ་ཡང་དབང་བསྐུར་རྣམ་པ་བཞི། །ཞེས་

གསུངས་ཏེ། དེ་ནི་དགའ་བ་ལ་སོགས་པའོ། །དེ་སྐད་དུ་ཡང་བརྟག་པ་གཉིས་པར་གསུངས་པ། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་སོ། །འདིར་ནི་ནུ་མའི་

བུམ་པའི་དང་། །བྱང་ཆུབ་ཀྱི་སེམས་ཀྱི་རྟེན་རྡོ་རྗེ་བུམ་པའི་བྱ་བ་བྱེད་པའི་ཕྱིར་ན་བུམ་པའི་དབང་དང་། ཀུན་དུ་སྤྱོད་པའི་ཁྱད་པར་ལས་སྐྱེས་པའི་ཕྱིར་སློབ་དཔོན་གྱི་དབང་ནི་དགའ་བའོ། །དེ་ལྟར་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེར་གསུངས་པ། བཅུ་དྲུག་ལོ་ལོན་གཟུགས་བཟང་

མ། །དགའ་བའི་རོ་ཡིས་དེ་གང་བ། །ཕྱག་རྒྱ་དེ་ནི་གཅེར་བུར་བྱ། །དང་པོར་དམ་ཚིག་སོགས་ཀྱིས་མཆོད། །དེ་རྗེས་ཁ་སྦྱོར་རྣལ་འབྱོར་གྱིས། །ཡང་དང་ཡང་དུ་འདོད་པ་སྤྱད། །ཇི་སྲིད་ས་བོན་འབྱུང་འགྱུར་བར། །ཆུང་ངུ་རུ་ནི་བསྲུབ་པར་བྱ། །ཆུ་སྐྱེས་སུ་ནི་བྱུང་བ་

เล่ม ๗ · หน้า 72a

ན། །སྙིང་གར་ཤིན་ཏུ་བྲན་པར་བྱ། །དེ་ཡིས་སློབ་དཔོན་དབང་མཆོག་ཏུ། །འགྱུར་རོ་ལེགས་དགའི་དབང་ཕྱུག་མ། །གསང་བའི་དབང་ནི་མཆོག་གྱུར་པ། །བཤད་ཀྱིས་གུས་པར་མཉན་པར་གྱིས། །གང་ཚེ་གསང་གནས་སྐད་ཅིག་གཅིག །བདེ་བ་

ལེགས་པར་གནས་འགྱུར་བ། །དེ་ཚེ་གསང་བར་ཡང་དག་བཤད། །གཞན་དུ་འཇིག་རྟེན་པར་འགྱུར་རོ། །ཤེས་རབ་ཡེ་ཤེས་དབང་བསྐུར་ཡང་། །ཀུན་དུ་རྙེད་དཀའ་བཤད་པར་བྱ། །ཤེས་རབ་ཁུ་བའི་ངོ་བོར་བཤད། །ཡེ་ཤེས་བདེ་བའི་རང་བཞིན་བཤད། །དབང་

བསྐུར་ཞུ་བ་ལྷུང་བ་སྟེ། །ཡེ་ཤེས་གནས་སྐབས་གཞན་དུ་བདེ། །དེ་འགོག་པ་ནི་བཞི་པར་བརྗོད། །ལྷན་སྐྱེས་ཡེ་ཤེས་མཚན་ཉིད་དོ། །ཞེས་སོ། །ད་ནི་དབང་བཞི་པའི་རྗེས་ཐོགས་སུ་རྗེས་སུ་གནང་བ་སྦྱིན་པའོ་ཞེས་སྟོན་པ། བྱང་ཆུབ་ཅེས་པ་ལ་སོགས་པའོ། །བྱང་ཆུབ་

སེམས་ཀྱི་དབང་བསྐུར་ནི་བཞི་པའོ། །ཆོས་ཀྱི་འཁོར་ལོ་ཞེས་པའི་ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྒྲ་བཅུག་པ་ལས་རིམ་པ་བཞིན་དུ་སློབ་མ་ལ་དེ་བཞིན་གཤེགས་པ་དེ་དང་དེ་བསྒོམས་པས་ལན་ལྔར་བཀླག་གོ། །རྡོ་རྗེ་སེམས་དཔར་བསྒོམས་པས་ཤེས་རབ་ཅེས་པ་ལ་སོགས་

པའི་ཚིགས་སུ་བཅད་པའོ་ཞེས་པ་རྗེས་སུ་གནང་བ་སྦྱིན་པའོ། །སྐྱེ་བ་འབྲས་བུར་བཅས་པ་ནི་དབང་བསྐུར་ཐོབ་པ་ལས་སོ། །སོན་པ་འབྲས་བུར་བཅས་ཏེ། གཞན་གྱི་དོན་བྱར་རུང་བ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་རིགས་སུ་སྐྱེས་པ་ནི་རབ་ཏུ་དགའ་བའི་ས་ཁོ་ནར་འགྱུར་ཏེ། ད་ལྟ་ནི་

དབང་བསྐུར་བ་བཞི་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་སྡོམ་པ་སྐྱེ་བ་ལས་དེར་རུང་བ་ཉིད་ཀྱིས་ན་བརྗོད་དོ། །སྒྲོལ་བ་དང་རྫོགས་པ་དང་བྱང་ཆུབ་གཞན་ལ་མངོན་པར་འདོད་པ་དང་བག་ཆགས་སྤངས་པ་རྣམས་ཀྱང་དེ་དང་དེར་རུང་བ་ཉིད་ཁོ་ནར་རིག་པར་བྱའོ། །ཀུན་འཛིན་གཞིག་པ་ནི་རྫས་

ལའོ། །ཕན་པ་ནི་ཕྱིས་འཕྲོད་པའོ། །ཤིན་ཏུ་དང་བ་ཞེས་པ་འདི་ནི་ཆོས་ཉིད་དེ་གང་ཆོ་ག་ཇི་ལྟ་བར་དབང་བསྐུར་བ་ནི་སྡུག་པའི་བུ་བཞིན་དུ་དང་བའི་ཡིད་ཀྱིས་དགེ་བའི་ཆེད་ཉིད་དུ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པའོ་ཞེས་པའོ། །ཁྱོད་ཀྱི་སྟེ་ཉིད་ཀྱི་མཐུ་ལས་ཞེས་འབྲེལ་ལོ། །

เล่ม ๗ · หน้า 72b

འདིའི་རྒྱས་པར་སྟོན་པ་རྫོགས་པར་བགྱི་ཞེས་པ་ལ་སོགས་པའོ། །གོ་འཕང་ནི་གནས་པའོ། །ཀུན་མཆོག་རྣམས་ཀྱིས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མཆོད་པའོ། །དབང་བསྐུར་ནི་དབང་བསྐུར་བ་གསུམ་མོ། །རྟོགས་བྱས་ཏེ་ཞེས་པ་བཞིན་རས་དང་བ་དང་

བ་སྤུ་ལྡང་བ་ལ་སོགས་པའི་རྟགས་རྣམས་ཀྱིས་སོ། །དབང་བསྐུར་རིན་ཆེན་ནི་བཞི་པ་སྟེ་བླ་ན་མེད་པའི་དགའ་བ་རྒྱས་པར་བྱེད་པས་ནའོ་ཞེས་བྱས་ནས་སོ། །དེ་ལྟར་འདིར་དབང་པོ་རབ་ཀྱི་སེམས་ཅན་གྱི་དབང་དུ་བྱས་པ་ལས་དཀྱིལ་འཁོར་དང་དབང་བསྐུར་གྱི་ཆོ་ག་མདོར་བསྡུས་ནས་

གསལ་བར་བྱས་ལ། རྒྱས་པར་ནི་ཁོ་བོས་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བར་བཤད་པ་ལས་རིག་པར་བྱའོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་དབང་བསྐུར་ཐོབ་པས་རྡོ་རྗེ་སེམས་དཔའ་ཉིད་ཀྱི་དངོས་གྲུབ་ཀྱི་ཆེད་དུ་སྤྱོད་པ་ལ་སྦྱོར་བ་གསུངས་པ། གང་ཞེས་པ་ལ་སོགས་པས་

སོ། །རབ་མཆོག་ཅེས་པ་ལ་སོགས་པ་ལ། རྡོ་རྗེ་འཛིན་པའི་བླ་ན་མེད་པའི་ཕུན་ཚོགས་ལོངས་སྤྱོད་ཆེད་དུ་སེམས་ཅན་གྱི་ཞིང་དག་པ་ཕུན་སུམ་ཚོགས་པ་ལས་དང་། སྣོད་ཀྱི་ཞིང་ཡང་དཔག་བསམ་གྱི་ཤིང་དང་རིན་པོ་ཆེའི་རང་བཞིན་གྱི་ས་གཞི་ལ་སོགས་པའི་ཕུན་སུམ་ཚོགས་པ་འཛིན་

པའི་ཆེད་དུ་དབང་བཞི་པའོ་ཞེས་པའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ཁོ་ན་ཤིན་ཏུ་བརྟན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུས་པར་བསྒོམ་པ་ནི་གོ་ཆ་སྟེ། བྱང་ཆུབ་ཏུ་སྟེ་དབང་བསྐུར་བ་རིན་པོ་ཆེའི་སེམས་བསྐྱེད་ནས། རྒྱ་ཆེ་བ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་

པའི་ཕྱིར་སྤྱད་དེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །འདིས་ནི་འཆད་པར་འགྱུར་བའི་སྒོམ་པ་མདོར་བྱས་པའོ། །དྲི་མ་མེད་པ་ནི་ལེ་ལོ་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དང་། ལྟུང་བའི་དྲི་མའི་རྙོག་པ་དང་བྲལ་བའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་སྡོམ་

པ་ཅན་གྱི་ལྟུང་བའི་རིས་ནི་གཉིས་ཏེ། རྩ་བའི་ལྟུང་བ་དང་སྦོམ་པོའི་ལྟུང་བ་ཞེས་བྱ་བ་དག་གོ། །དེ་ལ་བླ་མ་ལ་བརྙེས་པ་དང་དེ་བཞིན་གཤེགས་པའི་བཀའ་ལ་འགོང་བ་དང་ཞེ་སྡང་གིས་རྡོ་རྗེའི་སྤུན་ལ་སྐྱོན་གསལ་བར་བྱེད་པ་དང་། བྱམས་པ་གཏོང་བ་དང་། ཐེག་པ་གསུམ་

เล่ม ๗ · หน้า 73a

ལ་སྨོད་པ་དང་ཡོངས་སུ་མ་སྨིན་པ་ལ་གསང་བ་འཆད་པ་དང་། དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་ཕུང་པོ་ལྔ་ལ་སྨོད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལ་ཐེ་ཚོམ་ཟ་བ་དང་གདུག་པའི་བྱམས་པ་དང་། ཐོག་མ་དང་

ཐ་མ་དང་དབུས་སྟོང་པའི་ཆོས་ཐམས་ཅད་ལ་ཐོག་མ་དང་ཐ་མ་དང་དབུས་སུ་རྟོག་པ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། དད་པ་ཅན་གྱི་སེམས་སུན་འབྱིན་པ་དང་ཇི་ལྟར་རྙེད་པའི་དམ་ཚིག་མི་བསྟེན་པ་དང་བུད་མེད་ལ་སྨོད་པ་ཞེས་པ་རྩ་བའི་ལྟུང་བ་བཅུ་བཞི་རྣམས་

སོ། །དེ་བཞིན་དུ་སྟོབས་ཀྱི་རྣལ་འབྱོར་མ་རང་གིར་བྱེད་པ་དང་སྟོབས་ཀྱིས་དེའི་བྱང་ཆུབ་ཀྱི་སེམས་ལེན་པ་དང་གསང་བ་མི་སྦེད་པ་དང་དམ་ཚིག་ལ་རྩོད་པ་དང་། དད་པ་ཅན་ལ་ཕྱིན་ཅི་ལོག་གི་ཆོས་སྟོན་པ་དང་ཉན་ཐོས་ཀྱི་ཐེག་པ་རྣམས་དང་ལྷན་ཅིག་ཞག་བདུན་གནས་པ་དང་རྣལ་འབྱོར་

མི་ཤེས་པར་རྣལ་འབྱོར་པ་ཉིད་དུ་མངོན་པའི་ང་རྒྱལ་བ་དང་། མི་དད་པ་ལ་ཆོས་སྟོན་པ་ཞེས་པ་སྦོམ་པོའི་ལྟུང་བ་བརྒྱད་རྣམས་ཏེ། རྡོ་རྗེ་སེམས་དཔའི་སྡོམ་པ་ལ་གནས་པས་ཀུན་ནས་ཡོངས་སུ་སྤང་བར་བྱའོ། །ཡང་གཉིས་སུ་མེད་པའི་སྐབས་མངོན་དུ་བྱེད་པའི་གནས་སྐབས་ལས་འོག་

མའི་གནས་སྐབས་སུ་ལྷན་ཅིག་སྐྱེས་པ་མི་བསམ་པ་ལ་སོགས་པའི་རྣལ་འབྱོར་ལ་སོ་སོར་རེ་བས་ཇི་ལྟར་འདོད་པར་སྤྱོད་པའི་ཕྱིར་ན། ནང་རུལ་བའི་ཤིང་ཐོག་ཀུཥྨཎྜ་བཞིན་དུ་ཕྱི་རོལ་གྱི་ཚུགས་ཙམ་གྱིས་གནས་པར་མི་བྱའོ། །དེ་ཉིད་ཀྱི་ཕྱིར་སྙོམ་ལས་ལ་སོགས་པ་དང་བྲལ་

བ་ལས་བར་མ་ཆད་པར་ཕུལ་དུ་བྱུང་བས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་ལྡན་པའོ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་གཙོ་བོར་འཆད་པའི་ཕྱིར་གཞུང་ཡང་དེ་སྐད་དོ། །གཉིས་པའི་སྟེ་བརྟག་པའི་འོ། །དཔལ་ཡང་དག་པའི་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་

སྙེ་མར་སྙེ་མ་ལྔ་པའོ།། །།བྱང་ཆུབ་ཀྱི་སེམས་ཏེ་སྒོམ་པ་མེད་པར་གསལ་བར་འགྱུར་བ་མ་ཡིན་ནོ་ཞེས་དེ་མ་ཐག་པར་མདོར་བྱས་པ་དེ་རྒྱས་པ་དང་བཅས་པར་གསུངས་པའི་དོན་དུ་འཇུག་སྟེ་དེ་ནས་ཞེས་པ་ལ་སོགས་པས་སོ། །བྱང་ཆུབ་ཀྱི་སེམས་ཁོ་ན་ཡང་དང་ཡང་

เล่ม ๗ · หน้า 73b

དུ་ཡིད་ལ་བྱེད་པ་ནི་བསྒོམ་པ་སྟེ། རྐང་པ་བརྐྱང་བས་མངོན་པར་འདོད་པ་འགྲུབ་པ་ནི་མ་ཡིན་པས་སོ། །དེའི་ཕྱིར་རྡོ་རྗེ་སེམས་དཔའི་སྡོམ་པར་འཛིན་པ་སྔན་མ་ཅན་གྱིས་སྒྲུབ་པ་ལ་སྦྱར་བར་བྱའོ། །དེ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོར་གསུངས་པ། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་

པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཞན་དོན་ཞེས་པ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ནི་ཉན་ཐོས་ལ་སོགས་པའི་འོ། །རབ་མཐར་ཐུག་པ་ནི་སེམས་བསྐྱེད་པ་ཉི་ཤུ་པའི་བར་ཆད་མེད་པའི་

ལམ་གྱི་ངོ་བོའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པའི་ཕྱིར་དྲི་མེད་དོ། །སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རྨད་བྱུང་ངོ་། །དེར་གྱུར་པ་ན། འགྲིབ་དང་འཕེལ་ལས་རྣམ་པར་གྲོལ། །ཞེས་པ་དོན་དམ་

པར་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་དག་གིས་ཉམས་པ་དང་འཕེལ་བ་དག་མེད་པ་སྟེ། ཀུན་རྫོབ་ཏུ་ནི་ཡོད་པ་དག་ཁོ་ནའོ། །ཇི་ལྟར་བསྒོམ་ཞེ་ན། གསུངས་པ། ལྔ་ཞེས་པ་ལ་སོགས་པ་སྟེ། དོར་མི་བྱ་ནི་ཆད་པར་མི་བྱ་བའོ། །ཐེག་

གསུམ་པ་ནི་ཐེག་པ་གསུམ་ལ་རབ་ཏུ་གྲགས་པའོ། །འོ་ན་བྱིས་པ་དང་བུད་མེད་ལ་སོགས་པས་རྟོགས་པ་རྣམས་སྒོམ་པས་ཅི་ཞེ་ན། གསུངས་པ། ཆུ་ཤིང་ལྟ་བུར་ཞེས་པ་མ་རིག་པས་སྒྲོ་བཏགས་པའི་དོན་དམ་པར་ཡོད་པའི་རང་བཞིན་མེད་པའི་ཕྱིར་སྙིང་པོ་མེད་པ་ཉིད་དུ་རྟོགས་ཀྱི་ཀུན་

རྫོབ་ཏུ་ཡང་མེད་པར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཀྱི་དབྱིངས་དང་རང་བཞིན་མེད་པ་ཉིད་དུ་མཉམ་ཞིང་མཚུངས་པའི་རང་གི་ངོ་བོ་ཅན་གཟུགས་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་མཚན་ཉིད་ཐ་དད་པ་དངོས་པོ་པ་ནི་མ་ཡིན་ནོ། །མི་མཉམ་པ་རྣམས་

ཀྱང་སྟེ་ཀུན་རྫོབ་ཏུ་སོ་སོར་ཐ་དད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆད་པ་དང་རྟག་པའི་རང་གི་ངོ་བོ་དག་དང་མི་ལྡན་པའི་ཕྱིར་སྟོང་པ་དང་མི་སྟོང་པར་བསྒོམ་པ་བཀག་སྟེ། དོན་དམ་པར་རང་བཞིན་མེད་པ་ཉིད་ཁོ་ན་ཀུན་རྫོབ་ཏུ་ཡོད་པའི་གཟུགས་ལ་སོགས་པ་རྣམས་ཀྱི་རང་

เล่ม ๗ · หน้า 74a

བཞིན་ནོ་ཞེས་པས་སྟོང་པ་དང་མི་སྟོང་པའི་རང་གི་ངོ་བོ་སྤོང་བ་རིགས་པ་མ་ཡིན་ནོ། །གང་འཕགས་པས་གསུངས་པ། ཇི་ལྟའི་དེ་ཉིད་བརྗོད་པ་ན། །ཀུན་རྫོབ་འཆད་པ་ཉིད་མ་ཡིན། །ཀུན་རྫོབ་ལས་ནི་ལོགས་པ་རུ། །དེ་ཁོ་ན་ཉིད་དམིགས་

པ་མེད། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་དག་བཞིན། །ཞེས་སོ། །སྒོམ་པ་ཞེས་པ་རྟོག་པའོ། །ཉུང་བ་མིན་པའི་རྣམ་པར་རྟོག་པའི་དྲ་བ་ནི་དངོས་པོ་དང་དངོས་པོ་མེད་པར་འཛིན་པའི་

རྩ་བ་ཅན་ཉིད་ཀྱི་ཕྱིར་རོ། །རྣམ་འགྱུར་མེད་ཅེས་པ་སྒྲོ་འདོགས་པ་མཐའ་དག་མེད་པའི་ཕྱིར་རོ། །དོགས་པ་མེད་པ་ནི་ཐེ་ཚོམ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ལམ་གཞན་མངོན་པར་མི་འདོད་པའོ། །དེ་ལྟར་ཡང་བསོད་ནམས་འབྱུང་བའི་ཕྱིར་སྡིག་པ་མེད་པའོ། །གང་འཕགས་

པས་གསུངས་པ། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་གཅིག་ཀྱང་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །འདི་ཙམ་ཞེས་པ་བགྲང་མི་ནུས། །ཞེས་སོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་ཡང་། །འདིས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །

སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་མདོར་ཡང་། །གང་རྣམས་ཕྱི་མའི་དུས་སུ་ཞུམ་པ་མེད་པར་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཡང་དག་པར་བླངས་པ་བརྟན་པ་བྱང་ཆུབ་ཀྱི་ཆེད་དུ་ལྷག་པའི་བསམས་ཕུན་

སུམ་ཚོགས་པ་རྣམས་འབྱུང་སྟེ། དེ་རྣམས་ཀྱིས་གང་ངན་སོང་མྱོང་བར་ངེས་པའི་ལས་མངོན་པར་འདུས་བྱས་པ་འབྱུང་བ་དེ་ཕྱི་མའི་དུས་སུ་མགོ་ན་བ་ཙམ་གྱིས་སམ་སེམས་ཀྱི་སྡུག་བསྔལ་ཙམ་གྱིས་སམ་ནད་མང་བ་ཙམ་གྱིས་སམ་དབུལ་པོའི་རིགས་སུ་སྐྱེས་པས་ཡོངས་སུ་ཟད་

པར་འགྱུར་རོ་ཞེས་སོ། །དང་པོ་ཐ་མའི་རྟོག་ལས་གྲོལ་ནི་ཐོག་མ་དང་ཐ་མ་མེད་པ་དེ་ཁོ་ན་ཉིད་གཅིག་པུའི་མཐར་ཐུག་པ་ཉིད་ཀྱི་ཕྱིར་ཏེ། དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །དེ་ཡང་བདག་དང་སྐྱེས་བུ་དང་གང་ཟག་ལ་སོགས་པ་དང་བྲལ་བ། གཟུང་བ་གཟུགས་

เล่ม ๗ · หน้า 74b

ཀྱི་ཕུང་པོ་དང་དེ་ལས་གཞན་འཛིན་པ་སྤངས་པ་ཆོས་རྣམས་སྒྱུ་མ་ལ་སོགས་པ་བཞིན་དུ་རང་བཞིན་མེད་པ་ཉིད་ཀྱིས་ན་རིགས་པ་མཚུངས་པ་ཉིད་ཀྱི་ཕྱིར་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་གསུངས་པ། དངོས་པོ་ཐམས་ཅད་དང་བྲལ་བ། །

ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །ནམ་མཁའ་བཞིན་ཞེས་པ་སྤྲོས་པ་མེད་པ་ཉིད་ཀྱིས་སོ། །གང་

འཕགས་པས་གསུངས་པ། དམིགས་པ་མེད་པའི་སེམས་ལྡན་པའི། །ནམ་མཁའི་མཚན་ཉིད་ཅན་གནས་ཏེ། །ནམ་མཁའ་བསྒོམ་པ་འདི་ཁོ་ན། །སྟོང་པ་ཉིད་ནི་བསྒོམ་པར་འདོད། །ཅེས་སོ། །དེ་ལྟར་ཡང་སེམས་ཅན་གྱི་དོན་ལ་ཕྱིར་ཕྱོགས་པ་ལས་དང་པོ་པ་

ལ་སྲིད་པ་འགོག་པ་སྟེ། མི་བྱ་ཞེས་པ་ལ་སོགས་པས་སོ། །སེམས་ཅན་ཡང་ཡོད་པ་ཉིད་དང་མེད་པ་ཉིད་དག་ཏུ་བརྟག་པར་མི་བྱ་སྟེ་དངོས་པོ་དང་དངོས་པོ་མེད་པ་དག་མི་རིགས་པའི་ཕྱིར་རོ། །འདིས་ནི་སྒྲུབ་པའི་གནས་གསུངས་སོ། །དེ་ནི་མདོར་བསྡུས་པས་བྱང་ཆུབ་ཀྱི་

སེམས་བསྒོམ་པ་བསྒོམས་པ་ལས་བྱུང་བ་དང་སྦྱིན་པ་ལ་སོགས་པ་རྗེས་སུ་བསྒྲུབ་པའོ། །བྱང་ཆུབ་ཀྱི་སེམས་དེ་ནི་ཤེས་རབ་དང་ཐབས་ཁོ་ནའོ། །དེ་ལྟར་ན། སྤྲོས་པ་མེད་ཅེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པར་གྱུར་པར་རྟོགས་པ་ནི་ཤེས་རབ་བོ། །

སྤྲོས་པ་མེད་པ་ཉིད་འདི་ཅི་ཞིག །མདོར་བསྡུ་ན་ཇི་སྲིད་དུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་དེ་ཐམས་ཅད་ནི་ཕྱིན་ཅི་ལོག་པ་སྤྲོས་པ་སྟེ། སྤྲོས་པ་མེད་པ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དོ། །འོ་ན་སྟོང་པ་ཉིད་ཁོ་ན་སྤྲོས་པའོ་ཞེ་ན། སྟོང་པ་ཉིད་ཀྱི་

སྒྲས་ཅུང་ཟད་ཀྱང་སྒྲུབ་པ་མེད་ཀྱི། སྟོང་པ་ཉིད་ཀྱི་བརྗོད་པ་གསལ་བ་ནི་སྒྲོ་འདོགས་པ་མཐའ་དག་ལྡོག་པ་རྟོགས་པར་བྱེད་པས་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་མངོན་པར་གསལ་བར་བྱེད་ཅེས་པས་དེ་བརྗོད་བྱར་ཉེ་བར་བཏགས་པ་ལས་བརྗོད་དེ། སྟོང་

เล่ม ๗ · หน้า 75a

པ་ཉིད་ལ་སོགས་པའི་སྒྲ་རྣམས་ལས་སྒྲོ་འདོགས་པ་མཐའ་དག་ལྡོག་པའི་ངོ་བོ་དེ་ཁོ་ན་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་རོ། །ཐབས་ནི་སྙིང་རྗེ་ཆེན་པོ་སྟེ། འདིས་སེམས་ཅན་གྱི་དོན་བྱེད་པའོ་ཞེས་པས་སེམས་ཅན་གྱི་དོན་བྱེད་དོ། །རྣམ་པར་རྟོག་

པ་མེད་པའི་གནས་སྐབས་ན་ཡང་སྙིང་རྗེ་ཆེན་པོ་གོམས་པའི་བག་ཆགས་སད་པ་ལས་ལྷུན་གྱིས་གྲུབ་པར་འབྱུང་བའི་གཞན་གྱི་དོན་བྱ་བ་འབྱུང་བ་ནི་སྙིང་རྗེ་ཆེན་པོ་ཁོ་ནས་ཏེ། དེའི་དབང་ཁོ་ནས་དེ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ནི་སྟོང་པ་ཉིད་དང་

སྙིང་རྗེ་དབྱེར་མེད་པའོ་ཞེས་བཤད་དོ། །དེ་ཡང་བསྒོམ་པར་བྱ་བཞིན་པ་ཡང་དོན་དམ་པར་དམིགས་པ་མེད་པ་སྟེ་ཆོས་ཐམས་ཅད་རང་བཞིན་མེད་པར་དམིགས་ནས་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་དག་དེའི་བདག་ཉིད་ཁོ་ནར་བསྒོམ་སྟེ། ཐབས་དང་ཤེས་རབ་ཀྱི་ཐ་སྙད་

ཐ་དད་པ་ནི་ལྡོག་པས་བྱས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཅིག་གྱུར་པ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་བདེན་པ་གཉིས་སུ་བྱར་མེད་པ་མཐོང་བ་ཙམ་གྱིས་གྲོལ་བའི་ཕྱིར་སྒོམ་པ་པོ་དང་སྒོམ་པ་དང་བསྒོམ་པར་བྱ་བའོ་ཞེས་མངོན་པར་ཞེན་པ་ཟུང་འཇུག་གི་རིམ་པ་རྟོགས་པ་རྣམས་

ལ་མེད་དོ་ཞེས་གསུངས་པ། མེད་ཅེས་པ་ལ་སོགས་པ་སྟེ། དེ་ལྟ་ན་བསྒོམ་བྱ་དང་སྒོམ་པ་པོ་དང་སྒོམ་པ་ལས་འདས་པ་གདོད་མ་ནས་མ་སྐྱེས་པ་རང་བཞིན་ཞི་བའི་ལུས་དང་ངག་དང་སེམས་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཞེས་བཤད་པར་འགྱུར་

རོ། །དེ་ནི་དེ་ཉིད་སྒོམ་པ་ཞེས་པ། གང་རྣམ་པར་རྟོག་པ་མཐའ་དག་ཉེ་བར་ཞི་བ་ཁོ་ནས་ཡིན་པའོ། །དེ་ལྟར་ན་རང་བཞིན་སྟོང་པའི་ཆོས་རྣམས་ཐམས་ཅད་ལ་སྒོམ་པ་དངོས་པོ་མེད་ཅིང་། ཉེ་བར་སྟོན་བཞིན་པ་ཡང་སྒྱུ་མའི་གཟུགས་བཞིན་དུ་དོན་གྱིས་སྒོམ་པ་ནི་སྒོམ་པ་

ཁོ་ནར་མི་འགྱུར་ཏེ། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དང་རྣམ་པར་རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྗེས་སུ་མཐུན་པ་ཙམ་ཉིད་ཀྱིས་ཉེ་བར་དགོད་པའོ། །དེ་ལྟར་ན་ཡང་ལྷའི་རྣམ་པ་ལ་སོགས་པའི་དངོས་པོ་ནི་བསྒོམ་པར་བྱ་བའི་ངོ་བོར་མི་འགྱུར་ཏེ། གང་གི་ཕྱིར་འདི་

เล่ม ๗ · หน้า 75b

ལ་སྒོམ་པ་ཉེ་བར་མི་དམིགས་ཏེ། རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་སྒོམ་པ་ཁོ་ན་མིན། །དེ་བས་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །འོ་ན་རྣམ་པར་མི་རྟོག་

པ་སྒོམ་པ་ཞེས་པའི་དོན་ཅི་ཞེ་ན། བདེ་བ་ཆེན་པོའི་ཐབས་ཀྱི་ཆོས་ཐམས་ཅད་སེམས་པ་མེད་པ་ཁོ་ན་ནི་སྒོམ་པ་ཞེས་པའི་དོན་ཏོ། །དེ་ཅི་བདེ་བ་ཆེན་པོའི་རྣམ་པར་རྟོག་པ་སུན་མ་ཕྱུང་ངམ་ཞེ་ན། སུན་ཕྱུང་བ་མ་ཡིན་ཏེ། དེ་ཡང་འགྲོ་བ་དང་ཐ་མི་དད་པ་ཉིད་ཀྱིས་ན་འགྲོ་བ་

སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་ཏེ། སྟོང་པ་ཉིད་བསམ་པར་ནུས་པ་ཡང་མ་ཡིན་ནོ་ཞེས་པས་དེའི་རྣམ་པར་རྟོག་པ་ཡང་སྐྱོན་པ་སྟེ། རྣམ་པར་མི་རྟོག་པའི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ནི་རྗེས་སུ་བསྟན་པ་སྟེ། ཇི་སྐད་དུ་གསུངས་པ། འཁྲུལ་པ་རྣམས་ཀྱང་ཉེར་

མཁོའི་ཆེད། །འཁྲུལ་པ་གཞན་ནི་སེལ་བའི་ཕྱིར། །ཞེས་སོ། །དེའི་ཕྱིར་རྣམ་པར་མི་རྟོག་པར་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་ཁོ་ན་དོན་དམ་པ་ལ་རྒྱུན་དུ་འཇུག་པ་ན། སྒོམ་པ་ཞེས་གདགས་པར་བྱའོ། །གལ་ཏེ་དེ་ལྟ་ན་ང་ནི་ད་ལྟ་ཚོགས་གཉིས་རྗེས་སུ་སྒྲུབ་པའི་

བྱེད་པ་པོ་སྟེ་དེའི་འབྲས་བུ་རྣམས་ཀྱང་ཉེ་བར་སྤྱད་པར་བྱའོ། །དེ་ལྟ་ན་བདག་ནི་སྒྲུབ་པ་པོ་དང་ལམ་ནི་གཏོང་བ་པོ་དང་སྒྲིབ་པ་གཉིས་སྤང་བར་བྱ་བ་དང་གཟུང་བྱ་སངས་རྒྱས་ཉིད་དོ་ཞེས་པའི་རྣམ་པར་རྟོག་པར་མི་འགྱུར་ཞིང་། དེ་ལྟར་གྱུར་ན་ཅི་ཞིག་ལ་ཡང་འཇུག་པ་

དང་ལྡོག་པ་དག་མེད་པར་འགྱུར་རོ་ཞེ་ན། བདེན་ཏེ། གང་ཕྱིར་འཇུག་པ་དང་ལྡོག་པ་དག་དོན་དམ་པ་རྣམ་པར་དཔྱོད་པ་མ་ཡིན་པས་སོ་ཞེས་གསུངས་པ། ཅི་ཡང་མེད་ཅེས་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་མངོན་དུ་བའི་དུས་ལས་སྔོན་དུ་ནི། གང་ལས་བདག་གི་སྐྱོན་

འདི་ཟད་པར་འགྱུར་ཞེས་པས་ལམ་གོམས་པ་ལ་འཇུག་པ་གེགས་མེད་པར་འཇུག་པར་འགྱུར་བ། འཇུག་པ་དང་ལྡོག་པ་དག་ཐ་སྙད་དུ་ཡོད་པ་ཁོ་ན་སྟེ། དེ་ཁོ་ན་ཉིད་ཀྱི་ངེས་པ་དེའི་བདག་ཉིད་དུ་གྱུར་པ་མེད་པའི་ཕྱིར། ཐོག་མ་མེད་པའི་མ་རིག་པའི་བག་ཆགས་

เล่ม ๗ · หน้า 76a

ཀྱིས་སེམས་དབང་དུ་བྱས་པས་ངེས་པར་འདྲིས་པ་མ་ཡིན་པ་ཁོ་ནའི་ཐ་སྙད་དུ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ཐོབ་པ་ན་ཡང་བསྒོམ་པའི་ལམ་ལ་ལྟོས་སོ། །འདི་ལྟར་སྒོམ་པ་འདི་ཁོ་ན་ལ་ཇི་ལྟར་འགྲོ་བ་སྣང་བ་དེ་གསུངས་

པ། དྲི་ཟ་ཞེས་པ་ལ་སོགས་པའོ། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་ཐམས་ཅད་ཀྱི་དབང་པོའི་ཤེས་པས་ཀུན་རྫོབ་ཏུ་རྟོགས་ཤིང་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པ་མེད་པ་དེ་ལྟར་འགྲོ་བའོ་ཞེས་པའི་དོན་ཏེ། ཅུང་ཟད་གནས་པ་ཞེས་འབྲེལ་

ཞིང་། འགྲོ་རྣམས་དེ་བཞིན་ནོ་ཞེས་པ་ལྷག་མའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་བདེ་བའི་རང་བཞིན་གྱི་ཐབས་མེད་པར་མི་སྐྱེའོ་ཞེས་ཐབས་མདོར་སྟོན་ཏེ། ཇི་ལྟར་ཞེས་པ་ལ་སོགས་པའོ། །རེག་པའི་བདེ་བ་ཉམས་སུ་མ་མྱོང་བ་ཉིད་ཀྱིས་ན་གཞོན་ནུ་སྟེ། ལོ་བཅོ་བརྒྱད་ཀྱི་བར་རོ། །

དེ་སྐད་དུ་གཞོན་ནུ་དང་གཞོན་ནུ་མ་ནི་ལོ་བཅོ་བརྒྱད་དོ་ཞེས་འདུལ་བར་གསུངས་པའི་ཕྱིར་རོ། །དེ་དག་སྙོམས་པར་འཇུག་པ་ན་ཇི་ལྟར་བདེ་བ་ཆེན་པོ་ཅི་ཡང་སྐྱེ་བ་ལྟར་རྣལ་འབྱོར་པ་ཤེས་རབ་དང་སྙོམས་པར་འཇུག་པ་ན་སྟེ། ཁྱད་པར་ནི་བདེ་བ་ཆེན་པོ་སྐྱེ་བའི་ཆེད་དུ་དང་

རྒྱུན་གནས་པའི་ཆེད་དུ་འགྱུར་བ་མེད་པ་གོམས་པ་ལས་རྣལ་འབྱོར་པ་དང་ཤེས་རབ་དག་འདུ་བའོ། །འདུ་བ་རྒྱས་པར་སྟོན་ཏེ། བྷ་གར་ལིང་ག་རབ་བཞག་ནས། །ཞེས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་པ་སྟེ། སངས་རྒྱས་ནི་བྱང་ཆུབ་ཀྱི་སེམས་

རྡོ་རྗེ་རྡོ་རྗེ་འཛིན་པ་སྟེ། དེར་བདག་ཉིད་དང་ཤེས་རབ་ཀྱང་དེའི་རང་བཞིན་དུ་བསྒོམ་པར་བྱ་ཞིང་། བསྐྱེད་པའི་རིམ་པ་སྒོམ་པ་པོས་དེ་རྡོ་རྗེ་སྙེམས་མའི་ངོ་བོར་དེ་འཆད་པར་འགྱུར་བའི་རིམ་པས་སོ། །ཡེ་ཤེས་ཅི་ཡང་ཞེས་པ་བདེ་བ་ཆེན་པོའི་ཞེས་པའི་དོན་ཏོ། །ཐོག་མ་

དབུས་མཐའ་དྲི་མེད་པ། །ཞེས་པ་ཐོག་མ་དང་དབུས་དང་ཐ་མ་རྣམས་སུ་རྟོག་པ་མེད་པའོ། །དེ་རྣམས་ཁོ་ནའི་སྐྱེ་བ་དང་གནས་པ་དང་འགག་པའི་མཚན་ཉིད་ཅན་རྣམས་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་རོ། །ཡང་ན་དགའ་བ་དང་མཆོག་དང་ཁྱད་པར་གྱི་དགའ་བ་རྣམས་ལ་ཉེ་བ་

เล่ม ๗ · หน้า 76b

ལྷན་ཅིག་སྐྱེས་པ་ནི་རྣམ་པར་མི་རྟོག་པའོ། །དེ་ཡང་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པས་མཉམ་པར་མ་བཞག་པའི་སྐབས་སུ་ཡང་རྣལ་འབྱོར་རྫོགས་པར་བྱེད་དོ་ཞེས་གསུངས་པ། ལྟ་བའི་ཞེས་པ་ལ་སོགས་པའོ། །གཞན་དུ་སོང་བའི་སེམས་ཀྱིས་མིན། །

ཞེས་པ་དེ་ཁོ་ན་ཉིད་ལ་གཅིག་ཏུ་མཐར་ཐུག་པ་ཉིད་ཀྱིས་རྣམ་པར་མ་གཡེངས་པའི་ཡིད་ཅན་རྣམས་ཀྱིའོ། །རྒྱུན་དུ་ནི་རྒྱུན་མི་འཆད་པར་རོ། །རྣམ་པར་རྟོག་པ་རབ་ཏུ་རྒྱུ་བའི་ཕྱིར་མཉམ་པར་མ་བཞག་པ་ན་ཡང་། བྱང་ཆུབ་སེམས་ཀྱི་རང་བཞིན་ཁོ་ནར་འགྲོ་བ་མོས་

པར་བྱེད་པ་རྣམས་ཀྱིས་མཉམ་པར་མ་བཞག་པའི་རྣལ་འབྱོར་སྐྱེའོ། །དེ་ཁོ་ན་ཉིད་དང་མཐར་ཐུག་པའི་སེམས་རྣམ་པར་མི་རྟོག་པ་ནི་མཉམ་པར་བཞག་པའི་རྣལ་འབྱོར་རོ། །དེ་ཁོ་ན་ཉིད་ལས་ཕ་རོལ་ཏུ་ཕྱོགས་པ་ཐམས་ཅད་ཁོ་ན་ནི་རྣམ་པར་གཡེངས་པའོ། །འདི་ནི་ཞེས་པ་

ནི་བདེ་བ་ཆེན་པོའོ། །མཆོག་ནི་འཇིག་རྟེན་ལས་འདས་པ་སྟེ་སྒོམ་པས་འགྱུར་རོ། །ཕ་རོལ་ཕྱིན་པ་ཀུན་རང་བཞིན། །ཞེས་པ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདིར་རབ་ཏུ་དགའ་བ་ལ་སོགས་པའི་སའི་ངོ་བོ་ཉིད་དུ་གསུངས་

པའོ། །སྒོམ་པ་མཆོག་ཅེས་པ་བསྐྱེད་པའི་རིམ་པ་ལ་ལྟོས་པས་སོ། །དེ་ལྟར་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དང་ཁྱབ་པར་བྱེད་པ་ཉིད་དུ་བསྒྲུབས་ནས་སྒོམ་པ་སླར་ཡང་བརྟན་པར་བྱེད་དེ། དེ་ཉིད་ཅེས་པ་ལ་སོགས་པས་སོ། །དེ་ཉིད་ནི་བདེ་བ་ཆེན་པོའོ། །དངོས་པོ་སྟེ་

ཡོད་པ་ཉིད་དང་དངོས་མེད་དེ་མེད་པ་ཉིད་ཅིང་། དེ་དག་ཅུང་ཟད་མེད་དེ། སེམས་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་འབྱུང་བའོ་ཞེས་པས་དངོས་པོ་སྟེ། སྔར་མེད་པ་ཉིད་འབྱུང་བ་ཁོ་ན་ལ་རྣམ་པར་གཞག་པར་

བྱ་ཞིང་། དོན་དམ་པར་ཡང་སྐྱེ་བ་མེད་པའི་ཕྱིར་དངོས་པོའི་ངོ་བོ་ཉིད་མེད་པའོ། །དེ་ཉིད་ཀྱི་ཕྱིར་དེ་ཉམས་པའི་ངོ་བོ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མེད་དོ། །ཚད་མ་གང་གིས་འདི་རང་བཞིན་མེད་པ་ཉིད་དུ་བསྒྲུབ་པ་དེ་ནི་བདག་ཅག་གིས་རྒྱས་པ་དང་བཅས་པར་དེ་བུ་

เล่ม ๗ · หน้า 77a

མའི་སྙེ་མར་ཉེ་བར་བཀོད་ཅིང་། ཐུབ་པའི་དགོངས་པའི་རྒྱན་དུ་ཡང་ལུང་གི་རྗེས་སུ་འབྲང་བ་སྟེ། མདོར་བསྡུས་པས་འཇིགས་པ་མེད་པའི་གཞུང་འགྲེལ་དུའོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་མེད་པའི་ཕྱིར་སྤྲོས་པ་ཐམས་

ཅད་མེད་པ་སྟེ། དེ་རྣམས་དངོས་པོ་དང་དངོས་པོ་མེད་པ་ལ་བརྟེན་པ་ཉིད་ཀྱིས་ན་དེ་དག་གིས་ཁྱབ་པ་ཉིད་ཀྱི་ཕྱིར་ན། ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡང་མེད་པའི་ཕྱིར་རོ། །འདི་ཁོ་ན་ཡང་དེ་ཁོ་ན་ཉིད་མཐོང་བ་སྟེ། གང་ཤེས་རབ་ཀྱི་མིག་གིས་ངེས་པར་དཔྱད་པ་

ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པ་ན་ཆོས་རྣམས་ཐམས་ཅད་མ་མཐོང་བའོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་མཐོང་ཡང་མཐོང་བ་མེད་པའོ། །འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་མངོན་པར་དགོངས་ཀྱི་

གཉིད་ལོག་པ་དང་མིག་བཙུམས་པ་དག་གི་བཞིན་དུ་གང་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཁོ་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་བསལ་བར་བྱའི་ཚེར་མ་འདོན་པར་བྱ་བ་བཞིན་དུ་ནི་མ་ཡིན་ནོ་ཞེས་པ་ངེས་པའོ། །དེ་ལྟར་དངོས་པོ་དང་

དངོས་པོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་སོགས་པ་ཡིད་ལ་བྱེད་པ་བསལ་བས་ཐམས་ཅད་ལས་ཡིད་བསྡུས་ཏེ། ཅུང་ཟད་ཀྱང་མི་བསམ་སྟེ། དེ་གསུངས་པ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་

པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །རྣལ་འབྱོར་པ་དེ་དེ་ལྟར་མི་སེམས་པ་ལས་གང་བླ་མའི་བཀའ་དྲིན་གྱིས་རྟོགས་པ་ཁོ་ནའི་བཅོམ་ལྡན་འདས་མ་ཤེས་རབ་མ་བསྐྱེད་དེ། ཚད་མ་དང་གཞལ་བྱའི་ཆ་ཡང་དག་པར་བྲལ་བ་ཉིད་ཀྱིས་ན། ཀུན་རྫོབ་པའི་

རང་གསལ་བའི་རང་བཞིན་སྤྲོས་པ་མེད་པ་ཉིད་ཀྱིས་ན་སྤྲོས་པའི་བདག་ཉིད་ཀྱི་འཁོར་བའི་རང་བཞིན་གྱི་སྡུག་བསྔལ་གྱི་ཚོགས་དང་བྲལ་བ་མཆོག་ཏུ་དགའ་བའི་རང་གི་ངོ་བོའོ། །དེ་མཐོང་བ་མེད་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ནས་དེའི་མཐུ་ལས། ཀྱེ་མ་མ་ལ་གཏི་

เล่ม ๗ · หน้า 77b

མུག་གི་ནུས་པ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཡང་བདག་ཉིད་མ་རྟོགས་ཏེ། འདི་རྣམས་ཅི་ལྟར་རྟོགས་པར་བྱ་ཞེས་པ་རྣམ་པར་བསམས་ནས། དེའི་བདག་ཉིད་ཁོ་ནར་འགྲོ་བ་མཐའ་དག་དམིགས་ནས་དམིགས་པ་མེད་པའི་ངོ་བོའི་

སྙིང་རྗེ་ཆེན་པོ་སྐྱེའོ། །དེའི་བདག་ཉིད་ཅན་ཁོ་ནའི་རྫོགས་པའི་དཀྱིལ་འཁོར་གྱི་ངོ་བོའི་བདག་ཉིད་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ནི་བཅོམ་ལྡན་འདས་མ་ཤེས་རབ་མ་མིང་གཞན་ཕྱག་རྒྱ་ཆེན་མོ་དང་དེའི་བདག་ཉིད་ཀྱི་ཕྱིར་དབྱེར་མེད་པའི་རང་

བཞིན་དུ་ལྟའོ། །དེའི་ཚེ་སྟོང་པ་ཉིད་དང་སྙིང་རྗེ་དག་དེའི་བདག་ཉིད་དེ། དེ་ཡང་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ལ་གང་ཚེ་གང་གི་ཚེ་སེམས་བརྟན་པར་འགྱུར་བ་དེའི་ཚེ་དང་དེའི་ཚེ་ཁོ་ན་མཉམ་པར་གཞག་པའི་རྣལ་འབྱོར་ཏེ། གཞན་གྱི་ཚེ་ནི་མཉམ་པར་མ་

བཞག་པའི་རྣལ་འབྱོར་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་རྫོགས་པའི་རིམ་པ་ལ་ཕྱག་རྒྱའི་རྣལ་འབྱོར་མེད་ཀྱང་མཉམ་པར་གཞག་པའི་རྣལ་འབྱོར་དུ་ཉེ་བར་བསྟན་ཏེ། བདེ་བ་ཆེན་པོའི་ཐབས་ཀྱིས་ཆོས་ཐམས་ཅད་ལ་མཉམ་པར་མི་རྟོག་པར་གནས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་དངོས་

གྲུབ་ནི་ཕྱག་རྒྱའི་རྣལ་འབྱོར་ཁོ་ན་ལས་སོ། །སྟོང་པ་ཉིད་དང་སྙིང་རྗེ་དག་དེའི་བདག་ཉིད་ཀྱི་རྣལ་འབྱོར་འདི་ཁོ་ན་ནི། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་

འདུས་པ་ཕྱི་མར་གསུངས་པའི་ཡན་ལག་དྲུག་གི་རྣལ་འབྱོར་རོ། །དེ་ལྟར་ནི་གཞོན་ནུ་མའི་པྲ་ཕབ་པ་ན་མཐོང་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་རང་གི་ཡུལ་རྣམས་ལ་མ་ཆགས་པ་ནི་སོ་སོར་སྡུད་པ་སྟེ། སོ་སོར་དེ་རྣམས་ལས་དབང་པོ་རྣམས་སྡུད་ཅིང་འགུགས་

པའོ་ཞེས་བྱས་ནས་སོ། །དེ་ལས་རྣམ་པར་གཡེང་བ་དང་བྲལ་བས་བསམ་གཏན་ཏེ། དེ་ཡང་རྟོག་པ་དངོས་པོ་མེད་པར་རྟོག་པ་དང་། དཔྱོད་པ་དངོས་པོའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྣམ་པར་དཔྱོད་པ་དང་། དེ་ལྟར་ཕྱི་རོལ་གྱི་ཡུལ་ལ་བཀློག་པས་ཡིད་ཙམ་པ་ནང་དུ་ཕྱོགས་པས།

เล่ม ๗ · หน้า 78a

ལྷའི་བདག་ཉིད་དུ་དམིགས་བཞིན་པ་བླ་ན་མེད་པའི་ཤེས་རབ་དང་ཐབས་རོ་གཅིག་པར་རྣམ་པར་དཔྱོད་ཅིང་། །དེ་ཁོ་ན་ཉིད་ལ་འཇུག་པར་མངོན་དུ་ཕྱོགས་པས་གང་ཡིད་བདེ་བ་ཉིད་དེ་དགའ་བ་དང་། དེ་ལས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པ་

བདེ་བ་དང་། དེ་ལྟར་གོམས་པ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པར་མཐར་ཐུག་པའི་ཤེས་རབ་ཀྱི་བདག་ཉིད་སེམས་རྩེ་གཅིག་པ་ཉིད་ཅེས་པ་རྣམ་པ་ལྔའོ། །དེ་ནས་ལ་ལ་ནཱ་དང་ར་ས་ནཱ་དག་འགགས་པའི་ཨ་ཝ་དྷཱུ་ཏཱིའི་ལམ་ཁོ་ནར་འཇུག་པ་དང་གནས་པ་དང་འབྱུང་བའི་བདག་

ཉིད་ཀྱི་སྲོག་གི་རླུང་ཕྲ་མོ་འཇུག་པ་ནི་སྲོག་རྩོལ་ལོ། །དེ་ནས་ཨ་ཝ་དྷཱུ་ཏཱིའི་ལས་ཕྱིར་མ་བྱུང་བ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བའི་པདྨའི་ལྟེ་བ་རྣམས་སུ་ས་དང་ཆུ་དང་མེ་དང་རླུང་རྣམས་རིམ་པས་སྡུད་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་སེམས་ཀྱི་བཞོན་པ་

སྲོག་གི་རླུང་འཇུག་པ་སྟོང་པ་ཉིད་དང་རོ་གཅིག་པ་ནི་འཛིན་པ་སྟེ། དེའི་ཚེ་གཏུམ་མོ་རང་བཞིན་གྱིས་འབར་ཞིང་། རི་བོང་ཅན་ཡང་དེས་མཆོག་ཏུ་སྦར་བ་ཆེས་ཤིན་ཏུ་འཛག་གོ། །དེའི་ཚེ་རྡོ་རྗེ་ནོར་བུའི་ནང་དུ་སོན་པ་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་རིམ་གྱིས་རྒྱུ་མཐུན་

པ་ལ་སོགས་པས་བདེ་བ་རྫོགས་པ་དྲི་མ་མེད་པ་ཇི་སྲིད་པར་འགྲོ་བར་འགྱུར་རོ། །དེ་ནས་འཛིན་པས་སེམས་རབ་ཏུ་ཞུགས་པ་ན་རང་གི་ངང་གིས་སྨིག་རྒྱུ་དང་དུ་བ་དང་མཁའ་སྣང་དང་སྒྲོན་མ་དང་རྟག་ཏུ་སྣང་བ་ཞེས་པ་མཚན་མ་སོ་སོར་སྣང་བ་སྔོན་མ་ཅན། རྫོགས་པའི་

དཀྱིལ་འཁོར་གྱི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་མེད་པ་སྟེ། དེ་ལས་འོད་ཟེར་དུ་མ་འཕྲོ་བའོ། །དེ་ནས་ཁམས་གསུམ་དུ་ལྷའི་འཁོར་ལོ་སྤྲོ་བ་ཞེས་པ་རྗེས་སུ་དྲན་པ་སྟེ། དེ་ལ་གནས་པའི་ཕ་རོལ་ལ་ཡང་སྐལ་པ་ཇི་ལྟ་བར་སོ་སོར་སྣང་བར་

འགྱུར་རོ། །དེ་ནས་དེ་ཁོ་ན་རྣམ་པར་རྟོག་པ་མེད་པའི་རྣལ་འབྱོར་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་དུ་འཇུག་པའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ཏིང་ངེ་འཛིན་ནོ་ཞེས་པའོ། །ཡན་ལག་དྲུག་གི་ཕན་ཡོན་ནི་འདུས་པ་

เล่ม ๗ · หน้า 78b

ཕྱི་མར། སོ་སོར་སྡུད་པས་སྙོམས་ཞུགས་ནས། །སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །བསམ་གཏན་ཡེ་ཤེས་སྙོམས་ཞུགས་ནས། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །སྲོག་གི་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

གཟིགས། །འཛིན་པའི་སྟོབས་ཀྱིས་རྟག་པར་ནི། །རྡོ་རྗེ་སེམས་དཔའ་མཉམ་པར་འཇུག །རྗེས་དྲན་ཡང་དག་སྦྱོར་བ་ལས། །འོད་ཀྱི་དཀྱིལ་འཁོར་སྐྱེ་བར་འགྱུར། །ཏིང་འཛིན་དབང་འགྱུར་ཙམ་གྱིས་ནི། །སྒྲིབ་པ་མེད་དང་ལྡན་པར་འགྱུར། །ཞེས་སོ། །

ཏིང་ངེ་འཛིན་འདི་ཁོ་ན་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འདི་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་

མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་འཛིན་པ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཉིད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡང་། །རྫོགས་པའི་རིམ་པ་ཁོ་ན་སྟེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །གཉིས་སུ་མེད་པར་དེ་བཤད་དོ། །སྐྱེ་བ་མེད་ལ་སོགས་པའི་སྒྲ། །

གཉིས་མེད་ཡེ་ཤེས་གསལ་བྱེད་རྣམས། །ཐམས་ཅད་འདི་ཡི་རྗོད་བྱེད་དེ། །དེར་ནི་གཞན་པ་མ་བརྗོད་དོ། །གང་གཱའི་བྱེ་མ་སྙེད་ལྟ་ཡི། །སངས་རྒྱས་རྣམས་ཀྱིས་འདི་ཉིད་ཀྱིས། །ཡོད་དང་མེད་པའི་རྟོག་སྤངས་པ། །ཕྱག་རྒྱ་ཆེན་པོའི་བདག་ཉིད་འགྲུབ། །ཅེས་

སོ། །སྒོམ་པ་ཉེ་བར་སྡུད་དེ། དངོས་པོ་ཞེས་པ་ལ་སོགས་པའོ། །སྐྱོན་རྣམས་ནི་ལེ་ལོ་ལ་སོགས་པ་སྔར་བཤད་པ་རྣམས་སོ། །ཉོན་མོངས་པ་རྣམས་དང་ལས་རྣམས་དང་སྐྱེ་བ་ཞེས་པ་གསུམ་ནི་ཀུན་ནས་ཉོན་མོངས་པ་རྣམས་སོ། །ཀུན་ནས་ཉོན་མོངས་པ་ལས་

ཕྱིར་ཕྱོགས་པ་བྱ་དཀའ་བ་ཡང་མ་ཡིན་ནོ་ཞེས་སྒྲུབ་པ་གསུངས་པ། མི་ཆུད་ཞེས་པ་ལ་སོགས་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཁོ་ན་ནི་མུན་པ་རྣམས་ཏེ་ཤེས་བྱའི་སྒྲིབ་པ་རྣམས་སོ། །གཡོ་བ་ནི་ཏིང་ངེ་འཛིན་ལ་མངོན་པར་མི་དགའ་བའི་ཕྱིར་རོ། །འདོད་ཆགས་

เล่ม ๗ · หน้า 79a

སོགས་ནི་ཉོན་མོངས་པའི་སྒྲིབ་པ་རྣམས་སོ། །བསྒོས་པ་ནི་བག་ཆགས་སོ། །གཟུང་བ་མེད་ནི་རང་གི་ངོ་བོ་ཁོ་ན་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཛིན་པ་མེད་དེ། དེ་ལས་གཞན་པའི་གཟུང་བར་བྱ་བ་མེད་པའི་ཕྱིར་ཡང་ངོ་། །དེ་ཁོ་ན་

སྟེ་སེམས་ནི་མྱ་ངན་འདས་མཆོག་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལས་ཏེ་སེམས་ལས་སོ། །ནུས་པ་ནི་མི་ཕོད་པའི་གཉེན་པོ་ཉིད་དོ། །དཔྱད་ཅེས་པ་གཅིག་དང་གཅིག་མ་ཡིན་པའི་རང་བཞིན་དང་བྲལ་བ་ཉིད་ལ་སོགས་པས་སོ། །དེའི་སྟེ་སེམས་ཀྱི་

རང་བཞིན་ཏེ་རང་བཞིན་མེད་པ་ཉིད་རང་བཞིན་དུ་སྟེ། བདག་ཉིད་ཀྱི་གཉུག་མའི་ངོ་བོར་གྱིས་ཤིག །དངོས་མེད་ཅེས་ཀློག་པ་ལ་ནི་སེམས་ཀྱི་དངོས་མེད་དེ། རང་བཞིན་མེད་པ་ཉིད་རང་བཞིན་དུ་གྱིས་ཤིག་ཅེས་པའི་དོན་ཏོ། །དེས་ཏེ་རྟོག་པའི་མུན་པས་དེ་ཉིད་

འགྱུར། ཞེས་འབྲེལ་ལོ། །བརྩོན་པ་ནི་བྱང་ཆུབ་ཀྱི་སེམས་སྒོམ་པ་ལའོ། །སྡིག་པ་རྣམས་ལས་འཕགས་ཏེ་རིང་དུ་སོང་བ་རྣམས་ནི་འཕགས་པ་རྣམས་སོ། །དེ་ཞེས་པ་རྟོག་པའོ། །དེ་ཞེས་པ་བདེ་བ་ཉིད་དོ། །རྗེས་སུ་གནང་བ་ནི་བླ་མ་རྣམས་ཀྱིས་སོ། །དམ་

ཚིག་ནི་ཕྱག་རྒྱའི་རྣལ་འབྱོར་ཏེ་གཙོ་བོ་དང་ཕལ་པ་ཡང་འཆད་པར་འགྱུར་རོ། །དེ་ལྟར་རྒྱུན་དུ་རྫོགས་པའི་རིམ་པ་སྒོམ་པ་པོ་ལ་བྱ་བ་གཞན་གཡེང་བའི་ཆེད་དུ་བ་ཁོ་ནའོ་ཞེས་འགོག་སྟེ། ཅི་ཞིག་ཅེས་པ་ལ་སོགས་པས་སོ། །སྔགས་ནི་ཨོཾ་ཡིག་ལ་སོགས་པའོ། །

སྐུ་གཟུགས་ཀྱི་ང་རྒྱལ་ནི་བསྐྱེད་པའི་རིམ་པའི་ལྷའི་ང་རྒྱལ་ལོ། །དམ་ཚིག་ནི་བདུད་རྩི་ལྔ་ལ་སོགས་པའོ། །འདིས་ནི་རྣམ་པ་འདི་ལྟ་བུའི་ལུས་དང་ངག་དང་སེམས་ཀྱི་བྱ་བ་ཡང་མི་བྱ་ན་གཞན་ལྟ་ཅི་སྨོས་ཞེས་གསུངས་སོ། །ཞེན་པ་མེད་པས་ནི་ཇི་ལྟར་ཚོགས་

པའི་དམ་ཚིག་བསྟེན་པ་རྗེས་སུ་གནང་ངོ་། །འོ་ན་དེས་བྱ་བ་ཅི་ཞེ་ན་གསུངས་པ། མཚོན་བྱ་ཞེས་པ་ལ་སོགས་པ་སྟེ། རང་འདོད་ལྷ་ནི་བདེ་བ་ཆེན་པོའོ། །གང་བརྟག་པ་གཉིས་པར་གསུངས་པ། བྱང་ཆུབ་སེམས་ནི་ལྷ་ཉིད་དོ། །ཞེས་སོ། །དེའི་རྣལ་

เล่ม ๗ · หน้า 79b

འབྱོར་མཚོན་པར་བྱ་བ་བསྐྱེད་པའི་ཆེད་དུ་བསྒོམ་པར་བྱའོ། །ནམ་མཁའ་ལྟ་བུ་ཞེས་པ་དེ་ཁོ་ན་ཉིད་དང་རོ་གཅིག་པའོ། །གནས་ནི་བྱང་ཆུབ་ཀྱི་སེམས་སོ། །པདྨའི་ཚལ་ནི་དུར་ཁྲོད་དོ། །གནས་མངོན་པར་འདོད་པ་ཞེས་རྣམ་དབྱེ་བསྒྱུར་བས་སྦྲེལ་ལོ། །སྔགས་

ཤེས་པ། མན་ཤེས་པ་ལའོ་ཞེས་པའམ། མ་ནུ་རྟོགས་པ་ལའོ་ཞེས་པའི་ཕྱིར་བཀླགས་པའི་ཕྱིར་དང་། གཙོ་བོ་ལ་མངོན་པར་ཡིད་ཆེས་པའི་ཕྱིར་ཇི་སྐད་བརྗོད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ངོ་བོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ན་སྔགས་སོ། །གལ་ཏེ་

ཡང་རྣམ་པ་དེ་ལྟ་བུའི་ཡེ་ཤེས་བསྒོམས་པས་སྒྲིབ་པ་གཉིས་སྤངས་ནས་རྡོ་རྗེ་འཛིན་པ་ཉིད་ཐོབ་པའི་ཕྱིར་ཡིད་སྐྱོབ་པའི་དོན་གྱིས་ན་དེ་ཁོ་ན་སྔགས་ཉིད་དུ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཁོ་ནའི་དབང་དུ་བྱས་ནས་འཆད་པར་འགྱུར་ཏེ། དེའི་ཕྱིར་དེ་ཉིད་རང་གི་སེམས་ཞེས་པ་ལ་

སོགས་པས་སོ། །རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་དུ་ཡང་གསུངས་པ། འོན་ཀྱང་གསང་བ་པའི་བདག་པོ་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་རྣམས་ཐམས་ཅད་ཀྱིས་མ་མཛད་བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བར་མ་མཛད་དོ། །དེ་ཅིའི་

ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་ནི་འདི་ལྟ་སྟེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་གནས་པ་ཁོ་ན་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདི་ལྟ་སྟེ། སྔགས་རྣམས་ཀྱི་ཆོས་ཉིད་དེ་ནས་ཇི་སྲིད་དུ་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་བ་

དེའི་ཚེ་ཆོས་ཉིད་དེ་ཚུལ་སྣ་ཚོགས་དང་དགོངས་པ་སྣ་ཚོགས་རྣམས་ཀྱིས་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་རྣམས་དང་ཡི་གེ་སྣ་ཚོགས་རྣམས་དང་བསྟན་པ་དང་ངེས་པའི་ཚིག་དང་དཔེར་བརྗོད་སྣ་ཚོགས་རྣམས་ཀྱིས་དང་དབྱངས་དང་རྟོག་པ་སྣ་ཚོགས་

རྣམས་ཀྱིས་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཚིག་སྟོན་ཏོ་ཞེས་ཏེ་ངེས་པའི་ཚིག་ནི་ལྷའི་སྐད་ལ་སོགས་པའོ། །དེ་ལྟར་ན་སྔགས་ཤེས་པ་ཉིད་ཀྱིས་འདི་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ན་སྲུང་བ་དམ་པར་བྱེད་དེ། བསྐྱེད་པའི་རིམ་པ་སྒོམ་པ་པོའི་བཞིན་དུ་ཀུན་རྫོབ་པའི་སྲུང་

เล่ม ๗ · หน้า 80a

བསྔགས་ཀློག་པས་ཅི་བྱ་ཞེས་གསལ་བར་བྱེད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཁོ་ན་དེ་ལ་བསྲུང་བ་དང་འགེབས་པ་དང་སྦ་བར་བྱེད་དེ། ཁྱོད་ཀྱིས་ཅི་བྱ་ཞེས་པའོ། །ཇི་ལྟར་གཞོན་ནུ་

མའི་ཞེས་པ་མདོར་བསྟན་པ་རྒྱས་པར་སྟོན་ཏེ། ཤེས་རབ་ཐབས་ཀྱིས་ཞེས་པ་ལ་སོགས་པའོ། །དངོས་སུ་ཞེས་སྒོམ་པའི་རང་བཞིན་གྱི་ཤེས་རབ་ནི་སྐྱེས་པའི་མ་ཡིན་ཞིང་སྒོམ་པའི་རང་བཞིན་གྱི་ཐབས་ཀྱང་བུད་མེད་ཀྱི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དངོས་སུ་ཕྱི་

རོལ་གྱི་ཤེས་རབ་མ་སྤངས་ནས་སངས་རྒྱས་ཉིད་མ་ཡིན་པ་ཁོ་ནའོ་ཞེས་སྦྲེལ་ལོ། །བཟང་མོ་ནི་ཡིད་འཕྲོག་མའོ། །གང་གི་ཕྱིར་གཅིག་བསྒོམ་པའི་རང་བཞིན་གྱི་ཤེས་རབ་འདི་ཁོ་ནའམ་གཅིག་སྟེ་ཕྱི་རོལ་གྱི་ཤེས་རབ་མ་ནི་ཕྱག་རྒྱ་མངོན་སྦྱོར་བ་སྟེ་ཕྱི་རོལ་གྱི་ཕྱག་རྒྱ་དང་

མཉམ་པར་སྦྱོར་བ་མེད་པ་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་སྟེར་ཏེ། ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ཁོ་ན་ལས་ཡེ་ཤེས་བདེ་བ་ཆེན་པོ་སྐྱེ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ཕྱག་རྒྱའི་རྣལ་འབྱོར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དངོས་སུ་

བའི་ཐབས་སུ་གསུངས་སོ། །འོན་ཀྱང་རྫོགས་པའི་རིམ་པ་ལ་ཡང་སྐྱེས་པ་དང་བུད་མེད་ཀྱང་རྫོགས་པའི་ལྷའི་ངོ་བོར་བདག་ཉིད་ལྷག་པར་མོས་པར་བྱ་སྟེ། དེ་ལས་ཀྱང་གཉིས་ཀའི་བདག་ཉིད་ཀྱི་ཤེས་རབ་ཏུ་འགྱུར་རོ་ཞེས་དགོངས་པ་སྟེ། གཅིག་དང་གཅིག་ཅེས་

པའི་གསུང་ལས་སོ། །བསྐྱེད་པའི་རིམ་པ་ལ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་གཅིག་ཀྱང་འགྱུར་ཏེ། དངོས་གྲུབ་ཀྱི་དུས་སུ་ནི་དེ་ཡང་གཉིས་ཀའི་བདག་ཉིད་ཁོ་ནའོ། །དེའི་ཕྱིར་ཕྱག་རྒྱ་བཞི་སྦྱར་བྱ་སྟེ་རིམ་པ་གཉིས་ཀ་ལ་ཡང་ངོ་། །དེ་ལ་རྫོགས་པའི་རིམ་པ་ལ་ཕྱི་རོལ་

གྱི་ཤེས་རབ་མ་ནི་ལས་ཀྱི་ཕྱག་རྒྱ་སྟེ་འཁྱུད་པ་ལ་སོགས་པའི་ལས་ཀྱི་དགའ་བ་སྟེར་ཞེས་བྱས་ནས་སོ། །ནང་གི་ཤེས་རབ་མ་ཨ་ཝ་དྷཱུ་ཏཱིའི་སྟོང་པ་ཉིད་དང་རོ་གཅིག་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་དང་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་ཕྱག་རྒྱའོ། །བདེ་བ་ཆེན་

เล่ม ๗ · หน้า 80b

པོའི་རང་བཞིན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་འབྲས་བུའི་ངོ་བོ་ནི་ཕྱག་རྒྱ་ཆེན་པོའོ། །ལྷ་རྣམས་སྣ་ཚོགས་པ་སྤྲུལ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཡང་ན་ལས་ཀྱི་ཕྱག་རྒྱ་དེ་ཁོ་ན་བཤད་ཟིན་པའི་ཕྱག་རྒྱ་ཆེན་པོ་ཁོ་ན་ལས་དག་པ་མཐར་ཐུག་པར་གནས་པ་ནི་

ཆོས་ཀྱི་ཕྱག་རྒྱ་ཆོས་ཀྱི་སྐུ་སྟེ། དེ་ནི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལས་ཀྱི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བ་ཇི་ལྟར་རིགས་པར་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་དང་མུ་མཐའ་མེད་པར་སྣ་ཚོགས་

པ་མཐའ་ཡས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་སྤྲུལ་པའི་སྐུ་ནི་སྐལ་པ་དང་ལྡན་པའི་གདུལ་བྱའི་སྐྱེ་བོ་རྗེས་སུ་འཛིན་པའི་དུས་ལས་མི་འདའ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱའོ། །བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་སྐུ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་

ཀྱི་ཕྱིར་དང་། ཁྱབ་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་ཡང་ཆོས་རྣམས་ལ་རྒྱས་འདེབས་ཏེ་གང་རང་གི་ངོ་བོའོ་ཞེས་གཙོ་བོར་ན་བྱང་ཆུབ་ཀྱི་སེམས་ཁོ་ན་སྟེ། དེའི་རང་གི་ངོ་བོ་ཉིད་ཀྱི་ཕྱིར་ནི་ཕྱག་རྒྱ་གཞན་ཡང་ཕྱག་རྒྱ་དང་འདྲ་བ་ཕྱག་རྒྱའོ། །ཡང་ན་

ཆེན་པོའི་དགའ་བ་ལེན་ཏོ་ཞེས་པས་ཕྱག་རྒྱ་ཆེན་པོ་སྟེ་མཚན་དང་དཔེ་བྱད་མཆོག་ཏུ་འབར་བ་ཕྱག་དང་ཞལ་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་གཟུགས་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་སོ་སོ་རང་གི་རིག་པར་བྱ་བ་ཆོས་

ཀྱི་སྐུ་སྟེ། དམ་ཚིག་ནི་རྫོགས་པའི་བྱང་ཆུབ་བོ་ཞེས་བྱས་ནས་སོ། །ཆོས་ཀྱི་ཕྱག་རྒྱ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་བྱིན་རླབས་ལས་རྣམ་པ་སྣ་ཚོགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ངག་གི་བདག་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ནི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་

ཀྱི་ཕྱིར་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་སྤྲུལ་པའི་སྐུའོ། །ཡང་ན་ལས་ཀྱི་ཕྱག་རྒྱ་ནི་སྤྲུལ་པའི་སྐུའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཆོས་ཀྱི་སྐུའོ། །ཕྱག་རྒྱ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི་བྱང་ཆུབ་ཀྱི་སེམས་ཏེ་བདེ་བ་

เล่ม ๗ · หน้า 81a

ཆེན་པོ་དང་སྟོང་པ་ཉིད་དང་སྙིང་རྗེ་རྣམས་ཀྱི་དང་། ཆོས་རྣམས་ཐམས་ཅད་ཀྱི་ཡང་འདུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདུས་པ་ནི་གཟུགས་ལ་སོགས་པ་རྣམས་དེའི་རང་བཞིན་དུ་ཉེ་བར་དམིགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གཞག་པ་

འདི་ཡང་འདི་སྐད་བདག་གིས་ཞེས་པའི་རྣམ་པར་བཤད་པར་བྱས་སོ། །ཕྱག་རྒྱ་བཞི་པོ་འདི་རྣམས་ཀྱང་སོ་སོར་ཕྱག་རྒྱ་བཞིའི་བདག་ཉིད་རྣམས་སོ་ཞེས་འདི་ཁོ་ན་ལས་ཤེས་རབ་ཅན་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་སྟེ། མི་བརྗོད་པ་ནི། རྒྱ་ཆེ་བས་འཇིགས་པ་ལས་སོ། །

བསྐྱེད་པའི་རིམ་པ་ལ་ནི་ཕྱི་རོལ་གྱི་ཤེས་རབ་མ་ཁོ་ན་མངོན་པར་འདོད་པའི་ལྷ་མོའི་གཟུགས་སུ་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱའོ། །རང་འདྲའི་བུད་མེད་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པ་མིང་གཞན་ནོ། །ལུས་ལ་བསྒོམས་པའི་ཧཱུཾ་ཡིག་ལ་སོགས་པའང་ཆོས་ཀྱི་ཕྱག་རྒྱའོ། །དམ་

ཚིག་གི་ཕྱག་རྒྱ་ནི་ས་བོན་ལ་སོགས་པ་ལས་རྫོགས་པ་དཀྱིལ་འཁོར་གྱི་འཁོར་ལོར་འདུས་པའི་སྤྲོ་བ་དང་སྡུད་པ་ལ་སོགས་པའི་བྱེད་པ་ཅན་རྣམས་ཏེ་མཚན་མ་ཡང་ངོ་། །གཙོ་བོའི་ལྷའི་སྐུ་རང་ཉིད་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལས་འཕྲོས་པའི་ལྷའི་འཁོར་ལོ་ཡང་དམ་ཚིག་

གི་ཕྱག་རྒྱའོ། །རྣམ་པར་གཞག་པ་འདི་ཐམས་ཅད་ཀྱང་རྒྱུད་གཞན་རྣམས་སུ་བཅོམ་ལྡན་འདས་ཁོ་ནས་གདུལ་བྱའི་བསམ་པའི་དབྱེ་བས་རྗེས་སུ་འཇུག་པས་མཛད་པའོ། །དེ་དང་དེའི་གཞུང་རྣམས་ནི་མངས་པས་སྐྲག་པ་ལས་འདིར་མ་བརྗོད་དོ། །འདི་ནི་རྣམ་པ་

གཞན་དུ་རྣམ་པར་འཇོག་སྟེ། གཏི་མུག་ཅེས་པ་ལ་སོགས་པས་སོ། །འདོད་ཆགས་ཞེས་པ་རྣམ་པར་དག་པའི་འདོད་ཆགས་ཏེ། འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་ནོ། །དེ་ནི་རྣམ་པར་དག་པའི་བདེ་བའི་ཚོར་བ་དང་ང་རྒྱལ་གྱི་རང་བཞིན་ནོ། །མ་དག་

པའི་གནས་སྐབས་སུ་ནི་ཚོར་བ་ཁོ་ན་ང་རྒྱལ་གྱི་རང་བཞིན་ཏེ། བདེ་བ་ལ་སོགས་པའི་ཚོར་བ་ལ་ང་བདེ་བ་ཅན་ནོ་ཞེས་པ་ལ་སོགས་པ་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་སྤྱོད་པའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །རིག་མ་ནི་ཕྱི་རོལ་གྱིའོ། །དེར་ནི་སྟེ་སྣོད་དུའོ། །གཉིས་

เล่ม ๗ · หน้า 81b

ཀ་སྟེ་རིག་མ་དང་ཐབས་དག་གིའོ། །ལྷའི་གཟུགས་ཏེ། རྫོགས་པའི་རིམ་པས་སམ་བསྐྱེད་པའི་རིམ་པས་སོ། །ལྷའི་གཟུགས་སུ་བསྒོམ་པ་ཡང་འཆད་པར་འགྱུར་རོ། །གཏི་མུག་ལས་ཞེས་པ་ལ་སོགས་པ་ཕྱིས་པ་ལ་ལྔ་པའོ། །ཞི་བ་ནི་རྣམ་པར་སྣང་མཛད་

དོ། །འདི་ཡང་རྣམ་པར་དཔྱད་པས་ཆོས་ཐམས་ཅད་རང་བཞིན་མེད་པ་མ་རྟོགས་པའི་ངོ་བོ་ཅན་གཏི་མུག་གི་རང་བཞིན་ཉིད་ཀྱི་ཕྱིར་ཞི་བ་ཉིད་དེ། ཞི་བའི་ཏིང་ངེ་འཛིན་ལས་བྱུང་བ་ཉིད་ཀྱི་ཕྱིར་ཡང་ངོ་། །སྙིང་རྗེ་ཆེན་པོ་ཁོ་ནས་ཕྱི་རོལ་གྱི་ཁྲོ་བོའི་ངོ་བོ་ཉིད་ཀྱི་ཕྱིར་ཁྲོ་བ་ནི་མི་བསྐྱོད་

པ་དང་དོན་ཡོད་གྲུབ་པའོ། །ཁྲོ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་འཁྲུག་པའོ། །འདིར་ནི་ཞེ་སྡང་དང་ཕྲག་དོག་ཀྱང་ཁྲོ་བར་བརྗོད་པར་བྱ་སྟེ། ཕྲག་དོག་ནི་ཁྲོ་བའི་རྒྱུ་ཅན་ཉིད་ཀྱི་ཕྱིར་རོ། །ཆགས་པ་ནི་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་

ནོ། །འདོད་ཆགས་ནི་འདིར་འདོད་ཆགས་དང་ང་རྒྱལ་ཡང་སྟེ། ཕ་རོལ་པོ་རྣམས་ཀྱི་གཏི་མུག་དང་ཞེ་སྡང་དང་ཕྲག་དོག་དང་འདོད་ཆགས་དང་ང་རྒྱལ་ཡང་མངོན་པར་མཚོན་ནས་དེ་དང་དེ་རྣམ་པར་དག་པའི་བྱ་བ་བྱེད་དོ་ཞེས་པའི་དོན་ཏོ། །དེའི་དོན་ཅན་རབ་བྱེད་ཅེས་པ་དེ་སྟེ་

དེ་དང་དེ་རྣམ་པར་དག་པའི་ངོ་བོ་དོན་ཏེ། དགོངས་པ་ཡིན་པ་དེ་རབ་ཏུ་གྱུར་པའི་བྱེད་པ་སྟེ་དེའི་དོན་དུ་བྱ་བའི་ཆེད་དུ་ཞེས་པའི་དོན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་འདི་རྣམས་དང་ལྡན་པ་ནི་རྒྱལ་བ་རྡོ་རྗེ་འཛིན་པའོ། །དབང་དུ་གྱུར་པ་མ་ཐོབ་པའི་ཉིན་མཚན་

རྒྱུན་མི་འཆད་པར་ཕྱག་རྒྱ་བསྟེན་པར་མི་ནུས་ན་དུས་གྱི་ཁྱད་པར་གསུངས་པ། ཐོ་རངས་ཞེས་པ་ལ་སོགས་པས་སོ། །ཡང་དག་ཅེས་པ་རྣམ་པར་མི་གཡེང་བ་སྟེ། ཇི་ལྟར་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ཤིན་ཏུ་གསལ་ཞིང་དྲན་པའི་བག་ཆགས་འཇོག་པ་ལྟར་

རོ། །གཞན་དུ་སྟེ་མི་གསལ་བར་ཉམས་སུ་མྱོང་བ་མ་དྲན་ནས་སམ། བདེ་བ་ཆེན་པོ་རྒྱུན་མ་ཆད་པར་མ་གོམས་པ་ལ་དངོས་གྲུབ་མིན་པ་ཁོ་ནའོ། །རང་སེམས་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཁོ་ནའོ། །སེམས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་དབང་བསྐུར་བ་གཞན་གྱི་ཚེ་

เล่ม ๗ · หน้า 82a

རྟོགས་པ་ལྷག་པར་མོས་ནས་སོ། །འདི་ཉིད་ཀྱི་དབང་དུ་བྱས་ནས་གཞན་དུ་ལག་པའི་ཕྱག་རྒྱ་གསུངས་སོ། །རྣལ་འབྱོར་ཞེས་ཕྱི་རོལ་གྱི་ཕྱག་རྒྱ་དང་ལྷན་ཅིག་གོམས་པར་བྱའོ་ཞེས་འབྲེལ་ལོ། །འདིར་ཏེ་རྣལ་འབྱོར་ལ་ལེགས་ཏེ་མཁས་པས་དུད་

འགྲོ་རྣམས་ལས་ཀྱང་སྟེ། དུད་འགྲོ་མོ་དགུག་པར་བྱའོ་ཞེས་པ་ལྷག་མའོ། །དེ་སྐད་དུ་ཡང་རྡོ་རྗེ་ཨ་རཱ་ལིའི་རྒྱུད་དུ་གསུངས་པ། དེ་ནས་རྡོ་རྗེ་མཆོད་པ་གསུངས། །རབ་དབེན་སྐྱེ་བོ་མེད་ཡུལ་དང་། །བདག་གི་ཁྱིམ་གྱི་ནང་རྣམས་སུ། །མཆོད་བྱ་བཅུ་གཉིས་ལོ་ལོན་

མའམ། །དེ་བཞིན་བཅུ་དྲུག་ལོ་ལོན་ཉིད། །ཉི་ཤུ་ལྔ་བའི་གཞོན་ནུ་མ། །དེ་བཞིན་བ་མོ་མ་ཧེ་མོ། །སྤྲེའུ་མོ་ཁྱི་མོ་དང་ཡང་ནི། །དེ་བཞིན་བོང་མོ་རྔ་མོ་སྐྱེས། །རི་དགས་མོ་དང་ར་མོ་ཉིད། །ཕག་མོ་བ་མེན་ལས་བྱུང་ལ། །ཧེ་རུ་ཀ་བདག་གིས་འདོད་བྱ། །འགྲུབ་

པར་ཐེ་ཚོམ་མེད་པ་ཉིད། །ཅེས་སོ། །དངོས་སུ་ཞེས་པ་ཕྱི་རོལ་གྱི་ཕྱག་རྒྱ་ལས་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་མ་ཡིན་པ་ཁོ་ནའོ། །ལོ་ལས་ཕ་རོལ་ཏུ། དམ་ཚིག་སྟེ་འདའ་བར་མི་བྱ་བ་ཕྱག་རྒྱའི་རྣལ་འབྱོར་རོ། །དེ་ཉམས་ན་བག་མེད་དེ་འཁྲུལ་པར་བྱེད་པའོ། །རྣལ་

འབྱོར་ལས་ནི་བདེ་བ་ཆེན་པོ་ལས་སོ། །དམ་ཚིག་བསླང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱིས་སོ། །ཁྱད་པར་དུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དམ་ཚིག་ཉམས་པ་ན་རྗེས་སུ་དྲན་པར་བྱའོ། །རྟུལ་པོས་ནི་དོན་ཡོད་གྲུབ་པའི་རྣལ་

འབྱོར་དང་ལྡན་པས་དབང་བསྐུར་རྣམས་ཐམས་ཅད་གཟུང་བར་བྱའོ། །གཟུང་སྟེ་གཟུང་བར་བྱ་བའོ། །སྡོམ་པ་ནི་བཤད་ཟིན་ཅིང་འཆད་པར་ཡང་འགྱུར་རོ། །བླ་ན་མེད་པའི་སྡོམ་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཆོས་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །

བྱང་ཆུབ་ཀྱི་སེམས་ནི་མི་དགེ་བ་རྣམས་ཐམས་ཅད་ལས་ཡང་དག་པ་མ་ཡིན་པའི་རྟོག་པ་རྣམས་ལས་སེམས་སྡོམ་པར་བྱེད་པའི་ཕྱིར་རོ། །གསང་བའི་རྫས་རྣམས་ནི་དགའ་བ་དང་ལྡན་པའི་སྤྲོ་བའི་དོན་དུ་འཆད་པར་འགྱུར་བ་རྣམས་སོ། །སྔགས་དང་རྒྱུད་རྣམས་

เล่ม ๗ · หน้า 82b

ཀྱིས་ཞེས་པ། བསྐྱེད་པའི་རྣལ་འབྱོར་པས་རིགས་ལྔའི་ཐོད་པ་ཅན་མ་ཉིད་ལ་སོགས་པའི་དོན་དུ་བཀླག་པར་བྱ་བའི་སྔགས་རྣམ་པར་བཤད་པ་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །ཉེ་བར་སྡུད་དེ་འདི་ལྟར་ཞེས་པ་ལ་སོགས་པའོ། །སྲིད་པ་གསུམ་ནི་མཐོ་རིས་དང་མི་ཡུལ་

དང་ས་འོག་རྣམས་སོ། །དེ་ལ་མཐོ་རིས་ནི་རྒྱལ་ཆེན་རིས་བཞིའི་གནས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཇི་སྲིད་པའོ། །ཡང་ན་འདོད་པ་ལ་སོགས་པ་ཁམས་གསུམ་གྱི་སྲིད་པ་གསུམ་མམ་ལུས་དང་ངག་དང་སེམས་བདེ་བ་ཆེན་པོ་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་

རང་གི་ངོ་བོར་བསྒོམ་པར་བྱའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་དྲུག་པའོ།། །།རྫོགས་པའི་རིམ་པ་རྒྱས་པར་བསྟན་ནས་དེའི་དངོས་ཀྱི་ཐབས་བསྐྱེད་པའི་རིམ་པ་རྒྱས་པར་སྟོན་པའི་ཆེད་དུ་

གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །འཁོར་ལོ་ཀུན་གྱི་རྣམ་པར་འཕྲུལ། །ཞེས་པ་ཀྱེའི་རྡོ་རྗེ་ཞེས་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཐམས་ཅད་དུ། འཁོར་ལོ་དཀྱིལ་འཁོར་ཞེས་པར་བརྗོད་ཅེས་པའི་ཚིག་ལས། བརྟག་པ་གཉིས་པར་དཀྱིལ་

འཁོར་ཏེ་སྙིང་པོ་ལེན་ཏོ་ཞེས་པས་ལྷ་རྣམས་ཀྱི་འདུ་བ་ནི་དཀྱིལ་འཁོར་ཏེ། གཞལ་ཡས་ཁང་ནི་དཀྱིལ་འཁོར་གྱི་གཞི་ཉིད་ཀྱི་ཕྱིར་དཀྱིལ་འཁོར་རོ། །འཁོར་ལོ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་ལྷ་རྣམས་ཀྱི་ཚོགས་པ་སྟེ། གཞལ་ཡས་ཁང་ནི་འཁོར་ལོའི་རྟེན་ཉིད་ཀྱི་ཕྱིར་འཁོར་

ལོའོ། །དཀྱིལ་འཁོར་གྱི་འཁོར་ལོར་བརྗོད་པར་བྱ་སྟེ། སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར་ལྷའི་ཚོགས་དང་གཞལ་ཡས་ཁང་ཡང་དེའི་གཞི་ཉིད་ཀྱི་ཕྱིར་རོ་ཞེས་དོན་གྱིས་བཤད་པའི་ཕྱིར་རོ། །འཁོར་ལོ་ལྷའི་ཚོགས་པ་སྟེ་དེའི་རོལ་པ་སྤྲོ་བ་ལ་སོགས་པ་རྣམ་

པ་སྣ་ཚོགས་པ་རྣམས་ཀྱིས་སོ། །ཁྱད་པར་ཅི་ལྟ་བུ་ཞེ་ན། ཀུན་དུ་སྟེ་ཕྱོགས་ཐམས་ཅད་དུ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པའི་གཟུགས་སྤྲུལ་པའི་ཕྱིར་སྣ་ཚོགས་ཏེ་སྣ་ཚོགས་པའི་ངོ་བོའོ། །མཆོག་སྟེ་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་བྱ་སླ་བའི་

เล่ม ๗ · หน้า 83a

ཐབས་སྟོན་པའི་ཕྱིར་རོ། །ཡང་དེ་ཅི་ཞིག་ཏུ་བསྒྲུབ་པར་བྱ་ཞེ་ན། གསུངས་པ། གསང་ཆེན་ཞེས་སོ། །གསང་ཆེན་ནི་རྡོ་རྗེ་གུར་གྱི་ནང་སྟེ། ཇི་ལྟར་རིགས་པའི་གཞལ་ཡས་ཁང་ཡང་ངོ་། །འདི་ནི་གང་དང་གང་དུ་གནས་པ་དེ་དང་དེར་ཇི་ལྟར་

རིགས་པར་འཆད་པར་འགྱུར་རོ། །དོན་གཞན་ནི་བཤད་ཟིན་ཏེ་མཆོག་ལ་སོགས་པ་ཡང་ངོ་། །ཅི་ཞིག་ཏུ་གནས་ནས་ཤེ་ན། གསུངས་པ། དབེན་པ་ཞེས་པ་ལ་སོགས་པའོ། །རྣམ་པར་འཕྲུལ་པ་མདོར་བསྟན་པ་རྒྱས་པར་སྟོན་ཏེ། ཀུན་དུ་ཞེས་པ་ལ་སོགས་པའོ། །

རྣམ་པ་ཐམས་ཅད་པའི་སྣ་ཚོགས་པའི་ཕུང་པོ་ལ་སོགས་པ་རྒྱས་འདེབས་ན་ཀུན་དུ་སྣ་ཚོགས་ཕྱག་རྒྱའོ། །ལྷའི་གཟུགས་ཅན་གྱི་རྣལ་འབྱོར་པས་ཀུན་དུ་ཡུལ་ལ་ཉེ་བར་ལོངས་སྤྱད་པའི་ཕྱིར་རྣམ་པ་སྣ་ཚོགས་པ་ཡོངས་སུ་དག་པའི་བདེ་བ་རྣམས་ཀྱིས་ཕྱོགས་ཐམས་ཅད་

དུ་སེམས་ཅན་ཐམས་ཅད་ལ་ཕན་པ་རྣམས་སྐལ་བ་ཇི་ལྟ་བར་བདེ་བ་ཁོ་ནས་བྱེད་དེ། སྒོམ་པ་ཁོ་ནས་སེམས་ཅན་གྱི་བྱ་བ་འགྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཞིན་དུ་ལག་པ་དང་རྐང་པ་གཅོད་པ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར་རོ། །དེ་ཅི་བྱང་ཆུབ་ཀྱི་སེམས་

ཀྱི་རང་བཞིན་འདི་བསྒོམ་པར་མི་བྱའམ་ཞེ་ན། བསྒོམ་པར་བྱ་སྟེ། གང་གི་ཕྱིར་དཀྱིལ་ཏེ་སྙིང་པོ་ལེན་ཅིང་འཛིན་པར་བྱེད་དོ་ཞེས་པ་དཀྱིལ་འཁོར་ནི་སྟོང་ཉིད་ཡེ་ཤེས་ཁོ་ན་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདེ་བ་ཆེན་པོའི་སྙིང་པོ་ལེན་པའི་ཕྱིར་རོ། །འདུས་པ་ཕྱི་མར་

ཡང་གསུངས་པ། བྷ་ག་དཀྱིལ་འཁོར་བཤད་པ་སྟེ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །ལུས་ནི་དཀྱིལ་འཁོར་ཞེས་བཤད་དེ། །གསུམ་པ་དཀྱིལ་འཁོར་བརྟགས་པའོ། །ཞེས་སོ། །མངོན་པར་བརྗོད་པའི་བླ་མའི་རྒྱུད་དུ་ཡང་། དཀྱིལ་འཁོར་དེ་ཁོ་ན་ཉིད་

མཆོག །ཧེ་རུ་ཀ་དཔལ་ཡེ་ཤེས་མཆོག །ཕག་མོའི་བྷ་ག་པདྨ་ནི། །དཀྱིལ་འཁོར་ལུས་ལས་སྐྱེས་པ་མཆོག །དཀྱིལ་འཁོར་འདུས་པའོ་དེ་ལ་ནི། །དཀྱིལ་འཁོར་བདེ་བ་དམ་པ་སྟེ། །དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །ཁ་སྦྱོར་གཉིས་སུ་མེད་པ་མཆོག །

เล่ม ๗ · หน้า 83b

ཅེས་གསུངས་པའི་བྱང་ཆུབ་སེམས་དང་། བྷ་ག་དང་ལུས་ཀྱི་དཀྱིལ་འཁོར་རྣམས་ལས་བྱང་ཆུབ་ཀྱི་སེམས་ཁོ་ན་སྒོམ་པའི་ཡན་ལག་ཀུན་འདས་ཤིང་། རྟོག་པས་བརྟག་པ་རྣམ་པར་སྤངས། །ཕྱི་མོ་ཐིག་ལེ་མཉམ་འདས་པ། །འདི་ནི་དཀྱིལ་འཁོར་དམ་པའོ། །ཞེས་གསུངས་

སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པའི་རྒྱུད་ཆེན་པོར་ཡང་། དཀྱིལ་འཁོར་ཕྱི་མོ་ཐམས་ཅད་ཀྱི། །སྟོང་ཉིད་ཡེ་ཤེས་བརྗོད་པར་བྱ། །ཀུན་རྟོག་ཐམས་ཅད་སྤངས་པ་སྟེ། །བདག་གིས་ཅི་ཞིག་བསྟན་པར་བྱ། །

ཞེས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོར་ཡང་། རྟོག་ཏུ་མེད་ཅིང་སྣང་བ་མེད། །རྙོག་པ་མེད་ཅིང་མི་འགྱུར་ལ། །སྟོང་པ་མཁའ་མཉམ་པ་ཡི་སེམས། །གང་ཚེ་སྐྱེས་པར་ཡང་གྱུར་པ། །དེ་ཚེ་ཕྱག་རྒྱ་ལྔ་རྣམས་དང་། །ལྷ་རྣམས་སུ་ནི་རབ་ཏུ་བརྟག །ཅེས་སོ། །འདི་

ཁོ་ན་ལ་མངོན་པར་དགོངས་ནས་ནག་པོའི་ཞབས་ཀྱིས་གསུངས་པ། དེ་བཞིན་གཤེགས་ཚོགས་ཅི་ཞིག་སྟེ། །ལྷ་མོ་ཁྲོ་བོའི་ཚོགས་ཅི་ཡིན། །དཀྱིལ་འཁོར་འཁོར་ལོ་ལས་གྲོལ་བ། །ལྷན་ཅིག་སྐྱེས་པའི་སྐད་ཅིག་ཡོད། །ཅེས་སོ། །ལྷ་རྣམས་ལ་ཞེས་པ་ནི་

ལྷ་རྣམས་ཀྱི་དང་གཞན་རྣམས་ཀྱི་ཡང་ངོ་། །འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་ལྷའི་རྣམ་པའི་བདག་ཉིད་ཀྱི་ལུས་ཀྱི་ངོ་བོའི་དཀྱིལ་འཁོར་ནི་རྣམ་པ་སྣ་ཚོགས་པའི་ལྷའི་སྤྲུལ་པ་རྣམས་ཀྱིས་སྣ་ཚོགས་པའི་དོན་མཛད་པའོ་ཞེས་

གསུངས་ཤིང་དེ་གསལ་བར་བྱེད་པའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་དུ་བརྗོད་པར་བྱའོ། །འོན་ཅི་རང་བཞིན་གྱིས་ཡོངས་སུ་དག་པ་དཔག་ཏུ་མེད་པའི་ཆོས་ཀྱི་གཞི་རང་གི་སེམས་ཁོ་ན་དཀྱིལ་འཁོར་རོ་ཞེས་གདུལ་བྱ་རྣམས་ལ་བསྟན་པ་མ་ཡིན་ནམ་ཞེ་

ན། སྟོན་ཏེ། སེམས་རྣམ་པར་དག་པའི་རྣལ་འབྱོར་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྲོ་བ་ན་ཡང་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་རྣམས་སུ་ལྷག་པར་ཞེན་པ་ཉིད་ན་ཡང་རང་བཞིན་གྱིས་ཡོངས་སུ་དག་པ་ཁོ་ན་རྟོགས་པའི་ཕྱིར་རང་གི་སེམས་ཀྱི་རང་བཞིན་ཡོངས་སུ་དག་པ་ཁོ་ན་

เล่ม ๗ · หน้า 84a

རྟོགས་པ་ལས་སངས་རྒྱས་དང་རྣལ་འབྱོར་པ་སྟེ་ཆ་ལས་སོ། །དེའི་ཕྱིར་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་དཀྱིལ་འཁོར་བརྗོད་མོད་ཀྱི། དེ་ལྟ་ན་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོར་ཡང་མི་འགལ་ལོ། །གལ་ཏེ་དེ་ལྟ་ན་

བསྐྱེད་པའི་རིམ་པ་བསྟན་པ་ལ་དགོས་པ་ཅི་ཡང་མེད་ཅིང་། ཅི་སྟེ་གཞན་ཡོད་ན་བརྗོད་ཅིག་ཅེ་ན། གསུངས་པ་ཅི་ཞེས་པ་སྟེ། གང་བྱང་ཆུབ་ཀྱི་སེམས་བསྒོམ་པས་འགྲུབ་པ་མ་ཡིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །གང་བསྐྱེད་པའི་རིམ་པ་བསྒོམ་པ་

ལ་སོགས་པ་བདག་གིས་བཤད་པ་དེ་སེམས་ཆུང་བ་ལས་དང་པོ་པ་རྣམས་ལ་ཕན་པའི་ཆེད་དུ་ཁོ་ནར་རྗེས་སུ་འཇུག་པའི་དོན་དུ་སངས་རྒྱས་རྡོ་རྗེ་སེམས་དཔའི་གར་འདིའོ། །དེ་ནི་སྣ་ཚོགས་པའི་གཟུགས་སྤྲུལ་པ་རྣམས་ཀྱིས་སྣ་ཚོགས་པའི་ཆ་བྱད་དང་རྒྱན་དང་། ཉམས་དང་

བཀོད་པའི་སྐལ་བ་བཟང་པོ་རྣམས་ཀྱིས་སྤྲོས་པ་ཉེ་བར་སྟོན་ཅིང་གཅིག་ཏུ་གྱུར་ནས་མང་པོར་འགྱུར། མང་པོར་གྱུར་ནས་གཅིག་ཏུ་འགྱུར། །སྣང་བར་འགྱུར་ཞིང་མི་སྣང་བར་འགྱུར་བའི་གཟུགས་ཡང་དག་པར་སྟོན་ཅིང་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ལ་

སོགས་པ་འཁོར་དང་བཅས་པ་རྣམས་སུ་གར་བྱེད་དོ། །དེ་དང་དེའི་གདུལ་བྱ་རྣམས་སོ་སོར་རྣམ་པར་འབྱོར་བར་བྱེད་དོ་ཞེས་པ་རྣམ་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་རྨད་དུ་བྱུང་བ་ནི་འདིའི་གར་རོ། །ལས་དང་པོ་པ་རྣམས་ནི་འདི་ལྟར་བསོད་ནམས་ཉེ་བར་བསགས་

པ་ཉིད་ཀྱིས་ན་ཤེས་རབ་ཤིན་ཏུ་ཆེ་བ་རྣམས་དང་འཇིག་རྟེན་པའི་འབྲས་བུ་གྲུབ་པས་ན་རབ་ཏུ་དང་བ་སྐྱེས་པ་རྣམས་རྫོགས་པའི་རིམ་པ་བསྒོམ་པ་ལ་ཤིན་ཏུ་གུས་པར་བྱེད་དོ། །དེ་ཡང་དེ་ལྟ་བུའི་དགོས་པ་རྟོགས་པར་མི་ནུས་པ་བློ་ཞན་པ་རྣམས་ཀྱི་ངོར་དང་པོར་བསམ་

པར་བྱ་བ་མ་ཡིན་ཏེ་དེ་རྣམས་ནི་རྫོགས་པའི་རིམ་པ་བསྒོམ་པ་ཁོ་ནས་ཐམས་ཅད་འགྲུབ་པོ་ཞེས་ཐོས་ནས་དེ་ནི་ནུས་པར་བསྐྱེད་པའི་རིམ་པ་ལས་ཀྱང་ཉམས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་ངོར་བསྐྱེད་པའི་རིམ་པ་བསྒོམ་པ་ཁོ་ན་ངེས་པའི་དོན་ཏོ་ཞེས་འགའ་ཞིག་ཉེ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด