དཔལ་ཟབ་མོའི་དོན་གསལ་བ་རྨད་དུ་བྱུང་བ་ཆེན་པོ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱཱ་རྠ་པྲ་ཀཱེ་ས་མ་ཧཱ་ཨཱདྦྷཱུ་ཏ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘ · หน้า 111a
༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱཱ་རྠ་པྲ་ཀཱེ་ས་མ་ཧཱ་
ཨཱདྦྷཱུ་ཏ་ནཱ་མ། བོད་སྐད་དུ། དཔལ་ཟབ་མོའི་དོན་གསལ་བ་རྨད་དུ་བྱུང་བ་ཆེན་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་བདག་ཉིད་མགོན། །རང་རིག་པ་ཡི་མཚན་ཉིད་དངོས། །སྤྲོས་པ་མེད་པ་སྐུ་དང་བྲལ། །ཡེ་ཤེས་ནམ་མཁའ་རང་བཞིན་
འདུད། །བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་མཆོག་གི་ནང་ནས། དེ་རང་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་དཔལ་བླ་མས་སློབ་མ་ལ་བཤད་པ་བདག་ལ་གནང་བ་དེ་རང་དོན། ཕྱི་ནས་རྣལ་འབྱོར་
མའི་ལུང་ལས་འདུན་པ་དང་། མཚན་ཉིད་མེད་པའི་ངག་གི་དབང་གིས་རྡོ་རྗེ་སྤུན་དང་ལྷན་ཅིག་འབྲེལ་གཏམ་བགྱིད་པའི་ཕྱིར་བདག་འདྲི་ཞེས་ཐོས་སོ། །དེ་ནི་ཇི་ལྟར་བླ་མས་གཏན་ལ་ཕབ་པའི་རིམ་པ་རྣམ་པར་དཔྱད་དེ། དང་པོ་རེ་ཞིག་བརྗོད་པ་ལ་སོགས་པ་ལྔ་བཤད་དེ། གང་གི་ཕྱིར་
ཞེ་ན། དེས་ནི་རྒྱུད་ལ་མདོར་བསྟན་པ་དང་། རྒྱས་པར་བསྟན་པ་དང་། སོ་སོར་བསྟན་པ་དང་། ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བའི་དོན་ཀུན་ཤེས་སོ། །དེའི་ཕྱིར་བརྗོད་པ་ལ་སོགས་པ་ལྔ་འདྲི་བ་ལེགས། དེ་ལ་རིམ་པ་ནི་འདི་ཡིན་ཏེ། བརྗོད་པ་དང་། བརྗོད་པར་བྱ་བ་དང་།
འབྲེལ་པ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པའོ། །དེ་རུ་ཆ་དང་ཐིག་ལེ་ལ་སོགས་པའི་བདག་ཉིད་སྦྱོར་བ་དྲུག་གི་རྣམ་པར་ཤེས་པ་མན་ཆད་ལྔ་བཅུ་རྩ་བཞི་འབྲི་བ་གང་ཞིག་དཔལ་ཡེ་ཤེས་མཁའ་འགྲོའི་མཚན་ཞེས་བྱ་བའི་མཐར་ཡན་ཆད་བརྗོད་པའོ། །དེ་ནི་དཔལ་ཕྱག་རྒྱ་
เล่ม ๘ · หน้า 111b
ཆེན་པོའི་ཐིག་ལེ་རྗེ་བཙུན་སྨྲ་བ་དེ་ནི་བརྗོད་པར་བྱའོ། །དེ་དག་རྗོད་པ་དང་། བརྗོད་པར་བྱ་བ་གཉིས་གཉིས་སུ་མེད་པའི་ངོ་བོའི་ཕྱིར། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱིས་འདུལ་བའི་དོན་གཟིགས་ནས་གང་ཞིག་གསང་བའི་དབང་བསྐུར་བ་ལ་སོགས་པ་སྦྱིན་པ་
ཡང་བླང་བ་དེ་ནི་དགོས་པ། དབང་བསྐུར་བ་ལ་སོགས་པ་ཐོབ་པའི་ཕྱི་ནས་གང་ཞིག་འབྲས་བུ་རྙེད་པ་དེ་ནི་དགོས་པའི་དགོས་པའོ། །འབྲས་བུའི་སྒྲས་ནི་སངས་རྒྱས་ཉིད། །ཡང་ན་རྡོ་རྗེ་འཛིན་པའོ། །ད་ནི་བརྗོད་པ་ལ་སོགས་ལྔ་ལ་དོན་གྱི་ཁྱད་པར་ཅན་འདྲི། གང་ཞིག་བརྗོད་པར་བྱ་བ་དེ་
ནི་རྒྱུད་ཀྱི་མདོར་བསྟན་པའོ། །གང་ཞིག་བརྗོད་པར་བྱ་བ་དེ་ནི་རྒྱུད་ཀྱི་དོན་རྒྱས་པར་བསྟན་པའོ། །གང་ཞིག་འབྲེལ་པ་དེ་ནི་གསང་བའི་དབང་ལ་སོགས་པ་སོ་སོར་བསྟན་པའོ། །གང་ཞིག་དགོས་པ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པའི་ཡེ་ཤེས་སོ། །གང་ཞིག་དགོས་པའི་
དགོས་པ་དེ་ནི་བཞི་པའི་དོན་གྱི་མན་ངག་གི་ཡེ་ཤེས་ལས་བྱུང་བའོ། །ཡེ་ཤེས་ལས་བྱུང་བའི་སྒྲས་ནི་ཡེ་ཤེས་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་སློབ་དཔོན་གྱི་གཞུང་ངོ་། །སྡུད་པ་པོའི་གཞུང་གིས་འདི་རུ་བརྗོད་པ་ནི་མདོར་བསྟན་པའི་རྒྱུད་དོ། །བརྗོད་པར་བྱ་བ་ནི་རྒྱས་
པར་བསྟན་པའི་ཕྱག་དང་ཞལ་ལ་སོགས་པ་དང་ལྡན་པའོ། །འབྲེལ་པ་ནི་སོ་སོར་བསྟན་པའི་མཁའ་འགྲོ་མའི་འཁོར་རོ། །དགོས་པའི་ཡེ་ཤེས་ནི་འདོད་ཆགས་ཀྱིས་འདུལ་བ་རྣམས་ལ་ཤེས་རབ་དང་ཐབས་གཉིས་སུ་མེད་པས་ཐ་མལ་པའི་འདོད་ཆགས་འཇིག་པའོ། །དགོས་པའི་དགོས་
པ་ཡེ་ཤེས་ལས་བྱུང་བ་ནི་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་བདེ་བ་དང་མི་བདེ་བ་ལ་སོགས་པའི་ནད་ཀྱིས་འཚེ་བ་ལ། བདེ་བ་ཆེན་པོའི་གནས་སུ་སླེབ་པའོ། །དེ་ནི་སློབ་དཔོན་གྱི་ཞལ་སྔ་ནས་སྡུད་པ་པོའི་གཞུང་བཤད་པའོ། །ཞུ་བ་པོ་ཡང་དེ་རུ་འདི་སྐད་སྨྲའོ། །རྒྱུད་ལ་འདི་སྐད་
བདག་གིས་ཐོས་པ་མེད་པས་སྡུད་པ་པོའི་གཞུང་ཇི་ལྟར་ཡིན། རྡོ་རྗེ་སློབ་དཔོན་གྱིས་བཀའ་སྩལ་པ། འབུམ་ལྔའི་བདག་ཉིད། ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་ལ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ཉེ་བར་བསྟན་པ་གསུངས་སོ། །དེའི་དུས་སུ་གཞན་མ་ཡིན་པའི་འཁོར་གྱི་དབུས་སུ་རྩ་བའི་དོན་
เล่ม ๘ · หน้า 112a
གྱི་རྒྱུད་ཐམས་ཅད་རྣལ་འབྱོར་མའི་གཞུང་གི་གསང་བ་ཆེན་པོའི་དོན་དེ་མ་ཐག་ཏུ་རྒྱས་བཏབ་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཕྱི་མའི་རྒྱུད་ཅེས་བྱ་བའི་གསང་བའི་རྒྱ་མཚོའི་རྒྱུད་ལས་གསུངས་སོ། །ཕྱི་མ་ཞེས་བྱ་བ་ནི་སྔར་ཕྱུང་བ་སྟེ། དཔལ་སངས་རྒྱས་མཉམ་
སྦྱོར་དེ་ཁོ་ན་ཉིད་བསྟན་པ་ལས་དེ་སྐད་གསུངས་སོ། །དེའི་ཕྱིར་སྡུད་པ་པོས་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་མ་སྨོས་སོ། །འོན་ཀྱང་རྩ་བ་དང་། བརྟག་པ་ལ་སོགས་པ་རྒྱུད་ཀུན་སྡུད་པ་པོའི་ཚིག་ཡིན་ནོ། །གང་གི་ཕྱིར་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་ལྷ་
དང་མི་ལ་སོགས་པས་རྙེད་པར་དཀའ་བ་དེའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞལ་ནས་སྡུད་པ་པོས་ཉན་ཏེ། ལྷ་དང་མི་ལ་སོགས་པ་ལ་གསལ་བར་བྱས་སོ། །དེ་བཞིན་དུ་སྡུད་པ་པོ་རང་གིས་སྨྲས་པ་ནི་མ་ཡིན་ནོ། །སྡུད་པ་པོ་ནི་འདིར་ཡང་། རྡོ་རྗེ་འཛིན་པའི་སྤྲུལ་པ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའོ། །བཅོམ་ལྡན་ཡེ་ཤེས་མཁའ་འགྲོ་ལ། །ཞེས་བྱ་བ་ལ་བཅོམ་ལྡན་འདས་བདག་གིས་ཞུ་བ་གསོན་ཞེས། དེ་སྐད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་འོག་ཏུ་འཆད་པའི་སྦྱོར་བ་དྲུག་གི་རྣམ་པར་ཤེས་པ་ལ་སོགས་པ་དོན་ཞུ་བའི་ཕྱིར་
ཁོང་དུ་ཆུད་པར་མཛད་ཅེས་ལུང་ངོ་། །སློབ་དཔོན་གཞན་གྱི་གཞུང་གིས་འདི་རུ་དོན་ནི་འདི་ཡིན་ཏེ། བྷ་ག་ཡོད་པའི་ཕྱིར་བཅོམ་ལྡན་འདས། བྷ་གའི་སྒྲ་ནི་ཡང་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེའི་ཡེ་ཤེས་ཀྱི་འོད་ཟེར་གང་ལ་ཡོད་པ་དེ་ནི་ཡེ་ཤེས་མཁའ་འགྲོ་ཉི་མའོ། །སློབ་
དཔོན་གཞན་གྱི་གཞུང་གིས་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ནམ་མཁའ་ལ་འགྲོ་བའི་ཕྱིར་མཁའ་འགྲོ་ཞེས་བཤད་དོ། །ནམ་མཁའ་ལ་འགྲོ་བ་ཡང་དོན། དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་གཞུང་གིས་འདི་སྐད་བཤད་དེ།
གློ་བུར་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་རང་གིས་ངོ་བོའི་སྐུ་རྒྱལ་བའོ། །གསང་བའི་སྙིང་པད་རྒྱས་པར་བྱེད། །ཅེས་བྱ་བ་ལ། གསང་བ་ནི། ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་བ་ཞེས་ལུང་ལས་བཤད་པའོ། །སློབ་དཔོན་གཞན་མའི་གཞུང་གིས་གསང་བ་ནི་ཆོས་ཀྱི་
เล่ม ๘ · หน้า 112b
འབྱུང་གནས་སོ། །རྡོ་རྗེ་སློབ་དཔོན་གྱི་གཞུང་གིས། འདབ་མ་གསུམ་པའི་རྣམ་པ་རེག་བྱའི་རྩའི་ཆུ་སྐྱེས་སོ། །སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །པདྨ་ཞེས་བྱ་བ་ནི་ཀུན་དུ་དམར་བའི་རང་བཞིན། རྒྱས་པར་བྱེད་པ་ཞེས་བྱ་བ་ནི་གསལ་བར་མཛད་པའོ། །ཡང་ན་འབྱུང་བར་མཛད་
པའོ་ཞེས་བྱ་བའི་དོན་ཏོ། །གསང་བར་ལྟེ་བའི་ནང་ན་གནས། །ཞེས་བྱ་བ་ནི་སློབ་དཔོན་བཛྲ་བོ་དྷིས་གསུངས་པའི་ཨཱ་ལི་ཀཱ་ལི་གཉིས་སུ་མེད་པར་སྦྱོར་བ་མངོན་སུམ་དུ་རྡོ་རྗེ་འཛིན་པ་ཆེན་པོའི་དངོས་པོ་དེ། འདི་རུ་ཆོས་ཀྱི་འབྱུང་གནས་ཀྱི་གཞལ་ཡས་ཁང་གི་ནང་དུ་བཞུགས་སོ། །རྡོ་རྗེ་སློབ་
དཔོན་གྱི་གཞུང་གིས། གསང་བ་ནི་མཆོག་གི་དགའ་བ། པདྨ་ནི་ཆད་པའི་དགའ་བ། ལྟེ་བ་ནི་རང་བཞིན་གྱི་དགའ་བ། དེ་ལྟ་བུའི་དགའ་བ་གསུམ་གྱི་བདག་ཉིད། དགའ་བ་གཉིས་ཀྱི་དབུས་སུ་གློ་བུར་བའི་རང་བཞིན་པདྨའི་འདབ་མར་ཆུ་བཞིན་དུ་བཞུགས་སོ། །འདི་ལྟར། འདི་རུ་གསང་
བའི་རྒྱ་མཚོ་ལས། །མཆོག་དང་ཆད་པའི་དབུས་སུ་ནི། །དེ་ཉིད་གསུམ་དག་མི་ཟད་པ། །གསང་བའི་ཆུ་སྐྱེས་ལྟེ་ནང་བཞུགས། །གསང་བ་པདྨ་རང་བཞིན་བདག །ཅེས་གསུངས་སོ། །འབུམ་ལྔའི་བདག་ཉིད་ལ་སོགས་ཞེས་བྱ་བ་ལ། དེ་རུ་དོན་ནི་འདི་ལྟར་བཤད་དེ། འབུམ་ལྔའི་བདག་ཉིད་
གང་ཞིག་ཀྱེའི་རྡོ་རྗེའི་རྒྱུད་དེ་ནི་བརྟག་པ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་འདི་ལྟར་ཡིན་ཏེ། དང་པོ་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་བརྟག་པ། གཉིས་པ་ནི་སྒྱུ་འཕྲུལ་གྱི་བརྟག་པ། གསུམ་པ་ནི་རྡོ་རྗེ་གར་གྱི་བརྟག་པ། བཞི་པ་ནི་སྣ་ཚོགས་ཀྱི་བརྟག་པ། ལྔ་པ་ནི་རྡོ་རྗེའི་བརྟག་པ།
དྲུག་པ་ནི་སྟོབས་པོ་ཆེའི་བརྟག་པ། བདུན་པ་ནི་མི་གཡོ་བའི་བརྟག་པ། བརྒྱད་པ་ནི་གཟུངས་མའི་བརྟག་པ། དགུ་པ་ནི་ཀུ་རུ་ཀུལླེའི་བརྟག་པ། བཅུ་པ་ནི་དྲེགས་ཆེན་གྱི་བརྟག་པ། བཅུ་གཅིག་པ་ནི་རྣམ་པར་སྣང་མཛད་ཀྱི་བརྟག་པ། བཅུ་གཉིས་པ་ནི་དངོས་གྲུབ་ཀྱི་བརྟག་པ།
བཅུ་གསུམ་པ་ནི་སྒྲོལ་མའི་བརྟག་པ། བཅུ་བཞི་པ་ནི་རྡོ་རྗེ་ཕག་མོའི་བརྟག་པ། བཅོ་ལྔ་པ་ནི་འོད་ཟེར་གྱི་བརྟག་པ། བཅུ་དྲུག་པ་ནི་བདག་མེད་མའི་བརྟག་པ། བཅུ་བདུན་པ་ནི་གཤིན་རྗེ་དགྲའི་བརྟག་པ། བཅོ་བརྒྱད་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་བརྟག་པ། བཅུ་དགུ་པ་ནི་སོ་སོར་འབྲང་
เล่ม ๘ · หน้า 113a
མའི་བརྟག་པ། ཉི་ཤུ་པ་ནི་སྦྱིན་སྲེག་གི་བརྟག་པ། ཉི་ཤུ་རྩ་གཅིག་པ་ནི་རབ་གནས་ཀྱི་བརྟག་པ། ཉི་ཤུ་གཉིས་པ་ནི་དཀྱིལ་འཁོར་ཆེན་པོའི་བརྟག་པ། ཉི་ཤུ་གསུམ་པ་ནི་གཏོར་མའི་བརྟག་པ། ཉི་ཤུ་བཞི་པ་ནི་སྟ་གོན་གྱི་བརྟག་པ། ཉི་ཤུ་ལྔ་པ་ནི་མངོན་
པར་བྱང་ཆུབ་པའི་བརྟག་པ། ཉི་ཤུ་དྲུག་པ་ནི་རྒྱས་གདབ་པའི་བརྟག་པ། ཉི་ཤུ་བདུན་པ་ནི་སྦྱོར་ཐབས་ཀྱི་བརྟག་པ། ཉི་ཤུ་བརྒྱད་པ་ནི་རྡོ་རྗེ་གླུའི་བརྟག་པ། ཉི་ཤུ་དགུ་པ་ནི་པདྨ་གར་གྱི་དབང་ཕྱུག་གི་བརྟག་པ། སུམ་ཅུ་པ་ནི་ཕྱག་ན་རྡོ་རྗེའི་བརྟག་པ། སུམ་ཅུ་གཅིག་པ་ནི་མཁའ་
འགྲོ་མའི་བརྟག་པ། སུམ་ཅུ་རྩ་གཉིས་པ་ནི་མཁའ་འགྲོ་མའི་བརྟག་པ། དེ་ཀུན་གྱི་ནང་ནས་མཁའ་འགྲོ་དང་མཁའ་འགྲོ་མའི་ཡུལ་དུ་མ་བཞུགས་པ་ཞེས་གཅིག་ནས་གཅིག་ཏུ་རིམ་པ་ལས་བྱུང་བའི་ཚིག་གོ། །རྒྱུད་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་མེད་ལྡན་པའི་བསྐྱེད་རིམ་
རྫོགས་རིམ་ལྡན་པའོ། །ཀྱེའི་རྡོ་རྗེ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པ་ལས་རྫོགས་པའི་བདེ་བ་ཆེན་པོ་ཡེ་ཤེས་འཚོ་ཞེས་བྱ་བ་ནི་ཟབ་པ་དང་། གཟུང་བར་དཀའོ། །གསུངས་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་བཤད་པའོ། །སྦྱོར་དྲུག་རྣལ་འབྱོར་མ་ཡི་གཞུང་། །ཞེས་བྱ་བ་ནི་
འདི་ལྟར་གསུངས། རྣལ་འབྱོར་མའི་གཞུང་གི་སྒྲས་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་བརྟག་པའི་རྒྱལ་པོ་དེ་རུ་ལེའུ་དང་པོ་ལ་གང་ཞིག་སྦྱོར་བ་དྲུག་དང་རྡོ་རྗེ་འཛིན་པ་ཆེན་པོས་བཤད་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་གོ་རིམས་ཀྱིས་སོ། །དེའི་ཕྱིར་སྦྱོར་བའི་སྒྲ་ལ་བསྟན་པ། སྦྱོར་བ་ནི་མཉམ་
པར་འཁྱུད་པ། ཡང་ན་ཕུན་སུམ་ཚོགས་པ། དེའི་རིམ་པ་ནི་འདི་ཡིན་ཏེ། དང་པོ་ནི་བདག་པོའི་ཕུན་སུམ་ཚོགས་པ། གཉིས་པ་ནི་རྒྱུད་ཀྱི་ཕུན་སུམ་ཚོགས་པ། གསུམ་པ་ནི་སྡུད་པ་པོའི་ཕུན་སུམ་ཚོགས་པ། བཞི་པ་ནི་དུས་ཀྱི་ཕུན་སུམ་ཚོགས་པ། ལྔ་པ་ནི་འཁོར་གྱི་ཕུན་
སུམ་ཚོགས་པ། དྲུག་པ་ནི་གནས་ཀྱི་ཕུན་སུམ་ཚོགས་པ། དེ་ལྟ་བུའི་སྦྱོར་བ་དྲུག་གིས་ཉམས་པར་སྦྱོར་བའི་དངོས་པོ་ཡང་དག་རྒྱ་ཆེ་བ་ཀུན་རྫོགས་ཀྱི་དཔག་ཏུ་མེད་པ་ཤེས་ནས། མདོར་བསྡུས་པ་འདོད་པ་ཅན་གྱི་དོན་དུ། ཆ་དང་ཐིག་ལེ་ལ་སོགས་པའི་དོན་བསྟན་པར་བྱས་
เล่ม ๘ · หน้า 113b
ནས། དོན་དམ་པའི་སྦྱོར་བ་དྲུག་གི་དོན། ལེགས་དགྱེས་ཆེན་པོའི་མཆོད་པ་ལ་སོགས་པ་དང་། རྡོ་རྗེ་གླུའི་གུས་པས་བཅོམ་ལྡན་འདས་རབ་ཏུ་དགའ་བར་བྱས་ནས། གསང་བའི་སྒྲས་བཅོམ་ལྡན་འདས་མས་འདི་སྐད་ཞུས་སོ། །ཆ་དང་ཐིག་ལེ་ཚུལ་དག་དང་། །ཚུལ་ཙམ་
མཆོག་དང་མཆོག་ལས་གཞན། །སྦྱོར་བ་དྲུག་དབྱེ་རྣམ་པར་ཤེས། །གནས་ནི་གང་དུ་གནས་པ་ལགས། །སྲོག་ནི་གང་ནས་བྱུང་བ་དང་། །རྡོ་རྗེ་འཛིན་པ་གང་དུ་ཐིམ། །རྡོ་རྗེ་ཉིན་གང་མཚན་མོ་གང་། །མཚམས་དང་ཤར་བ་གང་ཞིག་ལགས། །གང་དུ་ནུབ་པའི་དུས་དང་རྩ། །
མཆོག་གི་དབང་ཕྱུག་དུ་ཙམ་མཆིས། །དུས་ཀྱི་མཚན་ཉིད་གང་ལགས་གསུངས། །དེ་ཡི་དུས་ཀྱི་དགོས་པ་ཅི། །ཨཱ་ལི་ཀཱ་ལི་བྱ་བ་དང་། །མངའ་བདག་གང་ནས་བྱུང་བ་ལགས། །རོ་ནི་བྱེ་བྲག་དུ་ཞིག་གནས། །དགའ་བ་ཡང་ནི་དེ་བཞིན་ནོ། །གང་གི་དུས་སུ་དགའ་བ་རྣམས། །རྡོ་རྗེ་
དབང་ཕྱུག་སྐྱེ་བར་འགྱུར། །ཆོས་ཀྱི་དབྱིངས་ནི་ཇི་ལྟར་བཤད། །རྡོ་རྗེ་ཡང་ནི་ཇི་ལྟ་བུ། །རེ་ཞིག་བདག་གི་སྒྲ་ནི་གང་། །གསང་བ་ཞེས་བྱ་ཇི་ལྟར་ལགས། །མཆོག་ཅེས་བྱ་བ་ཇི་ལྟར་ཏེ། །དགྱེས་པའི་དོན་ནི་གསལ་བར་བརྗོད། །རིགས་ཀྱི་བྱེ་བྲག་དུ་ཙམ་བསྟན། །ཕུང་པོ་ལ་སོགས་སྐྱེ་མཆེད་
ཅིང་། །ཚངས་པ་དབང་ཕྱུག་དྲག་པོ་དང་། །ཁྱབ་འཇུག་རྟག་ཏུ་ཞི་བ་དང་། །གང་ནས་སྐྱེ་ཞིང་གང་དུ་གནས། །ངོ་བོ་ཇི་ལྟར་ཆེན་པོའི་ཆེ། །ཕྱག་རྒྱའི་བྱེ་བྲག་དུ་ཞིག་བསྟན། །ཕྱག་རྒྱ་ཆེན་པོ་ཇི་ལྟར་ལགས། །མགོན་པོ་མཆོད་པའི་བྱེ་བྲག་ཅི། །དེ་རུ་མེ་ཏོག་ཇི་ལྟར་ལགས། །མགོན་པོ་ཆེན་
པོ་སྲོག་གཅོད་ནི། །ཇི་ལྟ་བུ་ཞིག་འཚལ་བ་ལགས། །དཀྱིལ་འཁོར་མཆོག་གི་དམ་པ་ཅན། །བཅོམ་ལྡན་འདས་དེ་ཇི་ལྟར་ལགས། །དེ་རུ་ལྷ་མོ་ཇི་ལྟར་ལགས། །ལྷ་མོ་ཞེས་བྱ་གང་ལ་བཤད། །བཅོམ་ལྡན་དུར་ཁྲོད་དུ་ཞིག་མཆིས། །དེ་རུ་ཤིང་ནི་ཇི་ལྟར་ལགས། །དུར་ཁྲོད་དང་ནི་
ཤིང་རྣམས་ལས། །རྒྱལ་བའི་དབང་ཕྱུག་གནས་བཀའ་སྩལ། །མགོན་པོ་ནང་གི་སྦྱིན་སྲེག་དང་། །བདུད་རྩི་ལྔ་ཡི་རིམ་པ་དང་། །རྣལ་འབྱོར་མ་ཡི་འདུས་པ་དང་། །དེ་རུ་སྐད་ནི་ཇི་ལྟར་ལགས། །བདག་ཉིད་རང་གི་ངོ་བོ་ནི། །མགོན་པོ་ཆེན་པོས་བཀའ་སྩོལ་ཅིག །དེ་ལྟ་བུ་ཡི་
เล่ม ๘ · หน้า 114a
རིམ་པ་ལ། །བཞི་ལྷག་ལྔ་བཅུ་དྲིས་པ་ལ། །གང་དུ་དེ་ཉིད་མཆོག་གི་དབང་ཕྱུག་གིས་རྒྱས་པར་བསྟན་པ། བདག་ཀྱང་དེ་རུ་སློབ་དཔོན་གྱི་གཞུང་གིས་ངེས་པའི་དོན་དང་། དྲང་བའི་དོན་བྱེ་བྲག་གིས་འདྲི་ཞེས་པ་ནི་རིགས་པའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སློབ་དཔོན་གྱིས་
ཀྱང་རྒྱུད་ཀྱི་རིམ་པ་བཀའ་སྩལ་ཏོ། །རྒྱུད་ལ་རིམ་པས་དབང་གི་ཡན་ལག་ནི་གོང་དུ་ཡོད་དོ། །དེའི་ཕྱིར་དབང་བསྐུར་བའི་དོན་རབ་ཏུ་གསལ་བར་བྱས་ནས། རྗེས་སུ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དཔྱད་པར་བྱའོ། །གང་གི་ཕྱིར་ཞེ་ན། ཡང་དག་པར་དབང་བསྐུར་བའི་སློབ་མ་
ལུས་ལ་སོགས་པ་ཟབ་པའི་མན་ངག་གིས་དོན་ལ་སྣོད་ཡིན་པར་འགྱུར་རོ། །དེ་ལྟ་མ་ཡིན་པར་དབང་བསྐུར་བ་མེད་པར་རྒྱུད་དོན་གསལ་བར་བྱས་ན་སློབ་དཔོན་དང་སློབ་མ་རྩ་བ་ལ་ལྟུང་བའོ་ཞེས་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། ལེའུ་དང་པོའི་བཤད་པའོ།། །།
ད་ནི་ལེའུ་གཉིས་པ་ལ་ཟབ་པའི་ཚིག་རྣམས་བྲི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་སོགས་པས་མཐའ་ཡན་ཆད་དོན་ཇི་ལྟ་བ་བཞིན་དུ་བཤད། རིམ་པ་ལ་སོགས་པ་ཞེས་བྱ་བ་ལ། རིམ་པའི་སྒྲ་ནི་ས་བོན་ལས་མྱུ་གུ་ལ་སོགས་པ་བཞིན་དུ་ཉེ་བར་དགོད། ཡང་ན་སྐྱོར་བ་བཞི་
ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །དབང་བསྐུར་བ་ནི་ཆགས་པ་ལ་སོགས་ཀྱི་དྲི་མ་དག་པར་བྱེད་པ། འབྲས་བུའི་དུས་སུ་གསུམ་དུ་དབྱེ་བ་ཞེས་བཤད་པ་ཞེས་བྱ་བ་ནི་རྒྱུ་འབྲས་ཀྱི་སྐབས་སུ་དཔྱད་པར་བྱའོ། །སློབ་དཔོན་ལ་སོགས་བྱ་བ་ལ། དོན་ནི་ཇི་ལྟར་བཤད་དེ་ཆུ་དང་། དབུ་རྒྱན་ལ་སོགས་
པས་དབང་བཅུ་གཅིག་གི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འཛིན་པའི་སྐུ་ཞེས་བྱ་བའི་དོན་ཏོ། །གསང་བ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཤེས་རབ་ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཀྱི་སྐུ། བཞི་པ་ནི་བདེ་བ་ཆེན་པོའི་སྐུ། སློབ་དཔོན་བཅུ་གཅིག་ཏུ་དབྱེ་ཞེས་བྱ་བའི་རིམ་པ་འདི་ཡིན་ཏེ། ཆུ་དང་།
དབུ་རྒྱན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་། དམ་ཚིག་གསུམ་དང་། བརྟུལ་ཞུགས་དང་། ལུང་བསྟན་པ་དང་། སྐྱབས་སྦྱིན་པ་ཞེས་བྱའོ། །བཅུ་གཉིས་པ་གསང་བ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ཀྱིས་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བྱང་
เล่ม ๘ · หน้า 114b
ཆུབ་ཀྱི་སེམས་མྱང་བ་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །བཅུ་གསུམ་པ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་ནི་ཤེས་རབ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཤེས་ནས་སྤྲོས་པ་དང་བྲལ་བ་གཉིས་སུ་མེད་པ། དེ་ཉིད་ཡེ་ཤེས་ལ་འཇུག་པ། དེ་ལྟར་དེ་ཉིད་བཅུ་བཞི་ཞེས་བྱ་བ་ནི་དེ་ཉིད་ཡེ་
ཤེས་ཀྱི་འཇུག་པ་ལས་གཞན་མ་ཡིན། ཡེ་ཤེས་ནི་ནམ་མཁའི་རང་བཞིན་བདེ་བ་ཆེན་པོའི་སྐུ་ཉིད་གསང་བའི་དབང་པོ་རྒྱུད་ཀྱི་རིམ་པ་ཞེས་བཤད་དོ། །གཞན་ནི་དོན་ཇི་ལྟ་བ་བཞིན་དུ་བཤད། ས་དང་འབྲས་བུ་གསུམ་དུ་དབྱེ་བ་ཞེས་བྱ་བ་ལ་དོན་ནི་འདི་ཡིན་ཏེ། གང་ཞིག་རྒྱུ་ཡིན་པ་དེ་རང་
རྩ་བ། འདི་རུ་རྩ་བའི་སྒྲ་ནི་འོད་རབ་ཀྱི་རང་བཞིན། ཆོས་ཀྱི་སྐུ་གསུངས་སོ། །དེ་ཡང་སྐུ་དང་གསུང་དང་ཐུགས་གསུམ་དུ་དབྱེ་བ། གང་ཞིག་བུམ་པའི་དབང་ལ་སོགས་པའི་དོན་དེ་ནི་སྐུ། གང་ཞིག་གསང་བའི་དབང་དེ་ནི་གསུང་། གང་ཞིག་ཤེས་རབ་ཡེ་ཤེས་ཀྱི་དབང་དེ་ནི་ཐུགས་སོ། །
དེ་རྣམས་ཀྱི་འབྲས་བུ་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་གྲགས་པ་ཅན། བདེ་བ་ཆེན་པོ་རྒྱལ་ལོ། །ཡང་ན་འབྲས་བུ་གསུམ་དུ་དབྱེ་བའི་དོན་ལ་ནི་འདི་ལྟ་སྟེ། བཞི་པ་ནི་ཡེ་ཤེས་ནམ་མཁའི་རང་བཞིན་གྱི་ཕྱིར་རྒྱུ་ལ། འབྲས་བུ་དེའི་ཕྱིར་དེ་ཉིད་གསུམ་གྱི་ངོ་བོ་ཉིད་དཔལ་རྡོ་རྗེ་འཛིན་པས་
གསུངས་སོ། །དགའ་བའི་བྱེ་བྲག་གིས་ཤེས་པར་བྱ་ཞེས་བྱ་བ་ལ། དབང་རྣམས་ལ་ཕྱིའི་རིམ་པས་དྲི་མ་མེད་པའི་ས་ལ་སོགས་པའི་འབྲས་བུ་ཐོབ་པ། ནང་གི་རིམ་པས་དགའ་བ་ལ་སོགས་པའི་འབྲས་བུའོ། །འཁོར་ལོ་རྣམས་ལ་དོན་ནི་འདི་ལྟ་སྟེ། བུམ་པའི་དབང་བསྐུར་བའི་དུས་སུ། འཁྲིག་
པ་དང་འོ་ལས་སྐུའི་འཁོར་ལོར་དགའ་བ། བདུད་རྩི་མྱོང་བའི་དུས་སུ། འཇིག་རྟེན་ལས་འདས་པའི་རེག་བྱ་ཚོར་བ་ལས་གསང་བའི་དབང་ལས་གསུང་གི་འཁོར་ལོར་མཆོག་གི་དགའ་བ། ཤེས་རབ་ཐབས་མཉམ་པར་སྦྱར་བའི་བདེ་བ་ཉམས་སུ་མྱོང་བ་ལས་ཐུགས་ཀྱི་འཁོར་ལོར་ཆད་པའི་
དགའ་བ། རང་དང་གཞན་གྱི་བྱེ་བྲག་གི་དྲན་པ་མེད་ཅིང་གང་ཞིག་དགའ་བ་སྤྲོས་པ་ཡེ་ཤེས་ཀྱི་འཁོར་ལོ་རང་བཞིན་གྱི་དགའ་བ་ཞེས་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་གཞུང་གིས་གསུངས་སོ། །ཡར་ངོའི་ཚེས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེ་འདྲ་བུའི་གཞུང་གིས་གསང་བའི་དབང་བསྐུར་
เล่ม ๘ · หน้า 115a
བའི་དུས་སུ་བྱང་ཆུབ་ཀྱི་སེམས་ཐིག་ལེ་གསུམ་གཟུང་ངོ་། །ཐབས་ཀྱི་ཞལ་ལ་སོགས་པ་སྒྲ་ཇི་བཞིན་དུ་བཤད་དོ། །ལོ་བཅུ་གཉིས་མ་གསུང་བའི་དབང་གི་དུས་སུའོ། །གང་གི་ཕྱིར་ཞེ་ན་པདྨ་ཅན་མ་ཡིན་པའི་ཕྱིར་གསང་བ་བྱང་ཆུབ་ཀྱི་སེམས་ལ་བསྲུང་ངོ་། །ལོ་བཅུ་དྲུག་དང་ལྡན་
པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ། དགའ་བ་རབ་ཀྱི་ཡེ་ཤེས་པ་བསྲུང་བ་དང་བྱུང་བ་གཉིས་ཀྱི་དོན་དུའོ། །ལོ་ཉི་ཤུ་དང་ལྡན་པ། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ཀྱི་དོན་ནི་མི་རྙེད་པའི་ཕྱིར་སྤང་བར་བྱའོ། །དེ་ལྟར་ཡང་ཉི་ཤུ་ལོན་པ་ཡན་ཆད་ནི་ཕྱག་རྒྱའི་དངོས་གྲུབ་རིང་དུ་བགྱིད་པ་
ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་ལོ་ཉི་ཤུ་ལོན་པ་བྱང་ཆུབ་ཀྱི་སེམས་ལ་འཁྲུག་པར་བྱེད་འཁྲུག་པས་དགའ་བ་འབྱུང་བར་མི་འགྲུབ། རྣལ་འབྱོར་བླ་མའི་རྒྱུད་དུ་འདུས་པར་བྱས་སོ། །སྲིང་མོ་ལ་སོགས་པ་མཚན་མ་རྙེད་པ་ལ། དབང་བསྐུར་བ་གསུམ་གྱི་
དུས་སུ་རིག་པར་གསུངས་སོ། །ཅིའི་ཕྱིར་ཞེ་ན། མཚན་མ་ནི་ཡེ་ཤེས་ལྔ་ལ་རྒྱུ་ཡིན་ནོ། །རྒྱུ་ཡོད་པས་ཐེ་ཚོམ་མེད་པའི་འབྲས་བུ་རྙེད་དོ། །ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ལ་སྲིང་མོ་ལ་སོགས་པས་ནི་སྡིག་པ་མེད་དོ། །དེ་ནི་རེ་ཞིག་ཀུན་རྫོབ་ཀྱི་བདེན་
པའི་རིམ་པའོ། །དོན་དམ་པའི་བདེན་པའི་རིམ་པས་ནང་གི་བུམ་པའི་དབང་གི་དུས་སུ་སྐད་ཅིག་བྱེ་བྲག་གསལ་བར་བྱེད་པའི་ཕྱིར་སྲིང་མོ། །གསང་བའི་དབང་གི་དུས་སུ་དགའ་བ་འཇོ་བའི་ཕྱིར་བུ་མོ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་རོ་ཐམས་ཅད་ལ་སྣང་བར་བྱེད་པའི་ཕྱིར་ཆུང་མ། ཆུང་
མ་སློབ་དཔོན་ལ་དབུལ་བར་བྱ་ཞེས་བྱ་བ་ལ་སོགས་པ་ཀུན་རྫོབ་ཀྱི་སྐབས་སུ་དོན་ཇི་ལྟ་བ་བཞིན་གྱིས་རྩ་བ་གསུངས་སོ། །བླ་མའི་གཟུགས་ཀྱིས་བདག་ཉིད་ཅེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་རྗེ་བཙུན་ཉིད་ཅེས་བྱ་བའི་དོན་ཏོ། །བདག་མཆོད་པ་ལས་དངོས་གྲུབ་རྙེད་པ་ཞེས་བྱ་བ་ལ། ཡེ་ཤེས་
ཆེན་པོ་ཐོབ་ཅེས་དགོངས་པའོ། །དེ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོ་ལ་སོགས་ཞེས་བྱ་བ་ལ། དོན་འདི་ལྟར་བཤད་དེ་བླ་མ་རྗེ་བཙུན་ལ་ཡོན་ཕུལ་བ་དང་། མཆོད་པ་ལ་སོགས་པའི་ཕྱིས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བ། ཤེས་རབ་མ་མེ་ཏོག་དང་སྤོས་ལ་སོགས་པའི་རྫས་ཀྱིས་ཡང་དག་
เล่ม ๘ · หน้า 115b
པར་མཆོད་པར་བྱས་ནས་ལྷ་མོའི་གཟུགས་སུ་བསྒོམས་ཏེ། སློབ་མའི་ཡན་ལག་ཐམས་ཅད་དུ་རེག་པའི་དོན་དུ་བསྙེན་པར་བྱ་ཞིང་སྦྱིན་པར་བྱ་ཞེས་དགོངས་པའོ། །དེ་ནི་ནང་གི་བུམ་པའི་དབང་གི་ཕྱིར་ཡང་རྣམ་པར་རྒྱལ་བའི་བུམ་པ་ལག་ཏུ་གཟུང་བར་བྱ། །གསང་བའི་དབང་གི་དུས་སུ་སློབ་
མ་ལ་ཡེ་ཤེས་གོམས་པའི་ཕྱིར། དང་པོ་སློབ་དཔོན་གྱིས་སྣ་ཚོགས་སྦྱོར་ཐབས་ཀྱིས་བསྙེན་པ་བྱའོ། །བསྙེན་པ་སྦྱོར་བས་བྱང་ཆུབ་ཀྱི་སེམས་འབྱུང་བ་དེ་ནི་སློབ་མའི་ཁ་རུ་དབབ་པར་བྱ་གཞུག་པར་བྱ་ཞེས་སྒྲ་ཇི་བཞིན་གྱི་རྒྱུད་ཀྱི་དོན་ནོ། །སྒྲ་ཇི་བཞིན་མ་ཡིན་པའི་དོན་གྱིས་སློབ་མ་གཞན་
གྱི་དབང་གང་ཞིག་འབྱུང་བ་དེ་ནི་བདག་གི་གནས། སློབ་དཔོན་ནག་པོའི་གཞུང་གིས། བདག་ནི་གནས་རྡོ་རྗེ་རིན་པོ་ཆེའི་སྙིང་པོ་གཞན་གྱི་གནས་ནི་པདྨ་རིན་ཆེན་གྱི་སྙིང་པོ། །སློབ་དཔོན་ཀུ་ཀུ་རཱ་ཛའི་གཞུང་གིས། བདག་གི་གནས་ནི་མཆོག་གི་དགའ་བ། གཞན་གྱི་གནས་ནི་ཆད་པའི་དགའ་
བ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་བདག་གི་གནས་ནི་བསྐྱེད་རིམ། གཞན་གྱི་གནས་ནི་རྫོགས་པའི་རིམ་པ། སློབ་དཔོན་ཌོམྦི་པའི་ཞལ་སྔ་ནས་ཀྱིས། བདག་གི་གནས་ནི་ཐབས་ལས་བྱུང་བ། གཞན་གྱི་གནས་ནི་ཐབས་སོ། །སློབ་དཔོན་གཞན་པའི་ཡེ་ཤེས་དང་། ཡེ་ཤེས་བྱུང་བ་
ཞེས་དགོངས་པའོ། །སྲིན་ལག་མཐེ་བོང་ལ་སོགས་ཞེས་བྱ་བ་ལ། ཕྱིའི་དོན་གྱི་རྡོ་རྗེ་རིན་ཆེན་གྱི་སྙིང་པོའི་ནང་ནས་བྱང་ཆུབ་ཀྱི་སེམས་སློབ་མའི་མགྲིན་པའི་ནང་ནས་བླུགས་ཏེ་མགྲིན་པའི་རྩ་གཉིས་བཙིར་བར་བྱའོ། །གང་གི་ཕྱིར་ཞེ་ན། དེས་ནི་ཕྱིས་ནས་ཇི་ལྟར་ཉམས་སུ་མྱོང་བ་བཞིན་
ཤེས་ལ། རང་རིག་པའི་མཚན་ཉིད་ཅན་ཡང་དག་པར་འབྱུང་བ་ཞེས་སྒྲ་ཇི་བཞིན་གྱིས་རྒྱུད་ཀྱི་དོན་བཤད་དེ། དེ་རུ་དཔེ་ནི་འདི་ལྟ་སྟེ། གཞོན་ནུ་མ་ལ་སོགས་པ་ལ་ལེགས་དགྱེས་བཞིན་ནོ། །ཇི་ལྟར་ཤིན་ཏུ་ལང་ཚོ་ལ་བབ་པའི་རྒྱལ་པོའི་བུ་མོ་འདོད་པའི་བདེ་བ་ནམ་ཡང་མ་མྱོང་བས་དང་པོའི་
སྐབས་སུ་ཤིན་ཏུ་མཁས་པ། འདོད་པའི་སྦྱོར་བས་གང་ཞིག་བྱེད་པའི་ལེགས་སྐྱེས་ཀྱི་བདེ་བ་དེ་ནི་དཔེ་མེད་བརྗོད་མེད་ཅེས་སློབ་དཔོན་གཞན་གྱི་གཞུང་ངོ་། །རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་ཇི་བཞིན། དང་པོའི་སྐབས་སུ་གཞོན་ནུ་མ་ལེགས་དགྱེས་ཀྱི་བདེ་བ། རྣམ་པ་སྣ་ཚོགས་ཀྱི་བྱེ་བྲག་
เล่ม ๘ · หน้า 116a
ཅང་མི་ཚོར་ན། དེ་བཞིན་དུ་མགྲིན་པའི་རྩ་བཙིར་བ་ལས་ཕྱི་རོལ་གྱི་དངོས་པོ་ཅང་མི་ཚོར་རོ། །མཐེ་བོང་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན། སྲིན་ལག་ཅེས་བྱ་བ་ནི་རྟོག་མེད་མ། སྦྱོར་བ་ཞེས་བྱ་བ་ནི་མཉམ་པར་འཁྱུད་པའི་ལས་ཀྱིས་སོ། །སློབ་དཔོན་ཨུ་རྒྱན་གྱི་གཞུང་གིས་སྲིན་
ལག་ནི་ཆོས་ཀྱི་འབྱུང་གནས། མཐེ་བོང་ནི་རྡོ་རྗེ། སློབ་དཔོན་ཁ་ཆེ་བའི་གཞུང་གིས་སྲིན་ལག་ནི་ལྟེ་བ། མཐེ་བོང་ནི་ས་བོན། སློབ་དཔོན་ཛཱ་ལནྡྷ་རའི་གཞུང་གིས། སྲིན་ལག་ནི་གསང་བའི་སྣ། མཐེ་བོང་ནི་གསང་བའི་རྩ། ལོངས་སྤྱོད་ནི་ནང་དུ་འཇུག་པར་བྱ་ཞེས་བྱ་བ་ལ། སློབ་དཔོན་
ཨ་ཝ་དྷཱུ་ཏཱིའི་ཞལ་སྔ་ནས་ཀྱི་གཞུང་གིས་ཕན་ཚུན་བྱང་ཆུབ་ཀྱི་སེམས་མེ་ཏོག་གི་སྦྲང་རྩི་ཡན་ལག་བཀབ་པས་སོ། །རྡོ་རྗེ་སློབ་དཔོན་གྱི་གཞུང་གིས། རྡོ་རྗེའི་ས་བོན་མཆོག་གི་དགའ་བའི་གནས་སུ་སྟ་གོན་བྱ། ཨུ་རྒྱན་གྱི་གཞུང་གིས་ཆད་པའི་དགའ་བའི་གནས་སུ་རབ་གནས་བྱ། དེ་
ནི་གསང་བའི་དབང་གི་རིམ་པའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་བྲི། སྲོག་དང་གཏུབ་པ་མཉམ་པར་བྱ། །ཞེས་བྱ་བ་ལ། ཕྱིའི་དོན་གྱི་དོན་ཇི་ལྟ་བ་བཞིན་ནོ། །ནང་གི་དོན་གྱི་སྲོག་ནི་འགྲོ་བའི་དུས། གཏུབ་པ་ནི་འོང་བའི་དུས་སུ། དུས་ཀྱི་སྒྲས་ནི་
འཇིག་རྟེན་ལས་འདས་པའི་བདེ་བ་ཉམས་སུ་མྱོང་བའི་སྐད་ཅིག་གོ། །མཉམ་པར་བྱ་ཞེས་བྱ་བ་ནི་རོ་གཅིག་ཏུ་བྱས་ནས་བསྟན་པའི་རྡོ་རྗེ་གཞོན་ནུ་མ་ལ་ལེགས་དགྱེས་ཀྱིས་ཤིན་ཏུ་ཡང་མཆོད་པར་བྱའོ། །ལེགས་དགྱེས་ཞེས་བྱ་བ་ནི་འཁྲུག་པ་མེད་པའི་དོན་ཏོ། །ཤིན་ཏུ་ཞེས་བྱ་བ་ནི་
དུས་རིང་པོའོ། །ཧཱུཾ་ཕཊ་ཀྱི་སྔགས་རིན་ཆེན་ཁ་རུ་དོན་འདི་ལྟ་སྟེ། པདྨ་དང་རྡོ་རྗེ་གཉིས་ཀྱི་ལྟེ་བའི་ཁ་རུ་ཧཱུཾ་ཕཊ་བཀོད་ནས། དེ་ལ་པདྨ་བསྐྱོད་པར་ཞེས་ཚོགས་ལ་བཤད་པའི་སྐབས་སུ་སློབ་མ་ལ་བཤད་པའི་དུས་སུ་དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས། སློབ་དཔོན་ཨུ་རྒྱན་གྱི་
གཞུང་གིས་ལྟེ་བ། སློབ་དཔོན་ཁ་ཆེའི་གཞུང་གིས་བྱ་གདོང་མ། སློབ་དཔོན་ཛཱ་ལནྡྷ་རའི་གཞུང་གིས་རང་བྱུང་། སློབ་དཔོན་ཀ་མ་རུ་པའི་གཞུང་གིས་ཤེས་རབ་དང་ཐབས་མཉམ་པར་འཁྱུད་པའོ། །དེའི་དུས་ལ་སོགས་པ་ནི་དོན་འདི་ལྟར་བཤད་དེ། ཤེས་རབ་ཡེ་ཤེས་དབང་བསྐུར་
เล่ม ๘ · หน้า 116b
མཉམ་པར་སྦྱོར་བའི་དུས་སུ། ཇི་ལྟར་སྐད་ཅིག་དང་དགའ་བ་སློབ་དཔོན་ལ་སྐྱེ་བ་དེ་ལྟར་རོ། །བཅུ་དྲུག་མ་ལ་སྨྲ་བར་བྱའོ། །གང་གི་ཕྱིར་ཞེ་ན། དེས་ཡང་དག་པར་ཤེས་པས་སློབ་མ་ལ་དབང་བསྐུར་བའི་དུས་སུ། ཤེས་རབ་མ་སྐད་ཅིག་ལ་སོགས་བརྡ་བགྱིད། ལེགས་པར་བརྡས་
ཤེས་རབ་ཡེ་ཤེས་ལ་འཁྲུལ་པ་མེད་པའི་སེམས་གྲུབ་པ་ཞེས་དགོངས་པའོ། །ཕྱིས་ནས་སློབ་མའི་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པའི་ཡི་གེའི་དོན་གྱིས་བཤད་པའོ། །པདྨའི་སྙིང་པོའི་དབུས་སུ་གནས། །ཞེས་བྱ་བ་ལ་སོགས་པ་ལ། པདྨའི་སྙིང་པོ་ནི་སངས་རྒྱས་རིན་པོ་ཆེའི་སྣོད་
དབུས་ན་གནས་ཞེས་བྱ་བ་ནི་རི་བོང་ཅན་འབབ་པའི་གནས་སུ་བཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་རང་དོན་བྲི་ན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ། རྡོ་རྗེ་གསང་པད་ཁ་འབྱེད། རིན་པོ་ཆེ་ལ་ཁམས་ས་བོན་བླུགས་པས་ཕྱུག་པར་བྱེད་པས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་སློབ་དཔོན་
གྱིས་བསྟན་པའོ། །སངས་རྒྱས་ཉིད་དུ་ཐབས་གཞན་པས་མ་ཡིན་ཞེས་གཞན་ཀུན་གྱི་མན་ངག་དང་། བསྒོམ་པ་ལ་སོགས་པ་དགག་པའི་ཚིག་གོ། །གང་གི་ཚེ་དེ་ནི་མི་རྙེད་ཅེས་པ། འདི་སྐད་ཅེས་བཤད་དེ། གང་གི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་དེ་ནི་རྣམ་པ་དང་བྲལ་བ་དེའི་
ཕྱིར། ཕྲ་བས་ཕྲ་བ་ཉིད་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནི་གང་ནས་རྙེད་ཅེས་རྟོག་པ་དང་། མི་རྙེད་པས་རྒྱུད་ཀྱི་མན་ངག་ནི་ཇི་ལྟར་འགྱུར། དེའི་དོན་ལ་ཐབས་འདི་ལྟར་བཤད། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དངོས་པོ་དང་བྲལ་བས་ཀྱང་། དེ་ལྟ་མོད་ཀྱི་བླ་མའི་མན་
ངག་ལས་དེ་ལ་རེག་བྱའི་སྣང་བ་ཙམ་ཚོར་ནས་རང་གི་ཉམས་སུ་མྱོང་བའི་སེམས་མི་བསྐྱོད་པར་འགྱུར་རོ། །དེ་རུ་དཔེ་ནི་འདི་ལྟར་གསུངས་སོ། །མེ་ཏོག་ཀེ་ཏ་ཀའི་སྐྱེད་མོས་ཚལ་ལ། གཟུགས་མེད་པའི་རླུང་། དབང་པོ་གསལ་བའི་ཤེས་རབ་ཅན་གྱིས་གཏན་ལ་ཕབ་ནས། གང་གི་
ཚེ་དེ་མ་ཐག་ཏུ་བསྣམས་པ་ཙམ་གྱིས་སྔར་མེད་པའི་དྲི་ཉམས་སུ་མྱོང་། དེ་ལྟར་རིག་པས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་ཙམ་གྱིས་ཅི་ཞིག་དགའ་བ་ཆེན་པོ་ཉམས་སུ་མྱོང་། རིམ་པའི་གོམས་པའི་སྤྱོད་པས་སངས་རྒྱས་ཉིད་འཐོབ་པོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་
เล่ม ๘ · หน้า 117a
ལས་ལེའུ་གཉིས་པའི་བཤད་པའོ།། །།ད་ནི་ལེའུ་གསུམ་པའི་ཟབ་པའི་དོན་བྲི། དེ་ནས་ཞེས་བྱ་བ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་། དབང་བསྐུར་བའི་ལེའུ་གཉིས་པའི་འོག་ཏུ་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་དོན། དཔལ་རྡོ་རྗེ་སེམས་དཔའ་རྗེ་བཙུན་ཉིད་
རྒྱས་པར་བསྟན་པས་བཀའ་སྩལ་ཀྱང་། དེ་ལྟ་མོད་ཀྱི་དང་པོའི་རེ་ཞིག་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས། དཔལ་ཨིནྡྲ་བྷཱུ་ཏཱིའི་ཞལ་སྔ་ནས་ཀྱི་གཞུང་གིས་ནི། དེ་ནས་ཞེས་བྱ་བ་ལ། དང་པོ་མ་སྐྱེས་པའི་རང་བཞིན་ཆ་ཡིན་ཡང་། ཐམས་ཅད་འབྱུང་བར་མཛད་པ་ཞེས་གསུངས་སོ། །
གསང་བ་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་རང་བཞིན་ཐིག་ལེ་བཤད་ཅེས་བྱ་བ་ནི་རྡོ་རྗེའི་ས་བོན་རྣམ་པ་ཅན་ཚུལ་གྱི་མེ། མཆོག་ཅེས་བྱ་བ་ནི་པདྨའི་ས་བོན་གྲགས་པ་མཆོག་གི་དགའ་བ། རང་གི་ངོ་བོའི་ཚུལ་ཅན་མཆོག་གཞན་ཞེས་བྱ་བ་ལ། མཆོག་གི་དགའ་བ་ལས་རབ་མཆོག་གི་མཆོག་
གོ། །མཐར་མཆོག་ཅེས་བྱ་བ་ལ། ནམ་མཁའ་ལྔ་རྣམ་པར་བརྒྱན་པ་ཅན། རང་བཞིན་དགའ་བ་བདེ་བ་ཆེན་པོའི་རྒྱལ་པོ། །དེ་ནི་སྦྱོར་དྲུག་རྣམ་པར་ཤེས་པ་ལས་རྒྱུའི་མདོར་བསྟན་པ་གསུངས་སོ། །ད་ནི་འབྲས་བུའི་རྒྱས་པར་བཤད་དེ། ཕུང་པོ་ལྔ་ཉིད་ལུས་པོ་ལ། །ལེགས་
དགྱེས་དབང་པོ་འཁོར་ལོ་དྲུག །གང་དུ་བོད་པའི་ཚིག་གི་འཁོར་ལོ་བྱེ་བྲག་བརྡ་མཛད་དོ། །དེ་རང་དོན་རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་བཤད་དེ། རླུང་གི་འཁོར་ལོ་ལྟེ་བའི་གནས། རྐང་པའི་མཐིལ་གྱི་གནས་ཡན་ཆད་ཚོགས་པ་ལ་བཤད་པའི་སྐབས་སོ། །སློབ་མ་ལ་བཤད་
པའི་དུས་སུ་གསང་བའི་པདྨའི་ནང་དུའོ། །མེའི་འཁོར་ལོ་ནི་དེའི་དཀྱིལ་མ་ཡིན་པའི་གྲུ་གསུམ་གྱི་རྣམ་པ། ཨུ་རྒྱན་གྱི་གཞུང་གིས་ལྟེ་བའི་ཕྱི་རོལ་ལོ། །སྤྲུལ་པའི་འཁོར་ལོ་ནི་ལྟེ་བའི་གནས། ཆོས་ཀྱི་འཁོར་ལོ་ནི་སྙིང་གའི་གནས། །ལོངས་སྤྱོད་ཀྱི་འཁོར་ལོ་ནི་མགྲིན་པའི་གནས།
བདེ་བ་ཆེན་པོའི་འཁོར་ལོ་ནི་སྤྱི་བོའི་གནས་སོ། །ཟླ་བ་ཕྱེད་བཞིན་ཆའི་དངོས། །རླུང་གི་འཁོར་ལོའི་རྣམ་པར་གསུམ། དང་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྡོ་རྗེ་སློབ་དཔོན་གྱི་གཞུང་གིས། བཅོམ་ལྡན་འདས་མ་བདག་མེད་མ། །ཞེས་ངེས་པའི་དོན་ཏོ། །ཕྱེད་མིན་
เล่ม ๘ · หน้า 117b
རྒྱས་པ་ཡང་མིན་ཆུ་ཟླ་བཞིན་དུ་དཔེ་ཡིས་གཟུང་འཛིན་རྣམ་པར་སྤངས། རང་ཉིད་སྐྱེ་བ་མེད་པ་ཡིན་ཡང་ཐམས་ཅད་ལ་སྐྱེ་བར་མཛད་པའི་ཕྱིར་སྒྱུ་འཕྲུལ་ཆེན་མོ་སྤྲོས་པ་མེད་ཀྱང་། ཁམས་གསུམ་མ་ལུས་པ་ལ་སྲོག་གི་ཆ་བཟུང་མ། ནམ་མཁའི་རང་བཞིན་གྱི་ཕྱིར་ཞི་བ། མཆོག་
གི་དགའ་བ་སྦྱིན་པའི་ཕྱིར་མཆོག །རྨད་དུ་བྱུང་བའི་དགའ་བ་ཁོང་དུ་ཆུད་པའི་ཕྱིར་མཆོག་གཞན་མ། རང་བཞིན་དགའ་བའི་ངོ་བོ་ཉིད་ཀྱི་ཕྱིར་བསམ་དུ་མེད་པ། སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་ཕྱིར་སྐྱེ་བ་མེད་པ། སྲོག་གི་འཁོར་ལོ་ལ་སྲོག་གི་གྲགས་པ་ཅན་ཞེས་
འདི་ལྟར་གསུངས་ཏེ། ཕྱི་དང་ནང་གི་བདག་ཉིད་རླུང་གི་འཁོར་ལོ་སྐྱེད་བྱེད་མ་བདག །གང་ཕྱིར་ཞེ་ན། རང་བཞིན་གྱིས་རླུང་གི་ངོ་བོ་ཡིན་པའི་ཕྱིར་དགོངས་པའོ། །མེ་ཡི་འཁོར་ལོའི་ནང་དུ་ཐིམ། །ཡི་གེ་མེད་པའི་འཁོར་ལོ་གཅིག །དྲང་བའི་དོན་གྱི་བཅོམ་ལྡན་འདས་ཀྱི་ལུང་ངོ་། །
རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་བཅོམ་ལྡན་འདས་རྡོ་རྗེ་རིགས་སྐྱེ་བོ་རྡོ་རྗེར་གྲགས་པ་བདེ་བ་ཆེན་པོའི་རྒྱལ་པོའོ། །སློབ་དཔོན་ཀུ་ཀུ་རི་པའི་ཞལ་སྔ་ནས་ཀྱི་གཞུང་གིས་མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་མི་གཡོ་བའི་ཕྱིར་ཡི་གེ་མེད་པ། སྟོང་ཆེན་པོའི་རང་བཞིན་གྱི་ཕྱིར་རྣམ་པ་ཐམས་ཅད།
རྣམ་པ་མེད་པའི་རྣམ་པར་ཤེས་པ་ཙམ་གྱི་ཕྱིར་ཀུན་ལ་གནས་པ། རྣམ་པ་དང་བཅས་པའི་རྣམ་པར་ཤེས་པའི་ངོ་བོའི་ཕྱིར་ཀུན་ལ་ཁྱབ་པ་དང་། ཡང་ན་ནམ་མཁའ་རང་བཞིན་གྱི་ཕྱིར། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ངོ་བོའི་ཕྱིར་བདེ་བ་འབྱུང་བ། མཆོག་གི་དགའ་བའི་
རང་བཞིན་གྱི་ཕྱིར་བདེ་བ་འཕེལ་བ། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱི་ཕྱིར་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དང་བྲལ་བ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར། ཁམས་གསུམ་མ་ལུས་པ་རྒྱུ་བར་བྱེད་པ་པོ། །ཚུལ་ནི་གློ་བུར་བའི་གནས་ཞེས་བྱ་བ་ལ། དྲང་བའི་དོན་གྱི་
བཅོམ་ལྡན་འདས་ཀྱི་ལུང་ངོ་། །ངེས་པའི་དོན་གྱི་རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་དཔལ་རྡོ་རྗེ་གྲགས་པ་ཆེན་པོའི་རྒྱལ་པོ་སྤྲོས་པ་དང་བྲལ་བ། ཤེས་རབ་དང་ཐབས་དང་འཁྱུད་པའི་དུས་སུ་ཚུལ་གྱིས་འདུ་ཤེས་ཅན། རྨད་དུ་བྱུང་བའི་དགའ་བ་སྤྲོ་བ། གང་གི་དགའ་བས་ཐོས་པ་དང་།
เล่ม ๘ · หน้า 118a
དྲན་པ་དང་ཉམས་སུ་མྱོང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཡང་། བདེ་བ་ཆེན་པོའི་བདེ་བ་རྙེད་པས། ཕྱིའི་བུད་མེད་ཀྱི་བདེ་བ་བསྙེན་པས་དགའ་བ་དེ་ལྟར་ནི་མ་ཡིན་ནོ། །དེའི་ཕྱིར་ཕྱི་མ་ཡིན་པས་རྣམ་པ་ཐམས་ཅད་དང་བྲལ་བ་བདེ་མཆོག་དབང་ཕྱུག་གིས་ཞེས་གསུངས་
སོ། །ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལ་གཟུང་བར་དཀའ་བའི་ཕྱིར་ཤིན་ཏུ་འཇིགས་པར་བྱེད་པའི་ཀླུའི་ལྕེའི་རྣམ་པ། ཇི་ལྟར་དཔའ་བོ་ཡིན་ཀྱང་སྦྲུལ་ཆེན་པོའི་ལྕེ་མཐོང་ན་འཇིགས་སོ། །དེ་ལྟར་རྡོ་རྗེ་འཛིན་པ་ལ་དགའ་བ་འབྱུང་བ་སངས་རྒྱས་ཀྱིས་ཀྱང་མི་ཐེག །འོན་ཀྱང་
གཞན་མ་ལྷ་དང་མི་ཅི་སྨོས། ནམ་མཁའ་ལ་སོགས་པ་ལ་བྱེད་པ་པོ་ཞེས་བྱ་བ་ལ་ཕྱིའི་དོན་གྱིས་འདི་ལྟར་བཤད་དེ། ནམ་མཁའི་སྒྲ་ནི་མཐོ་རིས། སོགས་པའི་སྒྲ་ནི་མི་ཡུལ་དང་ས་འོག །ནང་གི་དོན་གྱིས་མཆོག་གི་དགའ་བ་ལ་སོགས་པ། སློབ་དཔོན་ཌོམྦི་བའི་ཞལ་སྔ་ནས་ཀྱི་གཞུང་
གིས་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག །དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔའི་གཞུང་གིས། ཡེ་ཤེས་གཟུགས་དང་བྲལ་བའི་ཕྱིར་ཡི་གེ་མེད་པ། རེག་བྱ་དང་བྲལ་བའི་ཕྱིར་ཁམས་མེད་པ་ལ། རོ་དང་བྲལ་བའི་ཕྱིར་གུག་སྐྱེད་མེད་པ། སྒྲ་དང་ཐལ་བའི་ཕྱིར་ཐིག་ལེ་མེད་པ་དྲི་མ་མེད་པའི་ཕྱིར་
དཔག་ཏུ་མེད་པ། རང་བྱུང་བའི་ཕྱིར་སྐྱེ་བ་མེད་པ། ནམ་མཁའི་རང་བཞིན་གྱི་ཕྱིར་མི་ཟད་པ། དོན་དམ་པའི་ལྟ་བ་ཞེས་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་ངོ་། །ལྟེ་བའི་གནས་སུ་ལ་སོགས་བྱ་བ་ལ། གོང་དུ་བྲིས་སོ། །སློབ་དཔོན་ནག་པོ་པའི་གཞུང་གིས་ལྟེ་བ་ནི་གཞན་མ་ཡིན། སྤྲུལ་པའི་
འཁོར་ལོ། སློབ་དཔོན་དཔའ་བོ་བཟང་པོའི་གཞུང་གིས། རྫོགས་པའི་རིམ་པའི་ཕྱོགས་སུ་སྤྲུལ་པའི་འཁོར་ལོ་ལྔ། དཔལ་སྡོམ་པའི་རྒྱ་མཚོ་དང་། རིགས་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རྒྱ་མཚོ་ཆེན་པོའི་རྒྱུད་ལ་སོགས་པ་དེ་དང་འདྲ། མདོར་ན་བསྡུས་པ་འདོད་པ་ལ་དོན་གྱི་ཕྱིར། བརྟག་
པ་གཉིས་ཀྱི་རྒྱལ་པོའི་རྒྱུད་ལ་སོགས་པ་རྒྱས་པ་མ་ཡིན་བཀའ་སྩལ་པ། ཡང་ན་ཆོས་ལ་སྤྱོད་པ་ཤེས་རབ་ཆུང་བའི་ཕྱིར་ཞེས་དགོངས་པའོ། །ཚུལ་ཙམ་ཆོས་ཀྱི་འཁོར་ལོར་ནི། །སྦྲུལ་གྱི་མིག་བཞིན་དྲི་མ་མེད། །ཅེས་བྱ་བ་ལ། དྲང་བའི་དོན་གྱི་བཅོམ་ལྡན་འདས་ཀྱི་ལུང་ངོ་། །
เล่ม ๘ · หน้า 118b
ངེས་པའི་དོན་གྱི་རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་དང་པོའི་དགའ་བ་འབྱུང་བའི་ཚེ་རྡོ་རྗེ་འཛིན་པའི་ས་ལ་གནས་པ། དེ་བཞིན་གཤེགས་པ་ལ་དེའི་དགའ་བའི་འོད་ཟེར་སྣ་ཚོགས་ཀྱིས། ཡང་དག་པར་རྨད་དུ་བྱུང་བ་རོ་ཆེན་པོ་བརྒྱད་སྐྱེས་སོ། །དེ་
གཟིགས་ནས་ཕྱིས་ནས་མཆོག་གི་དབང་ཕྱུག་གིས། གསང་བ་ཆེན་པོའི་མཆོག །ཚུལ་ཙམ་མཆོག་གི་དགའ་བ། ཡེ་ཤེས་ཆེན་པོ་རྣམ་པར་སྤྲོས་པ། ཆོས་ཀྱི་འཁོར་ལོར་ནི་ཙནྡན་གང་གིས་གོ་རིམས་ཀྱི་གནས་ཀྱིས་བསྟན་པའོ། །སྦྲུལ་གྱི་མིག་བཞིན་དྲི་མ་མེད། །ཅེས་བྱ་བ་ལ་
ཉེ་བར་བརྟགས་པ་ཙམ། །འོན་ཀྱང་དེས་ནི་ཤིན་ཏུ་དྲི་མ་མེད་པ་ཉིད་རབ་ཏུ་བསྟན་ཏོ། །ཡང་ན་ངེས་པའི་དོན་གྱིས་སྦྲུལ་གྱི་སྒྲ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཀྱེ་ལ་རིའི་ཞལ་སྔ་ནས་ཀྱི་གཞུང་གིས་སྣང་བ་མཆེད་པ། སློབ་དཔོན་བཛྲ་ནཾ་གྱི་ཞལ་སྔ་ནས་ཀྱི་གཞུང་གིས་རྡོ་རྗེ་ཉི་མ་ཤར་
བ། ཀ་མཱ་ལ་བི་རཱི་ཞལ་སྔ་ནས་ཀྱི་གཞུང་གིས་ཐིག་ལེ་ཡེ་ཤེས་འབིགས་པ། རྒྱལ་མོ་ལག་སྨིའི་གཞུང་གིས་ས་ལ་སོགས་པ་འབྱུང་བ་ལྔ་དང་བྲལ་བ། དེའི་ཕྱིར་ཉིད་རྡོ་རྗེ་འཛིན་པས་ཡང་དག་དྲི་མ་མེད་པ་གསུངས་སོ། །ཆ་མེད་པའི་ཕྱིར་སྤྲོས་པ་མེད་པ་གཞན་མའི་གཞུང་ངོ་། །དྲི་མ་
མེད་པའི་ཕྱིར་ཞེས་བྱ་བ་དེའི་ཁྱད་པར་ཅན་གྱི་ཚིག །དྲི་མ་མེད་པ་བཅོས་མ་མེད་པ་རྣམ་པ་དང་བྲལ་བ། རྣམ་པ་མེད་པའི་ཕྱིར་གནས་མེད་པ། གནས་མེད་པའི་ཕྱིར་མི་གཡོ་བ་ཡེ་ཤེས་ཀྱི་ནམ་མཁའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ནམ་མཁའི་རང་བཞིན་གྱི་ཕྱིར་དཔེ་དང་
བྲལ་བ། དབུས་དང་དབུས་མ་ཡིན་པ་མེད་པ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལས་འདས་པ། ཚུལ་ཙམ་མཆོག་གི་ཡེ་ཤེས་ནི། ལྷའི་དབང་ཕྱུག་གིས་མི་ཤེས་ཁྱབ་འཇུག་དང་། ལྷ་ཆེན་དང་། ཚངས་པ་དང་། བརྒྱ་བྱིན་དང་། ཉེ་བའི་དབང་པོ་ལ་སོགས་པས་ཀྱང་མི་ཤེས་པ་ཞེས་བྱ་
བའི་དོན་ཏོ། །མཆོག་གི་ལོངས་སྤྱོད་འཁོར་ལོར་གནས། །མཆོག་གི་རྣམ་པའི་བདུད་རྩི་མཆོག །ཅེས་བྱ་བ་ལ། དྲང་བའི་དོན་གྱི་བཅོམ་ལྡན་འདས་ཀྱི་ལུང་ངོ་། །རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་ངེས་པའི་དོན་གྱི་དོན་འདི་ལྟ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་མཆོག་
เล่ม ๘ · หน้า 119a
གི་དགའ་བ་ཡེ་ཤེས་ཆེན་པོ་འབྱུང་བའི་ཚེ། གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཆི་བ་མེད་པ་ལ་སྐུ་འབར་བ་དག་དང་། སྐམ་པར་འགྱུར་བ་སེམས་ཀྱི་ས་ལ་བརྒྱལ་བ་དེ་ལྟར་མི་ཐུབ་གཟིགས་ནས་རྡོ་རྗེ་
འཛིན་པ་ཆེན་པོས་རབ་གཏུམ་དགའ་བ་ལ་སྣང་བ་མེད་པར་མཛད་ནས། ཞི་བ་ཆེན་པོའི་མཚན་ཉིད་མཆོག་གི་གྲགས་པ་ཅན་གྱིས་མཐའི་དགའ་བ་ཞེས་རྣམ་པར་སྤྲོས་སོ། །ལོངས་སྤྱོད་རྫོགས་པའི་དོན་ནི་སྔར་བཤད་པས། མཆོག་གི་དགའ་བ་ཞེས་བྱ་བ་ལ་དགའ་བ་ཐམས་ཅད་
དང་སྐད་ཅིག་དང་རོ་རྒྱས་པའི་ཕྱིར་རོ། །མཆོག་གི་བདུད་རྩི་ཞེས་བྱ་བ་ལ་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔའི་གཞུང་གིས་མིག་མི་ཐུབ་པའི་སྐབས་སུ། དཔེ་མེད་པའི་བདེ་བ་མྱོང་བའི་ཕྱིར་མཆོག་གི་བདུད་རྩི། སློབ་དཔོན་ཀུ་ཀུ་རིའི་ཞལ་སྔའི་གཞུང་
གིས་མི་བསྐྱོད་པའི་ཕྱིར་མཆོག་གི་བདུད་རྩི། མཆོག་གི་དང་པོ་ནི་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་ཅེས་བཤད་དེ། མཆོག་ལ་ཡོངས་སུ་རྫོགས་པའི་ངོ་བོའི་དགའ་བ་ལ། གང་ཞིག་འོད་ཟེར་གྱི་ཚོགས་དེ་ནི་མཆོག་གི་དང་པོའོ། །མཆོག་གི་མཐའ་ཞེས་བྱ་བ་ལ་ཆོ་ག་འདི་སྐད་གསུངས་
ཏེ། ཡང་དག་དྲག་པོའི་མཆོག་ནི་དགའ་བ། གང་ཞིག་ཉེ་བར་ཞི་བ་དེ་ཉིད་དོ། །དེ་ནི་མཆོག་གི་མཐའོ། །དེ་རུ་བཞུགས་ཞེས་བྱ་བ་ལ། །དེ་རུ་ཤར་བ་ཞེས་བྱ་བའི་དོན་ཏོ། །མཆོག་གྲགས་མཐའ་ནི་དགའ་བ་དེ་མ་ཐག་ཏུ་བྲི་བར་བྱའོ། །སློབ་དཔོན་གཞན་གྱི་གཞུང་གིས་མཆོག་
ནི་དང་པོའི་དགའ་བ། མཆོག་གི་མཐའ་ནི་ཆད་པའི་དགའ་བ། དེ་རུ་བཞུགས་པ་ནི་རང་བཞིན་གྱི་དགའ་བ། དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་གཞུང་གིས། མཆོག་གི་དང་པོ་ནི་གཙོ་བོ་ཉིད། མཐའ་ནི་དེའི་མཇུག །བཞུགས་པ་ཞེས་བྱ་བ་ནི་བསྐྱོད་པ་མེད་པས་སོ། །སློབ་
དཔོན་ཀུ་ཀུ་རིའི་ཞལ་སྔ་ནས་གྱི་གཞུང་གིས་དེ་དང་འདྲའོ། །ཇི་ལྟར་ཆང་གི་རོ་ནི་བཅུད་ཅེས་བྱ་བ་ལ། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་ཏེ། ཕྱི་རོལ་གྱི་དཔེས་ནི་ཇི་ལྟར་ཤིན་ཏུ་སྨིན་པའི་རྒུན་འབྲུམ་གྱི་རོ་ལ་དགའ་བ་ཡོད་པ་དེའི་ཕྱིར། ཀུན་རྫོབ་དང་དོན་དམ་པ་གཉིས་
เล่ม ๘ · หน้า 119b
སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རོས་སྔར་མེད་པ་རྨད་དུ་བྱུང་བའི་ཞི་བའི་དགའ་བ་ཡོད་དོ། །མཆོག་གི་མཐའ་ཡིས་དགའ་བ་ལ། །གཟུགས་ལ་སོགས་པའི་རྣམ་པ་འགོག །དེའི་ཕྱིར། གཟུགས་དང་བྲལ་བའི་བདག་ཉིད་བཞུགས། །ཐམས་ཅད་བདག་ཉིད་དངོས་པོ་མེད། །ཅེས་པ་
ཉིད་མཆོག་གི་དབང་ཕྱུག་གིས་གསུངས་སོ། །མཆོག་གཞན་བདེ་ཆེན་འཁོར་ལོར་ནི། །ཐམས་ཅད་མཐའ་ཡི་མཐའ་ན་བཞུགས། །བཅོམ་ལྡན་འདས་ཀྱིས་གསུངས་པ་སྒྲ་ཇི་བཞིན་གྱིས་སོ། །དངོས་གྲུབ་ཐོབ་པའི་སློབ་དཔོན་གྱི་གཞུང་གིས། །དོན་ནི་འདི་ལྟར་བཤད་དེ། དཔལ་
རྡོ་རྗེ་འཛིན་པ་ཆེན་པོ་མཐའི་དགའ་བ། ཞི་བ་ཆེན་པོའི་རང་བཞིན་བཞུགས་པའི་སྐབས་སུ། དེ་བཞིན་གཤེགས་པ་ཐམས་ཅད་སྟོང་པ་ཉིད་འཇིགས་པའི་ཕྱིར་བརྒྱལ་བ། ས་ལ་འགྱེལ་བ་དེ་ལྟར་གཟིགས་ནས་བཅོམ་ལྡན་འདས་ཕྱིས་ནས་ཀྱང་། མཆོག་སྦྱིན་གྱི་གྲགས་པ་ཅན་རྨད་
དུ་བྱུང་བ་ཆེན་པོའི་དགའ་བར་མཛད་ཅིང་སྣང་བའོ། །བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བ། སློབ་དཔོན་ཀུ་ཀུ་རིའི་ཞལ་སྔ་ནས་ཀྱི་གཞུང་གིས། བདེ་བ་ཆེན་པོ་ཚོར་བའི་གནས་གསང་བའི་རིན་ཆེན་གྱི་སྙིང་པོའོ། །ཀུན་གྱི་མཐའ་ཡི་མཐའ་ན་བཞུགས། །ཞེས་བྱ་བ་ལ་འདི་སྐད་
གསུངས་ཏེ། ཀུན་གྱི་མཐའི་སྒྲ་ནི་མཐའི་དགའ་བའོ། །དེའི་མཐའ་ནི་མ་ཡིན་པ་རྣམ་པར་འབྱེད་པ་དཔལ་ཨིནྡྲ་བྷཱུ་ཏིའི་སྲས་ཀྱི་གཞུང་གིས་ཀུན་གྱི་མཐའ་ནི་དགའ་བྲལ། མཐའ་ན་བཞུགས་པ་ཞེས་བྱ་བ་ལ་རང་བཞིན་གྱི་དགའ་བ། དེའི་ཕྱིར། བལྟ་བར་དགའ་བའི་མཚན་ཉིད་
དགའ། །ཐམས་ཅད་མཚན་ཉིད་མིན་དང་བྲལ། །བརྗོད་མེད་མི་ཟད་ཞི་བ་སྟེ། །རང་དགའ་ཉམས་སུ་མྱོང་བའི་དངོས་ཉིད་རྡོ་རྗེ་སེམས་དཔའ་གསུངས་སོ། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ་སྒྲ་ཇི་བཞིན་གྱིས་བཤད་དོ། །སྟེང་འོག་མཉམ་པར་སྦྱོར་བ་
ཡི། །ཁ་སྦྱར་གྱི་ནི་དབྱིངས་ཀྱི་གནས། །ཞེས་འཁོར་ལོ་རྣམས་ལ་དེ་ལྟར་མཚན་ཉིད་བཤད་དོ། །སློབ་དཔོན་ཌོམྦི་པའི་ཞལ་སྔ་ནས་ཀྱི་གཞུང་གིས་གསང་བའི་པདྨ་སྙིང་པོར་འོག་ན་རླུང་གི་འཁོར་ལོ། །སྟེང་ན་མེའི་འཁོར་ལོ། འོག་ན་ལྟེ་བའི་འཁོར་ལོ། སྟེང་ན་ཆོས་ཀྱི་འཁོར་
เล่ม ๘ · หน้า 120a
ལོ། །འོག་ན་ལོངས་སྤྱོད་ཀྱི་འཁོར་ལོ། །སྟེང་ན་འོང་བ་བདེ་བ་ཆེན་པོའི་འཁོར་ལོ། །སློབ་དཔོན་བི་ལས་བཛྲའི་གཞུང་གིས། འདབ་མ་ནི་གང་རུང་གསལ་བ། ལྟེ་བ་རྣམས་ནི་འདུས་པ། སློབ་དཔོན་གཞན་མའི་གཞུང་གིས་ནང་གི་འདབ་མ་ནི་འདུས་པ། དེའི་ཕྱིར་ཁ་སྦྱོར་
གྱི་རྣམ་པ་ཡོད་པས་ཞེས་བསྟན་ཏོ། །བཅུ་གཉིས་ཀྱི་ཕྱེད་ལ་སོགས་པ་ལ་འཁོར་ལོ་རྣམས་ཀྱི་འདབ་མའི་གྲངས་ཀྱི་ཚད། དེ་ལ་རིམ་པ་ནི་འདི་ཡིན་ཏེ། རླུང་གི་འཁོར་ལོའི་འདབ་མ་དྲུག །མེའི་འཁོར་ལོའི་འདབ་མ་གསུམ། །སྤྲུལ་པའི་འཁོར་ལོའི་འདབ་མ་དྲུག་ཅུ་རྩ་བཞི། ཆོས་ཀྱི་
འཁོར་ལོའི་འདབ་མ་བརྒྱད། ལོངས་སྤྱོད་ཀྱི་འཁོར་ལོའི་འདབ་མ་བཅུ་དྲུག །བདེ་བ་ཆེན་པོའི་འཁོར་ལོ་ནི་འདབ་མ་སུམ་ཅུ་རྩ་གཉིས་སོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་གསུམ་པའི་བཤད་པའོ།། །།སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་བྱ་བ་ལ་དོན་ནི་འདི་ལྟར་གསུངས་
ཏེ། ཕུང་པོ་ལྔའི་བདག་ཉིད་སྤྱི་བོ་དང་སྤྱི་གཙུག་ཡན་ཆད། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་གི་རྩའི་དྲ་བས་ཁྱབ་བོ། །དེའི་ནང་ནས་རབ་ནི་གསུམ། །ཁ་ཅིག་ནི་གཉིས་ནི་ལེན་ཏེ། ཀུན་དགའ་ལ་དཔལ་རིགས་ཆེན་པོའི་རྒྱུད་ཀྱི་རྒྱལ་པོར་མིང་དང་མཚན་མ་གསུངས་སོ། །འདི་རུ་འཁོར་
ལོ་དྲུག་གི་གྲངས་མདོར་བསྟན་པའོ། །ཅིའི་ཕྱིར་ཞེ་ན། གང་ཞིག་འདབ་མ་དེ་རང་རྩའོ། །གཞན་ཡང་ཇི་ལྟར་མཚན་བསྟན་པ་མཚན་ཉིད་ཀྱང་དེ་ལྟར་རོ། །ལྷ་མོ་རྩ་འབྱུང་མེད་པ་ཡིས། །ཕུང་པོ་ལ་སོགས་ཇི་ལྟར་འབྱུང་། །ཞེས་བྱ་བ་ལ་འདི་ལྟར་བཤད་དེ། ཕུང་པོ་ལྔའི་སྐུ་བདག་
ཉིད། །སྐུ་ནི་གཞི་དང་འདྲ། དེ་ཡང་གཞི་རྩ་དཀའ་བས་མི་འཇིག་པར་འགྱུར། མི་ཤིགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འགྲུབ། དེ་ལས་སངས་རྒྱས་ཉིད་སློབ་དཔོན་གཞན་གྱི་གཞུང་གིས། རྩ་ལ་ཕུང་པོ་བརྟེན། སློབ་དཔོན་ཀུ་ཀུ་རིའི་གཞུང་གིས། །ཕན་ཚུན་
མཉམ་པར་འབྲེལ་སློབ་དཔོན་ཌོམྦི་བའི་ཞལ་སྔའི་གཞུང་གིས་ཕྱིའི་རྩ་ཕུང་པོ་ལ་སོགས་པ་ལ་རྟེན་དུ་གྱུར་ཏོ། །སློབ་དཔོན་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ཕྱི་དང་ནང་གི་བདག་ཉིད་གཉིས་སོ། །སློབ་དཔོན་བི་ལ་ས་བཛྲའི་གཞུང་གིས་ཆུ་ལ་སོགས་པ་དང་ལྡན་པའི་བརྟེན་པའི་དོན་བྱེད་
เล่ม ๘ · หน้า 120b
དོ། །དེ་ནས་རྩའི་མཚན་བསྟན་པ་རྒྱུད་ལས་གསལ་བའི་ཕྱིར་འདིར་མ་བྲིས་སོ། །ཕུང་པོ་མེད་པའི་ཡི་གེ་ཆེ། །རྣལ་འབྱོར་པས་ནི་ཇི་ལྟར་རྙེད། །ཅེས་ཇི་ལྟར་བཤད་དེ། རྩའི་ནི་རྟེན་ཡིན་པས་བྱང་ཆུབ་སེམས་འབྱུང་། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་འབྲས་བུ་ཐོབ་པ། དེས་ནི་
ཡེ་ཤེས་ཆེན་པོ་རྡོ་རྗེ་འཛིན་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་མིན་ན་ཡེ་ཤེས་ཆེན་པོ་ཐོབ་པར་མི་འགྱུར་ཞེས་དགོངས་པའོ། །ཕུང་པོ་ལྔ་ཡི་བདག་ཉིད་སྐུ། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །ཞེས་བྱ་བ་ལ་སློབ་དཔོན་ཤཱཀྱ་མཻ་ཏྲིའི་གཞུང་གིས་འདི་ལྟར་ཡང་བཤད་དེ། གཟུགས་
ཀྱི་ཕུང་པོ་སངས་རྒྱས་མཁའ་འགྲོ། སངས་རྒྱས་ནི་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རིན་ཆེན་མཁའ་འགྲོ། །རིན་ཆེན་ནི་རིན་ཆེན་འབྱུང་ལྡན། འདུ་ཤེས་ཕུང་པོ་པདྨའི་མཁའ་འགྲོ། པདྨ་ནི་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་ཕུང་པོ་ནི་ལས་ཀྱི་མཁའ་འགྲོ། །ལས་ནི་དོན་ཡོད་
གྲུབ་པ། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་མཁའ་འགྲོ། རྡོ་རྗེ་ནི་མི་བསྐྱོད་པ། ཕུང་པོ་ལྔ་ནི་མཁའ་འགྲོ་ཇི་ལྟར་འགྱུར། །ཞེས་རྟོག་ནས་སློབ་དཔོན་ལ་འདི་སྐད་བཤད་དེ། ཕུང་པོ་ལ་ནི་རང་བཞིན་མཁའ་འགྲོ་ལྔ། འོན་ཀྱང་མིའི་སྐབས་སུ་གློ་བུར་བའི་དྲི་མས་ཁྱབ། ཇི་ལྟར་ཟླ་བ་
དང་ཉི་མ་སྤྲིན་དང་མུན་པ་དང་དུད་པ་ལ་སོགས་ཀྱིས་སོ། །སངས་རྒྱས་དཀྱིལ་འཁོར་དེ་ལྟར་མེད། །ཅེས་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས་ཀྱི་གཞུང་ངོ་། །འབྱུང་བའི་རང་བཞིན་ཡེ་ཤེས་ལྔའི་དོན་གྱིས་བཤད་དེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་
ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟར་ཡེ་ཤེས་ལ་སོགས་པའི་བདག་ཉིད། ཕུང་པོ་ལྔའི་གྲུབ་པའི་སྐུ། །རྩའི་འབྱུང་བ་མེད་པས་མི་འགྲུབ། །ཕུང་པོ་མེད་པས་རྣལ་འབྱོར་པས་
དངོས་གྲུབ་མི་རྙེད་པས་ལུང་ངོ་། །གཞན་མ་ནི་སྒྲ་ཇི་བཞིན་གྱིས་བཤད་དོ། །ལྷ་མོའི་རྣམ་པའི་གཟུགས་ཀྱིས་ནི། །རྩའི་དངོས་པོའི་ལུས་པོར་ཞེས་ལུང་གི་གོ་རིམས་ཀྱིས། སློབ་དཔོན་ཡེ་ཤེས་བྱང་ཆུབ་ཀྱི་གཞུང་གིས་བཤད། གང་ཞིག་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་
เล่ม ๘ · หน้า 121a
དྲ་བ་དེ་ནི། རིགས་ཆེན་པོའི་རྩའི་རྒྱུད་ཀྱིས་བཤད་པའི་སྐབས་སུ་ལྷ་མོའི་རྣམ་པར་དག་པས་འཁོར་གྱི་དཀྱིལ་འཁོར་རོ། །སློབ་དཔོན་ནག་པོ་པའི་གཞུང་གིས་འབུམ་ལྔའི་བདག་ཉིད་མཁའ་འགྲོའི་དཀྱིལ་འཁོར་དུ། སློབ་དཔོན་བི་ལ་ས་བཛྲའི་གཞུང་གིས་
མཁའ་འགྲོ་མའི་བརྟག་པའི་དཀྱིལ་འཁོར་དུ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་རྩའི་གྲངས་ལ་མདོར་བསྟན་པ་དང་། ངེས་པའི་དོན་གྱི་རྒྱུད་ལ་ཡང་ཡོད། ལྷ་མོའི་རྣམ་པར་དག་པ་ཡང་ཡོད། འོན་ཀྱང་དཀྱིལ་འཁོར་བའི་གོ་རིམས་ཀྱིས་བཅོམ་ལྡན་འདས་ཀྱིས་མ་གསུངས་
སོ། །དེ་སྐད་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་དགོངས་པ་བཟུང་ནས་སློབ་དཔོན་ཀ་ར་བཱི་རས་འདི་སྐད་ཅེས་བཤད་དོ། །རྩའི་འཁོར་ལོ་ལྷ་མོའི་གཟུགས་ཀུན་དུ་སྤྲུལ་པས་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གཤེགས་པའི་དོན་དུ། སྐད་ཅིག་གཅིག་གིས་རྣལ་འབྱོར་མ་ཐམས་
ཅད་ལ་ལེགས་དགྱེས་ཀྱི་བདེ་བ་མྱོང་བའི་ཕྱིར། ཉིད་རྡོ་རྗེ་འཛིན་པ་ཆེན་པོ་མཉམ་པར་འཁྱུད་པར་བཞུགས་སོ། །སློབ་དཔོན་བོ་ངྷིའི་གཞུང་གིས་འགྲོ་བ་དང་མི་འགྲོ་བ་ལ་སྐྱེ་བའི་རྒྱུའི་ཕྱིར་མཉམ་པར་འགྱུར་རོ། །རེག་བྱའི་ཁམས་ལ་སོགས་པ་ཞེས་བྱ་བའི་དོན་ནི་འདི་ལྟར་
བཤད་དེ། རེག་བྱའི་ཁམས་ནི་ཆོས་ཀྱི་འབྱུང་གནས། གསང་བའི་པདྨ་ཞེས་བྱ་བའི་དོན་ཏོ། །རྒྱལ་མཚན་ནི་གསང་བའི་རྡོ་རྗེའོ། །སྦྱོར་བས་ནི་མཉམ་པར་འཁྱུད་པའོ། །མེའི་འཁོར་ལོའི་ནང་དུ་ཆུ་སྐྱེས་ཀྱི་དོན་ནི་འདི་ལྟ་སྟེ། མེའི་འཁོར་ལོ་ནི་གྲུ་གསུམ་གྱི་གནས། ཆུ་སྐྱེས་
ནི་དེའི་ནང་དུ་སངས་རྒྱས་རིན་པོ་ཆེའི་སྣོད། སློབ་དཔོན་ཤ་བ་རིའི་གཞུང་གིས་མེའི་འཁོར་ལོའི་ནང་གི་ཆུ་སྐྱེས་ཀྱིས་གཉིས་ཀའི་བདེ་བ་མྱོང་བ་མཉམ་པར་རྒྱས་པ་ལས་རྡོ་རྗེ་བསྐྱེད་པར་བྱའོ། །སློབ་དཔོན་ཨ་ནཾ་བྷ་ག་བཛྲའི་གཞུང་གིས། གསང་བའི་པདྨ་ནི་རླུང་གི་རང་
བཞིན་གསང་བའི་རྡོ་རྗེ། ཉི་མའི་རང་བཞིན་དེ་དག་གིས། །མེ་ཡི་འཁོར་ལོ་རྣམ་པར་རྒྱས། །གང་ཚེ་རྡོ་རྗེ་བསྐྱོད་པ་ནི། །དེ་ཚེ་མེ་ནི་ཁོང་དུ་ཆུད། །ཅེས་རྒྱུད་ཀྱི་གོ་རིམས་ལས་རྡོ་རྗེ་སློབ་དཔོན་གྱིས་དེ་སྐད་ཅེས་བཀའ་སྩལ་པ། རྡོ་རྗེ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས། མེ་ནི་རང་ལས་
เล่ม ๘ · หน้า 121b
བྱུང་བའི་མེ་ཏོག །སློབ་དཔོན་གཞན་གྱི་གཞུང་གིས་རྡོ་རྗེ་ནི་ཐབས་མེ་ནི་ཤེས་རབ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་གཞུང་གིས། རྡོ་རྗེ་ནི་ཨཱ་ལིའི་རང་བཞིན། མེ་ནི་ཀཱ་ལིའི་རང་བཞིན། དཔལ་ཨིནྡྲ་བྷུ་ཏིའི་གཞུང་གིས། མེའི་བདག་ཉིད་ཀྱི་ཀཱ་ལི། ཡེ་ཤེས་ལས་རྡོ་རྗེའི་བདག་
ཉིད། ཨཱ་ལི་ཡེ་ཤེས་རབ་ཏུ་ཁོང་དུ་ཆུད་པར་འགྱུར་རོ། །སློབ་དཔོན་ཀུ་ཀུ་རིའི་གཞུང་གིས་ཨཱ་ལི་ཀཱ་ལི་གཉིས་ཀྱི་ཁ་སྦྱོར་བས་དུས་གཅིག་ཏུ་མེ་དང་རྡོ་རྗེ་དག་ལ་ཁོང་དུ་ཆུད་པའོ། །རྡོ་རྗེ་གསལ་གྱིས་རྣམ་པར་རྒྱལ་བ་ལ་སོགས་པ་ཞེས་འདི་ལྟར་བཤད་དེ། གང་གི་ཚེ་རྡོ་རྗེ་པདྨ་
གཉིས་ཀྱི་ཁ་འབྱེད་པ་དེའི་ཚེ། ལྟེ་བ་ལ་སོགས་གནས་ལ་ཡོད་པའི་འཁོར་ལོའི་ཆུ་སྐྱེས་རྒྱས་རྣམ་པར་རྒྱས་པས། བྱང་ཆུབ་ཀྱི་སེམས་སྦྲང་རྩི་ལྟ་བུ་འཇོག་གོ། །སློབ་དཔོན་ཌོམྦི་པའི་གཞུང་གིས། འཁོར་ལོ་དྲུག་པར་མ་རྒྱས་པའི་ཕྱིས་ནས་རྩའི་འཛག་པ། སློབ་དཔོན་ཨིནྡྲ་བྷཱུ་
ཏིའི་གཞུང་གིས་འཁོར་ལོའི་པདྨ་དེ་རང་རྩའོ། །དེ་ནི་རིགས་པས་གཞུང་ངོ་། །དེ་ལྟ་མིན་ན་དངོས་པོ་སོ་སོའི་དོན་མི་འགྲུབ་པོ། །དེ་ལྟར་ཡང་། ཆག་པའི་སྣོད་ལ་ཆུ་བཞིན་དུ། །ཞེས་དེ་ཉིད་རྡོ་རྗེ་འཛིན་པས་གཉིས་སུ་མེད་པའི་དོན་གྱི་གསུངས་སོ། །དེ་ནས་སྤྲུལ་པའི་འཁོར་ལོའི་
གནས་ལ་སོགས་ཞེས་བྱ་བ་ལ་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་རྒྱས་པར་བཤད། བདག་ནི་འདི་རུ་སློབ་དཔོན་འགའ་ཙམ་གྱི་གཞུང་བྲི། དོན་གྱིས་གཏན་ལ་ཕབ་པར་བྱེད། རྩའི་ཡེ་ཤེས་ཉམས་སུ་མ་མྱོང་བའི་བསྒོམ་པ་ཅན་བཅོམ་ལྡན་འདས་ཀྱི་དྲང་བའི་དོན་བཟུང་ནས། དེ་བཞིན་
གཞན་མ་སྒོམ་པར་བྱེད། །དེ་རུ་ཡང་ཤེས་པ་ཙམ་གྱིས་ཡིད་ཤེས་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཉེ་བར་བརྟགས་པའི་ཕྱིར། དྲང་བའི་དོན་གྱིས་གཏན་ལ་ཕབ་པར་བྱེད། དེ་རང་དོན་སྐལ་པ་དང་ལྡན་པའི་སེམས་ཅན་གྱི་དོན་དུ་ངེས་པའི་དོན་གྱིས་དཔལ་ཨིནྡྲ་བྷཱུ་
ཏིའི་ཞལ་སྔ་ནས་ལ་སོགས་པའི་དངོས་གྲུབ་ཐོབ་པའི་སློབ་དཔོན་གྱིས་གསལ་བར་བྱེད། དེ་བཞིན་དུ་བར་མ་ཆད་པའི་རིམ་པས་གང་ཞིག་གསལ་བར་བྱེད་པ་དེ་ན། རིགས་པས་ནི་གསུངས་སོ། །དེ་རུ་སློབ་དཔོན་ཀུ་ཀུ་རིའི་ཞལ་སྔ་ནས་ཀྱི་གཞུང་གིས་འབྱུང་བ་ལྔའི་རང་བཞིན་རྩ་ལྔ་སྤྲུལ་པའི་
เล่ม ๘ · หน้า 122a
འཁོར་ལོར་འདུས་པ་ནི་ངེས་པའི་དོན་ཏོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཤུ་ཀྲ་བྷ་ཧ་དང་། རཀྟ་བྷ་ཧ་དང་། ར་ས་བྷ་ཧ་དང་། མ་ངྷ་བྷ་ཧ་དང་། མུ་ཏྲ་བྷ་ཧའོ། །རྩ་གཉིས་ཀའི་རྩེ་མོ་ལས། །ཞེས་བྱ་བ་ལ་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་འདི་ལྟར་བཤད་དེ། མེའི་འཁོར་
ལོའི་ནང་དུ་གསང་བའི་པདྨའི་ལྟེ་བའི་གཡས་གཡོན། སྦྲུལ་མོ་ཆུང་བ་བཞིན་ཉི་མ་དང་ཟླ་བ་འཛག་གོ། །ཟླ་བའི་སྒྲ་ནི་ཤུ་ཀྲ། ཉི་མའི་སྒྲ་ནི་རཀྟ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་མ་ད་ཞེས་བྱ་བ། རང་བྱུང་གི་མེ་ཏོག་གི་ནང་ནས་འཛག་གོ། །མངལ་གྱི་དབུས་སུ་རྩ་གཉིས་ནི། །ཐག་
པའི་དངོས་པོ་བཞིན་སྦྲུལ་མོ་ཆུང་བ་དང་འདྲ་བ། དཔེས་དེ་མ་ཐག་ཏུ་བྲི་བར་བྱའོ། །དེ་ནི་རྒྱུ་ནི་གཅིག་ཉིད་ཤེས་པར་བྱ། །ཞེས་བྱ་བ་ལ་འདི་ལྟར་གསུངས་ཏེ། རྒྱུ་ཞེས་བྱ་བ་ནི་རྩ་བ། རྩ་བ་འདིར་ཨ་ཝ་དྷཱུ་ཏཱི། བདག་མེད་པའི་རང་བཞིན། དེ་རང་ཀུན་དངོས་ཀྱི་གཟུགས་ཀྱིས་གཉིས་སུ་
དབྱེ་བ་དང་། གསུམ་དུ་དབྱེ་བ་དང་། བཞི་རུ་དབྱེ་བ་དང་། ལྔ་རུ་དབྱེ་བ་དང་། དྲུག་ཏུ་དབྱེ་བ་དང་། བརྒྱད་དུ་དབྱེ་བ་དང་། བརྒྱད་གཉིས་སུ་དབྱེ་བ་དང་། བརྒྱད་བཞི་རུ་དབྱེ་བ་དང་། བརྒྱད་བརྒྱད་དུ་དབྱེ་བ་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་དབྱེ་བའོ། །དེས་ནི་རྒྱུའི་རྩ་བ་
ལས་འབྲས་བུ་ཕུན་སུམ་ཚོགས་པ་བཤད། གཡོན་དུ་ཤུ་ཀྲ་འབྱུང་བ་ཞེས་བྱ་བ། ངེས་པའི་དོན་དང་དྲང་བའི་དོན་གྱི་བཅོམ་ལྡན་འདས་ཀྱི་ལུང་ངོ་། །རྡོ་རྗེ་སློབ་དཔོན་གྱི་གཞུང་གིས་འདི་ལྟ་སྟེ། གཅིག་པུ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་གཉིས་སུ་དབྱེ་བ་དང་། གསུམ་དུ་དབྱེ་བ་དང་
བཞི་རུ་དབྱེ་བ་དང་། ལྔ་རུ་དབྱེ་བའོ། །དེ་ལ་དོན་ནི་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་འབྱུང་བའི་ཚེ། བོ་ལ་དང་ཀཀྐོ་ལའི་རེག་བྱ་ཙམ་གྱིས་སྲ་བར་གྱུར་ཏོ། །དགའ་བ་སྐྱེས་པས་ཞུ་བར་གྱུར་ཏོ། །མཆོག་གི་དགའ་བ་སྐྱེས་པས་ཚ་བར་གྱུར་ཏོ། །ཆད་པའི་དགའ་བ་འབྱུང་བས་གཡོ་བར་
གྱུར་ཏོ། །རང་བཞིན་དགའ་བ་བྱུང་བས་ནམ་མཁའི་རང་བཞིན་དུ་གྱུར་ཏོ། །དེ་ལྟ་བུའི་འབྱུང་བ་ཆེན་པོའི་ལྔའི་རང་བཞིན་གྱིས་གཅིག་པུའི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་བཤད་པའོ། །དེའི་ཕྱིར་ལ་ལར་གཡས་སུ་འབབ། ལ་ལར་གཡོན་དུ། ལ་ལར་དབུས་སུ། ལ་ལར་གྱེན་དུ།
เล่ม ๘ · หน้า 122b
ལ་ལར་འོག་གི་ལམ་གྱིས། ལ་ལར་ཐམས་ཅད་དུའོ། །གང་གི་ཚེ་གཡས་སུ་ཉི་མ་ལ་སོགས་ཞེས་བྱ་བ་ལ་སློབ་དཔོན་ནག་པོ་པའི་གཞུང་གིས་ནི་འདི་ལྟ་སྟེ། ཉི་མའི་སྒྲ་ནི་སྲོག །སྲོག་གི་འབྱུང་བའི་ཚེ། ཤུ་ཀྲ་ཀུན་དུ་དམར་པོའི་ངོ་བོར་འགྱུར་རོ། །ཟླ་བའི་སྒྲ་ནི་ཉེ་བའི་སྲོག །ཉེ་བའི་སྲོག་
གི་འབྱུང་བའི་ཚེ། ཤུ་ཀྲ་ནི་དཀར་པོའི་ངོ་བོར་འགྱུར་རོ། །མེའི་སྒྲས་ནི་བཅུད་ཤུ་ཀྲ་དང་། རཀྟ་གཉིས་ཀྱི་ནང་དུ་ཐིམ། ཇི་ལྟར་སྒོ་ངའི་ནང་དུ་མི་སྣང་བའི་སྲོག །སློབ་དཔོན་བི་མ་ལ་བཛྲའི་གཞུང་གིས་རོ་ལ་དོན་དེ་ལྟར་བཤད་དོ། །སློབ་དཔོན་ཨིནྡྲ་བྷཱུ་ཏིའི་གཞུང་གིས། མཆོག་གི་
དགའ་བའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ལ་དོན་འདི་ལྟར་བཤད་དོ། །སློབ་དཔོན་ཀུ་ཀུ་རིའི་ཞལ་སྔ་ནས་རང་བཞིན་དགའ་བའི་བདག་ཉིད་ལ་དེ་ལྟར་བཤད་དོ། །དེའི་བཤད་པའི་ཕྱིས་ནས་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་བསྐྱེད་པའི་གཞུང་གིས་འབྱུང་བའི་སྦྱོར་བ་བཤད་དེ།
སྔོན་གྱི་ལས་ཀྱི་རླུང་གིས་རྣམ་པར་ཤེས་པ་ལ་སོགས་པ་ཞེས་བྱ་བ་ལ་འཁོར་བར་གནས་པ་ལྷ་དང་མི་ལ་ཁྱད་པར་གྱིས་ཤིག་དགེ་བ་དང་མི་དགེ་བའི་རྒྱུ་སྔོན་གྱི་ལས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྐབས་སུ། སྔོན་གྱི་ལས་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་
དེ་བཞིན་གཤེགས་པ་ཉིད་དུ་འབྱུང་། སློབ་དཔོན་ཌོམྦི་པའི་གཞུང་གིས། ལས་ནི་སྐད་ཅིག་བཞིས་བསྐོར་བའི་ཡེ་ཤེས། སློབ་དཔོན་བི་ལས་བཛྲའི་གཞུང་གིས། དགའ་བའི་སྦྱོར་བ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས། དེ་ཁོ་ན་ཉིད་རྒྱས་པ། སློབ་དཔོན་ཀུ་ཀུ་རིའི་ཞལ་སྔ་
ནས་འོད་རབ་ཀྱི་སྣང་བ། དེ་རང་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོའི་ཕྱིར་རང་བཞིན་གྱི་རླུང་ངོ་། །འཁོར་བ་ཞེས་བྱ་བ་ལ་ཐ་མལ་པའི་སྐབས་སུ་སྲིད་པ་ཐ་མལ་ལོ། །རྡོ་རྗེ་འཛིན་པ་ཆེན་པོའི་སྐབས་སུ་རང་བཞིན་དགའ་བའི་འོད་ཟེར་སྤྲོ་ཞེས་རྡོ་རྗེ་སློབ་དཔོན་གྱི་མན་ངག་གོ། །གང་
གི་ཚེ་གང་གི་སྐབས་སུ་རང་བཞིན་དགའ་བ་སྲ་བར་འགྱུར། དེའི་ཚེ་དེའི་དུས་སུ་མ་ཆགས་པ་ཆེན་པོའི་ཡིད་ཕས་བསྒྱུར་ཞེས་ངེས་པའི་དོན་གྱི་བཅོམ་ལྡན་འདས་ཀྱི་ལུང་ངོ་། །རྡོ་རྗེ་སློབ་དཔོན་གྱི་དོན་ནི་འདི་ལྟ་སྟེ། ཕའི་སྒྲས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །འདོད་ཆགས་
เล่ม ๘ · หน้า 123a
ཆེན་པོས་ཡིད་བསྒྱུར་ཞེས་བྱ་བ་ལ། རང་བཞིན་དགའ་བའི་རྒྱ་མཚོ་ཆེན་པོ་ལས་བཞེངས་ཏེ། ཆགས་པ་ཆེན་པོའི་གྲགས་པ་ཅན། མཆོག་གི་དགའ་བ་ལ་གནས་མཛད་ནས། གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ལ་སྐྱེ་བའི་རྒྱུའི་དོན་གྱི་ཕྱིར། རེ་ཏོའི་རྒྱུད་
དང་ལྡན་པའི་བྷ་ག་ཅན་ཤེས་རབ་རྣལ་འབྱོར་མ་བདག་མེད་མ་དང་ལྷན་ཅིག་མཉམ་པར་འཁྱུད་པར་མཛད་དོ། །རེ་ཏོའི་སྒྲས་ནི་འཇིག་རྟེན་ལས་འདས་པའི་དུས་ཀུན་དུ་བཤད་དོ། །སློབ་དཔོན་ཨུ་རྒྱན་གྱི་གཞུང་གིས་ཆད་པའི་དགའ་བའོ། །སློབ་དཔོན་ཁ་ཆེའི་གཞུང་གིས་འོད་
ཟེར་ཆེན་པོའི་དགའ་བའི་མཆོག་གོ། །སློབ་དཔོན་བཾ་ག་ལའི་གཞུང་གིས་དང་པོའི་དགའ་བའོ། །མེ་དང་ཉི་མ་གསལ་བར་འབྱུང་བའི་དོན་ནི་ཨཱ་ལི་དང་ཀཱ་ལི་འབྱུང་བས་སོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་མཆོག་དང་ཆད་པ་འབྱུང་བས་སོ། །དེའི་ཚེ་ཆགས་པ་ཆེན་པོའི་
ཡིད་ཅེས་བྱ་བའི་དོན་ནི། འདི་ལྟར་བཤད་དེ་བཅོམ་ལྡན་འདས་མ་བདག་མེད་མས་བདག་མེད་པའི་འཇིག་རྟེན་གཟིགས་ནས། སྒྱུ་འཕྲུལ་ཅན་ཤེས་རབ་ཅན་དང་སྐྱེ་བོ་རུ་སྦྱོར་བས། སྒྱུ་མའི་རྣམ་པ་ཅན་འདོད་ཆགས་ཆེན་པོའི་རང་བཞིན་ཁམས་གསུམ་དུ་སྐྱེ་བའི་དོན་དུ་མཁའ་
འགྲོའི་འཁྱུད་པ་བསྟན་པ་མཛད་དེ། རེག་བྱ་འདོད་པ་ཞེས་བྱ་བ་ནི་ལྷ་དང་མིར་སྐྱེ་བའི་དོན་དུ་ཤེས་རབ་ཐབས་གཉིས་སུ་མེད་པའི་སྦྱོར་བ་ལ་ཐིམ། བོ་ལ་ཀཀྐོ་ལ་འཇུག་པར། །ཞེས་བྱ་བ་ལ་དོན་ནི་འདི་ལྟ་སྟེ། གསང་བའི་རྣམ་པ་ཅན་ཀཀྐོ་ལ་བོ་ལའི་གྲགས་པ་ཅན། རྡོ་རྗེ་རབ་
ཏུ་ཞུགས་ནས། ཆུའི་ནང་དུ་ཆུ་བཞིན་དུ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་གྱུར་ཏོ། །ཁ་ཅིག་པདྨ་དང་རྡོ་རྗེ་གཉིས་གླེང་། ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་གཞུང་གིས། ཆུ་ནི་རྡོ་རྗེ་ལས་བྱུང་བའི་ས་བོན་ཆུའི་ནང་དུ་ནི་པདྨ་ལས་བྱུང་བའི་ཀུན་དུ་དམར་
བའི་རང་བཞིན་དེའི་ཕྱིར་དེ་ལས་ས་བོན་ལས་བྱུང་བའི་རྒྱུ་ཞེས་ཉིད་རྡོ་རྗེ་འཛིན་པས་གསུངས་སོ། །ས་བོན་ལས་གོང་བུར་སྐྱེས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་རོ། །གོང་བུའི་སྒྲས་ནི་སྐུ་ཡིན་པའི་ཕྱིར་རོ། །སློབ་དཔོན་གཞན་མའི་གཞུང་གིས་ནི་གོང་བུ་
เล่ม ๘ · หน้า 123b
ནུར་ནུར་པོའི་རྣམ་པའོ། །དེ་ལས་དང་པོ་ནི་རྩ་སྐྱེའོ། །ཕྱིས་ནས་གོར་གོར་དང་། རྐང་ལག་འགྱུ་བ་ལ་སོགས་པའི་སྦྱོར་བས་ཕུང་པོ་ལ་སོགས་པ་འབྱུང་ཞེས་གྱུར་ཏོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། །ལེའུ་བཞི་པའི་བཤད་པའོ།། །།ད་ནི་ལྔ་པ་ལ་ཟད་པའི་དོན་བྲི་
བར་བྱ། གསང་བའི་གཞང་ཁའི་ནང་ན་གནས། །ཞེས་བྱ་བ་ལ། སློབ་དཔོན་གྱི་ཞལ་སྔ་ནས་གསང་བའི་པདྨའི་རྒྱུད་ཀྱི་གཞུང་གིས་ནི། གཞན་གསང་བ་ནི་རིན་པོ་ཆེའི་སྙིང་པོ་བཤད་དོ། །སློབ་དཔོན་དཔའ་བོ་བཟང་པོའི་གཞུང་གིས་ནི་གཞན་མ་ཡིན་པའི་ཆོས་ཀྱི་འབྱུང་གནས་
སོ། །དཔལ་ཨིནྡྲ་བྷཱུ་ཏིའི་མན་ངག་གི་གཞུང་གིས་བལྟ་བར་དཀའ་བའི་རེག་བྱའི་གནས་དེ་ནི་གཞང་ཁའོ། །དེའི་ཕྱིར་ཉིད་རྡོ་རྗེ་འཛིན་པས་གསང་བའི་སྐུ་ཞེས་བསྟན་པའོ། །དེ་རུ་སྐྱེ་བ་མེད་པའི་ཆ་ཆེན་པོ་ཞེས་བྱ་བ་ལ། ཆ་ཆེན་པོའི་སྒྲས་ནི་རྣལ་འབྱོར་མ་བདག་མེད་མ། རྡོ་རྗེ་
སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་གསུངས་སོ། །སློབ་དཔོན་བི་ལས་བཛྲའི་གཞུང་གིས་གསང་བའི་གནས་སུ་པདྨ་གཞོན་ནུའི་སྐུད་པ་བཞིན་ནོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་དོན་དམ་པ་བྱང་ཆུབ་སེམས་ཀྱི་ཟླ་ཚེས་སོ། །དེའི་ཕྱིར་ཉིད་མཆོག་གི་དབང་གིས་སྐྱེ་བོའི་སྒྲས་གསུངས་
སོ། །དེ་ཡང་རྣམ་པར་ཤེས་པ་དང་བྲལ་བ་ཞེས་བདག་མེད་མ་ཉིད་བཤད་དོ། །ཡེ་ཤེས་སྐུ་ཞེས་བྱ་བ་འདི་ལྟར་བཤད་དེ། གང་ཞིག་བདག་མེད་མ་ཉིད་དེ་རང་ཡེ་ཤེས་ཀྱི་སྐུ་ཉིད་དོ། །བདག་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོར་ངེས་པར་བསྟན། སྟོང་པ་ཉིད་ཀྱི་སྒྲ་ལ་ཡང་རྡོ་རྗེ་སློབ་
དཔོན་གྱི་ཞལ་སྔ་ནས་འདི་ལྟར་བཤད་དེ་ངེས་པར་བསྟན་པ་གསུངས་པ། སྟོང་པ་ཉིད་ཅེས་བྱ་བ་ལ་རྣམ་པར་མི་རྟོག་པ་ཉིད་ཅེས་བྱ་བའི་དོན་ཏོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ནི། ཀུན་རྫོབ་སྟོང་པ་ཉིད་དུ་བསྟན། །སྟོང་པ་ཉིད་ནི་ཀུན་རྫོབ་བོ། །དེ་རུ་གནས་ནས་སྲོག་སྐྱེ་ཞེས་
བྱ་བ་ལ། རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་བཤད་དེ། རྟོག་པ་དང་བྲལ་བའི་བདག་མེད་པའི་གནས་ནས། ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་ཤེས་པའི་སྲོག་གི་རླུང་འབྱུང་ངོ་། །དེ་ཡང་སེམས་ཅན་ལ་མཆོག་གི་སྲོག་གི་ཚེ་ཞེས་བྱ་བའི་
เล่ม ๘ · หน้า 124a
དོན་ཏོ། །རྟག་ཏུ་བདག་ཉིད་པའི་སྲོག་ཆེན་པོ་ཞེས་བྱ་བ་ལ་དོན་ནི་འདི་ལྟར་གསུངས། སྲིད་པ་བར་མ་དོ་ལ་རྟག་ཏུ་ཡོད་དོ། །གནས་ལྔའི་བཞུགས་ཞེས་བྱ་བ་ལ། འབྱུང་བ་ཆེན་པོ་ལྔའི་གནས་པ་ཞེས་དགོངས་པའོ། །ཁ་ཅིག་ནི་འཁོར་ལྔའི་ལེན་ཏེ། འབྱུང་བ་ལྔ་
ཞེས་གྲགས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་གསུངས་སོ། །གང་ཞིག་འབྱུང་བ་ཆེན་པོ་ལྔ་དེ་རང་ནམ་མཁའ་དང་ལྔའོ། །དེས་བརྒྱན་པ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཅེ་ན་སྲོག་གི་རླུང་ངོ་། །ནམ་མཁའ་ནམ་མཁར་ཐིམ་ཞེས་བྱ་བ་ལ་འདི་ལྟར་གསུངས་ཏེ། ནམ་
མཁའ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས། ནམ་མཁའ་ནི་འབྱུང་བ་ཆེན་པོ་ལྔའིའོ། །ཐིམ་ཞེས་བྱ་བ་ནི་རེག་བྱ་ཆེན་པོ་སྐྱེ་བར་བྱེད་དོ། །སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་ནམ་མཁའ་ནི་རྣམ་པར་ཤེས་པ། ནམ་མཁའ་ཐིམ་པ་ནི་འབྱུང་བ་ཆེན་པོ་ལྔ་ལ་ཁྱབ་པར་གནས་པའོ། །
དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ནི་ནམ་མཁའ་ནི་སྲོག །ནམ་མཁའ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་ལྔ་ལ་ཕན་ཚུན་བསྟེན་ཞིང་སྦྱོར་བའོ། །དེ་ཉིད་དཔལ་རྡོ་རྗེ་འཛིན་པས་འདི་སྐད་གསུངས་ཏེ། འབྱུང་བ་ཆེན་པོ་བཞི་པོ་ནི། །སྲོག་ལ་རྟེན་དུ་ཤེས་པར་བྱ། །ཡང་ན་དེ་ལ་སྲོག་ནི་བརྟེན། །
ལེགས་དགྱེས་དབང་མོ་ཤེས་པར་བྱ། །དེ་རུ་ཉིད་མཆོག་གི་དབང་ཕྱུག་བསྐྱེད་པའི་རིམ་པར་འབྱུང་བ་ཆེན་པོའི་དོན་རབ་ཏུ་གསལ་བར་བྱེད་དོ། །རྣམ་པར་ཤེས་པ་ལས་རླུང་སྐྱེས། །དེ་ལས་མེ་ནི་འབྱུང་བར་འགྱུར། །དེ་ལས་ཆུ་ནི་སྐྱེ་བར་འགྱུར། ཆུ་ལས་ས་ནི་འབྱུང་བར་འགྱུར། །དེ་
ལས་ཕུང་པོ་ཡང་དག་འབྱུང་། །ཕུང་པོ་ལས་ནི་སྐྱེ་མཆེད་དོ། །དེ་ལས་ཡེ་ཤེས་རང་བཞིན་ནི། །བརྒྱ་རྩ་བརྒྱད་ཀྱི་རིམ་པས་སོ། །དེ་རུ་བླ་མའི་ཞལ་སྔ་ནས་གཉིས་གཉིས་པའི་རྒྱུད་ཀྱི་གོ་རིམས་ཀྱིས་རང་བཞིན་ཡེ་ཤེས་ལ་ཚད་བསྟན་ཏེ། །འབར་དང་འཁྲུག་དང་ཁྲོ་བ་དང་། །ང་རྒྱལ་ཕྱོགས་ཀུན་ལྟ་བ་དང་། །
ལྔིན་པར་ངོ་ཚ་མེད་པ་དང་། །འཛག་པ་རབ་ཏུ་རྒྱས་པ་དང་། །སྒེག་པ་དྲེགས་དང་རོལ་པ་དང་། །བསམ་པ་ནོར་ལ་ཆགས་པ་དང་། །བུད་མེད་ལ་དཔྱད་ནོར་བའི་རྩི། །སྐམ་པ་རྒྱལ་བ་གཉིད་སད་དང་། །དབྱལ་དང་དགའ་བའི་མཆི་མ་འབབ། །སེམས་ནི་གཡོ་བ་དང་ནི་རྒྱུག །མི་
เล่ม ๘ · หน้า 124b
རྟོག་ནད་དང་མི་སྣང་དང་། །དགོད་པ་གླུ་དང་དགའ་བའི་ཡིད། །བཅུ་གཉིས་བདུན་གྱིས་ལྷག་པའོ། །ཐུན་ཚོད་གཉིས་ཀྱི་རེ་རེ་ནི། །ཡེ་ཤེས་ཡན་ལག་ལ་རིམ་འབྱུང་། །དེ་རུ་འཕགས་པ་ཀླུ་སྒྲུབ་སྙིང་པོའི་གཞུང་གིས། རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་དོན་ནི་འདི་ལྟར་བཤད་དེ།
ཡེ་ཤེས་ནི་ཀུན་གཞི་རྣམ་པར་ཤེས་པ། དེའི་ཡན་ལག་ནི་བསྐོར་བ། དེ་རང་ཉིད་བདག་མེད་མའི་རང་བཞིན། བདག་མེད་མའི་རང་བཞིན་ཡིན་ཡང་ལུས་ལ་བརྟེན་ནས་འགྲོ་བ་ལ་སོགས་པའི་དོན་བྱེད་དོ། །ཇི་ལྟར་རྒྱ་མཚོ་ཆེན་པོ་ལ་རྟེན་བྱས་ནས། ཤིང་ཆེན་པོ་བསྐོར་བར་
བགྱིད་དོ། །སློབ་དཔོན་ཨུཏྤ་ལའི་གཞུང་གིས་རྣམ་པར་ཤེས་པ་ནི་རླུང་གི་རང་བཞིན་གྱི་ངོ་བོའོ། །དཔལ་བཛྲ་པུ་ཏིའི་ཞལ་སྔ་ནས་ཀྱི་རང་བཞིན་མན་ངག་གིས། ལས་ཀྱི་རླུང་གིས་བྱས། ཐུན་ཚོད་གཉིས་ཀྱི་བར་དུ། ཉི་ཤུ་རྩ་བདུན་གྱི་གནས་སུ་རན་པའི་དུས་སུ། ཆུ་ཚོད་ཕྱེད་ཕྱེད་
ལས་ཀྱི་ལོངས་སྤྱོད་མྱོང་ནས། ཕྱིས་ནས་ཀྱང་འོག་གི་ལམ་ནས་དེའི་རིམ་པས་རབ་ཏུ་བསྐོར་རོ། །དེ་ལྟར་མཚན་མོ་དང་ཉིན་མོའི་བར་དུ། རང་བཞིན་བརྒྱ་རྩ་བརྒྱད་ལ་ལོངས་སྤྱོད་དང་། ཐིམ་པ་དང་དབང་པོ་དེ་རུ་སློབ་དཔོན་ནག་པོ་པ་ལ་སོགས་པའི་མན་ངག་གི་རིམ་པ་ནི་འདི་ཡིན་ཏེ་
ལས་ཀྱི་རླུང་ལ་ཞོན་ནས་ཀུན་གཞི་རྣམ་པར་ཤེས་པ་གང་གི་ཚེ་སྤྱི་བོ་ན་གནས་བགྱིད་པའི་ཚེ། དབང་གྲགས་ལུས་པོ་ལ་འབར་བའི་རྟགས་སུ་གྱུར་ཏོ། །གང་གི་ཚེ་སྤྱི་གཙུག་ན་གནས་པ་དེའི་ཚེ། ལོངས་སྤྱོད་གང་ལ་འཁྲུལ་པའི་རྟགས་སུ་འགྱུར་རོ། །གང་གི་ཚེ་རྣ་བ་གཡས་པ་ལ་ཤར་
ན། དེའི་ཚེ་མི་སྣང་བའི་རྟགས་སུ་འགྱུར་རོ། །གང་གི་ཚེ་རྒྱབ་ཀྱི་གླིང་བུ་ན་གནས་པར་གྱུར་ན་དེའི་ཚེ་དབང་གི་ངོ་བོའི་སེམས་ལ་ང་རྒྱལ་གྱི་རྟགས་འབྱུང་ངོ་། །གང་གི་ཚེ་རྣ་བ་གཡོན་ན་གནས་པར་གྱུར་ན། དེའི་ཚེ་ལོངས་སྤྱོད་ཅན་ཕྱོགས་སུ་ལྟ་བའི་རྟགས་འབྱུང་ངོ་། །གང་གི་ཚེ་སྨིན་
མཚམས་སུ་གནས་པ་དེའི་ཚེ། མི་སྣང་བའི་རང་བཞིན་ལུས་པོ་ལ་གཅིན་གཏོང་བའི་རྟགས་འབྱུང་ངོ་། །གང་གི་ཚེ་མིག་ཏུ་གནས་པ་དེའི་ཚེ། དབང་གི་རང་བཞིན་ངོ་ཚ་མེད་པའི་རྟགས་སུ་འབྱུང་ངོ་། །གང་གི་ཚེ་ལག་ངར་གྱི་རྩ་བ་གཉིས་སུ་གནས་པར་གྱུར་པ་དེའི་ཚེ་ལོངས་སྤྱོད་ཀྱི་
เล่ม ๘ · หน้า 125a
རང་བཞིན་ཤུ་ཀྲ་འཛག་པའི་རྟགས་འབྱུང་ངོ་། །གང་གི་ཚེ་མཆན་ཁུང་གཉིས་ལ་གནས་པར་གྱུར་པ་དེའི་ཚེ། མི་སྣང་བའི་རང་བཞིན་སེམས་རྒྱས་པའི་རྟགས་འབྱུང་ངོ་། །གང་གི་ཚེ་ནུ་མ་གཉིས་སུ་གནས་པར་གྱུར་པ་དེའི་ཚེ། དབང་གི་གྲགས་པ་ཅན་ང་རྒྱལ་གྱི་རྟགས་འབྱུང་
ངོ་། །གང་གི་ཚེ་ལྟེ་བར་གནས་པར་གྱུར་པ་དེའི་ཚེ། ལོངས་སྤྱོད་ཀྱི་རང་བཞིན་དྲེགས་པའི་རྟགས་འབྱུང་ངོ་། །གང་གི་ཚེ་སྣའི་རྩེ་མོ་ལ་གནས་པར་གྱུར་པ་དེའི་ཚེ་ཐིམ་པའི་རང་བཞིན་ལས་རོལ་པའི་རྟགས་འབྱུང་ངོ་། །གང་གི་ཚེ་ཁ་རུ་གནས་པར་གྱུར་པ་དེའི་ཚེ། དབང་གྲགས་
ཤེས་རབ་བསམ་པའི་རྟགས་འབྱུང་ངོ་། །གང་གི་ཚེ་མགྲིན་པར་གནས་པར་གྱུར་པ་དེའི་ཚེ། ནོར་ལ་ཆགས་པའི་རྟགས་འབྱུང་ངོ་། །གང་གི་ཚེ་སྙིང་གར་གནས་པར་གྱུར་པ་དེའི་ཚེ་མི་སྣང་བའི་རང་བཞིན་སྐོམ་པའི་རྟགས་འབྱུང་ངོ་། །གང་གི་ཚེ་མཚན་མའི་རྩ་བ་ལ་གནས་པར་གྱུར་ན། དེའི་ཚེ་
དབང་གྲགས་ཅན་བརྒྱལ་བའི་རྟགས་འབྱུང་ངོ་། །གང་གི་ཚེ་མཚན་མར་གནས་པ་དེའི་ཚེ། ལོངས་སྤྱོད་ཀྱི་རང་བཞིན་གཉིད་སད་པའི་རྟགས་འབྱུང་ངོ་། །གང་གི་ཚེ་གཞང་ཁར་གནས་པར་གྱུར་པ་དེའི་ཚེ་མི་སྣང་བའི་རང་བཞིན་དབྱལ་གྱི་རྟགས་འབྱུང་ངོ་། །གང་གི་ཚེ་བརླ་རུ་གནས་པ་
དེའི་ཚེ། དབང་གྲགས་ཅན་དགའ་བ་ལ་ཚིམ་པའི་རྟགས་འབྱུང་ངོ་། །གང་གི་ཚེ་རྗེ་ངར་གཉིས་ལ་གནས་པར་གྱུར་པ་དེའི་ཚེ་ལོངས་སྤྱོད་ཀྱི་རང་བཞིན་སེམས་གཡོ་བའི་རྟགས་འབྱུང་ངོ་། །གང་གི་ཚེ་སོར་མོར་གནས་པར་གྱུར་པ་དེའི་ཚེ་མི་སྣང་བའི་རང་བཞིན་རྒྱུག་པའི་རྟགས་འབྱུང་ངོ་། །
གང་གི་ཚེ་རྐང་མཐིལ་ལ་གནས་པར་གྱུར་པ་དེའི་ཚེ་དབང་གྲགས་ཅན་མི་རྟོགས་པའི་རྟགས་འབྱུང་ངོ་། །གང་གི་ཚེ་མཐེ་བོང་ལ་གནས་པ་དེའི་ཚེ། ལོངས་སྤྱོད་ཀྱི་རང་བཞིན་ནད་ཀྱི་རྟགས་འབྱུང་ངོ་། །གང་གི་ཚེ་པུས་མོ་གཉིས་ལ་གནས་པར་གྱུར་པ་དེའི་ཚེ་མི་སྣང་བའི་རང་བཞིན་སེམས་
སྟོར་བའི་རྟགས་འབྱུང་ངོ་། །གང་གི་ཚེ་ཕྱི་ནས་ཡང་གྱེན་གྱི་རིམ་པས་ཐུགས་ཀྱི་འཁོར་ལོ་ལ་གནས་པར་གྱུར་པ་དེའི་ཚེ་དབང་གྲགས་ཅན་རྒོད་པའི་རྟགས་འབྱུང་ངོ་། །གང་གི་ཚེ་གསུང་གི་འཁོར་ལོ་ལ་གནས་པར་གྱུར་པ་དེའི་ཚེ། ལོངས་སྤྱོད་ཅན་ཀླུའི་རྟགས་འབྱུང་ངོ་། །གང་གི་ཚེ་
เล่ม ๘ · หน้า 125b
སྐུའི་འཁོར་ལོ་ལ་གནས་པ་དེའི་ཚེ་མི་སྣང་བའི་རང་བཞིན་དགའ་བའི་རྟགས་འབྱུང་ངོ་། །དེ་ལྟ་བུ་ཉི་ཤུ་རྩ་བདུན་གྱི་གནས་ལ། ཀུན་གཞི་རྣམ་པར་ཤེས་པའི་སྟེང་དང་། འོག་ཏུ་འགྲོ་བ་ལས་ཡེ་ཤེས་ཀྱི་རང་བཞིན་ལས་འབྱུང་བའི་དུས་སུ། མི་སྣང་བ་དང་། ལོངས་སྤྱོད་དང་དབང་ལ། དཔལ་ཀ་
མ་ལ་ཤཱི་ལའི་ཞལ་སྔ་ནས་ཀྱི་མན་ངག་གི་གཞུང་གིས་རྡོ་རྗེ་སློབ་དཔོན་གྱི་གཞུང་གི་དོན་ནི་འདི་ལྟ་སྟེ། རང་གི་བདེ་བ་ཉམས་སུ་མྱོང་བ་ལ་གང་ཞིག་མི་གསལ་བ་ཉིད་དམ། ཡང་ན་རབ་ཏུ་འཇུག་པ་དེ་ནི་མི་སྣང་ངོ་། །ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་
མྱོང་བ་ནི་ལོངས་སྤྱོད་དོ། །དེ་དག་གི་ཡེ་ཤེས་ཀྱི་ལྟ་བས་གང་ཞིག་འཁྲུལ་པ་མེད་པ་ཉིད་དེ་ནི་དབང་ངོ་། །རྡོ་རྗེ་ཕྲེང་བའི་རྒྱུད་ལ་སོགས་པར་བྱ་བ་ནི་སྒྲ་ཇི་བཞིན་གྱིས་གསུངས་སོ། །དེ་ནི་མཚན་མོའི་དོན་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་དཔྱད་དེ། མཚན་མོ་ཤེས་
རབ་ཅེས་སུ་གྲགས། །ཤེས་རབ་མཚན་མོ་དགུང་ཉིད་འགྱུར། །ཞེས་གཉིས་སུ་མེད་པའི་ངོ་བོས་ངེས་པའི་དོན་དང་དྲང་བའི་དོན་གྱིས་བཅོམ་ལྡན་འདས་ཀྱི་བཀའོ། །སློབ་དཔོན་ཤ་བ་རིའི་ཞལ་སྔ་ནས་ཀྱི་མན་ངག་གིས། གང་ཞིག་ཤིན་ཏུ་མཚན་དང་ལྡན་པ་ལ་ལོ་བཅུ་གཉིས་ལོན་པ། མི་གསལ་
བའི་པདྨ་ཅན་དེ་ནི་མཚན་མོའི་འདུ་ཤེས་ཤེས་རབ་སློབ་དཔོན་ཨུ་རྒྱན་གྱི་གཞུང་གིས་མ་གྲགས་པའི་རང་བཞིན། རང་གི་རིགས་ལས་སྐྱེས་པའོ། །སློབ་དཔོན་ཁ་ཆེའི་གཞུང་གིས་ཡུལ་གྱི་གཡོ་བས་འཁྱར་བའི་ཁ་ཆེའི་སེམས་སོ། །སློབ་དཔོན་ཀུ་མ་རཱུ་པའི་གཞུང་གིས་ནག་སྔོན་ཡན་ལག་ནས་ལོ་
བཅུ་དྲུག་དང་ལྡན་པའོ། །སློབ་དཔོན་ཀུ་ཀུ་རིའི་ཞལ་སྔ་ནས་ཀྱི་གཞུང་གིས་བྱང་ཆུབ་ཀྱི་སེམས་ཟླ་བ་རྒྱས་པའོ། །ཤེས་རབ་མཚན་མོ་དགུང་ཉིད་ཅེས་བྱ་བ་ལ། བླ་མའི་ཞལ་སྔ་ནས་དོན་ནི་འདི་ལྟར་བཤད་དེ། ཤེས་རབ་ཅེས་བྱ་བ་ལང་ཚོ་ལ་བབ་པ། མཚན་མོ་ཞེས་བྱ་བ་ནི་འདོད་ཆགས་
ཆེན་པོས་ལོང་བ། དགུང་ཉིད་ཅེས་བྱ་བ་ནི་ནམ་མཁའི་ཅུང་ཟད་དབྱེ་བའོ། །མཚན་མོའི་རྣམ་པ་ཞེས་བྱ་བ་ལ་ནམ་མཁའི་ཆུ་སྐྱེས་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཤིན་དུ་དཀར་བའི་ཕྱིར་དེ་དང་ཟླ་བ། མཆོག་པས་མཆོག་དགའ་བ་སྦྱིན་པ་མྱ་ངན་ལས་འདས་པའི་རང་བཞིན་ནོ། །
เล่ม ๘ · หน้า 126a
སློབ་དཔོན་ནག་པོའི་གཞུང་གིས་ནི་དགའ་བྲལ་སྦྱིན་པའི་ཕྱིར་མྱ་ངན་ལས་འདས་པའི་རང་བཞིན་ནོ། །ཤེས་རབ་འདི་རུ་གཉིས་དབྱེ་ཞེས། །ཀུན་རྫོབ་དང་དོན་དམ་པའི་དངོས་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་སྒྲ་ཇི་བཞིན་དུ་གསུངས་སོ། །ཀུན་རྫོབ་
རེག་བྱ་སྐྱེ་མེད་པ། །ཞེས་བྱ་བ་ལ་བསྐྱེད་པའི་རིམ་པའི་ཕྱོགས་སུ་ལྷའི་རྣམ་པར་བྱིན་གྱིས་བརླབས་ཏེ། རེག་བྱའི་པདྨ་ལ། བདུད་རྩི་མྱོང་བའི་ཕྱིར་ལོ་བཅུ་དྲུག་དང་ལྡན་པའོ། །དཔལ་བཛྲ་པུ་ཏིའི་གཞུང་གིས། ནང་གི་བདག་ཉིད་ལས་ཀྱི་ཕྱག་རྒྱའོ། །སློབ་དཔོན་ཌོམྦི་པའི་ཞལ་སྔ་ནས་ནི་བྱ་
གདོང་ངོ་། །སློབ་དཔོན་ཀུ་ཀུ་རིའི་ཞལ་སྔ་ནས་ནི་སྲོག་གི་རྩ་བའོ། །དོན་དམ་པའི་རེག་བྱ་དང་བྲལ་བ་སྐྱེད་བྱེད་མ་ཞེས་བྱ་བ་ལ་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་བཅོམ་ལྡན་འདས་བདག་མེད་མའོ། །སློབ་དཔོན་ཀུ་ཀུ་རིའི་ཞལ་སྔ་ནས་ཀྱི་མན་ངག་གིས་རྩ་རྟོག་མེད་པ། རེག་བྱ་དང་བྲལ་བ་
གང་ཞིག་བདེ་བ། བལྟ་བར་དཀའ་བའི་མཚན་ཉིད་དཀའ། །ཞེས་བྱ་བ་ལ་ནི་བརྗོད་དུ་མེད་པའི་ཕྱིར་སྒྲ་ཇི་བཞིན་པའི་དོན་བཀའ་སྩལ་ཏོ། །རང་བཞིན་མེད་པའི་རང་བཞིན་ཅན། །དེའི་མཚན་མོ་བདག་གིས་བཤད། །ཅེས་བྱ་བ་ལ་རྫོགས་པའི་རིམ་པའི་སྐབས་སུ་བརྡར་བྱས་སོ། །ཉིན་
མོ་ཐབས་སུ་གྲགས་ཞེས་བྱ་བ་ལ་སློབ་དཔོན་གྱི་ཞལ་སྔ་ནས་འདི་ལྟར་བཤད་དེ། ཉིན་མོའི་སྒྲས་ནི་རིན་པོ་ཆེ་ཉི་མའི་འོད་ཟེར་ཅན་ཐར་པ་ཞེས་བྱ་བ་ནི་དེ་དང་འདྲ་བའི་གང་ཟག་ཡང་ན་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ལ་རྡོ་རྗེ་འཛིན་པའི་ས་ཐོབ་པའི་དོན་དུ་ཐབས་ཙམ་བསམ་
པའི་ཕྱིར་ཐབས་སོ། །ཐབས་ནི་ཉི་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ལ་དེ་ནི་ཐབས་དོན་གསལ་བར་བྱས་སོ། །སློབ་དཔོན་ནག་པོ་པའི་གཞུང་གིས་ནི་གསང་བའི་རྡོ་རྗེ་རིན་པོ་ཆེའི་ནང་དུ་འབྱུང་བ་མཆོག་གི་དགའ་བའི་ངོ་བོ་བྱང་ཆུབ་ཀྱི་སེམས་སོ། །བྷ་ག་ལས་བྱུང་ཉི་མར་འགྱུར། །
ཞེས་བྱ་བ་ལ་ངེས་པའི་དོན་དང་དྲང་པའི་དོན་གྱིས་བཅོམ་ལྡན་འདས་ཀྱི་བཀའོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས། བྷ་ག་ནི་ཤེས་རབ། ཉི་མ་ནི་ཐབས། འབྱུང་བ་ནི་བྱང་ཆུབ་ཀྱི་སེམས། ཉི་མ་བྷ་གའི་བདག་པོ་ཞེས་བྱ་བ་ལ། ཤེས་རབ་མ་ལ་ཐབས་མགོན་པོ་ཡིན་ནོ། །ཡང་ན་
เล่ม ๘ · หน้า 126b
ཁོང་དུ་ཆུད་པར་བྱེད་དོ། །སློབ་དཔོན་ཤ་བ་རིའི་གཞུང་གིས། བྷ་ག་ནི་ཤེས་རབ་ཀྱི་མངལ་གྱི་པདྨ་རྒྱས་པ། ཉི་མ་ཞེས་བྱ་བ་ནི་རང་བྱུང་གི་མེ་ཏོག །འབྱུང་བ་ཞེས་བྱ་བ་ནི་དེ་ལས་སྐྱེ་བའོ། །སློབ་དཔོན་བཛྲ་རཱ་གའི་གཞུང་གིས་བྷ་ག་ནི་ཆད་པའི་དགའ་བའི་རང་བཞིན། བྱང་ཆུབ་ཀྱི་
སེམས་ཉི་མ་ནི་མཆོག་གི་དགའ་བའི་ངོ་བོ། །བདག་པོའི་སྒྲ་ནི་རང་བཞིན་གྱིས་དགའ་བ་ཉིད་དོ། །སྲིད་པའི་རྣམ་པ་ཉི་མར་འགྱུར། །ཞེས་བྱ་བ་ལ། རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས། བརྟག་པ་གཉིས་པའི་རྒྱལ་པོའི་རིམ་པར་འདི་བཤད་དེ། ཤེས་རབ་ཡེ་ཤེས་ཀྱི་མན་ངག་བསྒོམ་
ཞིང་རོ་ཆེན་པོ་ཉམས་སུ་མྱོང་བ་དང་། དེ་བཞིན་གསང་བའི་རྡོ་རྗེའི་རིན་པོ་ཆེའི་འཁོར་ལོར་དགའ་བ་ཆེན་པོའི་གནས་སུ་རྒྱུན་མི་ཆད་པའི་རྣམ་པར་འབྱེད་པ་མ་ཡིན་པའི་ངོ་བོ་ཞིག་དགའ་བ་འབྱུང་བའོ། །དེ་རང་ཉིད་ཤིན་ཏུ་གསལ་བའི་ཕྱིར་ཉི་མའོ། །ཟླ་བ་མྱ་ངན་ལས་འདས་པའི་ངོ་བོ་
ཞེས་བྱ་བ་ལ། ཤེས་རབ་ཡེ་ཤེས་ཀྱི་དགའ་བ་ལས་ཅི་ཞིག་དགའ་བ་ཆེན་པོའི་ཕྱོགས་སུ་འདུ་ཤེས་མེད་པ་ཉིད་དོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་རྟོག་པ་མེད་པ་ཉིད་དོ། །སློབ་དཔོན་གཞན་མའི་གཞུང་གིས་ནི་ཆད་པའི་དགའ་བའོ། །སྲིད་པ་དེ་ནི་རིགས་སུ་བཤད། །ཅེས་བྱ་བ་ལ་
སོགས་པ་ལ། དཔལ་པྲ་ཧ་སྟི་སྟ་བཛྲ་ཨུ་ཏའི་གཞུང་གིས་ནི་འདི་ལྟར་བཤད་དེ། སྲིད་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ། རིགས་ཞེས་བྱ་བ་ནི་ཕུང་པོ་ལྔ་གྲུབ་པའི་སྐུ། ཟླ་བ་ལ་ཞེས་བྱ་བ་ནི་སྲིད་པ་བར་མ་དོ་ལ། རིགས་ཞེས་བྱ་བ་ནི་སྲིད་པ་ལེན་པ། ཉི་མ་ལས་ཞེས་བྱ་བ་ནི་སྔོན་
གྱི་སྨོན་ལམ་གྱི་འདུས་པའི་དྲན་པས་སོ། །སློབ་དཔོན་ཌོམྦི་བའི་ཞལ་སྔ་ནས་སྲིད་པ་ནི་ཐབས། རིགས་ནི་ཤེས་རབ། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་སྲིད་པ་ནི་མཆོག་གི་དགའ་བའི་རང་བཞིན་ཤུ་ཀྲ། རིགས་ཞེས་བྱ་བ་ནི་རཀྟ། ཟླ་བ་བྱང་ཆུབ་ཀྱི་སེམས་ལ་རིགས་སྐྱེ་བ། ཉི་མ་
ལ་རཀྟ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱི་གཞུང་གིས་དེ་ནི་མྱ་ངན་ལས་འདས་པའི་རང་བཞིན་ཅན་བྱང་ཆུབ་ཀྱི་ས་བོན་ཤིན་ཏུ་རྣམ་པར་འགྲུབ་པའི་ཕྱིར་རཀྟའི་ངོ་བོར་གྱུར་ཏོ། །གང་གི་ཚེ་རང་གི་མཚན་ཉིད་དུ་གྱུར་པ་དེའི་ཚེ། རྡོ་རྗེ་རིན་པོ་ཆེ་འདྲ་བར་འགྱུར་རོ། །གང་གི་ཚེ་ཅུང་
เล่ม ๘ · หน้า 127a
ཟད་སྟོབས་ཀྱིས་འཕོ་བར་འགྱུར་བ་དེའི་ཚེ་སྐྱེ་པའི་གཟུགས་ཅན་དུ་གྱུར་ཏོ། །དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །རྫོགས་པའི་རིམ་པའི་ཕྱོགས་སུ་སྤྲོས་པ་མེད་པའི་ཕྱིར་ཉི་མ་གྲུབ་ཅེས་བྱ་བ་ནི་མཆོག་གི་དགའ་བའི་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་པའི་རིགས་
དང་བྲལ་ཞེས་བྱ་བའི་དོན་ཏོ། །གང་ཞིག་རྣམ་པར་རྟོག་པ་མེད་པ་དང་ཆ་མེད་པ་དེ་ནི་རབ་དང་མཆོག་གོ། །རབ་མཆོག་གི་ཕྱིར་ཕྲ་མོ། ཕྲ་མོའི་ཕྱིར་གང་ཡང་མིན། གང་ཡང་མ་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་སྐུའོ། །སྟོང་པ་ཉིད་ཀྱི་སྐུའི་ཕྱིར་འོད་རབ་བོ། །འོད་རབ་ཀྱི་ཕྱིར་ཞི་
བ་ཆེན་པོའོ། །ཞི་བ་ཆེན་པོའི་ཕྱིར་ཀུན་ལ་བཞུགས་སོ། །དཔལ་པདྨ་ཤཱི་ཀ་རའི་གཞུང་གིས་ཇི་ལྟར་ནམ་མཁའ་ཀུན་ལ་ཁྱབ་པ་དེ་ལྟར་འོད་རབ། གྲགས་པའི་རང་བཞིན་ཐམས་ཅད་ལ་བཞུགས་ཞེས་དགོངས་སོ། །དེ་ནི་ཉིན་མོ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །མཚམས་གཉིས་
འདུས་ཞེས་བྱ་བ་ལ་སོགས་པ་ནི། མཚམས་ཞེས་བྱ་བ་ནི་འཕོ་བ། གཉིས་བྱ་བ་ནི་ཤེས་རབ་དང་ཐབས། འདུས་ཞེས་བྱ་བ་ནི་ཁ་སྦྱོར་རོ། །རྡོ་རྗེ་དང་། པདྨ་དང་། ཉི་མ་དང་། ཟླ་བ་ཞེས་བྱ་བ་ནི་ཤེས་རབ་ཐབས་གཉིས་སུ་འབྲེལ་བས། གང་ཞིག་ཁ་སྦྱོར་བྱེད་པ་དེ་ནི་རྡོ་རྗེ་དང་
པདྨར་གྲགས་པའི་མཚན་མ་གཉིས་འདུས་པའོ། །ཡང་ན་དེ་དག་ལས་བྱུང་བ་ཟླ་བ་དང་ཉི་མའོ། །ཟླ་བའི་སྒྲས་ནི་ཤུ་ཀྲ། ཉི་མའི་སྒྲས་ནི་རཀྟའོ། །ལྟེ་བ་གཉིས་ཀྱི་ཕྲད་པ་ལ་སོགས་ཞེས་བྱ་བ་ནི་གཉིས་ཀའོ། །ཤེས་རབ་དང་ཐབས་ཀྱི་མཚན་མ་གཉིས་ཀ་ལ་གང་ཞིག་སྙིང་པོའི་
གནས་དེ་ནི་ལྟེ་བ་གཉིས་སོ། །ཕྲད་པ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་དབང་བསྐུར་ཉམས་སུ་མྱོང་བའི་སྐབས་སུ་བླ་མའི་མན་ངག་ལས་གསང་བའི་རིན་པོ་ཆེ་འདུས་པའོ། །ཕྲ་མོར་ལྟ་བའི་སྐད་ཅིག་གིས་མཚན་ཉིད་ཅེས་བྱ་བ་ནི་ནང་གི་ལྟ་བ་གྲུབ་ཅེས་བྱ་བའི་དོན་ཏོ། །དཔལ་ཨིནྡྲ་བྷཱུ་
ཏིའི་གཞུང་གིས་ནི་གསང་བ་ཆེན་པོ་རིན་པོ་ཆེ་རྩེ་མོ་གཉིས་འདུས་པ་ལས། གང་ཞིག་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱི་འབྲས་བུ་ཉམས་སུ་མྱོང་བའི་བྱང་ཆུབ་ཀྱི་སེམས་ཐིགས་པའི་སྣང་བའི་ཐིགས་པ་དེ་ནི་དོགས་གཉིས་ཀྱི་དབུས་སུ་རེག་བྱའི་ལྟ་བས་གཟིགས་པ་ཉིད་དོ། །
เล่ม ๘ · หน้า 127b
མཚམས་ནི་སྤྲོས་པ་ལས་འདས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་སྔར་བསྟན་པའི་མཚམས་དེ་ནི་སྤྲོས་པ་དང་བཅས་པའི་མཚན་ཉིད་ཅན་གང་ཞིག་འོག་ཏུ་བཤད་པ་དེ་ནི་སྤྲོས་པ་དང་བྲལ་བའོ། །དེའི་ཕྱིར་རྣམ་པ་དང་བྲལ་བ་དང་མཆོག་དང་མཆོག་ལས་མཆོག་ཉིད་བཅོམ་ལྡན་
འདས་ཀྱིས་གསུངས་སོ། །ཕྲད་པ་གཉིས་ཀྱི་དབུས་གནས་ལ་སོགས་པ་ལ། པྲ་ཧ་སྟི་སྟ་བཛྲ་ཨུ་ད་ཡའི་གཞུང་གིས་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་ཤེས་རབ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་དངོས་པོ་དང་དངོས་པོ་མ་ཡིན་པའི་ཕྱོགས་གཉིས་སྤངས་ཏེ། རྣལ་འབྱོར་
པ་ལ་དངོས་གྲུབ་སྒྲུབ་པའི་ཕྱིར་ཡེ་ཤེས་ཀྱི་སྒྲོན་མ་ཙམ་གང་ངོ་། །བྱུག་དང་སྣུམ་པ་རྣམ་པར་གྲོལ། །ཞེས་བྱ་བ་ནི་བྱུག་ཅེས་བྱ་བ་ནི་འཁོར་བ་སྣུམ་པ། ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དེ་དག་གིས་བྲལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ནི་མཚམས་ལ་སོགས་ཞེས་བྱ་བའི་སྒྲ་ཇི་བཞིན་ནོ། །ཤར་ལ་
སོགས་ཞེས་བྱ་བ་ལ་སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་ལྷ་དང་མི་ཉིད་སྐྱེ་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་སེམས་ཅན་དམིགས་པའི་ཐུགས་རྗེ་མངོན་དུ་གྱུར་པར་མཛད་པས། བསྒྲུབ་པ་དང་སྒྲུབ་ཐབས་ཆེན་པོའི་ཐབས་ཀྱི་ངན་འགྲོའི་སེམས་ཅན་ཡེ་
ཤེས་ཀྱི་ལྕགས་ཀྱུས་ཞལ་དུ་ཞུགས་ཏེ་བདེ་བ་ཆེན་པོའི་གནས་སུ་ཟླ་བ་ཞུ་བའི་བདུད་རྩིའི་གཟུགས་ཀྱིས་བཞག་སྟེ། དེའི་སྐབས་སུ། གང་ཞིག་དགའ་བ་ཆེན་པོ་དེ་ནི་ཤར་བའི་དང་པོ། །གང་ཞིག་གཞན་མ་ཡིན་པའི་སྤྲོ་བ་དེའི་རྫོགས་པ་དེ་ནི་དགའ་བྲལ་ལོ། །མདུད་པའི་རྩེ་མོ་
མཆོག་གི་གནས། །ཞེས་བྱ་བ་ལ། སྤྲོ་བའི་དུས་ནི་བབ་པའི་མཆོག་གི་དགའ་བ་ལ་རྡོ་རྗེ་རིན་ཆེན་འཁོར་ལོར་བཞུགས་པའི་གནས་ནི་བཞི་པའོ། །གནས་ཀྱི་སྒྲ་ནི་ཤར་བར་བཤད་དོ། །ཙ་ན་ཀ་ཡི་ཟུར་གཟུགས་ཅན། །ཞེས་བྱ་བ་ནི་ཡེ་ཤེས་ཞབས་ཀྱི་མན་ངག་གི་གཞུང་གིས། བསྐྱེད་པའི་
རིམ་པའི་ཕྱོགས་སུ་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །སློབ་དཔོན་གཞན་མའི་གཞུང་གིས་དེ་ནི་རྫོགས་པར་གླེང་། དེ་རང་ཁོ་ན་ཤེས་པར་བྱ། །ཞེས་པ་ལ་སློབ་དཔོན་ཌོམྦི་པའི་གཞུང་གིས་ནི། གང་གི་དགའ་བའི་ཐིག་ལེ་དེ་རང་ཆད་པའི་དགའ་བའི་ཐིག་ལེ་ཁ་འམ་སྒོའོ། །ཡང་ན་
เล่ม ๘ · หน้า 128a
ལམ་ཞེས་བྱ་བའི་དོན་ཏོ། །ཁ་ནི་གཉིས་པ་ཡིན་ཞེས་བྱ་བ་ལ་ཆད་པའི་དགའ་བ་ལ་ཡང་ཁ་ཆད་པའི་སྤྲོ་བའི་ལམ་ཞེས་བྱ་བའི་དོན་ཏོ། །འཕགས་པ་ཀླུ་སྒྲུབ་སྙིང་པོའི་གཞུང་གིས་སྒོ་གཉིས་པ་རྟག་པ་དང་ཆད་པ་ངེས་པར་གསུངས་སོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་
གང་ཞིག་ཙ་ན་ཀའི་རུས་པའི་རྣམ་པ་ཅན་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་ནི་དཀྱིལ་འཁོར་འཁོར་ལོའི་མདུད་པའི་གནས་སོ། །ཁ་ཞེས་བྱ་བ་ནི་ནང་གི་ལྷ་མོའི་སྒོ། གཉིས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྒོ། དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས། རྫོགས་པའི་རིམ་པ་ནི་གང་ཞིག་ཙ་ན་ཀའི་
རུས་པའི་གཟུགས་ཅན་བྱང་ཆུབ་ཀྱི་སེམས་དེ་ནི་མཆོག་གི་དགའ་བ་འབྱུང་བ། དེ་རང་ཁ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་སྒོ། གཉིས་པ་ཞེས་བྱ་བ་ནི་གསང་བ་པདྨ་ལྟེ་བའི་སྒོ། པྲ་ཧ་སྟི་སྟ་བཛྲ་ཨུ་ད་ཡའི་གཞུང་གིས་ཤར་བ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་བྱང་ཆུབ་ཀྱི་
སེམས་ཀུན་སྣང་། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ཤར་བ་ནི་མཆོག་གི་དགའ་བ། ཨོཾ་ངྷའི་སྒྲས་ནི་མཚན་མོའི་འདུ་ཤེས་ཀྱི་ངོ་བོ་ཅན་ཆད་པའི་དགའ་བ། བདག་པོའི་སྒྲས་ནི་ཟླ་བའི་འདུ་ཤེས་ཀྱི་ངོ་བོ་ཅན། མཚན་མོ་གྱེན་དུ་འགྲོ་བ་ནི་རང་བཞིན་དགའ་བ། མཚན་མོ་ཐིག་ལེ་མཉམ་
པར་གྲགས། །ཞེས་བྱ་བ་ནི་དགའ་བ་བཞིའི་རང་བཞིན་ཅན་བྱང་ཆུབ་ཀྱི་སེམས་ཟླ་བའི་རྒྱལ་པོའོ། །ཐིག་ལེ་བཞི་རུ་དབྱེ་ཞེས་བྱ་བ་ནི་རིམ་པའི་ཕྱོགས་སུ་ཕྱི་སྣང་བ་དང་། དབང་དང་། ལོངས་སྤྱོད་དང་། ཡེ་ཤེས་ཀྱི་བྱེ་བྲག་ཅེས་བྱ་བའི་དོན་ཏོ། །ཐོག་མ་ཐ་མ་དབུས་ཞེས་བྱ་
བ་ལ་ཐོག་མའི་སྐབས་སུ་ལོངས་སྤྱོད། དབུས་ཀྱི་སྐབས་སུ་དབང་། ཐ་མའི་སྐབས་སུ་མི་སྣང་བ་དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །རྫོགས་པའི་རིམ་པའི་ཕྱོགས་སུ་ཐོག་མ་མི་སྣང་བ། དབུས་སུ་ལོངས་སྤྱོད། ཐ་མ་དབང་། བཞི་པ་ཉེ་བར་རྙེད་མིན་ཞེས་བྱ་བ་ནི་གང་ཞིག་
ཡེ་ཤེས་དེ་ནི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་བྲལ་བ། །གང་ཕྱིར་རང་རིག་བདག་ཉིད་དོ། །དེ་ཕྱིར་བརྗོད་པར་ནུས་མ་ཡིན། །ཞེས་བཅོམ་ལྡན་འདས་ཉིད་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ནི་དེ་ལྟར་བཤད་ཅེས་བྱ་བ་ལ་སོགས་པའི་སྒྲ་ནི་ཇི་བཞིན་ནོ། །
เล่ม ๘ · หน้า 128b
ནུབ་པའི་དོན་ནི་རྡོ་རྗེ་སློབ་དཔོན་གྱི་བཤད་པ། གང་ཚེ་གང་གི་དུས་སུ་དགའ་བ་གསུམ་གྱི་བདག་ཉིད་པའི་སེམས་ཤར་བའི་སྣང་བ་མཆེད་པའི་བདག་ཉིད་ཀྱི་བླང་བར་ཐིམ་པ་དེའི་ཚེ། ནུབ་པར་ཤེས་པར་བྱ་ཞེས་བྱ་བའི་དོན་ཏེ། དེ་ཡང་འོད་ཟེར་དལ་བས་ཞེས་དགོངས་སོ། །
སློབ་དཔོན་ཌོམྦི་པའི་གཞུང་གིས་ནུས་པ་ནི་ཆད་པ། སློབ་དཔོན་ཤ་བ་རིའི་གཞུང་གིས། འགྲོ་མེད་པ་ལ་འགྲོ་བར་འགྱུར། །ཞེས་བྱ་བ་དང་། ཞུ་བ་མེད་པའི་ངོ་བོ་ཅན་བྱང་ཆུབ་ཀྱི་སེམས་ལ་ཞུ་བ་ཉིད་དོ། །གང་གི་ཚེ་ཐོག་མ་ནས་ཐ་མར་འགྲོ་བ་འདི་ལྟ་སྟེ། གང་གི་ཚེའི་དུས་སུ་མཆོག་
གི་དགའ་བར་གནས་ནས། ཆད་པའི་དགའ་བའི་གནས་སུ་དེའི་ཚེ་ནུབ་བོ། །བཱི་ར་བུ་ཏིའི་གཞུང་གིས་ནི་ཐོག་མའི་དགའ་བ་ལས་དགའ་བྲལ་གྱི་གནས་སུ་ནུབ་པར་མཛོད། ཐ་མར་ནུབ་པར་རབ་ཏུ་བསྟན། །ཞེས་བྱ་བ་ལ་སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་ཐ་མ་ནི་ཆད་པའི་དགའ་བ། ནུབ་པ་
ནི་ཆད་པ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་ཆད་པའི་དགའ་བ་ནི་དགའ་བ་ཀུན་ལ་དགའ་མེད་སྐྱེ་བར་བྱེད་པའི་བཏང་སྙོམས་བྱེད་ཅེས་བྱ་བའི་དོན་ཏོ། །བརྟན་པའི་གནས་ལས་མི་བརྟན་པའི་གནས་ཞེས་བྱ་བ་ནི་འདི་སྐད་ནུབ་པའི་ངེས་པའི་དོན་ཉིད་ངེས་པའི་མཆོག་གི་
དབང་ཕྱུག་གིས་རབ་ཏུ་གསལ་ལ་བརྟན་པ་ལ་སོགས་པའི་བདེ་བ་ནི་མི་བརྟན་པའི་བདེ་བ་ལས་སོ་ཞེས་སྒྲ་བཞིན་ནོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་ལྔ་པའི་བཤད་པའོ།། །།ད་ནི་དྲུག་པ་ལ་ཟབ་པའི་ཚིགས་སུ་བཤད་པ་བྲི། དུས་ནི་གནས་དབྱེ་ཞེས་སུ་བསྟན། །
ཞེས་པ་ལ་སོགས་པ་ལ་སློབ་དཔོན་ནག་པོའི་གཞུང་གིས་ནི་རྩ་བའི་ཀུན་སྤྱོད་ལ་འཇུག་པ་དང་འདྲ་བའོ། །སློབ་དཔོན་ས་ར་ཧའི་གཞུང་གིས་ནི་དུས་ཞེས་བྱ་བ་བརྗོད་དུ་མེད་པའི་སྒྲུབ་ཐབས་ཀྱི་བརྩོན་པ། གནས་སྐབས་ཞེས་བྱ་བ་ནི་དུས་གཅིག་ཏུ་བྱང་ཆུབ་ཀྱི་སེམས་འབྱུང་བ། དུས་
ནི་གཉིས་སུ་དབྱེ་བ་ཞེས་བྱ་བའི་གཞུང་གིས་བྲམ་ཟེ་མོ་བཛྲ་བ་ཏིའི་གཞུང་གིས་བསྐྱེད་པ་དང་རྫོགས་པའི་སྦྱོར་བའོ། །བསམ་དུ་མེད་པའི་དུས་ཞེས་བྱ་བ་ལ། ལྷ་ལྕམ་ལཀྵྨཱིའི་གཞུང་གིས། རྩེ་རོ་མ་ལས་བྱུང་བའི་རང་བཞིན་གྱི་རླུང་གི་ངོ་བོ་ཙམ་དགའ་བ་ཆེན་པོ་རྒྱལ་མོ་དཔལ་
เล่ม ๘ · หน้า 129a
མོ་བཟང་མོའི་གཞུང་གིས་སྲོག་གི་རྩ་ལས་བྱུང་བའི་སྲོག་གི་རླུང་ལས་རང་བཞིན་ཆད་པའི་དགའ་བ། བཟང་པོའི་དུས་ནི་གནས་སྐབས་བརྗོད། །ཅེས་བྱ་བ་ལ། ལྷ་ལྕམ་ལཀྵྨཱིའི་གཞུང་གིས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་བྱུང་བའི་ཉེ་བའི་སྲོག་གི་རང་བཞིན་
རེག་བྱའི་དགའ་བ། བཟང་པོའི་དུས་ལྟ་ངན་དུས་ཞེས་བྱ་བ་ལ། རྒྱལ་པོ་དཔལ་མོ་བཟང་མོའི་གཞུང་གིས་མཆོག་དང་ཆད་པ་ཞེས་བཤད། ལྷ་ལྕམ་ལཀྵྨཱིའི་གཞུང་གིས་ནི་ཤིན་ཏུ་དགའ་བའི་ཕྱིར་ངན་དུས། ཤིན་ཏུ་བླ་མའི་ཕྱིར་བཟང་དུས་སོ། །སྣ་ཡི་འཕར་མ་གཉིས་བུ་ག་ལས། །
ཞེས་བྱ་བ་ནི་རྒྱལ་པོ་བཛྲ་ཀརྐ་ཏི་རིའི་གཞུང་གིས་བདེ་བ་ཆེན་པོ་ཚོར་བའི་གནས་སུ་ཤུ་ཀྲ་དང་རཀྟ་འབབ་པའི་གང་ཞིག་སྒོའི་ལམ་དེ་ནི་སྣའི་འཕར་མ་ཞེས་བྱ་བའི་དོན་ཏོ། །དེའི་ལམ་གྱིས་གང་ཞིག་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དེ་ནི་དུས་ཞེས་དཔལ་ཨིནྡྲ་
བྷཱུ་ཏི་ཉིད་ལ་སྐྱེ་བ་དང་པོ་སྔོན་དུ་དངོས་གྲུབ་ཐོབ་པ་རྣལ་འབྱོར་མ་ལག་སྨིའི་གཞུང་ངོ་། །དེ་ཡང་ལྷ་ལྕམ་ལཀྵྨཱིའི་ཐབས་དང་མ་རེག་ཀྱང་ད་ལྟ་གསུངས་པའི་སློབ་དཔོན་ཤཱཀྱ་མི་ཏྲས་མཛད་པའི་བསྟན་བཅོས་ཀྱིས་བསྟན་པས་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་གསུངས་སོ། །དེ་ནི་རེ་
ཞིག་རྣལ་འབྱོར་མ་དངོས་གྲུབ་ཐོབ་པའི་གཞུང་ངོ་། །ད་ནི་རྣལ་འབྱོར་མ་དབང་ཕྱུག་པས་བསྟན་བཅོས་པའི་དོན་དཔྱད་དེ། འཇིགས་པ་དེ་ནི་དུས་ངན་བསྟན། །ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་གྱི་སྐབས་སུ། སྣའི་འཕར་མ་གཉིས་ཀྱིས་གང་ཞིག་སྲོག་དང་ཉེ་བའི་སྲོག་གཉིས་ལ་འོང་བ་དང་
འགྲོ་བ་དེ་ནི་ཇི་ལྟ་བཞིན་ནོ། །ནང་གི་བདག་ཉིད་ཀྱིས་འཇུག་པ་དེ་ནི། ཤིན་ཏུ་དུས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་མན་ཆད་ནས། བདེ་བ་ཆེན་པོ་ཚོར་བའི་གནས་ཡན་ཆད། སྲོག་གི་རླུང་ལ་ཞོན་ནས་བྱང་ཆུབ་ཀྱི་སེམས་འོང་བའོ། །འགྲོ་བ་ངན་དུས་བརྗོད་ཅེས་བྱ་བ་ནི་དེ་ལས་གནས་
གཞན་སླེབ་པ་ཞེས་ཛྙཱ་ན་མཱུ་རྟིའི་གཞུང་ངོ་། །ངན་དུས་དགའ་བྲལ་ཤེས་པར་བྱ། །བཟང་དུས་རབ་མཆོག་ལྡན་པ་ཞེས་བྱ་བ་ལ། བསྟན་པའི་དོན་ལ་རབ་ཏུ་གསལ་བ་ཉིད་མཆོག་གི་དབང་ཕྱུག་གསུངས་སོ། །གཉིས་ཀྱི་བྲལ་བའི་དེ་ཁོ་ཉིད། །ཅེས་བྱ་བ་ནི་འགྲོ་བ་དང་འོང་བ་དང་འབྱུང་བ་
เล่ม ๘ · หน้า 129b
དང་དེ་ཟད་པ་དང་བྲལ་བའི་རང་བཞིན་དགའ་བ། པདྨ་ཤ་ཁའི་གཞུང་ངོ་། །དེའི་ཕྱིར་ནི། དེ་ལྟར་དུས་ནི་སྔོན་མེད་ཉིད། །ཅེས་དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བལྟ་བར་དགའ་བ་ལ་སོགས་ཞེས་བྱ་བ་ལ། རང་བཞིན་རླུང་གི་ངོ་བོ་ཕྱིར། །རྣམ་པ་ལ་སོགས་མཚན་ཉིད་ཀྱིས། །
ཐར་པ་དཀའ་བའི་མཚན་ཉིད་ཀྱིས་བྲལ་བ། །ཞེས་བྱ་བ་ནི་བསྒོམ་པ་ལ་སོགས་ཀྱིས་མི་རྙེད་མཚན་ངན་ཐམས་ཅད་དང་བྲལ་བ་ནི་ཆད་པའི་སྐད་ཅིག་རང་གི་ཡན་ལག་གིས། རྣམ་པར་བྲལ་ཞེས་སློབ་དཔོན་བི་ལ་ས་བཛྲའི་གཞུང་ངོ་། །དེ་ལྟར་དུས་ལ་སོགས་ཞེས་བྱ་བ་ནི་སྒྲ་ཇི་བཞིན་གྱིས་
བཀའ་སྩལ་ཏོ། །དེ་དུས་ཡིད་ནི་གཞན་མར་མིན། །རྣལ་འབྱོར་ནི་བྱེད་ན་ཞེས་བྱ་བ་ལ། དཔལ་མ་ཧཱ་སུ་ཁ་བཛྲའི་གཞུང་གིས། མཆོག་དང་ཆད་པ་འབྱུང་བའི་དུས་སུ་རྣལ་འབྱོར་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གནས་ནས། གང་
ཚེ་གཡོ་བར་བྱེད་པ་ན། །དེའི་ཚེ་ངེས་པར་བསྐྱོད་མི་ཟད། །རྡོ་རྗེ་འཛིན་དང་འདྲ་བར་འབྱུང་། །ཞེས་དངོས་པོའོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི། མཆོག་དང་ཆད་པ་ལས་འབྱུང་བ་དང་། འཇིག་པ་དང་གནས་དང་། འཇུག་པ་དང་། འགྲོ་བ་དང་། འོང་བ་ལ་སོགས་པའི་
རྣམ་པར་རྟོག་པ་དང་བྲལ་བ་གང་གི་ཚེ་རྣལ་འབྱོར་པས་སེམས་ཚོར་བ་དེའི་ཚེ་ཉིད་རྡོ་རྗེ་འཛིན་པས་ཞེས་དགོངས་སོ། །ཨཱ་ལི་ཀཱ་ལི་འབྱུང་ལ་སོགས། །ཞེས་བྱ་བ་ལ་པྲ་ཧ་སྟི་སྟ་བཛྲོ་ད་ཡའི་གཞུང་གིས་ནི་འདི་ལྟར་གསུངས་སོ། །ཨཱ་ལི་སྒྲ་ནི་ཤེས་རབ། ཀཱ་ལི་སྒྲ་ནི་ཐབས་ཀྱི་
འབྱུང་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་གང་ལས་ཞེས་བྱ་བ་ནི་སྲུབ་པ་དང་། བསྲུབ་ཐབས་ཆེན་པོའི་སྦྱོར་བས་སོ། །གཞན་ནི་སྒྲ་ཇི་བཞིན་ནོ། །དེ་ནི་རེ་ཞིག་གསང་བ་ཆེན་པོའི་དོན་གྱིས་རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པའི་ཕྱོགས་སུ་ནི། །འོད་རབ་གནས་ནས་སྐྱེ་བ་
ཡི། །སྣང་བ་ཆེན་པོའི་རང་བཞིན་ཅན། །ཞེས་བྱ་བ་ནི། ཀཱ་ལི་ཡེ་ཤེས་ཉི་མ། དཔེ་བྱད་སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི། ཀའི་ཡིག་འབྲུ་ནས་ཧའི་ཡིག་འབྲུ་མན་ཆད་དོ། །སྣང་བ་ཆེན་པོའི་ཉི་མ་ལས་སྣང་བ་བྲལ་བ། ཨཱ་ལི་ཡེ་ཤེས་ཀྱི་ཟླ་བའི་སྐུའོ། །དབྱངས་ཡིག་བཅུ་དྲུག་ལྡན་
เล่ม ๘ · หน้า 130a
པ་ཞེས་བྱ་བ་ནས་ཨ་ནས་ཨའི་ཡིག་འབྲུ་ཡན་ཆད་དོ། །སློབ་དཔོན་ཌོམྦི་པའི་གཞུང་གིས་ནི་རཀྟ་ཀཱ་ལི་ཡེ་ཤེས། ཤུ་ཀྲ་ཨཱ་ལི་ཡེ་ཤེས། སློབ་དཔོན་ཀུ་ཀུ་རིའི་གཞུང་གི་ཁྱད་པར་གྱིས། ཀཱ་ལི་ཡེ་ཤེས་ཀྱི་ངོ་བོ་ཉིད་དཔལ་རྡོ་རྗེ་སེམས་དཔའ་རྗེ་བཙུན་གྱི་སྤྲུལ་པའི་
སྐུའོ། །ཨཱ་ལི་ཡེ་ཤེས་ཀྱི་ངོ་བོས་བཅོམ་ལྡན་འདས་བདག་མེད་མའི་སྐུའོ། །དེ་དག་ཉིད་མཉམ་པར་སྦྱོར་བ་ལ་སོགས་ཞེས་བྱ་བ་ལ་འཇིག་རྟེན་ལས་འདས་པའི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་སྲུབ་པ་དང་བསྲུབ་ཐབས་ལས། ཀུན་རྫོབ་དང་དོན་དམ་པ་གཉིས་སུ་
མེད་པའི་རང་བཞིན་བྱང་ཆུབ་གྱི་སེམས་དལ་བའི་རོ་ཆེན་པོ་འདུ་ཤེས་ཅན་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱི་གཞུང་གིས་ནི་དལ་བ་སྟོང་པ་ཉིད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས། རོ་ཆེན་པོ་ཞེས་བྱ་བ་ནི་ཐུགས་རྗེའི་རང་བཞིན། སློབ་དཔོན་ཨུ་རྒྱན་གྱི་གཞུང་གིས་
དལ་བ་ཞེས་བྱ་བ་ནི་ཆད་པའི་དགའ་བ་གཉིས་སུ་མེད་པའི་རང་བཞིན་བྱང་ཆུབ་སེམས་དཔའི་རོ་ཆེན་པོ་འདུ་ཤེས་ཅན་སྐྱེ་བ་ཞེས་པའི་དོན་ཏོ། །སློབ་དཔོན་གྱི་གཞུང་གིས་དལ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས། རོ་ཆེན་པོ་ཞེས་བྱ་བ་ནི་ཐུགས་རྗེའི་རང་བཞིན། སློབ་
དཔོན་ཨུ་རྒྱན་གྱི་གཞུང་གིས་དལ་བ་ཞེས་བྱ་བ་ནི་ཆད་པའི་དགའ་བ་གཉིས་སུ་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས། རོ་ཆེན་པོ་ཞེས་བྱ་བ་ནི་མཆོག་གི་དགའ་བའི་རང་བཞིན། སློབ་དཔོན་ཁ་ཆེའི་གཞུང་ནི། དལ་བ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ངོ་བོ་ཅན། རོ་ཆེན་པོ་ཞེས་བྱ་བ་ནི་
དོན་དམ་པའི་རང་བཞིན། སློབ་དཔོན་བྷཾ་ག་ལའི་གཞུང་གིས་ནི། དལ་བ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་ངོ་བོ། རོ་ཆེན་པོ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་དལ་བ་ནི་མཐར་ཐུག་པ། རོ་ཆེན་པོ་ཞེས་བྱ་བ་ནི་མཐར་ཐུག་པ་དང་བྲལ་བའོ། །སློབ་
དཔོན་བྷི་ར་པུ་ཏྲའི་གཞུང་གིས་ནི། དལ་བ་ནི་མིང་སྣང་བའི་ངོ་བོ། རོ་ཆེན་པོ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་ངོ་བོ། དེའི་ཕྱིར་མཆོག་གི་བདུད་རྩི་རོའི་དངོས་རིག་མའི་སྣ་རྩེ་དག་ལས་བྱུང་ཞེས་ལྷ་ལྕམ་ལཀྵྨཱིའི་གཞུང་གིས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་རྩའི་སྙིང་གའི་གནས་ནས་
เล่ม ๘ · หน้า 130b
བྱུང་། འཁོར་ལོ་དྲུག་པར་རབ་གསལ་བྱེད། །ཅེས་བྱ་བ་ནི་དེ་མ་ཐག་ཏུ་སྨྲས་པའི་རོ་ཆེན་པོ་སྐུ་རྟེན་སྲོག་གི་དབྱུག་པའི་ཆུ་སྐྱེས་ཁོང་དུ་ཆུད་པར་བྱེད་པ་ཞེས་སློབ་དཔོན་ཨཱརྱ་དེ་བའི་གཞུང་ངོ་། །དེ་ལ་རེག་བྱ་རྙེད་བྱེད་མ། །རོ་ཆེན་བརྒྱད་ནི་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་ལ་ཞལ་ཞེས་
བྱ་བ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཁ། རེག་པའི་བདེ་བའི་ལས་སོ། །རོ་ཆེན་པོ་བརྒྱད་ཅེས་བྱ་བ་ནི་ཡེ་ཤེས། ཆེ་བའི་འབྲས་བུ་ཐོབ་པའི་དུས་སུ་འདར་བ་ལ་སོགས་པའི་རྟགས་སོ། །རེག་བྱའི་རོ་ཞེས་བྱ་བ་ནི་དགའ་བ་ལ་སོགས་གསལ་བའི་བྱེད་པ། རོ་འབྱུང་བ་ལ་
སོགས་པ་ལ། རོ་འབྱུང་བ་ཞེས་བྱ་བ་ནི་རྟགས་ཁོང་དུ་ཆུད་པའོ། །དེའི་དབང་དུ་བྱས་པ་ནི་དགའ་བ་རྣམས་འབྱུང་ངོ་། །སློབ་དཔོན་བི་ལ་ས་བཛྲའི་གཞུང་གིས་ནི། འབྱུང་བ་ཞེས་བྱ་བ་ནི་གསལ་བའོ། །ཡང་དག་བཟང་བ་སྐྱེས་ཞེས་བྱ་བ་ནི་ཐ་མལ་བ་མ་ཡིན་པའི་རང་བཞིན་ནོ། །སློབ་
དཔོན་བི་མ་ལ་མུ་དྲའི་གཞུང་གིས། ཕྱི་རོལ་གྱི་དཔེ་ལ་སོགས་པ་དང་བྲལ་བའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། དགའ་བ་དང་། ཀུན་དུ་དགའ་བ་དང་། དགའ་བྲལ་དང་། རང་བཞིན་གྱིས་དགའ་བའོ། །དགའ་བ་ཞེས་བྱ་སྣང་བ་ཡིན། །ཞེས་བྱ་བ་ལ། པྲ་ཧ་སྟི་སྟ་བཛྲོ་ད་ཡའི་གཞུང་གིས་
རྡོ་རྗེ་འཛིན་པ་ཆེན་པོའི་སྲུབ་པ་དང་བསྲུབ་ཐབས་ཀྱི་སྐབས་སུ་དངོས་པོའི་རང་བཞིན་དགའ་བ་འབྱུང་བའི་ཚེ། ཟླ་བ་དང་ཉི་མ་དང་སྐར་མ་ལ་རབ་ཏུ་གསལ་བའི་རང་བཞིན་སྣང་བར་གྱུར་ཏོ། །དེ་ལས་འཇིག་རྟེན་ལས་སྣང་བ་དེ་ནི་དགའ་བའི་དོན་ཏོ། །དེ་ནི་རབ་ཏུ་དགའ་བའི་དོན་བྲི་བར་བྱ་སྲུབ་པ་
དང་བསྲུབ་ཐབས་ཀྱི་ཆེན་པོའི་དུས་སུ་རྟེན་གྱི་ངོ་བོ་ཅན་དགའ་བ་ཆེན་པོ་འབྱུང་བའི་ཚེ། མཐོ་རིས་ལ་གནས་པའི་འཆི་མེད་ལ། ཉི་མའི་བྱེ་བྲག་གི་འོད་ཟེར་གསལ་བ་དེ་ལས་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ལ་སྣང་བ་མཆེད་པ་དེ་ནི་རབ་ཏུ་དགའ་བའི་དོན་ཏོ། །ད་ནི་དགའ་བྲལ་གྱི་དོན་
བྲི་བར་བྱ། ཆགས་པ་ཆེན་པོ་འབར་བའི་སྐབས་སུ། འོག་ན་གནས་པའི་ལྷ་མིན་ལ་མིའི་རང་བཞིན་ཕྱོགས་ཐམས་ཅད་དུ་གསལ་བ། དེ་ལས་འོག་བདུན་ཡན་ཆད་སྣང་བ་ཐོབ་པ། དེ་ནི་དགའ་བྲལ་གྱི་དོན་ཏོ། །ད་ནི་རང་བཞིན་དགའ་བའི་དོན་འདྲི། གང་ཞིག་རང་བཞིན་དགའ་བ་དེ་
เล่ม ๘ · หน้า 131a
ནི་འོད་རབ་ཀྱི་ངོ་བོ། དེ་ལ་སྣང་བ་དགའ་བ་ལ་སོགས་པ་འབྱུང་བ་གསལ་བ་དེ་ལ་བྱ་བའི་དོན་ཏོ། །སློབ་དཔོན་ཌོམྦི་པའི་གཞུང་གིས་ནི་དབང་བཞིའི་འབྲས་བུ་ཉམས་སུ་མྱོང་བའི་དུས་སུ། སྒོམ་པར་བྱེད་པ་ལ་གང་ཞིག་དགའ་བ་རྣམས་སྐྱེ་བ་དེ་ལ་སྣང་བ་ལ་སོགས་པ་ཡེ་ཤེས་
ཀྱི་རྟགས་སོ། །སློབ་དཔོན་ཀུ་ཀུ་རིའི་མན་ངག་གི་གཞུང་གིས་གཅིག་པུའི་ཤེས་རབ་ཡེ་ཤེས་ཀྱི་མན་ངག་གི་རིམ་པ་བསྒོམ་པས་དགའ་བ་བཞིའོ། །དགའ་བ་རེ་རེ་ལ་སྣང་བ་ལ་སོགས་པའི་ཡེ་ཤེས་སྐྱེའོ། །དེ་དུས་སྐད་ཅིག་སྐྱེ་བར་འགྱུར། །རྣམ་པ་སྣ་ཚོགས་སོགས་མཚན་ཉིད། །ཅེས་བྱ་
བ་ལ་འདི་ལྟར་བཤད་དེའི་སྒྲ་ནི་འོང་། རབ་ཏུ་ཞེས་བྱ་བ་ནི་རྒྱུ། དེའི་གསལ་བའི་དོན་ནི་འདི་ཡིན་ཏེ། དང་པོར་རེ་ཞིག་འོད་རབ་ཀྱི་རྒྱུ་རྩ་བ་ལས་རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་པ་དང་། རྣམ་པར་མཚན་ཉིད་དང་བྲལ་བ་ནི་དགའ་བ་རྣམས་ཀྱི་རྒྱུ་འབྱུང་
བའོ། །ཕྱི་ནས་འབྲས་བུ་ཅན་དགའ་བ་ཉིད་དོ། །སྣང་བ་ལ་སོགས་ཞེས་བྱ་བ་ནི་གང་ཞིག་བསྟན་པ་དེ་ནི་གཅིག་པུ་འོད་རབ། རྒྱུ་འབྲས་ཀྱི་བདག་ཉིད་ཀྱི་ཕྱིར། གཞན་མ་ཀུན་ལ་བཀག་པའོ། །སློབ་དཔོན་བཱི་ར་བུའི་མན་ངག་གི་གཞུང་གིས་ནི་འོད་རབ་ཀྱི་རྒྱུ་འབྲས་དང་བྲལ་བའོ། །ད་ནི་
དགའ་བ་རྣམས་ཀྱི་འབྱུང་བའི་དུས་བཤད་དེ། གང་ཚེ་མདུད་པའི་ནང་དུ་སེམས། །དེ་ཚེ་དགའ་བ་མྱོང་བར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་གོ་རིམས་ཀྱི་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས། རྡོ་རྗེ་རིན་པོ་ཆེ་འཁོར་ལོ་འདུད་པའི་གནས་སུ་བཤད་དོ། །སློབ་
དཔོན་བི་ལ་ས་བཛྲའི་གཞུང་གིས་ནི་ལྟེ་བའི་གནས་སོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་རྡོ་རྗེ་རྩ་བའི་གནས་སོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་བཅོམ་ལྡན་འདས་ཀྱི་བཀའ་ལུང་དང་འདྲའོ། །ཤེས་རབ་མའི་སྐབས་སུ་དེ་དང་འདྲ་བར་ཞེས་སློབ་དཔོན་ཛྙཱ་ན་ས་རིའི་
གཞུང་ངོ་། །སེམས་ཀྱི་སྒྲས་ནི་ནང་གི་བདག་ཉིད་བུམ་པའི་དབང་ལས་རེག་བྱ་ཉམས་སུ་མྱོང་བའི་དུས་སུ་ནང་གི་ས་བོན་འབྱུང་བའོ། །དེ་ཚེ་དེ་དུས་ཞེས་བྱ་བ་ལ། ཕྱི་ཡི་དངོས་པོ་ཀུན་ལ་བཅོས་མ་ཡིན། །ཞེས་གང་མགུ་བ་དེ་ནི་དགའ་བ་ལས་བྱུང་བ་ཞེས་པ་པདྨ་ཤྲཱི་ཀའི་མན་ངག་གི་
เล่ม ๘ · หน้า 131b
གཞུང་ངོ་། །མདུད་པ་ལས་ནི་ནས་གསུམ་ཙམ། །ཞེས་བྱ་བའི་དོན་ནི་འདི་ལྟ་སྟེ། གང་ཚེ་གསང་བའི་དབང་བསྐུར་བ་ཉམས་སུ་མྱོང་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིན་པོ་ཆེ་འཁོར་ལོའི་གནས་ནས་འབབ་པ་དེའི་ཚེ་ཕྱི་རོལ་སྒྱུ་འཕྲུལ་གྱི་རང་བཞིན་གང་ཞིག་ཁོང་དུ་ཆུད་པ་དེ་ནི་མཆོག་གི་
དགའ་བ། གསུམ་པའི་གནས་ནས་གསུམ་པར་འགྲོ། །ཞེས་བྱ་བ་འདི་ལྟར་བཤད་དེ། གསུམ་པའི་གནས་ཞེས་བྱ་བྱ་ནི་རིན་པོ་ཆེའི་འཁོར་ལོ་ལས་སོར་གཅིག་ཙམ། གསུམ་པར་ཞེས་བྱ་བ་ནི་སོར་གཅིག་ཙམ། སློབ་དཔོན་ཤ་བ་རིའི་གཞུང་གིས་ནི། རིན་པོ་ཆེའི་ཁའོ། །གང་
གི་ཚེ་དེ་རུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱི་དོན་ཉམས་སུ་མྱོང་བའི་བྱང་ཆུབ་ཀྱི་སེམས་བབས་པ་དེའི་ཚེ། རང་དང་གཞན་གྱི་བྱེ་བྲག་གི་དྲན་པ་མེད་པས་གང་ཞིག་ཅི་ཡང་མི་ཚོར་བ་ཉིད་དེ་ནི་ཆད་པའི་དགའ་བ། དགའ་བ་ལ་མི་སྣང་བ་འབྱུང་བ་མེད་པ་ཞེས་བྱ་བ་ནི་སློབ་དཔོན་
སནྟ་ཀུ་རིའི་གཞུང་ངོ་། །གསུམ་དང་བྲལ་བ་ཞེས་བྱ་བའི་དོན་ནི་འདི་ལྟར་བཤད་དེ། འབྲུ་ནས་སོར་གཉིས་ཙམ་སྤངས་ཏེ་རང་བཞིན་དགའ་བ་ལ་འབྱུང་བའི་གནས་སོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་གསུམ་པ་ཞེས་བྱ་བ་འོག་གི་ཆ་ལས། དེ་ཀུན་སྟེང་གི་ཆར་ཏེ། གང་ཞིག་དབུས་ཀྱི་
ཆ་ལས་ཕྲ་མོའི་སྐྲའི་རྩེ་མོ་ཙམ་དེ་ནི་རང་བཞིན་གྱིས་དགའ་བའི་གནས་སོ། །དེ་ནི་རེ་ཞིག་རྟེན་དང་བཅས་པའི་ཕྱོགས་སོ། །བརྟེན་པའི་ཕྱོགས་སུ་རང་རིག་པའི་མཚན་ཉིད་ཅན་རེག་བྱ་ཆེན་པོའི་སྣང་བ་ཆེན་པོ་ཉམས་སུ་མྱོང་བ་ཙམ་གྱིས་རང་བཞིན་དགའ་བ་ཤར་རོ། །ད་ནི་གསང་བ་ཆེན་
པོ་ལ་སོགས་ཞེས་བྱ་བ་སྒྲ་ཇི་བཞིན་གྱིས་གསུངས་སོ། །གཞན་ཡང་ཆོས་ཀྱི་དབྱིངས་གྲགས་པ་ལ་སོགས་ཞེས་བྱ་བ་ལ། འདུས་པ་ཆེན་པོའི་རྒྱུད་ཀྱི་གོ་རིམས་ཀྱིས་འདི་སྐད་བཤད་དེ། ཆོས་ནི་སྤྲོས་པ་མེད་པ། དབྱིངས་ནི་སྤྲོས་པ་ཡོད་པ། ཉོན་མོངས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་
རང་བཞིན། དེའི་ཕྱིར་ནམ་མཁའ་ཉིད་ཆོས་ཀྱི་དབྱིངས་ཉིད་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །ཁམས་ནི་ས་བོན་ཞེས་སུ་དྲན། །ཞེས་བྱ་བ་ཀུན་རྫོབ་ཀྱི་ངོ་བོ་བྱང་ཆུབ་སེམས་སོ། །ཆོས་ཐམས་ཅད་ནི་ནང་ཡོད་ཅེས་བྱ་བ་ལ་འགྲོ་བའི་འཇིག་རྟེན་བཞུགས་པ་ཞེས་བཤད་དོ། །
เล่ม ๘ · หน้า 132a
གཏན་ཚིགས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་སྐྱེ་བའི་རྒྱུའོ། །མཆོག་གི་གནས་ཞེས་བྱ་བ་ནི་ཐུགས་ཀྱི་རྡོ་རྗེའི་རང་བཞིན། །ཇི་ལྟར་མར་ཁུ་ལ་སོགས་བྱ། །ཞེས་བྱ་བ་སྒྲ་ཇི་བཞིན་གྱིས་གསུངས་ཏེ། །དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །རྫོགས་
པའི་རིམ་པའི་ཕྱོགས་སུ། ཆོས་ཀྱི་དབྱིངས་ནི་བྷ་གར་གྲགས། །བྷ་གའི་སྒྲ་ནི། སྲིད་པ་མཆོག་གི་དགའ་བ་འབྱུང་། །སྐྱེ་བྱེད་བྷ་ག་རིན་ཆེན་སྣོད། །ཅེས་བྱ་བ་ལ་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་རེག་བྱའི་རྩའི་བདག་ཉིད་པདྨའོ། །བཱི་ར་བྷུ་ཏིའི་མན་ངག་གི་གཞུང་གིས་རིན་པོ་ཆེ་
ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྣོད་ཅེས་བྱ་བ་ནི་རྩ་གསུམ་གྱི་བདག་ཉིད་ཀྱི་པདྨའོ། །སློབ་དཔོན་ཌོམྦི་པའི་གཞུང་གིས་ནི་རིན་པོ་ཆེ་ཞེས་བྱ་བ་ནི་རཀྟ། སྣོད་ཅེས་བྱ་བ་ནི་ག་བུར། སློབ་དཔོན་ཨ་ཝ་དྷཱུ་ཏཱིའི་གཞུང་གིས་ནི། བྷ་གའི་སྒྲས་ནི་བཅོམ་ལྡན་འདས། སྣོད་ཀྱི་སྒྲས་ནི་རང་འོད་ཤེས་རབ་མ། དེའི་ཕྱིར་
དབང་ཕྱུག་ལ་སོགས་པའི་ཡོན་ཏན་ལྔ་དང་ལྡན། དེ་ནི་བྷ་ག་རབ་ཏུ་གྲགས། །ཞེས་རྒྱུད་ལས་བསྟན་ཏོ། །ད་ནི་བསྐྱེད་རིམ་རྫོགས་རིམ་ལ་ངེས་པར་བསྟན་པའི་ཚིག་བྲི་བར་བྱ། ཆོས་ནི་བྷ་ག་ཞེས་སུ་བསྟན། །ཞེས་བྱ་བ་ལ་གང་ཞིག་ཆོས་ཀྱིས་གྲགས་པ་ཅན། བྷ་ག་དེ་ནི་སྤྲུལ་
པའི་འཁོར་ལོའོ། །གང་ཞིག་ཁམས་ཀྱིས་གྲགས་པ་ཅན། །སེམས་དེ་ནི་གསུང་གི་འཁོར་ལོའོ། །གང་གི་ཕྱིར་ཞེ་ན། གང་ལས་ཁམས་ཀུན་ལ་བྱེ་བྲག་སྐྱེས་ཞེས་སོ། །གང་ཞིག་གཅིག་ཏུ་གྱུར་པའི་གྲགས་པ་ཅན་ཐུགས་དེ་ནི་ཐུགས་ཀྱི་འཁོར་ལོའོ། །དེ་ཡང་ཐུགས་ཀྱི་འཁོར་
ལོ་ནི་ཁམས་གསུམ་མ་ལུས་པ་བསྐྱེད་པའི་རྒྱུའོ། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་ལ་སྒྲ་ཇི་བཞིན་གྱིས་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་དྲུག་པའི་བཤད་པའོ།། །།ད་ནི་བདུན་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། གཞན་
ཡང་ཞེས་བྱ་བ་ལ་སོགས་ཞེས་བྱ་བ་ལ་སྒྲ་ཇི་བཞིན་ནོ། །མི་ཤིགས་ཞེས་བྱ་བ་ནི་སློབ་དཔོན་བཛྲ་བྷཱུ་ཏིའི་གཞུང་གིས་ཆ་མེད་པ། སློབ་དཔོན་ཤ་བ་རིའི་གཞུང་གིས་སྐྱེ་བ་དང་བྲལ་བ། ཡེ་ཤེས་ལྔའི་བདག་ཉིད་ཅེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ། །ནམ་མཁའི་
เล่ม ๘ · หน้า 132b
ནང་དུ་ཐིམ་ཞེས་བྱ་བ་ནི་ཕུང་པོ་ལྔའི་ནང་དུའོ། །ནམ་མཁའི་བདག་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ། དེ་ནི་རེ་ཞིག་དོན་དམ་པའི་ཕྱོགས་སུ་ནི་པདྨའི་སྙིང་པོའི་དབུས་ན་གནས། ཐིག་ལེ་གཅིག་པུ་ཡི་གེ་མེད། །ཅེས་བྱ་བ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་
པའི་བྱང་ཆུབ་ཀྱི་སེམས་མཆོག་གི་དགའ་བའོ། །རྩ་གསུམ་གྱི་བདག་ཉིད་པདྨའི་ལྟེ་བའི་དབུས་སུ་རྟག་ཏུ་ཤར་ཞེས་ལྷ་ལྕམ་ལཀྵྨཱིའི་གཞུང་ངོ་། །གྲངས་མེད་པ་སྐྱེ་བར་མཛད་པའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་ངོ་བོ། །ནམ་མཁའི་རང་བཞིན་གྱིས་སྤྱིར་རྣམ་པ་ཐམས་ཅད་དང་
བྲལ་བ་རྡོ་རྗེ་འཛིན་པའི་ཕྱིར་རྡོ་རྗེའོ། །ད་ནི་བདག་གིས་སྒྲ་བཤད་དེ། བདག་གིས་སྒྲ་ལ་སོགས་པ་འདི་ལྟར་གསུངས་ཏེ། ཨའི་ཡིག་འབྲུ་ནི་གསང་བའི་རྡོ་རྗེ། ཧཾ་གི་ཡིག་འབྲུ་ནི་གསང་བའི་ཤེས་རབ། དཔལ་པདྨ་ཤཱི་ཁ་རིའི་གཞུང་གིས་ནི། ཨ་ཡི་ཡིག་འབྲུ་བྱང་ཆུབ་ཀྱི་སེམས་
ཧཾ་གི་ཡིག་འབྲུ་དགའ་བ། ཨིནྡྲ་བྷཱུ་ཏིའི་གཞུང་གིས་ཨའི་ཡིག་འབྲུ་སྲིད་པ། ཧཾ་གི་ཡིག་འབྲུ་མྱ་ངན་ལས་འདས་པ། སློབ་དཔོན་ཀུ་ཀུ་རིའི་གཞུང་གིས་ཨའི་ཡིག་འབྲུ་སེམས། ཧཾ་གི་ཡིག་འབྲུ་སེམས་ལས་བྱུང་བ། འཕགས་པ་ཀླུ་སྒྲུབ་སྙིང་པོའི་གཞུང་གིས་ཨའི་ཡིག་འབྲུ་ཀུན་
གྱི་གཞི་རྣམ་པར་ཤེས་པ། ཧཾ་གི་ཡིག་འབྲུ་ཡིད་ཀྱི་རྣམ་པར་ཤེས་པ། དཔལ་དངོས་གྲུབ་ཀྱི་གཞུང་གིས་ཨའི་ཡིག་འབྲུ་དེ་བཞིན་གཤེགས་པས་དབུགས་དབྱུང་བ། སློབ་དཔོན་ནག་པོའི་གཞུང་གིས་ཨའི་ཡིག་འབྲུ་སྤྲོ་བ། ཧཾ་གི་ཡིག་འབྲུ་ལེན་པ། སློབ་དཔོན་བྷི་ར་པ་ཏྲའི་གཞུང་གིས་
ཨའི་ཡིག་འབྲུ་སྲོག །ཧཾ་གི་ཡིག་འབྲུ་ཉེ་བའི་སྲོག །དེ་ལྟ་བུའི་སློབ་དཔོན་གཞན་མའི་གཞུང་ནི་མང་པོ་ཡོད་དོ། །ད་ནི་ཡི་གེ་གཉིས་ལས་སློབ་དཔོན་ཌོམྦི་པའི་གཞུང་གིས་ནི་གནས་ཀྱི་ཕུན་སུམ་ཚོགས་པ་བྲི་བར་བྱ། ཨའི་ཡིག་འབྲུ་རིའི་རྩེ་མོ་ལ་སོགས་ཞེས་བྱ་བ་ལ། རི་རྩེ་ནི་རྡོ་རྗེ་
ཉི་མ་འབྱུང་བའི་གནས་སུ་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ། །རྩེ་མོ་ནི་གསང་བའི་རྡོ་རྗེ་སྙིང་པོའི་གནས་སུ། སློབ་དཔོན་ཤཱཀྱ་མི་ཏྲའི་གཞུང་གིས་རྡོ་རྗེ་རིན་པོ་ཆེའི་གཙུག་ཏོར་རོ། །ཧཾ་གི་ཡིག་འབྲུ་སྤྱི་བོ་མཚམས་ཀྱི་མཐར་ཞེས་བྱ་བ་ལ། དོན་འདི་ཡིན་ཏེ། སྤྱི་བོ་ཞེས་བྱ་བ་ནི་བདེ་བ་
เล่ม ๘ · หน้า 133a
ཆེན་པོ་ཚོར་བའི་གནས་པདྨའི་འཁོར་ལོའི་མཚམས་ཀྱི་གནས་ཞེས་བྱ་བ་ནི་གསང་བའི་སྣའི་མཐའ། སླད་མ་ནི་སྒྲ་ཇི་བཞིན་གྱིས་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བདུན་པའི་བཤད་པའོ།། །།ད་ནི་བརྒྱད་པ་ལ་ཟབ་པའི་
ཚིགས་སུ་བཅད་པ་རྣམས་བྲི། གསང་བ་ཆེན་པོའི་དོན་ནི་རབ་བཤད་བྱ། །ཞེས་བྱ་བ་ལ། དཔལ་པྲ་ཧ་སྟི་སྟའི་གཞུང་གིས་ནི་གསང་བ་ཆེན་པོ་ནི་དངོས་པོ་ལ་སོགས་པ་དང་བྲལ་བ། གསང་བ་ཆེན་པོ་དགའ་བ་ཆེ། །ཞེས་བྱ་བ་ལ། གསང་བ་ཆེན་པོ་ནི་མན་ངག་ཉམས་སུ་
མྱོང་བ་དུས་སུ། གང་ཞིག་གློ་བུར་བའི་ནང་གི་བདག་ཉིད་ཀྱི་སྣང་བ་ཆེན་པོ་དེ་ནི་གསང་ཆེན་དགའ་བའོ། །དེའི་དུས་སུ་གང་ཞིག་འཇིག་རྟེན་ལས་འདས་པའི་བདེ་བ་ཆེན་པོའི་བདག་ཉིད་རེག་བྱ་ཉམས་སུ་མྱོང་བ་དེ་ནི་མཆོག་གི་དགའ་མཆོག །དེའི་ཕྱི་ནས་གང་ཞིག་དཔེ་མེད་རེག་
བྱའི་རོ་ཉམས་སུ་མྱོང་བ་དེ་ནི་གསང་ཆེན་བདག་ཉིད་དགའ་བྲལ། དེའི་སྐབས་སུ་གང་ཞིག་ངོ་བོ་མེད་པའི་ངོ་བོ་ཅན་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་དེ་གསལ་བ་ནི་ཐམས་ཅད་བདག་ཉིད་རང་བཞིན་དགའ་བའོ། །རང་བཞིན་ཐུག་པ་མེད་པའི་སྐབས་སུ་གང་བརྗོད་དུ་མེད་པ་དེ་ཁོང་དུ་ཆུད་པར་
བྱའོ། །དེ་ནི་གསང་བ་ཆེན་པོ་པས། །གསང་བ་ཆེན་པོ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའོ། །དེ་ནི་རེ་ཞིག་དོན་དམ་པའི་ཕྱོགས་སུའོ། །ཀུན་རྫོབ་ཀྱི་ཕྱོགས་སུ་རཏྣ་གའུ་གཞུང་གིས་འདི་སྐད་གསུངས་སོ། །གསང་བ་ཆེན་པོའི་ཤུ་ཀྲ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ། ཤུ་ཀྲ་
སོགས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རླུང་། སློབ་དཔོན་ནག་པོ་པའི་གཞུང་གིས་ནི་འབྱུང་བ་ཆེན་པོ་བདག་ཉིད་རླུང་སློབ་དཔོན་ཌོམྦིའི་གཞུང་གིས་ནི་སྲོག་རྟེན་བྱ་བ། ཕུང་པོ་ལྔའི་བདག་ཉིད་སྐུ། །རྟེན་ནི་ས་ཉིད་ཤེས་པར་བྱ། །ཞེས་བྱ་བ་ལ་དཔལ་དམ་པ་ཤུ་ཀྲཱ་རིའི་གཞུང་
གིས་ནི་སྐུའི་རྟེན་བྱང་ཆུབ་ཀྱི་སེམས་སོ། །དེའི་དང་པོའི་དགའ་བ། ཡང་དག་སྲ་བའི་མཚན་ཉིད་ཀྱི་ཕྱིར་ས། མཆོག་གི་དགའ་བ་ཕུན་སུམ་ཚོགས་པས་གཤེར་བའི་མཚན་ཉིད་ཀྱི་ཕྱིར་ཆུ། ཆུ་ནི་སྲོག་ལ་ཚ་ཞེས་བྱ་བ་ལ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་བྱང་ཆུབ་ཀྱི་སེམས་བདུད་
เล่ม ๘ · หน้า 133b
རྩི་ཞུ་བ་ཉིད་སྙིང་པོའོ། །སློབ་དཔོན་ཀུ་ཀུ་རིའི་གཞུང་གིས་ནི་ཁྱབ་པ་ཉིད། དགའ་བྲལ་འོད་བརྟེན་ཞེས་བྱ་བ་ལ། ཆད་པའི་དགའ་བྲལ་ནང་གི་བདག་ཉིད། ཆགས་པ་ཆེན་པོས་མེའི་ནུས་པ་ཀུན་དུ་འོད་ཟེར་ཅན། འོད་ནི་མཐར་ཞེས་བྱ་བ་ནི། དཔལ་བདེ་བ་ཆེན་པོའི་གཞུང་གིས་ནི་བདེ་
ཆེན་གྲགས་པ་རང་བཞིན་དགའ་བའི་མཐའ་ན་སྐྱེ་བ་མེད་པའི་གནས་ཞེས་བྱ་བ་ལ། རང་བཞིན་དགའ་བ་བསྐྱེད་རིམ་རྫོགས་རིམ་དང་བྲལ་བའོ། །མཐར་ནི་འཕོ་བ་མི་བཤད་ཅེས་བྱ་བ་ལ་ཆད་པའི་མཚན་ཉིད་ནི་མ་ཡིན་ནོ། །འཕོ་བ་དང་དངོས་པོ་མ་ཡིན་བརྟེན། །ཞེས་བྱ་བ་ལ་ཀླུ་སྒྲུབ་སྙིང་པོའི་
གཞུང་གིས་ནི་ཆད་པའོ། །དངོས་པོ་མ་ཡིན་མཐར་བརྗོད་ཅེས་བྱ་བ་ལ། དཔལ་པདྨ་ཤ་བ་རིའི་གཞུང་གིས་ནི་མཐར་ཐུག་པའི་རང་བཞིན་དགའ་བ་རྟག་ཏུ་ཤར་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མཐའ་ནི་ཕྲ་མོ་བས་ཤིན་ཏུ་ཕྲ་ཞེས་པ་ཉིད་རྒྱུད་ལས་གསུངས་སོ། །རང་བཞིན་
གྲགས་པ་བདེ་ཆེན་ཕྱིར། །ཡེ་ཤེས་རླུང་དུ་རབ་ཏུ་གྲགས། །དེ་དང་ནམ་མཁའ་ཞེས་སུ་བསྟན། །ཞེས་བྱ་བ་ལ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཆེན་པོ། ཡེ་ཤེས་རང་བཞིན་གྱི་ཕྱིར་ཞེས་ལུང་ངོ་། །གཞན་མ་ནི། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་སྒྲ་ཇི་བཞིན་
གྱིས་བཤད་དོ། །ཡང་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ནི་སྣ་ཚོགས་པའི་སྤྱོད་པའི་སྦྱོར་བས། དངོས་པོ་ཀུན་ལ་ཁྱབ་པ་ཞེས་མཚན་མཆོག་གི་རྒྱུད་ལས་གསུངས་སོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་དེ་དང་འདྲའོ། །ད་ནི་རིགས་ལྔའི་དོན་བཤད་དེ། རིགས་
ནི་ཀ་པ་ལ་རུ་བརྗོད། །ཅེས་བྱ་བ་དྲང་བའི་དོན་ཏོ། །ངེས་པའི་དོན་གྱིས་ཀ་པ་ལ་ནི་རུས་ཀྱི་སྡོམ་པ་ཞེས་སློབ་དཔོན་ཨུ་ཏ་མ་ར་བཛྲའི་གཞུང་གིས་སོ། །དཔལ་སརྦ་བྷཱུ་ཏིའི་གཞུང་གིས་ནི་གསལ་བའི་དོན་འདི་ལྟ་སྟེ། དཔལ་རྡོ་རྗེ་སེམས་དཔས་འདུལ་བའི་གང་ཟག་རྗེས་སུ་ཆགས་པས་
བདེ་བ་ཆེན་པོའི་སྡོམ་པའི་དུས་སུ། རྡོ་རྗེ་ལྟེ་བ་ལས་རིགས་ཀྱི་འབྱུང་བའོ། །ཀ་པ་ལ་ནི་དང་པོ་ཀ་བརྗོད་ཅེས་བྱ་བ་ནི་འདུས་ནས་སྔོན་དུ་རྡོ་རྗེ་ཞེས་སྡོམ་པའི་རྒྱ་མཚོའི་རྒྱུད་ཀྱི་མན་ངག་གི་གཞུང་ངོ་། །ཀ་ནི་དང་པོ་རྩ་བ་ཞེས་བྱ་བ་ལ་རིགས་ཐམས་ཅད་ཀྱི་ནང་ནས་རྡོ་རྗེའི་རིགས་ནི་ཡབ།
เล่ม ๘ · หน้า 134a
ཡང་ན་རིགས་སུ་ཀུན་ལ་རྒྱུར་གྱུར་པ་དེ་སློབ་དཔོན་བི་ལས་བཛྲའི་གཞུང་ངོ་། །རྩ་བ་ལྔ་རུ་དབྱེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ། །དེ་ལས་གྲངས་མེད་པའི་རིགས་སོ། །དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཕུང་པོ་ལྔ་ཉིད་ལ་སོགས་ཞེས་
བྱ་བ་ལ་སྟོང་པ་ཉིད་ཀྱི་རྡོ་རྗེའི་རང་བཞིན་ཉིད་ཀྱི་ཕྱིར། ཐ་མལ་པ་དེ་དང་དེ་བཞིན་གཤེགས་པའི་ངོ་བོ། དེ་ཅིའི་ཕྱིར་ཞེ་ན། ཀུན་ལ་འབྱུང་བ་ཆེན་པོ་ལྔ་ལ་དབང་མཛད་པའི་ཕྱིར་རོ། །གང་ཞིག་འབྱུང་བ་ཆེན་པོ་ལྔ་པོ་དེ་ཡང་ལྷའི་དངོས་པོ། ཇི་ལྟར་ཁྱབ་འཇུག་ནི་ས།
དབང་ཕྱུག་ཆེན་པོ་ནི་ཆུ། དྲག་པོ་ཆེན་པོ་ནི་མེ། ཚངས་པ་ནི་རླུང་། རྟག་ཏུ་ཞི་བ་ནི་ནམ་མཁའོ། །དེ་ལ་ལྔ་ལ་གཅིག་ཁྱབ་པ་སྟེ། བདག་ནི་དོན་དམ་པའི་རྩ་ཞེས་བྱ་བ་ལ། འོད་རབ་ཆེན་པོའི་རང་བཞིན། དཔལ་རྡོ་རྗེ་འཛིན་པ་ཆེན་པོའོ། །ཀུན་ལ་ཁྱབ་པ་ཞེས་བྱ་བ་ནི་འདི་
ལྟར་གསུངས་ཏེ། འོད་རབ་ཏུ་ཆེན་པོའི་ཕྱིར་ཐམས་ཅད་ཁྱབ་པའོ། །འབྱུང་བ་ཆེན་པོ་ལ་ཀུན་ལ་ཁྱབ་ན་ཡང་དེ་ལྟ་མོད་ཀྱི་དེ་ལ་ཡང་འོད་རབ་ཆེན་པོ་གསལ་བར་བྱེད་པའོ། །དེའི་ཕྱིར་ཁྱད་པར་གྱིས་ཀུན་ལ་ཁྱབ་པའོ། །སློབ་དཔོན་ཙནྡྲ་ཀ་རིའི་གཞུང་གིས་ཐམས་ཅད་ཀྱི་སྒྲས་ནི་
འབྱུང་བ་ཆེན་པོ་ལྔས། དེ་རྣམས་ཁྱབ་པ་སྣང་བ་སྐྱེ་བར་བྱེད་པ། འོད་རབ་ཆེན་པོ་ཞེས་བྱ་བའི་དོན་ཏེ། ཤིན་ཏུ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད། སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཕྱིར་འཕོ་བ་མེད་པ། ནམ་མཁའ་ལ་གཞན་གྱི་ཕྱིར་འོང་བ་མེད་པ། མི་གསལ་བའི་ཕྱིར་
དང་། དངོས་པོ་མེད་པའི་ཕྱིར་སྐྱེ་བ་མེད་པ། གཞན་མ་ཐུགས་རྗེ་བཏུབ་པ་ལ་སོགས་སྒྲ་ཇི་བཞིན་གྱིས་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།ད་ནི་དགུ་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི་བར་བྱ། ཕྱག་རྒྱ་སྒྲ་ནི་བདག་པོར་
བྱེད་རྒྱུད་སརྦ་བྷཱུ་ཏིའི་དེ་ཁོ་ན་ཉིད་བསྟན་པ་ལས་གསུངས་སོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་ཀུན་རྫོབ་ཀྱི་ཕྱོགས་སུ་བརྟུལ་ཞུགས་ཆེན་པོ། དོན་དམ་པའི་ཕྱོགས་སུ་ཡེ་ཤེས་ཀྱི་དོན་རྒྱས་བཏབ་པ། གསང་བའི་ཕྱོགས་སུ་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ། བརྡ་
เล่ม ๘ · หน้า 134b
ཞེས་བྱ་བ་ནི་གསང་བའི་མན་ངག་ལས་དྲངས་པ། ཡང་ན་གསང་བའི་དམ་ཚིག་ལ་འདུས། སློབ་དཔོན་གཞན་མའི་གཞུང་གིས་ནི་ལག་པ་ལ་སོགས་པའི་སྦྱོར་ཐབས་ཀྱིས་ཕྱག་རྒྱ་གླེང་ངོ་། །དཔལ་བཛྲཱ་བྷཱུ་ཏིའི་གཞུང་གིས་ནི་ཁམས་གསུམ་མ་ལུས་པ་ཕྱག་རྒྱ་བདག་ཉིད་དོ། །
གཞན་མ་ནི་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་སྒྲ་ཇི་བཞིན་དུ་གསུངས་སོ། །རིགས་ཀྱི་བྱེ་བྲག་གིས་གང་ཞིག་གཞོན་ནུ་མ་རིགས་ངན་རྡོ་རྗེ་འཛིན་པས་གསུངས་པ་དེ་ནི་རིགས་ཀུན་ལ་རང་བཞིན་གྱི་རིགས་མེད་པར་རབ་ཏུ་བསྟན་ཏོ། །གང་གི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་རིགས་
དང་སྐྱེ་བ་མེད་དོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ཀུན་དེ་བཞིན་གཤེགས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་རིགས་ཀྱི་བྱེ་བྲག་དག་པ་སྐུ་གསུང་ཐུགས་ཀྱི་རྣམ་པར་དག་པས། གང་ཞིག་སྲིང་མོ་ལ་སོགས་ཀྱིས་བསྟན་པ་དེ་ནི་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་འབྱུང་བའི་
དོན་དུ་ཞེས་ལྷ་ལྕམ་ལཀྵྨཱིའི་གཞུང་ངོ་། །ཕྱི་ནས་ཀྱང་རྩའི་དོན་གྱིས་གང་ཞིག་རྣམ་པར་དག་པ་དེ་ཡང་མི་མྱོང་བ་ཞེས་བྱ་བའི་དོན་ཏོ། །ས་ལ་སོགས་པའི་དོན་གྱིས་གང་ཞིག་རྣམ་པར་དག་པ་དེ་ནི་ཀུན་ལ་ཡོད་ཅེས་དགོངས་སོ། །དེ་བས་སྲིང་མོ་ལ་སོགས་ཀྱིས་བྱེ་བྲག་མི་བྱ་ཞེས་
རྣལ་འབྱོར་མ་བཛྲ་བི་ཏིའི་གཞུང་ངོ་། །རོ་དྲུག་ནི་དོན་གྱི་གང་ཞིག་སྲིང་མོ་ལ་སོགས་པ་བསྟན་པ་དེ་ནི་སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ཁམས་གསུམ་གསོ་བའི་ཕྱིར་ཉེ་བར་མྱོང་བར་བྱ་ཞེས་གསུངས་སོ། །དེ་ཀུན་འབད་པས་མཆོད་པར་བྱ། །མྱུར་དུ་དངོས་གྲུབ་ཐོབ་པར་
འགྱུར། །ཞེས་བྱ་བ་ལ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས་དགའ་བར་བྱས་ཞེས་དགོངས་སོ། །གང་གི་ཕྱིར་ཞེ་ན། མྱུར་དུ་དངོས་གྲུབ་སྟེར་ཞེས་དགོངས་པའི་དོན་ཏོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་དགུ་པའི་བཤད་པའོ།། །།ད་ནི་ལེའུ་བཅུ་
པའི་ཟབ་མོའི་ཚིགས་སུ་བཅད་པ་བྲི། རྡོ་དང་ས་ལ་སོགས་པའི་མཆོད་རྟེན་ལ། དེ་ཁོ་ན་ཉིད་ཤེས་པ་ཅན་གྱིས་ཕྱག་རྒྱ་ལ་སོགས་པ་དགག་ཅེས་རྒྱུད་ཀྱི་གོ་རིམས་ཀྱིས་ལྷ་ལྕམ་ལཀྵྨཱིའི་གཞུང་གིས་སློབ་དཔོན་གྱི་ཞལ་སྔ་ནས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་ཤེས་
เล่ม ๘ · หน้า 135a
པ་རྣམས་ཀྱི་སེམས་ཀྱིས་ངོ་བོ་ནི་ཤེས། དེའི་ཕྱིར་ས་ལ་སོགས་པ་ལྷའི་སྐུ་སྤངས་ཏེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ལུས་པོ་འབྱུང་བའི་བདུད་རྩིའི་རྫས་ཀྱིས་ཉིད་ཐུགས་ཀྱི་རྡོ་རྗེ་ལ་བཞུགས་པའི་གནས་སྐུའི་རྒྱལ་པོ་མཆོད་པར་བྱ་ཞེས་དགོངས་སོ། །གཞན་
མ་ནི་སྒྲ་ཇི་བཞིན་གྱིས་བཤད། རིགས་ལྔའི་མཉམ་པར་སྦྱོར་བ་ལ་སོགས་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་སྔར་བསྟན་པ། དེ་བཞིན་དུ་ཀུན་སངས་རྒྱས་ཡིན་པའི་དགོངས་པས་རིགས་ཀྱི་བྱེ་བྲག་དགག་གོ། །བཏུང་བ་དང་མི་བཏུང་བ་ནི་སྤྱད་པར་བྱའོ་ཞེས་བྱ་བ་ལ། རྣམ་པར་རྟོག་པ་
མེད་པ་ཉིད་ལ་བརྡའོ། །སོགས་པའི་སྒྲས་ནི་གཅེས་པ་དང་མི་གཅེས་པའོ། །དཔལ་བཱི་ར་བྷཱུ་ཏིའི་གཞུང་གིས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་མི་གནས་པ་ནི་ཤེས་རབ་ཡེ་ཤེས་བཏུང་བ་ནི་མཆོག་གི་དགའ་བ། མི་བཏུང་བ་ནི་ཆད་པའི་དགའ་བ། དེ་ཡང་མི་སྤྱོད་ཅེས་བྱ་བའི་
དོན་ཏོ། །བུད་མེད་སྐལ་ལྡན་མིན་མི་སྨྲ། །ཞེས་བྱ་བ་ལ་འདི་སྐད་གསུངས་ཏེ། བུད་མེད་ལ་སྐུར་བ་འདེབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འཐོབ་ཅེས་དཔལ་ཛྙཱ་ན་བྷཱུ་ཏིའི་གཞུང་ངོ་། །གཞན་མ་ནི་སྒྲ་ཇི་བཞིན་གསུངས་སོ། །ད་ནི་གནས་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་
ལས་གསུངས་པའི་རིམ་པས་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རིམ་པ་འདི་ལྟར་གསུངས་ཏེ། ལེགས་དགྱེས་ཆེན་མོ་འབྱུང་བའི་དུས་སུ་གནས། གང་ཞིག་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་དེ་ནི་གནས། བདེ་བའི་བདུད་རྩི་ལ་གང་ཞིག་འཕེལ་བ་དང་བརྟེན་པ་དེ་ནི་ཉེ་བའི་གནས།
བདེ་བ་ལ་ཡང་དང་ཡང་དུ་གང་ཞིག་སྐྱེ་བ་དེ་ནི་ཞིང་། བདེ་བ་ལ་རང་གི་གནས་སུ་གང་ཞིག་རྒྱས་པ་དེ་ནི་ཉེ་བའི་ཞིང་། ཅི་འབྱུང་བ་བདེ་བའི་དངོས་པོ་ལ་བཟུང་བས་ཚནྡོ་ཧ། དེ་རིང་ཉེ་བའི་བྱེད་པས་ཉེ་བའི་ཚནྡོ་ཧ། བདེ་བའི་ཆོས་ལ་ཡང་དག་པར་སྦྱོར་བར་བྱེད་པས་འདུས་པ། དེར་ཉེ་བའི་
ཕྱིར་ཉེ་བའི་འདུས་པ། ཉེ་བ་ཞེས་བྱ་བ་ནི་ཇི་ལྟར་ཤེལ་གྱི་དུམ་བུ་ལ་ཕྱིའི་རྩི་བཞིན་ནོ། །བདེ་བ་ཆེན་པོ་ལ་ཐོག་མ་དང་ཐ་མར་གང་ཞིག་དངོས་པོ་མེད་པ་དེ་ནི་དུར་ཁྲོད། དངོས་པོ་མེད་པའི་མཚན་ཉིད་ཀྱིས་གང་ཞིག་བདེ་བ་ཉམས་སུ་མྱོང་བ་དེ་ནི་ཉེ་བའི་དུར་ཁྲོད། བདེ་བ་ཉམས་སུ་
เล่ม ๘ · หน้า 135b
མྱོང་བ་དེ་ཡང་དག་པར་ཁྱབ་པར་འཕེལ་བའོ། །དེ་དང་དྲན་པས་ཉེ་བར་འཕེལ་བའོ། །དེ་ཀུན་བཅུ་གཉིས་ཀྱི་བདག་ཉིད། །བདེ་བ་ཉམས་སུ་མྱོང་བ་ལས། །གནས་བརྟན་པས་བདེ་བ་ཆེན་པོ་ཚོར་བའི་གནས་སོ། །ནང་གི་བདག་ཉིད་ཀྱི་གནས་ནི་སྤྱི་བོ་དང་སྤྱི་གཙུག་གི་གནས་སོ། །ཕྱིའི་
གནས་ནི་ཨུ་རྒྱན་ལ་སོགས་པའོ། །སློབ་དཔོན་གཞན་མའི་གཞུང་གིས་གནས་ལ་སོགས་པ་དོན་གྱིས་ཨ་རྣམས་ལ་བསྟན་པར་བྱས་སོ། །མཆོད་པའི་དུས་སུ་མཆོད་པར་བྱ། །ཞེས་བྱ་བ་འདི་ལྟར་གསུངས་ཏེ། མཆོད་པའི་དུས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ང་རྒྱལ་གྱིས་བསྒྲུབ་པ་དང་
སྒྲུབ་ཐབས་ཀྱི་སྦྱོར་བ། མཆོད་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ངོ་བོས་ལྷའི་རྣམ་པས་ཐབས་དང་ཤེས་རབ་བདག་ཉིད་ཀྱི་སྒྲ་དགའ་བར་བྱ། །རི་བོང་ཅན་འོད་མེ་ཏོག་གི། །ཞེས་བྱ་བ་ལ། སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས། རི་བོང་ཅན་གྱི་སྒྲ་ནི་ཟླ་བ། ཟླ་བའི་སྒྲ་ནི་བྱང་ཆུབ་ཀྱི་སེམས། འོད་
ཟེར་སྒྲས་ནི་ཐིག་ལེ་རྣམས་ཀྱི་མེ་ཏོག་གིས་ཞེས་བྱ་བས་ནི་ཡིད་འཕྲོག་ཅན་གྱིས་སོ། །ཡང་ན་དཀར་བས་སོ། །མེ་ཏོག་ཉི་མ་དམར་བ་ཞེས་བྱ་བ་ལ་རང་ལས་བྱུང་བའི་མེ་ཏོག་གོ། །སློབ་དཔོན་ཛྙཱ་ན་བྷཱུ་ཏིའི་གཞུང་གིས་ནི་འདི་ལྟར་བཤད་དེ། སྲོག་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་
གནས་པའི་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པ་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་བྱུགས་པའི་ནང་གི་བདེ་བ་ཆེན་པོ་ཚོར་བའི་གནས་སུ་དབང་དྲུག །ལོངས་སྤྱོད་དང་མི་སྣང་བའོ། །ལྷ་བཤོས་ཀྱི་སྒྲས་ནི་ཚིམ་པར་བྱེད་པ། དབུལ་བའི་སྒྲས་ནི་ཉམས་སུ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་སྨྲས་པའི་
བདེ་བ་ཆེན་པོའི་འཁོར་ལོའི་གནས་སོ། །སློབ་དཔོན་ཌོམྦིའི་གཞུང་གིས་ནི་འདབ་མ་དྲུག་ཅུ་རྩ་བཞི་དང་ལྡན་པའི་སྤྲུལ་པའི་འཁོར་ལོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི། ཤེས་རབ་མའི་མངལ་གྱི་པདྨར། སྲོག་གཅོད་པར་བྱ་ཞེས་པ་རྒྱལ་མི་བཱི་ར་མ་ཏིའི་གཞུང་གིས་ཤེས་
རབ་མའི་པདྨར་བྱང་ཆུབ་སེམས་ཀྱི་མེ་ཏོག་གིས་མཆོད་པར་བྱའོ། །མི་དགའ་མི་བྱ་ཞེས་པ་ལ་དཔལ་ནཱ་ག་བོ་ངྷིའི་གཞུང་གིས། རང་ལ་ཐབས་ཀྱི་མཆོག་གི་དགའ་བ་ལས་གཞན་མི་གནས་རེག་པར་མི་བྱ། ཤེས་རབ་མ་ལ་མི་བརྩོན་པའི་སེམས་མི་བྱའོ་ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན།
เล่ม ๘ · หน้า 136a
མཆོད་པའི་སྐབས་སུ་སྦྱིན་པ་ལ་སོགས་ཀྱི་དོན་གལ་ཆེའོ། །དེའི་སྲོག་གཅོད་པ་ལས་ཡང་དག་པའི་རབ་མཆོག་གི་དགའ་བའི་ངོ་བོ་བསོད་ནམས་ཀྱི་འབྲས་བུ་རྙེད་ཅེས་ལུང་གི་གོ་རིམས་ཀྱིས་དཔལ་པདྨ་ཤྲཱི་ཀ་རིའི་གཞུང་ངོ་། །ད་ནི་གསང་བའི་དཀྱིལ་འཁོར་བསྟན་པ།
ཇི་ལྟར་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་བཤད་པ་དེ་ལ་འདི་རུ་གསལ་བར་བྲི་བར་བྱ། གྲུ་གསུམ་ལ་སོགས་ཞེས་བྱ་བ་ལ། གྲུ་གསུམ་ཞེས་བྱ་བ་ནི་ལོངས་སྤྱོད་དང་། མི་སྣང་བ་དང་། དབང་ལ་ཉམས་སུ་མྱོང་བའི་གནས་སོ། །དམར་ཞེས་བྱ་བ་ནི་འོད་རབ་ཀྱི་རང་བཞིན། རན་པ་ཞེས་
བྱ་བ་ནི་ཤིན་ཏུ་རན་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། རིམ་པ་གཉིས་ཞེས་བྱ་བ་ནི་རྟེན་དང་བརྟེན་པའི་མཚན་ཉིད་ཅན། དཀྱིལ་འཁོར་ཞེས་བྱ་བ་ནི་སྙིང་པོའི་རང་བཞིན། ནང་གི་རིམ་པ་ལ་དཔལ་ལྡན་ཞེས་བྱ་བ་ནི་སློབ་དཔོན་ཤ་བ་རིའི་གཞུང་གིས་ནི། ནང་གི་རིམ་པ་ནི་
བརྟེན་པའི་གནས། དཔལ་གྱི་སྒྲས་ནི་བཅོམ་ལྡན་འདས་བདག་མེད་མ། བཅོམ་ལྡན་འདས་བྱང་ཆུབ་སེམས་ཡིད་ཅེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྲགས་པ་ཅན་མགོན་པོ་ཧེ་རུ་ཀ །ཕྱི་ནས་བརྟེན་པའི་གནས་སོ། །རིགས་གསུམ་ཅན་གྱི་རྣལ་འབྱོར་མ། །ཞེས་
བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཅན། རོ་མ་དང་འཛིན་མ་དང་རྟོག་མེད་མའོ། །སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་ལུས་དང་ངག་དང་ཡིད་འབབ་པ་དེ་ནི་ནང་གི་དཀྱིལ་འཁོར་གྱི་རྣམ་པར་དག་པའོ། །ད་ནི་ལྷ་མོ་དག་འདྲི་བར་བྱ། ལྷ་མོའི་སྒྲས་ནི་བདག་པོ་དེ་སརྦ་བྷཱུ་ཏིའི་དེ་ཁོ་ན་
ཉིད་ཀྱིས་བསྟན་པའི་གཞུང་ངོ་། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་ཡན་ལག་ཉེ་བར་གསུངས་སོ། །ལུས་པོ་གནས་ཞེས་བྱ་བ་ལ་ལུང་ལ་བརྟེན་པའི་གོ་རིམས་ཀྱི་རྩ་བའི་བསྟན་པའོ། །གང་གི་ཕྱིར་ཞེ་ན། སྒྲ་ནི་དཀྱིལ་འཁོར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་དེ་
རང་བྷ་ག་བཤད་དོ། །བྷ་ག་ལས་བྱུང་བྱང་ཆུབ་སེམས་ཀྱི་རྗེ་བཙུན་ནོ། །འབྱུང་བའི་སྒྲ་ནི་ཤར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ནམ་མཁའ་ལ་རྒྱལ་བའི་ཟླ་བའོ། །དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས། །ཞེས་བྱ་བ་ལ་འདི་སྐད་བཤད་དོ། །ལྷ་མོའི་ཡན་ལག་དང་ལྡན་པའི་
เล่ม ๘ · หน้า 136b
གསང་བའི་དཀྱིལ་འཁོར་ཕྱི་དང་ནང་དང་གསང་བའི་དུར་ཁྲོད་ཀྱིས་བརྒྱན་པའོ། །ཕྱིའི་གཏུམ་དྲག་པ་ལ་སོགས་པ་མེའི་སྲེག་པའི་གནས། ནང་གི་སྒོ་དགུ་དང་ལྡན་པའི་སྐུ། གསང་བ་ནི་བདེ་བའི་བདག་ཉིད་བྱང་ཆུབ་སེམས་ཀྱི་དབུགས་འབྱུང་བའི་མི་སྣང་བའི་གནས་སོ། །དཔལ་
བདེ་བ་ཆེན་པོའི་གཞུང་གིས་དུར་ཁྲོད་བརྒྱད་ལ་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་བཤད་དེ། གསང་བའི་ཆུ་སྐྱེས་ཀྱི་དབུས་སུ་རེག་བྱའི་རྩ་བརྒྱད་འདབ་མ་ཅན་པདྨ་དམར་པོ་དེའི་དབུས་སུ་བདེ་བ་ཆེན་པོའི་རྒྱལ་པོའི་བྱང་ཆུབ་ཀྱི་སེམས། ཤར་གྱི་འདབ་མར་ཀུན་རྫོབ་ཀྱི་གཟུགས་
ཅན་བྱང་ཆུབ་ཀྱི་སེམས་མི་སྣང་བའི་ངོ་བོར་གྱུར་པས་ཚིག་པའི་མཚན་ཉིད་གཏུམ་དྲག །ལྷོ་རུ་ལོངས་སྤྱོད་ཉིད་གྱུར་པས་མི་འཚིག་པའི་མཚན་ཉིད་དབྱིབས་ཅན། ནུབ་ཏུ་ལོངས་སྤྱོད་ལས་འདས་པའི་མཚན་ཉིད་ཅན་ཚང་ཚིང་། བྱང་དུ་དབང་ཐོབ་པས་དུམ་བུར་མ་གྱུར་པའི་མཚན་
ཉིད་ཅན་འབར་བ། མེའི་མཚམས་སུ་ཆད་པའི་དགའ་བར་གྱུར་པས་འཇིགས་པའི་མཚན་ཉིད་དམྱལ་ཚོགས། ཆུའི་མཚམས་སུ་ཆད་པར་གྱུར་པ་མི་བཟད་པའི་མཚན་ཉིད་ཅན་འཇིགས་པར་བྱེད་པ། རླུང་གི་མཚམས་སུ་ཆད་པའི་གནས་ནས་སྲོག་གི་རླུང་དང་ཕྲད་པས། ཕྱི་ནས་ཀྱང་
དགའ་བའི་གནས་སུ་སླེབ་པའི་ཕྱིར། མདུང་རྩེ་བསྐྱོད་པའི་མཚན་ཉིད་ཅན་ཧ་ཧར་དགོད་པ། དབང་གི་མཚམས་སུ་ཅུང་ཟད་གྱེན་དུ་འགྲོ་བས་མཆོག་གི་དགའ་བས་འགེགས་པའི་མཚན་ཉིད་གཡེར་ཁ་ཅན་ནོ། །དེ་ལྟར་གསང་བ་ཆེན་པོའི་དུར་ཁྲོད་བརྒྱད་ཀྱི་རྩ་བའི་འདབ་མའི་གནས་ལས་
ཅུང་ཟད་གཡོ་བ་ནི་ཆད་པ་ལ་སོགས་ཀྱི་གནས་བསྟན་ཏེ། དེ་རུ་རྩའི་འདབ་མ་ལ་རིམ་པ་འདི་ཡིན་ཏེ། མཐུ་དྲག་མ་དང་། མཐུ་བྱེད་མ། རོ་མཆོག་མ་དང་། མཐུ་སྒྲ་མ། ནམ་མཁའ་མ་དང་། ཆུ་སྦྱིན་མ་དང་། རུལ་བ་མ་དང་། སེར་སྣ་མའོ། །རྩའི་ཡན་ལག་དང་ཉེ་བའི་
ཡན་ལག་མང་པོ་ཡོད་པའི་ཕྱིར་རོ། །ཤིང་གི་སྒྲ་ཉིད་མཆོག་གི་དབང་ཕྱུག་གིས་གསུངས་ཞེས་སློབ་དཔོན་ཤ་བ་རིའི་གཞུང་ངོ་། །རྩའི་ཤིང་མེ་ཏོག་ལ་སོགས་པ་རྒྱུད་ཀྱི་ཞེས་བྱང་ཆུབ་སེམས་འབྱུང་བའི་ཕྱིར་དོན་ཏོ། །སོགས་པའི་རང་ལས་བྱུང་བའི་མེ་ཏོག །མེ་ཏོག་གིས་མེད་
เล่ม ๘ · หน้า 137a
པར་ཇི་ལྟར་མཆོད། དཀྱིལ་འཁོར་གྱི་སྟེང་དུ་འགྱུར་ཞེས་བྱ་བ་ལ་འདི་ལྟར་བཤད་དེ། བྱང་ཆུབ་ཀྱི་སེམས་རང་ལས་བྱུང་བའི་མེ་ཏོག་མེད་པར། ཤེས་རབ་མའི་ཕྱག་རྒྱའི་དཀྱིལ་འཁོར་ལ། མི་སྣང་བ་དང་། ལོངས་སྤྱོད་དང་དབང་གི་གྲགས་པ་ཅན་མཆོད་པར་
མེད་ཅེས་དགོངས་སོ། །སློབ་དཔོན་བི་ལ་བཛྲའི་གཞུང་གིས་ནི་གསང་བའི་མེ་ཏོག་ལ་སོགས་པ་མེད་པས། ཐབས་དང་ཤེས་རབ་ལ་རྫོགས་པ་མེད་པ་རྣལ་འབྱོར་མའི་གཞུང་གིས་ནི་ཕྱག་རྒྱ་དང་། དངོས་གྲུབ་མི་འགྲུབ་བོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་
བཅུ་པའི་བཤད་པའོ།། །།ད་ནི་ལེའུ་བཅུ་གཅིག་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། ཉོན་ཅིག་སྦྱིན་སྲེག་རབ་ཏུ་བཤད། །ཅེས་བྱ་བ་ལ་སོགས་པའི་སྒྲ་ཇི་བཞིན་གྱིས་གསུངས་སོ། །ལྟེ་བའི་གནས་སུ་ཚུལ་གྱིས་གནས། །ཞེས་བྱ་བ་ལ། དཔལ་གསང་ཆེན་རྡོ་རྗེའི་
གཞུང་གིས་ནི། གསང་བའི་པདྨའི་སྙིང་པོ། སློབ་དཔོན་ཌོམྦི་པའི་གཞུང་གིས་ནི། འདབ་མ་དྲུག་ཅུ་རྩ་བཞིའི་ལྟེ་བའི་གནས་སོ། །གསང་བའི་པདྨའི་ནི་སློབ་དཔོན་གྱི་ཞལ་སྔ་ནས་རེག་བྱའི་རྩའི་འདབ་མར་བཤད་པའོ། །དེའི་ལྟེ་བའི་གནས་སུ་ཚུལ་རིག་པར་བྱའོ། །དེའི་ཕྱིར་ཚུལ་
གྱི་མཐའ་མར་གསང་བའི་པདྨ་ཞེས་རྒྱུད་ལས་བཤད་དོ། །ཚུལ་གྱི་སྒྲས་ནི་གློ་བུར་བའི་སྒྲའོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་བྱང་ཆུབ་སེམས་ཀྱི་སྒྲའོ། །དེ་རུ་རང་དབང་གི་རླུང་ཞེས་བྱ་བ་ནི་སློབ་དཔོན་ཨུ་རྒྱན་གྱི་གཞུང་གིས་ནི་རེག་བྱའི་རྩ་བརྒྱད། འདབ་མའི་ལྟེ་བའི་དབུས་
སུ་གློ་བུར་བའི་ཚུལ་ལ་གཉིས་སུ་མེད་པའི་རང་བཞིན་གྱིས་རླུང་རྟག་ཏུ་ཤར་རོ། །ཀུན་དུ་བསྐོར་ཏེ་མི་བསྐོར་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་ཅེས་བཤད་དོ། །ཀུན་དུ་བསྐོར་བ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཉེ་བར་སྦྱོར་བའི་དུས་སུ། རང་བཞིན་གྱི་རླུང་ཀུན་
ལ་ཤར་ན་ཡང་ཁྱད་པར་གྱིས་གཡས་སྐོར་དུ་འབྱུང་། མི་བསྐོར་ཞེས་བྱ་བ་ནི་གཡོན་ལ་བསྐོར་བའོ། །དཔལ་བཛྲ་བྷཱུ་ཏིའི་གཞུང་གིས་ཀུན་དུ་བསྐོར་ཞེས་བྱ་བ་ནི་སྐད་ཅིག་འབྱུང་བའོ། །མི་བསྐོར་ཞེས་བྱ་བ་ནི་ཐིམ་པར་གྱུར་པའོ། །དབང་པོ་གཉིས་ཀྱི་བུད་ཤིང་སྦྱོར་བ་ལས། །ཐབས་
เล่ม ๘ · หน้า 137b
དང་ཤེས་རབ་མཉམ་པར་འཁྱུད་པའི་བསྒྲུབ་པ་དང་། སྒྲུབ་ཐབས་ཆེན་པོའོ། །རླུང་ལ་མེ་འབར་བྱ་བ་ལ་དེ་མ་ཐག་ཏུ་སྨྲས་པའི་རང་བཞིན་གྱི་རླུང་གིས་བསྐུལ་བར་བྱ་བའི་གཏུམ་མོའི་ངོ་བོ་ཅན་བཅོམ་ལྡན་འདས་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འབར་རོ། །སྟེང་གི་འཁོར་ལོ་ལ་གནས་
པའི་མར་ཞེས་བྱ་བ་ལ། སྟེང་ནི་བདེ་བ་ཆེན་པོའི་འཁོར་ལོ། མར་ནི་བྱང་ཆུབ་ཀྱི་སེམས་སོ། །དེས་ནི་ཅི་སྨྲས་ན་རང་བཞིན་གྱི་རླུང་གིས་ཁོང་དུ་ཆུད་པར་བྱས་བའི་གཏུམ་མོའི་འོད་ཟེར་གྱིས་བདེ་བ་ཆེན་པོ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་མར་ཞུ་བར་འགྱུར་རོ། །དཔལ་མ་ཧཱ་སུ་
ཁའི་གཞུང་གིས་ནི་སྟེང་གི་འཁོར་ལོ་ནི་སྤྲུལ་པའི་འཁོར་ལོ་ནས། ནང་དུ་གཞུག་པའི་འཁོར་ལོ་མཆོག །དེ་རང་སྣོད་ཅེས་བྱ་བ་ནི་སངས་རྒྱས་རིན་པོའི་སྣོད་གསུངས་སོ། །ཧ་ནི་རྣམ་པར་དགང་གཟར་བསྟན། །ཞེས་བྱ་བ་ལ་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་རྩ་གསུམ་གྱི་
བདག་ཉིད་རེག་བྱའི་ས་བོན་ནོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་ཤེས་རབ་མའི་གསང་བའི་པདྨའི་ལྟེ་བའོ། །བླུགས་གཟར་རྡོ་རྗེ་འདི་རུ་བསྟན། །ཞེས་བྱ་བ་ལ་རྡོ་རྗེ་རིན་པོ་ཆེ་དབྱུག་པ་ཧོམ་ཁུང་བྷ་ག་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །དབང་པོ་ལྔ་ལ་སྒྲ་ཇི་བཞིན་ནོ། །
ཡར་ན་སྟོབས་ལྔའོ། །མར་ངོ་ལས་ནི་ཞེས་བྱ་བས་ཆད་པའི་དགའ་བ། དེ་ནི་སློབ་དཔོན་དཔལ་ལྡན་གྱི་གཞུང་ངོ་། །ཉ་གང་བ་ལ་གཤེགས་སུ་གསོལ། །ཞེས་བྱ་བ་ནི་མཆོག་གི་དགའ་བའི་གནས་ཡན་ཆད། ཆད་པའི་དགའ་བའི་འཇུག་པའོ། །སློབ་དཔོན་ནག་པོ་པའི་གཞུང་
གིས་མར་ངོ་ཤེས་རབ་མ། ཡར་ངོ་ནི་ཐབས། གཤེགས་སུ་གསོལ་ཞེས་བྱ་བ་ནི་ཤེས་རབ་ལ་དབང་བསྐུར་བར་བྱའོ། །ཧོམ་ཁུང་ཕྱི་རོལ་ཐིགས་ཕྱེད་ཙམ་ནི། བླུགས་གཟར་ནས། །ཐིགས་ཕྱེད་ཙམ་ནི་དོར་མི་བྱ། །ཞེས་བྱ་བ་ནི་ཧོམ་ཁུང་གི་ཕྱི་རོལ་ནི་གསང་བའི་པདྨའི་ཕྱི་རོལ་ལོ། །
བླུགས་གཟར་ནས་ནི་གསང་བའི་རྡོ་རྗེའི་རིན་པོ་ཆེ་ནས། དེ་ལ་དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་ཀྱི་མར་དགང་བླུགས་དབུལ་བའི་དུས་སུ། ཡོ་ནི་ཕྱི་རོལ་དུ་གཏང་བར་མི་བྱའོ། །སློབ་དཔོན་ཌོམྦི་པའི་གཞུང་གིས་ནི། གང་ཞིག་ཧོམ་ཁུང་གི་ཕྱི་རོལ་དེ་ནི་རྡོ་རྗེའི་ཕྱི་རོལ། བླུགས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด