མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) པ་ར་མ་ཨཱ་དི་བུདྡྷ་ཨུདྡྷྲྀ་ཏ་ཤྲཱི་ཀཱ་ལ་ཙཀྲ་ནཱ་མ་ཏནྟྲ་རཱ་ཛཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑ · หน้า 1b

༄༅༅། །རྒྱ་གར་སྐད་དུ། པ་ར་མ་ཨཱ་དི་བུདྡྷ་ཨུདྡྷྲྀ་ཏ་ཤྲཱི་ཀཱ་ལ་ཙཀྲ་ནཱ་མ་ཏནྟྲ་རཱ་ཛཱ། བོད་སྐད་དུ། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་

ལོ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ལ་

བཞུགས་པ་ལྷ་མཆོག་རྣམས་ཀྱིས་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། །རྣལ་འབྱོར་དཔལ་

ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ། ༡ །སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་མཆོག་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ཡང་། །ཕྱི་དང་

ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་ལ་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང་། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང་། །

เล่ม ๑๑ · หน้า 2a

དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མི་ཡི་བླ་མས་འདི་དག་ཡང་དག་བཤད་དུ་གསོལ། ༢ །ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་གང་ཞིག་ཁྱོད་ཀྱིས་དྲིས་པ་འདི་ནི་རབ་མཆོག་ལྷ་རྣམས་

དང་། །མི་དང་སྲིན་པོ་ལྷ་མིན་ཀླུ་དང་ཆགས་བྲལ་ཐུབ་མཆོག་རིགས་རྣམས་དག་གིས་ཤེས་པ་མིན་པས་སོ། །མྱ་ངན་འདས་པ་ལ་སོགས་འཛིན་མའི་མཐར་ཐུག་ཚིག་གི་བགྲོད་པ་དང་བཅས་སྦྱོར་བ་མཐའ་དག་

ནི། །ལུས་དབུས་སུ་སྟེ་དཀྱིལ་འཁོར་དག་དང་དབང་ནི་བཤད་པར་བྱ་ཡིས་མི་ཡི་བདག་པོ་བཟང་པོ་ཉོན། ༣ །དུས་ཀྱིས་སྟོང་པ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་གླིང་དང་རི་བོ་རྒྱ་མཚོ་དང་། །རྒྱུ་སྐར་

དང་ནི་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ལྷ་དང་འབྱུང་པོ་ཀླུ་རྣམས་དང་། །དུད་འགྲོ་སྐྱེ་གནས་རྣམ་པ་བཞི་དང་སྣ་ཚོགས་ས་དང་འོག་ཏུ་མི་རྣམས་དང་ནི་དམྱལ་བ་ཡང་། །སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་

ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན། ༤ །ལུས་དང་ཡེ་ཤེས་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་ས་དང་བརྟན་དང་གཡོ་བ་དང་། །ལྷ་ནི་མཐོང་བ་སྐྱེད་མིན་དག་དང་སྲིད་པ་རྣམ་བཅུར་གསུངས་པ་རྡོ་རྗེ་ཡི་ནི་

เล่ม ๑๑ · หน้า 2b

ལུས་དག་ལས། །སྔགས་ཀྱི་སྐྱེ་གནས་དག་ནི་འབྱུང་བར་འགྱུར་ཞིང་མི་ཡི་བདག་པོ་སླར་ཡང་འདི་ཉིད་དུ་གྲོལ་ཏེ། །དེ་ལྟར་གང་གིས་ཡང་དག་རིག་པ་དེ་ནི་ཕྱུགས་མིན་སེམས་ཀྱིས་ཀུན་དུ་རྟོག་པ་དག་ལས་གྲོལ། ༥ །གཡོན་གྱི་ཡན་ལག་ཏུ་ནི་དཀར་པོ་འབར་བ་འགྲོ་བའི་

བདུད་རྩིའི་ཆ་དང་གཡས་སུ་དམར་པོའི་མདོག །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་རི་བོང་ཅན་གྱི་བུ་དང་ས་སྐྱེས་དཀར་པོ་བླ་མ་དང་། །མཇུག་རིངས་དམན་པ་ཆར་དང་གློག་དང་ཆུ་དང་རྩེ་མོ་ཅན་ཏེ་འབར་བ་རྣམས་ནི་ཟུང་བདུན་པོ། །འཇིག་རྟེན་ལ་ནི་གནས་པ་ཉིད་དེ་མུན་པ་

མེད་པ་ཟུང་གཅིག་དག་ནི་མུན་པའི་མཐའ་ལའོ། ༦ །རྒྱབ་ཏུ་སེར་པོ་ཡང་ནི་སྐར་མ་ལྷ་གཞུ་ས་སྟེ་དེ་ནི་རྣམ་བཞི་གཉིས་ཀྱི་དབྱེ་བས་སོ། །སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོ་རྩ་བ་དག་དང་མདུན་དུའོ། །དབུས་ཀྱི་རྡོ་རྗེའི་སྟེང་དུ་ས་བོན་རང་གི་ནུས་པ་ཡོན་

ཏན་ཚོགས་དང་བཅས་པ་འོག་ཏུ་གནས། །ཀུན་དུ་ཡེ་ཤེས་དང་ནི་སྟོང་པའོ་ཞི་བ་གནས་དང་བཅས་པ་དངོས་པོ་ཀུན་གྱིས་རྣམ་པར་གྲོལ། ༧ །ཨ་སོགས་སུམ་ཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་དེ་དག་ཟླ་བའི་ཆ་དང་ཉིན་བྱེད་ཀྱང་། །ཀ་ལ་སོགས་པའི་སྡེ་རྣམས་དབྱངས་དང་བཅས་

པ་ཉིན་ཞག་སྟོང་དྲུག་མེ་ཡི་ཚད་ཀྱིས་སྤྱོད་པར་བྱེད། །ཧ་སོགས་དབྱངས་རྣམས་དག་ཀྱང་ཆུ་ཚོད་ལྷ་མིན་གདེངས་ཅན་འབྱུང་པོའི་སྐྱེ་གནས་དག་ཀྱང་སྔགས་ཤེས་པ། །ཨ་སོགས་ཀ་སོགས་ལྡན་པ་དག་ལས་དེ་ལྟར་ཁམས་གསུམ་དག་ནི་ངེས་པར་སྐྱེད་འགྱུར་མི་ཡི་བདག ༨ །དབྱངས་

ནི་ཀ་ཙ་ཊ་པ་ཏར་ལྡན་ྈྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱི་སྐྱེ་བའི་གནས། །མགྲིན་རྐན་སྟེང་གི་ཆ་ནི་མཁའ་རླུང་བསྲེག་བྱ་ལས་སྐྱེས་མཆུ་དང་སོ་ནི་ཆུ་དང་ས་དག་གོ། །ཨ་སོགས་རྣམས་ནི་གཙུག་ཏོར་འཁོར་ལོ་སྙིང་མགྲིན་མགོ་བོ་ལྟེ་བའི་འཁོར་ལོ་དག་ལ་རིམ་པ་སྟེ། །སྣ་

ཚོགས་གནག་དམར་རི་བོང་ཅན་དང་གསེར་འདྲ་ཕུང་པོ་ཁམས་ཀྱི་ལྷག་པའི་ལྷ་དང་ལྡན་པ་ལའོ། ༩ །རླུང་གི་མཐའ་ནས་ལྷུན་པོའི་མཚམས་སུ་དམྱལ་བ་གདེངས་ཅན་གྲོང་ཁྱེར་ལ་ནི་དཔག་ཚད་འབུམ་ཕྲག་གཉིས། །ལྷུན་པོའི་ཚད་ནི་འབུམ་ཕྲག་གཅིག་སྟེ་གཟའ་ཡི་ཚོགས་

เล่ม ๑๑ · หน้า 3a

ཀྱི་གནས་ནས་སྟོང་ཕྲག་དག་ནི་ཉི་ཤུ་ལྔ། །མགྲིན་པའོ་གདོང་ལ་ལྔ་བཅུ་བརྟན་པའི་གོ་འཕང་གཡོ་མེད་དག་ལ་དེ་བཞིན་ཉིད་དུ་ཉི་ཤུ་ལྔ། །དེ་ཡི་ཕྱི་རོལ་སྟོང་པ་གཅིག་པུ་སྲིད་པ་གསུམ་བྲལ་ཡོན་ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པའོ། ༡༠ །རླུང་གི་མཐའ་

ནས་རླུང་གི་མཚམས་དང་བརྟན་པ་འཛིན་མའི་གཞི་ལ་གླིང་དང་རི་དང་རྒྱ་མཚོ་རྣམས། །བཞི་ཕྱེད་འབུམ་ཕྲག་གཉིས་ཏེ་རྩེ་མོ་ཅན་དང་གཡོ་བའི་དཀྱིལ་འཁོར་དཔག་ཚད་དག་ནི་འབུམ་ཕྲག་གཉིས། །དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་

མོར་འཁོར་བ་སྟེ། །ཆ་དྲུག་ལ་ནི་འབུམ་ཕྲག་གཉིས་གཉིས་སྲིད་གསུམ་མཐའ་དག་དུས་ཀྱི་སྦྱོར་བ་དག་ལས་རབ་ཏུ་སྐྱེས། ༡༡ །འཇིག་རྟེན་ཁམས་ཀྱི་ཀུན་ནས་འཁོར་ཡུག་ཏུ་ནི་ཐད་ཀའི་ཚད་ཀྱི་སུམ་འགྱུར་དུ་ཡང་འགྱུར་བ་སྟེ། །ས་ཡི་འཁོར་ཡུག་འབུམ་ཕྲག་གསུམ་དང་

ཆུ་མེ་རླུང་རྣམས་ཀྱི་ནི་དྲུག་དགུ་ཉི་མ་རིམ་པས་སོ། །མི་ཡི་དབང་པོ་ཕྱི་རོལ་སྲིད་པ་གསུམ་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཅིག་ཉིད་གང་ཡིན་པ། །དེ་ནི་ས་ཡི་སྟེང་གི་གནས་སུ་ལུས་ལ་རང་རང་དག་གི་ཚད་ཀྱིས་ཡང་དག་ཁྲུ་གང་ངོ་། ༡༢ །ཕྲ་རབ་བརྒྱད་རྣམས་དག་གིས་ཕྲ་མོ་འདི་

གཅིག་ཕྲ་མོ་བརྒྱད་ཀྱིས་སྐྲ་ཡི་རྩེ་མོ་ཕྲ་མོ་སྟེ། །འདི་རྣམས་ཀྱིས་ནི་སྐེ་ཚེ་ཤིག་དང་ནས་ཏེ་ལྟོས་འགྲོ་ནས་ཀྱིས་སོར་ཏེ་སོར་མོ་ཉི་མ་ནི། །ཟུང་གིས་ཁྲུའོ་ཁྲུ་བཞིས་གཞུ་སྟེ་འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང་གྲགས་དག་ཏུ་འགྱུར། །རྒྱང་གྲགས་བཞི་རྣམས་དག་གིས་དཔག་

ཚད་དེ་ཡིས་ལྷ་ཡུལ་ས་དང་ནམ་མཁའ་དག་ལ་ཚད་ཡིན་ནོ། ༡༣ །དང་པོར་ཆོས་བཟང་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་སྟེ་ཚངས་དང་འཇིག་རྟེན་འདས་པ་དང་། །དཔལ་གྱི་བསྐལ་པ་དཀར་པོའི་བསྐལ་པ་ཡང་སྟེ་ཤིན་ཏུ་དབང་གྱུར་གནས་ནས་འདོད་པ་བཅུ་གཅིག་གོ། །གཟུགས་

མེད་དག་ནི་ཨ་སོགས་བཞི་པོ་ཧ་འཁྲིག་བྲལ་བ་རྣམས་ཏེ་ཨི་ལ་སོགས་པ་བཅུ་དྲུག་གཟུགས། །ཧ་སོགས་ལ་མཐའ་ཡང་ནི་འདོད་པ་རྣམ་བཅུར་རབ་ཏུ་གསལ་ཏེ་གསལ་བྱེད་གཅིག་པ་ཀ་སའོ། ༡༤ །སྲིད་པ་སུམ་ཅུ་རྩ་གཅིག་དག་གིས་འདིར་ནི་སྲིད་གསུམ་དུ་འགྱུར་ཁམས་ཀྱི་དབྱེ་

เล่ม ๑๑ · หน้า 3b

བས་ཁམས་གསུམ་མོ། །སྲིད་གསུམ་མ་ལུས་འདི་ཡང་རྡོ་རྗེ་གསུམ་དུ་འགྱུར་ཏེ་ཨ་སོགས་ཀ་སོགས་རབ་ཏུ་དབྱེ་བས་སོ། །རིན་ཆེན་སྣང་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ་བྱེ་མའི་ཆུ་ནི་གཉིས་པའོ། །འདམ་གྱི་ཆུ་དང་མི་བཟད་དུ་བ་དག་དང་མེ་དང་མུན་པ་དང་ནི་དུ་

འབོད་བདུན་པ་དང་། ༡༥ །ལན་ཚྭ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ་རི་བོ་ནི། །འོད་སྔོན་མནྡ་ར་རི་ནི་ཥ་ཊ་དང་ནོར་བུའི་འོད་དང་དྲོ་ཎ་བསིལ་རི་རྡོ་རྗེའོ། །གླིང་ནི་ཟླ་བ་འོད་དཀར་དག་ན་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་ཁྲུང་དང་། །དྲག་པོ་ཡང་ནི་

ལོངས་སྤྱོད་ས་སྟེ་བདུན་པ་འཛམ་བུ་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། ༡༦ །ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་མི་ཡི་བདག་པོ་ལྷོ་རུ་མེ་ནི་གྲུ་གསུམ་མོ། །བྱང་དུ་ཆུ་ནི་ཕྱེད་ཀྱི་ཟླ་བ་དག་དང་ནུབ་ཏུ་གསེར་མཆོག་ས་ནི་ཆུ་ཡི་གཏེར་གྱི་ཟུར། །རི་རབ་ལྷུན་པོ་སྟོང་པའི་རྣམ་པ་རྡོ་རྗེ་

མཆོག་གི་རང་བཞིན་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་སྟེ། །ས་ཡི་སྟེང་དུ་དཔག་ཚད་སྟོང་ཕྲག་རྣམས་ནི་རི་དང་ཀླུ་དང་གཟའ་དང་ཕྱོགས་རྣམས་དག་ཏུ་འགྱུར། ༡༧ །ལྷུན་པོ་ཡི་ནི་སྟེང་གི་རྒྱ་དང་ས་གཞི་དག་གི་གནས་ལ་དཔག་ཚད་རྣམས་ཀྱི་སྟོང་ཕྲག་ནི། །ལྔ་བཅུ་བཅུ་དྲུག་དག་གོ་

གཅིག་ནི་རབ་མཆོག་ས་ཡི་གཞི་ལ་ཁོར་ཡུག་དག་གི་ཡང་དག་སྟེ། །རྭ་ནི་ལྔ་པོ་རྣམས་དག་སྟེང་དང་ས་གཞི་དག་གི་གནས་ལ་ཕྱོགས་ཀུན་དུ་ནི་ཁོར་ཡུག་གོ། །དེ་ཡི་ཕྱི་རོལ་གླིང་དང་རི་བོ་དག་དང་ཆུ་གཏེར་རྣམས་ཏེ་ཕྱོགས་རྣམས་ཀུན་དུ་མེ་དང་རླུང་། ༡༨ །ཆུ་གཏེར་དྲུག་པོ་ཐམས་ཅད་དག་

ཀྱང་ཟླ་བ་ཟླ་བ་གཅིག་གིས་དམན་པའི་སྟོང་ཕྲག་རེ་རེ་སྟེ། །གླིང་རྣམས་དང་ནི་རི་རྒྱུད་མཆོག་རྣམས་དག་ཀྱང་དེ་ལྟའི་སྟོང་ཕྲག་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི། །འཛམ་བུའི་གླིང་གི་ཡངས་པ་དག་དང་ལན་ཚྭའི་ཆུ་ཡི་གཏེར་ནི་འབུམ་ཕྲག་ཕྱེད་ཀྱི་ཚད་ཡིན་ཏེ། །སྲིད་པ་གསུམ་པོ་འཛིན་

པ་ཡི་ནི་མཐའ་མ་དག་གི་མེ་དང་རླུང་གི་ཚད་དག་དེ་བཞིན་ནོ། ༡༩ །ཚངས་པའི་གནས་སུ་དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་བཅས་ལྷ་ཡི་ཚོགས་ཀྱིས་ཡང་དག་བསྟོད་པ་སྟེ། །ལྷུན་པོ་ལ་ནི་ཚིག་མདའི་ཚོགས་དང་ས་གཞིའི་འོག་ན་གནས་པ་ཀླུ་རྣམས་དག་ནི་རིགས་ལྔའོ། །དཔལ་ལྡན་

เล่ม ๑๑ · หน้า 4a

ལྷུན་པོའི་ཕྱོགས་རྣམས་ཀུན་དུ་ས་ཡི་དཀྱིལ་འཁོར་ལ་སོན་གནས་རྣམས་ཀུན་དང་ཉེ་བའི་གནས། །ཞིང་དང་འདུན་པ་དག་དང་འདུས་པ་ཅན་དང་རོ་ཁང་གནས་ནི་མེ་དང་རླུང་གི་མཚམས་ཀྱི་མཐར། ༢༠ །ཤར་དུ་བརྒྱ་བྱིན་མེར་ནི་མེ་ལྷ་གཤིན་རྗེ་བདེན་བྲལ་ནུབ་ཕྱོགས་

སུ་ནི་གཤིན་རྗེ་སྲིན་པོ་ཆུ། །རླུང་དང་ནོར་སྦྱིན་འཕྲོག་བྱེད་ཕྱོགས་སུ་རླུང་དང་གནོད་སྦྱིན་དྲག་པོ་སྟེང་གི་ཆ་དང་འོག་ཏུ་ཡང་། །ཚངས་དང་ཁྱབ་འཇུག་མཚོན་ལྡན་འཁོར་གྱི་སྐྱེ་བོ་དང་བཅས་རང་རང་ཕྱོགས་ནི་སྲུང་ཞིང་སྐྱོང་བ་སྟེ། །དེ་དག་དབུས་སུ་དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་གི་

སྐྱེད་མཛད་གཞོམ་དུ་མེད་པ་རྡོ་རྗེའི་སྐུ། ༢༡ །ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་དཀའ་བ་འཁོར། །གང་དུ་ཆོས་ནི་རྣམ་པར་ཉམས་ཤིང་རྩོད་དུས་འཇུག་པ་དེ་དང་དེར་ནི་རབ་ཏུ་བགྲོད་པར་བྱེད། །ཀླ་ཀློ་རྣམས་ཀྱང་གཡུལ་དུ་བཅོམ་སྟེ་རང་

གི་ཆོས་ལ་དགོད་པ་བྱས་ནས་མདུན་དུ་རྣམ་པར་རྒྱུ། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར། ༢༢ །དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། །རྒྱལ་པོའི་རྒྱབ་ཏུ་

གསུམ་ལྡན་རྩོད་པའི་དུས་ཀྱང་མདུན་དག་ཏུ་སྟེ་གཉིས་ཀྱི་བར་དུ་གཉིས་ལྡན་ནོ། །དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། ༢༣ །ཕྲ་དབུགས་

དྷྲུ་དང་ཆུ་ཚོད་ཉིན་ཞག་དྷྲུ་དང་དུས་བཞི་དག་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་རྣམས་ནི་རིམ་པས་ལུས་སྐྱེས་ཕྲ་དང་མི་དང་འབྱུང་པོ་ལྷ་དང་ལྷ་མིན་རྣམས་དང་ནི། །ནུས་དང་གཙོ་བོའི་ཉིན་ཞག་གཅིག་གི་ཚད་དེ་ས་གཞི་དག་ལ་དུས་བཞི་ནུས་པའི་ཚད་དུ་འཇུག །དུམ་བུ་དུམ་

བུར་ཞི་བའི་གོ་འཕང་འཁོར་ལོ་ཅན་བགྲོད་ཉིན་ཞག་གཅིག་ལ་ཉི་མ་བཅུ་གཉིས་སོ། ༢༤ ། ཕྱོགས་དང་ཟླ་བ་མཐའ་དག་དང་ནི་དུས་དང་དུས་བཞི་དང་ནི་མེ་དུས་བགྲོད་པ་རྣམ་པ་གཉིས། །རྒྱལ་པོ་ལོ་ནི་མཐའ་དག་རྗེས་སུ་ཉིན་ཞག་དུས་སྦྱོར་ཆུ་ཚོད་དག་དང་ཆུ་ཡི་སྲང་རྣམས་ཏེ། །འདི་

เล่ม ๑๑ · หน้า 4b

རྣམས་དེ་ལྟར་བགྲོད་པ་ལུས་སྐྱེས་ཕྲ་དང་མི་དང་འབྱུང་པོ་ལྷ་དང་ལྷ་མིན་རྣམས་དང་ནི། །ནུས་དང་གཙོ་བོའི་ཞག་རེ་ལ་སྟེ་སྲིད་པ་གསུམ་གྱི་གནས་དང་ལུས་ཀྱི་དབུས་སུ་དེ་བཞིན་ནོ། ༢༥ །ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། །

དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར། ༢༦ །

མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོར་ནི་རབ་ཏུ་གྲུབ། །ཀླ་ཀློའི་དབང་པོའི་ལོ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པའི་ལྷག་མ་དག་ཀྱང་ཉི་མས་བསྒྱུར། །ནག་པ་ལ་སོགས་ཟླ་བ་བསྲེས་ཏེ་འོག་ཏུ་དུས་ཀྱིས་བསྒྱུར་བ་མཁའ་མེ་ཟླ་བས་རྣམ་པར་དབྱེ། །

རྙེད་པ་སྟེང་དུ་བསྲེས་པ་དག་ནི་མི་ཡི་བདག་པོ་ཟླ་བའི་ཚོགས་པ་རྣམ་པར་དག་པར་འགྱུར། ༢༧ །ཟླ་བ་གནས་གསུམ་གྱུར་པའི་དབུས་མའི་ཕུང་པོ་དག་ལ་གང་གནས་ལག་པ་རྩེ་མོ་ཅན་གྱིས་བསྒྱུར། །རྩ་བ་དག་ལ་དྲུག་གི་ཆས་རྙེད་དེ་ཡང་བུ་ལོན་དུ་འགྱུར་དབུས་མ་ལ་ནི་སྦྱང་བར་བྱ། །སྟེང་འོག་

དག་ལས་མིག་དང་སུམ་ཅུའི་ནོར་ནི་བསྲེས་པ་གསལ་བར་བྱ་སྟེ་དྲུག་ཅུའི་ཆ་དག་གིས། །རྙེད་པ་སྟེང་དུ་རབ་བསྲེས་ཐུབ་པ་མཆོག་རྣམས་དག་གིས་བཅད་པའི་ལྷག་མ་དག་ནི་གཟའ་རུ་འགྱུར། ༢༨ །གནས་གཉིས་ཉི་ཟླ་བསྲེས་པ་དག་ལས་དུས་དང་ཉི་མས་ཐོབ་ལ་འབྱུང་བ་བསྲེས་པ་མཐའ་དག་ནི། །

དེ་ཡི་སྟེང་གི་ཕུང་པོར་སྦྱིན་ཏེ་དང་པོ་ལག་པས་བསྒྱུར་ལའོ་བརྒྱད་དང་གཉིས་ཀྱིས་ཕྱེ་བ་ཚོགས། །གནས་གསུམ་དབུ་མ་དག་ནི་དབང་ཕྱུག་གིས་བསྒྱུར་འོག་མ་དགུ་དང་ཡོན་ཏན་རྣམས་ཀྱིས་ཆ་ཐོབ་པར། །གཉིས་བསྲེས་དམན་པའི་དབུ་མར་ཆུ་ཚོད་དག་གིས་ཐོབ་པ་ནོར་ཏེ་སྟེང་གི་ཕུང་པོར་

གཉིས་ཀྱིས་ནི། ༢༩ །བསྒྱུར་ནས་བྱིན་ལ་སྐར་མས་བགོས་ལྷག་མི་བདག་ཉི་མའི་སྐར་མ་ལ་སོགས་ལོངས་སྤྱོད་དག་ཏུ་འགྱུར། །གཟའ་ལ་གཟའ་ནི་རབ་སྦྱིན་མི་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཏེ་འོག་ཏུ་ཚོགས་དག་ལ་ཡང་གཉིས། །སྐར་མར་གཉིས་དང་ཆུ་ཚོད་དྲག་པོ་ནོར་དུ་རབ་གསལ་

เล่ม ๑๑ · หน้า 5a

ཉི་མའི་ལོངས་སྤྱོད་དག་ལ་རབ་ཏུ་སྦྱིན། །འདི་དག་ཟླ་བའི་ངེས་པར་འགྱུར་ཏེ་སླར་ཡང་ཟླ་བ་ཟླ་བ་དག་ལ་རབ་ཏུ་སྦྱིན་པར་གསུངས། ༣༠ །ཚེས་རྣམས་སྦྱིན་དང་དོར་དང་སླར་ཡང་སྦྱིན་པ་དག་ནི་གཟའ་དང་ཆུ་ཚོད་རྐང་པ་རྣམས་སུ་སྟེ། །ཚོགས་ཀྱི་ཆ་ལ་ཆུ་གཏེར་ཟླ་

བས་མཉམ་དང་མི་མཉམ་ཐོབ་པ་དག་ལ་སྦྱིན་དོར་རྐང་པའི་དོན། །སྟོང་ལ་སྟོང་པ་རྣམ་དག་བཅུ་གསུམ་ཟླ་བའི་རྐང་པར་ལྔ་སྟེ་མིག་དང་ཉི་མ་དག་ལ་ཕྱོགས། །བཅུ་གཅིག་མེ་ལ་ཚེས་ཞེས་བྱ་སྟེ་བཅུ་དང་ཆུ་གཏེར་རྐང་པར་ཉི་ཤུར་གཅིག་གིས་དམན་པའོ། ༣༡ །ལྔ་དང་བུག་པར་ཉི་

ཤུ་རྩ་གཉིས་དུས་དང་ནོར་ལ་རྒྱལ་བ་བདུན་པར་ཉི་ཤུ་རྩ་ལྔ་སྟེ། །དེ་ལ་ཉི་མའི་རབ་ཏུ་དབྱེ་བས་གསལ་བྱས་ཉི་མའི་རྐང་པ་དག་ནི་སྦྱིན་དང་དོར་བར་འགྱུར། །འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ཅན་ནི་སྔ་མའི་ཆ་དང་གཞན་ལ་ཡང་། །ཚོགས་ཀྱི་ཆ་ལ་ཆུ་གཏེར་ཟླ་

བས་མཉམ་དང་མི་མཉམ་ཐོབ་ལ་རྒྱུ་བ་རྣམས་ནི་སྦྱིན་དང་དོར། ༣༢ །རྒྱུ་ཞིང་ཡོད་པས་ལྷག་མ་བསྒྱུར་བ་ལས་ནི་དུས་དང་ཉི་མས་ཆ་ཐོབ་དག་ཀྱང་དེ་བཞིན་ནོ། །དེ་ཉིད་ལ་ནི་ཉི་མའི་རབ་ཏུ་དབྱེ་བས་ཉི་མའི་རྐང་པའི་ཆུ་ཚོད་སྦྱིན་དང་དོར་བར་འགྱུར། །གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་

བསྒྱུར་གསལ་བར་ནོར་ཏེ་དེ་ཡི་སུམ་ཆ་དག་གིས་བསྲེས་པའོ། །དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ་ཉི་མའི་ལོངས་སྤྱོད་དབུས་ནས་སྦྱང་བར་བྱ། ༣༣ །བྱ་བ་ལྷག་མ་མིག་དམར་ཇི་བཞིན་རོ་དུས་རི་བོང་ཅན་རྣམས་དལ་བའི་ལས་ལ་རྐང་པ་སྟེ། །ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་

བསྒྱུར་ནས་མདའ་དང་ཡོན་ཏན་ཟླ་བས་ཆ་ཐོབ་ལོངས་སྤྱོད་དང་བཅས་པ། །བགྲོད་པ་འགྲོ་བའི་དབང་གིས་ཉི་མ་ལ་ནི་སྦྱིན་དང་དོར་ཏེ་གཞན་དུ་དག་པ་ཡོད་མ་ཡིན། །ཉི་མ་ལ་ནི་དུས་རོ་སྦྲུལ་དང་བཅུ་དང་འཕྲོག་བྱེད་འཕྲོག་བྱེད་དྲག་པོ་ཕྱོགས་དང་ཀླུ་དང་དྲུག ༣༤ །མེ་དང་ནམ་མཁའ་

དག་ཀྱང་བགྲོད་པའི་མཐར་ཏེ་བྱང་དང་ལྷོ་རུ་ནོར་དང་བུ་ལོན་དག་ཏུ་འགྱུར། །ཟླ་བ་འཕོ་བའི་དབྱེ་བ་དག་ལས་ཕྱོགས་ཀྱི་དབྱེ་བས་ཟླ་བ་དྲུག་ནི་ཉིན་མོར་བྱེད་པས་སྤྱོད། །ཉི་མ་ལ་བྱིན་ཚེས་གྲངས་དག་ཀྱང་འོག་ཏུ་རོ་ཡིས་བསྒྱུར་ལ་གཟའ་ཡི་ལོངས་སྤྱོད་བསྲེས་པ་དག །དམན་པར་གྱུར་པ་

เล่ม ๑๑ · หน้า 5b

རི་བོང་མཚན་མར་འགྱུར་ཏེ་མི་ཡི་བདག་པོ་ཉི་ཟླ་བསྲེས་པ་སྦྱོར་བའོ། ༣༥ །བྱེད་པ་དག་ནི་ཚེས་ལ་མིག་གིས་བསྒྱུར་བ་ཟླ་བྲལ་གང་ཞིག་བདུན་གྱི་ཆ་ཡི་ལྷག་མའོ། །དག་པའི་ལོ་ལ་ཀླུ་བསྲེས་མཁའ་དང་ནམ་མཁའ་ཆུ་གཏེར་གྱིས་བསྒྱུར་ཀླུ་བསྲེས་རྣམས་ཀྱིས་སྦྱངས་པ་དག །རི་ཟླ་

མེ་ཡིས་རབ་ཏུ་ཕྱེ་སྟེ་ནམ་མཁའ་རོས་བསྒྱུར་རི་ལ་སོགས་པས་བགོས་པ་ཆུ་ཚོད་དེ། །གཉིས་དང་སུམ་ཅུའི་གཟའ་དང་ཆུ་ཚོད་ངེས་པ་འདིར་ལྡན་ཟླ་བ་དག་ལ་ལོ་ཡིས་འཕོ་བའོ། ༣༦ །ལུག་སོགས་རྣམས་ཀྱིས་སྣོན་བྱེད་དག་ལ་གཟའ་དང་ཆུ་ཚོད་རིམ་པར་ཡོངས་བཀོད་བཅུ་གཉིས་

འདི་དག་སྟེ། །ཟླ་བ་རི་འབྱུང་རིག་བྱེད་དག་དང་ཡོན་ཏན་མདའ་སྟེ་རི་བོང་ཅན་དང་རི་ཟླ་གསུམ་པ་ལའོ། །རིག་བྱེད་མེ་འབྱུང་ཟླ་བ་མིག་དང་ལག་པ་དུས་དང་རིག་བྱེད་མིག་ནི་དྲུག་པ་དག་ལའོ། །དྲུག་དང་ཟླ་བ་མདའ་དང་ཟླ་བ་རི་དུས་མེ་དང་དྲུག་ཟླ་རིག་བྱེད་རི་དང་འཇིག་རྟེན་དང་། ༣༧ །

དྲུག་དང་རིག་བྱེད་སྟོང་པ་དག་སྟེ་སྟོང་པ་མིག་མདའ་ཉི་མའི་གོ་འཕང་ཉ་ཡི་ཁྱིམ་ལའོ། །ཟླ་དྲུག་འཕེལ་དང་འགྲིབ་པར་འགྱུར་ཏེ་ཉིན་དང་མཚན་མོ་དག་ཀྱང་ཉི་མ་རབ་ཏུ་རྒྱུ་བས་སོ། །ཆུ་གཏེར་སྲོག་དང་ཆུ་སྲང་མེ་ནི་ཉིན་ཞག་སོ་སོའི་དུས་སུ་འཕེལ་འགྲིབ་བགྲོད་པའི་ཡན་ལག་གིས། །ལྷོ་

ཕྱོགས་སུ་ནི་མཚན་མོ་དག་ཀྱང་འཕེལ་བར་འགྱུར་ཏེ་ཁ་བའི་རི་ཡི་བྱང་དུ་ཉིན་མོའོ། ༣༨ །ཟླ་བ་དག་ལ་མིག་དང་ཉི་མ་བསྲེས་པ་མིག་གི་རྣམ་བསྒྱུར་ཟླ་བའི་ཚིགས་ལ་གཅིག་བསྲེས་ཏེ། །མཁའ་དུས་ཆུ་ཡིས་རབ་ཕྱེ་ཐུབ་པ་ལག་པས་བསྒྱུར་བ་ལས་ཀྱང་མཁའ་སོགས་ཆ་ཡིས་སྐར་མའོ། །

ལྷག་མ་དྲུག་ཅུས་བསྒྱུར་བ་གང་ཡིན་དེ་ལས་ཆུ་ཚོད་སླར་ཡང་དེ་བསྒྱུར་བ་ལས་ཆུ་སྲང་སྟེ། །ཐོབ་པས་དམན་པའི་འཁོར་ལོ་གདོང་དུ་འགྱུར་ཏེ་མུན་ཅན་མཇུག་མ་དག་ཀྱང་རྒྱུ་སྐར་ཕྱེད་བསྲེས་པའོ། ༣༩ །ཟླ་བ་སུམ་ཅུས་བསྒྱུར་བ་ཉིན་ཞག་སོ་སོ་དག་དང་བཅས་པ་ལས་ནི་རི་མཁའ་རིས་ཐོབ་པ། །

གནས་གསུམ་དབུས་སུ་རྣམ་པར་བསྲེས་པ་ལས་ཀྱང་ཆུ་གཏེར་རོས་ཐོབ་དམན་པ་མི་གསལ་ཉིན་ཞག་གོ། །རི་དུས་གཅིག་གིས་བསྲེས་པ་དག་ཀྱང་གསལ་བའི་ཉིན་ཞག་ཚོགས་ཏེ་རི་ཀླུ་དུས་ཀྱིས་བགོས་པ་ཡི། །ལྷག་མ་སྐར་མས་བསྒྱུར་ཐོབ་སླར་ཡང་ནམ་མཁའ་རོ་ཡིས་བསྒྱུར་ལས་རི་

เล่ม ๑๑ · หน้า 6a

ལ་སོགས་པས་བགོས་པ་ཆུ་ཚོད་དོ། ༤༠ །མིག་དམར་ལ་ནི་ཕྱེད་བཅས་དགུ་སྦྱང་གལ་ཏེ་བུ་ལོན་ལྷག་ན་འཁོར་ལོ་བསྲེས་ལ་རྣམ་པར་སྦྱང་། །ཕྱེད་པས་ལྷག་པར་གྱུར་ནའང་འཁོར་ལོ་ཕྱེད་ནི་དོར་བར་བྱ་སྟེ་དོར་བའི་ལྷག་མ་རིམ་མིན་འགྱུར། །སྐར་མ་དྲུག་ཅུས་བསྒྱུར་ཏེ་ཆུ་

ཚོད་དག་དང་རབ་ཏུ་ལྡན་པར་གྱུར་པ་འབྱུང་མེ་ཟླ་བས་བགོ །གང་ཐོབ་དལ་བའི་ལས་དག་ལ་ཡང་ནོར་དང་བུ་ལོན་དག་ནི་རིམ་པ་མིན་དང་རིམ་པས་སོ། ༤༡ །དེ་ཉིད་བཅོ་བརྒྱད་རི་ནི་རབ་ཏུ་གསལ་བར་རོ་རྐང་འཁོར་ལོ་ཕྱེད་ལ་སྟེང་དང་འོག་ཏུ་སྟེ། །ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ལས་

མདའ་དང་ཡོན་ཏན་ཟླ་བས་འཁོར་ལོ་ཕྱེད་ལས་ཆ་ཐོབ་པ། །སྔ་མ་ཕྱེད་ལ་གཟུང་བྱར་འདོད་དེ་རྐང་པའི་དབང་གིས་དེ་བཞིན་ཕྱི་མ་ཕྱེད་ལ་དོར་བྱར་འགྱུར། །ཟོས་པ་ཚོགས་གཅིག་བྱས་ནས་གཟའ་ཡི་བགྲོད་པའི་དབང་གིས་སྦྱིན་དང་དོར་བ་དག་ཀྱང་ཆུ་ཚོད་ལའོ། ༤༢ །དེ་ནས་ཉི་མར་ས་སྐྱེས་

རྣམ་པར་སྦྱང་སྟེ་བླ་མ་ཉི་སྐྱེས་དག་ཀྱང་མྱུར་བའི་ལས་ལའོ། །ཟླ་སྐྱེས་དཀར་པོ་ལ་ཡང་ཉི་མ་དག་སྟེ་མྱུར་བའི་ལས་ལ་ངེས་པར་རིམ་པས་ནོར་དུ་འགྱུར། །སྦྱངས་པའི་ལྷག་མས་འདིར་ནི་རྐང་པ་དག་སྟེ་བཟའ་རྒྱུ་རྐང་པ་རྣམས་ཀྱིས་ལྷག་མའི་ཆུ་ཚོད་བསྒྱུར། །དྲུག་ཅུའི་ཆ་ཡིས་ཐོབ་པ་བཟའ་རྒྱུ་

རྐང་པ་དག་ལས་གཟུང་བྱ་དང་ནི་དབྲོག་བྱ་དེ་བཞིན་ཉིད། ༤༣ །ཟོས་པ་དག་ནི་ཚོགས་གཅིག་བྱས་ནས་གཟའ་ཡི་བགྲོད་པའི་དབང་གིས་སྦྱིན་དང་དོར་བ་མཐའ་དག་སྟེ། །ས་སྐྱེས་ལ་ནི་རྐང་པ་རྒྱལ་བ་སོགས་ཏེ་རབ་གསལ་མ་ནུའི་གནས་ལ་མཐའ་དག་གཞག་པར་བྱ། །དེ་ལྟར་གཟའ་རྣམས་

ཐམས་ཅད་ཀྱི་ནི་རིམ་པར་ཡོངས་སུ་བརྩི་བ་རིག་པར་བྱའོ་མི་ཡི་དབང་། །ཟླ་སྐྱེས་དཀར་པོ་ལས་ནི་ཉིན་མོར་བྱེད་པས་རྣམ་དག་ཟླ་སྐྱེས་དཀར་པོ་དག་ཏུ་ཡང་དག་འགྱུར། ༤༤ །སྟོང་དང་ནམ་མཁའ་ཟླ་བས་བསྒྱུར་བའི་མཐའ་དག་ཉིན་ཞག་ཚོགས་ལ་མེ་དང་ཉི་མ་རི་ཡིས་དམན། །རི་ནས་ཕུག་པ་རི་དང་ཀླུ་

ཡིས་བགོ་སྟེ་སླར་ཡང་ལྷག་མ་སྐར་མ་ལ་སོགས་དབྱེ་བས་བསྒྱུར། །རབ་བརྗོད་ཆ་ཡིས་རྒྱུ་སྐར་དག་དང་སླར་ཡང་ཆུ་ཚོད་རྣམས་ནི་ཟླ་སྐྱེས་ལོངས་སྤྱོད་དག་ཏུ་འགྱུར། །ཟླ་སྐྱེས་དོར་ཏེ་ཉི་མའི་དབུས་ནས་མི་བདག་བཟང་པོ་མི་བདག་སྐར་མ་ཕྱེད་ཀྱང་ཡང་དག་སྤངས། ༤༥ །ལྷག་མའི་བྱ་བ་ནོར་དང་

เล่ม ๑๑ · หน้า 6b

བུ་ལོན་དལ་དང་མྱུར་བའི་ལས་ཀྱང་མིག་དམར་ཇི་ལྟ་བཞིན་དུ་འགྱུར། །ཟླ་སྐྱེས་རྐང་པ་དལ་བའི་ལས་ལ་བཅུ་རི་མེ་སྟེ་མྱུར་བའི་ལས་ལ་མི་བདག་ལ་སོགས་སོ། །ཉིན་ཞག་ཚོགས་ནི་མཁའ་མཁའ་རོ་དང་མིག་གིས་དམན་པར་བྱས་ནས་སོ་མེ་ཆུ་གཏེར་དག་གིས་བགོ །ལྷག་མ་

སྐར་མས་བསྣུན་ལས་སྐར་མ་སླར་ཡང་ཆུ་ཚོད་བླ་མ་ཡི་ཡང་དལ་བའི་ལས་ལའོ། ༤༦ །རྒྱུ་སྐར་ཉི་མ་སྦྱང་སྟེ་འཕྲོག་བྱེད་དགུ་དང་རྩེ་མོ་ཅན་ནི་དལ་བའི་ལས་ལ་རྐང་པའོ། །སླར་ཡང་མྱུར་བ་དག་ལ་རྐང་པ་རབ་གསལ་མ་ནུའི་གནས་ལ་ཕྱོགས་རྐང་ལ་སོགས་དེ་དག་གོ། །ཉིན་ཞག་

མཁའ་དང་ཟླ་བས་བསྒྱུར་ནས་ཆུ་གཏེར་ནོར་གྱིས་དམན་པ་རི་དང་རྒྱལ་བ་མིག་གིས་བགོ །སྐར་མས་བསྒྱུར་བ་ལས་ཀྱང་སྐར་མའི་ལོངས་སྤྱོད་སླར་ཡང་ཆུ་ཚོད་མྱུར་བའི་ལས་ལ་པ་སངས་ཀྱི། ༤༧ །རྒྱུ་སྐར་དུས་ནི་ཉི་མ་ལ་སྦྱང་མདའ་དུས་རི་བོང་ཅན་ནི་དལ་བའི་ལས་ལ་རྐང་པ་སྟེ། །མྱུར་

ལ་དེ་ཉིད་ལ་སོགས་དབྱེ་བས་རབ་གསལ་མ་ནུའི་གནས་དག་ལས་ཏེ་སྦྱིན་ནོར་མིག་དམར་བཞིན། །མཁའ་མིག་ཀླུ་དང་རིག་བྱེད་ཀྱིས་དམན་གསལ་བའི་ཉིན་ཞག་ཚོགས་ནི་དྲུག་རོ་རི་མཁའ་ཟླ་བ་ཡིས། །བགོ་ཞིང་སྐར་མས་བསྒྱུར་ལས་སྐར་མར་འགྱུར་ཏེ་སྤེན་པ་ཡི་ནི་དོར་བྱ་དག་ཀྱང་

བཅོ་བརྒྱད་དོ། ༤༨ །རྐང་པ་ཉི་ཤུ་རྩ་གཉིས་ཚེས་དུས་རབ་གསལ་རོ་ཡི་གནས་ལའོ་མྱུར་བའི་ལས་ལ་རོ་ལ་སོགས། །མྱུར་དལ་རྒྱུ་བ་དག་ཀྱང་རིམ་པས་རྐང་པ་བགྲོད་པ་ལ་སྟེ་འཁྱོག་པོ་ཉིད་ནི་རིམ་མིན་གྱིས། །ཕྱེད་སྔ་མ་དང་ཕྱེད་ཕྱི་མར་ཡང་ཉི་མ་འགྲོ་བའི་དབང་གིས་གཟའ་རྣམས་ཀྱི་

ནི་འབྱུང་བ་ཡང་། །སུམ་ཅུ་རྩ་བདུན་ལག་པས་བསྒྱུར་བའི་ཟླ་བ་རྣམས་ཀྱིས་མཇུག་རིངས་དག་ནི་མྱུར་དང་འཁྱོག་པོར་འགྱུར། ༤༩ །གང་དག་སུ་ཞིག་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཞུགས་གཟའ་དེ་དག་ཀྱང་ངེས་པར་ནུབ་པར་འགྱུར། །ཉི་མ་བཏང་ནས་འཆར་བར་འགྱུར་ཏེ་དེ་ཡི་ལམ་ཡང་བགྲོད་

པ་འགྲོ་བའི་རྣམ་པར་དབྱེ་བས་སོ། །གཡོན་པའི་ལམ་ལ་གནས་པ་གང་ཡིན་དེ་ནི་ཉི་མ་འགྲོ་བའི་དབང་གིས་གཡོན་ནས་འགྲོ་བ་སྟེ། །གཡས་ལ་གནས་པ་དག་ནི་གཡས་ཀྱིས་སླར་ཡང་གསལ་བར་འདིར་ནི་ཕན་ཚུན་འཐབ་སྟེ་དགྲ་ཡིན་ཕྱིར། ༥༠ །རང་གི་ཞིང་ལ་ཡང་དག་གནས་རྣམས་གལ་ཏེ་དེ་ལ་

เล่ม ๑๑ · หน้า 7a

དགྲ་དག་འགྱུར་ན་ངེས་པར་འཐབ་པའོ། །སྐར་མ་ལ་སྟེ་གཞན་ལ་འཐོབ་པ་མིན་པར་ངེས་ཤིང་འདིར་ནི་ཕན་ཚུན་མཚུངས་པ་དག་ཏུ་ལྡན། །གལ་ཏེ་ཉི་མ་ཡི་ནི་གཡོན་དུ་ཟླ་བ་རབ་ཞུགས་གྱུར་ཅིང་འབྱུང་བ་ཡང་ནི་གཡོན་པ་ཡིས། །བྱང་གི་རྭ་ནི་མཐོ་བར་འགྱུར་ཏེ་ཁ་ཅིག་

ཏུ་ནི་བགྲོད་པའི་དབང་གིས་ལྷོ་རུ་གཡས་པ་ཡང་། ༥༡ །ཚིགས་མཚམས་སུ་ཡང་སྒྲ་གཅན་གདོང་དང་མཉམ་པར་འགྲོ་སྟེ་མངོན་དུ་ཕྱོགས་པར་འཛིན་པ་ཁོ་ནའོ། །གཡོན་དུ་རྒྱུ་བ་དག་ལ་གཡས་མིན་དུ་སྟེ་ཉི་མའི་བགྲོད་པའི་དབང་གིས་གཡས་ལ་གཡས་པའི་ཆར། །དེ་ལྟར་སྒྲ་

གཅན་གྱིས་ནི་ཕྱོགས་མཚམས་སུ་འཛིན་རི་བོང་འཛིན་པ་འབྱུང་བ་དག་ནི་རྒྱབ་ཏུ་མང་། །ཐ་སྐར་ལ་སོགས་ནག་པ་ཕྱེད་དུ་ཉིན་དང་མཚན་མོ་མཉམ་པའི་དབུས་སུ་གོ་ལའི་རི་མོའོ། ༥༢ །རྒྱུ་སྐར་གཡས་དང་གཡས་མིན་དག་ལ་ངེས་པར་སྲིད་པའི་གནས་སུ་ཁྱིམ་གྱི་དབྱེ་བས་ཡང་དག་གནས། །

གཞུ་ཡི་རྣམ་པའི་དུས་ཁྱིམ་དག་ལ་གོ་ལའི་དབུས་ནས་ལྷོར་ནི་མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་། །བྱང་དུ་དེ་ནི་བསིལ་བའི་རི་སྟེ་པད་འདབ་བཟང་པོ་བཞིན་དུ་ཤར་དུ་ལུག་དང་སྲང་སོགས་ལའོ། །མེ་ནས་བསིལ་བའི་རི་ཡི་མཚམས་སུ་དཔག་ཚད་སྟོང་ཕྲག་མཁའ་དང་ནམ་མཁའ་མཁའ་དང་

མདའ་རིའོ། ༥༣ །དབུས་སུ་འཁོར་ལོ་ཕྱེད་ཀྱི་རི་མོ་ཉི་མའི་བགྲོད་པ་དག་ཀྱང་མཚན་མོ་གཅིག་ནི་མཉམ་པ་ལའོ། །ཕྱི་ནས་གཡས་དང་གཡས་མིན་དག་ཏུ་རྒྱུ་སྟེ་ཉིན་དང་མཚན་མོ་རྒྱུ་སྐར་དབྱེ་བས་རིམ་པ་ཡིས། །ལམ་རྣམས་མཁའ་ཀླུ་ཟླ་བ་འདོར་ཞིང་ཉིན་དང་མཚན་མོ་དག་ཀྱང་ཇི་སྲིད་བགྲོད་པ་

དག་གི་མཐར། །ཉི་མ་རི་བོང་ཅན་གྱི་ཉིན་མཚན་ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ཆས་སོ། ༥༤ །གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ་ལུག་ཉི་སྲང་གི་ཉི་མ་ལའོ། །དེ་ཕྱིར་གཉིས་བརྒྱད་དུམ་བུ་དག་ལ་ངེས་པར་གླང་ལ་གནས་དང་སྡིག་པ་ལ་གནས་དེ་

བཞིན་ནོ། །བུག་པ་ཞེས་བྱ་མེ་གྲངས་དག་ལ་འཁྲིག་པ་གཞུར་གནས་ཕྱོགས་ཀྱི་ཚད་དང་བཞི་པ་དག་ལ་ནི། །ཉི་མ་ཀརྐ་ཊ་ལ་གནས་པ་དག་དང་ཆུ་སྲིན་ལ་གནས་ལྔ་པ་བཅུ་གཅིག་པ་ལ་ཡང་། ༥༥ །སེང་གེ་བུམ་པར་རབ་ཞུགས་བཅུ་གཉིས་རོ་ཡི་སར་ནི་ཉ་དང་བུ་མོར་གནས་པ་དག་ལའོ། །འདིར་ནི་

เล่ม ๑๑ · หน้า 7b

གཡོན་བགྲོད་དུ་འགྱུར་ཉི་མ་ཆུ་སྲིན་གནས་པ་ལ་སྟེ་བུམ་པར་ཉི་མས་གཉིས་པ་ལ། །ཉ་ལ་དུམ་བུ་གསུམ་པར་མི་རྣམས་ཀྱི་ནི་བགྲོད་པ་དག་ཀྱང་ལུག་གི་ཉི་མས་བཞི་པར་རོ། །འབྱུང་བ་ཞེས་བྱར་ཉི་མ་གླང་ལ་གནས་པས་འཁྲིག་པར་ཉི་གནས་ས་ནི་དྲུག་པ་བདུན་པར་ཡང་། ༥༦ །ཉི་མ་ཀརྐ་ཊ་ལ་

གནས་པས་འགྱུར་ཏེ་སེང་གེ་ལ་གནས་ས་ཡི་དུམ་བུ་བརྒྱད་པར་རོ། །བུ་མོས་བུག་པར་སྲང་གི་ཉི་མས་བཅུ་པར་འགྱུར་ཏེ་སྡིག་པ་ཡིས་ཀྱང་དྲག་པོའི་དུམ་བུ་ལའོ། །གཞུ་ལ་གནས་པས་བཅུ་གཉིས་པར་འགྱུར་མི་རྣམས་བགྲོད་པ་དག་ཀྱང་བཅུ་གཉིས་རྩིབས་ཀྱི་ས་ལའོ། །དེ་བཞིན་ལྷོར་བགྲོད་

དུ་འགྱུར་ཉི་མ་བགྲོད་པའི་དབང་གིས་ཀརྐ་ཊ་སོགས་ཁྱིམ་རྣམས་དག་ལའོ། ༥༧ །སྟེང་དུ་དྲུག་དང་ཀླུ་ཡི་གྲངས་ནི་ཉི་མའི་གདུང་བྱེད་དག་ཀྱང་བྱང་དུ་བགྲོད་པ་དག་གི་མཐར། །དེ་ནས་གཡས་ཕྱོགས་སུ་ཡང་ཟད་པར་འགྱུར་ཏེ་མི་ཡི་བདག་པོ་སྟོང་ཕྲག་དག་ནི་དྲག་པོའི་གྲངས། །སྟོང་ཕྲག་བརྒྱད་

ཅུ་རྩ་གཅིག་མདའ་ནི་བརྒྱ་དང་བྲལ་བར་གྱུར་པ་དབུས་ནས་གོ་ལའི་རི་མོ་སྟེ། །དེ་ལས་གང་ཞིག་འཕེལ་དང་འགྲིབ་པར་འགྱུར་བ་མཁའ་མཁའ་མདའ་དང་མདའ་ནི་བྱང་དང་ལྷོར་ཡང་ངོ་། ༥༨ །ལན་ཚྭའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེ་ཡི་བར་དུ་འགྲོ་བར་བྱེད། །ཀཻ་ལ་ཤ་

ཡི་བྱང་དུ་འགྲོ་སྟེ་གངས་ཀྱི་རི་ལ་བྱང་དུ་ཡང་ནི་བྱང་ལ་གནས་པའོ། །མདའ་རྣམས་ཚེས་ཀྱིས་བསྒྱུར་བའི་དཔག་ཚད་སྟོང་ཕྲག་རྣམས་ནི་ཕྱོགས་ཀྱིས་བགྲོད་པ་དག་ལ་འགྲོ་བར་བྱེད། །ཕྱེད་བཅས་མིག་ཀླུ་ཟླས་ཐོབ་ཉིན་དང་ཉིན་ལས་འདོར་བ་ལྔ་དང་ས་འཛིན་སྟོང་ཕྲག་དག་ལས་སོ། ༥༩ །ཁྱིམ་

གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད། །དུམ་བུ་དུམ་བུ་དག་ཏུ་ཟླ་བར་འགྱུར་ཏེ་ས་གཞི་བཅུ་གཉིས་རྩིབས་རྣམས་ལ་ནི་རིམ་པས་སོ། །ཚད་གང་དུམ་བུ་གང་དུ་ཉིན་མོའི་དབང་གིས་ཡིན་པ་དེ་ནི་བདུན་པ་དག་ཏུ་མཚན་མོ་ལའོ། །ལམ་

ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་མའི་མདུན་དུ་ཉིན་མོ་དང་ནི་རྒྱབ་ཏུ་མཚན་མོའོ། ༦༠ །རི་ཡི་རྒྱལ་པོ་དག་ནི་སྐྱེ་བོ་ཐམས་ཅད་ཀྱི་ཡང་བྱང་ན་གནས་པར་འགྱུར་རོ་མི་ཡི་བདག །ཉི་མ་འཆར་བ་ཤར་དུ་འགྱུར་ཏེ་རི་དང་མཉམ་པ་བགྲོད་པ་དག་དང་དེ་ནི་ནུབ་པ་ནུབ། །དུས་དང་ཐུན་མཚམས་

เล่ม ๑๑ · หน้า 8a

བཞི་དང་ཐུན་ཚོད་ཉིན་དང་མཚན་མོ་དུས་ཀུན་ཏུ་ནི་ཡང་དག་རྒྱུ་བ་རྣམས། །དུས་སྦྱོར་དབྱེ་བས་ཕྱེ་བར་གྱུར་པ་ལྷུན་པོའི་ཕྱོགས་རྣམས་སུ་ནི་རབ་གསལ་ཉི་མའི་ས་ལ་འཁོར། ༦༡ །ཆུ་ཚོད་དུས་ལ་དཔག་ཚད་སྟོང་ཕྲག་དྲུག་ནི་རྐང་པ་དང་བཅས་ཉིན་

མོར་བྱེད་པ་འགྲོ་བ་སྟེ། །དྲུག་ཅུ་ལ་ནི་མེ་འབུམ་དག་དང་ལྔ་དང་རི་བོའི་སྟོང་ཕྲག་ཉིན་དང་མཚན་མོ་དག་ཏུ་འཁོར། །ཉིན་དང་མཚན་མོར་གོ་ལ་ཕྱེད་ལ་མཁའ་མེ་ཆུ་ཚོད་བགྲོད་དེ་གོ་ལ་དག་ལ་གཡས་དང་ནི། །གཡས་མིན་དག་ཏུ་འགྲིབ་དང་འཕེལ་བ་ལྔ་སྟེ་ཉིན་ཞག་

སོ་སོར་དེ་ནི་དབུགས་ཟུང་ཆུ་སྲང་གསུམ། ༦༢ །ལུག་གི་དུས་སྦྱོར་ལ་ནི་ཆུ་སྲང་དུ་འགྱུར་མཁའ་དགུ་ལག་སྟེ་མཁའ་དུས་མིག་ནི་གླང་ལ་འགྱུར། །ཟུང་དག་ལ་ཡང་མཁའ་མཁའ་གཉིས་ཏེ་མདའ་རོའི་ཆུ་ཚོད་དུ་འགྱུར་ཀུ་ལཱི་ར་དང་སེང་གེ་ལའོ། །བུ་མོ་ལ་ནི་ཕྱེད་བཅས་

དྲུག་སྟེ་ངེས་པར་སྲང་སོགས་རིམ་པ་མིན་པས་དེ་བཞིན་ཐམས་ཅད་འགྱུར། །དུས་སྦྱོར་དྲུག་གིས་དེ་ནུབ་གང་ཕྱིར་འཆར་བ་དག་ཀྱང་དེ་བཞིན་ཉི་མའི་རྒྱུ་སྐར་དབྱེ་བས་སོ། ༦༣ །སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་ལྡན་པ་དག་ལས་སོ་ཡི་ཆ་ཡིས་ངེས་པར་ཕྱུང་གྱུར་པ། །ལུས་ལ་

དབུགས་ལྷག་གང་དག་ཉིན་ཞག་སོ་སོའི་དུས་སུ་འབྱུང་བ་རི་དང་དུས་རྣམས་དག་གི་གྲངས། །སྟོང་ཕྲག་སུམ་ཅུ་རྩ་དྲུག་དག་གིས་བསྒྱུར་བ་རྣམས་ཀྱང་ལོ་བརྒྱའི་ཚད་དུ་རབ་ཏུ་གྲགས་པ་སྟེ། །སྟོང་དུས་མེ་ཡིས་རབ་ཏུ་ཕྱེ་བ་དག་ནི་ཆུ་ཚོད་དུ་འགྱུར་དྲུག་ཅུའི་ཆ་ཡིས་ཉིན་ཞག་ཀྱང་། ༦༤ །

ཟླ་བའི་ཕྱོགས་ཏེ་ཉི་མའི་བགྲོད་པ་དག་དང་ས་སྐྱེས་ཟླ་བ་དགུ་རྣམས་དག་གིས་མཚན་མོའོ། །བླ་མའི་ལོ་དྲུག་ཏུ་འགྱུར་པ་སངས་ཀྱི་ཡང་བགྲོད་པར་འགྱུར་ཏེ་ཟླ་སྐྱེས་ཀྱི་ཡང་བགྲོད་པའོ། །ཚེས་ཞེས་བྱ་བའི་ལོ་ནི་ཉི་སྐྱེས་ཀྱི་སྟེ་དེ་བཞིན་མུན་ཅན་གྱི་དགུ་རྒྱལ་པོ་མཇུག་རིངས་དང་། །

དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནོར་གྱིས་བསྒྱུར་བའི་དུས་ཀྱི་ལོ་དང་ཕྱེད་བཅས་ཟླ་བ་གསུམ། ༦༥ །ཕྱེད་དང་བཅས་པའི་ཉིན་ཞག་གྲངས་དག་ལས་ཀྱང་ལོ་བརྒྱར་འགྱུར་ཏེ་དུས་ཀྱི་འཁོར་ལོས་དམན་ནོ་འདིར། །སྲོག་ནི་སྙིང་སྟོབས་ལ་འབབ་རྡུལ་གྱི་བར་དང་མུན་པ་ལ་

เล่ม ๑๑ · หน้า 8b

ཡང་ལུས་ངག་སེམས་ཀྱི་དབྱེ་བས་སོ། །ལྷ་མི་ལག་འགྲོ་རྣམས་ནི་དེ་ནས་ལྔ་པ་ཉིད་འགྱུར་ཟླ་བ་ཕྱེད་བཅས་མཚན་མོ་དག་གིས་ཀྱང་། །གྲངས་ནི་ཤིན་ཏུ་ངེས་པ་འདི་དག་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་པ་ཡིན་ནོ་མི་ཡི་དབང་། ༦༦ །མ་བཅད་དུས་ཀྱི་འཁོར་ལོའི་

བགྲོད་པ་དག་ལ་བུ་ལོན་དགུ་ནི་བསྲེས་པར་གྱུར་པ་མཐའ་དག་རྣམས། །བཀྲ་ཤིས་ལ་སོགས་གཟའ་ནི་ལྔ་པོ་རྣམས་ཀྱིས་མྱུར་བའི་ལས་དག་ལ་ཡང་རྐང་པའི་ཆུ་ཚོད་དེ། །ས་སྐྱེས་ལ་ནི་རིག་བྱེད་དུས་མེར་རབ་འགྱུར་སྲིད་པའི་གནས་རྣམས་དག་ལ་རྒྱུ་བའི་དབྱེ་

བ་ཡིས། །སྔ་ཕྱི་ཕྱེད་ལ་མཚུངས་པར་བུ་ལོན་ནོར་གྱི་བགྲོད་པ་དག་ལ་གནས་ཀྱི་དབྱེ་བས་ངེས་པར་སྦྱར། ༦༧ །དང་པོར་རྒྱལ་དབང་གྲངས་ཀྱི་ཆུ་ཚོད་དག་སྟེ་མེ་དང་མིག་ནི་རྣམ་གསུམ་དག་ཏུ་རབ་ཏུ་འགྱུར། །གནས་གཉིས་དག་ལ་གཅིག་དང་མིག་སྟེ་བཅྭ་བརྒྱད་ཚེས་

དང་དྲག་པོ་མེ་དང་རྩ་བར་དྲག་པོ་དང་། །སུམ་ཅུ་རྩ་བརྒྱད་བརྒྱད་ཅུ་དག་དང་བརྟན་པ་སྲིད་པའི་གནས་ལ་འདིར་ནི་གསུམ་བཅས་ལྔ་བཅུའོ། །དེ་ཡིས་ཉི་མ་རྣམ་དག་གྱུར་ལ་བུ་ལོན་དག་དང་ནོར་ཡང་རིམ་པ་མིན་དང་རིམ་པས་སོ། ༦༨ །རིག་བྱེད་དག་དང་བུག་པ་ཟླ་

བའི་གྲངས་ནི་གཟའ་ལག་མྱུར་བའི་ལས་ལ་ཆུ་ཚོད་དག་ཏུ་འགྱུར། །གནས་གཉིས་ལ་ནི་བཅུ་དྲུག་གཞན་ལ་ཚེས་དང་མ་ནུ་མྱོས་བྱེད་དྲག་པོ་རི་དང་དབང་པོ་མཁའ། །རྩ་བ་དག་ལས་རིག་བྱེད་དྲག་པོ་དང་ནི་རབ་གསལ་ངེས་པར་བཅུ་གཉིས་པ་ལ་ཉི་ཤུ་སྟེ། །ཉི་ཤུ་བརྒྱད་

དང་སུམ་ཅུ་རྩ་བཞི་དག་ཀྱང་མ་ནུའི་གནས་ལ་རྒྱུ་བའི་དབྱེ་བས་ཡང་དག་གནས། ༦༩ །ཆུ་གཏེར་ནམ་མཁའ་དག་དང་ཟླ་བའི་གྲངས་ཏེ་འདི་དག་རྣམས་ནི་བླ་མའི་ཆུ་ཚོད་ཚོགས་སུ་འགྱུར། །གནས་གཉིས་དག་ལ་ཕྱོགས་ཀྱི་ཚད་དང་དགུ་ནོར་དུས་དྲུག་ལག་པ་ཟླ་བ་

དག་དང་རྩ་བར་ནི། །མེ་དྲུག་བུག་པ་དང་ནི་དྲག་པོ་མི་བདག་ཐུབ་པ་རྣམས་ཏེ་རྒྱུ་བ་ཐམས་ཅད་རིམ་པས་སོ། །མྱུར་དལ་འཁྱོག་པོ་ལ་ཡང་གཟའ་ཡི་ཚོགས་ནི་ངེས་པར་ཉི་མའི་དབྱེ་བ་དག་གིས་རྒྱུ་བར་བྱེད། ༧༠ །དྲུག་དང་ཟླ་བ་ཆུ་གཏེར་གྲངས་ཀྱི་ཆུ་ཚོད་དག་ནི་

เล่ม ๑๑ · หน้า 9a

པ་སངས་ཀྱི་ཡང་མྱུར་བའི་ལས་ལ་འགྱུར། །གནས་གསུམ་དག་ལ་ཉི་ཤུ་ལྔ་སྟེ་གཉིས་ནི་རྒྱལ་བ་ཞེས་དང་དེ་བཞིན་ལག་མིག་རྣམ་པ་གཉིས། །སྐྱོན་དང་ཚེས་དང་བརྒྱད་དེ་རྩ་བར་དྲུག་དང་ནམ་མཁའ་ཡོན་ཏན་དག་དང་གཅིག་གིས་དམན་པའི་བརྒྱ། །

མཐར་ནི་མེ་དང་རི་ཡི་གྲངས་ཏེ་བརྟན་པ་སྲིད་པའི་གནས་ལ་པ་སངས་རྒྱུ་བ་རིམ་པས་སོ། ༧༡ །ཉི་མའི་བུ་ལ་དྲུག་དང་འབྱུང་བའི་གྲངས་ཀྱི་ཆུ་ཚོད་ཚོགས་པ་འདི་དག་ཏུ་འགྱུར་མི་ཡི་དབང་། །དྲུག་དང་འབྱུང་བ་དག་དང་འབྱུང་བ་རིག་བྱེད་ཆུ་གཏེར་མིད་དང་ཟུང་དང་སྟོང་པ་

རྩ་བར་ནི། །ཕྱོགས་དང་རིག་བྱེད་དག་དང་འབྱུང་བ་རོ་དང་ནོར་དང་རྩེ་མོ་ཅན་ནི་རིམ་པས་གཞག་པར་བྱ། །དེ་ལྟར་གཟའ་རྣམས་ཀྱི་ནི་རྒྱུ་བ་མཐའ་དག་དུས་ཀྱི་འཁོར་ལོ་དག་ལས་ཤིན་ཏུ་ངེས་པར་འགྱུར། ༧༢ །སུམ་ཅུ་རྩ་དྲུག་ཕྱེད་བཅས་ཟླ་བ་ངེས་པར་ནོར་གྱིས་བསྒྱུར་

བ་དག་ནི་བཀྲ་ཤིས་ལ་སོགས་པ། །གཟའ་རྣམས་དག་གི་དལ་བའི་ལས་ལ་རྐང་པར་འགྱུར་ཏེ་མིག་བུག་མིག་གི་གྲངས་ཀྱི་ཆུ་ཚོད་དོ། །དེ་ཉིད་བཅྭ་བརྒྱད་རི་དག་བརྟན་པ་ས་ཡི་བུ་ཡི་ཕྱི་མ་དང་ནི་སྔ་མའི་ཆ་ལ་སྟེ། །ཕྱོགས་རི་མེ་ནི་གཟའ་ལྷག་གི་འོ་དབང་ཕྱུག་དགུ་

མེ་བླ་མའི་སྔ་ཆ་དག་དང་གཞན་ལ་ཡང་། ༧༣ །དཀར་པོའི་མདའ་དང་ཆུ་གཏེར་ཟླ་བ་སྤེན་པ་ཡི་ཡང་མིག་བཅས་མིག་དང་ཉིན་ཞག་དུས་སུ་འགྱུར། །ཟླ་བ་ལ་ནི་ས་སྐྱེས་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་དག་སྟེ་ལྔ་དང་འཇིག་རྟེན་ཟླ་བའི་གྲངས། །པ་སངས་ཀྱི་སྟེ་དེ་བཞིན་

གཟའ་ལག་གི་ཡང་གཅིག་ཏུ་བསྡུས་པ་མཁའ་རོ་བསྲེག་ཟ་དག་ཏུ་འགྱུར། །འདི་དག་ཟླ་བ་གསུམ་གྱིས་ལོ་ཡི་ཉིན་ཞག་བུ་ལོན་ཆུ་ཚོད་ལོངས་སྤྱོད་འདི་ནི་གསུམ་གྱིའོ། ༧༤ །ཟླ་བར་བླ་མའི་ལོངས་སྤྱོད་དུ་འགྱུར་རབ་གསལ་ཆུ་ཚོད་དྲག་པོའི་གྲངས་ནི་རྐང་པ་དང་བཅས་ཏེ། །

ཆུ་སྲང་སུམ་ཅུ་རྣམས་དང་གསལ་བར་དུས་ཀྱི་ཆུ་ཚོད་དག་ནི་ཉི་མའི་བུ་ཡི་ལོངས་སྤྱོད་དོ། །གཅིག་ཏུ་གྱུར་པ་ཉིན་ཞག་ཅེས་བྱ་གསུམ་གྱིས་བསྒྱུར་བ་དེ་ཡང་ཟླ་བ་ཕྱེད་བཅས་མཚན་མོར་བཅས། །གཙོ་བོའི་ལོངས་སྤྱོད་ལ་ནི་ཉིན་ཞག་རྣམས་ཀྱི་ཉིན་བཞིན་བུ་ལོན་གཟའ་

เล่ม ๑๑ · หน้า 9b

དྲུག་གི་ཡང་ལོངས་སྤྱོད་དོ། ༧༥ །ཟླ་གཅིག་ལྷག་པ་གང་ཞིག་དལ་བའི་ལས་ལ་ཁྱབ་བདག་རྗེས་སུ་གཟའ་རྣམས་ཀྱིས་ནི་ལོངས་མ་སྤྱད། །དེ་ལས་རབ་ཏུ་གསལ་བར་ཕྱེད་བཅས་བདུན་གྱི་ཆུ་ཚོད་དག་ནི་ཟླ་བ་འདི་ཉིད་ལ་སྤྱོད་དེ། །སྒྲ་གཅན་ཟླ་བའི་ལོངས་སྤྱོད་ཉི་མ་དང་བཅས་ཟླ་

བའི་རྐང་པ་ཆུ་ཚོད་ཕྱེད་ཀྱིས་རྣམ་པར་དམན། །ཉི་མའི་བགྲོད་པ་དང་པོ་ལ་གསུམ་ཟླ་བ་མྱོས་བྱེད་ཉིན་ཞག་དག་ལ་ཟླ་བའི་ཆུ་ཚོད་ལྔ། ༧༦ །གང་ཞིག་མ་སྤྱད་ཕྱེད་ཀྱི་ཆུ་ཚོད་དེ་ནི་དུས་ཀྱི་ཉིན་ཞག་དུས་ལ་ཆ་དམན་ཟླ་བ་སྟེ། །དེ་ནི་ཉི་མའི་ལྷག་པར་འགྱུར་ཏེ་ངེས་པར་དུས་

ཀྱིས་བསྒྱུར་བ་ཉི་མའི་ཟླ་བར་ཉིན་ཞག་དེའོ། །སྒྲ་གཅན་ཟླ་བའི་ལོངས་སྤྱོད་མིག་གིས་རྣམ་པར་བསྒྱུར་ཏེ་ཕྱོགས་ཀྱི་ལོངས་སྤྱོད་དག་གིས་བགོས་པ་ལས། །ཐོབ་པ་དག་ནི་མཇུག་རིངས་ཆུ་ཚོད་ཉིན་ཞག་སོ་སོའི་དུས་སུ་སྒྲ་གཅན་ཟླ་བའི་ལོངས་སྤྱོད་ལས། ༧༧ །ཆུ་སྲང་

བདུན་དང་ཕྱེད་ཕྲོགས་ངེས་པར་ཡོན་ཏན་གྱིས་བསྒྱུར་ཉི་མའི་ལོངས་སྤྱོད་དག་ལ་སྦྱང་བར་བྱ། །མཇུག་རིངས་ཉི་མ་དག་དང་ལྷན་ཅིག་རྣམ་པར་རྒྱུ་སྟེ་མྱུར་འཁྱོག་དག་ལ་མདུན་དང་རྒྱབ་ནས་སོ། །རྒྱུ་བར་ཆུ་སྲང་ཕྱེད་བཅས་གཉིས་སྤྱོད་ཉིན་དང་ཉིན་ལ་ཉི་མའི་ལོངས་སྤྱོད་དག་

ལས་རིམ་པ་སྟེ། །རང་གི་ཟླ་བ་སུམ་ཅུ་དྲུག་གིས་དེ་རྒྱུ་ཆུ་ཚོད་དག་ཀྱང་འཇིག་རྟེན་གྱིས་ནི་ཚེས་གྲངས་བསྒྱུར། ༧༨ །ཕྱེད་བཅས་ཟླ་བར་ཆུ་ཚོད་གཉིས་ནི་ཉིན་ཞག་སོ་སོར་འཆར་ཏེ་མྱུར་འཁྱོག་དག་ལ་མདུན་རྒྱབ་ཏུའོ། །ཕྱེད་བཅས་ཟླ་བའི་བར་དག་ཏུ་ནི་དེ་ཡི་འཆར་བ་

མི་ཡི་འཇིག་རྟེན་དག་ཏུ་མཐོང་བར་འགྱུར། །སླར་ཡང་དཔལ་དུས་འཁོར་ལོར་རབ་འཇུག་དེ་ནི་གང་ཚེ་ལོ་ཡི་ལོངས་སྤྱོད་དག་ལ་མཐོང་མི་འགྱུར། །དེ་ཡི་འཆར་བའི་ཆ་དག་ཤེས་པར་གྱུར་ན་དེ་ཡི་འཆར་བ་མཐའ་ཡས་དུས་ཀྱང་ཤེས་པར་འགྱུར། ༧༩ །ལོ་ཡི་ཉིན་

ཞག་ལྔ་ཡིས་བསྒྱུར་ཏེ་སླར་ཡང་མདས་བསྣུན་བགྲོད་པའི་ཉིན་ཞག་དག་གིས་རབ་ཏུ་དམན། །བུག་པ་བསྲེས་པ་རྣམས་ནི་རང་གི་བགྲོད་པའི་ཡོན་ཏན་དབང་གིས་གཟའ་རྣམས་དཀྱིལ་འཁོར་དག་ཏུ་འགྱུར། །ས་སྐྱེས་ལ་ནི་རི་ཀླུ་དྲུག་གི་ཉིན་ཞག་ཚོགས་སུ་འགྱུར་ཏེ་རི་བུག་

เล่ม ๑๑ · หน้า 10a

རི་ཀླུ་ཟླ་སྐྱེས་ལའོ། །ལྷ་ཡི་བླ་མ་དག་ལ་སོ་མེ་རིག་བྱེད་དུ་འགྱུར་པ་སངས་ལ་ནི་རི་དང་རྒྱལ་བ་མིག ༨༠ །ཉི་མའི་བུ་ལ་དྲུག་དྲུག་རི་དང་ནམ་མཁའ་གཅིག་གི་ཉིན་ཞག་ཚོགས་ནི་དཀྱིལ་འཁོར་དུ་འགྱུར་རོ། །ས་སྐྱེས་ལ་ནི་རི་དུས་གཅིག་ཀྱང་ངེས་པར་

ནོར་དུ་འགྱུར་ཏེ་ཟླ་བའི་བུ་ལ་བརྒྱས་བསྣུན་པ། །མེ་དང་ཉི་མ་རི་ཡིས་དམན་ཞིང་པ་སངས་དག་ལ་ཉིན་ཞག་བཅུས་བསྒྱུར་ཆུ་གཏེར་བརྒྱད་ཀྱིས་དམན། །སྟོང་མཁའ་དུས་མིག་དག་དང་མཁའ་ལག་གདེངས་ཅན་དུས་རྣམས་བློན་པོ་ཉི་སྐྱེས་དག་ལ་བུ་ལོན་འགྱུར། ༨༡ །

ས་སྐྱེས་ལ་ནི་ཕྱེད་བཅས་དགུ་སྟེ་ལག་ལ་ཕྱེད་ལྷག་མི་བདག་རྒྱུ་སྐར་ཉི་མ་བླ་མ་ལའོ། །པ་སངས་ལ་དྲུག་ཉི་སྐྱེས་ལ་སྐྱོན་བུ་ལོན་དུ་འགྱུར་མཐའ་དག་ལོངས་སྤྱོད་དབུས་ནས་སྦྱང་བར་བྱ། །ཕྱི་ནས་དེ་དག་རྣམས་ནི་དག་པར་འགྱུར་ཏེ་མི་ཡི་བདག་པོ་སྐྱེ་བའི་རྒྱུ་སྐར་རྒྱུ་བ་ལས། །

དམའ་བ་རང་གི་ཡན་ལག་དག་ལས་དག་འགྱུར་བགྲོད་པའི་དབང་གིས་མཐོན་པོ་ཉི་མའི་དབུས་གནས་སོ། ༨༢ །ཟླ་བ་དྲུག་གིས་ཟླ་བའི་ལོངས་སྤྱོད་བསྒྱུར་བ་ལས་ཀྱང་དུས་ཀྱི་འཁོར་ལོའི་ལོ་ཡི་ཟླ་བ་ཡིས། །ཆ་ཐོབ་དག་ཀྱང་བུ་ལོན་དུ་འགྱུར་ཉི་མ་རི་བོང་ཅན་གྱི་རྗེས་སུ་མ་སྤྱད་ཆུ་ཚོད་

ཕྱེད། །སླར་ཡང་མཇུག་རིངས་ཀྱི་ནི་གང་ཞིག་ལྷག་པ་ཉིན་ཞག་སོ་སོའི་དུས་སུ་ཟླ་བའི་ཉིན་གྱིས་བསྒྱུར། །དྲུག་ཅུའི་ཆ་ཡིས་ཆུ་ཚོད་ཉིན་ཞག་སོ་སོའི་དུས་སུ་མྱུར་དང་འཁྱོག་པོར་འཆར་བ་དག་ལ་ཡང་། ༨༣ །ཟླ་སྐྱེས་བློན་པོ་མྱུར་བ་དག་ལ་སྟོབས་དང་ལྡན་པར་འགྱུར་ཏེ་

ས་སྐྱེས་མཇུག་རིངས་འཁྱོག་པོ་ལ། །དམན་པ་པ་སངས་དལ་བ་ལ་སྟེ་རང་བཞིན་ཡོན་ཏན་དབང་གིས་རྒྱུ་བ་ལྷག་མ་ལ་སྟོབས་མེད། །མྱུར་ལ་ཤར་དུ་ཁ་ཕྱོགས་འགྱུར་ཏེ་སླར་ཡང་འཁྱོག་པོར་རྒྱུ་ལ་རབ་ཞུགས་གཞན་དུ་མངོན་པར་ཕྱོགས། །དལ་ལ་ལྷོ་རུ་བཞིན་ཕྱོགས་

འགྱུར་ཏེ་རང་བགྲོད་ཡོན་ཏན་དབང་གིས་འབྱུང་བ་ལ་ཡང་བྱང་དུ་གདོང་། ༨༤ །ཟླ་བའི་ཉིན་ཞག་སུམ་ཅུ་གང་དག་ཆུ་གཏེར་གྱིས་བསྒྱུར་མཁའ་མིག་ཟླ་བ་ཟླ་བའི་རྐང་པ་སྟེ། །ཁྱིམ་ནི་བཅུ་གཉིས་པོ་རྣམས་དུས་ཀྱིས་བསྒྱུར་བ་བརྒྱད་དང་རིག་བྱེད་དག་ཀྱང་ཉི་མའི་རྐང་པའོ། །དེ་

เล่ม ๑๑ · หน้า 10b

ཡི་ནང་དུ་འགྲིབ་དང་འཕེལ་བ་དག་ཀྱང་བགྲོད་པ་འགྲོ་བའི་དབང་གིས་རིམ་མིན་རིམ་པ་སྟེ། །འཁོར་ལོ་ཕྱེད་ཕྱེད་དག་ལ་མཐའ་དག་ནོར་དང་དུས་ཀྱི་གྲངས་རྣམས་རིག་པར་བྱའོ་མི་ཡི་དབང་། ༨༥ །ཚིགས་མཚམས་སུ་ནི་རི་བོང་ཅན་གྱི་དཀྱིལ་འཁོར་དག་ལ་སྒྲ་གཅན་རབ་ཏུ་

འཇུག་སྟེ་དཀྱིལ་འཁོར་ཡང་། །རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ་རི་བོང་ལྡན་པའི་དབང་གིས་དཀྱིལ་འཁོར་ཆུ་ཚོད་དྲུག་ཅུའོ། །ཕྱེད་དག་གྱུར་ན་ཕྱེད་འཛིན་རི་བོང་ཅན་གྱི་དབང་གིས་ཆུ་ཚོད་དག་ནི་ཇི་སྙེད་ཡོད་པ་སྟེ། །གནག་དང་དཀར་བའི་ཚིགས་མཚམས་དག་

ལ་ཉིན་དང་མཚན་མོའི་དུས་སུ་ཉི་མ་དང་ནི་ཟླ་བ་འཛིན། ༨༦ །མི་རྣམས་ཀྱི་ནི་ལོ་བརྒྱ་དག་ཀྱང་གཟའ་རྣམས་དག་གི་ལོ་ཡི་ལོངས་སྤྱོད་ཀྱིས་ནི་བསྒྱུར་བར་བྱ། །གནས་གཉིས་ཕྱོགས་ཀྱི་ཆས་ཐོབ་དེ་ནི་བུ་ལོན་དུ་འགྱུར་སྟེང་གི་ཕུང་པོ་དག་ལ་སྦྱང་བར་བྱ། །འབུམ་ཕྲག་ཉི་ཤུ་

གཅིག་དང་ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་རྣམས་ནི་དུས་ཀྱི་ཕྱེད་ལའོ། །སླར་ཡང་ཕུང་པོ་གཉིས་ཀྱིས་ངེས་པར་བཞི་པོ་རྣམས་ཀྱི་ལོ་ཡི་གྲངས་དག་ཏུ་ནི་རབ་ཏུ་འགྱུར། ༨༧ །སྟོང་པ་སྟོང་པ་ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་རྫོགས་ལྡན་དུས་ཀྱི་ཚད། །

གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ལོ་ཡི་གྲངས་སུ་རབ་ཏུ་གྲགས། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་གཉིས་ལྡན་ལོར་ནི་ཡང་དག་སྟེ། །སྟོང་པ་ནམ་མཁའ་མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཀྱི་ལོ་ཡི་གྲངས་

ནི་རྩོད་པའི་དུས་ལ་འགྱུར། ༨༨ །ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་པ་དག་ལ་གནས། །སླར་ཡང་ཐ་སྐར་ལ་སོགས་དག་དང་རབ་བྱུང་ཞེས་དང་དེ་བཞིན་ནག་པའི་ཟླ་བ་ལ་སོགས་དང་། །གཟའ་དང་སྦྱོར་བ་ཚེས་དང་བྱེད་པ་རྣམས་

ཀྱང་དེ་བཞིན་དང་པོ་དག་སྟེ་དེ་ཡི་དུས་སུ་ནི། །ལྷ་རྣམས་དག་དང་ལྷ་མིན་རྣམས་ཀྱི་འཁྲུག་པ་དྲག་པོ་ས་གཞིའི་གནས་རྣམས་སུ་ནི་འབྱུང་བར་འགྱུར། ༨༩ །སྡེ་པ་དྲུག་ནི་ཉི་མའི་དབྱངས་བཅས་ངེས་པར་ཡོན་ཏན་གྱིས་བསྒྱུར་ལོ་གསུམ་ཉི་མ་དག་ལ་སྟེ། །ཨ་སོགས་ཐུང་ངུ་

เล่ม ๑๑ · หน้า 11a

ཉིན་ཞག་ཅེས་བྱ་སུམ་འགྱུར་རི་བོང་ཅན་ཆ་ཕྱེད་བཅས་ཟླ་བ་ཟླ་བ་ལ། །ཆུ་ཚོད་ཧ་སོགས་དབྱངས་བཅས་སུམ་འགྱུར་གང་ཡིན་དེ་དག་རྣམས་ཀྱང་སྒྲ་གཅན་གྱི་ནི་མཚན་མོ་གསུམ། །དཔལ་ལྡན་སྟོང་པ་གཞོམ་མེད་ལ་སོགས་སུམ་འགྱུར་གང་དེ་རྣམས་ཀྱང་སྒྲ་

གཅན་གྱི་ནི་དུས་སྦྱོར་གསུམ། ༩༠ །འབྱུང་བ་ཉི་མ་ཟླ་བའི་གྲངས་ནི་མི་ཡི་བདག་པོ་ཕྱེད་བཅས་ཟླ་བ་དག་དང་ལོ་གསུམ་མོ། །ཕྱེད་དང་བཅས་པའི་ཟླ་བ་དོར་ནས་ཐུབ་མཆོག་རྣམས་ཀྱིས་བཅད་པ་དག་ནི་དུས་ཀྱི་འཁོར་ལོར་འགྱུར། །ཟླ་བར་བསྲེ་བ་གཟའ་གཅིག་དང་

ནི་མི་བདག་ཉིས་འགྱུར་ཆུ་ཚོད་ཚོགས་ལ་གཉིས་དང་རྐང་པ་མདའ། །འཁོར་ལོ་དག་ལས་ངེས་པར་ལྷ་མོ་དྲུག་ཅུ་རྣམས་ཀྱིས་རྣམ་པར་ཕྱེ་བ་དག་ནི་གཟར་འགྱུར་རོ། ༩༡ །སུམ་ཅུ་རྩ་གཉིས་ཀྱིས་ཀྱང་ཆུ་ཚོད་ཐུབ་པ་ནོར་གྱིས་བསྒྱུར་བའི་ལྷ་མོ་རྣམས་ལས་ཚོགས་ལ་གཉིས། །

སྦྱིན་དོར་སྦྱིན་པ་དག་དང་རི་བོང་ཅན་གྱི་རྐང་པ་དང་པོ་ལྔ་སྟེ་འདིར་ནི་དྲུག་གིས་སོ། །ཟླ་བའི་ཕྱོགས་གསུམ་ཉིན་ཞག་རྣམས་ནི་སུམ་འགྱུར་དག་ཀྱང་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཏུ་གྲགས། །དྲུག་ཅུས་ཕྱེ་བའི་སྐར་མ་གཉིས་དང་ཉི་མའི་ཉིན་ཞག་དང་པོར་སྤྱོད་ལྡན་དབང་ཕྱུག་

ཆུ་ཚོད་དོ། ༩༢ །དཔལ་ལྡན་དུས་ཀྱི་འཁོར་ལོ་གཟའ་ཡི་ཚོགས་དང་བཅས་པ་འདི་དག་ཕྱི་དང་ལུས་ལ་དབྱེར་མེད་པར། །བསྡུ་བ་དང་ནི་སྤྲོ་བའི་སླད་དུ་སྲིད་པ་གསུམ་གྱི་གནས་སུ་ཉི་མ་དུས་ཀྱི་གཟུགས་དང་ནི། །ཤེས་རབ་ཐབས་ཀྱི་རབ་དབྱེ་དང་ནི་མཉམ་དང་མི་མཉམ་རིགས་

དང་མྱུར་འཁྱོག་ལ་སོགས་རྒྱུ་བ་སྟེ། །ཆགས་བྲལ་དང་ནི་ཐུབ་མཆོག་རིགས་དང་ཚངས་དང་དྲག་པོ་ལ་སོགས་ལྷ་རྣམས་ཀྱིས་ནི་ཤེས་མ་ཡིན། ༩༣ །ཨ་སོགས་ལྔ་ཡིས་དབྱངས་གང་དང་པོའི་ཚེས་གྲངས་དབང་གིས་དགའ་བ་ལ་སོགས་ལྔ་དང་ལྡན་གྱུར་པ། །དེ་དག་འདིར་ནི་

འཆར་བྱེད་མི་བདག་གལ་ཏེ་དེ་ལ་ས་སྐྱེས་ལ་སོགས་གཟའ་དག་མ་གྱུར་ནའོ། །ས་སྐྱེས་མི་ཤིས་ཤར་བར་གྱུར་ཅིང་གལ་ཏེ་སླར་ཡང་སྨིན་དྲུག་དག་དང་ལྡན་པ་ཉིད་གྱུར་པ། །དེ་ལ་གལ་ཏེ་གཡུལ་དང་ནད་དུ་གྱུར་ན་མི་རྣམས་འཆི་བར་འགྱུར་ཏེ་དང་པོའི་དབྱངས་ཀྱིའོ། ༩༤ །

เล่ม ๑๑ · หน้า 11b

བཟང་པོ་ཟླ་སྐྱེས་དག་གི་གཟའ་འདི་ལ་ནི་གལ་ཏེ་མཆུ་ཉིད་ལྡན་ན་གཉིས་པ་འཆི་བར་འགྱུར། །རྒྱལ་བ་བླ་མ་དག་ལ་གལ་ཏེ་སྐག་ཏུ་གྱུར་ན་གསུམ་པ་དག་ནི་འཆི་བར་འགྱུར་བ་ཡིན། །སྟོང་པའི་ཚེས་དང་པ་སངས་དག་ལ་གལ་ཏེ་མོན་གྲུར་གྱུར་ན་བཞི་པ་དག་ནི་འཆི་བར་

འགྱུར། །རྫོགས་པ་སྤེན་པ་དག་དང་ལྷན་ཅིག་ཏུ་ནི་བྲ་ཉེ་གྱུར་ན་ལྔ་པ་འཆི་བ་ཉིད་དུ་འགྱུར། ༩༥ །ཉི་མ་དག་ལ་དགའ་བ་འཆར་བ་རྣམས་ཀྱིས་རྨར་ཡང་འགྱུར་ཏེ་གཟིར་བ་རྣམས་ནི་ཉོན་མོངས་ཉིད། །ཟླ་བ་ལ་ནི་བཟང་པོ་འཆར་བ་རྣམས་ཀྱིས་ངེས་པར་གཡུལ་དང་ནད་

དག་ལ་ཡང་དེ་བཞིན་འགྱུར། །བདེན་པར་འཆར་བ་ལྔ་པོ་རྣམས་ཀྱི་འབྲས་བུ་མང་པོར་འཆི་བའི་སྦྱོར་བས་དམན་པ་དག་ལ་འགྱུར། །ནད་དང་གཡུལ་དང་ཡུལ་དུ་བགྲོད་དང་བག་མ་དག་ལ་དགེ་དང་མི་དགེའི་འབྲས་བུ་ཤེས་པར་བྱ། ༩༦ །དེ་ལྟར་རྒྱུ་སྐར་གཟའ་སྟེ་དབྱངས་

ཚོགས་ཚེས་རྣམས་དག་ནི་དེ་ཉིད་ལྔ་ཡི་རབ་ཏུ་དབྱེ་བ་ཡིས། །ཕྱོགས་དང་ཟླ་བ་བགྲོད་པ་དག་དང་ལོ་དང་དྲུག་ཅུའི་ལོ་རྣམས་ལ་ཡང་འདིར་ནི་འཆར་བར་འགྱུར། །ནག་པ་སོགས་ལ་འདིར་ནི་ཡན་ལག་བཅུ་གཉིས་དག་གིས་འཆར་འགྱུར་ཕྱོགས་ཀྱི་དབྱེ་བ་དེ་ཉིད་དོ། །

ཉིན་ཞག་དབྱངས་རྣམས་བདུན་ཅུ་རྩ་གཉིས་དག་གིས་འདིར་ནི་འཆར་བར་འགྱུར་ཏེ་ཟླ་བའི་དབྱེ་བ་ལའོ། ༩༧ །ཟླ་བ་དྲུག་གིས་བགྲོད་པའི་ཡན་ལག་དག་སྟེ་རབ་བྱུང་ལ་སོགས་བཅུ་གཉིས་ལོ་རྣམས་དག་གིས་ལོ། །དེ་ལྟར་དབྱངས་ནི་ལྔ་པོ་རྣམས་དག་འདིར་ནི་འཆར་བར་

འགྱུར་ཏེ་དེ་ནི་ཕྱི་ནས་ནུབ་པའོ། །དང་པོ་ལ་ནི་དབྱངས་རྣམས་བྱིས་པ་རང་ཚེས་ཡོན་ཏན་དབང་གིས་དཔལ་ལྡན་གཞོན་ནུ་གཉིས་པ་ལ། །དར་བབ་རྒན་པོ་རིམ་པས་མེ་དང་ཆུ་གཏེར་ཉིན་ཞག་ལ་སྟེ་ལྔ་པ་ལ་ནི་ནུབ་པར་འགྱུར། ༩༨ །ཨ་སོགས་དབྱངས་ལྔ་གང་དག་ངེས་པར་

ཡོན་ཏན་གྱིས་བསྒྱུར་དེ་དག་རྣམས་ནི་རྣམས་གཉིས་སུམ་ཅུ་ཉིད། །ཀ་སོགས་སྡེ་པའི་ཡི་གེ་རྣམས་ལ་རང་བཞིན་ཡོན་ཏན་དབང་གིས་མཐའ་དག་སྦྱར་བར་བྱ་བ་སྟེ། །ཐུང་ངུ་རྣམས་ནི་འདིར་ཡང་དཀར་པོའི་ཕྱོགས་ལ་འཆར་བར་འགྱུར་ཏེ་དེ་ཉིད་ལྔ་ཡི་དབྱེ་བས་སོ། །

เล่ม ๑๑ · หน้า 12a

རིང་པོ་རྣམས་ནི་ནག་པོའི་ཕྱོགས་ལ་ཤིན་ཏུ་ངེས་པར་འགྱུར་ཏེ་སྤྲོ་དང་བསྡུ་བའི་སྦྱོར་བས་སོ། ༩༩ །ཉི་ཤུ་རྩ་བདུན་རྒྱུ་སྐར་དེ་ལ་གསལ་བར་མདའ་ཡི་ཆུ་ཚོད་ཉི་མའི་དུས་སྦྱོར་ཆ་དགུ་པ། །ལུག་གི་དུས་སྦྱོར་ལ་སོགས་འདི་དག་རྣམས་ཀྱང་འདིར་ནི་རང་བཞིན་གསུམ་

སྟེ་བརྟན་གཡོ་ཤིན་ཏུ་མཉམ། །ལུག་དང་ཀརྐ་ཊ་སྲང་ཆུ་སྲིན་འདིར་ནི་གཡོ་བ་དག་སྟེ་དེ་ལས་གཉིས་པ་བརྟན་པའོ། །ལྷག་མ་གཞན་ནི་གཉིས་ཀྱི་རང་བཞིན་དེ་དག་ཉིན་དང་མཚན་མོའི་དུས་སུ་རྟག་པ་ཉིད་དུ་འཆར། ༡༠༠ །དེ་ལ་ཡུད་ཙམ་སུམ་ཅུ་རྣམས་དང་ཉིན་

ཞག་དུས་ལ་ཆུ་ཚོད་དག་ཀྱང་དྲུག་ཅུ་ཁོ་ན་སྟེ། །དང་པོར་སུམ་ཅུའི་དབྱངས་རྣམས་འདིར་ནི་འཆར་བར་འགྱུར་བ་ཉིད་དེ་ཡུད་ཙམ་ཡུད་ཙམ་དག་ལའོ། །སྡེ་པའི་ཡི་གེ་སུམ་ཅུ་ཆུ་ཚོད་རྣམས་ལ་རབ་ཏུ་འགྱུར་ཏེ་ཐུང་དང་རིང་པོ་རབ་དབྱེ་བས། །ཟླ་བའི་དབུས་སུ་ཚེས་ཀྱི་ཆ་

ལ་འཆར་བར་བརྗོད་དེ་དེ་དག་ནུབ་པ་དག་ཀྱང་དེ་ཉིད་ལའོ། ༡༠༡ །སྟོང་པ་རླུང་མེ་ཆུ་དང་ས་རྣམས་དག་ཀྱང་ཨ་ལ་སོགས་པར་དབྱངས་ནི་ལྔ་པོ་རྣམས་ཀྱི་རིགས། །སྒྲ་གཅན་མེ་དང་ཟླ་ཉི་ཟླ་སྐྱེས་མིག་དམར་པ་སངས་བླ་མ་མཇུག་རིངས་སྤེན་པ་འདིར་ལྷག་ལྷ། །སྔར་བརྗོད་

དུས་སྦྱོར་རེ་རེ་དེ་ལ་ཉིན་དང་མཚན་མོའི་དབང་གིས་ཆུ་ཚོད་རྣམས་ནི་བསྒྲུབ་པར་བྱ། །དེ་ཡི་དབུས་སུ་དབྱངས་གང་བྱུང་བའི་གཟའ་ཞེས་བྱ་བ་སྟོབས་ལྡན་དེ་ཡིས་དཀྱིལ་འཁོར་བསྒྲུབ་པར་བྱ། ༡༠༢ །གཡོན་པ་དག་ནས་ཐུང་ངུའི་དབྱངས་རྣམས་འདིར་ནི་འཆར་བར་འགྱུར་ཏེ་གཡས་

པ་ནས་ཀྱང་གཞན་དག་གོ། །གཡོན་ལ་སྟོང་པ་ལ་སོགས་དེ་ཉིད་དག་དང་གཟའ་ཚོགས་རྒྱུ་བ་སྒྲ་གཅན་ལ་སོགས་མཐའ་དག་སྟེ། །གཡས་ལ་དེ་ཉིད་འཛིན་མ་སོགས་དང་གཟའ་ཡི་ཚོགས་ནི་ངེས་པར་ཉི་མའི་བུ་ལ་སོགས་པ་ཉིད། །ཕྱི་རོལ་ཏུ་ཡང་དུས་ཀྱི་ཆུ་ཚོད་གཟའ་

ཡི་གནས་དང་མཉམ་པ་དབྱངས་བཅས་དག་ནི་བསྒྲུབ་པར་བྱ། ༡༠༣ །དྲིས་ན་གཡུལ་གྱི་སླད་དུ་འཆི་བར་འགྱུར་ཏེ་སྟོང་པ་ལ་ནི་དུས་དག་ཤར་བར་གྱུར་པ་ནའོ། །རླུང་དུ་ཉི་མ་དག་ལ་འཕམ་ཞིང་མེ་ལ་ས་སྐྱེས་ཤར་བ་དག་ལ་རྨ་རུ་འགྱུར་བ་ཡིན། །ཆུ་དང་བླ་མ་ལ་ནི་འདུམ་

เล่ม ๑๑ · หน้า 12b

པར་འགྱུར་ཏེ་ས་ལ་སྤེན་པ་ཤར་ལ་འཁྲུག་པར་མི་འགྱུར་རོ། །འཆི་དང་ཉོན་མོངས་རྨར་འགྱུར་བདེ་བ་དག་དང་མཉམ་པ་ཉིད་ནི་འདྲི་བྱེད་ནད་པ་རྣམས་ཀྱིའོ། ༡༠༤ །གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས་པར་འགྱུར་ཏེ་སྒྲ་གཅན་སྟོང་པ་དག་ལ་ཤར་ན་ཡང་། །རླུང་དང་

ཟླ་བ་དག་ལ་འཕམ་དང་གཡུལ་དུ་རྨ་ཡང་ཟླ་སྐྱེས་མེ་ལ་ཤར་བ་དག་ལའོ། །ཆུ་ལ་པ་སངས་ལ་ནི་དོན་རྙེད་ས་ལ་མཇུག་རིངས་ཤར་བ་དག་ལ་དགྲ་ཡང་དབང་དུ་འགྱུར། །དེ་བཞིན་བགྲོད་པ་བག་མ་དག་ལ་གཡོན་གྱི་ལམ་ལ་གཟའ་རྣམས་ཀྱིས་ནི་དགེ་བའི་འབྲས་བུར་

འགྱུར། ༡༠༥ །ཕོ་ཉས་བརྗོད་པའི་དབྱངས་རྣམས་གང་དག་ངེས་པར་བཅུ་ཡིས་བསྒྱུར་ཏེ་ཁྱིམ་གྱི་འཁོར་ལོ་དག་གིས་བསྲེ། །སླར་ཡང་དེ་དག་འབྱུང་བས་བསྣུན་ཏེ་ཉེ་བའི་སྐྱེ་བོ་དང་ལྡན་བདུན་གྱི་ཆ་ཡི་ལྷག་མ་ནི། །ཟླ་མེ་མདའ་དང་རི་བོ་མི་མཉམ་གནས་སུ་གྱུར་ན་མི་

རྣམས་ལ་ནི་རྙེད་པ་ཡོད་མ་ཡིན། །མིག་དང་རིག་བྱེད་རོ་སྟེ་ཤིན་ཏུ་མཉམ་པའི་གནས་སུ་གྱུར་ན་བྱ་བ་དག་ཀྱང་འགྲུབ་པར་འགྱུར། ༡༠༦ །ལོ་དང་ཟླ་བ་ཕྱོགས་དང་ཉིན་དང་མཚན་མོའི་དུས་ནི་དུས་སྦྱོར་དབུས་སུ་རབ་ཏུ་ཞུགས་པ་སྟེ། །དུས་སྦྱོར་གཅིག་ནི་ལྔ་ཡི་དབྱེ་བས་གཟའ་

ཚོགས་དང་ལྡན་དབྱངས་དང་བཅས་པའི་དེ་ཉིད་ཐ་དད་དོ། །དེ་ཉིད་གཅིག་ནི་དབུགས་རྣམས་དྲུག་ཅུ་མངོན་ལྷག་ཡོན་ཏན་བརྒྱ་ཡི་དུས་ཀྱི་ཆུ་ཚོད་དག་ལ་གནས། །ཆུ་ཚོད་ཆ་ཤས་ཆུ་སྲང་དྲུག་ཅུ་དེ་ཡི་ཆ་ཤས་ཤེས་པ་དབུགས་དྲུག་རྣམས་སོ་མི་ཡི་དབང་། ༡༠༧ །དབུགས་

འབྱུང་འཇུག་པའི་དབུས་སུ་མི་དགེ་དགེ་བའི་འབྲས་བུ་དག་ཀྱང་རྣལ་འབྱོར་ལྡན་པས་ཤེས་པར་བྱེད། །ལྷ་ཤེས་རྣམས་ཀྱིས་ཉིན་ཞག་འདས་པའི་དབང་གིས་ཉི་མ་ཟླ་བ་བསྒྲུབས་ནས་དུས་ཀྱི་ཆུ་ཚོད་དོ། །ད་ལྟར་བྱུང་བ་ཤེས་པ་མིན་པར་དགེ་དང་མི་དགེའི་འབྲས་བུ་འཇིག་

རྟེན་འདིར་ནི་གང་བརྗོད་པ། །དེ་ནི་ལོང་བ་ཡིས་ཀྱང་ལོང་བ་བཟུང་ནས་གླང་ཆེན་སེང་གེས་གཏམས་པའི་ཐིབ་པོར་རབ་ཏུ་འཇུག ༡༠༨ །ཕྲ་མོའི་རྣལ་འབྱོར་མི་ཤེས་པ་ལ་གཟའ་ཡི་སྟོབས་དང་བཅས་པའི་དུས་སྦྱོར་སྦྱོར་བ་སྦྱིན་པ་ནི། །སྐྱེ་དང་བདུན་པར་གནས་པའི་ཁྱིམ་

เล่ม ๑๑ · หน้า 13a

ལ་དུས་མེ་ཉི་མ་ས་སྐྱེས་ཉིན་མོར་བྱེད་པའི་བུ་རྣམས་ཀྱིས། །དེ་ལ་འཆི་དང་ནད་དང་རྨ་དང་ངེས་པར་མཐའ་དག་ནོར་ནི་རྣམ་པར་ཉམས་པ་དག་ཀྱང་བྱེད། །དེ་ཕྱིར་སྤང་བར་བྱ་སྟེ་ངེས་པར་བདག་གི་ཚིག་གིས་དུས་སྦྱོར་གཞན་ནི་རབ་ཏུ་སྦྱིན་པར་བྱ། ༡༠༩ །སྐྱེ་དང་

བདུན་པར་གནས་པའི་ཁྱིམ་ལ་སྒྲ་གཅན་ཟླ་བ་ཟླ་སྐྱེས་བླ་མ་པ་སངས་དང་བཅས་པས། །དགྲ་ཉམས་རང་ཉིད་རྒྱས་ཤིང་གཡུལ་དུ་རྣམ་པར་རྒྱལ་ཏེ་དགའ་མ་དང་བཅས་ནོར་དག་ཐོབ་པར་འགྱུར། །ཡང་དག་དུས་སྦྱོར་ཐམས་ཅད་ཀྱིས་ཏེ་སླར་ཡང་གལ་ཏེ་རང་ལུས་

གཡོན་གྱི་རྩ་ལས་གྱུར་པ་ན། །ངེས་པར་དོན་ནི་ཐམས་ཅད་འགྲུབ་སྟེ་མཐའ་དག་ས་ཡི་སྟེང་དུ་དག་པའི་གཟའ་དང་ཚེས་ལའོ། ༡༡༠ །རྒྱུ་སྐར་རྣམས་ནི་དགུ་དང་དགུ་དང་དགུ་ཡིས་ཆ་གསུམ་བྱས་ཏེ་སྐྱེས་པའི་རྒྱུ་སྐར་དང་པོ་ལས། །གདུག་པ་རྣམས་ནི་ཟླ་བ་དག་དང་

ལྷན་ཅིག་མི་མཉམ་གནས་གྱུར་ནད་པ་རྣམས་ནི་འཆི་བ་ཉིད། །ཐ་སྐར་ལ་སོགས་རྣམས་ཀྱིས་རྩ་གསུམ་སྦྲུལ་ཡང་སྤྲས་པར་གྱུར་པ་ནམ་གྲུ་ཉིད་ཀྱི་བར་དུ་སྟེ། །སྡིག་ཟླ་སྐྱེས་པའི་རྒྱུ་སྐར་གལ་ཏེ་རྩ་གཅིག་དག་ལ་གྱུར་ན་མི་རྣམས་དག་ནི་རྣམ་པར་ཉམས། ༡༡༡ །དྲུག་དང་

ཚེས་དང་བརྒྱད་དང་རི་ཟླ་བཅུ་དང་བཅུ་དགུ་ཉི་མ་ཉི་ཤུ་གཅིག་གི་ལོ་བཟང་རྣམས། །ཉི་ཟླ་མིག་དམར་གཟའ་ལྷག་ཉི་སྐྱེས་བླ་མ་ལག་འགྲོ་དཀར་པོ་རྣམས་ཀྱིས་དེ་དག་རིམ་པས་སྤྱོད། །དེ་དང་ནང་གི་གནས་སྐབས་ལ་ཡང་དེ་ལས་སྡེ་པ་བརྒྱད་པོ་རྣམས་ཀྱིས་ཡི་གེ་དག་ལ་ནི། །

དྲག་པོ་རྣམས་ཀྱིས་ཞི་བ་མིན་པ་བྱེད་ཅིང་མཆོག་ཏུ་བདེ་བྱེད་ཞི་བའི་རང་བཞིན་གཟའ་གང་དག ༡༡༢ །རྒྱལ་གྱི་ཟླ་བར་ཉི་མ་ཆུ་སྲིན་ལ་སོན་མ་རིག་པ་སྟེ་བུམ་པར་ཉི་མ་མཆུ་ལ་ཡང་། །འདུ་བྱེད་དུ་འགྱུར་མི་ཡི་བདག་པོ་ཉ་རུ་ཉི་མ་དབོ་ངག་ལ་ནི་རྣམ་པར་ཤེས་པ་སྟེ། །ལུག་ཏུ་ཉི་མ་

ནག་པ་ལ་ནི་མིང་དང་གཟུགས་སོ་གླང་འཁྲིག་ལ་སོན་ས་ག་སྣྲོན་དག་ལ། །མིག་སོགས་དང་ནི་རེག་པ་དག་སྟེ་ཉི་མ་ཀརྐ་ཊར་གནས་ཆུ་ཟླ་ལ་ནི་ཚོར་བར་འགྱུར། ༡༡༣ །སེང་གེ་ཉི་མ་གྲོ་བཞིན་ལ་ཡང་སྲེད་པ་བུ་མོ་དང་ནི་སྲང་དུ་སོན་པ་ཁྲུམས་དང་ནི། །ཐ་སྐར་ཟླ་བ་དག་ལ་

เล่ม ๑๑ · หน้า 13b

ལེན་པ་ཉིད་དང་སྲིད་པར་འགྱུར་ཏེ་སྨིན་དྲུག་སྡིག་པར་ཉི་མ་ལ། །སྐྱེ་བ་དང་ནི་གཞུ་ལ་ཉི་མ་གནས་པ་མགོ་དག་ལ་ཡང་དེ་བཞིན་རྒ་ཤི་རིམ་པ་སྟེ། །དེ་ལྟར་ཉི་ཟླའི་དབྱེ་བ་དག་ལས་གཉིས་ཀ་བགྲོད་པའི་དབང་གི་རྒྱལ་པོ་ཡན་ལག་བཅུ་གཉིས་སོ།༡༡༤ །རྒྱལ་དང་མཆུ་

ཡི་མཚམས་སུ་ཆུ་སྲིན་དག་ལ་ཉི་མ་གནས་པའི་གཟའ་དེ་ལ་ནི་མ་རིག་པ། །དེ་ནས་གཉིས་པ་ལ་ནི་ཤི་བར་འགྱུར་ཏེ་མི་ཡི་བདག་པོ་དེ་བཞིན་སྐྱེ་བ་གསུམ་པ་ལའོ། །དེ་བཞིན་སྲིད་པ་ལ་སོགས་ཐམས་ཅད་ཡན་ལག་བཅུ་གཉིས་བར་དུ་རིམ་པ་དག་གིས་ཡོངས་སུ་འགྱུར། །

དེ་ནས་མེ་དང་ཆུ་གཏེར་མདའ་སྟེ་ཆུ་སྲིན་བགྲོད་པའི་དབང་གིས་རེས་འགའ་ཡན་ལག་དྲུག་པའོ། ༡༡༥ །ཚེས་ཞེས་བྱ་བའི་གཟའ་ཡིས་ཕྱོགས་ཏེ་ཉི་མ་རྒྱུ་བའི་དབང་གིས་རེས་འགའ་ཡན་ལག་བཅུ་དྲུག་གིས། །འདུ་བྱེད་མཆུ་ཡི་མཚམས་དག་ཏུ་སྟེ་བུམ་པར་ཉི་མ་སོན་པ་དེ་ལ་འདུ་

བྱེད་ཁོ་ནའོ། །དེ་ནས་གཉིས་པ་ལ་ནི་རྣམ་པར་ཤེས་པར་འགྱུར་ཏེ་ཉིན་ཞག་གསུམ་པ་ལ་ནི་མིང་དང་གཟུགས། །དེ་ལྟར་ཟླ་བ་གཉིས་ལ་ཡན་ལག་ཏུ་འགྱུར་ཉི་མའི་དབང་གིས་སྤྲོ་དང་བསྡུ་བའི་སྦྱོར་བས་སོ། ༡༡༦ །དེ་ལ་མ་རིག་ལ་སོགས་ཡན་ལག་མི་མཉམ་པ་ཡང་བྱ་བ་ཀུན་

ལ་དགེ་བར་འགྱུར་བ་སྟེ། །གང་ཞིག་འདུ་བྱེད་ལ་སོགས་མཉམ་པ་དག་ཀྱང་རྟག་ཏུ་དབང་བགྲོད་བག་མ་དག་ལ་དགེ་བ་མིན། །དེ་བཞིན་ཕྱོགས་ཀྱི་དབྱེ་བ་དག་ལ་རི་བོང་ཅན་གྱིས་བགྲོད་པའི་དབང་གིས་ཡན་ལག་བཅུ་གཉིས་གང་། །དཀར་དང་ནག་པོའི་ཕྱོགས་ལ་དང་

པོའི་ཚེས་གྲངས་དབང་གིས་སྤྲོ་དང་བསྡུ་བའི་སྦྱོར་བ་དག་གིས་སོ། ༡༡༧ །ཉི་མ་མིག་དམར་མཇུག་རིངས་སྤེན་པ་གཡས་སམ་རྒྱབ་ཏུ་ཡང་དག་གནས་པས་དགྲ་ནི་འཆི་བར་བྱེད། །གཡོན་དང་མདུན་དུ་ཞི་བའི་རང་བཞིན་གཟའ་ཚོགས་མཐའ་དག་གཡུལ་གྱི་སར་ནི་དེ་བཞིན་ཁོ་ནའོ། །

རྣལ་འབྱོར་མ་དང་བིཥྚི་དྲག་པོ་རླུང་དང་བཅས་པ་གཡས་དང་རྒྱབ་ཏུ་བདེ་བ་སྦྱིན་པ་སྟེ། །གཡོན་དང་མདུན་དུ་འཆི་བའི་རང་བཞིན་མཉམ་དང་མི་མཉམ་གྱུར་པས་གཉིས་ཀའི་དཔུང་ནི་འཇོམས་པར་འགྱུར། ༡༡༨ །ཚངས་མ་དྲག་མོ་གཞོན་ནུ་མ་དང་མཁའ་འགྲོའི་བདག་གིས་

เล่ม ๑๑ · หน้า 14a

འགྲོ་མ་ཕག་མོ་རྡོ་རྗེ་ལག་མ་དང་། །ཙཱ་མུ་ཎྜཱ་ཉིད་དཔལ་མོ་དག་ནི་ནོར་གྱི་ཚེས་ལ་འགྱུར་ཏེ་དང་པོའི་ཚེས་དང་དགུ་པ་ལ། །བརྒྱ་བྱིན་དུ་སྟེ་གནོད་སྦྱིན་མེ་ཟུར་ལྷ་མིན་གཤིན་རྗེ་ཆུ་ལྷ་རླུང་དང་དབང་ལྡན་ས་ལའོ། །འདི་ནི་འཆར་བ་དག་ཏུ་བྱེད་དེ་སླར་ཡང་

ཚེས་རྣམས་ལ་ནི་བརྒྱད་གཉིས་དབྱེ་བས་ཐ་དད་དོ། ༡༡༩ །བིཥྚི་རྣམས་ནི་དཀར་པོའི་ཕྱོགས་ལ་བརྒྱ་བྱིན་གཤིན་རྗེ་ཆུ་དང་གནོད་སྦྱིན་དུ་ཡང་འདིར་འཆར་འགྱུར། །སླར་ཡང་ནག་པོའི་ཕྱོགས་ལ་རྩེ་མོ་ཅན་དང་ལྷ་མིན་རླུང་དང་དབང་ལྡན་ཟུར་དུ་རིམ་པས་སོ། །དྲག་པོ་ཤར་ནས་

གཞན་ཕྱེད་དུ་འགྲོ་ཉིན་ཞག་དབང་གིས་བྱང་དུ་ཡང་སྟེ་བྱང་གི་ཉི་མ་ལའོ། །ཆུ་ནས་མེ་ལྡན་དག་ཏུ་དེ་ནི་ངེས་པར་འགྲོ་སྟེ་ལྷོ་རུ་ལྷོ་ཡི་ཉི་མ་དག་ལའོ། ༡༢༠ །ཤར་ནས་ཐུན་ཕྱེད་དག་ལ་རླུང་དུ་རབ་ཏུ་འཇུག་སྟེ་དེ་བཞིན་དུ་ནི་ལྷོ་རུ་འགྲོ་བར་བྱེད། །དབང་ལྡན་ཆུ་དང་མེ་དང་གནོད་

སྦྱིན་ལྷ་མིན་གྲོང་ཁྱེར་དུ་འགྲོ་རླུང་དུ་ཉི་མ་ནུབ་པར་འགྱུར། །དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་རླུང་དག་ལས་ཀྱང་རྣམ་པར་རྒྱལ་འགྱུར་འགྲན་པའི་འཐབ་མོ་དང་། །འཁྲུག་པ་དག་ལ་རྩ་བའི་སྒྲ་གཅན་གྱིས་ནི་དགྲ་ཡི་སྟོབས་འཇོམས་དེ་དང་མཚུངས་པ་གཞན་ཡོད་མིན། ༡༢༡ །

དབྱངས་དམན་འཐབ་མོ་པ་ནི་མཉམ་དང་མི་མཉམ་གཡུལ་ལ་ལྷག་པ་དག་གིས་འཇོམས་པར་བྱེད་པ་སྟེ། །དབུགས་ལ་གཉིས་ཀྱི་མིང་གང་སྙིང་ལ་རབ་ཏུ་འཇུག་ན་དེ་ནི་འཁྲུག་པ་དག་ལས་རྒྱལ་བར་འགྱུར། །ཕོ་ཉས་བརྗོད་པ་དང་པོའི་མིང་དེ་རྣམ་པར་རྒྱལ་བར་འགྱུར་ཏེ་ཕྱིས་ཀྱི་མིང་

ནི་འཕམ་པར་འགྱུར། །འདུ་བ་ཁ་དོག་དབྱངས་ལ་སོགས་པ་མཉམ་དང་མི་མཉམ་གྱུར་པ་རྣམས་ཀྱི་འབྲས་མེད་སྟོན་པ་ཉིད། ༡༢༢ །དུས་ནི་འཐབ་མོའི་ས་ལ་མི་བདག་རྣམས་ཀྱི་གཡས་དང་གལ་ཏེ་གཡས་མིན་དག་ལ་མུན་ཅན་གྱུར། །གཡུལ་དུ་ལྷ་ཡི་མགོན་པོ་དག་ནི་འཕྲོག་

བྱེད་དྲག་པོ་དང་བཅས་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར། །དེ་ཕྱིར་དཔལ་ལྡན་རྩ་བའི་སྒྲ་གཅན་འཁྱོག་པོ་དྲག་པོ་ལྷ་མིན་རྣམས་ལས་སྲིད་གསུམ་རྣམ་རྒྱལ་བ། །གཡུལ་གྱི་དུས་སུ་ས་ཡི་དཀྱིལ་འཁོར་ལ་གནས་ཤེས་པར་བྱ་སྟེ་གཞན་དུ་དགྲ་ནི་ཉམས་པ་མེད། ༡༢༣ །ས་ལ་

เล่ม ๑๑ · หน้า 14b

རྒྱུ་སྐར་བྱས་ནས་ཐུབ་པ་དུས་ཀྱིས་བསྒྱུར་བ་དབང་པོ་གནོད་སྦྱིན་ཆུ་དང་གཤིན་རྗེར་ནི། །དེ་ཡི་འཁོར་ལོ་འཁོར་བར་བྱེད་དེ་ཉིན་ཞག་བགྲོད་པའི་དབང་གིས་མཐའ་དག་རྣམས་ནི་རིག་པར་བྱ། །རྒྱུ་སྐར་གང་ལ་དུས་དང་མུན་ཅན་དུ་ཡང་རབ་གྱུར་ལྟ་བ་ལྷུང་ན་གཉིས་པོ་དག་ལ་ཡང་། །

གཡུལ་དུ་སྒྲ་ཡི་སྡེ་རྣམས་དག་ནི་འཕྲལ་ལ་ངེས་པར་ལྷུང་སྟེ་ལྟོ་ཡི་དབུས་སུ་རྒྱལ་བར་འགྱུར། ༡༢༤ །སྒྲ་གཅན་དུས་ལ་གནས་པ་རྣམས་ནི་འཆི་དང་བཅས་པར་འགྱུར་ཞིང་དཔུང་རྣམས་མཉམ་དུ་ལྟུང་བ་ནི། །ལྟ་བའི་ཆ་ལ་ངེས་སོང་རྣམས་ཏེ་བྲང་འགྲོ་འགྲོ་བའི་དབང་གིས་དེར་ནི་སྡེ་

རྣམས་བཅོམ་པར་གྱུར། །ལྟ་བའི་ཆ་ནི་སྤངས་པ་རྣམས་དག་རྣམ་པར་རྒྱལ་བར་འགྱུར་ཏེ་ལྟོ་བར་ཞུགས་ལ་གཉིས་པོ་ཡང་། །དེ་ལྟར་དཔལ་ལྡན་རྩ་བའི་སྒྲ་གཅན་བླ་མའི་གསུང་ལ་གནས་པ་དུས་ཀྱི་འཁོར་ལོར་ཤེས་པར་བྱ། ༡༢༥ །རྣལ་འབྱོར་མ་དང་བིཥྚི་དྲག་པོ་གཟའ་ཚོགས་

དང་བཅས་དབྱངས་ནི་འཆར་བ་དག་དང་བཅས་གྱུར་པ། །དེ་དག་ཐམས་ཅད་བཏང་ནས་རྒྱལ་རིགས་རྣམས་ཀྱིས་སྲིད་གསུམ་རྣམ་རྒྱལ་གཅིག་པུ་གཟུང་བར་བྱ་བ་སྟེ། །གང་གིས་ཟླ་བ་ཉི་མ་ཟ་ཞིང་སྐབས་གསུམ་པ་དག་འཇིགས་བྱེད་དྲག་པོའི་གཟུགས་ཅན་མིག་སྨན་མདོག །

ས་ལ་གང་ཞིག་ཉིན་དང་མཚན་མོར་ཤར་དང་ནུབ་དང་ལྷོ་དང་བྱང་དུ་ཡང་ནི་འཁོར་བའོ། ༡༢༦ །གཡུལ་དུ་འཕམ་པའི་དགྲ་བོ་དག་ནི་གལ་ཏེ་འཕྲལ་ལ་རྫོང་གི་ནང་དུ་ཞུགས་པར་གྱུར་པ་ན། །ཕྱི་རོལ་དུ་ནི་འཁྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་མདའ་རབ་ཏུ་འབབ་པ་དང་། །

རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་དང་ས་གཞིའི་གནས་ལ་གུར་དང་ཅོག་ནི་དབྱེ་བ་ཡིས། །དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཉུང་ཟད་དག་གིས་གདུག་པ་དེ་ནི་བསྒྲུབ་པར་བྱ། ༡༢༧ །ཀ་བ་བཞི་ནི་བརྒྱད་གཉིས་ཁྲུ་ལྡན་མཉམ་དང་མི་མཉམ་གནས་ནས་གནས་བརྒྱད་

དུ་ནི་ཕུག་གྱུར་པ། །ཐ་དད་རྣམས་ནི་སྡོང་བུ་ཆུ་གཏེར་དུས་དང་དུས་རྣམས་ཀྱིས་ཏེ་རྒྱབ་ཏུ་ཡང་ནི་གཅིག་གིས་སོ། །རྩ་བར་འཁྲུལ་འཁོར་ཚད་ནི་ལག་པ་བཅུ་རུ་འགྱུར་ཏེ་སྟེང་གི་ཆ་དག་ལ་ནི་དེ་ཡི་ཕྱེད། །སྒྱོགས་མདའ་ཁྲུ་གཉིས་དག་གིས་དམན་པར་འགྱུར་ཏེ་ཨོ་ལོག་བཅུ་

เล่ม ๑๑ · หน้า 15a

ཡི་སྟེང་གི་ཆ་ནི་ལྷག་པའོ། ༡༢༨ །ཟླུམ་པོར་ཕྱེད་བཅས་ཁྲུ་གཉིས་དག་སྟེ་སོར་མོ་ཐུབ་པ་མ་ནུར་ངེས་པའི་བུག་པ་གཅིག་ཏུ་ནི། །ཁྲུ་གང་དོར་ནས་སྒྱོགས་མདའ་རབ་ཏུ་གཞུག་སྟེ་ཨོ་ལོག་བཅུ་ཡི་རྒྱབ་ཀྱི་ཆ་ལ་གཟེར་གྱིས་གདབ། །མགོ་བོར་ཨ་ལོང་དག་ལ་

ཐག་པ་ལྔ་བཅུ་གདགས་པར་བྱ་སྟེ་སྟེང་གི་ཚད་ནི་ཟླུམ་པོ་ཕྱེད། །སྒྱོགས་མདའི་མཐར་ནི་མཛུབ་མོ་དང་བཅས་རབ་ཏུ་འཇུག་སྟེ་གཉའ་ནོན་ཟླུམ་པོ་དག་ནི་མཐོ་གང་ངོ་། ༡༢༩ །སྒྱོགས་མདའི་མཛུབ་མོ་ལ་ནི་འུར་མཐིལ་ཐག་པར་བཅས་པ་དག་ལས་ངེས་པར་ཁྲུ་གསུམ་དག་ཏུ་འགྱུར། །

དེ་ཡི་ནང་དུ་རྡོ་བ་རབ་ཏུ་བཅུག་སྟེ་སྟོབས་ལྡན་འཐེན་བྱེད་རྣམས་ཀྱིས་འཐེན་པར་གྱུར་པ་དག །བཏང་བ་མྱུར་དུ་ནམ་མཁར་འགྲོ་སྟེ་འཕྲལ་ལ་ངེས་པར་ལྟུང་ཞིང་ཁང་སྟེང་སོགས་དང་ལམ་སྲང་དུ། །མཐའ་དག་ཕྱེ་མར་བྱས་ནས་ས་ཡི་འོག་ཏུ་འགྲོ་སྟེ་རྡོ་རྗེ་འབབ་པ་ཇི་ལྟ་བ་ཉིད་

བཞིན། ༡༣༠ །དེ་ཡི་མཛུབ་མོ་ཟླ་བ་ཕྱེད་པ་ས་གཞིའི་གནས་སུ་ཚངས་པའི་རི་མོ་ངོས་གཉིས་དག་ཏུ་ནི། །བརྒྱད་གཉིས་བཏང་བའི་གནས་རྣམས་དག་སྟེ་ལག་པ་གཉིས་ཀའི་ཁུ་ཚུར་བཅིངས་པ་ལས་ནི་གཏང་བར་བྱ། །གཏོང་བ་ས་ལ་རེག་པ་ཉིད་དེ་མཉམ་དང་མི་མཉམ་རྐང་པ་

འཁྲུལ་འཁོར་ནང་དུ་གནས་པས་ནི། །རང་འདོད་རྡོ་བ་ལྟུང་སྟེ་རྣམ་གསུམ་བགྲོད་པའི་དབང་གིས་རྫོང་ནི་རྣམ་པར་གཞོམ་པའི་དོན་དུའོ། ༡༣༡ །གང་ཞིག་བསྣུན་པས་གླང་ཆེན་འཕྲལ་ལ་ངེས་པར་ལྟུང་བ་དེ་ལ་སྲོག་ཆགས་ཕྲ་མོ་དག་ནི་ཅི། །རྫོང་གི་སྟེང་ཁང་ལ་གནས་དགྲ་དཔུང་མ་ལུས་

གང་དག་ཕྱི་རོལ་གནས་པར་ལྟུང་བར་བྱེད་པ་སྟེ། །ས་སྟེང་གནས་སུ་རྫོང་གི་འཐབ་མོ་ལ་ནི་གཞུ་འཛིན་རྣམས་ཀྱིས་དེ་དང་ལྷན་ཅིག་སུ་ཞིག་འགྲན། །གང་དུ་འཁྲུལ་འཁོར་རབ་བསྣུན་རྫོང་དེར་དགྲ་བོ་སུ་ཞིག་ཞུགས་པ་དག་ནི་གཤིན་རྗེའི་ཁ་རུའོ། ༡༣༢ །ཀ་བ་དཔུང་པ་དྲུག་དྲུག་དག་

གིས་གཉི་གའི་ནང་ནི་མཉམ་པ་ཁྲུ་ནི་ཟུང་གི་བར་དག་ལ། །སྙིང་པོ་རེ་རེ་ཉི་མའི་ཁྲུ་རུ་འགྱུར་ཏེ་གཉི་ག་ནང་ནི་མཉམ་པ་ལྷག་ཆད་མེད་པ་ཉིད། །སོ་སོའི་རེ་མིག་ཀུན་ལ་སྤང་ལེབ་དག་དང་པགས་པ་སྤྲ་ཚིལ་གོས་རྣམས་ཀྱིས་ཀྱང་གཡོགས་པ་སྟེ། །སྙིང་པོ་དུས་དང་བརྒྱད་དང་སྐྱོན་

เล่ม ๑๑ · หน้า 15b

དང་སུམ་འགྱུར་ཉིན་བྱེད་ཀྱིས་ཀྱང་འཁྲུལ་འཁོར་གཅིག་ནི་རབ་ཏུ་བྱ། ༡༣༣ །གཉིས་གཉིས་སྙིང་པོའི་བར་དུ་འཁྲུལ་པ་དག་ཀྱང་དཔུང་པ་རྣམས་ཀྱིས་རྒྱ་ཡིས་བཏབ་པའམ་ཀུན་ནས་སོ། །རྒྱབ་ཏུ་སྐྱེ་བ་འཛིན་པ་དྲུག་སྟེ་མདུན་ནས་དཔུང་པ་གཉིས་ཀ་མཉམ་པ་འཁྲུལ་འཁོར་འདྲེན་

པའམ། །ཀ་བའི་ཁུང་བུར་རབ་ཏུ་བཙུགས་པའི་གཡོ་བའི་རླུང་གི་དར་རྣམས་ཀྱིས་ནི་རླུང་གིས་བསྐྱོད་པ་སྟེ། །དེ་ལ་ཞོན་པ་རང་གི་སྡེ་ནི་ཆུ་ཡི་རྫོང་དག་ཉམས་པའི་དོན་དུ་ཆུ་ཡི་གཏེར་ལ་འགྲོ། ༡༣༤ །ཆུ་གཏེར་ཟུར་ལྡན་སྟེགས་བུ་གཅིག་ལ་གཡོ་བའི་རླུང་གི་དར་དང་རྒྱལ་མཚན་

བཅས་པ་ཀ་བར་གདགས། །རྒྱབ་ཀྱི་ཕྱོགས་ནས་མི་རྣམས་དག་གིས་དྲངས་ཤིང་ས་ལས་ཐག་པ་དག་གིས་སྟེང་དུ་འགྲོ་བ་ནི། །རླུང་གིས་རབ་ཏུ་བསྐྱོད་པར་གྱུར་པ་ངེས་པར་བྲག་གི་རྫོང་གི་སྟེང་དུ་མཁའ་ལ་འགྲོ་བ་སྟེ། །དེ་ནས་མེ་ཡི་འབྲུ་མར་འཕངས་པས་དགྲ་ཡི་དཔུང་

དང་རྫོང་ནི་ཐམས་ཅད་ཀུན་ནས་སྲེག་པར་བྱེད། ༡༣༥ །འཁོར་ལོའི་རྩ་བར་གནམ་གདན་རྩེ་གཅིག་པ་ནི་གཞུག་ཅིང་སྟེང་དུ་ཡང་ནི་འཁོར་ལོ་དག་ལ་ནི། །སོར་མོ་གཉིས་གཉིས་བར་དུ་རྩིབས་སུ་འགྱུར་ཏེ་ཟླུམ་པོའི་མཐའ་མ་མ་ལུས་པར་ནི་དགོད་པར་བྱ། །འཁོར་ལོ་ཁྲུ་

ནི་ཕྱེད་དང་གསུམ་པར་འགྱུར་ཞིང་གནམ་གདན་སྟེང་དུ་གཞན་ཡང་དེར་ནི་སྲོག་ཤིང་སྟེ། །སྲོག་ཤིང་སྟེང་དུ་རལ་གྲི་རྣོན་པོ་མྱུར་བར་འཁོར་ཏེ་འཁྲུལ་འཁོར་གྱི་ནི་རྩ་བ་འཁོར་བས་སོ། ༡༣༦ །ཐག་པ་ཡིས་ནི་རླུང་གི་འཁྲུལ་འཁོར་ནམ་མཁའ་དག་ལ་འགྲོ་སྟེ་རང་གི་ཕྱོགས་

ནས་རིམ་པས་སོ། །རྫོང་གི་སྟེང་དང་དགྲ་ཡི་ཁྱིམ་དུ་སོ་སོར་འགྲོ་བར་ངེས་པ་ཉིད་དུ་ཐག་པ་དྲངས་བྱས་ནས། །ས་ལ་ཚད་ཀྱང་དེ་ཡིས་བརྗོད་པར་འགྱུར་ཏེ་དགྲ་རྣམས་ཀྱི་ནི་རྫོང་གི་རྩེ་མོ་འབྱེད་པ་ཡིས། །རྩེ་ལ་བཀོད་དེ་དགྲ་ཡི་ཁང་པའི་གཞི་དང་འདུན་ས་དག་ལ་མེ་ནི་རབ་

ཏུ་སྦྱིན་པར་བྱ། ༡༣༧ །འཁོར་ལོ་རྣམས་ཀྱི་སྟེང་གི་ཆ་ལ་ལྕགས་དང་ཤིང་རྣམས་དག་གིས་ཁང་པ་ཆེན་པོ་བཀོད་པ་ནི། །སྤང་ལེབ་དང་ནི་མ་ཧེའི་པགས་པ་རྣམས་ཀྱིས་ཀུན་ནས་གཡོགས་པར་གྱུར་པ་ཟླུམ་པོའི་རྣམ་པ་སྟེ། །མི་རྣམས་དག་གིས་བསྐྱོད་པར་གྱུར་པ་མཉམ་པའི་

เล่ม ๑๑ · หน้า 16a

ས་ལ་འོབས་ནི་ཇི་སྲིད་ཉིད་དུ་འགྲོ་བར་འགྱུར། །འོབས་དེ་བཀང་ནས་མཁར་གྱི་རྩིག་པ་དང་ནི་ལམ་སྲང་དག་ཏུ་འཕྲལ་ལ་རབ་ཏུ་འཇུག་པར་འགྱུར། ༡༣༨ །སྟེགས་བུར་ཕུར་པ་གཉིས་ལ་ངེས་པར་རྒྱུད་དང་བཅས་པའི་གཞུ་ནི་གཡོ་བ་མེད་པར་བཏགས་བྱས་ནས། །

རྒྱབ་ཏུ་ལྕགས་ཀྱི་ཕུར་པ་གཉིས་ལ་ལེགས་བཀོད་འཁྲུལ་ཤིང་ལ་ནི་སོར་མོ་ལྟ་བུ་ཕྱེད་འཁྱོག་རྣམས། །སོར་མོའི་རྩེ་མོ་དག་ལ་གཞུ་རྒྱུད་ཀྱིས་ནི་མང་ཞིང་མཉམ་པའི་མདའ་འམ་ལྕགས་མདའ་རྣོན་པོ་རྣམས། །གཡུལ་གྱི་དུས་སུ་འཕངས་པས་གོ་ཆ་དང་བཅས་གླང་ཆེན་

ལུས་པོ་ཕུག་ནས་རབ་ཏུ་འགྲོ་བར་འགྱུར། ༡༣༩ །ཀ་བ་གཉིས་ནི་ས་ཡི་ནང་དུ་བརྟན་པར་བཙུགས་པ་ཐག་པ་རྣམས་ཀྱིས་དཀྲིས་པར་གྱུར་པ་སྟེ། །ཐག་པའི་དབུས་སུ་རལ་གྲིའི་ཆང་གཟུང་ཚུད་པ་ཟླུམ་པོ་དང་བཅས་བསྐོར་བ་དུ་མས་བསྐོར་གྱུར་པ། །དེ་ཡི་དབུས་སུ་རལ་

གྲིའི་ཆང་གཟུང་ངེས་པར་གཡོ་བ་མེད་པར་གཟེར་གྱིས་བཏབ་པར་རབ་ཏུ་འགྱུར། །གཟེར་དང་ཐག་པར་བཅས་པ་གཡོག་པར་བྱ་ཞིང་རལ་གྲིའི་སོ་ཡི་རྩེ་མོའི་ཆ་ཡང་མནན་པར་བྱ། ༡༤༠ །དེ་ཡི་སྟེང་དུ་བུག་པའི་རེ་ཁཱ་ཅན་གྱི་སྤང་ལེབ་ལས་ནི་བསྐུལ་བར་འགྱུར་བ་འཐོན་པའོ། །རལ་

གྲིའི་སྟེང་དུ་ཟླ་བའི་དབུས་ཀྱི་ཆ་ལ་ལྕགས་ལས་བྱས་པ་ཆུང་ངུ་གཅིག་ཀྱང་གཞག་པར་བྱ། །ཟླ་བའི་སྟེང་དུ་གང་གི་རྐང་པ་གཞག་པ་དེ་ནི་འཕྲལ་ལ་རལ་གྲི་ཡིས་ཀྱང་གཅོད་པར་བྱེད། །མཁར་གྱི་སྒོ་ཡི་མཐའ་རྣམས་དང་ནི་མི་ཡི་བདག་པོའི་ཁང་པར་འཁྲུལ་འཁོར་ཁོ་ན་མཚོན་

ཆའོ། ༡༤༡ །སྲོག་ཤིང་སྟེང་དུ་ཉི་མའི་ལག་པས་རྩ་བའི་གནས་སུ་འགྱུར་ཏེ་འཁོར་ལོའི་ཚད་ལ་དགུ་ཆའོ། །ཟུར་དུ་ཀ་བ་འཕྲེད་གདང་མཉམ་དང་མི་མཉམ་ཤིང་རྟ་གནས་ལས་གཉིས་དང་ཕྱེད་ཀྱི་ཚད་ཀྱིས་སོ། །ཆ་ཕྱེད་དག་ལ་འཐབ་མོ་པ་ཡི་ས་སྟེ་མཉམ་དང་མི་མཉམ་འདྲེན་བྱེད་

རྟའམ་གླང་པོ་རྣམས། །དེ་ནས་འཁོར་ལོའི་ཕྱེད་ཀྱི་ས་ལ་སྟེང་དུ་མེ་ལོང་དོ་ཤལ་རྒྱལ་མཚན་ལ་སོགས་བཀོད་པའོ། ༡༤༢ །གཅིག་ཕྱེད་ཆ་གཉིས་དག་སྟེ་ཟླ་བ་ལག་པ་རྩེ་མོ་ཅན་རྣམས་རྩ་བའི་གནས་དང་གདན་རྣམས་ཀྱི། །ཟླུམ་པོ་ཕྱེད་བཅས་གཅིག་ཆ་པདྨའི་ཤིང་རྟའི་ས་ནི་དགའ་བའི་དབྱེ་

เล่ม ๑๑ · หน้า 16b

བ་དག་ལ་མཉམ་པར་འགྱུར། །རྟེན་དང་བཅས་པ་འཁོར་ལོའི་ཚད་ནི་རྟ་དང་གླང་པོའི་དབང་གིས་ཕྱེད་དང་བཅས་པ་རྣམས་གཉིས་ཀྱང་། །ལྷ་རྣམས་ཀྱི་ནི་པདྨའི་རིགས་ཏེ་ལྷ་ཡི་བུ་ཡིས་བཀོད་པ་དགའ་བའི་རིགས་ནི་མི་རྣམས་ཀྱི། ༡༤༣ །བརྒྱད་དང་ཆུ་གཏེར་སྲོག་ཤིང་འཁོར་

ལོ་རྣམས་ཀྱིས་རྣམས་གསུམ་འདིར་ནི་ཤིང་རྟ་ཆེན་པོ་ཕྱེད་དང་མཉམ། །ཉི་མའི་ཤིང་རྟ་མཆོག་ནི་འཁོར་ལོ་གཅིག་པ་མི་མཉམ་རྟ་ཡང་ལྷ་མ་ཡིན་རྣམས་རྣམ་པར་འཇོམས། །གཡུལ་དུ་ཕྱིར་མི་ལྡོག་པར་འགྱུར་བ་མི་མཉམ་མཉམ་པའི་ཤིང་རྟ་ཆེན་པོ་རྒྱལ་རིགས་རྣམས་ཀྱིའོ། །

སྟེང་དང་མངོན་དུ་ཕྱོགས་པ་འཇོམས་ཏེ་མཉམ་དང་མི་མཉམ་གཡུལ་དུ་རྒྱབ་ནི་འཇོམས་པ་མཉམ་པར་འགྱུར། ༡༤༤ །དྲུག་ལྔ་ཆུ་གཏེར་མེ་ཡི་ཆ་རྣམས་དག་གིས་ཀ་བའི་རྩེ་མོར་བུག་པ་མཉམ་པར་རབ་ཏུ་འགྱུར། །རྩ་བ་དག་ལས་སྟེང་དུ་ཕྱེད་ཀྱི་ཆ་ནི་རྩེག་མའི་དབང་གིས་འགྱུར་ཏེ་

ལྷ་རྣམས་གཞལ་མེད་ཁང་། །དེ་བཞིན་ས་ལ་མི་བདག་རྣམས་ཀྱི་རྣམ་གསུམ་རྩེག་མའི་དབང་གིས་ཡུལ་གྱི་ལྟད་མོ་དགའ་སྟོན་ལ། །ཁྲུ་ནས་ཁྲུ་ཡི་བར་དག་གིས་ནི་ཕྱོགས་རྣམས་ཀུན་ཏུ་འཁོར་བ་དང་ལྡན་ཆེན་པོར་རབ་ཏུ་འགྱུར། ༡༤༥ །འཁོར་ལོའི་སྟེང་དུ་ཀ་བའི་རྩེ་མོ་དག་ལ་

རྣམ་གསུམ་རྩེག་མའི་དབང་གིས་ཁྱོགས་རྣམས་ཕྱོགས་ཀུན་དུ། །བརྒྱད་གཉིས་བརྒྱད་དང་དེ་ནས་ཕྱེད་དེ་ཕྱོགས་དང་དུས་དང་དུས་དག་ལག་པ་རྟེན་ཉིད་ས་གསུམ་ལ། །སྟེང་དང་འོག་ཏུ་འཁོར་བར་བྱེད་པ་ལག་པས་གཟུང་བའི་འཁྲུལ་ཤིང་ལ་ནི་བུ་མོ་རྣམས་ཀྱིས་སྟེན། །ནང་དང་

ཕྱི་རོལ་དག་ཏུ་གནས་པ་འོག་དང་སྟེང་དུ་སོན་ཅིང་ཕྱོགས་བརྒྱད་དུ་ནི་འཁྱོག་པ་རྣམས། ༡༤༦ །སྟེང་དང་འོག་ཏུ་སྦུབས་ནི་འཁྱོག་པོར་འགྱུར་ཏེ་ཀུན་ནས་སྦུབས་ཀྱི་རྣམ་པ་དག་གིས་འཁྲུལ་འཁོར་རོ། །སྦུབས་ཀྱི་རྩེ་མོར་བུམ་པའི་གཟུགས་ལ་བུག་པ་ཡང་ནི་སྦུབས་ཀྱི་བུག་པ་དག་གི་ཚད་

དུ་འགྱུར། །ཆུ་ནི་འདྲེན་པར་བྱེད་ཅིང་དྲངས་པའི་ཆུ་ནི་བཏང་བར་གྱུར་པ་དག་ཀྱང་བུམ་པའི་བུ་ག་ནས། །སྐྱེད་མོས་ཚལ་དང་ལྡུམ་ར་དག་གི་མཉམ་པའི་ས་ལ་གང་དུ་དྲངས་པ་དེར་ནི་འགྲོ་བར་འགྱུར། ༡༤༧ །རབ་མཆོག་ས་གཞི་དག་ལ་གདུག་པ་ཅན་རྣམས་སྒྲུབ་པའི་དོན་དང་

เล่ม ๑๑ · หน้า 17a

ཆོས་དང་ལྡན་པ་རྒྱལ་དོན་དུ། །དང་པོའི་སངས་རྒྱས་སུ་ནི་སྲིད་གསུམ་བླ་མས་ཟླ་བ་བཟང་ལ་ཐམས་ཅད་སྔོན་དུ་གསུངས་པ་གང་། །དེ་ཡི་ནང་ནས་ཅུང་ཟད་ཙམ་ཞིག་འདིར་ནི་དེ་རིང་ཡུལ་འདིར་ཁྱོད་ལ་བདག་གིས་གསལ་བར་བསྟན། །རང་གནས་བསྲུང་བའི་

དོན་དུ་འདི་དག་མཐའ་དག་གྱིས་ཤིག་ཞེ་སྡང་ཆགས་པས་མིན་ནོ་ཉི་མ་ཀྱེ། ༡༤༨ །ཆང་དང་ལན་ཚྭའི་ཆུ་གཏེར་དབུས་སུ་ཐུབ་པ་ས་ཡི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས། །དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པས་འཁོར་བར་འགྱུར། །

དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་ནོར་གྱི་འདབ་མ་དག་དང་བཅས་པའོ། །དེ་ཡི་དབུས་ན་ཀཻ་ལ་ཤ་སྟེ་མཆོག་གི་གངས་རི་ཡིས་ནི་ཕྱོགས་རྣམས་ཀུན་ཏུ་བསྐོར་བའོ། ༡༤༩ །ས་ལ་ཀཻ་ལ་ཤ་ཡི་དུམ་དུ་གངས་ཀྱི་རི་དང་བཅས་པ་དེ་ནི་ཀུན་ནས་སུམ་ཆ་སྟེ། །ཕྱི་རོལ་

དུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །གཡས་ཀྱི་ཕྱེད་ན་ཤམ་བྷ་ལར་གྲགས་ཐུབ་མཆོག་གི་གནས་གྲོང་ནི་བྱེ་བ་ལྷག་པར་གནས་པ་སྟེ། །བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་ཏེ་རྒྱལ་ཁམས་གྲོང་ནི་འབུམ་

ཕྲག་རྣམས་ཀྱིས་སོ། ༡༥༠ །གཅིག་གཉིས་གསུམ་དང་ཆུ་གཏེར་དབྱེ་བ་མདའ་རོ་ཐུབ་པ་ལྔ་དང་འཇིག་རྟེན་ལ་སོགས་དབྱེ་བ་ཡིས། །ཕྱེ་བ་མི་དབང་འཁོར་ལོ་ཅན་ནི་ས་གཞི་དག་ལ་འཁོར་ཏེ་རྣམ་ཤེས་ལྡན་པས་བཙལ་བར་བྱ། །འཁོར་ལོ་ཅན་དང་ཕྱེད་ཅན་དུམ་བུ་ཅན་ནི་ཡུལ་གྱི་

མི་བདག་ཕྱག་རྒྱའི་ལག་ནི་དེ་ལས་གཞན། །ཕྱི་རོལ་དུ་ནི་དུས་ཀྱི་དབྱེ་བ་ངེས་པར་འགྱུར་ཏེ་ཇི་ལྟར་འཇིག་རྟེན་མགོན་གྱི་དེ་བཞིན་ནོ། ༡༥༡ །འོད་ཟེར་བདུན་དང་རི་གཟའ་ཐུབ་རྣམས་འདིར་ནི་དེ་བཞིན་སྙིང་སྟོབས་ལྡན་པ་ལྷ་ཡི་སྐྱེ་གནས་ཏེ། །ཉ་དང་རུས་སྦལ་ཕག་པ་མི་ཡི་སེང་གེ་དང་

བཅས་མིའུ་ཐུང་དང་ཛཱ་མད་ཨག་ནི་དང་། །རཱ་མ་ནག་པོ་དེ་ལྟར་བརྒྱད་ནི་ལྷ་མིན་རིགས་ལ་འཇིགས་སྟེར་རྡུལ་གྱི་འབྱུང་པོའི་སྐྱེ་གནས་སོ། །སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར། ༡༥༢ །ཨཱ་དྲ་ཨ་ནོ་གྷ་དང་ཕག་ལྡན་ལྷ་མིན་ལག་འགྲོའི་

เล่ม ๑๑ · หน้า 17b

རིགས་ལ་མུན་པ་ཅན་ནི་གཞན་ཡང་ལྔ། །བྱི་བ་དབང་པོ་གོས་དཀར་ཅན་དང་སྦྲང་རྩིའི་བློ་གྲོས་འཇོམས་བྱེད་བརྒྱད་པ་གང་དེ་མུན་པ་ཅན། །གསལ་བར་མ་ཁའི་ཡུལ་གྱི་བཱ་ག་ད་སོགས་གྲོང་ཁྱེར་དུ་ནི་བདུན་པ་ཡང་དག་སྐྱེས་པ་སྟེ། །གང་དུ་འཇིག་རྟེན་ལྷ་མིན་ཡན་ལག་སྟོབས་

དང་ལྡན་པར་གནས་ཤིང་བརྩེ་བ་མེད་པ་ཀླ་ཀློའི་གཟུགས། ༡༥༣ །རྔ་མོ་རྟ་དང་བ་ལང་བསད་ནས་ཁྲག་དང་བཅས་པའི་ཤ་ནི་ཅུང་ཟད་བཙོས་པ་འབའ་ཞིག་དང་། །བ་ལང་ཤ་དང་དངུལ་ཆུ་ཆུ་དང་མར་དང་ཚ་བ་མཉམ་པ་འབྲས་དང་ལོ་མ་བསྲེས་པ་ནི། །གཅིག་ཏུ་མེ་ལ་བཙོས་པ་ནགས་ཀྱི་

འབྲས་བུ་དག་དང་བཅས་པ་གང་དུ་མི་རྣམས་དག་གི་ཟས། །བཏུང་བ་བྱ་རྣམས་དག་གི་སྒོ་ངར་འགྱུར་རོ་མི་ཡི་བདག་པོ་དེ་ནི་ལྷ་མིན་རྣམས་ཀྱི་གནས། ༡༥༤ །ཐིག་ལེ་ནུས་མ་མིག་སྨན་དག་དང་མཁའ་ལྡིང་ལྷ་ཡི་ཆུ་བོ་མི་སྦྱིན་དང་ནི་འདོད་འཇོ་དང་། །རྫོང་དང་གློག་དང་རིག་པ་བཟང་པོ་

འགྱུར་མེད་མཆོག་གི་ཆ་དང་ལྷ་ཡི་སྐད་དང་ལུས་མེད་དེ། །ཡང་དག་རྒྱུ་བའི་གཟུགས་འདི་རྣམས་ཀྱིས་ས་ལ་འཇུག་པར་འགྱུར་རོ་རྒྱལ་བ་ཡི་ནི་ཡེ་ཤེས་སྐུ། །བྱུང་བར་གྱུར་དང་བྱུང་དང་འབྱུང་འགྱུར་རིག་བྱེད་རྟོག་གེ་ལ་སོགས་བསྟན་བཅོས་མཐའ་དག་རབ་ཏུ་སྨྲ། ༡༥༥ །དཔལ་ལྡན་

རྒྱལ་པོ་ཉི་མ་འགའ་ཞིག་དག་གིས་ཤམྦྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པ། །ཕྱོགས་བཞི་དག་ནི་རི་ཡིས་བསྐོར་ཞིང་མདའ་ཡིས་བསྒྱུར་བ་བརྒྱ་ཡི་དཔག་ཚད་རྣམས་ཀྱི་ཚད་དུ་ནི། །ལྷ་ཡི་དབང་པོ་རབ་མཆོག་མི་ཡི་བདག་པོར་བཞག་ནས་ཁྱོད་ནི་རང་གི་གནས་སུ་འགྲོ་བར་གྱིས། །

དཔལ་ལྡན་ཤཱཀྱའི་རིགས་ལ་རབ་གསལ་མི་ཡི་བདག་པོ་བདུན་ཏེ་བརྒྱད་པ་དཔལ་ལྡན་གྲགས་པ་ཡང་། ༡༥༦ །འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་ལྷ་ཡི་མཆོག་གིས་བཏུད་པ་རྡོ་རྗེའི་རིགས་ཀྱིས་རིགས་ལྡན་ཏེ། །རྡོ་རྗེའི་དབང་བསྐུར་བྱིན་ནས་མཐའ་དག་ཐུབ་པའི་རིགས་རྣམས་

དག་ནི་རིགས་གཅིག་དག་ཏུ་བྱེད་པར་འགྱུར། །ཡང་དག་ཐེག་པར་མངོན་འཛེགས་ལྷ་མིན་རིགས་ལ་འཇིགས་སྟེར་དཔལ་ལྡན་གྲགས་པ་ཕྱག་ན་མདུང་ཐུང་ཅན། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ས་ལ་དུས་ཀྱི་འཁོར་ལོ་རབ་ཏུ་གསལ་བར་བྱེད་པར་འགྱུར། ༡༥༧ །དེ་ཡི་

เล่ม ๑๑ · หน้า 18a

དབུས་སུ་གདན་ནི་ཉི་ཤུ་རྩ་ལྔ་རིམ་པར་ཡོངས་སུ་བགྲངས་པ་དག་གི་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་ཡི་མཆོག་གིས་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། །དམ་པ་རྣམས་ལ་ཞི་བའི་གཟུགས་ཏེ་བདེ་སྟེར་ཞེས་པ་དེ་བཞིན་

ཀླ་ཀློའི་རིགས་ལ་མཐར་བྱེད་ཉིད། །རྡོ་ཡི་རྟ་བཅིབས་འཁོར་ལོ་ཅན་གྱི་ཕྱག་ན་མདུང་ཐུང་མཐའ་དག་དགྲ་ལ་སྣུན་བྱེད་ཉི་མའི་གཟི། ༡༥༨ །རིགས་ལྡན་རིགས་ཀྱི་དབུས་སུ་ལག་པས་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་

ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཇི་སྙེད་ཀླ་ཀློའི་དབང་པོ་གདུག་པ་ཇི་སྙེད་ལྷ་ཡི་མཆོག་གིས་བཏུད་པ་དྲག་པོའི་སྔགས་ལྡན་ཡང་། །དེ་ཡི་དུས་སུ་གཉིས་པོ་དག་ཀྱང་ས་ཡི་སྟེང་གི་གནས་སུ་འཁྲུག་པ་དྲག་པོ་འབྱུང་བར་འགྱུར། ༡༥༩ །གཡུལ་དུ་ཀླ་ཀློ་དག་ལ་སྣུན་

བྱེད་མཐའ་དག་ས་ཡི་སྟེང་དུ་རང་གི་དཔུང་ནི་ཡན་ལག་བཞི། །དུས་འདིར་ཀཻ་ལ་ཤ་ཡི་རི་བོ་ལྷ་ཡིས་བཀོད་པའི་གྲོང་ནས་འཁོར་ལོས་སྒྱུར་བ་འབྱུང་བར་འགྱུར། །དྲག་པོ་ཕུང་པོ་ཚོགས་ཀྱི་དབང་པོ་འཕྲོག་བྱེད་དག་ཀྱང་རིགས་ལྡན་ལ་ནི་གྲོགས་དག་སྦྱིན་འགྱུར་ཏེ། །རྡོ་རྟ་

གླང་པོའི་དབང་པོ་གསེར་གྱི་ཤིང་རྟ་མི་བདག་ཕྱག་ན་མཚོན་ལྡན་དཔའ་བོ་རྣམས་ཀྱང་ངོ་། ༡༦༠ །རྡོ་ཡི་རྟ་ནི་རླུང་གི་ཤུགས་ཅན་ཡོན་ཏན་གྱིས་བསྒྱུར་ཡོན་ཏན་བྱེ་བ་ཁ་དོག་སྣ་ཚོགས་པ། །ཆང་གིས་དྲེགས་པའི་གླང་ཆེན་རིག་བྱེད་ཅེས་པའི་འབུམ་ཕྲག་གྲངས་དང་ཤིང་རྟ་འབུམ་ཕྲག་འབྱུང་

བ་དང་། །ཨ་ཀྵཽ་ཧི་ཎཱི་དྲུག་དང་མི་ཡི་དབང་པོ་ཅོད་པན་བཅིངས་པའི་རིགས་ནི་རོ་དང་དགུ་བཅུ་སྟེ། །རིགས་ལྡན་ཁྱབ་འཇུག་འཕྲོག་བྱེད་དག་དང་བཅས་པ་སྡེ་འདི་དག་གིས་ཀླ་ཀློ་རླག་པར་བྱེད་པར་འགྱུར། ༡༦༡ །མཆོག་ཏུ་ཚ་བའི་དཔའ་བོ་རྣམས་ཀྱིས་ཀླ་ཀློའི་ཚེགས་ལ་བསྣུན་བྱ་གླང་པོའི་

དབང་པོས་གླང་པོ་ལ། །རྡོ་ཡི་རྟ་ཡིས་རྟ་རྣམས་ལ་སྟེ་མཉམ་དང་མི་མཉམ་གཡུལ་དུ་ས་སྐྱོང་རྣམས་ཀྱིས་ས་སྐྱོང་ལ། །རྟ་ལ་གནས་པ་ཟླ་བ་ཆེན་པོའི་བུ་ནི་ཧ་ནུ་མཱན་ད་རྣོན་པོའི་མཚོན་གྱིས་བསྣུན་པར་འགྱུར། །དྲག་པོ་ཀླ་ཀློའི་དབང་མགོན་མཐའ་དག་ལྷ་མིན་བདག་པོ་བྱས་

เล่ม ๑๑ · หน้า 18b

པའི་བློ་ལ་དྲག་པོའི་རིགས་ལྡན་གྱིས། ༡༦༢ །དཔུང་ནི་ཐམས་ཅད་དག་གིས་གཡུལ་དུ་ཀླ་ཀློ་བཅོམ་ནས་ཁྱབ་འཇུག་དྲག་པོ་དང་བཅས་རིགས་ལྡན་ནི། །ཀཻ་ལ་ཤ་ཡི་རི་བོ་ལྷ་ཡིས་བཀོད་པའི་གྲོང་ཁྱེར་གང་དུ་འཁོར་ལོ་ཅན་དག་གནས་པར་འགྲོ། །དེ་ཡི་དུས་སུ་འཛིན་མ་དག་

ལ་མཐའ་དག་སྐྱེ་བོའི་རིགས་ནི་ཆོས་དང་འདོད་པ་ནོར་རྣམས་རྫོགས། །འབྲུ་རྣམས་དགོན་པར་སྐྱེ་བ་དང་ནི་ཤིང་རྣམས་འབྲས་བུ་བརྟན་པོས་དུད་པ་དེ་དག་འབྱུང་བར་འགྱུར། ༡༦༣ །ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ཕྱེད་ན། །རིགས་ལྡན་

གྲུབ་པར་འགྱུར་ཏེ་ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤ་ཡི་རྒྱབ་ཏུའོ། །ལྷ་དང་མི་ཡི་བླ་མའི་སྲས་ནི་ཚངས་པ་ལྷ་ཡི་དབང་པོ་ཟུང་གི་ཆོས་ལ་འབྱུང་བ་དག །ཚངས་པ་རྒྱབ་ཏུ་དུམ་བུ་གཅིག་ལ་མི་ཡི་བདག་པོར་འགྱུར་ཏེ་ས་ཀུན་ལ་ནི་ལྷ་ཡི་དབང་། ༡༦༤ །རྫོགས་ལྡན་

མཚམས་སུ་ཀླ་ཀློའི་ཆོས་རྣམས་མཐའ་དག་སྲིད་པ་གསུམ་གྱི་བླ་མ་དག་གིས་བཅད་བྱས་ཏེ། །བཅད་ནས་ལོ་ནི་བརྒྱད་བརྒྱ་རྣམས་སུ་ཚངས་པ་གཞག་པ་མཛད་ནས་བདེ་བའི་གནས་སུ་འགྲོ་བར་འགྱུར། །སླར་ཡང་དེ་ཉིད་དབུས་སུ་མི་ཡི་བདག་པོ་སྲས་རྣམས་དག་གི་རིགས་ཀྱི་

དབྱེ་བ་དག་ཏུ་འགྱུར། །དེ་རྣམས་དབུས་སུ་ལྷ་མིན་དབང་པོ་མི་བདག་ཐུབ་པ་རྣམས་ནི་ཕལ་པ་གཞན་རྣམས་འབྱུང་བར་འགྱུར། ༡༦༥ །ཀླ་ཀློ་རྣམས་ནི་གཞོམ་པའི་སླད་དུ་ལྷ་ཡི་བདག་པོ་དབང་པོ་བཅུ་གཉིས་དག་དང་ལྡན་པར་འགྲོ། །དུམ་བུ་དུམ་བུ་དག་ཏུ་ཀླ་ཀློའི་ཆོས་ནི་

བཅོམ་ནས་འཁོར་ལོ་ཅན་ཡང་བདེ་བའི་གནས་སུ་འགྲོ། །སྐབས་གསུམ་པ་དང་མི་ཡི་བླ་མའི་སྲས་ནི་ཚངས་དང་ལྷ་ཡི་དབང་པོ་རྒྱབ་དང་མདུན་དུ་སྟེ། །རྒྱབ་ཏུ་ཚངས་པ་ལ་སོགས་རིགས་རྣམས་རྣམ་པ་སྣ་ཚོགས་ས་ཡི་སྟེང་དུ་དབྱེ་བ་དུ་མར་འགྱུར། ༡༦༦ །ཚངས་པ་སོགས་ལ་

མི་རྣམས་ལོ་ནི་བརྒྱ་ཕྲག་བཅོ་བརྒྱད་དང་ལྡན་འདི་དག་མི་རྣམས་དག་གི་ཚེ། །དེ་ཡི་ཕྱེད་ནི་འོད་སྲུང་གིའོ་རབ་མཆོག་ས་ཡི་སྟེང་དུ་དཔལ་ལྡན་མི་ཡི་སེང་གེའི་ཕྱེད། །དྲུག་ཅུས་དམན་པ་དེ་བཞིན་ཉིད་དུ་དུས་བཞི་སོ་སོའི་དུས་སུ་མི་ཐུང་སོགས་ལ་འཕྲོག་བྱེད་ཀྱི། །རིགས་ལྡན་

เล่ม ๑๑ · หน้า 19a

མཐར་ནི་ཇི་སྲིད་བརྒྱ་ཕྲག་གཅིག་གི་ལོ་ཡི་གྲངས་ཀྱི་སྐྱེ་བོའི་ཚེ་རུ་རབ་ཏུ་འགྱུར། ༡༦༧ །དེ་ལྟར་དུམ་བུ་ཐམས་ཅད་དུ་ཡང་དུས་བཞིའི་དུས་སུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་སྟེ། །ལོ་ནི་བརྒྱད་དང་བརྒྱ་ཕྲག་གཅིག་ཏུ་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་

པའོ། །དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་ལག་པ་བརྒྱ་དང་བྲལ་བ་སངས་རྒྱས་ཆོས་ནི་རབ་ཏུ་འཇུག །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱིས་ས་གཞི་དག་ལ་ངེས་པར་རྒྱུ། ༡༦༨ །འཇིག་རྟེན་ཁམས་ནི་བསྐྱེད་པ་དག་དང་གཟའ་ཡི་རྒྱུ་བ་མཉམ་པ་

འཁོར་ལོ་ཅན་ནི་འབྱུང་བ་དང་། །ཀླ་ཀློ་རྣམས་ཀྱི་ཆོས་ནི་ཉམས་ཤིང་མཆོག་གི་བདེ་བའི་གནས་ལ་རིགས་ལྡན་གྱིས་ནི་ལམ་སྦྱིན་པ། །འདི་དག་ཐམས་ཅད་བདག་གིས་ཁྱོད་ལ་དོན་ནི་ཇི་བཞིན་བཤད་དོ་ཟླ་བ་བཟང་པོ་དུས་གསུམ་ལས། །སླར་ཡང་ཁྱོད་ནི་སྐྱེ་བོ་ཀུན་

ལ་ཕན་པའི་དོན་དང་ཐར་པའི་སླད་དུ་བདག་ལ་ཅི་ཞིག་འདྲི། ༡༦༩ །དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བ། དཔལ་དུས་ཀྱི་འཁོར་ལོ་ལས། འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་དང་པོའོ།། །།མི་ཤེས་སྣ་ཚོགས་ཚད་ནི་གང་དག་

རྒྱལ་བ་སྐྱེད་མཛད་ཁྱོད་ཀྱིས་བསྟན་པ་དག་ཀྱང་བདག་གིས་ཏེ། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་སྲིད་པ་གསུམ་པོ་མཐའ་དག་ལུས་ཀྱི་དབུས་སུ་ཇི་ལྟར་ལགས། །ཟླ་བ་བཟང་པོའི་ཚིག་དག་གསན་ནས་བདེ་བར་གཤེགས་པས་ལེགས་ཞེས་བྱ་བ་བྱིན་ནས་རབ་གསུངས་

པ། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་མཆོག་གི་ཐུགས་རྗེས་སྣ་ཚོགས་ཚད་རྣམས་དག་ཀྱང་ལུས་ལའོ། ༡ །ས་དང་ཆུ་མེ་རླུང་དང་རྡོ་རྗེ་ལྷ་ཡི་གཞུ་དང་རླུང་རྣམས་དང་ནི་ཁྱིམ་གྱི་འཁོར་ལོ་དང་། །ཟླ་བ་ཉི་མ་སྒྲ་གཅན་ལྷུན་པོ་གདེངས་ཅན་མི་དང་ལྷ་ཡི་གནས་དང་འཁྱོག་པོ་

སྐར་མར་བཅས། །འཕོ་བ་ཟླ་བ་དག་དང་ཕྱོགས་དང་ཉིན་དང་མཚན་མོ་ཚེས་རྣམས་མཐའ་དག་ལུས་ཀྱི་དབུས་སུ་ནི། །རང་རང་ཡི་གེས་ཤེས་བྱ་རྣམ་གསུམ་ཁྱབ་བདག་བགྲོད་པ་རྣལ་འབྱོར་པ་ཡིས་སྟོང་པའི་དབྱེ་བས་སོ། ༢ །ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་མཐའ་དག་རོ་དྲུག་ཟོས་ཤིང་

เล่ม ๑๑ · หน้า 19b

འཐུངས་པ་དག་ལས་འགྱུར་བ་སྟེ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་རབ་གསལ་ངེས་པར་འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལས་སོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། །དེ་ལྟར་འབྱུང་བ་ལ་གནས་ཞི་

བ་རྣམ་གསུམ་སྲིད་པ་ལ་གནས་རང་གི་ལུས་ལ་རིག་པར་བྱ། ༣ །ས་བོན་པདྨར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱི་ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་

གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་གྲུབ་པ་སྟེ། །བཙའ་བར་གྱུར་པའི་དུས་དང་བྱིས་པ་ལ་སོགས་དུས་དག་ཏུ་ཡང་ལྷ་ཡི་གནས་སྐབས་རྣམས་བྱེད་དོ། ༤ །ས་བོན་དག་གི་ས་ནི་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་ཆུ་ནི་དེ་བཞིན་གཤེར་བ་ཉིད། །མེས་ནི་

སྨིན་པར་བྱེད་ཅིང་རབ་མཆོག་རྣམ་པ་བཅུ་ཡི་རླུང་རྣམས་དག་ནི་འདི་ཡི་འཕེལ་བའོ། །འཕེལ་བ་དག་ལ་སླར་ཡང་ནམ་མཁའ་ཉིད་ནི་གོ་སྐབས་སྦྱིན་བྱེད་དུས་ལས་དེ་ལྟར་བསྐྱེད་པ་སྟེ། །སྣ་ཚོགས་དངོས་པོ་དུ་མ་དག་གིས་ལུས་བཅས་སྒྲ་དང་ཡིད་དང་ནུས་པ་རྣམས་ནི་སྤྲོ་

བར་བྱེད། ༥ །གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་སྲོག་དང་བཅས་པ་དག །ཉ་དང་རུས་སྦལ་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་མི་ཐུང་རཱ་མ་རཱ་མ་དག་དང་ནི། །ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་

སྐབས་རྣམ་པ་བཅུ་ཡིན་ནོ། །མངལ་དུ་གསུམ་སྟེ་དེ་བཞིན་བཙའ་བའི་དུས་སུ་གཅིག་དང་བྱིས་པའི་དུས་དག་ཏུ་ཡང་རྣམ་པ་གཉིས། ༦ །གཞོན་ནུ་ལང་ཚོ་དག་ལ་གཞན་དུ་རབ་ཏུ་འགྱུར་ཏེ་རྒྱས་པ་གཅིག་དང་ཡང་དག་དེ་བཞིན་གཅིག །རྒན་པོ་ཉིད་ལ་ཞི་བ་གཅིག་སྟེ་

མངལ་སྐྱེས་རྣམས་ཀྱི་སྲིད་པ་འཆི་བ་ཉིད་ནི་ཐ་མའོ། །ཉ་ལ་ཉ་ཡི་རྣམ་པར་འགྱུར་བ་ཉིན་ཞག་འགའ་སྟེ་རུས་སྦལ་ལ་ནི་རུས་སྦལ་དངོས་པོ་ཡང་། །ཕག་པ་ལ་ཡང་དེ་ཡི་སྐྱེ་མཆེད་ཉི་མ་འབྱུང་སྟེ་མི་ཡི་སེང་གེ་ལ་ནི་རབ་ཏུ་སྐྱེ། ༧ །མི་ཐུང་ལ་ནི་བྱིས་པའི་དངོས་པོ་རཱ་མ་ལ་

เล่ม ๑๑ · หน้า 20a

ཡང་མི་བདག་གཉིས་ཀྱི་སོ་རྣམས་འབྱུང་བར་འགྱུར། །སླར་ཡང་རཱ་མ་ལ་ནི་ལྟུང་བར་འགྱུར་ཏེ་དེ་ཉིད་ནག་པོ་ལ་ནི་གསལ་བར་སྒྱུ་དག་བྱེད། །སངས་རྒྱས་ལ་ཡང་ཞི་བ་དང་ནི་བརྟུལ་ཞུགས་ངེས་པ་བྱེད་དེ་རིགས་ལྡན་ལ་ནི་འཆི་བར་འགྱུར། །ཁུ་བ་

ལས་ནི་རྐང་དང་རུས་པ་རྒྱུས་པར་འགྱུར་ཏེ་རྡུལ་ལས་པགས་པ་ཁྲག་དང་ཤ་ཉིད་དོ། ༨ །མངལ་གྱི་ནང་དུ་ཟླ་བ་གཅིག་ནི་ཁྲག་དང་ས་བོན་བདུད་རྩིའི་རོར་གྱུར་རབ་ཏུ་སྐྱེ་བ་སྟེ། །ཕྱི་ནས་ས་བོན་མྱུ་གུ་རང་གི་སྙིང་ཁར་རྣམ་པ་བཅུ་ཡི་རྩ་ནི་ཤིན་ཏུ་ཕྲ་བའོ། །ལྟེ་བ་ལ་ཡང་

བརྒྱད་པ་བརྒྱད་ནི་གཞན་ཏེ་རྐང་ལག་གདོང་རྣམས་ལ་ནི་གྱེན་དུ་སྐྱོད་པར་བྱེད། །ཟླ་བ་གཉིས་པོ་རྫོགས་པར་གྱུར་པ་དག་ལ་འདིར་ནི་རྐང་ལག་གདོང་གི་མཚོན་པ་ཅུང་ཟད་དོ། ༩ །ཟླ་བ་གསུམ་པ་རྫོགས་པ་ན་ནི་ལག་པ་རྐང་པ་མགྲིན་པ་དག་གི་མགོ་བོ་མཉམ་པར་

འགྱུར། །ཕྲ་མོའི་རྩ་རྣམས་ཟླ་བ་བཞི་པ་ལ་ནི་རྐང་ལག་གདོང་དང་མགྲིན་པ་དག་གི་ཕྱོགས་སུ་སྟེ། །ལྔ་པ་ལ་ནི་ཤ་དང་ཁྲག་དང་རུས་པ་མཁའ་རོ་བསྲེག་ཟ་དག་སྟེ་ཚིགས་རྣམས་དག་ཀྱང་ངོ་། །ཟླ་བ་དྲུག་པ་ལ་ཡང་ཤ་དང་ཁྲག་ཏུ་འགྱུར་ཏེ་ཚོར་བ་བདེ་བ་དང་ནི་སྡུག་

བསྔལ་ཡང་། ༡༠ །སྨིན་མ་སྐྲ་དང་སྤུ་དང་བུག་པ་རྣམས་ཀྱང་ཐུབ་མཆོག་ལ་སྟེ་རྩ་ནི་ལྷག་མར་གྱུར་པ་རྣམས། །ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དབང་གིས་སྟོང་པ་སྟོང་པ་མིག་གི་གྲངས་ནི་སྐྱེ་བ་སྟེ། །གནད་དང་རུས་པ་རྐང་དུ་འགྱུར་ཏེ་རོ་འཛིན་དང་ནི་གཅི་བ་བཤང་བ་བརྒྱད་

པ་དག་ལ་ཡང་། །བུག་པ་ཞེས་ལ་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་དག་གིས་སྡུག་བསྔལ་དྲག་པོའོ། ༡༡ །མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་དང་ནི་ལང་ཚོ་དག་ལ་བུད་མེད་ནོར་དང་

འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོ་གང་། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། ༡༢ །འཁོར་བར་མི་

เล่ม ๑๑ · หน้า 20b

ཉིད་དུ་ནི་འགྱུར་བ་དག་ཀྱང་འགའ་ཞིག་ཏུ་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་བས་སངས་རྒྱས་ལ་ནི་རྗེས་ཆགས་དགེ་བའི་དབང་གིས་འགྱུར་ཞིང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་བས་དཔལ་ལྡན་རྡོ་རྗེ་ཐེག་པ་སྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ནི་འཇུག །དེ་ལས་

སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། ༡༣ །མངལ་དུ་ཡང་དག་དག་པའི་སྐུ་སྟེ་བཙའ་བའི་དུས་ནས་སོ་ནི་སྐྱེས་པ་དག་ཀྱང་ཆོས་ཀྱིའོ། །སོ་རྣམས་རབ་ཏུ་ལྷུང་བར་འགྱུར་བ་མི་ཡི་བདག་པོ་རྒྱལ་བ་ཡི་ནི་ལོངས་སྤྱོད་རྫོགས་པའི་སྐུ། །

དེ་ནས་སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་མཚམས་ཏེ་མི་རྣམས་དག་གིའོ། །མངལ་དང་ཕྱི་རོལ་དག་ཏུ་སླར་ཡང་འདི་ནི་ཡེ་ཤེས་རྣམ་ཤེས་དབྱེ་བས་རྣམ་པ་བཞི་རུ་འགྱུར། ༡༤ །རྣམ་ཤེས་ཟླ་བ་ཉི་མ་དག་ཀྱང་པདྨར་གནས་པ་དེ་ནི་མངལ་དུ་དག་པའི་སྐུ་ཡིན་ཏེ། །

ཁམས་དང་ཕུང་པོ་རབ་ཏུ་འབྱུང་བ་རྣམ་པ་བཅུ་པོ་གང་ཡིན་རྒྱལ་བ་ཡི་ནི་ཆོས་ཀྱི་སྐུ། །དེ་ནས་ཡོན་ཏན་དབང་གིས་རྣ་བ་སྒྲ་སོགས་སྐྱེས་པ་དག་ནི་ལོངས་སྤྱོད་རྫོགས་པའི་སྐུ་རུ་འགྱུར། །དེ་ནས་སྐྲ་ལ་སོགས་པ་སྐྱེས་ཏེ་རབ་ཏུ་བཙའ་བའི་དུས་ཀྱང་འདིར་ནི་སྤྲུལ་པ་དག་གི་སྐུ། ༡༥ །

སྐྱེས་པ་ན་ནི་ངེས་པར་དབུགས་དག་གང་ཞིག་རབ་ཏུ་འབྱུང་བར་འགྱུར་བ་དེ་ཉིད་དག་པའི་སྐུ། །དེ་ནས་སོ་ནི་རབ་འབྱུང་གང་ཞིག་ཚིག་ནི་གསལ་མིན་དག་ཀྱང་དེ་བཞིན་ཉིད་དུ་ཆོས་ཀྱི་སྐུ། །དེ་ནས་གཉིས་སྐྱེས་རྣམས་ནི་ལྟུང་བར་འགྱུར་བ་མི་ཡི་བདག་པོ་རྒྱལ་བའི་ལོངས་སྤྱོད་

རྫོགས་པའི་སྐུ། །སོ་རྣམས་དག་ལས་འཆི་བའི་མཚམས་ནི་ཕྱི་རུ་རྒྱལ་བའི་བདག་པོ་དག་གི་སྤྲུལ་པའི་སྐུ་རུ་འགྱུར། ༡༦ །མངལ་དུ་འདིར་ནི་དང་པོ་དཔལ་ལྡན་སྐུ་ཡི་རྡོ་རྗེར་འགྱུར་ཏེ་གསུང་གི་རང་བཞིན་སྐྱེས་པ་ནའོ། །ཐུགས་ནི་སོ་དག་རབ་ཏུ་སྐྱེས་པ་ཉིད་ནའོ་སླར་ཡང་ལྷུང་

ནས་ཡེ་ཤེས་རྡོ་རྗེར་རབ་ཏུ་འགྱུར། །ཡེ་ཤེས་རྣམ་ཤེས་བསྲེས་ཤིང་ཉི་མ་རི་བོང་ཅན་དང་བཅས་པ་ཡེ་ཤེས་རྡོ་རྗེ་ལ་སོགས་ཀུན། །མངལ་ན་གནས་པ་དག་ནི་སྐུ་ཡི་རྡོ་རྗེ་ལ་སོགས་རིམ་པ་ཡིས་ཀྱང་སྟོབས་དང་ལྡན་པར་འགྱུར། ༡༧ །ས་ཡི་སྙིང་པོ་དག་ནི་བསྲེག་ཟར་འགྱུར་ཏེ་

เล่ม ๑๑ · หน้า 21a

འཛིན་མ་དང་ནི་རླུང་དག་སྟོང་པའི་སྙིང་པོའོ། །རླུང་དང་ས་ཡི་སྙིང་པོ་དག་ནི་ཆུ་ཉིད་དུ་འགྱུར་རང་བཞིན་མེད་པ་དང་ནི་རང་བཞིན་ནོ། །ས་ཡི་རྟེན་ནི་ཆུ་སྟེ་འབར་བྱེད་དག་ཀྱང་ཆུ་ཡི་རླུང་ནི་དག་པར་བྱེད་པ་དག་གིའོ། །རླུང་གི་སྟོང་པར་རབ་ཏུ་འགྱུར་ཏེ་

མི་ཡི་དབང་པོ་འབྱུང་བའི་རྟེན་དང་བརྟེན་པ་ཇི་ལྟ་བཞིན། ༡༨ །ཕུང་པོའི་རྟེན་ནི་འབྱུང་བ་རྣམས་སུ་འགྱུར་ཏེ་ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་རྩ་རྣམས་སོ། །རྩ་རྣམས་ཀྱི་ནི་སྲོག་རླུང་རྣམ་པ་བཅུ་པོར་འགྱུར་ཏེ་སྲོག་གི་རླུང་རྣམས་དག་གི་སེམས་ཡིན་ནོ། །སེམས་དེ་

གཉིས་ཀྱི་རང་བཞིན་དུ་འགྱུར་ཡོན་ཏན་དབང་གིས་རང་བཞིན་ཅན་དང་རང་བཞིན་མེད་པའོ། །དེ་དག་གི་ཡང་རྟེན་ནི་གཙོ་བོ་སྲིད་པ་གསུམ་གྱིས་བཏུད་ཅིང་གཞོམ་མེད་ཀུན་ཏུ་འགྲོ་པ་གང་། ༡༩ །དྲི་ནི་འཛིན་མ་དག་ལས་འབྱུང་སྟེ་རོ་ཡང་རྩེ་མོ་ཅན་ལས་གཟུགས་ཀྱི་ཁམས་ནི་

ཆུ་ལས་སོ། །རླུང་ལས་རེག་པར་འགྱུར་ཏེ་ཞི་བ་ལས་ཀྱང་སྒྲ་དང་ཆོས་ཀྱི་ཁམས་ནི་ནམ་མཁའ་དག་ལས་སོ། །སྟོང་པ་སྒྲ་ནི་འཛིན་པར་བྱེད་དེ་ངེས་པར་རྒྱལ་བ་སྐྱེད་མཛད་ཆོས་ཀྱི་ཁམས་དང་རླུང་དག་ནི། །དྲི་དང་མེ་ཡང་གཟུགས་ཏེ་ཆུ་དག་ཀྱང་ནི་རོའོ་དེ་བཞིན་འཛིན་མ་དག་

ནི་རེག་བྱའོ། ༢༠ །གྲུབ་པ་གཟུགས་ནི་འཛིན་མ་ལ་སྟེ་སྲིད་པ་གསུམ་གྱི་གནས་སུ་ཆུ་ལ་ཡང་ནི་འདུ་ཤེས་གྲུབ། །མེ་ལ་ངེས་པ་ཉིད་དུ་ཚོར་བར་འགྱུར་ཏེ་རླུང་ལ་ཡང་ནི་ཕུང་པོ་འདུ་བྱེད་ཁོ་ནའོ། །རྣམ་ཤེས་ཡེ་ཤེས་བསྲེས་པ་ནམ་མཁའ་དང་བཅས་རྡོ་རྗེ་དག་ལ་གྲུབ་པ་ཉིད་

དེ་ལུས་འདི་ལ། །ཁམས་དང་ཕུང་པོ་ལ་སོགས་ཐམས་ཅད་འགྱུར་བ་དག་ཀྱང་རྡུལ་དང་བྱང་ཆུབ་སེམས་སོགས་སྦྱོར་བས་སོ། ༢༡ །རྣ་བ་རྡོ་རྗེའི་རང་བཞིན་དུ་འགྱུར་མི་ཡི་བདག་པོ་སེམས་ནི་ནམ་མཁའ་དག་གི་རང་བཞིན་ནོ། །སྣ་ནི་ས་ཡི་རང་བཞིན་དག་སྟེ་དེ་བཞིན་ཁོ་ན་ལྕེ་ནི་མེ་ཡི་

རང་བཞིན་ཉིད་དུ་འགྱུར། །མིག་ནི་ཆུ་ཡི་རང་བཞིན་དག་སྟེ་སྲིད་པ་གསུམ་གྱི་གནས་སུ་ལུས་ཀྱང་རླུང་གི་རང་བཞིན་ནོ། །དེ་ལྟར་རྣ་བ་ལ་སོགས་ཐམས་ཅད་ཡོན་ཏན་དབང་གིས་འགྱུར་ཏེ་ཡེ་ཤེས་རྣམ་ཤེས་སྦྱོར་བས་སོ། ༢༢ །སེར་སྣ་ཡེ་ཤེས་ཁམས་ལ་འགྱུར་ཏེ་ལུས་མཆོག་

เล่ม ๑๑ · หน้า 21b

དག་ལ་ནམ་མཁའ་ལ་ནི་ཞེ་སྡང་རྡོ་རྗེའོ། །རླུང་ལ་ཕྲག་དོག་རྡོ་རྗེ་མེ་ལ་ཆགས་པའི་རྡོ་རྗེ་རབ་ཏུ་གསལ་མཛད་དེ་བཞིན་ཉིད་དུ་ནི། །ཆུ་ལ་དཔལ་ལྡན་ང་རྒྱལ་རྡོ་རྗེ་ས་ལ་གཏི་མུག་རྡོ་རྗེ་རང་བཞིན་ཡོན་ཏན་དབང་གིས་སོ། །ངག་དང་ལག་པ་རྐང་པ་བཤང་ལམ་ཐམས་ཅད་རླུང་མེ་

ཆུ་དང་ས་རྣམས་དག་ལས་འབྱུང་བར་འགྱུར། ༢༣ །ཐུར་སེལ་ཡེ་ཤེས་ཁམས་ལ་རྣམ་གསུམ་ཞེས་པར་འགྱུར་ཏེ་སྲོག་གི་རླུང་ཡང་སྟོང་པ་དག་ལའོ། །རླུང་གི་དབུས་སུ་མཉམ་གནས་རྩེ་མོ་ཅན་ལ་སླར་ཡང་གྱེན་རྒྱུ་ཆུ་ལ་ཁྱབ་པར་བྱེད་པ་ཉིད། །ས་ལ་ཀླུ་སྟེ་དེ་ནས་རུས་སྦལ་

རྩངས་པ་དང་ནི་ལྷ་སྦྱིན་ནོར་ལས་རྒྱལ་བ་དག་གི་རླུང་། །བཞི་པོ་རླུང་དང་མེ་དག་དང་ནི་ཆུ་དང་ས་རྣམས་དག་ལ་རིམ་པ་ཡིས་ནི་ཡང་དག་འགྱུར། ༢༤ །གཙུག་ཏོར་སྟོང་པའི་ཁམས་ལ་འགྱུར་ཏེ་ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཁམས་ལ་གསང་བའོ། །སྙིང་གི་པདྨ་རླུང་

གི་ཁམས་ལ་རབ་གསལ་རྩེ་མོ་ཅན་ལ་མགྲིན་པའི་འཁོར་ལོ་གསལ་བར་རོ། །ཆུ་ལ་སྨིན་མའི་ནང་གི་པདྨ་ནོར་ནི་ནོར་གྱི་འདབ་ལྡན་ལྟེ་བའི་པདྨ་ས་ལའོ། །རྐང་པ་ལག་པ་དག་གི་ཚིགས་དྲུག་ས་དང་ཆུ་དང་བསྲེག་ཟ་རླུང་རྣམས་དག་ལ་གསུམ་གྱི་གྲངས། ༢༥ །ས་སོགས་

ཁམས་ལྔ་དག་ལ་རྣམ་གསུམ་ཡོན་ཏན་དབང་གིས་འབྱུང་བ་རྐང་པ་ལག་པ་དག་གི་ནི། །མཐེ་བོང་ལ་སོགས་སོར་མོ་བཅུ་ནི་གསུམ་གྱིས་བསྒྱུར་བའི་ཚིགས་ཀྱི་གཟུགས་དང་ལྡན་པ་མཐའ་དག་སྟེ། །དེ་དག་སེན་མོའི་མཐར་ཐུག་ཡང་དག་གཟུང་བྱ་སླར་ཡང་སོ་རྣམས་དེ་

ཉིད་རབ་ཏུ་དབྱེ་བས་སོ། །གཞན་ཡང་སྤུ་ཡི་མཐར་ནི་ལུས་མཆོག་ལ་འགྱུར་དེ་དང་དེ་ནི་དེ་བཞིན་དུ་ཡང་ཁམས་ལའོ། ༢༦ །གསང་བ་གཙུག་ཏོར་ལྟེ་བ་ལ་ཡང་ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ་སྟེ་རང་བཞིན་མེད་རང་བཞིན། །སྙིང་གའི་ཆུ་སྐྱེས་ལ་ནི་ཆོས་སྐུར་འགྱུར་ཏེ་

མགྲིན་པའི་ཆུ་སྐྱེས་ལ་ཡང་ལོངས་སྤྱོད་རྫོགས་པའི་སྐུ། །ཐིག་ལེ་ལ་ཡང་སྤྲུལ་པའི་སྐུ་ནི་ཡོན་ཏན་དབང་གིས་ལྷག་པའི་ལྷ་རུ་རིམ་པ་དག་གིས་འགྱུར། །སྙིང་གའི་འཁོར་ལོ་མགྲིན་པའི་འཁོར་ལོ་སྤྱི་བོའི་པདྨ་ཆོས་དང་ལོངས་སྤྱོད་རྫོགས་དང་དག་པའོ། ༢༧ །ལྟེ་བ་མགྲིན་པ་

เล่ม ๑๑ · หน้า 22a

དག་དང་གསང་བ་སྤྱི་བོ་དང་ནི་སྙིང་ག་དེ་བཞིན་གཙུག་ཏོར་དབུས་སུ་ནི། །ཡུམ་དང་གཙོ་བོའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་པོ་དག་ཀྱང་རིམ་པས་འགྱུར། །འཁོར་ལོ་རིན་ཆེན་མཁའ་ཡི་པདྨ་ཆུ་སྐྱེས་རལ་གྲི་མཆོག་དང་རྡོ་རྗེ་དང་ལྡན་རིགས་

དྲུག་གོ། །དེ་དག་སྟེང་འོག་རྩ་གསུམ་རྣམ་གསུམ་ལམ་ལ་གནས་པ་རྣམས་ཏེ་ཉི་ཟླ་མེ་ཡི་དབྱེ་བས་སོ། ༢༨ །ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་བཞིན་དུ་རོ་མཉམ་བསམ་པའི་དབུས་སུ་ལུས་དག་ཀྱང་། །རྣལ་འབྱོར་ལྡན་པས་ཤེས་བྱ་རང་བཞིན་ཡོན་ཏན་དབང་

གིས་ཁམས་ཀྱི་ཁ་དོག་ལ་སོགས་དབྱེ་བ་སྟེ། །སེར་པོ་ནག་པོ་དག་དང་ཁ་དོག་དམར་པོ་ཞེས་དང་དཀར་པོ་ས་རླུང་མེ་དང་ཆུ་ལའོ། །ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་པོ་ལྗང་གུར་འགྱུར་ཏེ་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ། ༢༩ །ཤེས་རབ་ཐབས་ནི་རུས་པ་ཤ་དང་ཆུ་དང་

བཅས་པའི་ཁྲག་དང་མེ་དག་དང་ནི་གཅི་བ་ཉིད། །རླུང་དང་བཤང་བ་སྟོང་པ་ཁུ་བ་མཆོག་གི་ལུས་ལ་དཔལ་ལྡན་རྡུལ་དང་སེམས་ཉིད་དག་ཏུ་འགྱུར། །རྣ་བ་སྒྲ་སོགས་གཞན་རྣམས་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ངག་གི་རང་བཞིན་ལ་སོགས་ཀྱང་། །དེ་ལྟར་ལྷ་

མོ་སངས་རྒྱས་དང་བཅས་ཡུལ་དང་ཡུལ་ཅན་རྣམས་ནི་དཀྱིལ་འཁོར་དག་ལ་རིག་པར་བྱ། ༣༠ །རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་མངལ་གྱི་དབུས་དག་ཏུ་ཡང་འཕེལ་བ་ནི། །བྱས་ནས་ལོ་ནི་རྫོགས་པ་ན་ཡང་གཏོང་སྟེ་རི་བོང་འཛིན་པ་ཉི་མ་དག་ཀྱང་

འཕེལ་བར་བྱེད། །ལོ་ནི་བཅུ་གཉིས་དག་ན་ཉིན་བྱེད་ཁམས་ནི་འཕེལ་བ་གཏོང་སྟེ་རང་གི་ལུས་པོ་དག་ལའོ། །རྩ་ནི་འཆད་པ་རབ་ཏུ་སྐྱེས་ནས་ཉིན་ཞག་ཉིན་ཞག་དག་ལ་རིམ་པས་ཟུང་གི་གྲངས་སུ་འགྱུར། ༣༡ །དཔལ་ལྡན་འབྱུང་བ་དང་ནི་དབང་པོ་རྣམས་དག་བཅུ་

རུ་རབ་འགྱུར་ལས་ཀྱི་དབང་པོ་ལྔ་རྣམས་དང་། །དེ་ཙམ་ལྔ་རུ་བརྗོད་པ་རྣམས་དང་ཡོན་ཏན་བཅས་པ་དག་ཀྱང་ཡིད་དང་བློ་དང་ངར་འཛིན་མཆོག །འདི་དག་དེ་ཉིད་རྣམས་ཏེ་ལུས་དང་སྲིད་པ་གསུམ་གྱི་གནས་སུ་འདི་ནི་ལོངས་སྤྱོད་གཙོ་བོ་དག །ཕུང་པོ་ལྔ་ཡི་བདག་ཉིད་

เล่ม ๑๑ · หน้า 22b

རྣམ་གསུམ་སྲིད་པ་ལ་གནས་བདག་གི་ལས་ནི་བསགས་པ་དག་གིའོ། ༣༢ །ས་ནི་སྲ་བ་ཆུ་ནི་གཤེར་བ་མེ་ཡང་ཚ་བ་རླུང་ནི་ཡང་བ་ཉིད་དེ་བུག་པ་ནི། །སྟོང་པ་དག་སྟེ་བརྟན་པའི་རུས་པ་འཆི་མེད་རི་བོ་མཆོག་དང་ཆར་པ་འདིར་ནི་བདུད་རྩིར་འགྱུར། །རྡོ་རྗེ་སྒྲ་དང་གཞུ་ཡང་བཤང་

བ་དག་སྟེ་ཆུ་ཚོད་རྣམས་ནི་དབུགས་དང་དབུགས་འབྱུང་ཟུང་དག་གོ། །ཟུང་རྣམས་དགུ་བརྒྱ་ཉིས་འགྱུར་དག་གིས་འཕོ་བ་གཅིག་སྟེ་སྐར་རྩིས་པ་རྣམས་བུག་པའི་དབྱེ་བའོ། ༣༣ །རྒྱུ་སྐར་དག་ནི་སོ་ཡི་ཕྲེང་བ་རྗེས་སུ་ཉིན་ཞག་ཆུ་ཚོད་རྣམས་ནི་ཚིགས་ཀྱི་དབྱེ་བར་འགྱུར། །རྩ་རྣམས་

ཆུ་བོ་རྒྱུ་མ་སྤྲིན་ཏེ་རི་བོང་ཅན་གྱི་ཆ་གཞན་ཁམས་རྣམས་གཉིས་ཀྱི་རང་བཞིན་ནོ། །སྤུ་དང་ཤིག་དང་ཁུ་བ་སྲིན་བུའི་རིགས་དང་བཅས་པ་རྣམས་ནི་འབྱུང་པོ་སྐྱེ་གནས་རྣམ་པ་བཞི། །དགའ་བ་ལ་སོགས་མཐེ་བོང་ཚིགས་རྣམས་སྤྱི་བོའི་པདྨ་ལྟེ་བའི་པདྨ་དག་ཀྱང་ནུས་པའོ། ༣༤ །

ཚངས་པའི་ཡུལ་ས་མཐོ་རིས་འཇིག་རྟེན་ལག་མཆོག་རྐང་པ་དག་ནི་མི་ཡུལ་ས་འོག་འཇིག་རྟེན་ནོ། །ཆུ་གཏེར་གླིང་དང་རི་བོ་རྣམས་ནི་གཤེར་དང་འཇམ་པ་སྲ་བ་གསུམ་གྱི་རང་བཞིན་ཁམས་རྣམས་སོ། །ལན་ཚྭའི་ཆུ་གཏེར་གཅི་བ་འདི་དག་རྣམས་ཀྱི་མེ་རླུང་དཀྱིལ་འཁོར་རྒྱལ་པོ་

ཁྲག་དང་པགས་པའོ། །སྐྲ་རྣམས་གྲུབ་པ་མཐའ་དག་སྲིད་པ་གསུམ་གྱི་གནས་སུ་དུ་མའི་དབྱེ་བ་དག་གིས་གྲུབ་པའོ། ༣༥ །སྙིང་མགྲིན་ལྟེ་བའི་པདྨ་དག་ལ་རྡོ་རྗེ་ཉི་མ་རྩེ་མོ་ཅན་རྣམས་རབ་འཕྲོ་རིམ་པ་ཡིས། །གཞུ་ཡི་རྣམ་པ་ཟླུམ་པོ་དང་ནི་ཉིན་བཞིན་སྲེག་བྱེད་ཆུ་གཏེར་ཟུར་གྱི་

ཐབ་ཁུང་དག་ལ་ཡང་། །དེ་དག་གང་ན་མེ་གཞན་དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་གཟུགས་ནི་མུན་པ་དག་གི་མཐར། །གང་ཞིག་ཉི་མ་གློག་གིས་མི་གདུང་རི་བོང་འཛིན་པ་གཟའ་དང་སྐར་མ་ལ་སོགས་མེད་པ་ནའོ། ༣༦ །གཟའ་ནི་སྙིང་གའི་པདྨ་ལ་སྟེ་རབ་ཏུ་གསལ་བྱས་ཆུ་

ཚོད་དྲུག་ཅུ་ལྟེ་བའི་པདྨ་ལ། །སྨིན་མའི་དབུས་སུ་ཉིན་ཞག་རྐང་པ་མ་ནུ་སླར་ཡང་མི་བདག་ལོངས་སྤྱོད་འཁོར་ལོར་སྐར་མའོ། །སླར་ཡང་ལྟེ་བའི་པདྨར་རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་རྣལ་འབྱོར་ལྡན་པ་དག་གིས་རིག་པར་བྱ། །ཆུ་ཚོད་ཆུ་སྲང་གསལ་བར་མཐའ་དག་ལུས་ལ་ལག་པ་

เล่ม ๑๑ · หน้า 23a

རྐང་པ་ལ་སོགས་དག་གི་ཚིགས་ལའོ། ༣༧ །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མ་དག་ལ་འཁོར་ཏེ་མཆོག་གི་ཆ་ནི་འཕོ་བ་རིམ་པས་སོ། །སྲོག་ཟུང་དགུ་བརྒྱ་ཉིས་འགྱུར་དག་གིས་འཕོ་བར་འགྱུར་ཏེ་དུས་སྦྱོར་ཀརྐ་ཊ་ནས་མི་ཡི་དབང་། །དུས་སྦྱོར་གང་ལ་ཉི་མ་གནས་

པས་ཉིན་དང་མཚན་མོར་འཁོར་བ་དེ་ལ་དེ་ནི་རིག་པར་བྱ། །དུས་སྦྱོར་ཚད་དང་ནོར་དང་བུ་ལོན་མཉམ་པ་དག་ཀྱང་བགྲོད་པ་གཡས་དང་གཡོན་ལ་ཤེས་པར་བྱ། ༣༨ །རེ་རེ་པདྨའི་འདབ་མ་དག་ལ་རབ་ཏུ་འབབ་སྟེ་ནུབ་ཏུ་འཛིན་མ་དང་ནི་བྱང་དུ་ཆུ། །ལྷོ་རུ་མེ་དང་ཤར་དུ་རླུང་ནི་རབ་

ཏུ་འབབ་སྟེ་འདབ་མའི་དབུས་དག་ཏུ་ཡང་སྟོང་པའོ། །དབྱེ་བ་ལྔ་ཡིས་འཕོ་བར་འགྱུར་ཏེ་མཉམ་པ་རབ་ཏུ་འབབ་པ་དམན་པའི་དབུགས་ནི་དྲུག་ཅུའོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་དུས་སྦྱོར་དབྱེ་བ་དག་གིས་འགྱུར། ༣༩ །སྟོང་པ་ལ་སོགས་དེ་ཉིད་

ལྔ་ནི་ངེས་པར་བྱང་དུ་རབ་འབབ་ས་ལ་སོགས་པ་གཡས་སུའོ། །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་དག་དང་གཟའ་ལག་ས་སྐྱེས་ལྷ་མིན་བློན་པོ་བླ་མ་དང་། །མཇུག་རིངས་སྤེན་པ་འདི་བཅུ་དག་ནི་ནམ་མཁའ་ལ་སོགས་དཀྱིལ་འཁོར་རྣམས་ལ་བདག་པོ་ཞིང་ཅན་ནོ། །ཟླ་བ་

དྲུག་ལ་ཟླ་བ་དབང་ཕྱུག་ཏུ་འགྱུར་བྱང་དག་ཏུ་སྟེ་མི་བདག་ལྷོ་རུ་ཉི་མའོ། ༤༠ །དེ་སྟེང་སྙིང་གའི་ཕྱོགས་སུ་པདྨ་ནོར་གྱི་འདབ་མ་དག་ལ་རྩ་ཡི་འཁོར་ལོ་ཡང་དག་གནས། །སྲོག་ལ་སོགས་པ་རླུང་གི་ཚོགས་ཏེ་ཟླ་བ་ཉི་མ་མེ་རྣམས་གཡོན་དང་གཡས་དང་དབུས་སུའོ། །གཡོན་དུ་

རྩ་ནི་རི་བོང་མཚན་མ་འབབ་སྟེ་ངེས་པར་དཀར་པོ་གཡས་སུ་དམར་པོ་ཉི་མའོ། །དབུས་སུ་དུས་མེའི་གཟུགས་ནི་རབ་ཏུ་འབབ་སྟེ་མཉམ་པ་དག་ལ་དམན་པའི་དབུགས་ནི་དྲུག་ཅུའོ། ༤༡ །སྲོག་དང་ཐུར་སེལ་མཉམ་གནས་པདྨ་ནོར་གྱི་འདབ་མ་དག་ལ་རླུང་ནི་གྱེན་དུ་རྒྱུ་བ་དང་། །ཁྱབ་

བྱེད་ཀླུ་དང་རུས་སྦལ་དག་དང་རྩངས་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ་ཞེས་པ། །རླུང་ནི་རྣམ་པ་བཅུ་པོ་འདི་རྣམས་ལྟེ་བའི་འཁོར་ལོ་ལ་ནི་ལས་ཀྱི་དབྱེ་བས་ཡང་དག་གནས། །དུང་ཅན་མཐའ་ཡང་ཨི་ཌ་ལ་སོགས་རང་གི་སྙིང་གའི་པདྨ་རྩ་ཡི་འཁོར་ལོ་མཐའ་དག་གོ། ༤༢ །

เล่ม ๑๑ · หน้า 23b

སྲོག་ནི་ཉི་མ་ཟླ་བའི་ལམ་ན་གནས་པ་དག་ཀྱང་སྲོག་བྱེད་བཟའ་དང་བཏུང་བ་མ་ལུས་པ། །དེ་དག་ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་ཏེ་མཐའ་དག་རོ་མཉམ་ལུས་ལ་མཉམ་གནས་དག་གིས་འཐོབ། །ལུས་ལ་གྱེན་རྒྱུས་གཡོ་བར་བྱེད་དེ་ཁ་དང་ལག་པ་རྐང་པ་རྣམས་ཀྱིས་གླུ་

དང་ཟློས་གར་བྱེད། །ཁྱབ་བྱེད་ཀྱིས་ནི་ནང་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ལུས་འདི་འཇིག་པ་དེ་ལྟ་ཉིད། ༤༣ །ཀླུ་ཡང་སྒྲེགས་པ་ཉིད་དེ་གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ནི་རུས་སྦལ་རླུང་གིས་སོ། །ཁྲོ་དང་གཡེང་བ་མཐའ་དག་དེ་ནི་རྩངས་པའི་རླུང་དག་

གིས་ཏེ་གླལ་བ་དག་ཀྱང་ལྷ་སྦྱིན་གྱིས། །ལུས་ནི་ལྔ་པ་ཉིད་གྱུར་གཏོང་བར་མི་བྱེད་མི་ཡི་བདག་པོ་རླུང་གཅིག་ནོར་ལས་རྒྱལ་བའོ། །དེ་ལྟར་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ཅད་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་གཏོང་མི་བྱེད། ༤༤ །དམར་སེར་ཕྲ་མོ་དག་ཀྱང་

ཨི་ཌ་ལ་སོགས་རྣམ་གསུམ་ལམ་བགྲོད་སྣར་མ་དང་ནི་ལག་ལྡན་ལྕེ། །དྲུག་པ་རྒྱལ་དང་རི་ཡང་རྒྱལ་བ་ནོར་དང་དགུ་པ་ཨ་ལཾ་བུ་ཥ་དཔལ་ལྡན་ཀུ་ཧཱའོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་མི་ཡི་བདག་པོ་བྱང་ཆུབ་ས་བོན་བདེ་བའི་མཐར་ཟག་བྱེད། །དཔལ་ལྡན་རྩ་ཡི་འཁོར་

ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ་ཚིགས་ཀྱི་དབྱེ་བ་དུ་མས་སོ། ༤༥ །དབང་པོ་མེ་དང་གཤིན་རྗེ་ལྷ་མིན་ཆུར་བཅས་རླུང་དང་གནོད་སྦྱིན་དང་ནི་དྲག་པོ་དག་གི་དབུས། །གནས་ནི་འདི་དག་རྣམས་སུ་དེ་ཡི་རང་བཞིན་བརྟེན་ཞིང་ནུས་པ་ཉིན་དང་མཚན་མོར་འཁོར་བར་བྱེད། །དེ་ཡི་སྟེང་གི་

མགྲིན་པའི་ཕྱོགས་སུ་གཟའ་ཡི་ཚོགས་དང་བཅས་པའི་རྒྱུ་སྐར་འཁོར་ལོ་ཡང་དག་གནས། །ཚངས་པའི་ཡུལ་ས་དཔལ་ལྡན་དཔྲལ་བ་དག་གནས་དབྱངས་ཀྱིས་ཡོངས་སུ་བསྐོར་བའི་ཐིག་ལེ་དཀར་པོ་ཟག ༤༦ །རྩ་བར་ས་སྟེ་གཡོན་དུ་ཆུ་དང་གཡས་སུ་བསྲེག་ཟ་དག་ནི་རབ་ཏུ་འབབ་སྟེ་སྟེང་

དུ་རླུང་། །གཉིས་ཀྱི་དབུས་སུ་ནམ་མཁའ་དང་ནི་མཉམ་པ་རབ་ཏུ་འབབ་སྟེ་སྣ་བུག་དག་ལས་རིམ་པས་སོ། །འདི་དག་རྣམས་ནི་འབུགས་ཏེ་ནུས་པ་མཆོག་གི་གནས་དང་བཅུ་གཉིས་མཐའ་དང་ཆ་ཡི་མཐའ་རུ་འགྲོ། །ཞིང་ལ་སོགས་པ་ལག་པ་རྐང་པ་ལག་པད་སྦྱར་བ་དག་ལ་ཆེན་

เล่ม ๑๑ · หน้า 24a

པོའི་མཐར་ཐུག་མཐའ་དག་གོ། ༤༧ །འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་བདག་རྣམས་ཡན་ལག་བཅུ་གཉིས་འགོག །རིགས་ལྡན་དག་ནི་ཡང་དག་ཡེ་ཤེས་གླང་པོ་རྟ་དང་ཤིང་རྟ་མངག་གཞུག་འཕགས་པའི་ཚད་མེད་རྣམས། །དྲག་པོ་རང་

རྒྱལ་མིང་ཅན་དག་ཏུ་འགྱུར་ཏེ་ཧ་ནུ་མཱན་ནི་ཉན་ཐོས་གདུག་པ་ཀླ་ཀློའི་དབང་། །སྲོག་ཆགས་རྣམས་ཀྱི་སྡིག་པ་དག་སྟེ་གང་ཞིག་བྱེད་པའི་བློ་གྲོས་སྡུག་བསྔལ་སྦྱིན་བྱེད་མི་དགེའི་ལམ། ༤༨ །རྟ་ལ་གནས་པ་མ་རིག་པ་སྟེ་ལྷ་མིན་དཔུང་རྣམས་མཐའ་དག་བདུད་ཀྱི་ཕྱོགས་ནི་རྣམ་པ་བཞི། །

དེ་ཡི་གཡུལ་ལ་སྡུད་པ་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་དཔལ་ལྡན་རྒྱལ་བ་ཐར་པའི་ལམ། །ཀཻ་ལ་ཤར་ནི་ཆོས་དག་སྦྱིན་པ་སྲིད་པའི་འཇིགས་འཕྲོག་ཡིན་ཏེ་ས་ནི་རྫས་ཀྱིས་གང་བ་ཡང་། །སྐབས་གསུམ་པ་དང་མི་ཡི་བླ་མའི་སྲས་པོ་ཚངས་དང་ལྷ་དབང་དག་ནི་རྒྱབ་

དང་མདུན་དུ་གང་། ༤༩ །འཇམ་དཔལ་འཇིག་རྟེན་མགོན་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་དཔལ་ལྡན་རྡུལ་དང་བྱང་ཆུབ་སེམས། །རྒྱབ་ཏུ་ས་གཞི་དག་ལ་ཚངས་པ་ལ་སོགས་སྣ་ཚོགས་རིགས་རྣམས་དུ་མའི་སངས་རྒྱས་རྣམ་དག་པའོ། །དེ་ལྟར་ཀླ་ཀློ་དབང་པོའི་

འཁྲུག་པར་འགྱུར་ཏེ་ངེས་པར་ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུའོ། །སྒྱུ་མའི་གཟུགས་ཀྱང་ཕྱི་རོལ་ཏུ་ནི་ངེས་པར་མཁའི་ཡུལ་དུ་ཀླ་ཀློ་འཁྲུག་སྟེ་འཁྲུག་པ་མིན། ༥༠ །དུས་ཀྱི་ལོ་ནི་མེ་གྲངས་ལོ་ཡི་ཉིན་ཞག་ཚོགས་ཀྱིས་བསྒྱུར་ཏེ་རིགས་དྲུག་བགྲོད་པའི་ཡན་ལག་གིས། །ཟླ་

བའི་དབྱེ་བས་སུམ་ཅུ་དྲུག་སྟེ་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་རྣམས་དག་གི་རིགས། །གཟའ་ཡིས་བཅད་པས་ཐོབ་པ་རབ་ཏུ་གསལ་ཞིང་ངེས་པར་དུས་ཀྱི་འཁོར་ལོ་དག་གི་ལྷ་རྣམས་སོ། །ཕྱོགས་ཀྱིས་བཅད་པ་དག་གི་ལྷ་དང་ལྷ་མོ་རྣམས་ཀྱིས་མངོན་པར་བརྗོད་པར་འགྱུར་

རོ་མི་ཡི་བདག ༥༡ །སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་ཡང་ཉིན་ཞག་ཡན་ལག་ལས་འགྱུར་ཡང་དག་བུག་པར་རིག་བྱེད་དང་། །སླར་ཡང་འབྱུང་བ་རྒྱ་མཚོ་མེ་དང་ཆུ་གཏེར་གྱིས་འགྱུར་དཔལ་ལྡན་འདུས་པ་དུས་ཀྱི་དབྱེ་བ་ནི། །དེ་ཉིད་ཅེས་བྱ་གཞན་ཡང་དྲུག་གིས་རྣམ་དམན་

เล่ม ๑๑ · หน้า 24b

དེ་དག་ཕྱེད་ཀྱི་དབྱེ་བས་རྣམ་པར་ཕྱེ་བ་སྟེ། །སླར་ཡང་བསྲེས་པ་དག་ནི་དབྱེ་བ་གཉིས་ཏེ་བཅུ་གསུམ་བཅུ་དགུ་དང་ནི་བུག་པ་དེ་ཉིད་བཅས། ༥༢ །ཟླ་བའི་ཆ་ཤས་སུ་ངེས་ཉིན་ཞག་ཚོགས་ལས་གཟའ་ཡི་ཆ་ཡིས་ཐོབ་པ་གང་དག་ཉིན་ཞག་དྲུག །དེ་དག་རྡོ་རྗེ་ཅན་གྱི་ཕྱག་

རྒྱ་དྲུག་སྟེ་གཞན་པའི་ཉིན་ཞག་ཚོགས་ནི་སྐུ་གསུང་ཐུགས་ཀྱི་རྒྱ། །ཤེས་རབ་སྐུ་ལ་དུས་སྦྱོར་གསུམ་རྣམས་ངེས་པར་གསལ་བྱས་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་ལའོ། །ནུས་མ་ཁྲོ་བོ་རྣམས་ནི་རིམ་པས་བཅུ་རུ་རབ་ཏུ་འགྱུར་ཏེ་ལྔ་ནི་སངས་རྒྱས་ལྷ་མོ་རྣམས། ༥༣ །

གཟུགས་སོགས་མིག་ལ་སོགས་པ་དྲུག་སྟེ་སླར་ཡང་མི་ཡི་བདག་པོ་ལྷ་ཡི་ཚོགས་ནི་དྲུག་གཉིས་སོ། །རྣལ་འབྱོར་མ་དང་ཀླུ་དང་གཏུམ་མོ་བརྒྱད་ཅེས་བྱ་སྟེ་སྲིད་པ་འདི་དག་ཐམས་ཅད་ཉིས་འགྱུར་རོ། །འདི་དག་དཔལ་ལྡན་དུས་ཀྱི་འཁོར་ལོ་བཞི་ལྷག་བརྒྱ་སྟེ་དེ་ཡི་ཕྱེད་

ཀྱང་ཁམས་གསུམ་དག་ཏུའོ། །ཉི་མའི་ཆ་ལས་ཉིན་ཞག་སོ་སོར་ཆུ་ཚོད་འབྱུང་བ་གང་ཞིག་ཟླ་བའི་དབུས་སུ་དྲུག་ཅུ་སྟེ། ༥༤ །དེ་དག་མཐའ་དག་རྣལ་འབྱོར་མ་སྟེ་སྲིད་པ་གསུམ་གྱི་གནས་སུ་དུས་སྦྱོར་བསྲེས་པའོ་ཉིས་འགྱུར་རྣམས། །ཉི་མའི་ཆ་ལས་ཉིན་ཞག་རབ་ཕྱེ་ཉིས་

འགྱུར་དག་ཀྱང་གང་ཞིག་འདིར་ནི་རྣལ་འབྱོར་མ་ཡི་ཚོགས། །མཐའ་དག་བསྡུས་པར་གྱུར་པ་མངོན་བརྗོད་རྣམས་དང་བཅས་པ་དག་ནི་ཉི་མའི་ཉིན་ཞག་སུམ་འགྱུར་འགྱུར། །ཉི་མ་ལོ་ཡི་རབ་དབྱེར་འགྱུར་ཏེ་རི་བོང་འཛིན་པ་ལ་ནི་མཐའ་དག་ཕྱོགས་ཀྱི་དབྱེ་བའོ། ༥༥ །དེ་ལྟར་དང་

པོའི་སངས་རྒྱས་རྒྱུད་ལ་མཁའ་ལག་མི་བདག་རྣམས་ཏེ་ལྷ་དང་ལྷ་མོ་རྣམས་ཀྱི་ནི། །ཤེས་རབ་ཐབས་དག་མཚན་མོ་ཉིན་མོར་འགྱུར་བ་མཉམ་པའི་ཆ་སྟེ་མཚན་མོ་ཕྱེད་དང་ཉིན་ཕྱེད་ལའོ། །གང་གིས་རང་གི་ལུས་ལ་ཉིན་མཚན་དུས་དང་ཟླ་བ་འཕོ་བའི་དབྱེ་བ་དག་གིས་ཤེས་གྱུར་

པ། །དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་སྲིད་པའི་འཇིགས་འཇོམས་སངས་རྒྱས་སྐྱེ་བ་འདི་ཉིད་དག་ལའོ། ༥༦ །སུམ་ཅུའི་ཆ་ཡིས་དེ་ལས་ཐོབ་པ་གསུམ་གྱིས་བསྒྱུར་བ་ངེས་པར་དུས་ཀྱི་འཁོར་ལོའི་ལྷ་རྣམས་དང་། །ཕྱི་རོལ་གྱི་ནི་ཕྱག་རྒྱ་དྲུག་སྟེ་སླར་ཡང་དེ་ལས་འཁོར་ལོ་

เล่ม ๑๑ · หน้า 25a

དག་གི་རྩ་རྣམས་དེ་བཞིན་ཉིད། །གཙུག་ཏོར་ལ་ནི་ཆུ་གཏེར་སྙིང་གར་བརྒྱད་དེ་སྤྱི་བོར་མི་བདག་མགྲིན་པ་ལ་ཡང་སོ་ཡི་གྲངས། །ལྟེ་བར་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་དག་སྟེ་ཉིས་འགྱུར་མི་བདག་གསང་བའི་དབུས་སུ་རབ་ཏུ་གྲགས། ༥༧ །རྩ་དྲུག་རྣམས་

ནི་འཁོར་ལོ་འགོག་ཅིང་བཅུ་ནི་ཡུལ་རྣམས་འཕྲོག་པ་འདུས་པ་དག་གི་རང་བཞིན་ཏེ། །སླར་ཡང་ཡང་ནས་ཡང་དུ་ཉིས་འགྱུར་བསྒྱུར་བ་དག་ཀྱང་བད་ཀན་རླུང་དང་མཁྲིས་པ་དག་གི་ཆ། །འདི་དག་ངེས་པར་འཆི་བ་སྟེར་བྱེད་བླ་མའི་ངེས་པའི་དབང་གིས་ཚེ་དང་ནང་མེད་དག་

ཀྱང་སྟེར། །འཁོར་ལོ་དྲུག་ལ་དུས་ཀྱི་རྩ་རྣམས་འཆི་བའི་འཇིགས་འཕྲོག་རྣལ་འབྱོར་རྣམས་ཀྱི་འདི་ལ་ངོ་མཚར་མེད། ༥༨ །གཙུག་ཏོར་ལ་ནི་ཆུ་གཏེར་དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་རྣམས་བད་ཀན་ཁམས་ནི་རབ་འཁྲུག་པའོ། །མགྲིན་པ་སོ་དང་སྙིང་གའི་ཆུ་སྐྱེས་

དག་ལ་མིག་གིས་བསྒྱུར་བའི་དུས་རྣམས་མཁྲིས་པའི་ཁམས་རབ་འཁྲུག །ལྟེ་བ་གསང་བ་དག་ལ་ཆུ་གཏེར་དྲུག་ཅུ་མི་བདག་དག་ཀྱང་དེ་བཞིན་རླུང་གི་ཁམས་རབ་འཁྲུག །གསང་བར་གཞན་ནི་ཕྱོགས་དང་དྲུག་ཀྱང་རབ་ཏུ་གསལ་བྱས་ངེས་པར་འདུས་པ་དག་སྟེ་འགོག་

པའོ། ༥༩ །དྲུག་གི་རྩ་ནི་འཁོར་ལོ་འགོག་པ་ཟླ་ཉི་མེ་ཡི་དབྱེ་བས་རྣམ་གསུམ་ལམ་ལ་གནས་པ་གང་། །སྲོག་ཆགས་རྣམས་ལ་འཆི་བ་སྟར་བ་དེ་ནི་བླ་མའི་ངེས་པའི་དབང་གིས་ལུས་ལ་བསྲུང་བར་བྱ། །དྲུག་ལ་གལ་ཏེ་སྲོག་ནི་རབ་ཞུགས་གྱུར་ན་དེ་ཚེ་མི་རྣམས་ཀྱི་ནི་འཆི་

བ་འཇོམས་པར་ངེས། །ཕྲ་མོ་ལ་ནི་མ་ཞུགས་པ་ན་རྣལ་འབྱོར་རྣམས་ཀྱིས་འཆི་བའི་ཡུལ་ནི་གང་དུ་གཅོད་པར་བྱེད། ༦༠ །སྲོག་ནི་གལ་ཏེ་རྩ་གཅིག་ཉིད་ལ་ཉིན་དང་མཚན་མོར་འབབ་ན་འཚོ་བ་དག་ནི་དུས་ཀྱི་ལོ། །གལ་ཏེ་ཕྱོགས་གཅིག་རྣམ་པར་མ་ཆད་འབབ་ན་མི་རྣམས་

ཀྱི་ནི་འཚོ་བ་ཕྱེད་དང་བཅས་པའི་ལོ། །ཟླ་བ་གཅིག་ཏུ་རྣམ་པར་མ་ཆད་འབབ་ན་མི་ཡི་བདག་པོ་འཚོ་བ་དག་ཀྱང་ཟླ་བ་གསུམ། །དེ་ལྟར་རྣལ་འབྱོར་པས་ནི་རང་ལུས་དག་ལ་ཟླ་བགྲོད་འཆི་བའི་དུས་ཀྱི་འཁོར་ལོར་ཤེས་པར་བྱ། ༦༡ །ལྔ་ནས་ཉི་ཤུ་རྩ་ལྔའི་ཉིན་ཞག་བགྲོད་པ་

เล่ม ๑๑ · หน้า 25b

སྐྱེ་བ་ལྔ་ནི་འཕེལ་བ་དག་གིས་སྐྱེ་བ་སྟེ། །དེ་ནས་རེ་རེ་ལྷག་པས་བཅུ་ནི་གསུམ་གྱིས་བསྒྱུར་བ་དག་ཀྱང་གསུམ་ནི་ལྷག་པ་ཇི་སྲིད་ཉིད། །དུས་ནི་རྫོགས་ནའོ་ལོ་རྣམས་གསུམ་མིག་ཟླ་བ་དེ་དག་རྣམས་དང་དྲུག་གསུམ་ཟུང་དང་ཟླ་བ་གང་། །ཟླ་བ་དེ་དག་རྣམས་དང་ཉིན་ཞག་

ཚེས་ཕྱོགས་མདའ་དང་ཡོན་ཏན་གཉིས་ཟླ་འཚོ་བའི་ལྷག་མའོ། ༦༢ །རང་གི་གནས་ནས་མཆོག་གི་ཆ་ཡིས་ཁྱིམ་གྱི་འཁོར་ལོ་འདོར་ཏེ་ཉམས་དང་ལྷག་མ་མཚུངས་པ་ཡི། །ལོ་དང་ཟླ་བ་ཞག་གིས་ཀྱང་སྟེ་གསུམ་མིག་རི་བོང་ཅན་དང་དྲུག་གསུམ་ཟུང་དང་ཟླ་བས་ཀྱང་། །རྫོགས་

པ་ནས་ནི་ལྷག་མ་མཚུངས་པའི་ཚེས་ཕྱོགས་མདའ་དང་ཡོན་ཏན་རྣམས་དང་ལྟེ་བར་རབ་ཞུགས་པའི། །སུམ་ཅུ་རྩ་དྲུག་གིས་ཏེ་ཉིན་ཞག་མཐར་ནི་ཉིན་མོར་བྱེད་པའི་འཆི་ལྟས་སྦྱོར་བས་འཆི་བར་འགྱུར། ༦༣ །སྔོན་དུ་ཉི་མའི་ལོ་གསུམ་དག་གི་ཉིན་ཞག་ཚོགས་ནི་མདའ་དང་

མེ་དང་འཇིག་རྟེན་འདོར་བར་བྱེད། །དེ་ནས་རྒྱུ་བ་དང་བཅས་མདའ་དུས་རྩེ་མོ་ཅན་དང་མཁའ་རི་ཟླ་བ་དག་ནི་གསུམ་པ་ལའོ། །མིག་སྦྲུལ་རི་བོ་མདའ་དང་ནོར་དང་ལག་པ་གཞན་ཏེ་བདུན་པ་ལ་ནི་རྒྱུ་བ་དག་ཀྱང་ངོ་། །དེ་ནས་ཚེས་ལ་སོགས་པའི་ཉིན་ཞག་ཚོགས་པ་ཐམས་

ཅད་དག་ཀྱང་གང་ཞིག་ལྟེ་བ་ཇི་སྲིད་ཉིད། ༦༤ །དུས་ཀྱི་ལོ་ཡི་བར་དུ་ངེས་པར་ཉིན་ཞག་བགྲོད་པའི་དབང་གིས་འཕོ་ཞིང་རྒྱུ་བར་བྱེད་པ་སྟེ། །ཟླ་བ་ཞེས་དང་ཉི་མའི་ལམ་ལ་མི་མཉམ་མཉམ་པའི་ཉིན་ཞག་རེ་རེ་འཕེལ་བས་རིམ་པས་སོ། །སླར་ཡང་འཕོ་བའི་དབྱེ་བ་མི་མཉམ་མཉམ་པའི་

ཉིན་ཞག་རྣམས་ཀྱིས་བཅུ་གཉིས་རྩིབས་ལ་བྱེད་པ་སྟེ། །ཕྱེད་དང་བཅས་པའི་ཟླ་བ་ཇི་སྲིད་གཞན་ནི་སུམ་ཅུ་དག་དང་འཚོ་བ་དག་གིས་མཚན་མོ་གསུམ། ༦༥ །དབུགས་དང་ཆུ་སྲང་དང་ནི་ཆུ་ཚོད་ཉིན་མཚན་དུས་རྣམས་དེ་ནི་རིམ་པ་དག་གིས་རྒྱུ་བ་སྟེ། །བགྲོད་པའི་ཡན་ལག་ལས་

ནི་ལོ་བདུན་དག་གིས་བགྲོད་པ་འགྲོ་བའི་དབང་ལས་ལོ་ནི་དྲུག་ཅུས་ཀྱང་། །ཟླ་བ་གསུམ་ལས་སུམ་ཅུའི་ལོ་ཡིས་ཉིན་ཞག་བགྲོད་པའི་དབང་གིས་དུས་ཀྱི་ལོ་དང་ཕྱོགས་ཀྱིས་ཀྱང་། །དུས་ཀྱི་འཁོར་ལོ་དག་ལ་ཕྱེད་བཅས་སུམ་ཅུ་གཉིས་ཀྱིས་བགོས་པའི་ཉིན་ཞག་ཚོགས་ཀྱིས་རྒྱུ་བར་

เล่ม ๑๑ · หน้า 26a

འགྱུར། ༦༦ །ཕྱོགས་དང་ཕྱོགས་ལ་རྩ་ནི་དགུ་ཡིས་བསྣུན་པའི་ལག་འགྲོ་ལྟེ་བའི་འཁོར་ལོ་དག་ལ་གཅོད་པར་བྱེད། །ལས་ཀྱི་འཁོར་ལོ་བྱ་བ་ཞེས་པའི་ཚིགས་ལས་ཉིན་ཞག་རྩེ་མོ་ཅན་གྱིས་རྩ་ནི་རེ་རེ་འདོར། །མགྲིན་པ་དག་ལས་རྒྱུ་སྐར་རྩ་ནི་ཉིན་དང་ཉིན་

ལ་ཟླ་བའི་ནང་དུ་རིམ་པས་འདོར་བ་སྟེ། །ཐིག་ལེར་གནས་པ་ཟླ་བའི་རྐང་པ་ཕྱོགས་ཀྱི་ནང་དུ་འདོར་ཏེ་གཟའ་ཡི་རྩ་དང་གསང་བར་གནས། ༦༧ །སྡེ་པ་དབྱངས་དང་བཅས་པ་རྣམས་ལས་ཉིན་མོར་བྱེད་པ་ཁྱིམ་གྱི་དབྱེ་བས་བགྲོད་པར་རྒྱུ་བ་སྟེ། །ཕྱི་ནས་རེ་རེ་ལྷག་པས་ཉིན་དང་

ཉིན་ལ་ལྡོག་པར་འགྱུར་ཏེ་དུས་ཀྱི་ལོ་ནི་ཇི་སྲིད་ཉིད། །ལོ་ནི་ཆད་ན་ཕྱོགས་ཀྱི་ནང་དུ་དབྱངས་ཀྱི་ཉིན་ཞག་དབང་གིས་རྒྱུ་བ་དང་ནི་ཟད་པ་ཡང་། །ཉིན་དང་མཚན་མོའི་དུས་སུ་དབུགས་ནི་འབྱུང་དང་འཇུག་པ་ཉམས་པ་འཚོ་བ་དག་གི་མཚན་མོ་གཅིག ༦༨ །ལྟེ་བ་མགྲིན་

པ་དཔྲལ་བ་རང་གི་སྙིང་གའི་པདྨ་དག་ལ་རྩ་ནི་ལྷག་མ་དང་བཅས་པ། །ཉི་མ་རོ་དང་མེ་དག་གནས་ཏེ་རང་གི་སྙིང་གའི་པདྨར་ཕྱེད་བཅས་རྩ་ནི་དེ་བཞིན་ཉིད། །ལག་པ་རྐང་པའི་ཚིགས་ལ་ཚེས་ཀྱིས་བསྒྱུར་བའི་དུས་རྣམས་ཉིན་ཞག་དྲུག་ནི་ཇི་སྲིད་ཉིད་དུ་སྟེ། །མཐར་ནི་

ཀུན་ཏུ་ཕྲ་མོ་རབ་ཏུ་འབབ་སྟེ་ཉིན་ཞག་སྙིང་གི་ཆུ་སྐྱེས་ཡང་དག་གཏོང་བར་བྱེད། ༦༩ །སུམ་ཅུ་དྲུག་གི་སྟོང་ཕྲག་དྷྲུ་བརྒྱའི་ཉིན་ཞག་ཚོགས་རྣམས་དག་གིས་དུས་ཀྱི་རྩ་ནི་རྒྱུ་བ་སྟེ། །ཉིན་མཚན་དུས་ལ་ཉི་མ་ཟླ་བས་རང་རང་རྒྱུ་བ་དག་གིས་གང་གང་རྫོགས་པར་མི་ནུས་པ། །

ཉི་མའི་ཉིན་ཞག་ཉི་མ་རྒྱུ་བ་ལ་ཡང་བུ་ལོན་དུ་འགྱུར་དེ་ཕྱེད་ཟླ་བའི་རྒྱུ་བ་ལ། །རྒྱུ་སྐར་ཉིན་ཞག་རབ་ཏུ་དབྱེ་བས་འཆི་བའི་ཉི་ཟླ་རྒྱུ་བ་སྟོང་པའི་ཟླ་བ་དག་ལའོ། ༧༠ །སྲོག་ནི་ལུས་ལ་ལྷག་པ་གང་ཞིག་རབ་གསལ་མཚམས་སུ་རིག་བྱེད་རྐང་ཆད་ཀྱིས་དམན་དྲུག་ཅུ་སྟེ། །འཕོ་

བའི་དབྱེ་བ་དག་གིས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་རྩ་ནི་ཟུང་དག་ངེས་པར་འཇོམས། །ཡང་དང་ཡང་དུ་ལོ་ཡི་དབུས་སུ་ཉི་ཟླ་རྒྱུ་བ་དག་ལས་སྟོང་པ་མིག་དང་རི་ཡི་གྲངས། །དེ་ལྟར་རང་རང་ཚད་ཀྱི་ལོ་བརྒྱ་དག་གིས་ལྷ་མི་རྣམས་ཀྱི་རང་གི་ཚེ་ལ་དུས་བགྲོད་དོ། ༧༡ །

เล่ม ๑๑ · หน้า 26b

ཟོས་དང་ནད་དང་བསྣུན་པ་གལ་ཏེ་རེས་འགའ་མི་རྣམས་ལ་ནི་དུས་ཀྱི་རྩ་ལ་གྱུར་པ་ན། །གཞི་དེ་ཡིས་ནི་འཕྲལ་ལ་མྱུར་བར་རྩ་ཡི་འཁོར་ལོ་དག་ལ་དུས་ནི་རབ་ཏུ་འཇུག་པར་འགྱུར། །འཁོར་ལོ་དག་གི་རྩ་འདི་འགོག་སྟེ་ཉི་མ་རི་བོང་ཅན་གྱི་བགྲོད་པ་བཅད་ནས་རིམ་

པ་ཡིས། །དབུ་མར་ཕྲ་མོ་ལ་ནི་བརྟེན་པ་གང་ཞིག་འཕྲོག་པ་མི་བདག་སྲོག་ཆགས་རྣམས་ཀྱི་འཚོ་བའོ། ༧༢ །སྙིང་གའི་པདྨ་དཔལ་ལྡན་དཔྲལ་བར་འབྱུང་བ་ཕྱོགས་དང་ཉིན་ཞག་ཅེས་བྱ་ཟླ་བའི་རྐང་པ་རྒྱུ། །ལོངས་སྤྱོད་ལྟེ་བའི་འཁོར་ལོ་དག་ལ་དགུ་ལྡན་བཅུ་

དང་དྲག་པོ་ཟུང་དང་རྒྱལ་བ་ཞེས་བྱ་དང་། །དེ་ཉིད་ཅེས་བྱ་ཞག་བདུན་དག་ནས་སླར་ཡང་རི་བོང་མཚན་མ་གང་འདི་རིམ་པ་མིན་པས་འདོར། །ཐིག་ལེ་དག་ལ་རྫོགས་པར་བྱས་ནས་སྙིང་གར་རབ་འཇུག་དཀར་པོའི་ཕྱོགས་ལ་ནོར་གྱི་སླད་དུའོ། ༧༣ །སླར་ཡང་ནག་པོ་

དག་ལ་དེ་བཞིན་འགྲོ་སྟེ་རྐང་པའི་དབང་གིས་ལྟེ་བའི་པདྨ་དག་གི་བར། །སྙིང་ག་དེ་བཞིན་མགོ་བོར་རྩིབས་བརྒྱད་རྩིབས་བཅུ་དྲུག་ལ་གནག་དང་དཀར་བ་དག་གི་ཆུ་སྐྱེས་མིང་། །མགྲིན་པ་ལྟེ་བ་དག་ལ་སུམ་ཅུ་རྩ་གཉིས་རྩིབས་དང་ཉིས་འགྱུར་གཞན་ཏེ་དམར་དང་སེར་པོའོ། །

བརྒྱད་པ་གཉིས་ནི་ལྟེ་བ་མགྲིན་པ་ལ་སྟེ་མགོ་དང་སྙིང་ག་ལ་ཡང་དཀར་ནག་རྫོགས་པའོ། ༧༤ །ཨ་སོགས་སུམ་ཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་ཐིག་ལེ་དཔལ་ལྡན་རྣམ་པར་བཅད་པ་ཡིས། །ཕྱེ་བ་དྲུག་ཅུར་འགྱུར་ཏེ་དེ་དག་དུས་དང་མི་བདག་ནོར་དང་སོ་རྣམས་གེ་སར་རྩེ་

མོ་ལའོ། །ཐིག་ལེའི་རྣམ་པ་དང་ནི་རྣམ་པར་བཅད་པས་པད་འདབ་མཆོག་ལ་ཀ་སོགས་སྡེ་རྣམས་རྣམ་ཕྱེ་བ། །ཉི་ཤུ་དང་ནི་བརྒྱ་ཕྲག་གཅིག་ཀྱང་ཐུན་གྱི་བགྲོད་པའི་དབང་གིས་ཉི་མ་རྒྱུ་ཞིང་ཉམས་པར་བྱེད། ༧༥ །ཕྱོགས་ལ་ཟླ་བ་རང་གི་རྒྱུ་བས་ཉིན་ཞག་ཅེས་བྱའི་རྐང་པ་དག་ཀྱང་

བུ་ལོན་དག་ཏུ་བྱེད། །སླར་ཡང་ཟླ་བ་གཉིས་ཀྱིས་གཞན་པ་དག་ཀྱང་ཉིན་ཞག་ལོ་ཡི་སྦྱོར་བ་དག་ལས་འཕེལ་བ་ནི། །རྫོགས་པའི་ལོ་ལ་ཉིན་ཞག་དྲུག་ཏུ་འགྱུར་ཏེ་གཞན་ཡང་དེ་བཞིན་འཆི་བ་དག་གིས་མཚམས་སུ་འཕེལ། །རྒྱལ་པོ་དེ་ལྟར་ཉི་མའི་བུ་ལོན་ཉིས་འགྱུར་འདི་ནི་ལོ་

เล่ม ๑๑ · หน้า 27a

ཡི་སྦྱོར་བ་དག་གིས་འཕེལ་བར་བྱེད། ༧༦ །དབུགས་དྲུག་གིས་ནི་ཆུ་སྲང་གཅིག་ཏུ་རབ་ཏུ་འགྱུར་ཏེ་ཆུ་སྲང་དྲུག་ཅུ་ཡིས་ཀྱང་ཆུ་ཚོད་དོ། །ཆུ་ཚོད་དྲུག་ཅུ་ཉིན་ཞག་ཏུ་འགྱུར་གསུམ་གྱིས་བསྒྱུར་བ་བཅུ་ཡི་ཉིན་ཞག་དག་གིས་ཟླ་བ་གཅིག །ཟླ་བ་དྲུག་གིས་ཀྱང་ནི་བགྲོད་

པར་འགྱུར་ཏེ་གཉིས་ཀྱིས་བསྒྱུར་བའི་བགྲོད་པ་ལོ་གཅིག་ཏུ་རབ་གྲགས། །སྐྱེས་བུ་རྣམས་ཀྱི་ཚེ་ལོ་བརྒྱ་ལས་བུ་ལོན་བགྲོད་པར་སོན་པ་དུས་ཀྱི་རྩ་ཡི་དབང་གིས་སོ། ༧༧ །འཇིག་རྟེན་གསུམ་ན་ལྷ་མིན་ལྷ་མི་རྣམས་ལས་གང་ཞིག་རང་གི་ལུས་ལ་ཟླ་བ་ཉི་མ་དག །རྫོགས་པར་ནུས་

པའི་རྣལ་འབྱོར་ལྡན་པ་མིན་དེ་ཟླ་བས་རང་གི་རྒྱུ་བས་ཉིན་མཚན་རྒྱུ་བ་དང་། །སྲིད་པར་ལོ་ཡི་ནང་དུ་རིམ་པས་ཉི་མས་ཀྱང་ནི་རྒྱུ་སྐར་ཐམས་ཅད་རྒྱུ་བ་མིན་པ་ཉིད། །ལོ་དང་ལོར་ནི་བུ་ལོན་དག་གིས་དེ་ནི་སྲིད་པ་ཟ་སྟེ་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག ༧༨ །ཆད་པ་གལ་ཏེ་རྩ་གཅིག་

ཡིན་ན་མི་ཡི་བདག་པོ་གཅི་བ་དག་ནི་སྐྱུར་བ་ཉིད་དུ་འགྱུར། །དེ་ཙམ་རྣམས་ནི་ཉིན་ཞག་ལྔ་ནས་མཆོག་གི་ཆ་ཡིས་འདོར་ཏེ་གོང་བུ་འཆད་པའི་དུས་སུའོ། །སྒྲ་ནི་རྣ་བ་ལས་ཏེ་རོ་ཡང་ངེས་པར་ཁ་ལས་འདོར་ཞིང་མིག་འབྲས་མིག་གི་དབུས་ནས་སོ། །དྲི་ནི་སྣ་ལས་མི་རྣམས་དག་གི་

ལག་པ་རྐང་པའི་ལུས་ལས་དྲོ་བའི་དངོས་པོ་རིམ་པ་ཡིས། ༧༩ །སྣ་ཡི་རྩེ་མོ་འཕྱར་བ་དང་ནི་སྤྱི་བོར་ལག་པ་བཞག་པ་དེ་ཡི་རང་བཞིན་དག་ཏུ་མཐོང་། །ལག་པ་གཉིས་ཀའི་མཐིལ་ལ་རྒྱ་སྐྱེགས་ཚོན་གྱིས་རབ་ཏུ་བྱུགས་ཀྱང་དམར་པོ་ཉིད་དུ་བྱེད་མ་ཡིན། །ཉི་མ་ཁ་དོག་ནག་པོ་དང་

ནི་ཡོངས་སུ་གྱུར་པའི་རི་བོང་འཛིན་པ་ཁ་དོག་སེར་པོར་མཐོང་། །གཅིན་དང་ལུས་ཀྱང་བསིལ་བར་གྱུར་ན་མི་ཡི་བདག་པོ་དེ་ཡི་ཉིན་ཞག་ལ་ནི་འཆི་བ་ཉིད། ༨༠ །ལྕེ་འོག་ནག་པོའི་ཐིག་ཏུ་རབ་ཏུ་འགྱུར་ཏེ་མིག་ལ་ཚངས་པའི་རི་མོ་ཤིན་ཏུ་ཕྲ་མོ་དང་། །དབུགས་ནི་ཟླ་བ་ཉི་མའི་

ལམ་དུ་འཕྲོ་སྟེ་མི་ཡི་བདག་པོ་མཁུར་ཚོས་གཉིས་པོ་དེ་བཞིན་ཉིད། །ནུ་མའི་སྟེང་ནི་མཆན་ཁུང་དུ་ཞུགས་གཟའ་ཡི་ཚོགས་རྣམས་མཐའ་དག་མེ་སྟག་དག་དང་བཅས་པར་མཐོང་། །མགྲིན་པ་ལུས་དང་བཅས་པ་རེངས་ཤིང་འཁོར་བ་ཡང་ནི་ལུས་ལ་འཆི་བའི་མཚན་ཉིད་དག་ཏུ་

เล่ม ๑๑ · หน้า 27b

འདོད། ༨༡ །སྐྱེ་བ་དང་ནི་བཅའ་བའི་དུས་དང་བྱིས་པ་གཞོན་ནུ་དག་གི་གཟུགས་ནི་བྱེད་པ་གང་ཡིན་པ། །དེ་ཉིད་འཇིག་རྟེན་དག་ཏུ་སླར་ཡང་སྡུད་པར་བྱེད་པ་དུས་ཀྱི་འཁོར་ལོ་ཅན་ཏེ་ཉི་མ་མིན། །ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་འབྱུང་བ་དང་བཅས་མཚན་མོའི་ཆ་ལ་བཅོམ་

ལྡན་དེ་ཡིས་ཟོས། །སླར་ཡང་ཉིན་མོའི་དུས་སུ་མཐའ་ཡས་རྣམས་ཀྱང་གཏོང་བར་བྱེད་དེ་སྐྱེད་པའི་རྒྱུར་ནི་རིམ་པས་སོ། ༨༢ །སྒྲ་ལ་སོགས་པ་དྲུག་པོ་རྣམས་ནི་ལས་སུ་འགྱུར་ཏེ་དབང་པོ་དྲུག་པོ་དག་ཀྱང་བྱེད་པའོ། །ལོ་དང་ཟླ་བ་ཕྱོགས་དང་ཉིན་དང་མཚན་མོ་ཚེས་དང་ཟླ་བ་ཉི་མ་

དག་ཀྱང་བྱེད་པ་པོ། །དེ་དག་སྡུད་པའི་བྱེད་པོ་གཞན་དུ་འདིར་འགྱུར་སྐྱེད་པའི་བྱེད་པ་པོ་ནི་བྱེད་པ་པོ་མ་ཡིན། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ཡུལ་དང་རྣམ་བྲལ་ཡོན་ཏན་མེད་ལ་རང་བཞིན་མེད་པའོ། ༨༣ །དྲི་དང་ཁ་དོག་དང་ནི་རོ་དང་རེག་པ་ཞེས་དང་འཛིན་མ་དང་ནི་ཆུ་

དང་མེ་དང་རླུང་། །ངེས་པར་གཟུགས་ཅན་བརྒྱད་པོ་རྣམས་ནི་མཐའ་དག་ཡུལ་གྱི་ཚོགས་པ་དག་སྟེ་གཅིག་ནི་གཙོ་བོར་འགྱུར། །འཇིག་རྟེན་གསུམ་པོ་མཐའ་དག་འདི་ནི་སྤྲོ་བ་དག་དང་སྡུད་པར་འགྱུར་ཏེ་དུས་ཀྱི་མཐུ་ལས་སོ། །སྒྲ་དང་སྟོང་པ་དང་ནི་ཆོས་ཀྱི་དབྱིངས་དང་ཡིད་

ཀྱང་མི་ཡི་བདག་པོ་གཟུགས་མེད་དུ་འགྱུར་རོ། ༨༤ །བདག་ཉིད་འཆིང་སྟེ་རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་རྣམས་ཀྱིས་དར་གྱི་སྲིན་བུ་ཇི་བཞིན་ཉིད། །བདག་ཉིད་བདག་གིས་ངེས་པར་སླར་ཡང་རྣམ་པར་རྟོག་པ་མེད་པའི་ཡིད་དག་ལས་ནི་གཏོང་བར་བྱེད། །དེ་ཕྱིར་རྒྱལ་

པོ་རང་ལས་རང་བཞིན་ཡོན་ཏན་ལ་གནས་སྡུག་བསྔལ་དང་ནི་བདེ་བ་བྱེད་པ་སྟེ། །རང་བཞིན་རྣམ་པར་བྲལ་བ་སུ་ཞིག་བྱེད་པོ་ཅི་ཞིག་བྱེད་དེ་མི་ཤེས་འཇིག་རྟེན་རྨོངས་པར་བྱེད། ༨༥ །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ནི་ཡིད་དང་བློ་དང་ངར་འཛིན་དག་གི་སེམས། །རགས་

དང་ཕྲ་མོ་གཞན་ཡང་རྣམ་གསུམ་ཡོན་ཏན་ལ་གནས་ཡི་གེ་ཐིག་ལེ་ལ་སོགས་དབྱེ་བ་ཡིས། །རགས་པ་རགས་པའི་དབང་པོ་རྣམས་ལ་རང་བཞིན་གྱིས་ཀྱང་གནས་ཏེ་ཕྲ་མོའི་སེམས་ལ་ཕྲ་མོ་ཡང་། །ཡེ་ཤེས་ལ་ཡང་ཡེ་ཤེས་སྐུ་སྟེ་རང་བཞིན་རྣམ་འགྱུར་མེད་པའི་འཚོ་བ་འབྱུང་བ་

เล่ม ๑๑ · หน้า 28a

འབྱུང་བ་མིན། ༨༦ །ཨ་སོགས་སྟོང་པ་ལྔ་ནི་རང་བཞིན་རྣམ་པར་འགྱུར་མིན་དཔལ་ལྡན་ཆ་དང་ཐིག་ལེ་ནཱ་ད་དང་། །དུས་དང་སེམས་དང་བློ་སྟེ་རང་བཞིན་དག་ཀྱང་དེ་བཞིན་གཞན་པའི་དབྱངས་ནི་རླུང་ལ་སོགས་པའོ། །རགས་པ་སྡེ་པའི་ཡི་གེ་རྣམས་ནི་གསུམ་

གྱིས་བསྒྱུར་བའི་བཅུ་སྟེ་བཅུ་དྲུག་གཞན་ནི་རྣམ་འགྱུར་རོ། །དེ་དག་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཅིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད། ༨༧ །འཁོར་བར་བདེ་དང་སྡུག་བསྔལ་རང་བཞིན་ཡོན་ཏན་ལ་གནས་ལས་ལས་སྐྱེས་པ་དེ་ནི་ཟ་བ་སྟེ། །མི་རྣམས་

ཀྱི་ནི་ལས་འདི་དག་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ་རགས་དང་ཕྲ་མོ་ཞི་བའོ། །བདག་ནི་བྱེད་པ་པོ་ཡང་ཁྱད་པར་ལས་ཏེ་གཞན་པ་ཕྱུགས་བདག་ཀྱང་ཡོད་བྱེད་པོ་ཞེས་པ་ལས། །བྱེད་པོ་བདག་གམ་གཞན་པ་མིན་ཏེ་རང་བཞིན་རྣམ་པར་བྲལ་བར་ཤེས་པ་དེ་ནི་ལས་མ་ཡིན། ༨༨ །

དེ་ཕྱིར་བྱེད་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་དང་སྡུག་བསྔལ་དག་ནི་མི་སྦྱིན་མི་འཕྲོག་སྟེ། །འཁོར་བ་དག་ཏུ་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་ནི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར། །སྐྱེད་དང་སྡུད་པའི་བྱེད་པ་པོ་འདི་སྟེར་ཞིང་དེ་ནི་འཕྲོག་པ་རྨོངས་པ་རྣམས་ཀྱི་

བློ་གྲོས་ཏེ། །ལུས་ལ་དཔག་མེད་དགེ་བ་འཕྲོག་པར་བྱེད་པའི་བུག་པ་རང་གི་དབང་པོ་དག་གིས་མཐོང་མ་ཡིན། ༨༩ །འདོད་པའི་ནུས་དང་བྱ་བ་དང་ནི་གསུམ་པ་ཡེ་ཤེས་ནུས་པ་འགྲོ་བ་རང་གི་ཡིད་ལ་སྟེ། །དངོས་པོ་གསལ་བ་དང་ནི་འཇུག་པ་དག་དང་རོ་མཉམ་རྒྱུར་ནི་དོན་ལ་ཉེ་བར་

དམིགས་པར་བྱེད། །སླར་ཡང་གཏོང་བ་དག་ནི་བཞི་པ་སྲིད་གསུམ་གྱིས་བཏུད་གཉིས་མེད་ཀྱིས་ཀྱང་ངེས་པར་རིམ་པས་སོ། །དེ་དག་ནང་ནས་རྡོ་རྗེ་ཅན་ནི་མི་ཡི་བདག་པོ་ཅུང་ཟད་མི་ཟ་གཏོང་བ་མིན་པ་ཉིད། ༩༠ །བདག་ནི་བྱེད་པོ་སྡུག་བསྔལ་བདེ་བ་རབ་ཏུ་སྦྱིན་པོར་མི་ཡི་བདག་པོ་

དེར་ནི་འགྱུར་བ་མིན། །འགའ་ཡང་བཅིངས་དང་གྲོལ་བར་འགྱུར་མིན་མི་ཡི་བདག་པོ་སེམས་ཀྱི་ནུས་པ་རྣམ་པར་སྤངས་ནས་སོ། །ནམ་མཁའ་བུམ་པའི་དབུས་ནས་ཆུ་ནི་ལེན་པར་བྱེད་པ་ན་ཡང་འགྲོ་བ་མིན་པ་ཇི་ལྟ་བ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་

เล่ม ๑๑ · หน้า 28b

བྲལ་ལུས་ཀྱི་དབུས་དག་ཏུ་ཡང་དེ་བཞིན་ནོ། ༩༡ །དེ་ལྟར་ལས་ནི་ཡོད་པར་སྨྲ་བ་པོར་འགྱུར་བཅོམ་ལྡན་སྟོན་པ་གཅིག་པུ་དེ་ནི་བྱེད་པོ་མིན། །ཀུན་མཁྱེན་དང་པོའི་སངས་རྒྱས་སྲིད་གསུམ་གྱིས་བཏུད་དུས་ཀྱི་འཁོར་ལོ་ཅན་ཏེ་འཁོར་ལོ་ཅན་མ་ཡིན། །ཚངས་པ་ཁྱབ་འཇུག་

དྲག་པོ་དག་ཀྱང་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་འགྲོ་བ། །དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་སྐྱེད་ཡོན་ཏན་མེད་ཅིང་རྣམ་རྟོག་མེད་པ་དེ་ལ་ཕྱག་འཚལ་ལོ། ༩༢ །ཞི་བའི་བསམ་པ་ལ་ནི་ལྷ་ཉིད་དུ་འགྱུར་མི་ཡི་བདག་པོ་མུན་པ་ལ་ནི་དམྱལ་བ་ཉིད། །རྡུལ་དག་

ལ་ཡང་དུད་འགྲོ་ཉིད་དེ་རབ་མཆོག་ས་ཡི་སྟེང་དུ་མི་ཉིད་དག་ནི་འདྲེས་པ་ལ། །འབྱུང་པོ་ཉིད་ནི་རྣམ་པ་གསུམ་སྟེ་རྡུལ་དང་མུན་པ་དང་ནི་སྙིང་སྟོབས་ཕན་ཚུན་འདྲེས་པ་ལའོ། །འཆི་བའི་དུས་སུ་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་གྱུར་པ་དེར་ནི་སྐྱེ་བོ་ཡང་དག་སྐྱེ། ༩༣ །

ལྷ་ཉིད་བརྒྱད་ཀྱི་དབྱེ་བ་དག་གིས་ལྷ་ཡི་མཆོག་གི་གནས་སུ་མི་ཉིད་གཅིག་ནི་ཇི་ལྟ་བ། །དུད་འགྲོ་དག་ཀྱང་ཆུ་གཏེར་རྣམ་པ་ངེས་པར་དམྱལ་བའི་འགྲོ་བར་དམྱལ་བ་ཉིད་ནི་དེ་བཞིན་གཅིག །གནས་འདི་རྣམས་སུ་རོ་ཡི་འགྲོ་བར་སྐྱེ་བོ་འཁོར་ཏེ་ལས་ཀྱི་ཞགས་པས་ངེས་

པར་བཅིངས་པ་དག །སྐྱེ་བ་འབུམ་ཕྲག་དུ་མས་ཐར་པ་མཆོག་གི་བདེ་བའི་གོ་འཕང་དུ་ནི་འགྲོ་ཞིང་གྲོལ་བ་མིན། ༩༤ །ཕུང་པོ་ཁམས་དང་དབང་པོ་དང་ནི་རྣམ་གསུམ་སྲིད་པ་འཇིགས་པ་ལས་ཀྱི་དབང་པོ་ལྔ་དག་དང་། །དེ་ཙམ་དང་ནི་ལས་ཀྱི་སྐྱོན་དང་ཡོན་ཏན་དང་བཅས་

ཡིད་དང་བློ་དང་ངར་འཛིན་ལ་སོགས་ཏེ། །འདི་དག་གིས་བཅིངས་འཚོ་བ་དག་ནི་རོ་ཡི་འགྲོ་བར་འཁོར་ཏེ་ཕྲ་མོའི་དངོས་པོ་དག་གིས་སླར། །དངོས་པོ་བཏང་ན་མི་ཟད་མཆོག་གི་གནས་སུ་རབ་ཏུ་འགྲོ་སྟེ་གང་དུ་སླར་ཡང་སྐྱེ་ལྡན་མིན། ༩༥ །ཡན་ལག་དང་བཅས་རིག་བྱེད་དྲན་

པའི་གཞུང་དང་བཅས་དང་རྟོག་གེ་གྲུབ་པའི་མཐར་ལྡན་འཇིག་རྟེན་དུ། །སྙན་དངགས་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིག་པ་མིན། །རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་

เล่ม ๑๑ · หน้า 29a

གསུངས་ཉིད། །གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ། ༩༦ །རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་

མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ན་མི་ཟད་མཆོག་གི་གནས་སུ་རབ་འགྲོ་གང་དུ་སླར་ཡང་སྐྱེ་བ་ལྡན་པ་མིན། ༩༧ །ཡེ་ཤེས་

སྐྱེ་སྟེ་རྒྱལ་བ་རྣམས་ཀྱི་ཉི་མ་ཉིན་མོའི་དུས་སུ་མཚན་མོ་ཕྱེད་དང་མཚན་མོའི་མཐར། །ལྷ་མིན་རྣམས་ཀྱི་ཟླ་བ་མཚན་མོའི་དུས་སུ་ཉི་མ་ཕྱེད་དང་ཉིན་མོ་དག་གི་མཇུག་ཏུའོ། །ཡང་དག་ཡེ་ཤེས་རྣམ་ཉམས་དག་ལ་ཚིག་ནི་ལེགས་སྦྱར་ཐ་མལ་དག་ཏུ་རབ་ཏུ་འགྱུར་བ་སྟེ། །ཞི་དང་

དྲག་པོ་ལས་སྐྱེ་སྲིད་པ་གསུམ་གྱི་གནས་སུ་སྐྱེས་བུ་ཉིད་དང་ཐ་མལ་དག་ཀྱང་ངོ་། ༩༨ །ཉི་མ་གུང་དང་མཚན་མོ་ཕྱེད་ནས་ཉིན་དང་མཚན་མོའི་དུས་སུ་དེ་དག་གི་ནི་ཟ་བའི་དུས། །བཟའ་བ་ཟན་དང་བ་ལང་ཤ་སྟེ་བཏུང་བ་རྣམ་མང་བཅུད་སྟེར་དག་དང་སྒོ་ངའི་ཁུ་བའོ། །གོས་ནི་དམར་

དང་དཀར་པོ་དག་དང་ཉི་མ་ཟླ་བའི་བགྲོད་པ་བཞིན་དུ་མཐོ་རིས་ས་འོག་གནས། །ཆོས་ནི་འཚེ་མེད་འཚེ་བ་ཡང་སྟེ་བླ་མའི་ངེས་པའི་དབང་གིས་རྡོ་རྗེ་ལྷ་མིན་གདན་ཡང་ངོ་། ༩༩ །འབྱུང་པོ་རྣམས་ཀྱི་ལས་ནི་འདྲེན་མར་རབ་ཏུ་འགྱུར་ཏེ་ཚིག་ཀྱང་འདྲེས་པ་ཤ་ཟ་དག་གིའོ། །ཆོས་ནི་འཚེ་

མེད་འཚེ་ལྡན་ངེས་པར་བླ་མའི་ངེས་པའི་དབང་གིས་སྲོག་གཅོད་ལ་སོགས་སྐྱོན་དག་ལ། །མཆོད་སྦྱིན་ལ་སོགས་དོན་དུ་རབ་ཏུ་འཇུག་འགྱུར་མི་ཡི་བདག་པོ་རེས་འགའ་དག་ནི་ལྡོག་པ་འམ། །བཟའ་བ་བཏུང་བ་དག་ཀྱང་འདྲེས་པ་ཉི་ཟླའི་བགྲོད་པ་དག་ལས་ལམ་ནི་འདྲེན་མ་གཞན་

དུའོ། ༡༠༠ །འོད་ཟེར་ལམ་ནི་ཉི་མའི་སྣང་བ་དཀར་པོ་ཉིན་མོ་བགྲོད་པ་བྱང་དང་ལྷོ་ཡི་ཕྱེད་དག་ཀྱང་། །ཟླ་བའི་སྣང་བ་མཚན་མོ་དག་དང་དཀར་མིན་བགྲོད་པ་འདི་ནི་ལྷོ་སྟེ་དུ་བ་དག་གི་ལམ། །འོད་ཟེར་ལྷ་རྣམས་མཐོ་རིས་སུ་སྟེ་དཀར་མིན་དག་ཀྱང་དེ་བཞིན་ལྷ་མིན་ཀླུ་ཡི་འཇིག་རྟེན་

เล่ม ๑๑ · หน้า 29b

དུ། །ཀུན་ཏུ་འདྲེས་པ་མི་བདག་མི་ཡི་འཇིག་རྟེན་དུ་ནི་ཡི་དགས་དུད་འགྲོ་མི་རྣམས་དག་གིར་འགྱུར། ༡༠༡ །གང་ཞིག་གང་གི་དབུས་སུ་རབ་ཞུགས་བརྟུལ་ཞུགས་ངེས་པ་ལ་དགའ་ལས་ཀྱི་ཞགས་པས་ངེས་བཅིངས་པ། །དེ་ཡི་དབུས་སུ་རང་རང་བསམ་པས་མི་བདག་དེ་ཡི་

རིགས་སུ་དེ་ཡི་འཛིན་པ་དག་གིར་འགྱུར། །ཇི་སྲིད་སེམས་ཀྱི་རང་བཞིན་དག་ནི་རྣམ་གསུམ་སྲིད་པའི་དབང་གིས་ཚོར་བ་བདེ་དང་སྡུག་བསྔལ་བ། །དེ་སྲིད་འཇིགས་རུང་འཁོར་བ་འདིར་འཁྱམ་མི་ཡི་བདག་པོ་མཐོ་རིས་མི་ཡུལ་དག་དང་འོག་ཏུ་ཡང་། ༡༠༢ །ཀ་སོགས་སྡེ་

རྣམས་དབྱངས་དང་བཅས་པ་དག་ཀྱང་ཡོན་ཏན་གྱིས་བསྒྱུར་གང་ཡང་ཕྱོགས་གསུམ་དག་གི་དབྱངས། །ངེས་པར་སུམ་ཅུའི་གསལ་བྱེད་དེ་དག་རྣམས་ལས་རྣམ་གསུམ་བགྲོད་པའི་དབང་གིས་འཆི་བས་རྒྱུ་བ་སྟེ། །གཟའ་ལྔའི་རྐང་པ་ཉི་མ་རི་བོང་ཅན་གྱི་རྐང་པ་དག་དང་སྒྲ་

གཅན་མཇུག་རིངས་རྐང་པ་དང་། །སུམ་ཅུ་རྩ་གཉིས་ལོ་དང་ཕྱོགས་ཀྱང་ཡོན་ཏན་གྱིས་བསྒྱུར་ཟླ་བ་ཉི་མ་མེ་ཡིས་ཕྱེ་བའོ། ༡༠༣ །ལོ་གསུམ་གྱིས་ནི་ཕྱོགས་རྣམས་དག་དང་རི་བོང་ཅན་གྱི་ཡོན་ཏན་དུས་ཀྱི་མེ་ཡི་ཕྱོགས་གཉིས་དག །ལོ་བརྒྱ་ལས་ནི་དམན་གྱུར་ལྷག་མའི་ཕྱོགས་

ནི་ཉི་ཟླ་དག་གི་མཉམ་དང་མི་མཉམ་བགྲོད་པ་ལ། །འཇིག་རྟེན་མིག་དང་མེ་མིག་གྲངས་ཏེ་ཉིན་མཚན་དུས་རྣམས་གཙོ་བོ་དག་གིས་དམན་པ་མཐའ་དག་སྟེ། །གསལ་བྱེད་ལ་སོགས་སྡེ་པ་དབྱངས་རྣམས་དག་ནི་ཉི་མ་ཟླ་བའི་བགྲོད་པའི་དབང་གིས་འཆི་བས་ཟོས། ༡༠༤ །

ཕྱེད་བཅས་འཁོར་ལོའི་ཆུ་ཚོད་རི་བོང་ཅན་གྱི་རྐང་པ་དང་བྲལ་གཟའ་ཡི་ཆུ་ཚོད་རྣམས་དམན་པ། །དེ་དག་རྣམས་ཀྱང་ཤེས་རབ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གིས་ཉིན་མཚན་དུས་ཀྱིས་འཆི་བས་ཟོས། །དེ་ལྟར་སྡེ་པ་དབྱངས་བཅས་དབྱངས་ཀྱི་ཚོགས་དང་བཅས་པ་གསལ་བྱེད་

རྣམས་ཉིད་དག་དང་རྐང་པ་ནི། །དམན་དང་བར་མ་དུས་འཆི་ཟླ་བ་ཉི་མའི་འཆི་བ་དང་ནི་གསལ་བྱེད་ལྷག་པའི་ལྷ་ལའོ། ༡༠༥ །སུམ་ཅུ་གཉིས་དང་ཉིན་ཞག་གཅིག་ཀྱང་རི་བོང་ཅན་བཅས་ཉི་མའི་བགྲོད་ལ་རྩ་ནི་གཅོད་པ་འདི། །སླར་ཡང་སུམ་ཅུ་མཚན་མོ་གསུམ་གྱིས་རྡོ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด