བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) བི་མ་ལ་པྲ་བྷཱ་ནཱ་མ་མཱུ་ལ་ཏནྟྲཱ་ནུ་སཱ་རི་ཎཱི་དྭཱ་ད་ཤ་སཱ་ཧ་སྲི་ཀཱ་ལ་གྷུ་ཀཱ་ལ་ཙཀྲ་ཏནྟྲ་རཱ་ཛ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๑ · หน้า 217b

ཉི་ཤུ་རྩ་བཞིའོ། །རྟའི་འཁྲུལ་འཁོར་ལ་སོར་ཉི་ཤུའོ། །མིའི་འཁྲུལ་འཁོར་ལ་སོར་བཅུ་དྲུག་གོ། །ཁྲུ་བཅུ་གཉིས་ཀྱི་བར་བར་ལ་གནས་པའི་ཀ་བ་དྲུག་པོ་དག་གིས་གཉིས་ཀའི་ནང་ནི་མཉམ་པ་ལྷག་ཆད་མེད་པ་ཉིད་དོ། །སྙིང་པོ་རེ་རེ་ནི་ཁྲུ་བཅུ་གཉིས་སོ། །འོག་གི་

ནང་དང་སྟེང་གི་ནང་ལ་ཁྲུ་ནི་ཟུང་གི་བར་དག་ལ་སྟེ། ཁྲུ་གཉིས་ཀྱི་བར་ལའོ། །ཀ་བ་དྲུག་དང་ནང་གཉིས་ཀྱིས་སྙིང་པོ་རེ་རེར་འགྱུར་རོ། །ཞེས་པ་ནི་ངེས་པའོ། །སོ་སོའི་རེ་མིག་ཀུན་ལ་སྤང་ལེབ་དག་གིས་གཡོགས་པ་སྟེ། འདིར་ངོས་གཉིས་ཀར་དཔུང་པ་རྣམས་བྲུས་ཤིང་

སྤང་ལེབ་སོ་སོའི་ངོས་གཞན་ལ་འོག་དང་སྟེང་གི་སྤང་ལེབ་ཀྱི་རྩེ་མོ་བསྲུངས་ནས་དབུས་སུ་ངོས་གཅིག་བྲུས་ཏེ། སྤང་ལེབ་ལས་སོར་མོ་གཅིག་སྤང་ལེབ་ཀྱི་དབུས་སུ་བཅུག་ལ་ཇི་ལྟར་ཆུ་འཇུག་པར་མི་འགྱུར་བར་བསྡམ་པར་བྱའོ། །དེ་བཞིན་དུ་འོག་དང་སྟེང་དང་ཤར་དང་

ནུབ་དང་བྱང་དང་ལྷོ་ཐམས་ཅད་དུ་བྱའོ། །གླང་པོ་ཆེ་རྣམས་ཀྱི་སྙིང་པོ་ནི་དཔངས་སུ་ཁྲུ་གསུམ་མོ། །རྟ་རྣམས་ཀྱི་ནི་ཕྱེད་དང་བཅས་པའི་ཁྲུ་གཉིས་སོ། །མི་རྣམས་ཀྱི་ནི་ཁྲུ་གཉིས་སོ། །པགས་པ་སྤྲ་ཚིལ་གོས་རྣམས་ཀྱིས་ཞེས་པ་ནི་སྤང་ལེབ་སོ་སོའི་མཚམས་ཀྱི་གནས་

དེ་རྣམས་སུ་པགས་པ་བཞུ་བ་དང་སྤྲ་ཚིལ་གོས་རྣམས་ཀྱིས་སྟེང་དུ་རྒྱས་གདབ་པར་བྱའོ། །ཇི་ལྟར་སྙིང་པོའི་དབུས་སུ་རླབས་ཀྱི་ཆུ་མི་འཇུག་པར་ཁྲུ་གཉིས་ཀྱི་དཔངས་ནི་མགྲིན་པའི་གནས་སུ་སྙིང་པོའི་དབུས་སུ་འཇུག་པའི་སླད་དུ་བྱའོ། །སྙིང་པོ་དམན་པ་དང་འབྲིང་

དང་མཆོག་གི་དབྱེ་བ་འདི་རྣམས་ཀྱིས་འཁྲུལ་འཁོར་དུ་མར་འགྱུར་རོ། །དུས་ཞེས་པ་སྙིང་པོ་དྲུག་གིས་འཁྲུལ་འཁོར་དུ་འགྱུར་ཏེ། བརྒྱད་ཀྱིས་སམ་སྐྱོན་ཏེ། བཅྭ་བརྒྱད་ཀྱིས་སམ་སུམ་འགྱུར་ཉིན་བྱེད་དེ། སུམ་ཅུ་རྩ་དྲུག་གིས་སམ་ཉིས་འགྱུར་ཏེ།

སྙིང་པོ་དེའི་ཉིས་འགྱུར་དག་གིས་འཁྲུལ་འཁོར་དུ་འགྱུར་རོ། །རྒྱ་མཚོ་ཆེན་པོ་རྒལ་བའི་སླད་དུ། སྙིང་པོ་སྟོང་ཕྲག་གི་མཐར་ཐུག་པའོ། །འདིར་ཕྱི་རོལ་དུ་དཔུང་པ་བཞི་རྣམས་ལ་སྟེ། སྙིང་པོ་སོ་སོའི་ཤར་དང་ནུབ་ཀྱི་དཔུང་པ་དག་དང་། ནང་གཉིས་ཀྱི་ལུས་ལ་

เล่ม ๑๑ · หน้า 218a

བྱང་དང་ལྷོར་གཡས་དང་གཡས་མིན་དག་ལའོ། །དཔུང་པ་བཞི་པོ་དེ་རྣམས་དང་། ཀ་བའི་ཤིང་དཔུང་པ་ཕུག་པའི་བུག་པ་ནས་ཕྱུང་བ་རྒྱར་དཔུང་པའི་སུམ་ཆ་དང་ལྡན་པ་རྣམས་ལ་སྤང་ལེབ་ཁྲུ་གསུམ་པ་རྩེ་མོ་གཉིས་ཀ་ཕུག་པས་སྙིང་པོ་ཐམས་

ཅད་ཕན་ཚུན་བསྡམ་པར་བྱ་སྟེ། སྙིང་པོའི་གྲ་བཞིར་རོ། །ལྷག་མ་སྣང་བའི་གནས་རྣམས་སུ་སྐྱ་བ་རྣམས་རྒྱུ་བར་བྱེད་དོ། །སྐྱ་བ་རྒྱུ་བའི་གནས་རྣམས་སྤངས་ནས་སྟེང་ངམ་ཤར་དང་ནུབ་ཀུན་ནས་རྒྱ་ཡིས་བཏབ་པའོ། །འཁྲུལ་འཁོར་ཐམས་ཅད་ཀྱི་རྒྱབ་ཏུ་སྐྱ་བ་

འཛིན་པ་དྲུག་སྟེ། དེ་བཞིན་དུ་བཅུ་གཉིས་དང་སུམ་ཅུ་དང་བརྒྱའི་མཐར་ཐུག་པའོ། །སྐྱ་བ་འཛིན་པ་དེ་རྣམས་ཀྱིས་མདུན་ནས་དཔུང་པ་གཉིས་ཀ་མཉམ་པ་འཁྲུལ་འཁོར་འདྲེན་པས་འཁྲུལ་འཁོར་དང་རྗེས་སུ་མཐུན་པས་སྟོང་གི་མཐར་ཐུག་པར་འགྱུར་རོ། །

ཡང་ན་རླུང་རྗེས་སུ་མཐུན་པར་ཤེས་ནས་ཀ་བའི་ཁུང་བུར་རབ་ཏུ་བཙུགས་པའི་གཡོ་བའི་རླུང་གི་དར་རྣམས་ཀྱིས་ནི་སྟེ། རླུང་དར་རྣམས་ཀྱིས་འཁྲུལ་འཁོར་དེ་རླུང་གིས་བསྐྱོད་པ་སྟེ། དེ་ལ་ཞོན་པ་རང་གི་སྡེ་ནི་ཆུའི་རྫོང་དག་ཉམས་པའི་དོན་དུ་ཆུའི་གཏེར་ལ་འགྲོ། །

གླིང་གཟུང་བའི་དོན་དུའོ་ཞེས་པ་རིགས་པ་སྟེ། གདུག་པ་རྣམས་གདུལ་བའི་དོན་དུའོ་ཞེས་པ་ཆུའི་འཁྲུལ་འཁོར་གྱི་མཚན་ཉིད་དོ། །ད་ནི་རིའི་རྫོང་བཤིག་པའི་དོན་དུ་མེའི་འབྲུ་མར་འཕེན་པ་ལ་རླུང་གི་འཁྲུལ་འཁོར་གསུངས་པ། ཆུ་གཏེར་ཞེས་པ་ལ་སོགས་པ་སྟེ། །

འདིར་སྤང་ལེབ་གྲུ་བཞི་པ་ཁྲུ་བཞི་པའི་སྟེགས་བུའི་དབུས་སུ་ཀ་བ་ཁྲུ་གསུམ་པ་རྒྱར་ཟླུམ་པོར་སོར་བཅུ་གཉིས་པའོ། །གཡོན་དང་གཡས་དང་རྒྱབ་དང་མདུན་གྱི་ཟུར་རྣམས་སུ་ལྕགས་ཀྱི་ཕུར་པ་ཨ་ལོང་དང་བཅས་པའོ། །ཨ་ལོང་དེ་རྣམས་ལ་ཐག་པ་རྣམས་ཀྱིས་ཀ་བའི་

མགོ་བཅིང་བར་བྱའོ། །འཁྲུལ་འཁོར་གྱི་ཆ་གཉིས་སྟེང་དང་འོག་གི་མཐར་ཐུག་པར་སྲ་བའི་གོས་རྣམས་ཀྱིས་གཡོག་པར་བྱའོ། །འདིར་ཟུར་དུ་རྒྱལ་མཚན་རྣམས་ནི་ཁྲུ་ལྔ་པ་སྟེ། རྒྱར་གཅིག་པའོ། །འོག་དང་གཡོན་དང་གཡས་ཀྱི་ཟུར་གྱི་ཨ་ལོང་ལ་ཁྲུ་གཉིས་

เล่ม ๑๑ · หน้า 218b

ཀྱི་བར་དུ་ཐག་པ་གསུམ་མོ། །དེར་གཅིག་ཏུ་བསྡོམས་པས་རིའི་རྫོང་གི་དཔངས་ཀྱི་ཚད་དང་མཚུངས་པའོ། །ཐག་པ་དེས་རྒྱབ་ནས་མི་རྣམས་དག་གིས་དྲངས་ཤིང་ས་ལས་ཐག་པས་སྟེང་དུ་འགྲོ་སྟེ། འཁྲུལ་འཁོར་དེ་ནི་རླུང་གིས་རབ་ཏུ་བསྐྱོད་པར་གྱུར་པ་ངེས་པར་

བྲག་རྫོང་བཤིག་པའི་དོན་དུ་མཁའ་ལ་འགྲོ་བ་སྟེ། དེའི་སྟེང་དུ་འཁྲུལ་འཁོར་དེར་མེའི་འབྲུ་མར་དང་མེ་དང་བཅས་པའི་སྐྱེས་བུ་ཞིག་གཞུག་པར་བྱའོ། །མི་དེས་རླུང་གི་འཁྲུལ་འཁོར་དེ་ནས་མེའི་འབྲུ་མར་འཕངས་པས་དགྲའི་དཔུང་དང་རྫོང་ནི་ཐམས་ཅད་ཀུན་ནས་

སྲེག་པར་བྱེད་ཅེས་པ་སྟེ། ངེས་པར་རི་ཡི་རྫོང་གཞོམ་པའི་ངེས་པའོ། །གྲི་གུག་གི་འཁྲུལ་འཁོར་ནི་མངོན་སུམ་དུ་མཐོང་བས་རྟོགས་པར་བྱ་སྟེ། ཚིགས་སུ་བཅད་པས་ཀྱང་གསལ་བར་གསུངས་སོ། །དེ་བཞིན་དུ་རྩེ་མོ་འབྱེད་པ་ཡང་རླུང་གི་འཁྲུལ་འཁོར་ཡང་

རབ་ཏུ་གསལ་བར་བྱས་ཤིང་ཚིགས་སུ་བཅད་པ་ཡང་གསལ་ཏེ། འདིར་འགྲེལ་བཤད་ཀྱི་རྣམ་པར་བཤད་པ་མེད་དོ། །དེ་བཞིན་དུ་རྡོ་རྗེའི་གུར་ལ་ཡང་རྣམ་པར་བཤད་པ་མེད་དོ། །ད་ནི་གཡུལ་དུ་གླང་པོ་ཆེ་གོ་ཆ་དང་བཅས་པ་འབུགས་པའི་སླད་དུ་ལྕགས་

མདའི་འཁྲུལ་འཁོར་གསུངས་ཏེ། ཆུར་སོར་དྲུག་པ་ལྕགས་མདའི་ཚད་ཀྱི་ཝ་བྱས་ནས་དེའི་འོག་དང་སྟེང་དང་གཡས་དང་གཡོན་གྱི་ཆར་ལྕགས་ཀྱི་དབྱུག་པ་སོར་དྲུག་པ་གྲུ་བཞི་པའི་རྩེ་མོར་རྒྱས་བཏབ་པའི་བུག་པ་ལ་ལྕགས་ཀྱི་ཕུར་པ་རྣམས་ཀྱིས་མཚམས་གཉིས་དང་

དབུ་མ་ལ་རྒྱུད་དང་བཅས་པའི་གཞུ་ནི་གཡོ་བ་མེད་པར་བཏགས་བྱས་ནས། སླར་ཡང་སྟེགས་བུ་དེའི་རྒྱབ་ཀྱི་ཆར་གཡས་དང་ཅིག་ཤོས་སུ་ལྕགས་ཀྱི་ཕུར་པ་གྲུ་བཞི་པ་གཉིས་སོ། །ལྕགས་ཀྱི་དབྱུག་པའི་རྩེ་མོར་ཕུར་པའི་བུག་པར་འཁྲུལ་ཤིང་གི་རྩེ་མོ་གཉིས་པོ་གཞུག་

པར་བྱའོ། །འཁྲུལ་ཤིང་གི་དབུས་སུ་སོར་མོ་རྣམས་ཏེ། དྲུག་གམ་ལྔའམ་བཞིའམ་གསུམ་མམ་གཉིས་སོ། །འོག་ཏུ་ལྕགས་ཀྱི་དབྱུག་གུ་མཐེ་ཆུང་གི་ཚད་ཆུར་སོར་གསུམ་པ་ཅིག་འོག་གི་ཕུར་པའི་ཨ་ལོང་གཡོ་བ་དང་བཅས་པ་ལ་གཞུག་པར་བྱའོ། །སྟེང་དུ་རྒྱུད་

เล่ม ๑๑ · หน้า 219a

རྣམས་སོར་མོའི་རྩེ་མོར་བཅིང་བར་བྱའོ། །སོར་མོའི་རྩེ་མོ་དེ་ལ་སོ་སོའི་མཚམས་སུ་ལྕགས་མདའ་དང་རྒྱུད་རྣམས་སོ། །རྒྱུད་དེས་མང་ཞིང་མཉམ་པའི་མདའ་འམ་ལྕགས་མདའ་རྣོན་པོ་རྣམས་གཡུལ་གྱི་དུས་སུ་འཕངས་པས། གོ་ཆ་དང་བཅས་གླང་

ཆེན་ལུས་པོ་ཕུག་ནས་རབ་ཏུ་འགྲོ་བར་འགྱུར་ཞེས་པ་ནི་ལྕགས་མདའི་འཁྲུལ་འཁོར་གྱི་ངེས་པའོ། །ད་ནི་རྒྱལ་པོའི་ཕོ་བྲང་བསྲུང་བའི་སླད་དུ་ས་འོག་གི་རལ་གྲིའི་འཁྲུལ་འཁོར་གསུངས་པ། ཀ་བ་གཉིས་ཞེས་པ་སྟེ། འདིར་ཀ་བ་གྲུ་བཞི་པ་རྒྱར་སོར་བཅུ་

གཉིས་ཀྱི་ཚད་ཁྲུ་བཞི་པ་གཉིས་ཏེ། ཁྲུ་གཉིས་བརྐོས་པའི་འོག་ཏུ་ས་ལ་ནུབ་ཅིང་ཁྲུ་གཉིས་བརྐོས་པའི་ནང་དུ་གནས་པ་དག་གོ། །དེ་ལ་བརྐོས་པའི་གནས་ནས་སྟེང་དུ་ཁྲུ་ཕྱེད་དང་གཉིས་དོར་ཏེ། དེ་ནས་གཡོན་དང་གཡས་ཀྱི་ཀ་བའི་བུག་པ་ལ་རྡང་བུ་གཞུག་པར་

བྱའོ། །སྟེང་དུ་སོར་དྲུག་དོར་ནས་ཐག་པ་རྣམས་ཀྱིས་དཀྲི་བར་བྱ་སྟེ། ཟླུམ་པོ་གཡོ་བའི་དོན་དུའོ། །ཐག་པ་དེ་དག་གི་དབུས་ཀྱི་ཟླུམ་པོའི་དབུས་སུ་རལ་གྲིའི་ཆང་གཟུངས་བཅུག་པ་སྟེ། དང་པོར་ཟླུམ་པོ་བསྐོར་བ་དུ་མ་རྣམས་ཀྱིས་བསྐོར་ཏེ། ཟླུམ་པོའི་དབུས་སུ་

རལ་གྲིའི་ཆང་གཟུངས་བཅུག་པ་རྩེ་མོའི་ཆར་གཟེར་གྱིས་བཏབ་པའོ། །དེ་བཞིན་དུ་མདུན་ནས་ཀ་བ་གཉིས་པོ་ལུགས་ལས་བཟློག་པས་བསྐོར་བ་སྟེ། རལ་གྲིའི་རྩེ་མོ་ལ་གནས་པའི་ཕྱག་རྒྱའི་རྩེ་མོའི་ཆ་ལ་མནན་པའི་རལ་གྲིའི་རྩེ་མོའི་ཕྱག་རྒྱའི་རྩེ་མོ་ལ་ཐག་པས་མནན་

པའོ། །རལ་གྲིའི་ཆང་གཟུངས་ཀྱི་རྩེ་མོའི་འཁྲུལ་ཤིང་གི་ཆ་ལ་འཁྲུལ་ཤིང་སོར་དྲུག་པའི་ཚད་དོ། །དེ་ནས་རལ་གྲི་འབྱུང་བ་སྤངས་ནས་སྤང་ལེབ་རྣམས་ཀྱིས་བརྐོས་པའི་སྟེང་དུ་གཡོག་པར་བྱའོ། །གང་གིས་བསྐུལ་བར་གྱུར་པ་ལ་འཐོན་པར་འགྱུར་ཏེ། ལྕགས་

ལས་བྱས་པའི་ཆུང་ངུའོ། །ཟླ་བ་ཞེས་པ་ནི་གསང་བའི་སྐད་དོ། །དབུས་ཞེས་པ་ནི་སྤྲོས་པ་སྟེ། འདིར་རལ་གྲིའི་ཆང་གཟུངས་ཀྱི་རྩེ་མོར་འཁྲུལ་ཤིང་གི་སྟེང་དུ་སྤང་ལེབ་སྦྱིན་པར་བྱའོ། །སྤང་ལེབ་དེ་ལ་གང་གི་རྐང་པ་བཞག་པ་དེ་ནི་རལ་གྲི་ཡིས་གཅོད་པར་བྱེད་

เล่ม ๑๑ · หน้า 219b

དོ་ཞེས་པ་རང་བཞིན་དུ་ཤེས་པར་བྱའོ། །རལ་གྲིའི་འཁྲུལ་འཁོར་གྱི་ངེས་པ་ཞེས་པ་སྟེ། རལ་གྲིའི་འཁྲུལ་འཁོར་གྱི་མཚན་ཉིད་ངེས་པའོ། །དེ་ལྟར་གཡུལ་གྱི་དུས་སུ་མཁར་གྱི་སྒོའི་མཐའ་དང་མིའི་བདག་པོའི་ཁང་པར་རྟག་ཏུ་རྩ་བའི་སྒོའི་ལམ་སྤངས་ནས་འཁྲུལ་

འཁོར་དུ་མ་རྣམས་ཏེ། འཁྲུལ་འཁོར་ཁོ་ན་མཚོན་ཆའོ་ཞེས་པ་ས་འོག་གི་རལ་གྲིའི་འཁྲུལ་འཁོར་གྱི་ངེས་པའོ། །ད་ནི་རྒྱལ་རིགས་འཐབ་པ་ལ་ཤིང་རྟའི་མཚན་ཉིད་གསུངས་པ། སྲོག་ཤིང་སྟེང་དུ་ཞེས་པ་ལ་སོགས་པ་སྟེ། འདིར་ཤིང་རྟའི་དོན་དུ་དང་པོར་སྲོག་

ཤིང་བརྟན་པོར་བྱའོ། །རྟ་རྣམས་ཀྱི་ཤིང་རྟའི་འཁོར་ལོའི་ཚད་ནི་ཕྱེད་དང་བཅས་པའི་ཁྲུ་གཉིས་སོ། །སྲོག་ཤིང་ནི་བཞི་འགྱུར་ཅུང་ཟད་ལྷག་པ་དང་བཅས་པ་སྟེ། ཚད་དེ་ཉིད་ཀྱིས་གྲུ་བཞི་དང་ཟླུམ་པོའོ། །དེ་ནས་སྲོག་ཤིང་གི་སྟེང་དུ་གདན་ཏེ། ཕྱོགས་

བརྒྱད་དང་དབུས་སུ་འཁོར་ལོའི་ཚད་ལས་དགུ་ཆའི་རེ་མིག་དགུའི་བདག་ཉིད་དོ། །དེ་ཉིད་ནི་ཉི་མའི་ལག་པས་ཞེས་པ་རྒྱར་སོར་དྲུག་པའི་ལག་པ་བཅུ་གཉིས་ཀྱིས་ཏེ། ཤར་དང་ནུབ་ཀྱི་དྲུག་དང་ལྷོ་དང་བྱང་གི་དྲུག་གིས་གདན་དུ་འགྱུར་རོ། །སྲོག་ཤིང་རྒྱར་སོར་བཅུ་

བཞི་པ་སྟེ། དེ་ཆ་གསུམ་དུ་བྱས་ནས་དབུས་ཀྱི་ཆ་སྤངས་ཏེ། རྩེ་མོ་གཉིས་ཀྱི་གནས་སུ་བུག་པ་བྱའོ། །བུག་པ་དེ་དག་ཏུ་འཁོར་ལོའི་རྩིབས་བཅུག་ནས་སྲོག་ཤིང་དང་ལྷན་ཅིག་གཟེར་གདབ་པར་བྱའོ། །འཁོར་ལོའི་མུ་ཁྱུད་ལ་ལྕགས་ཀྱི་འཁྲུལ་ཤིང་གཡོ་བ་མེད་

པ་སྟེ། གཞིའི་བུག་པ་ཟླུམ་པོ་ལ་བཅུག་པ་འཁོར་ལོ་དང་བཅས་པ་འཁོར་བའོ། །དེ་ནས་གདན་དེའི་ཟུར་བཞི་རྣམས་སུ་རྒྱར་གནས་ཀྱི་ལག་པ་དང་ཆུར་ཉིས་འགྱུར་གྱི་ཀ་བ་བཞི་སྟེ། དེ་རྣམས་ཀྱང་རྡང་བུ་རྣམས་ཀྱིས་ཕྱོགས་བཞི་རྣམས་སུ་ཕྱེ་བ་དང་འོག་དང་སྟེང་དུ་ཕྱེ་

པའོ། །མཉམ་པའི་ཤིང་རྟ་ནི་མཉམ་པའི་རྟ་རྣམས་ཀྱིས་བསྐྱོད་པའོ། །མི་མཉམ་པའི་ཤིང་རྟ་ནི་མི་མཉམ་པའི་རྟ་རྣམས་ཀྱིས་བསྐྱོད་པའོ། །གཉིས་དང་བཞི་དང་དྲུག་ནི་མཉམ་པའི་རྟ་རྣམས་སོ། །གསུམ་དང་ལྔ་དང་བདུན་ནི་མི་མཉམ་པའི་རྟ་རྣམས་སོ། །མི་མཉམ་

เล่ม ๑๑ · หน้า 220a

པའི་ཤིང་རྟ་ནི་གནས་ལས་མཉམ་པའི་ཕྱེད་ཀྱི་ཚད་ཀྱིས་སོ། །སྟེང་གི་ཆ་ཕྱེད་དག་ལ་འཐབ་མོ་པའི་ས་སྟེ་ཞེས་པ་ནི་སྟེང་གི་ཀ་བ་རྣམས་ཀྱི་ཆ་གཅིག་གནས་ཀྱི་ཚད་དོར་ནས་ཆ་ཕྱེད་ལ་གནས་སྟེང་དུ་འཐབ་མོ་པའི་སའོ། །གནས་ཀྱི་ཕྱེད་ཀྱི་ཚད་དུ་

འགྱུར་ཏེ། མཉམ་དང་མི་མཉམ་འདྲེན་བྱེད་རྟའམ་གླང་པོ་རྣམས་ཀྱི་དཔངས་ཀྱིས་འགྱུར་རོ། །རྒྱར་སོར་བརྒྱད་དང་ཆུར་གནས་ཀྱི་ཉིས་འགྱུར་ཏེ། རྡང་བུ་རྣམས་དང་ལྷན་ཅིག་གཟེར་གདབ་པོ། །དེ་ནས་གནས་ཀྱི་ཆའི་འོག་དང་སྟེང་དུ་མཚན་མའི་ཕྱེད་ཀྱི་སར་

འགྱུར་ཏེ། སོར་མོ་བཞིའི་སྟེང་དུའོ། །ས་དེ་ལ་མེ་ལོང་དོ་ཤལ་རྒྱལ་མཚན་ལ་སོགས་བཀོད་པ་སྟེ། སོགས་པའི་སྒྲས་རྔ་ཡབ་དང་བླ་རེ་དང་དྲིལ་བུ་ལ་སོགས་པའོ། །འཐབ་མོ་པའི་ས་དང་མཚན་མའི་ས་དག་གི་དབུས་སུ་འཐབ་མོའི་དོན་དུ་ཕྱོགས་བཞི་རྣམས་སུ་རབ་

ཏུ་གསལ་བའོ། །གཅིག་ཕྱེད་ཆ་གཉིས་དག་སྟེ་ཞེས་པ་ནི་རྩ་བའི་གནས་ཀྱི་འོག་ཏུ་འཐབ་མོ་པའི་ས་ལ་ཆ་གཅིག་གོ། །རབ་ཏུ་གསལ་བ་ལ་ཆ་ཕྱེད་དང་མཚན་མ་དག་སྟེ། འདི་དག་ནི་ཆ་མཉམ་མོ། །ཟླ་བ་ལག་པ་རྩེ་མོ་ཅན་རྣམས་ཞེས་པ་ནི་ཀ་བའི་རྡང་བུ་རྣམས་

ཀྱི་རྩ་བའི་གནས་ཀྱི་སྟེང་དུ་འདྲེན་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཅིག་གོ། །དེ་ནས་ཀ་བ་རྣམས་ཀྱིས་འཐབ་མོ་པ་འཐབ་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཉིས་སོ། །དེ་ནས་ཀ་བ་རྣམས་ཀྱི་སྟེང་དུ་སོར་བཞི་པ་རྣམས་ཀྱི་ཆ་གསུམ་སྟེ། དེའི་སྟེང་དུ་

རྒྱལ་མཚན་ལ་སོགས་པ་རྣམས་ཀྱི་མཚན་མའི་སའོ། །ཟླུམ་པོ་ཕྱེད་བཅས་གཅིག་གི་ཆ་ལ་གནས་དང་སྟེང་དུ་སྔར་བརྗོད་པ་རྣམས་སོ། །ཕྱེད་དང་བཅས་པའི་ཆ་ལས་ཟླུམ་པོའོ། །དགའ་བའི་དབྱེ་བ་དག་ལ་ཞེས་པ་ནི་དགའ་བའི་ཤིང་རྟའི་དབྱེ་བ་ལ་པདྨའི་ཤིང་རྟའི་ས་གྲུ་

བཞིར་འགྱུར་རོ། །དེ་ལྟར་གསུངས་པའི་རིམ་པས་རྟེན་དང་བཅས་པའི་འཁོར་ལོའི་ཚད་ནི་རྟའི་ཤིང་རྟ་ལ་ཕྱེད་དང་བཅས་པའི་ཁྲུར་འགྱུར་རོ། །གླང་པོའི་ཤིང་རྟ་ལ་རྟའི་ཤིང་རྟའི་ཚད་ལས་ཚད་རྣམ་པ་གཉིས་སུ་འགྱུར་རོ། །འཁོར་ལོ་དང་གནས་དང་རྡང་བུ་དང་མཚན་

เล่ม ๑๑ · หน้า 220b

མ་ལ་སོགས་པ་རྣམས་ཀྱིའོ་ཞེས་པ་ངེས་པའོ། །འདིར་ལྷ་རྣམས་ཀྱིས་ནི་པདྨའི་རིགས་ཀྱི་ཤིང་རྟ་ཟླུམ་པོར་འགྱུར་རོ། །ལྷ་ཡི་བུ་ཡིས་བཀོད་པ་ཞེས་པ་སྲིང་སྒྲུབ་ཀྱི་ཤིང་རྟ་ནི་དགའ་བའི་རིགས་ཏེ་གྲུ་བཞིའོ། །མི་གཞན་རྣམས་ཀྱི་ཡང་ཤིང་རྟ་བཀོད་པ་ནི་གྲུ་བཞི་སྟེ་རྒྱལ་རིགས་

རྣམས་ཀྱིའོ། །བརྒྱད་དང་ཆུ་གཏེར་སྲོག་ཤིང་འཁོར་ལོ་རྣམས་ཀྱིས་རྣམ་གསུམ་འདིར་ནི་ཤིང་རྟ་ཆེན་པོ་ཕྱེད་དང་མཉམ་ཞེས་པ་ནི་འདིར་སྲོག་ཤིང་བཞི་དང་འཁོར་ལོ་བརྒྱད་ཀྱིས་གཡུལ་དུ་ཕྱིར་མི་ལྡོག་པའི་ཤིང་རྟ་ཆེན་པོར་འགྱུར་རོ། །འོག་དང་སྟེང་དུ་སྲོག་ཤིང་

དག་དང་འཁོར་ལོ་བཞི་ཡིས་ཤིང་རྟ་ཕྱེད་དུ་འགྱུར་རོ། །དེའི་ཕྱིར་བརྒྱད་ཅེས་པ་ནི་འཁོར་ལོའོ། །ཆུ་གཏེར་ཞེས་པ་ནི་སྲོག་ཤིང་བཞིའོ། །དེ་ལྟར་རྣམ་གསུམ་ཞེས་པ་སྟེ་འཁོར་ལོ་བཞི་དང་དེ་བཞིན་དུ་གཉིས་སོ། །དེ་བཞིན་དུ་སྲོག་ཤིང་ངོ་། །ཤིང་རྟ་ནི་ཤིང་རྟའི་

ཕྱེད་དང་མཉམ་པ་སྟེ་མཚུངས་པའོ། །ཉི་མའི་ཤིང་རྟ་མཆོག་ནི་འཁོར་ལོ་གཅིག་པ་ཞེས་པ་ནི་འཁོར་ལོ་གཅིག་གིས་ལྷ་རྣམས་ཀྱི་ཤིང་རྟར་འགྱུར་ཏེ་དེ་བཞིན་དུ་ཉི་མ་ལ་འགྱུར་རོ། །མི་མཉམ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སྲོག་ཤིང་གཅིག་དང་འཁོར་ལོ་གཉིས་ཀྱིས་

མཉམ་པའི་ཤིང་རྟ་སྟེ་གཉའ་ཤིང་གི་རྒྱབ་བཅོམ་པར་འགྱུར་རོ་ཞེས་པ་ནི་ཤིང་རྟའི་མཚན་ཉིད་ངེས་པའོ། །ད་ནི་ལྷ་རྣམས་ཀྱི་གཞལ་ཡས་ཁང་མི་བདག་རྣམས་ཀྱི་ལྟད་མོ་ལ་བསྐྱོད་པའི་ཁྱིམ་གྱི་མཚན་ཉིད་གསུངས་པ་དྲུག་ཅེས་པ་ལ་སོགས་པ་སྟེ། འདིར་ཀ་བ་ཁྲུ་ཉི་ཤུ་པ་རྒྱར་སོར་ཉི་ཤུ་

པ་བཞི་སྟེ་འདི་རྣམས་ཀྱི་མཐའ་བཞིར་བུག་པ་མཉམ་པ་རྣམས་སུ་འགྱུར་ཏེ་བུག་པའི་མཐའ་གཅིག་ནི་ཁྲུ་དྲུག་གི་ཆ་ལའོ། །གཉིས་པ་ནི་ཁྲུ་ལྔའི་ཆ་ལའོ། །དེ་ལ་གསུམ་པ་ནི་ཁྲུ་བཞིའི་ཆ་ལ་འགྱུར་རོ། །བཞི་པ་ནི་ཁྲུ་གསུམ་གྱི་ཆ་ལ་འགྱུར་རོ། །འོག་དང་སྟེང་དུ་ཁྲུ་རེ་རེ་དོར་ནས་བུག་

པའི་མཐའ་མངོན་དུ་ཕྱོགས་པར་འགྱུར་རོ། །རྩ་བའི་ཆར་ས་ལ་ཁྲུ་བཅུ་གསུམ་དུ་འགྱུར་རོ། །རྩ་བའི་ཆ་ལས་སྟེང་དུ་ས་ལ་ཕྱེད་ཀྱི་ཆ་ཁྲུ་ཕྱེད་དང་བདུན་དུ་འགྱུར་ཏེ་རྩེག་མ་སོ་སོའི་དབང་གིས་རྩེག་མའི་ས་ལ་འགྱུར་རོ། །ཚོགས་ཀྱི་གཞལ་ཡས་ཁང་ལ་རྡང་བུ་བཞི་བཞིའི་སྟེང་དུ་སར་འགྱུར་རོ། །

เล่ม ๑๑ · หน้า 221a

དེ་བཞིན་དུ་ས་ལ་མི་བདག་རྣམས་ཀྱི་རྩེག་མ་རྣམ་པ་གསུམ་གྱི་དབང་གིས་ཡུལ་གྱི་ལྟད་མོ་དང་དགའ་སྟོན་རྣམས་ལ་ཡང་ངོ་། །དང་པོའི་རྩེག་མ་ལ་ཀ་བའི་ཕྱི་རོལ་གྱི་བུག་པ་ལས་ཕྱི་རོལ་ཏུ་བྱུང་བའི་རྡང་བུའི་སྟེང་དུ་སྤང་ལེབ་རྣམས་ཀྱིས་ཐམས་ཅད་དུ་འཁོར་བ་ནི་ཁྲུ་

གསུམ་གྱིས་འཁོར་བའོ། །གཉིས་པའི་རྩེག་མ་ལ་ཕྱོགས་ཐམས་ཅད་དུ་ཁྲུ་གཅིག་འཁོར་བའོ། །ལྷའི་གཞལ་ཡས་ཁང་དང་བགྲོད་པའི་ཁྱིམ་གྱི་མཚན་ཉིད་ངེས་པའོ། །ད་ནི་དཔྱིད་ཀྱི་དགའ་སྟོན་གྱི་སླད་དུ་འཁོར་ལོའི་ཁྱོགས་ཀྱི་མཚན་ཉིད་གསུངས་པ་འཁོར་ལོའི་སྟེང་དུ་ཞེས་པ་ལ་

སོགས་པ་སྟེ། འདིར་སྔར་གྱི་ཤིང་རྟ་བཞིན་དུ་འཁོར་ལོ་བརྒྱད་དང་རྩ་བའི་གནས་སོ། །དེའི་སྟེང་དུ་གླང་པོ་ཆེའི་ཤིང་རྟའི་ཀ་བའི་ཁྱོན་གྱིས་ཀ་པ་བཞིའོ། །གཞལ་ཡས་ཁང་བཞིན་དུ་རྩེག་མ་རྣམ་པ་གསུམ་གྱི་བདག་ཉིད་ཀྱི་ཕྱོགས་སུ་འགྱུར་རོ། །རྡང་བུ་བཞི་བཞིའི་སྟེང་དུ་བརྒྱད་གཉིས་བརྒྱད་

དང་དེ་ནས་ཕྱེད་དེ་ཞེས་པ་ནི་རྩེག་མ་དང་པོ་ལ་ཕྱོགས་བཞི་རྣམས་སུ་ཁྱོགས་བཅུ་དྲུག་ཏུ་འགྱུར་རོ། །གཉིས་པ་ལ་བརྒྱད་དོ། །གསུམ་པ་ལ་བཞིའོ། །རྩེག་མ་དང་པོ་ལ་ཕྱོགས་ཏེ་ལག་པ་བཅུ་རྡང་བུའི་སྟེང་ན་གནས་ཤིང་གཡས་དང་གཡོན་དང་ཤར་དང་ནུབ་ན་གནས་པ་རྣམས་ཀྱི་ཁྱོགས་སོ། །

གཉིས་པ་ལ་དུས་ཏེ་དྲུག་གིས་འགྱུར་རོ། །གསུམ་པ་ལ་བཞིས་སོ། །ཁྱོགས་རྣམས་ཀྱི་ལག་པ་རྟེན་ཉིད་ས་གསུམ་ལ་ཞེས་པ་སྟེ་ལག་པ་གཉིས་གཉིས་ལ་འཁྲུལ་ཤིང་རེ་རེ་བུག་པའི་གཞི་ལ་བཅུག་པའོ། །འཁྲུལ་ཤིང་རེ་རེ་ལ་བུ་མོ་རྣམས་ཀྱི་གདན་བཞི་བཞིར་འགྱུར་ཏེ་ནང་དང་ཕྱི་

རོལ་དག་ཏུ་གནས་པ་འོག་དང་སྟེང་དུ་སོན་ཞིང་ཕྱོགས་བརྒྱད་དུ་ནི་འཁྱོག་པ་རྣམས་ཞེས་པ་ནི་འཁོར་ལོའི་ཁྱོགས་ཀྱི་མཚན་ཉིད་ངེས་པའོ། །ད་ནི་ལྡུམ་ར་ལ་སོགས་པ་བཅུ་པའི་དོན་དུ་ཆུའི་འཁྲུལ་འཁོར་གྱི་མཚན་ཉིད་གསུངས་པ་སྟེང་ཞེས་པ་ལ་སོགས་པ་སྟེ།སྟེང་དང་འོག་དང་གཡོན་

དང་གཡས་སུ་འཁྲུལ་འཁོར་འཁྱོག་པོ་སྦུབས་ཀྱི་རྣམ་པའོ། དབུས་སུ་བུག་པ་དང་བཅས་པའི་དབུ་མ་ཁྲུ་བཞི་པ་ནི་རྩ་བའི་འཁྲུལ་འཁོར་རོ། །དེའི་སྦུབས་ཀྱི་རྩེ་མོ་ལ་བུམ་པའི་ཁའི་མགྲིན་པའི་སྦུབས་ཀྱི་རྩེ་མོ་བཅུག་པར་གྱུར་པའོ། །འོག་ཏུ་བུམ་པ་ལ་བུག་པ་ནི་སྦུབས་ཀྱི་བུག་པའི་

เล่ม ๑๑ · หน้า 221b

ཚད་དོ། །འཁྲུལ་འཁོར་གྱི་རྒྱབ་ཏུ་སྦུབས་ཀྱི་རྩེ་མོར་སྦུབས་གཞན་ཆུའི་ནང་དུ་གཞུག་པར་བྱའོ། །དེ་ནས་བུམ་པའི་བུག་པ་དང་ཆུར་སོན་པའི་སྦུབས་ཀྱི་བུག་པའམ་སྦུབས་ཀྱི་བུག་པ་མདུན་ནས་རྒྱས་གདབ་པར་བྱའོ། །དེ་ནས་ཇི་སྲིད་འཁྲུལ་འཁོར་ཆུས་གང་བར་གྱུར་གྱི་བར་དུ་

རྩ་བའི་འཁྲུལ་འཁོར་གྱི་དབུས་སུ་བུག་པ་ནས་ཆུ་གཞུག་པར་བྱའོ། །དེ་ནས་ཆུའི་ནང་གི་བུག་པའམ་བུམ་པའི་བུག་པ་དང་སྦུབས་ཀྱི་བུག་པས་ཅིག་ཅར་མཚོ་ལས་བུམ་པར་ཆུ་འདྲེན་པར་བྱེད་དོ། །ཆུ་དེ་ཉིད་སྐྱེད་མོས་ཚལ་ལམ་ལྡུམ་རར་འགྲོ་སྟེ་མཉམ་པའི་ས་ལ་གང་དུ་དྲངས་པ་དེར་ནི་འགྲོ་བར་

འགྱུར་ཞེས་པ་ཆུ་བཅུ་བའི་འཁྲུལ་འཁོར་གྱི་མཚན་ཉིད་ངེས་པའོ། །ད་ནི་འཇམ་དཔལ་གྱིས་ཉི་མའི་ཤིང་རྟ་ལ་ངེས་པ་སྦྱིན་པ་གསུངས་པ་རབ་མཆོག་ཅེས་པ་ལ་སོགས་པ་སྟེ། འདིར་གདུག་པ་ཅན་རྣམས་བསྒྲུབ་པའི་དོན་དུ་དང་པོའི་སངས་རྒྱས་སུ་ནི་སྲིད་གསུམ་བླ་མ་ཤཱཀྱ་སེང་གེས་ཕྱག་ན་རྡོ་

རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོ་ལ་དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་མཚན་ཉིད་ཐམས་ཅད་སྔོན་དུ་གསུངས་པ་གང་ཡིན་པ་དེ་ཡི་ནང་ནས་ཏེ་དབྱངས་འཆར་བ་དང་འཁྲུལ་འཁོར་བརྗོད་པ་དེའི་ནང་ནས་འདིར་ནི་དེ་རིང་ཤམ་བྷ་ལ་ཞེས་བྱ་བའི་ཡུལ་འདིར་ཉི་མའི་ཤིང་རྟ་ཁྱོད་ལ་འཇམ་དཔལ་

མིའི་དབང་པོ་གྲགས་པ་བདག་གིས་གསལ་བར་བསྟན་ཏོ། །རང་གནས་བསྲུང་བའི་དོན་དུ་འདི་དག་མཐའ་དག་གྱིས་ཤིག་ཞེ་སྡང་ཆགས་པས་མིན་ནོ་ཉི་མ་ཀྱེ་ཞེས་པ་སྟེ་ཉི་མའི་ཤིང་རྟའི་ངེས་པ་ཇི་ལྟ་བ་དེ་བཞིན་དུ་དུས་ཀྱི་འཁོར་ལོ་ཡོངས་སུ་ཤེས་པ་དང་ལྡན་པ་གཞན་རྣམས་ཀྱི་ཡང་བཅོམ་ལྡན་

འདས་ཀྱི་ངེས་པའོ། །མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་ཆོ་ག་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་བཅུ་པའོ། །ད་ནི་འཁོར་ལོས་

སྒྱུར་བ་ཆེན་པོས་ཀླ་ཀློའི་ཆོས་འཇོམས་པ་དང་སངས་རྒྱས་ཀྱི་ཆོས་རབ་ཏུ་འཇོག་པ་ཉིད་ལ་སོགས་པ་གོ་སླ་སྟེ་དེས་ན་འགྲེལ་བཤད་དུ་མ་བརྗོད་དོ། །འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་བཤད་རྫོགས་སོ།། །།

เล่ม ๑๑ · หน้า 222a

༄༅༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ་མངལ་ནི་འཛིན་པ་འདི་མཛད་ཅིང་། །སྲིད་པའི་འཆིང་ལས་ངེས་པར་གྲོལ་ཡང་སྲོག་ཆགས་རྣམས་ཀྱི་ལམ་གྱི་སླད་དུ་སྲིད་པ་སྟེ། །སྣ་ཚོགས་སྐྱེས་

རབས་ཕྲེང་བ་ཡོན་ཏན་དང་ལྡན་སེམས་ཅན་དོན་གཉེར་རྣམས་ཀྱིས་མཐོང་གྱུར་པ། །དང་པོའི་སངས་རྒྱས་རྫུ་འཕྲུལ་ཆེ་ལྡན་སྤྱོད་པ་དག་སྟེ་སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་དེ་བཞིན་གཤེགས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ། །བཏུད་དེ་པདྨ་དཀར་པོ་དཔལ། །

འཇམ་དཔལ་གྱིས་ནི་བསྐུལ་གྱུར་ཞིང་། །བདེ་བར་གཤེགས་པས་ལུང་བསྟན་པ། །འགྲོ་ལ་སྙིང་རྗེའི་བདག་ཉིད་ཅན། །འཇིག་རྟེན་མགོན་པོ་བདག་གིས་ནི། །ནང་གི་ལེའུའི་འགྲེལ་བཤད་བྲི། །འདིར་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་

མཐར་དཔལ་ལྡན་རིན་པོ་ཆེའི་ཁང་བཟངས་ཆེན་པོ་རིན་པོ་ཆེའི་སེང་གེའི་ཁྲི་ལ་བཞུགས་པ། ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ། མིའི་དབང་པོ་གྲགས་པས་ནང་གི་ལེའུ་བསྟན་པའི་དོན་དུ་མཆོག་གི་དང་པོའི་

སངས་རྒྱས་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་ཚིགས་སུ་བཅད་པ་དང་པོ་གསུངས་པ། འདི་ལྟ་སྟེ། མི་ཤེས་སྣ་ཚོགས་ཚད་ནི་གང་དག་རྒྱལ་བ་སྐྱེད་མཛད་ཁྱོད་ཀྱིས་བསྟན་པ་རྣམས་ཀྱང་བདག་གིས་ཏེ། །སླར་ཡང་བདག་ནི་ཉན་པར་

འཚལ་ལོ་སྲིད་པ་གསུམ་པོ་མཐའ་དག་ལུས་ཀྱི་དབུས་སུ་ཇི་ལྟར་ལགས། །ཟླ་བ་བཟང་པོའི་ཚིག་དག་གསན་ནས་བདེ་བར་གཤེགས་པས་ལེགས་ཞེས་བྱ་བ་བྱིན་ནས་རབ་གསུངས་པ། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་མཆོག་གི་ཐུགས་རྗེས་སྣ་ཚོགས་ཚད་རྣམས་དག་

ཀྱང་ལུས་ལའོ། །འདིར་ནང་གི་ལེའུ་ལ་མི་ཤེས་ཞེས་པ་ལ་སོགས་པས་གསོལ་བ་འདེབས་པ་པོ་དང་སྟོན་པ་པོ་བསྡུས་པའི་ཚིགས་སུ་བཅད་པ་ཡང་དག་པར་སྡུད་པར་མཛད་པ་པོ་འཇམ་དཔལ་གྱིས་བསྡུས་པའི་རྒྱུད་ལས་བསྟན་པ་ནི་བདག་གིས་དགྲོལ་བར་བྱའོ། །འདིར་

เล่ม ๑๑ · หน้า 222b

ལུས་ཀྱི་དབུས་སུ་སྣ་ཚོགས་ཚད་ནི་མི་ཤེས་ཏེ་རྒྱལ་བ་སྐྱེད་མཛད་ཅེས་པ་ནི་རྡོ་རྗེ་སེམས་དཔའ་ཤཱཀྱ་ཐུབ་པ་སྒྲིབ་པ་མེད་པའི་ཕུང་པོ་རྣམས་སྐྱེད་པར་མཛད་པ་ནི་རྒྱལ་བ་སྐྱེད་མཛད་ཡིན་པས་དེ་ལ་བོད་པ་སྟེ་ཀྱེ་རྒྱལ་བ་སྐྱེད་མཛད་ཁྱོད་ཀྱིས་ཕྱི་རོལ་དུ་སྣ་ཚོགས་ཚད་ནི་གང་དག་

བསྟན་པ་དེ་དག་ལུས་ལ་མི་ཤེས་སོ། །དེའི་ཕྱིར་སླར་ཡང་བདག་ནི་ཉན་པར་འཚལ་ལོ་སྲིད་པ་གསུམ་པོ་མཐའ་དག་ལུས་ཀྱི་དབུས་སུ་ཇི་ལྟར་ཏེ་རྣམ་པ་གང་གིས་འགྱུར་ཞེས་པའོ། །དེ་ནས་ཟླ་བ་བཟང་པོའི་གསོལ་བ་འདེབས་པའི་ཚིག་དག་གསན་ནས་བདེ་བར་གཤེགས་

པས་ཟླ་བ་བཟང་པོ་ལ་ལེགས་ཞེས་བྱ་བ་བྱིན་ནས་རབ་ཏུ་གྱུར་པས་གསུངས་པ། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་མཆོག་གི་ཐུགས་རྗེས་སྣ་ཚོགས་ཚད་རྣམས་དག་ཀྱང་ལུས་ལའོ། །ཀྱང་ཡིག་གིས་རྒྱུད་གཞན་ཐམས་ཅད་ཀྱང་ལུས་ལ་གསུངས་སོ། །ལེའུ་གཉིས་པ་བསྟན་

པའི་སླད་དུ་གསོལ་བ་འདེབས་པ་པོ་དང་སྟོན་པ་པོ་བསྡུས་པའི་མདོར་བསྡུས་སོ། །བསྟན་པའི་ཚིགས་སུ་བཅད་པ་གསུངས་པས་ཞེས་པ་ལ་སོགས་པའོ། །འདིར་ལུས་ཀྱི་ནང་དུ་ས་ལ་སོགས་པ་མཐའ་དག་རང་རང་གི་ཡི་གེས་ཤེས་པར་བྱ་སྟེ་སོ་ལས་བྱུང་བའི་ཡི་གེ་རྣམས་ཀྱིས་

ས་ཤེས་པར་བྱའོ། །མཆུ་ལས་བྱུང་བ་རྣམས་ཀྱིས་ཆུའོ། །སྤྱི་བོ་ལས་བྱུང་བ་རྣམས་ཀྱིས་མེའོ། །རྐན་ལས་བྱུང་བ་རྣམས་ཀྱིས་རླུང་སྟེ་ས་དང་ཆུ་མེ་རླུང་རྣམས་སོ། །རྡོ་རྗེ་སྟེ་གློག་ནི་སླར་ཡང་སྤྱི་བོ་ལས་བྱུང་བ་རྣམས་ཀྱིས་སོ། །ལྷའི་གཞུ་སྟེ་འཇའ་ཚོན་ནི་སོ་ལས་བྱུང་བ་རྣམས་ཀྱིས་སོ། །

རླུང་བཅུ་པོ་རྣམས་ནི་རྐན་ལས་བྱུང་བ་རྣམས་ཀྱིས་སོ། །ཁྱིམ་གྱི་འཁོར་ལོ་ནི་ཨ་ལ་སོགས་པ་དང་ཀ་ལ་སོགས་པ་མཐའ་དག་གིས་སོ། །ཟླ་བ་ནི་ཐིག་ལེས་སོ། །ཉི་མ་ནི་རྣམ་པར་བཅད་པས་སོ། །སྒྲ་གཅན་ནི་དབྱངས་མེད་པའི་གསལ་བྱེད་ཀྱིས་སོ། །ལྷུན་པོ་ནི་མིང་གི་ཡི་གེས་སོ། །གདེངས་

ཅན་རྣམས་ཀྱི་གནས་ནི་ཨོཾ་ཡིག་གིས་སོ། །མིའི་གནས་ཏེ་མིའི་འཇིག་རྟེན་ནི་ཨཱཿཡིག་གིས་སོ། །ལྷ་ཡི་གནས་ཏེ་མཐོ་རིས་ནི་ཧཱུྃ་ཡིག་གིས་སོ། །འཁྱོག་པོ་བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་ནི་གཡས་དང་གཡོན་གྱི་ས་བོན་གྱི་ཡི་གེ་སྔར་བརྗོད་པ་རྣམས་ཀྱིས་སོ། །འཕོ་བ་ནི་སྡེ་པ་བཅུ་

เล่ม ๑๑ · หน้า 223a

གཉིས་ཀྱི་དབྱེ་བ་རྣམས་ཀྱིས་ཏེ་ཟླ་བ་ཡང་དེ་བཞིན་ནོ། །ཕྱོགས་ནི་སྡེ་པ་དྲུག་ཕྱེད་ཀྱི་དབྱེ་བ་རྣམས་ཀྱིས་སོ། །ཉིན་དང་མཚན་མོ་ཚེས་རྣམས་ནི་ཀ་ལ་སོགས་པ་དབྱངས་དང་བཅས་བ་སྔར་བརྗོད་པ་རྣམས་ཀྱིས་ཏེ་མཐའ་དག་ལུས་ཀྱི་དབུས་སུ་རྣལ་འབྱོར་པས་

ཤེས་པར་བྱའོ། །རྣམ་གསུམ་ཁྱབ་བདག་བགྲོད་པ་རྣལ་འབྱོར་པ་ཡིས་སྟོང་པའི་དབྱེ་བས་སོ། །སྔར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་རྣམ་པ་གསུམ་གྱི་བགྲོད་པ་ཡང་རྣམ་པ་གསུམ་སྟེ་བདེ་བ་ཆེན་

པོས་ཐམས་ཅད་ཀྱི་བདག་ཉིད་ལ་གནས་པའི་ཕྱིར་རོ། །དེ་ཡང་སྟོང་པའི་དབྱེ་བས་སོ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞིའི་དབྱེ་བས་ཤེས་པར་བྱའོ། །ལུས་ལ་སྣ་ཚོགས་བསྡུས་པའི་མདོར་བསྡུས་ཀྱི་ངེས་པའོ། །ད་ནི་མིའི་ལུས་སྐྱེད་པ་ལ་རྒྱུ་དང་འབྲས་བུའི་ཚོགས་པ་བསྡུས་

པའི་ཚིགས་སུ་བཅད་པ་གསུམ་པ་གསུངས་པ་ལུས་ཞེས་པ་ལ་སོགས་པ་སྟེ་ལུས་འདི་ལ་ནི་ཁམས་ཀྱི་ཚོགས་ཞེས་པ་ནི་སྤུ་དང་པགས་པ་དང་ཁྲག་དང་ཤ་དང་རུས་པ་དང་རྐང་ལ་སོགས་པའི་ཁམས་ཀྱི་ཚོགས་སུ་འགྱུར་ཏེ། མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་ཞེས་པ་ནི་

ལན་ཚྭ་དང་མངར་བ་དང་ཚ་བ་དང་ཁ་བ་དང་བསྐ་བ་དང་སྐྱུར་བ་ནི་རོ་དྲུག་སྟེ་འདི་དག་ཟོས་ཤིང་འཐུངས་པའི་དབང་གིས་ཁམས་ཀྱི་ཚོགས་སུ་འགྱུར་རོ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་ཞེས་པ་ནི་རོ་དྲུག་ཏུ་ཡང་ས་དང་ཆུ་དང་མེ་དང་རླུང་དང་རོ་རྣམས་ལས་འགྱུར་རོ། །འབྱུང་བའི་

ཚོགས་ཀྱང་ནམ་མཁའི་ཁམས་ལའོ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་རོའི་ཚོགས་ནི་ནམ་མཁའི་ཁམས་སྔར་བརྗོད་པའི་རྡུལ་ཕྲ་རབ་ཀྱི་ཆོས་ལ་འགྱུར་རོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་པ་ནི་འདིར་ལུས་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་པ་ཀུན་

རྫོབ་ཀྱིས་ངེས་པར་གནས་པ་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རྣམ་པར་ཤེས་པའོ། །དེ་ཉིད་ནི་སྟོང་པ་སྟེ་སྟོང་པ་ཉིད་ཀྱི་གཟུགས་ལ་བསྒོམས་པའི་སྟོབས་ཀྱིས་འཛིན་པར་བྱེད་པའི་སེམས་གཟུང་བར་བྱ་བ་སེམས་ཀྱི་སྣང་བ་ལ་རྣམ་པར་བསྲེས་པ་ནི་རོ་མཉམ་འགྱུར་

เล่ม ๑๑ · หน้า 223b

མེད་རྟག་པར་ཡང་འགྱུར་ཏེ་འདིར་རྟག་པའི་སྒྲ་ནི་སྒྲིབ་པ་མེད་པར་བརྗོད་དོ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་བདེ་བ་ཆེན་པོ་རྣམ་གསུམ་སྲིད་པ་ལ་གནས་རང་གི་ལུས་ལ་རྣལ་འབྱོར་པ་རྣམས་ཀྱིས་རིག་པར་བྱའོ། །འདིར་ནང་གི་ལེའུ་ལ་ཚིགས་སུ་བཅད་པ་འདི་ནི་མདོར་

བསྡུས་པས་རྣམ་པར་ཕྱེ་སྟེ་འཆད་པར་འགྱུར་བའི་ཡེ་ཤེས་ཀྱི་ལེའུར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱས་པར་བརྗོད་པར་བྱའོ། །ལུས་སྐྱེད་པ་ལ་རྒྱུ་དང་འབྲས་བུ་ཚོགས་པའི་ངེས་པའོ། །མངལ་འཛིན་པ་ལ་སོགས་པ་གསུངས་པ་ས་བོན་ཞེས་པ་ལ་སོགས་

པ་སྟེ་འདིར་དབང་པོ་གཉིས་གྱི་སྦྱོར་བ་ལས་གསང་བའི་པདྨར་ལྷུང་བའི་ཁུ་བ་དང་བྷ་གའི་ཁྲག་གང་ཡིན་པ་དེ་ནི་ས་བོན་ཞེས་བརྗོད་དོ། །ས་བོན་དེ་ནི་འཛིན་མས་འཛིན་ཏེ་གསང་བའི་པདྨ་ལ་སའི་ཁམས་གང་ཡོད་པ་དེ་ཡིས་སོ་ཞེས་པའི་དོན་ཏོ། །པདྨར་གནས་པ་ཞེས་པ་ནི་

གསང་བའི་པདྨར་གནས་པའོ། །གསང་བའི་པདྨ་དེ་ལས་ཆུ་ཡིས་སྡུད་དོ། །ཕྱི་ནས་ནི་མེ་ཡིས་སྨིན་པར་བྱེད་ཅིང་ཞེས་པ་ནི་ཆུ་ཡིས་རབ་ཏུ་བསྡུས་པའི་ས་བོན་འདི་མེ་ཡིས་རབ་ཏུ་སྨིན་པར་བྱེད་དོ། །རོ་དང་རོ་ནི་ཟ་བར་བྱེད་དེ་ཞེས་པ་ནི་རོ་དྲུག་པོ་མ་ཡིས་ཟོས་པ་དང་འཐུངས་པ་

གང་ཡིན་པའི་རོ་དང་རོ་དེ་དག་མེ་ཡིས་ཟ་བར་བྱེད་དོ། །ས་བོན་འདི་ཡི་འཕེལ་བ་རླུང་གིས་བྱེད་དོ། །ནམ་མཁའ་སྟོང་པ་དག་ཀྱང་འཕེལ་བའི་སྔོན་དུ་གོ་སྐབས་སྦྱིན་པར་བྱེད་དོ། །མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། །དུས་ལས་དེ་ལྟར་འགྲུབ་པ་སྟེ་དེ་ལྟར་རིམ་པ་དེ་དག་

གིས་ཉ་ལ་སོགས་པ་གྲུབ་སྟེ་མངལ་རྫོགས་པར་འགྱུར་རོ། །ལྷ་ཡི་གནས་སྐབས་རྣམས་བྱེད་དོ་ཞེས་པ་ལ་དུ་བ་ལ་སོགས་པ་ལྷ་ཡི་གནས་སྐབས་བཅུ་པོ་དེ་དག་བྱེད་པ་ནི་མངལ་དང་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་བཅུ་པོ་རྣམས་ཏེ་བཙའ་བར་འགྱུར་བའི་དུས་

དང་བྱིས་པ་ལ་སོགས་དུས་དག་ཏུ་ཡང་ངོ་ཞེས་པ་ནི་མངལ་འཛིན་པའི་ངེས་པའོ། །ས་བོན་གྱི་རང་གི་ཁམས་ཀྱི་བྱ་བ་གསུངས་པ། ས་བོན་དག་གི་ཞེས་པ་ལ་སོགས་པ་སྟེ་འདིར་ས་བོན་ཁུ་བ་དང་ཁྲག་གིས་གང་ཡིན་པ་དེས་གསང་བའི་པདྨ་ལ་གནས་པའི་རོ་དྲུག་པོ་རྣམས་ཟོས་ནས་

เล่ม ๑๑ · หน้า 224a

ལུས་སྐྱེད་པ་ལ་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་དོ། །ཆུ་ནི་དེ་བཞིན་གཤེར་བ་ཉིད་བྱེད་དོ། །མེ་ནི་ཟོས་པའི་རོ་རྣམས་སྨིན་པར་བྱེད་དོ། །རབ་མཆོག་རྣམ་པ་བཅུའི་རླུང་སྲོག་ལ་སོགས་པ་དག་ནི་ས་བོན་འདི་ཡི་ལུས་ལ་འཕེལ་བར་བྱེད་དོ། །འཕེལ་བ་དག་

ལ་སླར་ཡང་ནམ་མཁའ་ཉིད་ནི་གོ་སྐབས་སྦྱིན་བྱེད་དུས་ལས་དེ་ལྟར་སྔར་བརྗོད་པའི་ཆོ་གས་སྐྱེད་པ་སྟེ། སྣ་ཚོགས་དངོས་པོ་དུ་མ་དག་གིས་ལུས་བཅས་སྒྲ་དང་ཡིད་དང་ཞེས་པ་ནི་ལུས་དང་ངག་དང་སེམས་སོ། །ནུས་པ་རྣམས་ནི་དུ་བ་ལ་སོགས་པ་སྟེ། ལུས་དང་ངག་

དང་སེམས་ཀྱི་ཆོས་ཅན་རྣམས་སྤྲོ་བར་བྱེད་དོ་ཞེས་པ་ནི་ས་བོན་གྱི་ཁམས་ཀྱི་བྱ་བ་བརྗོད་པའོ། །གསང་བ་ཞེས་པ་ལ་སོགས་པས་ནང་གི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་གནས་སྐབས་བཅུ་གསུངས་ཏེ། འདིར་གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་

ཆུབ་ས་བོན་ཞེས་པ་ནི་ཁུ་བ་སྟེ། སྲོག་དང་བཅས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་བཅས་པ་དག་གང་གི་ཚེ་གསང་བའི་པདྨར་ལྷུང་བ་དེའི་ཚེ་གནས་སྐབས་བཅུའི་མཚན་ཉིད་དུ་འགྱུར་རོ། །དེ་རྣམས་ལས་མངལ་གྱི་ནང་དུ་ཉ་དང་རུས་སྦལ་དང་ཕག་གི་གནས་སྐབས་

གསུམ་དུ་འགྱུར་རོ། །དེ་བཞིན་དུ་བཙའ་བའི་དུས་སུ་གཅིག་སྟེ། མི་ཡི་སེང་གེའི་གནས་སྐབས་སོ། །བྱིས་པའི་དུས་དག་ཏུ་ཡང་རྣམ་པ་གཉིས་ཏེ་སོ་སྐྱེ་བའི་བར་ནི་མིའུ་ཐུང་གི་གནས་སྐབས་སོ། །སོ་སྐྱེས་ནས་སོ་ལྷུང་བའི་བར་ནི་དགྲ་སྟ་རཱ་མའི་གནས་སྐབས་སོ། །

གཞོན་ནུ་ལང་ཚོ་དག་ལ་གཞན་ཞེས་པ་ནི་སོ་ལྷུང་བ་ནས་ལོ་བཅུ་དྲུག་གི་བར་དུ་རྒྱས་པ་དང་པོ་རཱ་མའི་གནས་སྐབས་སོ། །དེ་བཞིན་དུ་ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ནི་རྒྱས་པ་གཞན་ནག་པོའི་གནས་སྐབས་སོ། །སྐྲ་དཀར་སྐྱེས་པ་ནས་འཆི་བའི་ཉིན་ཞག་གི་བར་ནི་སངས་

རྒྱས་ཀྱི་གནས་སྐབས་སོ། །འཆི་བའི་ཉིན་ཞག་ལ་འབྱུང་བ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་ལུས་ལ་རིགས་ལྡན་གྱི་གནས་སྐབས་སུ་འགྱུར་ཏེ། རྒན་པོ་ཉིད་ལ་ཞི་བ་གཅིག་སྟེ། མངལ་སྐྱེས་རྣམས་ཀྱི་སྲིད་པ་འཆི་བ་ཉིད་ནི་མཐའ་མའོ་ཞེས་སོ། །གནས་

เล่ม ๑๑ · หน้า 224b

སྐབས་བཅུའི་ངེས་པའོ། །ཉ་ཞེས་པ་ལ་སོགས་པས་ནང་ལ་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་བྱ་བ་གསུངས་ཏེ། འདིར་ཉའི་དངོས་པོ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་ནི་ཉ་ཡི་རྣམ་པར་འགྱུར་ཏེ། ཉིན་ཞག་འགའ་ནི་དུས་ཀྱི་ཉིན་ཞག་གི་བར་དུའོ། །དེ་ནས་

རུས་སྦལ་གྱི་དངོས་པོ་ལ་ནི་རུས་སྦལ་གྱི་དངོས་པོར་འགྱུར་ཏེ། ཡང་ཡིག་གིས་དུས་གཞན་གྱི་ཉིན་ཞག་གི་བར་དུའོ། །ཕག་པའི་དངོས་པོ་ལ་བྱང་ཆུབ་ཀྱི་སེམས་ཁྱབ་འཇུག་དེ་ཡི་སྐྱེ་མཆེད་ཉི་མ་སྟེ། སྐྱེ་མཆེད་བཅུ་གཉིས་འབྱུང་བར་འགྱུར་ཏེ། གསུམ་པའི་དུས་ཀྱི་ཉིན་ཞག་

གི་བར་དུའོ། །དེ་བཞིན་དུ་ཟླ་བ་བདུན་པ་ནས་སྐྱེ་བའི་ཉིན་ཞག་གི་བར་དུ་མི་ཡི་སེང་གེའི་དངོས་པོ་ལ་རབ་ཏུ་སྐྱེ་བར་འགྱུར་ཏེ། ལག་པ་དག་གིས་སྐྱེ་གནས་རྣམ་པར་འབྱེད་པའི་ཕྱིར་རོ། །མིའུ་ཐུང་གི་དངོས་པོ་ལ་ནི་སྔར་བརྗོད་པའི་བྱིས་པའི་དངོས་པོར་འགྱུར་རོ། །

དགྲ་སྟ་རཱ་མ་ལ་ཡང་མི་བདག་གཉིས་ཏེ། སུམ་ཅུ་རྩ་གཉིས་ཀྱི་སོ་རྣམས་འབྱུང་བར་འགྱུར་རོ། །རཱ་མའི་དངོས་པོ་ལ་ནི་ལྟུང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཁྱབ་འཇུག་དེ་ཉིད་ནག་པོའི་དངོས་པོ་ལ་ནི་གསལ་བར་སྒྱུ་དག་བྱེད་ཅེས་པ་སྒྱུ་མ་བྱེད་པར་འགྱུར་རོ། །སངས་

རྒྱས་ཀྱི་དངོས་པོ་ལ་ཡང་ཞི་བ་དང་སེམས་ཅན་རྣམས་ལ་བརྟུལ་ཞུགས་ངེས་པ་བྱེད་དོ། །རིགས་ལྡན་ལ་ནི་འཆི་བར་འགྱུར་ཏེ་རིགས་ལྡན་གྱི་དངོས་པོ་ལ་སྔར་བརྗོད་པའི་ཆོ་གས་འཆི་བར་འགྱུར་རོ་ཞེས་པ་ནི་འཇུག་པ་བཅུའོ། །འདིར་ཕྱི་རོལ་དུ་ཉ་ལ་སོགས་པའི་ལོ་

རྒྱུས་ཚངས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་བྱིས་པ་རྣམས་བསླུ་བའི་སླད་དུ་བཀོད་པ་གང་ཡིན་པ་དེ་ནི་དམྱལ་བ་འཐོབ་པའི་རྒྱུ་སྟེ་འཆད་པར་འགྱུར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱས་པར་བརྗོད་པར་བྱའོ། །ཁུ་བ་ཞེས་པ་ལ་སོགས་པས་མའི་མངལ་

ན་གནས་པའི་ཁུ་བ་དང་རྡུལ་དག་གི་རྣམ་པར་འགྱུར་བ་མངལ་བཟུང་བ་ནས་བརྩམས་ཏེ་བཙའ་བའི་མཐར་ཐུག་པ་གསུངས་སོ། །འདིར་སྐྱེ་བའི་ལུས་ལ་མཛོད་དྲུག་ཏུ་འགྱུར་ཏེ། ཁུ་བ་ལས་རྐང་དུ་འགྱུར་བ་དང་རུས་པར་འགྱུར་བ་དང་རྒྱུས་པ་སྟེ། ཆུ་རྒྱུས་རྣམས་སུ་འགྱུར་

เล่ม ๑๑ · หน้า 225a

བའོ། །རྡུལ་ལས་པགས་པ་དང་ཁྲག་ཏུ་འགྱུར་བ་དང་ཤར་འགྱུར་བ་སྟེ། གང་གི་ཕྱིར་བརྗོད་པའི་ས་བོན་གྱིས་རབ་ཏུ་བསྐྱེད་པའི་ཕྱིར་རོ། །འདིར་མངལ་དུ་ཟླ་བ་གཅིག་གི་བར་དུ་ཁྲག་དང་ས་བོན་བདུད་རྩི་ལྔའི་རོར་གྱུར་པ་རབ་ཏུ་སྐྱེའོ། །ཕྱི་ནས་ས་

བོན་མྱུ་གུ་ཞེས་པ་ནི་དེ་ནས་ཟླ་བའི་མཇུག་ཏུ་བྱང་ཆུབ་ཀྱི་སེམས་མྱུ་གུར་གྱུར་པའི་སྙིང་ཁའི་གོ་སྐབས་སུ་རྣམ་པ་བཅུ་ཡི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ་དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་དོ། །ལྟེ་བ་ལ་སྟེ་ལྟེ་བའི་ཕྱོགས་སུ་བརྒྱད་པ་བརྒྱད་དབྱུག་གུ་དྲུག་ཅུ་རྩ་

བཞི་རྒྱུ་བར་བྱ་བར་འགྱུར་རོ། །མ་གསུངས་ཀྱང་ཁྱིམ་གྱི་འཕོ་བ་བཅུ་གཉིས་ཀྱི་དབང་གིས་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་རྩ་ཤིན་ཏུ་ཕྲ་བ་བཅུ་གཉིས་སུ་འགྱུར་ཏེ་དེ་བཞིན་དུ་ལྟེ་བའི་རྩ་སྔར་བརྗོད་པ་དེ་དག་ཐམས་ཅད་ནི་ཤིན་ཏུ་ཕྲ་བའོ། །རྐང་ལག་གདོང་གི་

གནས་ཀྱི་རྒྱུའི་སླད་དུ་གྱེན་དུ་སྐྱོད་པར་བྱེད་པ་སྟེ། རྐང་ལག་གདོང་གི་གནས་རྣམས་སུ་བསྐྱོད་པའི་མཐུ་དེ་ལས་ཟླ་བ་གཉིས་པ་རྫོགས་པར་གྱུར་པའི་རྗེས་ལ་འདིར་ནི་རྐང་ལག་གདོང་གི་མཚོན་པ་ཅུང་ཟད་དོ། །འདིར་དང་པོ་ཉའི་གནས་སྐབས་ཀྱི་ཉིན་ཞག་འདས་པར་གྱུར་པ་

རུས་སྦལ་གྱི་གནས་སྐབས་ལ་གདོང་དང་རྐང་པ་དང་ལག་པའི་གནས་རྣམས་སུ་འབུར་པོ་ལྔར་འགྱུར་རོ། །ལག་པ་རྐང་པ་མགྲིན་པ་དག་གི་མགོ་བོ་མཉམ་པར་འགྱུར་ཏེ་རུས་སྦལ་ལོ། །ཕྲ་མོའི་རྩ་གཞན་རྣམས་ནི་ཟླ་བ་བཞི་པ་རྫོགས་པར་གྱུར་པ་ན་རྐང་ལག་གདོང་དང་མགྲིན་པ་དག་

གི་ཕྱོགས་སུ་རྐང་པ་དང་ལག་པ་རྣམས་ཀྱི་ཚིགས་དྲུག་དང་གདོང་གི་མགྲིན་པ་ལ་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པའི་རྩ་ཤིན་ཏུ་ཕྲ་བ་རྣམས་སུ་འགྱུར་ཏེ་རུས་སྦལ་གྱི་གནས་སྐབས་སོ། །ཟླ་བ་ལྔ་པ་ལ་ནི་ཕག་གི་དངོས་པོ་ལ་ཤ་དང་ཁྲག་དང་རུས་པ་མཁའ་རོ་བསྲེག་ཟ་ཞེས་པ་

ནི་རུས་པ་སུམ་བརྒྱ་དྲུག་ཅུ་སྟེ་ཚིགས་རྣམས་ཀྱང་དེ་སྙེད་དོ། །ཟླ་བ་དྲུག་པ་ལ་ཡང་སྟེ། ཡང་ཡིག་གིས་ཕག་པའི་དངོས་པོ་ལ་ཤ་དང་ཁྲག་ཏུ་འགྱུར་རོ། །ཚོར་བར་འགྱུར་ཏེ་བདེ་བ་དང་སྡུག་བསྔལ་ཡང་རིག་གོ། །མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་

เล่ม ๑๑ · หน้า 225b

ཡང་འགྱུར་ཏེ་རང་གི་སེམས་ཀྱི་ཆགས་པ་དང་བྲལ་བར་བྱེད་དོ། །སྲིད་པའི་སྡུག་བསྔལ་སྨོད་པར་བྱེད་དོ། །སངས་རྒྱས་ཀྱི་ལམ་ལ་བསྔགས་པར་བྱེད་དོ། །དེ་ནས་སྨིན་མ་སྐྲ་དང་སྤུ་དང་བུག་པ་མིག་ལ་སོགས་པ་རྣམས་ཀྱང་ཕག་གི་དངོས་པོ་ལ་ཐུབ་པ་མཆོག་ལ་སྟེ། ཟླ་བ་

བདུན་པ་རྫོགས་པར་གྱུར་པ་ན་སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་མངལ་གྱི་ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དུས་ལ་སྟོང་པ་སྟོང་པ་མིག་གི་གྲངས་ཏེ་ཉིས་བརྒྱའི་གྲངས་ཀྱི་རྩ་རྣམས་སུ་ཉིན་ཞག་སོ་སོ་ལ་འགྱུར་རོ། །དེ་ནས་སུམ་བརྒྱ་དྲུག་ཅུའི་གནད་

རྣམས་དང་རུས་པ་རྣམས་ཏེ་དེའི་ནང་དུ་རྐང་དུ་འགྱུར་རོ། །རོ་འཛིན་ནི་ལྕེ་སྟེ་ལྕེ་ཡི་དབང་པོ་བསྐྱེད་པའི་སླད་དུའོ། །སྔར་གྱི་མིག་ལ་སོགས་པ་རྣམས་སྲ་བ་ཉིད་དུ་འགྱུར་རོ། །རོ་འཛིན་སྐྱེས་པའི་དུས་དེ་ནས་འདིར་གཅི་བ་བཤང་བ་ནི་ཟླ་བ་བརྒྱད་པ་དག་ལ་ཡང་ཕག་གི་དངོས་པོ་

ལ་འགྱུར་རོ། །དེ་ནས་བུག་པ་ཞེས་པ་སྟེ། ཟླ་བ་དགུ་པ་རྫོགས་པར་གྱུར་པའམ། ཁ་ཅིག་ཏུ་བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་ལ་ཕག་གི་དངོས་པོའི་མཇུག་ཏུ་སྡུག་བསྔལ་དྲག་པོར་འགྱུར་ཏེ། བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་དག་

གིས་ཏེ། མིའི་སེང་གེའི་དངོས་པོ་ལ་མངལ་ནས་སྐྱེ་བ་དག་གིའོ་ཞེས་པ་ནི། མངལ་ནས་སྐྱེ་བའི་ངེས་པའོ། །འཕགས་པའི་བདེན་པ་བཞི་ལས་འཁོར་བ་པ་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པ་གསུངས་པ་མངལ་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་རེ་ཞིག་འཁོར་བ་

པ་མངལ་ན་གནས་པ་རྣམས་ཀྱི་མངལ་ན་གནས་པའི་སྡུག་བསྔལ་བུམ་པར་འཚེད་པ་དང་མཚུངས་པར་འགྱུར་རོ། །བཙའ་བའི་དུས་སུ་ཐོ་བའི་འཁྲུལ་འཁོར་གྱིས་བཙིར་བ་བཞིན་ནོ། །བྱིས་པའི་དངོས་པོ་ལ་ཡང་བཤང་བ་ཟ་བ་ཕག་པ་བཞིན་ནོ། །གཞོན་ནུ་དང་ནི་ལང་ཚོ་དག་ལ་

ཡང་བུད་མེད་དང་བྲལ་བའི་སྡུག་བསྔལ་དང་ནོར་དང་འབྱོར་པ་ཉམས་པའི་སྡུག་བསྔལ་ཏེ་དེ་མེད་པའི་ཕྱིར་རོ། །རྒན་པོ་ཉིད་ལའང་རྒ་ཤིའི་སྡུག་བསྔལ་ལོ། །སླར་ཡང་ཤི་བའི་མཐར་འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ཏེ། སོགས་པས་ནི་ཡི་དགས་དང་དུད་འགྲོའི་འགྲོ་བར་

เล่ม ๑๑ · หน้า 226a

སྡུག་བསྔལ་དྲག་པོར་འགྱུར་ཏེ་དགེ་བ་བཅུ་ཡོངས་སུ་བོར་བ་དང་སྡིག་པའི་དབང་གིས་སོ། །དེ་ལྟར་སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། འདིར་འཁོར་བའི་སྒྱུ་མ་ངར་འཛིན་པ་དང་ང་ཡིར་འཛིན་པའི་བདག་ཉིད་ཅན་

གྱིས་རྨོངས་པར་བྱས་པ་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་དོ། །ལམ་གྱི་བདེན་པ་གསུངས་པ། འཁོར་བ་ཞེས་པ་ལ་སོགས་པ་སྟེ་འགྲོ་བ་དྲུག་གི་བདག་ཉིད་ཀྱི་འཁོར་བ་འདིར་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་འགའ་ཞིག་ཏུ་

སྟེ། དེ་བས་མུ་སྟེགས་པའི་སྦྱིན་པ་ལ་སོགས་པའི་ཆོས་རྣམས་ལ་མི་རྣམས་ཀྱིས་ཆོས་ཀྱི་བློ་ནི་རེས་འགའ་ན་འབྱུང་ངོ་། །དེ་བས་སངས་རྒྱས་ལ་ནི་རྗེས་ཆགས་བརྒྱ་ལམ་ན་དགེ་བའི་དབང་གིས་འགྱུར་ཞིང་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ཡང་ངོ་། །དེ་བས་ཀྱང་དགེ་

བའི་དབང་གིས་དང་པོའི་ཐེག་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་འཇུག་པར་འགྱུར་བའོ། །དེ་བས་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་འཇུག་པ་སྟེ་རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་

ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །དེ་ལ་འཇུག་པ་ནི་རྡོ་རྗེ་ཐེག་པ་ལ་འཇུག་པའོ། །དེ་བས་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་འཇུག་སྟེ། གང་ཞིག་སེམས་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང་དམིགས་པ་

མེད་པའི་སྙིང་རྗེའི་བདག་ཉིད་ལའོ། །བསོད་ནམས་དང་ཡེ་ཤེས་ཀྱི་དབང་གིས་བསྒོམ་པ་དེ་ལ་སངས་རྒྱས་ཉིད་འདོད་པར་འགྱུར་བའོ། །དེ་ལྟར་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ་སྟེ། འཁོར་བའི་བདེ་བ་མངོན་པར་འདོད་པའི་འཁོར་བ་པ་རྣམས་

ལ་རིང་བ་ལས་ཀྱང་ཤིན་ཏུ་རིང་ངོ་། །མངལ་དུ་ཞེས་པ་ལ་སོགས་པས་ཀུན་འབྱུང་གི་བདེན་པ་གསུངས་ཏེ། འདིར་དང་པོར་འཇིག་རྟེན་ཀུན་རྫོབ་ཀྱིས་རྣམ་པར་དག་པའི་སྐུ་ལ་སོགས་པ་མངལ་ནས་སྐྱེས་པའི་ལུས་ལ་ཡང་དག་པར་བལྟ་བར་བྱ་སྟེ། ཕྱི་ནས་དེ་ཉིད་ཀྱི་ཆོས་ཀྱིས་སངས་

เล่ม ๑๑ · หน้า 226b

རྒྱས་བཅོམ་ལྡན་འདས་ཀྱི་ཤིན་ཏུ་རྣམ་པར་དག་པའི་སྐུ་ལ་སོགས་པ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་རིག་པར་བྱའོ། །འདིར་མའི་མངལ་དུ་ཇི་སྲིད་གནས་པ་དེ་སྲིད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ནི་ལུས་ཅན་རྣམས་ཀྱི་ཡང་དག་པར་དག་པའི་སྐུར་འགྱུར་རོ། །དེ་ནས་བཙའ་བའི་དུས་ནས་

བརྩམས་ཏེ་ཇི་སྲིད་སོ་སྐྱེ་བ་དེ་སྲིད་ནི་ཆོས་ཀྱི་སྐུར་འགྱུར་རོ། །སོ་སྐྱེས་པ་དེ་ནས་ཇི་སྲིད་སོ་རབ་ཏུ་ལྷུང་བར་འགྱུར་བ་དེ་སྲིད་ནི་རྒྱལ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། །སོ་ལྷུང་བ་དེ་ནས་སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་

འཆི་བའི་མཚམས་ཏེ་མི་རྣམས་དག་གི་ནི་མངལ་ནས་སྐྱེས་པ་རྣམས་ཀྱིའོ། །མངལ་དང་ཕྱི་རོལ་དག་ཏུ་སླར་ཡང་སྐུའི་ཚོགས་འདི་ནི་རྣམ་པ་བཞི་རུ་འགྱུར་ཏེ། འདིར་ཡེ་ཤེས་ཀྱི་དབྱེ་བས་མངལ་དང་རྣམ་པར་ཤེས་པ་དྲུག་གི་དབྱེ་བས་ཕྱི་རོལ་དུ་སྟེ་ཡེ་ཤེས་རྣམ་ཤེས་དབྱེ་བས་ཞེས་སོ། །འདིར་རེ་

ཞིག་མངལ་དུ་རྣམ་ཤེས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་བདེ་བ་དམ་པའི་ཡེ་ཤེས་སོ། །ཟླ་བ་ཉི་མ་དག་ནི་ཁུ་བ་དང་རྡུལ་ལོ། །ཀྱང་པདྨར་གནས་པ་ནི་མངལ་རྫོགས་པར་བྱ་བའི་དོན་དུ་གསུམ་པོ་གཅིག་ཏུ་གྱུར་པ་མའི་པདྨ་ལ་གནས་པའོ། །དེ་ནི་མངལ་དུ་དག་པའི་སྐུར་བཅོམ་ལྡན་འདས་ཀྱིས་

གསུངས་ཏེ། མ་དང་ཕ་དང་ཀུན་གཞིའི་རྣམ་པར་ཤེས་པའི་བདེ་བའི་གནས་སྐབས་གཅིག་ཡིན་པའི་ཕྱིར་རོ། །ཁམས་དང་ཕུང་པོ་རྣམས་རབ་ཏུ་འབྱུང་བ་རྣམ་པ་བཅུ་པོ་གང་ཡིན་པ་དེ་ནི་རྒྱལ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཆོས་ཀྱི་སྐུའོ། །དེ་ནས་ཡོན་ཏན་དབང་གིས་ཏེ་ཉིན་ཞག་གི་དབང་གིས་ནང་

གི་རྣ་བ་ལ་སོགས་པའི་དབང་པོ་རྣམས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་སྐྱེས་པར་གྱུར་པ་ན་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །དེ་ནས་སྒྲ་ལ་སོགས་པ་སྐྱེས་ཏེ་སོགས་པས་བ་སྤུ་དང་བཤང་བ་དང་གཅི་བ་གྲུབ་ཅིང་རབ་ཏུ་བཙའ་བའི་དུས་སུ་སྐྱེ་གནས་ནས་འབྱུང་བ་ནི་མངལ་དུ་སྤྲུལ་པའི་སྐུར་

གསུངས་སོ། །དེ་ནས་ཕྱི་རོལ་གྱི་སྐུ་བཞི་ནི་སྐྱེས་པར་གྱུར་པ་ན་དབུགས་ཀྱི་དང་པོ་གང་ཞིག་དབུ་མའི་རྩ་ལ་རབ་ཏུ་འབྱུང་བར་འགྱུར་བ་ཡོན་ཏན་མེད་པ་དེ་ནི་གསུང་རྡོ་རྗེའི་ཡུལ་ལ་ཡང་དག་པར་དག་པའི་སྐུའོ། །དག་པའི་སྐུ་དེ་ཉིད་ནི་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གི་ཆོ་གས་ཇི་སྲིད་

เล่ม ๑๑ · หน้า 227a

པ་དེ་སྲིད་དེ་དབུ་མ་ལས་རབ་ཏུ་འབབ་པའི་ཕྱིར་རོ། །དེ་ནས་སྲོག་ཡང་དག་པར་རྒྱུ་བའི་དབང་གིས་སོ་ནི་རབ་འབྱུང་གང་ཞིག་ཚིག་ནི་གསལ་མིན་དག་ཀྱང་གང་དེ་འདུ་ཤེས་པའི་མཚན་ཉིད་དེ་ནི་གསུང་རྡོ་རྗེའི་ཡུལ་ལ་ཆོས་ཀྱི་སྐུའོ། །དེ་ནས་གཉིས་སྐྱེས་རྣམས་ནི་ལྟུང་བ་སྟེ་

སོ་རྣམས་ལྷུང་བར་འགྱུར་བའི་བར་ལོ་བརྒྱད་ཀྱི་མཐར་ཐུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཚིག་ཡོངས་སུ་གསལ་བའི་ཕྱིར་རོ། །སོ་རྣམས་དག་ལས་ཏེ་ལྷུང་བ་ལས་འཆི་བའི་མཐར་ཐུག་པ་ནི་ཕྱི་རོལ་དུ་སྤྲུལ་པའི་སྐུར་འགྱུར་རོ། །འདིར་མངལ་དུ་ལུས་ཀྱི་དབྱེ་བས་སྐུའི་དབྱེ་

བ་རྣམ་པ་བཞི་སྟེ་ཕྱི་རོལ་དུ་སྲོག་རྒྱུ་བའི་དབྱེ་བས་སྐུའི་དབྱེ་བ་རྣམ་པ་བཞིའོ། །ཡེ་ཤེས་དང་རྣམ་པར་ཤེས་པ་ནི་ནང་དང་ཕྱི་རོལ་དུ་ཡང་ལུས་དང་སྲོག་དག་གི་གྲོགས་སོ། །འདིར་ལུས་ཀྱི་དབྱེ་བ་ནི་ས་བོན་དང་འབྲེལ་བ་ཅན་ཏེ་ངག་གི་དབྱེ་བ་ནི་ཁྲག་དང་འབྲེལ་བ་ཅན་ནོ། །དེ་བཞིན་

དུ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་བའི་སེམས་ཀྱི་དབྱེ་བས་སྐུའི་དབྱེ་བ་རྣམ་པ་བཞི་དང་སད་པ་ལ་སོགས་པའི་ཡེ་ཤེས་ཀྱི་དབྱེ་བས་སྐུའི་དབྱེ་བ་རྣམ་པ་བཞི་སྟེ་དགའ་བ་ལ་སོགས་པ་རྣམ་པ་བཞིའི་རང་བཞིན་གྱིས་སོ། །ལུས་དང་ཕྱི་རོལ་ལ་ལྷན་ཅིག་སྐྱེས་པ་ལ་སོགས་

པའི་སྐུ་འབྱུང་བའི་ངེས་པའོ། །མངལ་དུ་ཞེས་པ་ལ་སོགས་པས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་འབྱུང་བ་གསུངས་ཏེ་འདིར་མའི་མངལ་དུ་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །རྣམ་ཤེས་བསྲེས་པ་ནི་ཀུན་གཞིའི་རྣམ་ཤེས་བསྲེས་པའོ། །ཉི་མ་རི་བོང་ཅན་དང་བཅས་པ་

ནི་རྡུལ་དང་ཁུ་བ་དག་དང་བཅས་པའོ། །ཡེ་ཤེས་རྡོ་རྗེ་ལ་སོགས་ཀུན་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་སོགས་པར་འགྱུར་རོ། །མངལ་ན་གནས་པ་དག་ནི་སྐུའི་རྡོ་རྗེ་ལ་སོགས་རིམ་པ་ཡིས་ཀྱང་སྟོབས་དང་ལྡན་པར་འགྱུར་རོ། །འདིར་དང་པོར་མངལ་དུ་སྐྱེ་བའི་མཚམས་ཀྱི་བར་དུ་

དཔལ་ལྡན་སྐུ་ཡི་རྡོ་རྗེར་འགྱུར་ཏེ་ལུས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའོ་ཞེས་པའི་དོན་ཏོ། །དེ་ནས་སྐྱེས་པ་ན་གསུང་རྡོ་རྗེ་སྲོག་ཡང་དག་པར་རྒྱུ་བ་སྟེ་སྲོག་འབྱུང་བའོ། །དེ་ནས་སོ་སུམ་ཅུ་རྩ་གཉིས་རབ་ཏུ་སྐྱེས་པར་གྱུར་པ་ན་ཐུགས་འདུ་ཤེས་འཛིན་པ་པོར་འགྱུར་ཏེ་ཉིད་ཅེས་པ་ནི་མཐའ་གཅིག་ཏུ་

เล่ม ๑๑ · หน้า 227b

ངེས་པའོ་ཞེས་པའི་དོན་ཏོ། །སླར་ཡང་སོ་ལྷུང་ནས་སོ་སུམ་ཅུ་རྩ་གཉིས་རབ་ཏུ་སྐྱེས་པར་གྱུར་པ་ན་ཁུ་བ་འཕོ་བའི་གནས་སྐབས་ཀྱི་མཚན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དེ་བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་མཚམས་དང་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་

རིག་པར་བྱའོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྫོགས་པ་བརྗོད་པའི་ཕྱིར་རོ། །རྟེན་དང་རྟེན་པའི་འབྲེལ་བ་གསུངས་པས་ཞེས་པ་ལ་སོགས་པ་སྟེ་སའི་སྙིང་པོ་དག་ནི་བསྲེག་ཟ་མེར་འགྱུར་རོ། །དེའི་རིགས་ཅན་ནི་མ་ཡིན་ཏེ་སའི་ཡོན་ཏན་གྱི་རང་བཞིན་མེད་པའི་ཕྱིར་རོ། །

འཛིན་མ་དང་རླུང་དག་ནི་ནམ་མཁའི་སྙིང་པོ་སྟོང་པའི་དབུས་ན་གནས་པའོ། །དེའི་རིགས་ལས་སྐྱེས་པ་ནི་མ་ཡིན་ཏེ་ནམ་མཁའི་ཡོན་ཏན་མེད་པའི་ཕྱིར་རོ། །དེ་བཞིན་དུ་རླུང་གི་སྙིང་པོ་དང་སའི་སྙིང་པོ་དག་ནི་ཆུ་ཡིན་ནོ། །རླུང་གི་སྙིང་པོ་དེ་ཉིད་ནི་རང་བཞིན་མེད་པ་རྗེས་སུ་མཐུན་པའི་

གཟུགས་ཀྱིས་གནས་པ་སྟེ་གང་དང་གང་དུ་རླུང་ཡང་དག་པར་རྒྱུ་བ་དེ་དང་དེར་དེ་དང་ལྷན་ཅིག་འགྲོའོ། །སའི་ནང་ན་གནས་པ་གང་ཡིན་པ་དེ་ནི་རང་བཞིན་ཏེ་ས་ལ་རྐོ་བར་བྱེད་པ་ན་གཤེར་བའི་ངོ་བོར་མཐོང་ངོ་། །འདིར་སླར་ཡང་ནམ་མཁའ་ནི་ས་ལ་སོགས་པ་ཐམས་ཅད་ཀྱི་རྟེན་ཏེ་

ས་ལ་སོགས་པའི་འབྱུང་བ་རྣམས་ནི་རྟེན་པའོ། །འདིར་རྟེན་དང་རྟེན་པ་ནི་རིམ་པ་བཞིན་དུ་འགྱུར་ཏེ་ས་ཡི་རྟེན་ནི་ཆུ་སྟེ་ཕྱི་རོལ་དུ་ས་ཡི་དཀྱིལ་འཁོར་གྱི་རྟེན་ཆུ་ཡི་དཀྱིལ་འཁོར་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ཡང་ངོ་། །འབར་བྱེད་དག་ཀྱང་སྟེ་མེའི་དཀྱིལ་འཁོར་ནི་ཆུ་ཡི་ཞེས་པ་ཆུའི་

དཀྱིལ་འཁོར་གྱི་རྟེན་ནོ། །རླུང་ཞེས་པ་རླུང་གི་དཀྱིལ་འཁོར་ནི་དག་པར་བྱེད་པ་མེའི་དཀྱིལ་འཁོར་དག་གིའོ། །རླུང་གི་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་རྟེན་ནི་སྟོང་པ་སྟེ་ནམ་མཁའོ། །དེ་ལྟར་སྟོང་པ་ནི་ས་ལ་སོགས་པ་འབྱུང་བ་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ། །ཚོགས་པའི་རྟེན་དང་རྟེན་པ་

གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ལ་ཕུང་པོ་ལྔ་པོ་རྣམས་ཀྱི་རྟེན་ནི་འབྱུང་བ་རྣམས་ཏེ་ས་ལ་སོགས་པའི་འབྱུང་བའི་ཚོགས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་ས་ལ་སོགས་པའི་རང་བཞིན་མེད་ན་མ་རིག་པ་ལ་སོགས་པའི་རྐྱེན་མེད་པར་འགྱུར་རོ། །མ་རིག་པ་དང་འདུ་བྱེད་དང་

เล่ม ๑๑ · หน้า 228a

རྣམ་པར་ཤེས་པའི་རྐྱེན་མེད་ན་གཟུགས་ལ་སོགས་པའི་ཕུང་པོ་མེད་དེ་གང་གི་ཕྱིར་འབྱུང་བ་བཞིའི་བདག་ཉིད་ཀྱི་གཟུགས་དང་ཁམས་དྲུག་གི་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་ཡོད་པ་དེའི་ཕྱིར་ཕུང་པོའི་རྟེན་ནི་འབྱུང་བ་རྣམས་སུ་འགྱུར་རོ། །ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་

རྟེན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་རྣམས་སུ་འགྱུར་རོ། །རྩ་དེ་དག་རྣམས་ཀྱི་ཡང་རྟེན་ནི་སྲོག་གི་རླུང་སྟེ་འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་བཅུ་སྟེ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སྲོག་གི་རླུང་རྣམས་དག་གི་རྟེན་ནི་སེམས་ཡིན་ནོ། །སེམས་དེ་ནི་སྟེ་དེ་ཉིད་གཉིས་

ཀྱི་རང་བཞིན་གྱི་སེམས་སུ་འགྱུར་རོ། །ཡོན་ཏན་དབང་གིས་ཞེས་པ་ལ་སྙིང་སྟོབས་དང་རྡུལ་གྱི་དབང་གིས་ནི་རང་བཞིན་ཅན་སད་པ་དང་རྨི་ལམ་གྱི་མཚན་ཉིད་དོ། །མུན་པའི་ཡོན་ཏན་གྱི་དབང་གིས་རང་བཞིན་མེད་པ་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དབང་པོ་མེད་པར་འགྱུར་རོ། །རང་བཞིན་

ཅན་དང་རང་བཞིན་མེད་པ་དེ་དག་གི་ཡང་རྟེན་ནི་གཙོ་བོ་སྟེ་འཁོར་བ་པ་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་འཛིན་པའོ། །དེ་ཡང་བདེ་བ་དང་སྡུག་བསྔལ་དང་བྲལ་བ་ནི་སྲིད་པ་གསུམ་གྱིས་བཏུད་ཅིང་གཞོམ་མེད་ཀུན་ཏུ་འགྲོ་བ་གང་ཡིན་པ་དེ་ཡིན་ཏེ། བདེ་སྡུག་སེལ་བ་མཐར་གྱུར་

པ་ཞེས་སོ། །དྲི་ཞེས་པ་ལ་སོགས་པ་ཁམས་རྣམས་ཀྱི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་འབྲེལ་བ་གསུངས་ཏེ། འདིར་ཕྱི་རོལ་ལམ་ནང་དུ་དྲི་ནི་འཛིན་མ་དག་ལས་འབྱུང་བར་འགྱུར་ཏེ་གཙོ་བོས་སོ། །ཕལ་པས་ནི་རོ་ལ་སོགས་པ་རྣམས་ཀྱང་ངོ་། །རོ་རྣམ་པ་དྲུག་ནི་ཡང་ཞེས་པ་སྲིད་པའི་དོན་ཏེ་རྩེ་མོ་

ཅན་མེའི་ཁམས་ལས་ཏེ་གང་གི་ཕྱིར་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཡིན་པ་དེའི་ཕྱིར་མེ་ལས་རོ་འབྱུང་བར་འགྱུར་རོ། །གཟུགས་ཀྱི་ཁམས་ནི་ཆུ་ལས་སོ། །འདིར་མྱུ་གུ་ལ་སོགས་པ་རྣམས་སྐྱེ་བ་ལ་སོགས་པ་ནི་ཁ་དོག་སྣ་ཚོགས་དང་དབྱིབས་སྣ་ཚོགས་སུ་ཆུ་ལས་འགྱུར་ཏེ་གཙོ་བོས་སོ། །

ཕལ་པས་ནི་རོ་ལ་སོགས་པ་རྣམས་ཀྱང་འབྱུང་ངོ་། །དེ་བཞིན་དུ་རླུང་སྟེ་རླུང་གི་ཁམས་ལས་རེག་པ་འབྱུང་བར་འགྱུར་རོ། །ཞི་བ་སྟེ་ཡེ་ཤེས་ཀྱི་ཁམས་ལས་སྒྲ་དང་ཞེས་པ་སྒྲ་འབྱུང་ངོ་། །ཆོས་ཀྱི་ཁམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ནི་ནམ་མཁའ་སྟེ་ལྔའི་བདག་ཉིད་ཀྱི་རོའི་ཁམས་གསལ་བར་བྱེད་

เล่ม ๑๑ · หน้า 228b

པ་ལས་འབྱུང་བར་འགྱུར་ཏེ་བདེ་བའི་གནས་སྐབས་ལས་སོ། །ད་ནི་གཟུང་བ་དང་འཛིན་པའི་འབྲེལ་བ་གསུངས་ཏེ། འདིར་གཞན་གྱི་རིགས་ལ་འཁྱུད་པས་བྱ་བ་འགྲུབ་པར་འགྱུར་ཏེ་རང་གི་རིགས་ལ་འཁྱུད་པ་ནི་བདག་ཉིད་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་རིགས་ལ་འཁྱུད་པ་ནི་ལུས་

སྐྱེད་པའི་རྒྱུར་འགྱུར་རོ། །དེས་ན་སྟོང་པ་ཞེས་པ་སྟོང་པའི་རིགས་ལས་བྱུང་བའི་རྣ་བའི་དབང་པོས་ནི་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་སྒྲ་འཛིན་པར་བྱེད་དོ། །ངེས་པར་རྒྱལ་བ་སྐྱེད་མཛད་ཅེས་པ་ནི་གདོན་མི་ཟ་བར་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་ཡིད་ཀྱི་དབང་པོས་ནམ་མཁའི་ཁམས་ལས་བྱུང་

བའི་ཡུལ་ཆོས་ཀྱི་ཁམས་འཛིན་པར་བྱེད་དོ། །རླུང་དག་ནི་ཞེས་པ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དབྱེར་མེད་པ་ཉིད་ཀྱིས་ཏེ་རླུང་ལས་བྱུང་བའི་སྣའི་དབང་པོས་སའི་ཁམས་ལས་བྱུང་བའི་ཡུལ་དྲི་འཛིན་པར་བྱེད་དོ། །མེ་ཡང་ཞེས་པ་ནི་མེའི་ཁམས་ལས་བྱུང་བ་མིག་གི་དབང་པོས་ཆུའི་

ཁམས་ལས་སྐྱེས་པའི་ཡུལ་གཟུགས་འཛིན་པར་བྱེད་དོ། །ཆུའི་ཁམས་ལས་བྱུང་བ་ལྕེའི་དབང་པོས་མེའི་ཁམས་ལས་སྐྱེས་པའི་ཡུལ་རོ་འཛིན་པར་བྱེད་དོ། །འཛིན་མ་ཞེས་པ་སའི་ཁམས་ལས་བྱུང་བ་ལུས་ཀྱི་དབང་པོས་རླུང་གི་ཁམས་ལས་བྱུང་བའི་ཡུལ་རེག་བྱ་འཛིན་པར་བྱེད་དེ་

ཡུལ་དང་ཡུལ་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་མཚན་ཉིད་ངེས་པའོ། །འཇིག་རྟེན་ཀུན་རྫོབ་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁམས་སོ་སོ་ལ་གྲུབ་པར་གསུངས་པ་གྲུབ་པ་ཞེས་པ་ལ་སོགས་པ་སྟེ་འདིར་ཁམས་དང་ཕུང་པོ་རྣམས་གཅིག་ཉིད་དུ་གྲུབ་པར་གསུངས་སོ། །

འདིར་གཟུགས་ནི་འཛིན་མ་ལ་གཙོ་བོས་གྲུབ་པ་སྟེ་འདུ་ཤེས་ལ་སོགས་པ་རྣམས་ནི་ཕལ་པས་གྲུབ་པའོ། །སྲིད་པ་གསུམ་གྱི་གནས་སུ་སྟེ་ཁམས་གསུམ་གྱི་ཡུལ་དུ་ཡིན་གྱི་མྱ་ངན་ལས་འདས་པའི་ཆོས་ལ་ནི་མ་ཡིན་ནོ། །ཡང་ཡིག་ལས་ཆུ་ལ་ནི་འདུ་ཤེས་ཞེས་གྲུབ་པར་འགྱུར་ཏེ་འདིར་

འདུ་ཤེས་བྱ་བ་ནི་དབྱངས་ཀྱི་ཆོས་ཟླ་བ་དང་ཁུ་བ་དང་ཆུའི་རང་བཞིན་ཏེ་ཆུའི་རང་བཞིན་ཉིད་ཀྱི་ཕྱིར་ཆུ་ལ་འདུ་ཤེས་གྲུབ་པར་འགྱུར་རོ་ཞེས་པ་ནི་ངེས་པའོ། །མེ་ལ་ངེས་པ་ཉིད་དུ་ཚོར་བ་ཞེས་པ་ལ་འདིར་མེའི་རང་བཞིན་ནི་ཉི་མ་དང་རྡུལ་དང་ཀཱ་ལི་སྟེ་ཉི་མ་དང་རྡུལ་དང་ཀཱ་ལིའི་རང་བཞིན་ནི་ཚོར་བའོ། །དེའི་ཕྱིར་

เล่ม ๑๑ · หน้า 229a

མེ་ལ་ཚོར་བ་གཙོ་བོས་གྲུབ་པར་འགྱུར་ཏེ་ལྷག་མ་རྣམས་ནི་ཕལ་པས་རབ་ཏུ་འགྱུར་རོ། །རླུང་ལ་འདུ་བྱེད་ཀྱི་ཕུང་པོ་གྲུབ་སྟེ་དེ་བཞིན་དུ་འདིར་རླུང་ནི་ལུས་དང་ངག་དང་སེམས་ཡང་དག་པར་གཡོ་བར་བྱེད་པ་འདུ་བྱེད་སྐྱེད་པར་བྱེད་པ་སྟེ་དེས་ན་རླུང་གི་རང་བཞིན་ནི་འདུ་བྱེད་དུ་གྲུབ་བོ། །དེ་བཞིན་

དུ་རྣམ་ཤེས་ཡེ་ཤེས་བསྲེས་པ་སྟེ་ཡེ་ཤེས་དང་བཅས་པ་ནི་རིམ་པ་བཞིན་དུ་ནམ་མཁའ་དང་བཅས་རྡོ་རྗེ་དག་ལ་སྟེ་ནམ་མཁའ་ལ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་རྣམ་པར་ཤེས་པར་གྲུབ་བོ། །རྡོ་རྗེ་སྟེ་ཡེ་ཤེས་ཀྱི་ཁམས་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་མཐར་བདེ་བའི་སྐད་ཅིག་གི་

བདག་ཉིད་ཀྱི་ཡེ་ཤེས་གྲུབ་བོ། །འདིར་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་གི་ལུས་ལ་ཅིའི་ཕྱིར་ཁམས་དང་ཕུང་པོ་ལ་སོགས་པ་ཐམས་ཅད་དུ་འགྱུར་ཞེ་ན་གསུངས་པ། རྡུལ་དང་བྱང་ཆུབ་སེམས་སོགས་སྦྱོར་བས་སོ། །འདིར་ལུས་ལ་ཁམས་དང་ཕུང་པོ་ལ་སོགས་པ་གང་ཡིན་

པ་དེ་ཐམས་ཅད་ནི་རྡུལ་དང་ཁུ་བ་དང་ཀུན་གཞིའི་རྣམ་པར་ཤེས་པའི་བདེ་བའི་སྐད་ཅིག་གི་གནས་སྐབས་སྦྱོར་བ་ལས་འགྱུར་རོ། །རྣ་བ་ལ་སོགས་པ་འཛིན་པ་རྣམས་སྒྲ་ལ་སོགས་པའི་ཡུལ་འཛིན་པར་བྱེད་པ་ཉིད་ཀྱིས་དེའི་རང་བཞིན་ཉིད་དུ་གསུངས་པ། རྣ་བ་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ཀྱི་

ཆོས་ལ་རྣ་བ་ནི་སྟོང་པའི་མཚན་ཉིད་འཛིན་པར་བྱེད་པ་ཉིད་ཀྱིས་གཟུང་བའི་ཡུལ་འཛིན་པས་རྡོ་རྗེའི་རང་བཞིན་ཏེ་སྒྲའི་རང་བཞིན་ནོ། །འདིར་འཛིན་པའི་ཆོས་ནི་ལུས་ཀྱི་དབྱེ་བས་གསུངས་ཏེ་གཟུང་བའི་ཆོས་དེ་བསམ་པའི་དབྱེ་བས་སོ། །དེའི་ཕྱིར་གཟུང་བར་བྱ་བའི་རང་བཞིན་གྱིས་བསྐྱེད་པར་བྱ་བ་དང་

སྐྱེད་པར་བྱེད་པའི་རང་བཞིན་རྣམ་པར་ཤེས་པར་བྱའོ། །མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། །སེམས་ཏེ་ཡིད་ནི་ནམ་མཁའ་དག་གི་རང་བཞིན་ཞེས་པ་ཆོས་ཀྱི་ཁམས་ཀྱི་རང་བཞིན་ཏེ་ཡུལ་ཆོས་ཀྱི་ཁམས་འཛིན་པ་ཉིད་ཀྱི་ཕྱིར་རོ། །སྣ་ནི་ས་ཡི་རང་བཞིན་ཞེས་པ་དྲིའི་རང་བཞིན་ཏེ་དྲི་འཛིན་པའི་ཕྱིར་རོ། །དེ་

བཞིན་ཁོ་ན་ལྕེ་ནི་མེའི་རང་བཞིན་ཉིད་དུ་འགྱུར་སྔ་མ་བཞིན་དུ་མེ་ལས་སྐྱེས་པ་རོའི་རང་བཞིན་ཏེ་རོ་འཛིན་པ་ཉིད་ཀྱི་ཕྱིར་རོ། །མིག་ནི་ཆུ་ཡི་རང་བཞིན་དག་སྟེ་ཆུ་ལས་སྐྱེས་པའི་གཟུགས་འཛིན་པའི་ཕྱིར་རོ། །སྲིད་པ་གསུམ་གྱི་གནས་སུ་སྟེ་མྱ་ངན་ལས་འདས་པ་ལ་ནི་མ་ཡིན་ནོ། །ལུས་ཀྱང་རླུང་གི་རང་བཞིན་ནོ་

เล่ม ๑๑ · หน้า 229b

ཞེས་པ་ནི་ལུས་ཀྱི་དབང་པོས་ཡུལ་རེག་བྱ་རླུང་ལས་སྐྱེས་པ་འཛིན་པའི་ཕྱིར་རོ། །དེ་ལྟར་བརྗོད་པའི་རིམ་པས་རྣ་བ་ལ་སོགས་པ་ཐམས་ཅད་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ནི་སྒྲ་དང་ཆོས་ཀྱི་ཁམས་དང་དྲི་དང་རོ་དང་གཟུགས་དང་རེག་བྱའི་དབང་གིས་སོ། །རྣ་བ་དང་ཡིད་དང་སྣ་དང་ལྕེ་དང་མིག་དང་ལུས་ཏེ་

དབང་པོ་དྲུག་གི་ཁམས་འདི་དག་ནི་ཡེ་ཤེས་རྣམ་ཤེས་སྦྱོར་བ་ལས་ཤེས་པར་བྱའོ། །ཁམས་དྲུག་གི་དབང་གིས་སེར་སྣ་ལ་སོགས་པ་སེམས་ཀྱི་རྣམ་པར་འགྱུར་བ་དྲུག་གསུངས་པ་སེར་སྣ་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ལ་སེམས་ཀྱི་སེར་སྣ་ནི་ཡེ་ཤེས་ཁམས་ལ་ཞེས་པ་ལྔ་པའི་དོན་ལ་བདུན་པ་

སྟེ། ཡེ་ཤེས་ཀྱི་ཁམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་སེར་སྣའི་སེམས་སོ་ཞེས་པའི་དོན་ཏོ། །ནམ་མཁའ་ལ་ནི་ཞེ་སྡང་རྡོ་རྗེའོ་ཞེས་པ་ནི་ནམ་མཁའི་ཁམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་ཞེ་སྡང་གི་སེམས་སོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་དབང་གིས་ཕྲག་དོག་གི་སེམས་སོ། །མེའི་ཁམས་ཀྱི་

དབང་གིས་ཆགས་པའི་སེམས་ཏེ་དེ་ཉིད་ཐུབ་པས་རབ་ཏུ་གསལ་བར་མཛད་དོ། །དེ་བཞིན་ཉིད་དུ་ཆུའི་ཁམས་ཀྱི་དབང་གིས་ང་རྒྱལ་གྱི་སེམས་སོ། །ས་ཡི་ཁམས་ཀྱི་དབང་གིས་གཏི་མུག་གི་སེམས་ཏེ་རང་བཞིན་ནི་ཡེ་ཤེས་ལ་སོགས་པའི་ཁམས་ཀྱི་ཆོས་སོ། །དེའི་ཡོན་ཏན་ནི་རང་བཞིན་རྣམས་ཏེ་དེའི་རང་

བཞིན་གྱི་དབང་གིས་འཁོར་བ་པ་རྣམས་ཀྱི་སེམས་ལ་སེར་སྣ་ལ་སོགས་པར་འགྱུར་རོ། །ཁམས་ཀྱི་དབང་གིས་ལས་ཀྱི་དབང་པོ་རྣམས་གསུངས་པ། ངག་ཅེས་པ་ལ་སོགས་པ་སྟེ་འདིར་ངག་གི་དབང་པོ་ནི་རླུང་གི་ཁམས་ལས་འགྱུར་རོ། །ལག་པའི་དབང་པོ་ནི་མེའི་ཁམས་ལས་སོ། །རྐང་པའི་དབང་པོ་ནི་

ཆུའི་ཁམས་ལས་སོ། །བཤང་ལམ་གྱི་དབང་པོ་ནི་སའི་ཁམས་ལས་སོ། །མ་བརྗོད་པ་ཉིད་ལས་གསང་བའི་དབང་པོ་ནི་ནམ་མཁའི་ཁམས་ལས་སོ། །ལོ་བཅུ་དྲུག་གི་མཐར་མཆོག་གི་དབང་པོ་ནི་ཡེ་ཤེས་ཀྱི་ཁམས་ལས་འགྱུར་རོ་ཞེས་པ་ནི་ལས་ཀྱི་དབང་པོ་དྲུག་གི་ངེས་པའོ། །ཐུར་སེལ་ཞེས་པ་ལ་

སོགས་པས་ཁམས་དྲུག་ལས་ཐུར་སེལ་ལ་སོགས་པའི་རླུང་རྣམས་གསུངས་ཏེ། འདིར་ལུས་ལ་ཐུར་སེལ་གྱི་རླུང་ནི་ཡེ་ཤེས་ཀྱི་ཁམས་ལ་འགྱུར་རོ། །འདིར་ཡང་ལྔ་པའི་དོན་ལ་བདུན་པའོ། །དེ་ཡང་བཤང་བ་དང་གཅི་བ་དང་ཁུ་བ་འདྲེན་པར་བྱེད་པ་ལས་རྣམ་གསུམ་ཞེས་པར་འགྱུར་རོ། །སྲོག་

เล่ม ๑๑ · หน้า 230a

གི་རླུང་ནི་སྟོང་པ་ལ་སྟེ་ནམ་མཁའི་ཁམས་ལས་སོ། །ཡང་ཡིག་གིས་དེ་ཡང་རྣམ་པ་གསུམ་སྟེ་གཡོན་དང་གཡས་དང་དབུ་མའི་རྩར་རབ་ཏུ་འབབ་པ་ལས་སོ། །རླུང་གི་དབུས་སུ་སྟེ་རླུང་གི་ཁམས་ཀྱི་རང་བཞིན་ལས་མཉམ་གནས་སུ་འགྱུར་རོ། །རྩེ་མོ་ཅན་ཏེ་མེའི་ཁམས་ལ་སླར་

ཡང་གྱེན་རྒྱུའོ། །ཆུ་ལ་སྟེ་ཆུའི་ཁམས་ལ་ཁྱབ་བྱེད་དོ། །ས་ལ་ཞེས་པ་སའི་ཁམས་ལ་ཀླུའོ། །དེ་ནས་དེ་མ་ཐག་ཏུ་རུས་སྦལ་ལ་སོགས་པ་བཞི་པོ་རྣམས་ཏེ་རླུང་གི་ཁམས་ལས་རུས་སྦལ་དུ་འགྱུར་རོ། །མེའི་ཁམས་ལས་རྩངས་པའོ། །ཆུའི་ཁམས་ལས་ལྷ་སྦྱིན་ནོ། །སའི་ཁམས་ལས་ནོར་ལས་རྒྱལ་

བའོ། །ལོ་བཅུ་དྲུག་གི་མཐར་ནམ་མཁའི་ཁམས་ལས་དགའ་བའི་རླུང་ངོ་། །ཡེ་ཤེས་ཀྱི་ཁམས་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་ངོ་། །གཙུག་ཏོར་ཞེས་པ་ལ་སོགས་པས་ཁམས་ཀྱི་དབང་གིས་ལུས་ཀྱི་ལག་པ་ལ་སོགས་པའི་ཚིགས་ལ་འཁོར་ལོ་ལ་སོགས་པ་རྣམས་གསུངས་ཏེ།

འདིར་ནམ་མཁའི་ཁམས་ལས་གཙུག་ཏོར་གྱི་པདྨ་འམ་འཁོར་ལོར་འགྱུར་ཏེ་འདབ་མའི་གྲངས་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཀྱི་ཁམས་ལས་ཀྱང་གསང་བར་འགྱུར་ཏེ་གསང་བའི་པདྨའོ་ཞེས་པའི་དོན་ཏོ། །སྙིང་གི་པདྨ་རླུང་གི་ཁམས་ལས་འགྱུར་

རོ། །རབ་གསལ་རྩེ་མོ་ཅན་ལས་མགྲིན་པའི་འཁོར་ལོར་འགྱུར་རོ། །གསལ་བར་ནི་ངེས་པར་རོ། །ཆུའི་ཁམས་ལས་སྨིན་མའི་ནང་གི་པདྨའོ། །ནོར་ནི་ནོར་ཏེ་དྲུག་ཅུ་རྩ་བཞིའི་འདབ་ལྡན་ལྟེ་བའི་པདྨ་ནི་སའི་ཁམས་ལས་འགྱུར་རོ། །ཚིགས་དྲུག་ཅེས་པ་ནི་མང་བའི་ཚིག་ལ་གཅིག་གི་ཚིག་གོ། །རྐང་

པ་ལག་པ་དག་གི་སྟེ་རྐང་པ་གཡོན་པའི་གསུམ་ནི་སའི་ཁམས་ཀྱི་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་རྣམས་ཀྱི་དབྱེ་བ་ལས་འགྱུར་ཏེ་མ་ཧི་ཞེས་པ་ཐུང་ངུ་ནི་སའི་རྣམ་གྲངས་སོ། །རྐང་པ་གཡས་པའི་གསུམ་ནི་ཆུའི་ཁམས་ཀྱི་ཡོན་ཏན་གསུམ་གྱི་དབྱེ་བ་ལས་སོ། །ལག་པ་

གཡོན་པའི་གསུམ་ནི་མེའི་ཡོན་ཏན་གསུམ་གྱི་དབྱེ་བ་ལས་སོ། །ལག་པ་གཡས་པའི་གསུམ་ནི་རླུང་གི་ཡོན་ཏན་གསུམ་གྱི་དབྱེ་བ་ལས་ཏེ་རླུང་རྣམས་དག་ལ་གསུམ་གྱི་གྲངས་ཞེས་སོ། །འཁོར་ལོ་བཅུ་གཉིས་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །འཁོར་ལོ་བཅྭ་བརྒྱད་ཀྱི་ངེས་

เล่ม ๑๑ · หน้า 230b

པའོ། །ད་ནི་ས་ཞེས་པ་ལ་སོགས་པས་ཁམས་ཀྱི་དབང་གིས་སོར་མོ་འབྱུང་བ་གསུངས་ཏེ། འདིར་ལག་པ་དང་རྐང་པ་དག་གི་མཐེ་བོ་ལ་སོགས་པ་མཐེ་ཆུང་གི་མཐར་ཐུག་པ་རྣམས་གཡོན་པ་དང་གཡས་པ་ལ་ཡང་ཁམས་ལྔ་ཡོན་ཏན་གསུམ་གྱི་རང་བཞིན་གྱིས་ཚིགས་གསུམ་

གྱི་བདག་ཉིད་དེ། དེ་ལ་སའི་ཁམས་ཀྱི་དབང་གིས་མཐེ་བོང་དུ་འགྱུར་ཏེ་སའི་ཁམས་ཀྱི་ཡོན་ཏན་གསུམ་གྱི་དབང་གིས་མཐེ་བོའི་ཚིགས་གསུམ་མོ། །དེ་བཞིན་དུ་ཆུའི་ཁམས་ཀྱི་རང་བཞིན་གྱིས་མཛུབ་མོའོ། །དེ་བཞིན་དུ་མེའི་ཁམས་ཀྱི་རང་བཞིན་གྱིས་གུང་མོའོ། །དེ་བཞིན་དུ་རླུང་གི་ཁམས་

གྱི་རང་བཞིན་གྱིས་མིང་མེད་དོ། །ནམ་མཁའི་ཁམས་ཀྱི་རང་བཞིན་གྱིས་མཐེའུ་ཆུང་ངོ་། །ལག་པ་གཡོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་པ་ལ་ཡང་ངོ་། །དེ་བཞིན་དུ་རྐང་པ་དག་ལ་ཡང་ཤེས་པར་བྱའོ། །ལག་པ་གཉིས་དང་རྐང་པ་གཉིས་ལ་བཅུ་ནི་གསུམ་གྱིས་བསྒྱུར་བ་སྟེ་སུམ་ཅུའི་

ཚིགས་ཀྱི་གཟུགས་དང་ལྡན་པ་མཐའ་དག་སྟེ་དེ་དག་ཐམས་ཅད་སེན་མོའི་མཐར་ཐུག་ཡང་དག་གཟུང་བྱའོ། །སོ་རྣམས་གསུངས་ཏེ་འདིར་གལ་ཏེ་དང་པོར་བྱིས་པ་ལ་སྟེང་དུ་སོ་གཉིས་སུ་གྱུར་ན་དེའི་སོ་གཡས་པ་སའི་རང་བཞིན་ཏེ་གཡོན་པ་ཆུའི་རང་བཞིན་ནོ། །དེ་ནས་འོག་ཏུ་གྱུར་པ་ན་

དེའི་ཚེ་གཡས་པ་མེའི་རང་བཞིན་དང་གཡོན་པ་རླུང་གི་རང་བཞིན་ནོ། །དེ་བཞིན་དུ་སླར་ཡང་སྟེང་དུ་མེ་དང་རླུང་གི་རང་བཞིན་དག་གོ། །འོག་ཏུ་ས་དང་ཆུའི་རང་བཞིན་དག་གོ། །སླར་ཡང་འོག་ཏུ་རླུང་དང་མེའི་རང་བཞིན་དག་གོ། །སླར་ཡང་སྟེང་དུ་ས་དང་ཆུའི་རང་བཞིན་དག་སྟེ་དེ་ལྟར་ལུགས་དང་

མཐུན་པ་དང་ལུགས་ལས་བཟློག་པས་སྟེང་དང་འོག་ཏུ་ཁམས་བཞིའི་རང་བཞིན་གྱིས་སོ་སུམ་ཅུ་རྩ་གཉིས་པོ་དག་རིག་པར་བྱའོ། །གང་གི་ཚེ་འཁྱོག་པོའི་མཆེ་བ་ཡིན་པ་དེའི་ཚེ་ནམ་མཁའི་ཁམས་སོ། །དེ་བཞིན་དུ་སྤུ་དང་སྐྲ་རྣམས་ཁམས་ཀྱི་དབྱེ་བས་ཤེས་པར་བྱ་བ་དག་ནི་གཞན་གང་སྤུ་

ཡི་མཐར་ནི་ལུས་མཆོག་ལ་འགྱུར་དེ་དང་དེ་ནི་དེ་བཞིན་དུ་ཡང་ཁམས་ལྔ་ལས་རིག་པར་བྱ་སྟེ། ལུས་ཀྱི་དབེན་པ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་གྱི་དབྱེ་བ་ཇི་སྙེད་པ་ཁམས་ཀྱི་རྣམ་པར་འགྱུར་བ་སྟེ་རྡུལ་དང་ཁུ་བའི་དབང་གིས་ཁམས་ཀྱི་རྣམ་པར་འགྱུར་བའོ། །ཀུན་འབྱུང་གི་བདེན་པ་ནི་

เล่ม ๑๑ · หน้า 231a

ལུས་ཀྱི་དབེན་པས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ལུས་དང་ངག་དང་སེམས་འབྱུང་བ་དང་སྡུག་བསྔལ་དང་ལམ་དང་

ཀུན་འབྱུང་དང་འགོག་པའི་བདེན་པ་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། །།ད་ནི་གསང་བ་ཞེས་པ་ལ་སོགས་པས་རྟེན་དང་བརྟེན་པའི་ཚོགས་པ་གསུངས་ཏེ་འདིར་ལུས་ལ་འཁོར་ལོ་དྲུག་ནི་རྟེན་དུ་གྱུར་པ་སྟེ་སྐུ་བཞི་ནི་བརྟེན་པའོ། །དེ་དག་ལས་ལྷན་ཅིག་སྐྱེས་པའི་སྐུ་ནི་པདྨ་

གསུམ་ལ་རང་བཞིན་དང་རང་བཞིན་མེད་པའི་དབྱེ་བས་སོ། །དེའི་ཕྱིར་གསང་བའི་པདྨ་དང་གཙུག་ཏོར་གྱི་པདྨ་དང་ལྟེ་བའི་པདྨ་ལ་རྣམ་པར་དག་པའི་སྐུ་ལྷག་པའི་ལྷ་སྟེ་རང་བཞིན་མེད་པ་མ་བརྟགས་པ་དང་རང་བཞིན་པྲ་ཕབ་པ་ལྟ་བུའོ། །སྙིང་ཁར་ནི་ཆོས་ཀྱི་སྐུའོ། །མགྲིན་པའི་ཆུ་སྐྱེས་ལ་

ཡང་སྐུའི་དབྱེ་བས་ལོངས་སྤྱོད་རྫོགས་པའི་སྐུ་ལྷག་པའི་ལྷའོ། །ཐིག་ལེ་ལ་ཞེས་པ་སྤྱི་བོའི་ཆུ་སྐྱེས་དག་པའི་འཁོར་ལོ་ལ་སྤྲུལ་པའི་སྐུ་ལྷག་པའི་ལྷའོ། །སྐུའི་དབྱེ་བས་ལྟེ་བ་སྤྲུལ་པའི་འཁོར་ལོར་སྤྲུལ་པའི་སྐུ་ལྷག་པའི་ལྷའོ་ཞེས་པ་ནི་སྐུའི་དབྱེ་བའི་ངེས་པའོ། །ཡོན་ཏན་དབང་གིས་

ཞེས་པ་ནི་འཁོར་ལོ་རྣམས་ཀྱི་ཡོན་ཏན་ཏེ་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་གྱི་ཡོན་ཏན་ཡེ་ཤེས་དང་ནམ་མཁའ་དང་སའོ། །ཆོས་ཀྱི་སྐུའི་རྟེན་གྱི་ཡོན་ཏན་རླུང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་གྱི་ཡོན་ཏན་མེའོ། །སྤྲུལ་པའི་སྐུའི་རྟེན་གྱི་ཡོན་ཏན་ཆུ་སྟེ་རྟེན་དང་བརྟེན་པའི་དངོས་པོའོ། །བརྗོད་

པའི་རིམ་པས་སྙིང་ཁའི་འཁོར་ལོ་མགྲིན་པའི་འཁོར་ལོ་སྤྱི་བོའི་པདྨ་ཆོས་དང་ལོངས་སྤྱོད་རྫོགས་དང་དག་པའོ་ཞེས་སོ། །ལྟེ་བ་ཞེས་པ་ལ་སོགས་པས་ལུས་ཀྱི་རྟེན་གྱི་དབྱེ་བས་རིགས་དྲུག་གསུངས་ཏེ་འདིར་ལུས་ཀྱི་འཁོར་ལོ་དྲུག་ལ་ཁམས་དྲུག་གི་དབང་གིས་རིགས་དྲུག་ཏུ་འགྱུར་ཏེ། གྲངས་

བཞིན་དུ་ཡུམ་གྱི་རིགས་གསུམ་སྟེ་གཙོ་བོ་ཞེས་པ་ཡབ་ཀྱི་རིགས་ཀྱང་ངོ་། །ལྟེ་བར་སའི་འཁོར་ལོ་ལ་འཁོར་ལོའི་རིགས་སུ་འགྱུར་རོ། །མགྲིན་པར་མེའི་པདྨ་ལ་རིན་ཆེན་གྱི་རིགས་སུ་འགྱུར་རོ། །གསང་བར་ཡེ་ཤེས་ཀྱི་པདྨ་ལ་གྲི་གུག་གི་རིགས་སུ་འགྱུར་ཏེ་གྲངས་བཞིན་དུ་ཡུམ་གྱི་སྐུ་དང་གསུང་དང་

เล่ม ๑๑ · หน้า 231b

ཐུགས་སོ། །དེ་བཞིན་དུ་སྤྱི་བོར་ཆུའི་པདྨ་ལ་པདྨའི་རིགས་སུ་འགྱུར་རོ། །སྙིང་ཁར་རླུང་གི་པདྨ་ལ་རལ་གྲིའི་རིགས་སུ་འགྱུར་རོ། །དེ་བཞིན་དུ་གཙུག་ཏོར་དབུས་སུ་ནམ་མཁའི་ཁམས་ཀྱི་པདྨ་ལ་རྡོ་རྗེའི་རིགས་སུ་འགྱུར་ཏེ་གཙོ་བོའི་སྐུ་དང་གསུང་དང་ཐུགས་སོ། །རིམ་པ་བཞིན་རྡུལ་དང་ཁུ་

བ་དག་གི་རིགས་སུ་འགྱུར་ཏེ་ས་ལ་སོགས་པའི་ཁམས་ལས་སྐྱེས་པའི་རྣམ་པར་འགྱུར་བ་རྣམས་ཀྱི་གོ་རིམས་ཇི་ལྟ་བས་སོ། །དེ་དག་ཅེས་པ་ལ་སོགས་པས་དེ་དག་ཉིད་རླུང་དང་རྩ་བའི་དབྱེ་བས་གསུངས་ཏེ་འདིར་སྲོག་དང་ཐུར་སེལ་གྱི་རྩ་གསུམ་གྱི་དབྱེ་བས་རྩ་གསུམ་གྱི་མིང་གི་མཚན་ཉིད་

དུ་འགྱུར་རོ། །ཐུར་སེལ་གྱི་བཤང་བའི་རྩ་ནི་འཁོར་ལོའི་རིགས་སོ། །སྲོག་གི་ཉི་མའི་རྩ་ནི་རིན་ཆེན་གྱི་རིགས་སོ། །ཐུར་སེལ་གྱི་ཁུ་བའི་རྩ་ནི་གྲི་གུག་གི་རིགས་སོ་ཞེས་པ་ནི་ཡུམ་གྱི་རིགས་གསུམ་སྟེ་སྐུ་དང་གསུང་དང་ཐུགས་སོ། །དེ་བཞིན་དུ་སྲོག་གི་ཟླ་བའི་རྩ་ནི་པདྨའི་རིགས་སོ། །ཐུར་སེལ་

གྱི་གཅི་བའི་རྩ་ནི་རལ་གྲིའི་རིགས་སོ། །སྲོག་གི་དབུ་མའི་སྒྲ་གཅན་གྱི་རྩ་ནི་རྡོ་རྗེའི་རིགས་ཏེ་གཙོ་བོའི་སྐུ་དང་གསུང་དང་ཐུགས་སོ་ཞེས་པ་ནི་རིགས་དྲུག་གི་ངེས་པའོ། །ལུས་ཞེས་པ་ལ་སོགས་པས་ལུས་དང་བསམ་པ་རབ་ཏུ་འཇུག་པ་དང་ཁམས་ཀྱི་ཁ་དོག་གསུངས་ཏེ་འདིར་ལུས་ལ་

ཁམས་རྣམས་ཕན་ཚུན་དུ་གཟུང་བ་དང་འཛིན་པའི་དབྱེ་བར་འགྱུར་རོ། །དེ་ལ་ཚོགས་པའི་དབང་གིས་འཛིན་པའི་ཁམས་གང་ཡིན་པ་དེ་ནི་ལུས་ཀྱི་མིང་དུ་འགྱུར་རོ། །ཚོགས་པའི་དབང་གིས་གཟུང་བ་གང་ཡིན་པ་དེ་ནི་བསམ་པའི་མིང་དུ་འགྱུར་རོ། །གཟུང་བ་དང་འཛིན་པ་དག་གཅིག་

པ་ཉིད་ནི་ཕན་ཚུན་རོ་མཉམ་པ་ཉིད་དོ། །དེའི་ཕྱིར་ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་བཞིན་དུ་རོ་མཉམ་བསམ་པའི་དབུས་སུ་ལུས་ངག་ཀྱང་། རྣལ་འབྱོར་ལྡན་པས་ཤེས་བྱ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱི་ཁ་དོག་ལ་སོགས་དབྱེ་བས་ཏེ་ཞེས་པའོ། །འདིར་ལུས་ཀྱི་དབང་

པོ་ལ་སོགས་པ་རྣམས་དང་དྲི་ལ་སོགས་པའི་ཡུལ་རྣམས་ཀྱི་རང་བཞིན་ནི་ས་ལ་སོགས་པ་ཁམས་རྣམས་ཏེ་ཁ་དོག་བཞིར་འགྱུར་རོ། །འདིར་ལུས་ཀྱི་དབྱེ་བས་ལུས་ཀྱི་དབང་པོ་དང་ཡུལ་དྲི་དང་བཤང་ལམ་གྱི་དབང་པོ་དང་། བརྗོད་པ་རྣམས་སའི་ལུས་ཀྱི་རང་བཞིན་གྱིས་ཁ་དོག་སེར་པོ་དང་བསམ་

เล่ม ๑๑ · หน้า 232a

པའི་དབང་གིས་རླུང་གི་རང་བཞིན་ལས་ཁ་དོག་ནག་པོའོ། །དེ་བཞིན་དུ་སྣའི་དབང་པོ་དང་རེག་དང་ངག་གི་དབང་པོ་དང་བཤང་བ་འཛག་པ་རྣམས་ལུས་ཀྱི་དབྱེ་བས་རླུང་གི་རང་བཞིན་ཁ་དོག་ནག་པོ་དང་སའི་བསམ་པའི་དབྱེ་བས་སེར་པོའོ། །མིག་གི་དབང་པོ་དང་རོ་དང་ལག་པའི་

དབང་པོ་དང་འགྲོ་བ་རྣམས་ལུས་ཀྱི་དབང་གིས་མེའི་རང་བཞིན་ཁ་དོག་དམར་པོར་འགྱུར་ཞིང་བསམ་པའི་དབང་གིས་ཆུའི་རང་བཞིན་དཀར་པོར་འགྱུར་རོ། །དེ་བཞིན་དུ་ལྕེའི་དབང་པོ་དང་ཁ་དོག་གི་གཟུགས་དང་རྐང་པའི་དབང་པོ་དང་ལེན་པ་རྣམས་ལུས་ཀྱི་དབྱེ་བས་ཆུའི་རང་བཞིན་ཁ་དོག་

དཀར་པོར་འགྱུར་ཞིང་བསམ་པའི་དབང་གིས་མེའི་རང་བཞིན་ཁ་དོག་དམར་པོར་འགྱུར་རོ། །ས་རླུང་མེ་དང་ཆུ་ལའོ་ཞེས་པ་སྟེ་སའི་རང་བཞིན་དང་རླུང་གི་རང་བཞིན་དང་མེའི་རང་བཞིན་དང་ཆུའི་རང་བཞིན་ལ་ཁ་དོག་རིག་པར་བྱའོ། །དེ་བཞིན་དུ་རྣ་བའི་དབང་པོ་དང་ཡུལ་ཆོས་ཀྱི་དབྱིངས་དང་བྷ་གའི་དབང་

པོ་དང་ཁུ་བ་འཕོ་བ་སྟེ་འདི་དག་ནི་ལུས་ཀྱི་དབྱེ་བས་ནམ་མཁའི་རང་བཞིན་ཁ་དོག་ལྗང་ཁུ་དང་བསམ་པའི་དབྱེ་བས་ཡེ་ཤེས་ཀྱི་རང་བཞིན་སྔོན་པོའོ། །དེ་བཞིན་དུ་ཡིད་ཀྱི་དབང་པོ་དང་སྒྲ་དང་མཆོག་གི་དབང་པོ་དང་གཅི་བ་འཛག་པ་སྟེ་འདི་དག་ནི་ལུས་ཀྱི་དབྱེ་བས་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཁ་

དོག་སྔོན་པོ་དང་བསམ་པའི་དབྱེ་བས་ནམ་མཁའི་རང་བཞིན་ལྗང་ཁུའོ། །དེའི་ཕྱིར་ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་པོ་ལྗང་ཁུར་འགྱུར་ཏེ་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ་ཞེས་སོ། །ལུས་དང་བསམ་པའི་རང་བཞིན་ངེས་པའོ། །རུས་པ་དང་ཤ་ལ་སོགས་པའི་ཁམས་རྣམས་ཤེས་རབ་དང་

ཐབས་ཀྱིས་འཁྱུད་པ་གསུངས་པ་ཤེས་རབ་ཅེས་པ་ལ་སོགས་པ་སྟེ་འདིར་ལུས་ལ་རུས་པའི་ཁམས་ནི་ཤེས་རབ་སྟེ་ཤའི་ཁམས་ནི་ཐབས་སོ། །ས་དང་འདུ་བྱེད་དེ་དག་ནི་ཕན་ཚུན་ཡང་དག་པར་ལྡན་པ་སྟེ་སྲ་བ་ཉིད་གང་ཡིན་པ་དེ་ནི་སའི་ཁམས་སོ་ཞེས་པའི་ཤེས་པར་བྱེད་པ་ལས་རུས་པ་དང་ཤ་ནི་ཤེས་

རབ་དང་ཐབས་སོ། །དེ་བཞིན་དུ་ཤེས་རབ་དང་ཐབས་ནི་ཆུ་དང་བཅས་པའི་ཁྲག་སྟེ་ཆུའི་ཁམས་དང་ལྷན་ཅིག་ཏུ་ཚོར་བའི་ཕུང་པོའོ། །དེ་བཞིན་དུ་མེ་དག་དང་ཞེས་པ་ཚ་བ་ཉིད་དང་གཅི་བ་ཞེས་པ་ནི་འདུ་ཤེས་ཏེ་འདི་དག་ནི་ཤེས་རབ་དང་ཐབས་སོ། །ཁུ་བའི་ཁམས་འདུ་ཤེས་ཀྱི་ཕུང་པོ་མ་ཡིན་ནམ་ཇི་ལྟར་

เล่ม ๑๑ · หน้า 232b

གཅི་བ་ཞེས་བརྗོད་ཅེ་ན། འདིར་ལུས་ལ་འདུ་ཤེས་གང་ཡིན་པ་དེ་ནི་བྱིས་པ་སྐྱེས་པ་ཙམ་གྱིས་ཏེ་གཅི་བ་འཛག་པ་ལས་སོ། །བདེ་བ་ཆེན་པོའི་ཡེ་ཤེས་གང་ཡིན་པ་དེ་ནི་ལོ་བཅུ་དྲུག་གི་མཚམས་སུ་འགྱུར་ཏེ་ས་བོན་འཕོ་བའི་ཆོས་ལས་སོ། །དེའི་ཕྱིར་གཅི་བ་ནི་འདུ་ཤེས་ཀྱི་ཆོས་དང་ཁུ་བ་

ནི་ཡེ་ཤེས་ཀྱི་ཆོས་སོ་ཞེས་པའི་ཁྱད་པར་ལས་གཅི་བ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེ་བཞིན་དུ་རླུང་དང་བཤང་བ་ཤེས་རབ་དང་ཐབས་ཏེ་རླུང་གི་ཁམས་དང་གཟུགས་ཀྱི་ཕུང་པོའོ། །སྟོང་པ་ཞེས་པ་རྡུལ་གྱི་ཁམས་དང་ཁུ་བ་ཞེས་པ་རྣམ་པར་ཤེས་པའི་ཁམས་ནི་ཤེས་རབ་དང་ཐབས་ཏེ་མཆོག་གི་

ལུས་ལ་དཔལ་ལྡན་རྡུལ་དང་བྱང་ཆུབ་ཀྱི་སེམས་ཉིད་དག་ཏུ་འགྱུར་རོ། །དེ་བཞིན་དུ་རྣ་བ་སྒྲ་སོགས་གཞན་རྣམས་ཞེས་པ་ནི་སྒྲ་ནི་ཤེས་རབ་བོ། །རྣ་བ་ནི་ཐབས་སོ། །དྲི་ནི་ཤེས་རབ་བོ། །སྣ་ནི་ཐབས་སོ། །གཟུགས་ནི་ཤེས་རབ་བོ། །མིག་ནི་ཐབས་སོ། །རོ་ནི་ཤེས་རབ་བོ། །ལྕེ་ནི་ཐབས་སོ། །རེག་

བྱ་ནི་ཤེས་རབ་བོ། །ལུས་ནི་ཐབས་སོ། །ཆོས་ཀྱི་དབྱིངས་ནི་ཤེས་རབ་བོ། །ཡིད་ནི་ཐབས་སོ། །བཤང་བ་འཛག་པ་ནི་ཤེས་རབ་བོ། །བཤང་ལམ་ནི་ཐབས་སོ། །འགྲོ་བ་ནི་ཤེས་རབ་བོ། །རྐང་པ་ནི་ཐབས་སོ། །ལེན་པ་ནི་ཤེས་རབ་བོ། །ལག་པ་ནི་ཐབས་སོ། །བརྗོད་པ་ནི་ཤེས་རབ་བོ། །ངག་

གི་དབང་པོ་ནི་ཐབས་སོ། །གཅི་བའི་བྱ་བ་ནི་ཤེས་རབ་བོ། །བྷ་གའམ་རྟགས་ནི་ཐབས་སོ། །ཁུ་བ་འཛག་པ་ནི་ཤེས་རབ་བོ། །དུང་ཅན་མའི་དབང་པོ་ནི་ཐབས་སོ། །རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ངག་གི་རང་བཞིན་ལ་སོགས་ཀྱང་ཞེས་པ་ནི་ལས་ཀྱི་དབང་པོ་ལ་སོགས་པའོ། །དེ་ལྟར་བརྗོད་

པའི་རིམ་པས་ལྷ་མོ་ས་ལ་སོགས་པ་རྣམས་སངས་རྒྱས་དང་བཅས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་དང་ལྷན་ཅིག་པའི་ཡུལ་དང་ཡུལ་ཅན་རྣམས་ནི་འཆད་པར་འགྱུར་བའི་དཀྱིལ་འཁོར་དག་ལ་བརྗོད་པར་བྱའོ། །ཕན་ཚུན་ཤེས་རབ་དང་ཐབས་ཀྱིས་འཁྱུད་པའི་ཆོ་གའི་ངེས་པའོ། །

ད་ནི་རྩ་རྣམས་ཞེས་པ་ལ་སོགས་པས་ཟླ་བ་དང་ཉི་མ་ཁུ་བ་དང་རྡུལ་གྱི་བྱ་བ་གསུངས་ཏེ་འདིར་ལུས་ལ་མངལ་གྱི་ཟླ་བ་གཅིག་གི་རྗེས་ལ་ཉིན་ཞག་སོ་སོར་རྩ་བརྒྱ་ཕྲག་གཉིས་སུ་འགྱུར་ཏེ་ཟླ་བའི་ནང་དུ་ཉིན་ཞག་སུམ་ཅུས་སྟོང་ཕྲག་དྲུག་གི་གྲངས་སུ་འགྱུར་རོ། །ཟླ་བ་བཅུ་གཉིས་ཀྱི་མཚམས་སུ་

เล่ม ๑๑ · หน้า 233a

ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྣམས་ཀྱིས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་ཏེ། རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་སྟེ་བཅུ་གཉིས་ཀྱིས་བསྒྱུར་བའོ། །མངལ་གྱི་དབུས་དག་ཏུ་ཡང་འཕེལ་བ་ནི། བྱས་ནས་ཡང་ཡིག་གིས་ཕྱི་རོལ་དུ་ཡང་སྟེ་

ཟླ་བ་བཅུ་གཉིས་ཀྱི་མཐའི་བར་དུའོ། །མངལ་བཟུང་བའི་ཟླ་བ་གཅིག་བོར་ནས་ལོ་རྫོགས་པར་གྱུར་པ་ན་འཕེལ་བ་གཏོང་སྟེ། རི་བོང་འཛིན་པ་ནི་ཡང་ཡིག་གིས་ཟླ་བ་བཅུ་གསུམ་ན་སྟེ་ཉི་མ་དག་ཀྱང་འཕེལ་བར་བྱེད་དོ་ཞེས་པ་ནི་དེ་ནས་ཟླ་བ་དང་ཁུ་བའི་རྩའི་ཁམས་ཀྱི་གྲངས་ཡོངས་སུ་ཆད་

པར་གྱུར་པ་ན་ལོ་བཅུ་གཉིས་ཀྱི་བར་དུ་རྡུལ་གྱི་ཁམས་འཕེལ་བར་བྱེད་དོ། །ཀྱང་ཡིག་གིས་ཁུ་བའི་ཁམས་ཀྱང་འཕེལ་བར་བྱེད་དོ། །ལོ་ནི་བཅུ་གཉིས་དག་ན་ཉིན་ཕྱེད་ཁམས་ནི་འཕེལ་བ་གཏོང་སྟེ་རང་གི་ལུས་པོ་དག་ལའོ་ཞེས་པ་བུད་མེད་རྣམས་ཀྱི་རྡུལ་འབྱུང་བའི་བར་དུ་ཉི་མ་འཕེལ་བ་

སྟེ་ཀྱང་ཡིག་གིས་བསྡུས་པ་ལས་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་ཁུ་བ་འབྱུང་བའི་བར་དུའོ། །དེ་བཞིན་དུ་རྩ་ནི་འཆད་པ་དག་ཀྱང་རབ་ཏུ་སྐྱེས་པར་གྱུར་པ་ནས་ཉིན་ཞག་སོ་སོར་རིམ་པས་ཟུང་གི་གྲངས་སུ་འགྱུར་ཞེས་པ་ནི་འཆད་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་བྱའོ། །

རྩ་དང་ཁམས་འཕེལ་བའི་ངེས་པའོ། །ད་ནི་དཔལ་ལྡན་འབྱུང་བ་ཞེས་པ་ལ་སོགས་པས་ནམ་མཁའ་ལ་སོགས་པའི་དེ་ཉིད་རྣམས་གསུངས་ཏེ་འདིར་བྱིས་པའི་ལུས་ལ་དཔལ་ལྡན་འབྱུང་བ་ལྔ་དང་དབང་པོ་ལྔ་ནི་ནམ་མཁའ་ལ་སོགས་པ་དང་རྣ་བ་ལ་སོགས་པ་སྟེ་གཅིག་ཏུ་བཅུར་འགྱུར་རོ། །

དེ་བཞིན་དུ་ལས་ཀྱི་དབང་པོ་ལྔ་པོ་རྣམས་དང་དེ་ཙམ་ཞེས་པ་ནི་སྒྲ་དེ་ཙམ་ལ་སོགས་པ་སྟེ་དེ་ཙམ་ལྔ་རུ་བརྗོད་པ་རྣམས་སོ། །ཡོན་ཏན་བཅས་པ་དག་ཀྱང་ཡིད་དང་ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བཅས་པའི་ཡིད་དེ།དེ་བཞིན་དུ་བློ་དང་ངར་འཛིན་དང་མཆོག་གི་རང་བཞིན་ཡང་ངོ་། །

འདི་དག་ནི་དེ་ཉིད་རྣམས་ཏེ་ཉི་ཤུ་རྩ་བཞིའོ། །ལུས་དང་ཕྱི་རོལ་སྲིད་པ་གསུམ་གྱི་གནས་སུ་འདི་ནི་ལོངས་སྤྱོད་དེ་གཙོ་བོ་དག་གིའོ། །ཇི་ལྟར་གྱུར་པའི་ཞེ་ན། ཕུང་པོ་ལྔ་ཡི་བདག་ཉིད་དང་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་རྣམ་གསུམ་སྲིད་པ་ལ་གནས་པ་དག་གི་ལས་ནི་བསགས་པ་དག་གི་

เล่ม ๑๑ · หน้า 233b

ལོངས་སྤྱོད་དུ་འགྱུར་རོ། །རང་བཞིན་ཉི་ཤུ་རྩ་བཞིའི་བདག་ཉིད་ནི་འཛིན་པར་བྱེད་པའི་ཆོས་ཅན་སྐྱེས་བུའི་གཟུང་བར་བྱ་བའི་ཆོས་ཅན་གྱི་རང་བཞིན་ནོ། །རང་གི་ངོ་བོ་ཅན་ཡང་གཟུང་བྱའི་ཆོས་དང་བྲལ་བའི་རང་བཞིན་གཞན་ཏེ་རང་བཞིན་གྱིས་འོད་གསལ་བར་ཡོད་པའོ་ཞེས་པ་ནི་

རང་བཞིན་དང་སྐྱེས་བུའི་ངེས་པའོ། །ད་ནི་ས་ཞེས་པ་ལ་སོགས་པས་ལུས་ལས་ལ་སོགས་པ་རྣམས་ཀྱི་མཚན་ཉིད་གསུངས་ཏེ་འདིར་ལུས་ལ་ས་ནི་སྲ་བའོ། །ཆུ་ནི་གཤེར་བའོ། །མེ་ཡང་ཚ་བ་ཉིད་དོ། །གང་གི་ཕྱིར་བསྐུམ་པ་རྐྱོང་བར་བྱེད་པའི་རླུང་ནི་ཡང་བ་ཉིད་དོ། །བུག་པ་ནི་སྟོང་

པའོ། །བརྟན་པའི་རུས་པ་སྟེ་རྒྱབ་ཀྱི་ཚིགས་པའི་རུས་པ་དཔྱི་ནས་བརྩམས་ནས་ཕྲག་པའི་མཐར་ཐུག་པ་ནི་འཆི་མེད་རི་བོ་མཆོག་ཅེས་པ་ལྷུན་པོའོ། །ཕྱི་རོལ་ཏུ་ཆར་པ་གང་ཡིན་པ་དེ་ལུས་ལ་འདིར་ནི་བདུད་རྩི་སྟེ་ལྕེ་དང་ལྕེ་ཆུང་དག་ལས་སྟཱུ་ཀ་འཛག་པའོ། །རྡོ་རྗེ་ནི་སྙིང་ལ་སྒྲ་སྟེ་རྒྱུ་མ་

རྣམས་འཁྲོལ་བ་གང་ཡིན་པའོ། །གཞུ་སྟེ་འཇའ་ཚོན་ནི་བཤང་བ་དག་གོ། །ཕྱི་རོལ་དུ་ཆུ་སྲང་དྲུག་ཅུའི་བདག་ཉིད་ཀྱི་ཆུ་ཚོད་གང་ཡིན་པ་དེ་ནི་ལུས་ལ་དབུགས་དང་དབུགས་འབྱུང་ཟུང་དག་གོ་ཞེས་པ་སྟེ་སྲོག་གི་རླུང་འབྱུང་བ་དང་འཇུག་པ་ཟུང་ནི་ཆུ་ཚོད་དོ། །ཟུང་འདི་རྣམས་དགུ་བརྒྱ་

ཉིས་འགྱུར་ཞེས་པ་བརྒྱ་ཕྲག་བཅོ་བརྒྱད་རྣམས་ཀྱིས་འཕོ་བ་གཅིག་ཏུ་འགྱུར་རོ། །ཕྱི་རོལ་དུ་འཕོ་བ་ནི་ཉིན་ཞག་སུམ་ཅུའི་ཟླ་བས་ཏེ་ནང་དུ་ནི་དཀྱིལ་འཁོར་ལྔ་འབབ་པའི་རྩ་ལྔ་རྣམས་སོ། །སྐར་རྩིས་པ་ནི་ཉི་མ་ལ་སོགས་པའི་གཟའ་རྣམས་སོ། །དེ་དག་བུག་པའི་དབྱེ་བ་བཅུར་འགྱུར་ཏེ་

འདིར་བཤང་ལམ་གྱི་བུག་པ་ནི་ཟླ་བའོ། །གཅི་བའི་བུག་པ་ནི་ཉི་མའོ། །ཁུ་བའི་བུག་པ་ནི་དུས་ཀྱི་མེའོ། །ཁའི་བུག་པ་ནི་སྒྲ་གཅན་ནོ། །མིག་གཡས་པའི་བུག་པ་ནི་བཀྲ་ཤིས་སོ། །མིག་གཡོན་པའི་བུག་པ་ནི་གཟའ་ལག་གོ། །སྣ་གཡས་པའི་བུག་པ་ནི་ཕུར་བུའོ། །སྣ་གཡོན་པའི་བུག་པ་

ནི་པ་སངས་སོ། །རྣ་བ་གཡས་པའི་བུག་པ་ནི་སྤེན་པའོ། །རྣ་བ་གཡོན་པའི་བུག་པ་ནི་མཇུག་རིངས་སོ། །སླར་ཡང་བཀྲ་ཤིས་ལ་སོགས་པ་འདི་རྣམས་ཀྱི་དབང་པོ་དྲུག་གི་དབྱེ་བ་ནི་འཆད་པར་འགྱུར་བའི་ལེའུ་ལྔ་པ་ལས་བརྗོད་པར་བྱའོ། །ས་ལ་སོགས་པའི་ངེས་པའོ། །ད་ནི་རྒྱུ་སྐར་ཞེས་

เล่ม ๑๑ · หน้า 234a

པ་ལ་སོགས་པས་རྒྱུ་སྐར་ལ་སོགས་པ་གསུངས་ཏེ། ཐུར་མ་བདུན་པའི་འཁོར་ལོའི་དབྱེ་བས་བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །ཐུར་མའི་རྒྱུ་སྐར་རྣམས་ཀྱི་ཟུར་བཞིར་དབྱུག་གུའི་རྒྱུ་སྐར་བཞི་སྟེ་དེ་ལྟར་ན་སུམ་ཅུ་རྩ་གཉིས་སོ། །རིམ་

པ་དང་རིམ་པ་མ་ཡིན་པར་རྒྱུ་བའི་དབྱེ་བས་རྒྱུ་སྐར་བཅུ་བཞི་ནི་སོ་རྣམས་ཀྱི་སྟེང་གི་འཁོར་ལོ་ལ་སྟེ། བཅུ་བཞི་ནི་འོག་གི་འཁོར་ལོ་ལ་གནས་སོ། །འཁོར་ལོ་ཕྱེད་ཀྱི་དབྱེ་བས་སོ་རྣམས་ཀྱི་དབྱེ་བ་སྟེང་དང་འོག་ཏུ་འགྱུར་ཏེ། རྒྱུ་སྐར་དག་ནི་སོ་ཡི་ཕྲེང་བའོ། །རྗེས་སུ་ཉིན་

ཞག་ཆུ་ཚོད་རྣམས་ནི་ཚིགས་ཀྱི་དབྱེ་བར་འགྱུར་ཞེས་པ་ནི་ཉིན་ཞག་སོ་སོར་ཆུ་ཚོད་དྲུག་ཅུའི་ལོའི་རྗེས་སུ་ཉིན་ཞག་གི་དབུགས་ཀྱི་གྲངས་སུ་འགྱུར་རོ། །ཆུ་ཚོད་དེ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །དེ་དག་ཀྱང་ཚིགས་སུམ་བརྒྱ་དྲུག་ཅུར་འགྱུར་རོ་ཞེས་པ་ཚིགས་ཀྱི་དབྱེ་བའོ། །

རྩ་རྣམས་ཆུ་བོ་ཞེས་པ་ནི་འདིར་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ལ་རྒྱ་མཚོར་འགྲོ་བའི་ཆུ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་ནང་དུ་ནི་རོ་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྒྱུ་མ་སྤྲིན་ཏེ་རྒྱུ་མ་ཞེས་པ་ནི་རྣམ་དབྱེ་མེད་པའི་ཚིག་གོ། །རྒྱུ་མ་ནི་སྤྲིན་དུ་འགྱུར་ཏེ་རོ་འབབ་པའི་

ཕྱིར་དང་སྒྲ་སྒྲོགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །རི་བོང་ཅན་གྱི་ཆ་གཞན་ཁམས་རྣམས་གཉིས་ཀྱི་རང་བཞིན་ནོ། །འདིར་ཆ་རྣམ་པ་གཉིས་ཏེ། སྤུ་ལ་སོགས་པའི་ཁམས་ཀྱི་རྣམ་པར་འགྱུར་བས་གཅིག་དང་ཁུ་བ་འཕོ་བའི་ཆོས་ཀྱིས་གཞན་ནོ། །འདི་དག་ལས་སླར་ཡང་སྤྲུལ་

སོགས་པའི་ཁམས་ཀྱི་རྣམ་པར་འགྱུར་བས་གནས་པ་གང་ཡིན་པ་དེ་ཡང་རྣམ་པ་གཉིས་ཏེ་རི་བོང་ཅན་གྱི་ཆ་གཞན་ཞེས་སོ། །འདིར་སྤུ་ཕྲ་མོ་དང་སྤུ་སྦོམ་པོ་ནི་ཚེས་གཅིག་དང་གཉིས་པའོ། །དེ་བཞིན་དུ་པགས་པ་ནི་གསུམ་པ་དང་བཞི་པའོ། །དེ་བཞིན་དུ་ཁྲག་ནི་ལྔ་པ་དང་དྲུག་པའོ། །

དེ་བཞིན་དུ་ཤ་ནི་བདུན་པ་དང་བརྒྱད་པའོ། །དེ་བཞིན་དུ་རྩ་ནི་དགུ་པ་དང་བཅུ་པའོ། །དེ་བཞིན་དུ་རུས་པ་ནི་བཅུ་གཅིག་པ་དང་བཅུ་གཉིས་པའོ། །དེ་བཞིན་དུ་རྐང་ནི་བཅུ་གསུམ་པ་དང་བཅུ་བཞི་པའོ། །དེ་བཞིན་དུ་ཁུ་བ་ནི་བཅོ་ལྔ་པ་དང་བཅུ་དྲུག་པ་སྟེ། ཆ་ནི་ཁམས་རྣམས་

เล่ม ๑๑ · หน้า 234b

གཉིས་ཀྱི་རང་བཞིན་ནོ་ཞེས་པའི་ངེས་པའོ། །ད་ནི་སྤུ་དང་ཞེས་པ་ལ་སོགས་པས་འབྱུང་པོའི་སྐྱེ་གནས་གསུངས་ཏེ། འདིར་འཇིག་རྟེན་གྱི་ཁམས་སུ་འབྱུང་པོའི་སྐྱེ་གནས་རྣམ་པ་བཞི་སྟེ། འདིར་ཕྱི་རོལ་དུ་སའི་སྐྱེ་གནས་བརྟན་པ་ནི་ནང་དུ་སྤུ་རྣམས་སོ། །ཕྱི་རོལ་དུ་

རླུང་གི་སྐྱེ་གནས་སྒོང་སྐྱེས་ནི་ནང་དུ་ཤིག་རྣམས་སོ། །ཕྱི་རོལ་དུ་ཆུའི་སྐྱེ་གནས་སྲིན་བུའི་རིགས་ལ་སོགས་པ་དྲོད་གཤེར་ལས་སྐྱེས་པ་ནི་ལུས་ལ་ཡང་སྲིན་བུའི་རིགས་ལ་སོགས་པའོ། །ཕྱི་རོལ་དུ་མེའི་གནས་མངལ་ནས་སྐྱེས་པ་ཁུ་བ་ནས་བྱུང་བ་ནི་ནང་དུ་ཁུ་བ་

ཉིད་དོ། །མ་བརྗོད་པ་ཉིད་ལས་ཕྱི་རོལ་དུ་ནམ་མཁའི་ཁམས་རོའི་ངོ་བོ་གཟུགས་རྫུས་ཏེ་སྐྱེས་པ་རྣམས་ནི་ནང་དུ་ཕྲ་མོའི་གཟུགས་སྲོག་ཆགས་ཕྲ་མོ་རྣམས་ཏེ། འབྱུང་པོའི་སྐྱེ་གནས་རྣམ་པ་བཞིའོ། །དགའ་བ་ལ་སོགས་མཐེ་བོང་ཚིགས་རྣམས་ཞེས་པ་ནི།

འདིར་ཕྱི་རོལ་དུ་ཚེས་གཅིག་ལ་སོགས་པ་ཚེས་ལྔ་ལྔ་ནི་དགའ་བ་ལ་སོགས་པར་བརྗོད་དེ། དེ་དག་ཀྱང་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་མཐེའུ་ཆུང་དང་མཐེ་བོ་ལ་སོགས་པ་ཚིགས་གསུམ་གསུམ་གྱི་རང་བཞིན་གྱིས་སོ། །ནམ་མཁའ་ལ་སོགས་པའི་ཁམས་

ཀྱི་དབྱེ་བས་ལག་པ་གཡོན་པའི་སོར་མོའི་ཚིགས་རྣམས་དགའ་བ་ལ་སོགས་པར་འགྱུར་རོ། །ལག་པ་གཡས་པའི་སོར་མོའི་ཚིགས་རྣམས་ས་ལ་སོགས་པའི་དབྱེ་བས་ཏེ། རྒན་པོའི་མཐེ་བོའི་ཚིགས་ལ་སོགས་པའི་དབྱེ་བས་བཅོ་ལྔའོ། །དེ་བཞིན་དུ་རྐང་པའི་སོར་

མོའི་ཚིགས་རྣམས་ཟླ་བ་གཉིས་པའི་ཚེས་ཀྱི་དབྱེ་བས་ཤེས་པར་བྱའོ། །དེ་ལྟར་ན་དུས་སོ་སོའི་དབྱེ་བས་ལོ་ལ་ཡོངས་སུ་འཁོར་བ་དྲུག་ཏུ་འགྱུར་ཏེ། དུས་དྲུག་གིས་སོ་ཞེས་པ་ནི་དགའ་བ་ལ་སོགས་མཐེ་བོང་ཚིགས་རྣམས་ཞེས་པའི་ངེས་པའོ། །སྤྱི་བོའི་པདྨ་ལྟེ་བའི་པདྨ་

དག་ཀྱང་ནུས་པའོ་ཞེས་པ་ནི་སྔར་བརྗོད་པའི་ཆོ་གས་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་རོ་ཞེས་པ་སྟེ། ནུས་པའི་ངེས་པའོ། །ད་ནི་ཚངས་པའི་ཡུལ་ས་ཞེས་པ་ལ་སོགས་པས་མཐོ་རིས་ལ་སོགས་པ་གསུངས་ཏེ། འདིར་ལུས་ལ་ཚངས་པའི་ཡུལ་ས་གཙུག་ཏོར་ནས་

เล่ม ๑๑ · หน้า 235a

མགྲིན་པའི་མཐར་ཐུག་པ་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་འགྱུར་ཏེ། ལག་མཆོག་དག་ནི་མི་ཡུལ་གྱི་འཇིག་རྟེན་དུ་འགྱུར་རོ། །རྐང་པ་དག་ནི་ས་འོག་གི་འཇིག་རྟེན་དུ་འགྱུར་རོ། །ཆུ་གཏེར་རྣམས་དང་གླིང་རྣམས་ནི་ཆུ་གཏེར་གླིང་སྟེ། རི་བོ་རྣམས་

ཀྱང་བདུན་རྣམས་གྲངས་བཞིན་དུ་ལུས་ལ་རྒྱ་མཚོ་བདུན་པོ་ནི་གཤེར་བའི་ཁམས་རྣམས་ཏེ། དེ་དག་ལས་ལན་ཚྭའི་རྒྱ་མཚོ་ནི་གཅི་བའོ། །ཆང་གི་རྒྱ་མཚོ་ནི་རྡུལ་ལོ། །ཆུའི་རྒྱ་མཚོ་ནི་སྟཱུ་ཀའོ། །འོ་མའི་རྒྱ་མཚོ་ནི་བུད་མེད་རྣམས་ཀྱི་འོ་མ་དང་སྐྱེས་པ་རྣམས་ཀྱི་བད་ཀན་

གྱི་ཁམས་སོ། །ཞོའི་རྒྱ་མཚོ་ནི་མགོའི་གླད་པའོ། །མར་གྱི་རྒྱ་མཚོ་ནི་ཞག་གོ། །སྦྲང་གི་རྒྱ་མཚོ་ནི་ཁུ་བའོ། །དེ་བཞིན་དུ་གླིང་རྣམས་ཏེ། འཛམ་བུའི་གླིང་རྩིབས་བཅུ་གཉིས་པ་ནི་ལག་པ་དང་རྐང་པའི་དུམ་བུ་བཅུ་གཉིས་ལའོ། །དྲག་པོ་ནི་ཤའོ། །ཁྲུང་

ཁྲུང་ནི་མཆིན་པའོ། །མིའམ་ཅིའི་ནི་སྙིང་ངོ་། །གུ་ཤ་ནི་ཚིལ་བུའོ། །འོད་དཀར་ནི་རྒྱུ་མའོ། །ཟླ་བ་ནི་རྩ་སྟེ། འཇམ་པའི་ཁམས་རྣམས་སོ། །རི་བོ་ཞེས་པ་ལ་རྡོ་རྗེའི་རི་ནི་རྐང་པ་དང་ལག་པའི་སེན་མོ་རྣམས་སོ། །བསིལ་བའི་རི་ནི་ལག་པའི་རུས་པའོ། །

དྲོ་ཎ་ནི་ཉེ་བའི་དཔུང་པའི་རུས་པའོ། །ནོར་བུའི་འོད་ནི་དཔུང་པའི་རུས་པའོ། །ནི་ཥ་ཊ་ནི་རྐང་པའི་རུས་པའོ། །མན་ད་རའི་རི་ནི་བྱིན་པའི་རུས་པའོ། །འོད་སྔོན་ནི་བརླའི་རུས་པའོ་ཞེས་པ་ནི་རི་བདུན་པོ་སྲ་བའི་ཁམས་རྣམས་ཏེ། བརྒྱད་པ་ལྷུན་པོ་ནི་ལུས་ཀྱི་སྒལ་ཚིགས་

དཔྱི་ནས་བརྩམས་ནས་ཕྲག་པའི་མཐར་ཐུག་པར་ངེས་པ་སྟེ། གཤེར་འཇམ་སྲ་བ་གསུམ་གྱི་རང་བཞིན་ཁམས་རྣམས་སོ། །མེ་རླུང་དཀྱིལ་འཁོར་ཞེས་པ་ལ་མེའི་དཀྱིལ་འཁོར་ནི་ཁྲག་གོ། །རླུང་གི་དཀྱིལ་འཁོར་ནི་པགས་པའོ། །རྒྱལ་པོ་ཞེས་པ་ནི་བོད་

པའོ། །སྐྲ་རྣམས་གྲུབ་པ་མཐའ་དག་སྲིད་པ་གསུམ་གྱི་གནས་སུ་དུ་མའི་དབྱེ་བ་དག་གིས་གྲུབ་པའོ་ཞེས་པ་ནི་འདིར་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ལ་གྲུབ་པ་རྣམ་པ་གསུམ་སྟེ། མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་དང་ས་འོག་ན་གནས་པའོ། །དེ་དག་ལས་

เล่ม ๑๑ · หน้า 235b

མཁའ་ལ་སྤྱོད་པ་ནི་མགོ་ལ་སྐྱེས་པ་རྣམས་སོ། །ས་ལ་སྤྱོད་པ་ནི་མཆན་ཁུང་དུ་སྐྱེས་པ་རྣམས་སོ། །ས་འོག་ན་གནས་པ་ནི་བྷ་ག་དང་རྟགས་ལས་སྐྱེས་པའོ། །མ་བརྗོད་པ་ཉིད་ལས་སྤུ་རྣམས་ནི་འབྱུང་པོའི་རིགས་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་གྱི་མཚན་ཉིད་དོ་ཞེས་པ་ནི་མཐོ་

རིས་ལ་སོགས་པའི་ངེས་པའོ། །ད་ནི་སྙིང་ཞེས་པ་ལ་སོགས་པས་མེ་གསུམ་གསུངས་ཏེ་འདིར་ལུས་ལ་ལྷོའི་མེ་དང་ཁྱིམ་བདག་གི་མེ་དང་བསྲེག་བྱ་ཟ་བའི་མེའོ་ཞེས་པ་ནི་ངེས་པ་སྟེ་གསུམ་པོ་གྲངས་བཞིན་དུ་སྙིང་ཁའི་པདྨ་གཞུའི་རྣམ་པ་ལ་རྡོ་རྗེ་སྟེ་གློག་གི་མེའོ། །མགྲིན་པའི་པདྨ་

ཟླུམ་པོ་ལ་ཁྱིམ་བདག་གི་ཉི་མའི་མེའོ། །ལྟེ་བའི་ཐབ་ཁུང་གྲུ་བཞི་པ་ལ་བསྲེག་བྱ་ཟ་བའི་ཤ་ཟའི་མེའོ་ཞེས་པ་ནི་རབ་འཕྲོ་རིམ་པ་ཡིས། ཉིན་བཞིན་སྲེག་བྱེད་ཆུ་གཏེར་ཟུར་གྱི་ཐབ་ཁུང་དག་ལ་ཡང་ཞེས་པའི་ངེས་པའོ། །དེ་དག་གོང་ན་མེ་གཞན་དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་

གཟུགས་ནི་མུན་པ་དག་གི་མཐར། གསང་བའི་པདྨ་དང་དཔྲལ་བའི་པདྨ་ལ་མི་ཆོད་པ་སྟེ། གནས་གང་ཞིག་ཉི་མ་གློག་གིས་མི་གདུང་རི་བོང་འཛིན་པ་གཟའ་དང་སྐར་མ་ལ་སོགས་མེད་པ་ན་སྟེ། སོགས་པས་ནི་ཤ་ཟའི་མེ་སྟེ། བཞི་པ་བདེན་པའི་མེ་ཡེ་ཤེས་ཀྱི་གཟུགས་

སོ་ཞེས་པ་ནི་མེ་གསུམ་གྱི་ངེས་པའོ། །ད་ནི་གཟའ་ཞེས་པ་ལ་སོགས་པས། གཟའི་ཆུ་ཚོད་ལ་སོགས་པ་གསུངས་ཏེ། འདིར་ཕྱི་རོལ་དུ་གཟའ་བདུན་ཏེ། བརྒྱད་པ་ནི་རིགས་ལྡན་གྱི་ལོངས་སྤྱོད་དོ། །བརྒྱད་པོ་དེ་དག་ནི་ལུས་ཀྱི་སྙིང་ཁའི་པདྨའི་འདབ་མ་བརྒྱད་པོ་

རྣམས་ལ་འགྱུར་ཏེ། ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བའོ། །ལྷོར་བཀྲ་ཤིས་སོ། །བདེན་བྲལ་དུ་གཟའ་ལག་གོ། །ཆུར་ཕུར་བུའོ། །རླུང་དུ་པ་སངས་སོ། །ལུས་ངན་དུ་སྤེན་པའོ། །དབང་ལྡན་དུ་རིགས་ལྡན་གྱི་ལོངས་སྤྱོད་ལ་མཇུག་རིངས་ཏེ། ལོངས་སྤྱོད་ཕྱེད་

གཞན་ལ་ནི་སྒྲ་གཅན་ནོ། །རབ་ཏུ་གསལ་བྱས་ཆུ་ཚོད་དྲུག་ཅུ་ལྟེ་བའི་པདྨ་ལ་སྟེ་ཆུ་ཚོད་སྟོང་པའི་འདབ་མ་བཞིའོ། །ལྷག་མ་འདབ་མ་དྲུག་ཅུ་ནི་དཀྱིལ་འཁོར་དྲུག་ཅུ་འབབ་པའི་ཆུ་ཚོད་རྣམས་ཏེ་གཟའ་སོ་སོ་ལ་དྲུག་ཅུའི་གྲངས་སོ། །སྨིན་མའི་དབུས་སུ་འདབ་མ་བཅུ་དྲུག་རྣམས་ལ་

เล่ม ๑๑ · หน้า 236a

འདབ་མ་གཉིས་ནི་སྟོང་པ་འབབ་པའོ། །འདབ་མ་བཅུ་བཞི་ལ་འབྱུང་དང་འབྱུང་བ་མདའ་ཞེས་པ་ལ་སོགས་པས་ཟླ་བའི་རྐང་པ་བཅུ་བཞི་རྣམས་སོ། །དེ་ལ་དང་པོའི་འདབ་མ་ལ་འབྱུང་བ་ཞེས་པ་ཆུ་ཚོད་ལྔའི་བདག་ཉིད་ཀྱི་རྐང་པ་སྟེ་དེ་བཞིན་དུ་གཉིས་པ་དང་གསུམ་པ་ལའོ། །

འདབ་མ་བཞི་པ་ལ་རིག་བྱེད་ཅེས་པ་ཆུ་ཚོད་བཞིའི་བདག་ཉིད་དོ། །ལྔ་པ་ལ་རྩེ་མོ་ཅན་ཏེ་རྐང་པ་ཆུ་ཚོད་གསུམ་མོ། །འདབ་མ་དྲུག་པ་ལ་ལག་པ་ཞེས་པ་ཆུ་ཚོད་གཉིས་ཀྱི་བདག་ཉིད་ཀྱི་རྐང་པའོ། །འདབ་མ་བདུན་པ་ལ་རི་བོང་ཅན་ཞེས་པ་ཆུ་ཚོད་གཅིག་གི་བདག་ཉིད་ཀྱི་རྐང་པ་བདུན་པའོ། །

དེ་བཞིན་དུ་ལུགས་ལས་བཟློག་པས་བརྒྱད་པ་ལ་ཆུ་ཚོད་གཅིག་གི་རྐང་པའོ། །དགུ་པ་ལ་ཆུ་ཚོད་གཉིས་ཀྱི་བདག་ཉིད་དོ། །བཅུ་པ་ལ་ཆུ་ཚོད་གསུམ་གྱི་བདག་ཉིད་དོ། །བཅུ་གཅིག་པ་ལ་ཆུ་ཚོད་བཞིའི་བདག་ཉིད་དོ། །བཅུ་གཉིས་པ་ལ་ཆུ་ཚོད་ལྔའི་བདག་ཉིད་དོ། །བཅུ་གསུམ་

པ་དང་བཅུ་བཞི་པ་ལ་ཡང་དེ་ལྟར་ཤེས་པར་བྱ་སྟེ་ཟླ་བའི་རྐང་པ་མ་ནུའི་གྲངས་སུ་འགྱུར་རོ། །མི་བདག་ཅེས་པ་ནི་བོད་པའོ། །ལོངས་སྤྱོད་འཁོར་ལོ་སྟེ་མགྲིན་པའི་འཁོར་ལོར་འདབ་མ་སུམ་ཅུ་རྩ་གཉིས་ལ་འདབ་མ་བཞི་ནི་སྟོང་པའོ། །གཞན་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་

བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ་འགྱུར་རོ། །དེ་དག་ནི་ཤར་གྱི་ཐུར་མ་བདུན་གྱི་དབུ་མ་ལ་དབུ་མ་གང་ཡིན་པ་ནམ་གྲུའི་མཐར་གཡོན་སྐོར་གྱིས་ཏེ། གཉིས་པ་ལ་ཐ་སྐར་རོ། །གསུམ་པ་ལ་བྲ་ཉེའོ། །བཞི་པ་ལ་སྨིན་དྲུག་གོ། །དེ་ནས་དབྱུག་གུའི་རྒྱུ་སྐར་ཏེ་ཐུར་

མ་ནི་འདབ་མ་བདུན་པའི་མིང་ཅན་གྱི་རྩའོ། །དེ་ནས་བྱང་གི་ཐུར་མ་བདུན་པོ་རྣམས་ལ་གཡོན་སྐོར་གྱིས་ཏེ་ཐུར་མ་དང་པོ་ལ་སྣར་མའོ། །གཉིས་པ་ལ་མགོ་འོ། །གསུམ་པ་ལ་ལག་གོ། །བཞི་པ་ལ་ནབ་སོའོ། །ལྔ་པ་ལ་རྒྱལ་ལོ། །དྲུག་པ་ལ་སྐག་གོ། །བདུན་པ་ལ་མཆུའོ། །དེ་ནས་

གཞན་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །སླར་ཡང་ལྟེ་བའི་པདྨར་རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་དྲུག་ཅུ་རིག་པར་བྱའོ། །ཆུ་ཚོད་ཀྱི་ཆུ་སྲང་ནི་དྲུག་ཅུ་སྟེ་དྲུག་ཅུ་རྣམས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་ནི་གསལ་བར་མཐའ་དག་ལུས་ལ་ལག་པ་རྐང་པ་ལ་སོགས་དག་གི་ཚིགས་ལའོ་ཞེས་པ་ནི་འཆད་

เล่ม ๑๑ · หน้า 236b

པར་འགྱུར་བ་ལས་རྒྱས་པར་བརྗོད་པར་བྱ་སྟེ། གཟའ་ལ་སོགས་པའི་ངེས་པའོ། །ད་ནི་ལྟེ་བ་ཞེས་པ་ལ་སོགས་པས་སྲོག་གི་ནུས་པ་ལྟེ་བ་ལ་སོགས་པའི་འཁོར་ལོར་འཁོར་བ་གསུངས་ཏེ། འདིར་ཕྱི་རོལ་ཏུ་ཉི་མ་ཁྱིམ་བཅུ་གཉིས་པོ་རྣམས་ལ་ལོའི་འཕོ་བའི་དབྱེ་བས་འཁོར་བ་ཇི་ལྟ་བ་

དེ་བཞིན་དུ་ནང་དུ་སྲོག་གི་ནུས་པ་ཡང་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཉིན་ཞག་སོ་སོར་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་འཁོར་རོ། །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མ་དག་ལ་འཁོར་ཏེ་མཆོག་གི་ཆ་སྲོག་གི་ནུས་པ་ནི་འཕོ་བའི་རིམ་པས་ཁྱིམ་བཅུ་གཉིས་ཀྱི་འདབ་མ་རྣམས་ལ་སྲོག་ཟུང་དགུ་བརྒྱ་ཉིས་འགྱུར་

དག་གིས་འཕོ་བར་འགྱུར་ཏེ་ཞེས་པ་ནི། འདིར་ཇི་ལྟར་ཕྱི་རོལ་དུ་དབྱུག་གུ་བརྒྱ་ཕྲག་བཅྭ་བརྒྱད་ཀྱིས་ཉི་མའི་འཕོ་བ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་དབུགས་བརྒྱ་ཕྲག་བཅྭ་བརྒྱད་ཀྱིས་སྲོག་གི་ནུས་པ་འདབ་མ་རེ་རེར་འཕོ་བར་འགྱུར་རོ། །དེ་ཡང་དུས་སྦྱོར་ཀཪྐ་ཊ་ནས་མི་ཡི་དབང་འདིར་

ཕྱི་རོལ་དུ་ཉི་མའི་སྐྱེ་བའི་ཁྱིམ་ནི་ཀཪྐ་ཊའོ། །དེ་བཞིན་དུ་སྐྱེས་པ་ཐམས་ཅད་དུས་སྦྱོར་གང་དུ་སྐྱེས་པར་གྱུར་པའི་ཁྱིམ་དེ་ནི་ཀཪྐ་ཊའི་མིང་ཅན་དུ་རིག་པར་བྱ་སྟེ། སྲོག་གི་སྐྱེ་བ་གནས་པར་བྱ་ཞེས་པའི་རིགས་པས་སོ། །དུས་སྦྱོར་ཀཪྐ་ཊ་ནས་མིའི་དབང་ཞེས་པ་ནི་བོད་པའོ། །ཕྱི་རོལ་དུ་

དུས་སྦྱོར་གང་ལ་ཉི་མ་གནས་པས་འཆར་བའི་དུས་ནས་ཉིན་དང་མཚན་མོར་འཁོར་བ་དེ་ལ་དེ་ནི་རིག་པར་བྱ་སྟེ་ཐུར་མ་བདུན་གྱི་དབྱེ་བས་སོ། །དུས་སྦྱོར་ཚད་ནི་ཤེས་པར་བྱ་སྟེ་ཕྱི་རོལ་དུ་ཉི་མའི་འཕོ་བ་ཆད་པ་དང་ལྷག་པ་ཉིན་ཞག་རྣམས་ཀྱིས་རིག་པར་བྱ་བ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་ཆད་པ་དང་

ལྷག་པ་ནི་དབུགས་རྣམས་ཀྱིས་རིག་པར་བྱའོ། །ཉི་མའི་ཆུ་ཚོད་ཀྱི་དབྱེ་བས་ལུས་ལ་དབུགས་ཀྱི་ངེས་པའོ། །སྲོག་གི་ནོར་དང་བུ་ལོན་མཉམ་པ་སྟེ་ཀཪྐ་ཊ་ལ་སོགས་པ་ལ་ཉི་མའི་རྐང་པས་བུ་ལོན་དང་ཆུ་སྲིན་ལ་སོགས་པ་ལ་ནོར་རོ། །སྐར་རྩིས་ཀྱི་ཆོ་གས་མཉམ་པ་ནི་འཕོ་བ་སོ་སོའི་ཉིན་

ཞག་སྟེ། རྐང་པ་དང་བཅས་པའི་དབྱུག་གུ་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ནི་ཕྱི་རོལ་དུའོ། །ནང་དུ་མཉམ་པ་ནི་དབུགས་ཀྱི་བདག་ཉིད་དེ་དུས་སྦྱོར་སོ་སོའི་འཕོ་བའི་དབྱེ་བས་སོ་ཞེས་པ་ནི་འཕོ་བ་བཅུ་གཉིས་འཁོར་བའོ། །ད་ནི་རེ་རེ་ཞེས་པ་ལ་སོགས་པས་པདྨའི་འདབ་མ་སོ་སོ་ལ་དཀྱིལ་

เล่ม ๑๑ · หน้า 237a

འཁོར་རབ་ཏུ་འབབ་པ་གསུངས་ཏེ། འདིར་ཕྱི་རོལ་དུ་ཉི་མའི་འཕོ་བ་རེ་རེ་ལ་ཉིན་ཞག་སུམ་ཅུས་དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང་ཉིན་ཞག་དྲུག་གི་དབྱུག་གུ་སུམ་བརྒྱ་དྲུག་ཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་དོ། །དེ་བཞིན་དུ་ནང་དུ་དབུགས་བརྒྱ་ཕྲག་བཅྭ་བརྒྱད་ཀྱིས་

དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང་། དབུགས་སུམ་བརྒྱ་དྲུག་ཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་པར་འགྱུར་པ་ནི་ངེས་པའོ། །འདིར་འཕོ་བ་སོ་སོའི་འདབ་མ་ལ་གནས་ལྔར་འགྱུར་ཏེ། འདབ་མའི་ནུབ་དང་བྱང་དང་ལྷོ་དང་ཤར་དང་དབུས་སོ། །དེ་ལ་པདྨའི་འདབ་མ་སོ་སོ་རེ་རེ་

ལ་འབབ་པར་འགྱུར་ཏེ་ནུབ་ཏུ་འཛིན་མའི་དཀྱིལ་འཁོར་རོ། །འདབ་མའི་བྱང་དུ་ཆུའི་དཀྱིལ་འཁོར་འབབ་བོ། །ལྷོར་མེའི་དཀྱིལ་འཁོར་འབབ་བོ། །སླར་ཡང་ཤར་དུ་རླུང་གི་དཀྱིལ་འཁོར་རབ་ཏུ་འབབ་བོ། །འདབ་མའི་དབུས་དག་ཏུ་ཡང་སྟོང་པའི་དཀྱིལ་འཁོར་འབབ་སྟེ། སོ་

སོར་དབུགས་སུམ་བརྒྱ་དྲུག་ཅུ་ནི་སྲོག་གི་ནུས་པའོ། །དེ་ལྟར་དབྱེ་བ་ལྔ་ཡིས་འཕོ་བ་སོ་སོར་འགྱུར་རོ། །དཀྱིལ་འཁོར་འདི་དག་ལ་དབུགས་སུམ་བརྒྱ་དྲུག་ཅུའི་དབུས་ནས་རྐང་པ་དང་བཅས་པའི་དབུགས་བཅུ་གཅིག་བཅུ་གཅིག་བཟུང་ནས་དུས་སྦྱོར་འཆར་བའི་མཚམས་སུ་མཉམ་པ་

རབ་ཏུ་འབབ་སྟེ། དམན་པའི་དབུགས་ནི་དྲུག་ཅུའོ་ཞེས་པ་ནི་རྐང་པ་གསུམ་དང་བཅས་པའི་དབུགས་གསུམ་གྱིས་དམན་པའི་དབུགས་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབབ་བོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནི་ནང་དུ་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་ཀྱི་རབ་ཏུ་དབྱེ་བས་འགྱུར་རོ་ཞེས་པ་ནི་འཕོ་

བའི་ངེས་པའོ། །ད་ནི་སྟོང་པ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་ལྔའི་ལྷག་པའི་ལྷ་གསུངས་ཏེ། འདིར་ཕྱི་རོལ་དུ་ཉི་མ་ནི་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལ་སྟོང་པའི་དཀྱིལ་འཁོར་ལ་སོགས་པ་ལོངས་སྤྱོད་ཅིང་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སའི་དཀྱིལ་འཁོར་ལ་སོགས་

པ་ལོངས་སྤྱོད་དོ། །དེ་བཞིན་དུ་ནང་དུ་སྟོང་པ་ལ་སོགས་པ་དེ་ཉིད་ལྔ་ཞེས་པ་ནི་སྟོང་པ་དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་ངེས་པར་བྱང་དུ་སྟེ་སྣ་བུག་གཡོན་པར་རབ་ཏུ་འབབ་བོ། །ས་ལ་སོགས་པ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི་དཀྱིལ་འཁོར་རྣམས་གཡས་ཀྱི་སྣའི་

เล่ม ๑๑ · หน้า 237b

བུག་པར་འབབ་བོ། །གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་པོ་འདི་དག་ལ་གྲངས་བཞིན་དུ་གཡོན་པར་སྟོང་པའི་དཀྱིལ་འཁོར་རབ་ཏུ་འབབ་པའི་དུས་སུ་སྒྲ་གཅན་ནི་ལྷག་པའི་ལྷའོ། །གཡས་པར་དུས་ཀྱི་མེའོ། །གཡོན་པར་རླུང་གི་དཀྱིལ་འཁོར་ལ་ཟླ་བའོ། །གཡས་པ་

ལ་ཉི་མའོ། །གཡོན་པར་མེའི་དཀྱིལ་འཁོར་ལ་གཟའ་ལག་གོ། །གཡས་པ་ལ་བཀྲ་ཤིས་སོ། །གཡོན་པར་ཆུའི་དཀྱིལ་འཁོར་ལ་པ་སངས་སོ། །གཡས་པ་ལ་ཕུར་བུའོ། །གཡོན་པར་སའི་དཀྱིལ་འཁོར་ལ་མཇུག་རིངས་སོ། །གཡས་པ་ལ་སྤེན་པའོ། །དེ་ལྟར་ན་

ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་བདག་པོ་ཞིང་ཅན་བཅུར་འགྱུར་རོ། །དེ་བཞིན་དུ་ཟླ་བ་དྲུག་ལ་ཟླ་བ་དབང་ཕྱུག་ཏུ་འགྱུར་ཏེ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་། གཞུ་དང་། བུམ་པའི་ཁྱིམ་གཡོན་གྱི་རྩ་ལ་ཟླ་བ་ཞེས་པ་ཁུ་བའི་ཁམས་དབང་ཕྱུག་སྟེ་བྱང་

དག་ཏུའོ། །ལྷོ་རུ་གླང་དང་ཀཪྐ་ཊ་དང་བུ་མོ་དང་། སྡིག་པ་དང་། ཆུ་སྲིན་དང་། ཉའི་ཁྱིམ་ལ་ཉི་མ་སྟེ་རྡུལ་གྱི་ཁམས་དབང་ཕྱུག་ཏུ་འགྱུར་རོ། །མི་བདག་ཅེས་པ་ནི་བོད་པའོ། །དཀྱིལ་འཁོར་གྱི་བདག་པོའི་ངེས་པའོ། །ད་ནི་དེ་ཞེས་པ་ལ་སོགས་པས་སྲོག་ལ་སོགས་པའི་རླུང་

རྣམས་གསུངས་ཏེ་འདིར་ལྟེ་བའི་འཁོར་ལོ་ནི་སྙིང་པོར་འདབ་མ་བཞིའི་བདག་ཉིད་དོ། །དེའི་ཕྱི་རོལ་དུ་འདབ་མ་བརྒྱད་ཀྱི་བདག་ཉིད་དོ། །དེའི་ཕྱི་རོལ་དུ་འདབ་མ་བཅུ་གཉིས་ཀྱི་བདག་ཉིད་དོ། །དེའི་ཕྱི་རོལ་དུ་འདབ་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་དེ་འདབ་མའི་སྒྲས་དབུགས་ཀྱི་

ཆོས་ཅན་གྱི་རྩ་རྣམས་གཟུང་ངོ་། །ལྟེ་བའི་འཁོར་ལོ་དེ་སྟེང་སྟེ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་སྟེང་སྙིང་ཁའི་ཕྱོགས་སུ་རྩ་ཡི་འཁོར་ལོ་རྩིབས་བརྒྱད་པ་རྩ་བརྒྱད་ཀྱི་བདག་ཉིད་ཡང་དག་པར་གནས་སོ། །དེ་རྣམས་ལ་སྲོག་ལ་སོགས་པའི་རླུང་གི་ཚོགས་སོ། །པདྨ་

ནོར་གྱི་འདབ་མ་དག་ལ། ཟླ་བ་ཉི་མ་མེ་རྣམས་ཏེ་མེ་ཞེས་པ་ནི་སྒྲ་གཅན་ནོ། །གཡོན་དུ་ཟླ་བའི་རྩ་ནི་རི་བོང་མཚན་མ་འབབ་སྟེ་ཁ་དོག་དཀར་པོའོ། །གཡས་སུ་ཁ་དོག་དམར་པོ་སྟེ་ཉི་མའི་རྩ་འབབ་པའོ། །འདབ་མ་བརྒྱད་ཀྱི་དབུས་སུ་དུས་ཀྱི་མེའི་གཟུགས་སྒྲ་གཅན་གྱི་རྩ་འབབ་

เล่ม ๑๑ · หน้า 238a

བོ། །མཉམ་པ་དག་ལ་དུས་སྦྱོར་འཆར་བའི་མཚམས་སུ་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གོ། །སྙིང་ཁའི་ཆུ་སྐྱེས་རྩིབས་བརྒྱད་པ་འདི་ལ་ཐུན་ཚོད་འཕོ་བའི་རྩ་རྣམས་རིག་པར་བྱའོ། །སྣའི་བུག་པར་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་ནི་འདི་རྣམས་

སུ་འགྱུར་རོ། །རྩ་དང་རྩ་ལ་དབུགས་འབྱུང་བ་དང་འཇུག་པ་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱིས་སྲོག་ཡང་དག་པར་རྒྱུ་བར་འགྱུར་ཏེ་དབྱུག་གུ་ཕྱེད་དང་བཅས་པའི་བདུན་གྱིས་སོ། །དེ་ལ་སྲོག་ནི་སྟེང་དུ་འབབ་བོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་བོ། །མཉམ་གནས་ནི་ཤར་

གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེ་ལའོ། །ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ། །ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །རུས་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ལའོ། །རྩངས་པ་ནི་རླུང་གི་འདབ་མར་རྩ་ཨ་

ལཾ་བུ་ཥ་ལའོ། །ལྷ་སྦྱིན་ནི་བྱང་གི་འདབ་མར་རྩ་ཨི་ཌ་ལའོ། །ནོར་ལས་རྒྱལ་བ་ནི་དབང་ལྡན་གྱི་འདབ་མ་ལ་རྩ་ཀུ་ཧཱ་ལའོ། །སྲོག་ནི་རྩ་སུ་ཤུམྣ་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་དུང་ཅན་མ་གང་གིས་བྱང་ཆུབ་ཀྱི་སེམས་ཟག་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ་ཞེས་པ་དེ་ལྟར་རླུང་རྣམ་པ་

བཅུ་ནི་རྩའི་འཁོར་ལོ་ལ་ལས་ཀྱི་དབྱེ་བས་ཡང་དག་པར་གནས་སོ། །སྲོག་ལ་སོགས་པ་འདི་དག་ཐམས་ཅད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ལ་ཁྱབ་པ་སྟེ་འོན་ཀྱང་གནས་བརྒྱད་ལ་སྐྱེས་པ་བརྒྱད་དོ། །དུང་ཅན་མཐའ་ཡས་ཨི་ཌ་ལ་སོགས་རང་གི་སྙིང་ཁའི་པདྨ་རྩ་ཡི་འཁོར་ལོ་མཐའ་

དག་གོ་ཞེས་པ་མཉམ་གནས་ལ་སོགས་པ་རྣམས་ཀྱི་སྐྱེ་བའི་གནས་ཏེ་སྙིང་ཁའི་འཁོར་ལོའི་ངེས་པའོ། །ད་ནི་སྲོག་ཅེས་པ་ལ་སོགས་པས་སྲོག་ལ་སོགས་པའི་བྱ་བ་གསུངས་ཏེ། འདིར་ལུས་ལ་སྲོག་གིས་སྲོག་སྟེ་སྟོབས་བྱེད་དོ། །ཉི་མ་ཟླ་བའི་ལམ་ན་གནས་པར་གྱུར་པ་ན་སྟེ་ཉི་མའི་ལམ་

ནི་དམར་སེར་རམ་ར་ས་ནཱའོ། །ཟླ་བའི་ལམ་ནི་ཨི་ཌའམ་ལ་ལ་ནཱ་སྟེ་དེའི་ལམ་ལ་གནས་པ་ནི་གནས་པའོ། །ཀྱང་ནི་ཚིག་ཕྲད་ཀྱི་དོན་ཏོ། །བཟའ་དང་བཏུང་བ་མ་ལུས་པ་ནི་རོ་དྲུག་ཟོས་པ་དང་ཆུ་ལ་སོགས་པ་འཐུངས་པ་སྟེ། དེ་དག་མ་ལུས་པ་ཐུར་སེལ་གྱི་རླུང་གིས་འོག་ཏུ་འདྲེན་ཏེ་ཞེས་པ་

เล่ม ๑๑ · หน้า 238b

ནི་ལུང་ངོ་། །མཐའ་དག་རོ་མཉམ་སྟེ་མཚུངས་པའི་རོའི་བར་དུ་ལུས་ལ་མཉམ་གནས་ཞེས་བྱ་བའི་རླུང་གིས་འཐོབ་པར་བྱེད་དེ་ཁམས་བདུན་རོ་མཉམ་པར་བྱེད་དོ་ཞེས་པའི་དོན་ཏོ། །ལུས་ལ་གྱེན་རྒྱུ་ཞེས་བྱ་བའི་རླུང་གིས་གཡོ་བར་བྱེད་དོ། །ཁ་དང་ལག་པ་རྐང་པ་རྣམས་ཀྱིས་གླུ་དང་ཟློས་

གར་བྱེད་དེ་ལུས་འདི་ལ་གྱེན་རྒྱུ་དེ་ཉིད་ཀྱིས་ཁས་གླུ་ལ་སོགས་པ་དང་དགོད་པ་དང་སྨྲ་བ་ལ་སོགས་པ་བྱེད་དོ། །ལག་པ་རྐང་པ་རྣམས་ཀྱིས་ཟློས་གར་དང་འགྲོ་བ་ལ་སོགས་བྱེད་དོ། །ཁྱབ་བྱེད་ཀྱིས་ནི་ནད་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཆུའི་རང་བཞིན་གྱི་དབང་གིས་ཏེ་ཇི་

ལྟར་ལུས་ནི་འཇིག་པ་སྟེ་དེ་ལྟ་ཉིད་དུ་ནད་བྱེད་དོ། །ཀླུ་ཡང་སྒྲེགས་པ་བྱེད་པ་ཉིད་དེ་གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ནི་རུས་སྦལ་རླུང་གིས་སོ། །དེ་ནི་ཞེས་པ་ཁྲོ་བ་དང་གཡེང་བ་མཐའ་དག་རྩངས་པའི་རླུང་གིས་བྱེད་དོ། །གླལ་བདག་ཀྱང་ལྷ་སྦྱིན་གྱིས་བྱེད་དོ། །ལུས་ནི་ལྔ་པ་

ཉིད་དུ་གྱུར་པ་ནོར་ལས་རྒྱལ་བའི་རླུང་གིས་གཏོང་བར་མི་བྱེད་དོ། །མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། །རླུང་གཅིག་ནོར་ལས་རྒྱལ་བའོ་ཞེས་སོ། །དེ་ལྟར་བརྗོད་པའི་རིམ་པས་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ཅད་དེ་རླུང་རྣམས་ཀྱིས་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་

གཏོང་བར་མི་བྱེད་དེ་ནམ་མཁའ་ལ་སོགས་པའི་རང་བཞིན་གྱི་ཡོན་ཏན་རྣམས་སོ། །སྲོག་ལ་སོགས་པའི་བྱ་བ་ངེས་པའོ། །ད་ནི་དམར་སེར་ཞེས་པ་ལ་སོགས་པས་རྩའི་མིང་མུ་སྟེགས་ཀྱི་མིང་རྣམས་ཀྱིས་གསུངས་ཏེ་དམར་སེར་ཕྲ་མོ་དག་ཀྱང་ཨི་ཊ་ལ་སོགས་ནི་ཨི་ཌ་ལ་སོགས་པ་རྩ་གསུམ་

མོ། རྣམ་གསུམ་ལམ་བགྲོད་ཅེས་པ་ལ་ཟླ་བའི་ལམ་ལ་བགྲོད་པ་ནི་ཨི་ཌའོ། །ཉི་མའི་ལམ་ལ་བགྲོད་པ་ནི་དམར་སེར་རོ། །སྒྲ་གཅན་གྱི་ལམ་ལ་བགྲོད་པ་ནི་སུ་ཤུམྣའོ། །སྣར་མ་ནི་བཞི་པའོ། །ལག་ལྡན་ལྕེ་ནི་ལྔ་པའོ། །རྒྱལ་ནི་དྲུག་པའོ། །རི་ཡང་རྒྱལ་བ་ཞེས་པ་བདུན་པའོ། །

ཨ་ལཾ་བུ་ཥ་ནི་ནོར་དང་ཞེས་པ་བརྒྱད་པའོ། །ཀུ་ཧཱ་ནི་དགུ་པའོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་སྟེ་བཅུ་པ་དུང་ཅན་མས་བྱང་ཆུབ་ཀྱི་སེམས་བདེ་བའི་མཐར་ཟག་པར་བྱེད་པའོ། །དཔལ་ལྡན་རྩའི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ་ཚིགས་ཀྱི་དབྱེ་བ་དུ་མས་སོ་ཞེས་པས་འདིར་

เล่ม ๑๑ · หน้า 239a

ལུས་ལ་ཚིགས་ཀྱི་དབྱེ་བའི་གྲངས་སུམ་བརྒྱ་དྲུག་ཅུ་སྟེ་ཚིགས་ཀྱི་དབྱེ་བ་དེ་དག་གིས་རྩའི་འཁོར་ལོའི་དབྱེ་བ་སུམ་བརྒྱ་དྲུག་ཅུར་འགྱུར་ཞིང་སྲོག་ལ་སོགས་པའི་རླུང་གི་བྱ་བའི་དབྱེ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་པ་ནི་རྩའི་འཁོར་ལོའི་ངེས་པའོ། །ད་ནི་དབང་པོ་

ཞེས་པ་ལ་སོགས་པས་རྩའི་འཁོར་ལོ་དེ་ཉིད་ལ་དབང་པོ་ལ་སོགས་པའི་བྱིན་གྱིས་བརླབས་པ་གསུངས་ཏེ། འདིར་དབང་པོའི་འདབ་མ་ལ་ཐུན་ཚོད་གཅིག་གི་བར་དུ་སྲོག་གི་ནུས་པས་དབང་པོའི་རང་བཞིན་བརྟེན་ཏོ། །མེའི་འདབ་མ་ལ་མེའི་རང་བཞིན་ནོ། །གཤིན་རྗེའི་འདབ་མ་ལ་

གཤིན་རྗེའི་རང་བཞིན་ནོ། །བདེན་བྲལ་གྱི་འདབ་མ་ལ་བདེན་བྲལ་གྱི་རང་བཞིན་ནོ། །ཆུའི་འདབ་མ་ལ་ཆུའི་རང་བཞིན་ནོ། །རླུང་གི་འདབ་མ་ལ་རླུང་གི་རང་བཞིན་ནོ། །ནོར་སྦྱིན་གྱི་འདབ་མ་ལ་ནོར་སྦྱིན་གྱི་རང་བཞིན་ནོ། །དབང་ལྡན་གྱི་འདབ་མ་ལ་དབང་ལྡན་

གྱི་རང་བཞིན་ཏེ་དེ་ལྟར་འདབ་མ་བརྒྱད་པོ་རྣམས་ལ་སྲོག་གི་ནུས་པ་དེ་ཡི་རང་བཞིན་རྟེན་ཞིང་འཁོར་བར་བྱེད་དོ། །དབང་པོ་ལ་སོགས་པའི་རང་བཞིན་གྱི་ངེས་པའོ། །ད་ནི་མགྲིན་པའི་འཁོར་ལོ་གསུང་པ་ཏེ་འདིར་སྙིང་ཁའི་པདྨའི་སྟེང་དུ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་མཐར་མགྲིན་

པའི་འཁོར་ལོ་ལ་གཟའི་ཚོགས་དང་བཅས་པའི་རྒྱུ་སྐར་འཁོར་ལོ་ཡང་དག་གནས་ཏེ། དབྱུག་གུའི་སྐར་མ་བཞི་དང་གཙོ་བོའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ་འདི་རྣམས་ཀྱིས་འདབ་མ་སུམ་ཅུ་རྩ་གཉིས་པའོ། །དབྱུག་གུའི་རྒྱུ་སྐར་བཞི་དོར་ནས་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་ཉིན་

མཚན་གྱིས་སྲོག་ཡང་དག་པར་རྒྱུ་སྟེ། དབྱུག་གུ་དྲུག་ཅུ་ལས་ཆས་ཐོབ་པ་ནི་འདབ་མ་སོ་སོ་ལ་སྲོག་ཡང་དག་པར་རྒྱུའོ། །ཚངས་པའི་ཡུལ་ས་དཔལ་ལྡན་དཔྲལ་བ་དག་ནས་དབྱངས་ཀྱིས་ཡོངས་སུ་བསྐོར་བའི་ཐིག་ལེ་དཀར་པོ་ཟག །མགྲིན་པའི་པདྨ་དེའི་ཡང་སྟེང་དུ་སོར་མོ་

ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་མཐར་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་པ་ལ་འདབ་མ་གཉིས་དོར་ནས་འདབ་མ་བཅུ་བཞི་པོ་རྣམས་ལ་ཉིན་མཚན་གྱིས་སྲོག་ཡང་དག་པར་རྒྱུ་སྟེ། དབྱུག་གུ་དྲུག་ཅུ་ལས་བཅུ་བཞིའི་ཆ་ཐོབ་པས་འདབ་མ་སོ་སོ་འདོར་རོ། །ཐིག་ལེ་དང་རྣམ་པར་བཅས་

เล่ม ๑๑ · หน้า 239b

པ་ནི་ལྟེ་བ་ལ་རིག་པར་བྱ་སྟེ་ཟླ་བའི་རྐང་པ་རྒྱུ་བའོ། །སླར་ཡང་ལྟེ་བའི་འཁོར་ལོ་ལ་རྩ་དྲུག་ཅུ་རྩ་བཞི་ནི་འཇིགས་མ་ལ་སོགས་པའི་མིང་རྣམས་ཀྱིས་སོ། །སྙིང་ཁར་བརྒྱད་ནི་ཨི་ཌ་ལ་སོགས་པའི་མིང་རྣམས་ཀྱིས་སོ། །མགྲིན་པར་ཐ་སྐར་ལ་སོགས་པའི་མིང་དང་སྟོང་པ་བཞིའི་མིང་

རྣམས་ཀྱིས་སོ། །དཔྲལ་བའི་རྩ་རྣམས་ལ་ཚེས་གཅིག་ལ་སོགས་པའི་མིང་རྣམས་ཀྱིས་སོ། །གཙུག་ཏོར་ལ་ཐུན་མཚམས་བཞིའི་དབྱེ་བས་དེ་ཉིད་བཞིའི་མིང་རྣམས་ཀྱིས་སོ། །མགྲིན་པ་དང་དཔྲལ་བའི་པདྨའི་འདབ་མ་འདི་རྣམས་ལ་ནང་དུ་གྱུར་པ་ནི་འཁོར་ལོ་འདབ་མ་བརྒྱད་པར་རིག་

པར་བྱའོ། །དེ་བཞིན་དུ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་ནི་ས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་ནོ། །གཙུག་ཏོར་ལ་འདབ་མ་བཞི་པ་ནི་སྟོང་པའི་རང་བཞིན་ནོ། །ལྟེ་བར་འདབ་མ་བཞི་པ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ནོ། །གསང་བར་

འདབ་མ་སུམ་ཅུ་རྩ་གཉིས་པ་སྟེ་ཕྱི་རོལ་གྱི་འདབ་མ་བཅུ་དྲུག་རྣམས་ལ་དབྱངས་ཀྱི་རྩའོ། །ནང་དུ་འདབ་མ་བཅུ་ལ་ཕུང་པོ་དང་ཁམས་ཀྱི་རྩའོ། །དེ་ལས་ནང་གི་འདབ་མ་རྣམས་ལ་སྟོང་པ་དྲུག་གི་རྩའོ། །དེ་ལྟར་ན་འཁོར་ལོ་དྲུག་པོ་རྣམས་ཀྱི་གྲངས་ནི་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་

གཅིག་སྟེ་འཆད་པར་འགྱུར་བའི་འཁོར་ལོ་དྲུག་པོ་རྣམས་ལ་བརྗོད་པར་བྱའོ། །འཁོར་ལོ་དྲུག་གི་ངེས་པའོ། །ད་ནི་རྩ་བ་ཞེས་པ་ལ་སོགས་པས་སྣ་བུག་གཉིས་ལས་དཀྱིལ་འཁོར་ལྔ་རབ་ཏུ་འབབ་པ་གསུངས་ཏེ། འདིར་སྣ་བུག་གཡོན་པ་དང་གཡས་པ་དག་ལ་རྩ་བ་སྟེ་འོག་གི་

ཆར་སའི་དཀྱིལ་འཁོར་འབབ་བོ། །སྣ་བུག་གཡོན་པ་དང་གཡས་པ་དག་ལ་གཡོན་དུ་ཆུ་འབབ་བོ། །དབུས་ཀྱི་རེ་ཁཱ་ལ་མངོན་པར་ཕྱོགས་པའི་སྣའི་བུག་པ་གཉིས་ཏེ་ཐམས་ཅད་ཀྱི་བྱང་ན་ལྷུན་པོའོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །གཡས་སུ་བསྲེག་ཟའི་དཀྱིལ་འཁོར་

དག་ནི་རབ་ཏུ་འབབ་སྟེ། གཡས་དང་བྱང་གཉིས་ཀའི་ཕྱི་རོལ་གྱི་སྣའི་བུག་པའི་ཆའོ། །སྣ་བུག་གཉིས་ཀའི་སྟེང་དུ་རླུང་གི་དཀྱིལ་འཁོར་འབབ་བོ། །སྣ་བུག་གཉིས་ཀྱི་དབུས་སུ་ནམ་མཁའ་སྟེ་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ནམ་མཁའི་དཀྱིལ་འཁོར་

เล่ม ๑๑ · หน้า 240a

འབབ་སྟེ། གཡོན་གྱི་དུས་སྦྱོར་རྒྱུ་བ་ལ་གཡོན་དང་གཡས་ཀྱི་དུས་སྦྱོར་རྒྱུ་བ་ལ་གཡས་ནས་དཀྱིལ་འཁོར་རབ་ཏུ་འབབ་བོ། །སླར་ཡང་སྣ་བུག་གཉིས་ལ་ཅིག་ཅར་དུ་མཉམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་འབབ་སྟེ་སྲོག་གི་ནུས་པའོ། །འདི་དག་རྣམས་ནི་འབུགས་ཏེ་

ཞེས་པ་ནི་ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་དང་། སྣ་བུག་གི་དཀྱིལ་འཁོར་རྣམས་དབྱུག་གུ་དང་། ཁྱིམ་དང་ཐུན་ཚོད་དང་རྒྱུ་སྐར་དང་ཚེས་གྲངས་དང་མཚམས་ཀྱི་དཀྱིལ་འཁོར་གྱི་དབྱེ་བ་དག་གིས་འབུགས་པར་བྱེད་དོ། །ནུས་པ་ནི་

སྲོག་གི་ནུས་པ་འགྲོ་སྟེ་མཆོག་གི་གནས་ནི་དམིགས་པ་མེད་པའོ། །བཅུ་གཉིས་མཐའ་ནི་སོར་བཅུ་གཉིས་ཀྱི་མཐའོ། །ཆ་ཡི་མཐར་ནི་སོར་བཅུ་དྲུག་གི་མཐར་རོ། །འདིར་སའི་དཀྱིལ་འཁོར་རབ་ཏུ་འབབ་པའི་རླུང་ནི་སྣ་བུག་ནས་སོར་བཅུ་གཉིས་ཀྱི་མཐར་འགྲོ་སྟེ་དེ་ནས་ལྡོག་གོ།

ཆུའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་གསུམ་འགྲོ་སྟེ་དེ་ནས་ལྡོག་གོ། །མེའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་བཞི་འགྲོ་སྟེ་དེ་ནས་ལྡོག་གོ། །རླུང་གི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅྭ་ལྔ་འགྲོ་སྟེ་དེ་ནས་ལྡོག་གོ། །སྟོང་པའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་དྲུག་འགྲོ་སྟེ་དེ་ནས་ལྡོག་གོ། །ཡེ་

ཤེས་ཀྱི་དཀྱིལ་འཁོར་གྱི་རླུང་སའི་དཀྱིལ་འཁོར་གྱི་མཐར་དེ་དག་གི་དབུས་སུ་རབ་ཏུ་ཞུགས་པ་ནི་སྣ་བུག་གཉིས་ནས་སོར་བཅུ་གཉིས་འབབ་བོ། །ནམ་མཁའི་མཐར་དབུ་མར་ཞུགས་པའི་སོར་བཅུ་དྲུག་འབབ་བོ། །འདིར་གང་གི་ཚེ་ཕྱི་རོལ་དུ་འཕེལ་བར་གྱུར་པ་དེའི་ཚེ་ནང་དུ་ཐུང་ངུར་འགྱུར་

རོ། །གང་གི་ཚེ་བཅུ་དྲུག་ལ་སོགས་པ་ལས་ཕྱི་རོལ་དུ་ཐུང་ངུར་འགྱུར་བ་དེའི་ཚེ་རླུང་གི་རྩའི་དབང་གིས་ལྟེ་བར་སོར་མོ་བཞི་འཕེལ་བར་འགྱུར་ཏེ། སྲོག་གི་ནུས་པ་འབབ་པའི་ངེས་པའོ། །ད་ནི་ཞིང་ཞེས་པ་ལ་སོགས་པས་ཞིང་ལ་སོགས་པ་རྣམས་གསུངས་ཏེ། འདི་ལྟར་ལུས་ཀྱི་

དཔུང་པའི་ཚིགས་གཉིས་ལ་ཞིང་གཉིས་སོ། །བརླའི་ཚིགས་གཉིས་ལ་ཉེ་བའི་ཞིང་ངོ་། །ཉེ་བའི་དཔུང་པའི་ཚིགས་གཉིས་ལ་ཚན་དོ་ཧ་གཉིས་སོ། །པུས་མོའི་ཚིགས་གཉིས་ལ་ཉེ་བའི་ཚན་དོ་ཧའོ། །ལག་པའི་ཚིགས་གཉིས་ལ་འདུས་པའོ། །རྐང་པའི་ཚིགས་གཉིས་ལ་

เล่ม ๑๑ · หน้า 240b

ཉེ་བའི་འདུས་པའོ། །ལག་པའི་མཐིལ་གཉིས་ལ་དུར་ཁྲོད་གཉིས་སོ། །རྐང་པའི་མཐིལ་གཉིས་ལ་ཉེ་བའི་དུར་ཁྲོད་གཉིས་སོ། །ལག་པ་གཉིས་ཀྱི་སོར་མོ་ལ་དུར་ཁྲོད་ཆེན་པོ་བཞིའོ། །རྐང་པ་གཉིས་ཀྱི་སོར་མོ་ལ་ཉེ་བའི་དུར་ཁྲོད་ཆེན་པོ་བཞི་སྟེ་ཞིང་ལ་སོགས་པའི་ངེས་པའོ། །

བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཀུན་འབྱུང་གི་བདེན་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། །།ད་ནི་འཁོར་ལོ་ཅན་ཞེས་པ་ལ་སོགས་པས་འཁོར་

ལོས་སྒྱུར་བ་དང་ཀླ་ཀློའི་འཁྲུག་པ་རང་གི་ལུས་ལ་གསུངས་ཏེ་འདིར་རང་གི་ལུས་ལ་ནི་མིའི་ལུས་ལའོ། །ཕྱི་རོལ་དུ་ལེའུ་དང་པོ་ལས་གསུངས་པའི་འཁོར་ལོ་ཅན་གང་ཡིན་པ་དེ་ནི་ལུས་ལ་རྡོ་རྗེ་ཅན་ཏེ་ཐུགས་རྡོ་རྗེའོ་ཞེས་པའི་དོན་ཏོ། །ལྷ་མཆོག་བདག་པོ་དབང་ཕྱུག་ལ་སོགས་པ་བཅུ་

གཉིས་རྣམས་གང་ཡིན་པ་དེ་དག་ནི་ཡན་ལག་བཅུ་གཉིས་འགོག་པ་རྣམས་སོ། །རིགས་ལྡན་གང་ཡིན་པ་དེ་ནི་ལུས་ལ་ཡང་དག་པའི་ཡེ་ཤེས་ཏེ། ནི་ཞེས་པ་ནི་རྒྱུ་དེ་ལས་སོ། །ཕྱི་རོལ་དུ་གླང་པོ་རྟ་དང་ཤིང་རྟ་མངག་གཞུག་པ་གང་ཡིན་པ་དེ་དག་ལུས་ལ། འཕགས་པའི་ཚད་

མེད་པ་བཞི་རྣམས་སོ། །ཕྱི་རོལ་དུ་དྲག་པོ་གང་ཡིན་པ་དེ་ནི་ལུས་ལ་རང་རྒྱལ་གྱི་ཡེ་ཤེས་ཀྱི་མིང་ཅན་ནོ། །ཕྱི་རོལ་དུ་ཧ་ནུ་མཱན་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཡེ་ཤེས་ཏེ་རང་གི་ལུས་ལ་འཁོར་ལོ་ཅན་འཁོར་དང་བཅས་པ་དང་རིགས་ལྡན་དུ་འགྱུར་རོ། །དེ་བཞིན་དུ་ཕྱི་རོལ་དུ་གདུག་པ་

ཀླ་ཀློའི་དབང་པོ་གང་ཡིན་པ་དེ་ནི་ལུས་ལ་སྡིག་པའི་སེམས་སོ། །ཕྱི་རོལ་དུ་བྱེད་པའི་བློ་གྲོས་སྡུག་བསྔལ་སྦྱིན་བྱེད་གང་ཡིན་པ་དེ་ནི་ལུས་ལ་མི་དགེ་བའི་ལམ་མོ། །ཕྱི་རོལ་དུ་རྟ་ལ། གནས་པ་གང་ཡིན་པ་དེ་ནི་ལུས་ལ་མ་རིག་པ་འཇུག་པའོ། །ཕྱི་རོལ་དུ་ལྷ་མིན་དཔུང་གླང་པོ་དང་རྟ་

དང་ཤིང་རྟ་དང་རྐང་ཐང་རྣམས་གང་ཡིན་པ་དེ་ནི་ལུས་ལ་བདུད་ཀྱི་ཕྱོགས་རྣམ་པ་བཞིའོ། །ཕྱི་རོལ་དུ་དེའི་གཡུལ་ལ་ཀླ་ཀློ་རྣམས་སྡུད་པ་དེ་ནི་རང་གི་ལུས་ལ་སྲིད་པའི་འཇིགས་པ་འཇོམས་པའོ། །ཕྱི་རོལ་དུ་འཁོར་ལོ་ཅན་ཆེན་པོ་དང་རིགས་ལྡན་གྱི་དཔལ་ལྡན་རྒྱལ་བ་གང་ཡིན་པ་དེ་ནི་རང་

เล่ม ๑๑ · หน้า 241a

གི་ལུས་ལ་ཐར་པའི་ལམ་རྙེད་པའོ། །ཕྱི་རོལ་དུ་ཀཻ་ལཱ་ཤར་འཁོར་ལོ་ཅན་ཆེན་པོའི་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་རང་གི་ལུས་ལ་སྲིད་པའི་འཇིགས་པ་འཕྲོག་པའོ། །ཕྱི་རོལ་དུ་རྫས་ཀྱིས་གང་བའི་ས་གཞི་གང་ཡིན་པ་དེ་ནི་ལུས་ལ་ཁམས་ཀྱི་ཚོགས་རྣམ་པར་དག་པའོ། །

ཕྱི་རོལ་དུ་འཁོར་ལོ་ཅན་གྱི་སྲས་ཚངས་པ་དང་ལྷའི་དབང་པོར་གྱུར་པ་རྒྱབ་ཀྱི་དུམ་བུ་གཅིག་ཏུ་ཆོས་སྟོན་པར་བྱེད་པ་དང་། མདུན་ཏེ་མདུན་གྱི་དུམ་བུར་ཀླ་ཀློའི་ཆོས་ཟད་པ་དོན་དུ་གཉེར་བ་གང་ཡིན་པ་འཇམ་དཔལ་ཏེ་དེ་དང་འཇིག་རྟེན་མགོན་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་དེ་ནི་རང་

གི་ལུས་ལ་དཔལ་ལྡན་རྡུལ་དང་བྱང་ཆུབ་ཀྱི་སེམས་བདེ་བ་སྟེར་བའམ་སྨོན་པའི་སེམས་དང་འཇུག་པའི་སེམས་སོ། །རྒྱབ་ཀྱི་དུམ་བུར་ཚངས་པ་ལ་སོགས་པའི་རིགས་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་དག་ནི་རང་གི་ལུས་ལ་དུ་མའི་སངས་རྒྱས་རྣམ་པར་དག་པ་ཕུང་པོ་དང་ཁམས་དང་

སྐྱེ་མཆེད་རྣམས་ཀྱི་རང་བཞིན་ནོ། །དེ་ལྟར་ཀླ་ཀློ་དབང་པོའི་འཁྲུག་པར་འགྱུར་ཏེ་ངེས་པར་ལུས་ཅན་རྣམས་ཀྱིས་ལུས་ཀྱི་དབུས་སུའོ། །སྒྱུ་མའི་གཟུགས་ཀྱང་ཕྱི་རོལ་དུ་ནི་ངེས་པར་མཁའི་ཡུལ་དུ་ཀླ་ཀློ་འཁྲུག་སྟེ་འཁྲུག་པ་མིན་ཞེས་པ་སྟེ། འདི་ནི་རྒྱས་པར་འཆད་པར་འགྱུར་བའི་

ལེའུ་ལྔ་པར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ། །ད་ནི་དུས་ཀྱི་ལོ་ཞེས་པ་ལ་སོགས་པས་དབུ་མའི་ཕྱོགས་གསུམ་དང་ལོ་གསུམ་གྱི་དབྱེ་བ་དག་གིས་རིགས་གསུམ་ལ་སོགས་པས་འདུས་པ་ལ་སོགས་པ་གསུངས་ཏེ་འདིར་དུས་ཀྱི་ལོ་ནི་རྩ་དབུ་མའི་ལོའོ། །མེ་

གྲངས་ནི་ལོ་གསུམ་གྱི་གྲངས་སོ། །ལོ་ཡི་ཉིན་ཞག་ཚོགས་ཀྱིས་བསྒྱུར་བ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་བསྒྱུར་བར་འགྱུར་བ་སྟེ་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུར་འགྱུར་རོ། །ལོ་གསུམ་པོ་དེ་ཉིད་རིགས་གསུམ་སྟེ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་སོ། །ལོའི་དབྱེ་བས་སྙིང་སྟོབས་

དང་རྡུལ་དང་མུན་པའི་རང་བཞིན་ནོ། །ཉིན་ཞག་གི་ཚོགས་དེ་ལས་བགྲོད་པའི་དབྱེ་བ་བརྒྱ་བརྒྱད་ཅུའི་ཆས་ཐོབ་པ་ནི་རིགས་དྲུག་ཏུ་འགྱུར་རོ། །སླར་ཡང་ཉིན་ཞག་གི་ཚོགས་དེ་ལས་ཟླ་བའི་དབྱེ་བས་ཏེ་སུམ་ཅུའི་ཆས་ཐོབ་པ་ནི་རིགས་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ། རོ་ཡིས་བསྒྱུར་

เล่ม ๑๑ · หน้า 241b

བའི་རོ་ཞེས་པ་དྲུག་གིས་བསྒྱུར་བའི་དྲུག་ནི། སུམ་ཅུ་རྩ་དྲུག་སྟེ། རྣལ་འབྱོར་མ་རྣམས་ཀྱི་རིགས་སོ། །དེ་བཞིན་དུ། ཐབས་རྣལ་འབྱོར་པ་རྣམས་ཀྱིའོ། །ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུ་པོ་དེ་ལས་གཟའ་ཡིས་བཅད་པས་ཐོབ་པ་ནི་རབ་གསལ་ངེས་པར་དུས་ཀྱི་འཁོར་

ལོའི་དཀྱིལ་འཁོར་བའི་ལྷ་རྣམས་ཏེ་ལྔ་བཅུ་རྩ་བཞི་ལྷག་པའི་བརྒྱ་ཕྲག་གཅིག་གོ། །ལྷག་མ་ཤེས་རབ་དང་ཐབས་ཟུང་ཞིག་སྟེ་དེ་ལྟར་ན་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་ནི་དུས་ཀྱི་འཁོར་ལོ་སྟེ་བདུན་གྱི་ཆའི་ལྷག་མ་ནི་རིགས་ལྡན་གྱི་གནས་ཀྱི་ལྷག་པའི་ལྷའོ། །ལྷ་དང་

ལྷ་མོའི་འཁོར་ལོ་དང་རིགས་ལྡན་གྱི་མཚན་ཉིད་དོ། །སླར་ཡང་སྔར་གྱི་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུ་པོ་དེ་ལས་ཕྱོགས་ཀྱིས་བཅད་པ་མངོན་པར་བརྗོད་པ་ཞེས་པ་ནི་བཅྭ་ལྔའི་ཆས་ཐོབ་པ་ནི་ལྷ་དང་ལྷ་མོ་རྣམས་ཀྱིས་མངོན་པར་བརྗོད་པར་འགྱུར་ཏེ། དུས་ཀྱི་འཁོར་ལོའི་བདག་

པོ་ཟུང་དང་ལྷན་ཅིག་བདུན་ཅུ་རྩ་གཉིས་ནི་ལྷ་དང་ལྷ་མོའི་མཚན་ཉིད་དོ་ཞེས་པ་ནི་ལོ་གསུམ་གྱི་དབྱེ་བས་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་རིགས་གསུམ་དང་རིགས་དྲུག་དང་རིགས་སུམ་ཅུ་རྩ་དྲུག་གི་རྣལ་འབྱོར་མའི་རྒྱུད་དེ་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་

པའོ། །ད་ནི་སྒྱུ་འཕྲུལ་དྲ་བ་ཞེས་པ་ལ་སོགས་པས་བྱ་བའི་རྣལ་འབྱོར་དང་རྣལ་འབྱོར་གྱི་རྒྱུད་རྣམས་རྣམ་པ་གསུམ་དང་དྲུག་གི་དབྱེ་བས་གསུངས་ཏེ། འདིར་དབུ་མའི་ཕྱོགས་གསུམ་གྱི་ཉིན་ཞག་ནི་ཉིན་ཞག་བཞི་བཅུ་རྩ་ལྔ་སྟེ་ཉིན་ཞག་སོ་སོ་ལ་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་བཅུ་

གཉིས་ཀྱིས་བསྒྱུར་བ་ནི་ཉིན་ཞག་གི་ཡན་ལག་བཞི་བཅུའི་ལྷག་པའི་ལྔ་བརྒྱའི་གྲངས་སུ་འགྱུར་རོ། །ཉིན་ཞག་གི་ཡན་ལག་བཞི་བཅུ་ལྷག་པའི་ལྔ་བརྒྱ་པོ་དེ་ལས་ཐ་དད་དུ་བྱས་པ་ནི་སྐྱུ་འཕྲུལ་དྲ་བ་རྣམ་པ་གསུམ་དུ་ཡང་འགྱུར་ཏེ་བུག་པ་རིག་བྱེད་ཅེས་པ་ལྷ་ཟུང་བཞི་བཅུ་རྩ་དགུ་ས་

གཅིག་ཏུ་འགྱུར་རོ། །སླར་ཡང་འབྱུང་བ་རྒྱ་མཚོས་འགྱུར་ཞེས་པ་ནི་ལྷ་ཟུང་བཞི་བཅུ་རྩ་ལྔས་གཉིས་པར་འགྱུར་རོ། །མེ་དང་ཆུ་གཏེར་གྱིས་ཏེ་ལྷ་ཟུང་བཞི་བཅུ་རྩ་གསུམ་གྱིས་གཞན་དུའོ། །ཉིན་ཞག་གི་ཡན་ལག་འདི་ལས་ཐ་དད་དུ་བྱས་པ་རྣམས་ནི་གསུམ་གྱི་དབྱེ་བས་

เล่ม ๑๑ · หน้า 242a

སུམ་ཅུ་རྩ་བདུན་ལྷག་པའི་བརྒྱའི་གྲངས་སུ་འགྱུར་རོ། །ལྷ་དང་ལྷ་མོ་རྣམས་ནི་ཉིས་འགྱུར་ཏེ་བདུན་ཅུ་རྩ་བཞི་ལྷག་པའི་ཉིས་བརྒྱའི་གྲངས་སུ་འགྱུར་རོ་ཞེས་པ་སྒྱུ་འཕྲུལ་དྲ་བའི་ངེས་པ་སྟེ། འདིའི་སྤྲོས་པའི་དོན་ནི་ལེའུ་ལྔ་པ་ལས་བརྗོད་པར་བྱའོ་ཞེས་པ་ནི་སྒྱུ་

འཕྲུལ་དྲ་བ་བྱ་བའི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས་པའོ། །ད་ནི་འདུས་པ་རྣམ་པ་དྲུག་གི་དབྱེ་བ་གསུངས་ཏེ། ཐ་དད་དུ་བྱས་པའི་ལྷག་པའི་ཉིན་ཞག་གི་ཡན་ལག་དེ་ལས་དཔལ་ལྡན་འདུས་པ་དུས་ཀྱི་དབྱེ་བ་ནི་ཞེས་པ་སྟེ། དེ་ཉིད་ཅེས་བྱ་ཞེས་པ་ནི་ཉིན་ཞག་གི་ཡན་ལག་དེ་ལས་ཐ་

དད་དུ་བྱས་པའི་ལྷ་ཟུང་ཉི་ཤུ་རྩ་ལྔས་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་འགྱུར་རོ། །ལྷ་བཅུ་དགུ་ཐ་དད་དུ་བྱས་པས་ཉི་ཤུ་རྩ་ལྔ་པོ་འདི་ལས་དྲུག་གིས་དམན་པ་གཞན་བཅུ་དགུའི་བདག་ཉིད་དུ་འགྱུར་རོ། །ཉི་ཤུ་རྩ་ལྔའི་བདག་ཉིད་དང་བཅུ་དགུའི་བདག་ཉིད་དེ་དག་གི་ཕྱེད་ཀྱི་དབྱེ་བས་

རྣམ་པར་ཕྱེ་བ་ནི་དབྱེ་བ་གཞན་དུ་ཡང་འགྱུར་ཏེ་ཉི་ཤུ་རྩ་ལྔའི་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་སོ། །བཅུ་དགུའི་ཕྱེད་ནི་ཕྱེད་དང་བཅས་པའི་དགུ་སྟེ་འདི་ལས་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ལ་འཇུག་གོ། །དེ་ལ་གཅིག་ནི་དགུའི་བདག་ཉིད་དུ་འདུས་པའོ། །གཞན་

ནི་བཅུ་གསུམ་གྱི་བདག་ཉིད་དོ། །སླར་ཡང་བསྲེས་པ་ནི་འདུས་པའི་དབྱེ་བ་གཞན་གཉིས་སུ་འགྱུར་ཏེ་བཅུ་གསུམ་ཞེས་པ་ནི་བཅུ་དང་གསུམ་མོ། །བཅུ་དགུ་ནི་ཉི་ཤུར་གཅིག་གིས་མ་ཚང་བ་སྟེ་བཅུ་གསུམ་དང་བཅུ་དགུ་པོ་འདི་དག་གིས་ཀྱང་ལྷ་ཟུང་སུམ་བཅུ་རྩ་གཉིས་ཀྱི་འདུས་པར་འགྱུར་

རོ། །བུག་པ་སྟེ་དགུ་དང་དེ་ཉིད་བཅས་ཏེ་ཉི་ཤུ་རྩ་ལྔ་དང་བཅས་པ་ནི་ལྷ་ཟུང་སུམ་ཅུ་རྩ་བཞིས་འདུས་པ་གཉིས་པར་འགྱུར་ཏེ་དེ་ལྟར་འདུས་པ་དྲུག་གི་དབྱེ་བ་ཐ་དད་དོ། །རྒྱུད་ཀྱི་རྒྱལ་པོ་དྲུག་པོ་འདི་དག་ལ་ལྷ་ཟུང་གི་གྲངས་སུམ་ཅུ་རྩ་གཉིས་ལྷག་པའི་བརྒྱར་འགྱུར་རོ། །ཉིས་འགྱུར་

ནི་ལྷ་དང་ལྷ་མོའི་གྲངས་ཏེ་དྲུག་ཅུ་རྩ་བཞི་ལྷག་པའི་བརྒྱ་ཕྲག་གཉིས་སོ། །དེ་ལྟར་ན་འདུས་པ་དང་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་རྒྱལ་པོ་དགུ་པ་རྣམས་ལ་བདག་པོ་ཟུང་དང་བཅས་པ་བཞི་བཅུ་ལྷག་པའི་ལྔ་བརྒྱའི་ཉིན་ཞག་གི་ཡན་ལག་གི་གྲངས་ཀྱི་ལྷ་དང་ལྷ་མོར་འགྱུར་རོ། །རྒྱུད་

เล่ม ๑๑ · หน้า 242b

འདི་རྣམས་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཟླ་བ་དང་ཉི་མའི་རྐང་པ་རྫོགས་པའི་དབྱེ་བས་ཐ་དད་པ་ནི་མངལ་དུ་ཇི་ལྟ་བ་དེ་བཞིན་དུ་ལེའུ་ལྔ་པ་ལས་གདན་གྱི་དབྱེ་བས་བརྗོད་པར་བྱའོ་ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས་པའོ། །འདིར་མངལ་ནས་སྐྱེས་པའི་ཕུང་པོ་དང་ཁམས་རྫོགས་

པ་ནི་དགུའི་བདག་ཉིད་ཀྱི་འདུས་པའོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་འཁོར་ལོ་རྫོགས་པ་ནི་བཅུ་གསུམ་གྱི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དང་ཡུལ་རྫོགས་པ་ནི་བཅུ་དགུའི་བདག་

ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དང་ཡུལ་དང་མིག་ལ་སོགས་པ་དྲུག་རྫོགས་པ་ནི་ཉི་ཤུ་རྩ་ལྔའི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོ་བཞི་དང་གསང་བ་དང་གཙུག་ཏོར་གྱི་པདྨ་རྫོགས་པ་ནི་

སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་འཁོར་ལོ་དྲུག་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོ་དང་མཆོག་གི་དབང་པོ་དང་དགའ་བ་རྫོགས་པ་ནི་སུམ་ཅུ་རྩ་བཞིའི་བདག་ཉིད་ཀྱི་འདུས་པའོ། །མངལ་བཟུང་ནས་ལོ་བཅུ་དྲུག་གི་མཚམས་ཀྱི་བར་

དུ་བྱིས་པ་རྣམས་རྣམ་པ་དྲུག་ཏུ་འབྱུང་བ་ནི་འདུས་པའི་ངེས་པ་སྟེ་ལེའུ་ལྔ་པ་ལས་རྒྱས་པར་བརྗོད་པར་བྱའོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལ་ཕུང་པོ་དང་། ཁམས་དགུ་དང་སྤུ་ལ་སོགས་པའི་ཁམས་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་འཁོར་ལོ་བཞི་དང་བཅས་པ་དང་། རླུང་དང་།

མཁྲིས་པ་དང་བད་ཀན་དང་འདུས་པའི་ཁམས་དང་བཅས་པའི་ལས་ཀྱི་དབང་པོ་དྲུག་ནི་བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཀྱི་སྒྱུ་འཕྲུལ་དྲ་བའོ། །གཙུག་ཏོར་དང་གསང་བའི་པདྨ་དང་བཅས་པའི་བཞི་བཅུ་རྩ་ལྔའི་བདག་ཉིད་དོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་།

ང་རྒྱལ་དང་བཅས་པ་ནི་བཞི་བཅུ་རྩ་དགུའི་བདག་ཉིད་དོ་ཞེས་པ་ནི་སྒྱུ་འཕྲུལ་དྲ་བའི་ངེས་པ་སྟེ་ལེའུ་ལྔ་པ་ལས་རྒྱས་པར་བརྗོད་པར་བྱའོ། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་འབྱུང་བའི་ངེས་པའོ། །ད་ནི་ཕྱི་དང་ནང་གི་ཕྱག་རྒྱ་གསུངས་ཏེ། འདིར་ཐམས་ཅད་དུ་རྒྱུས་འབྲས་བུ་

เล่ม ๑๑ · หน้า 243a

ལ་རྒྱས་གདབ་པར་བྱ་སྟེ་འབྲས་བུས་ཀྱང་རྒྱུ་ལ་རྒྱས་གདབ་པར་བྱའོ། །རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མ་ནི་ཤེས་རབ་སྟེ་རྒྱུའོ། །ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་ཟླ་བ་ནི་ཐབས་ཏེ་འབྲས་བུའོ། །གཞན་ལ་ལྟོས་པ་ལས་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་ཟླ་བ་ནི་ཤེས་རབ་སྟེ་

རྒྱུའོ། །རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མ་ནི་ཐབས་ཏེ་འབྲས་བུའོ། །དེ་ལྟ་ན་ཐམས་ཅད་དུ་སྟོང་པ་ཉིད་ནི་ཤེས་རབ་སྟེ་རྒྱུའོ། །སྙིང་རྗེ་ནི་ཐབས་ཏེ་འབྲས་བུའོ། །འདིར་གང་ཞིག་ཟླ་བའི་ཆ་ཤས་ཉིན་ཞག་གི་ཚོགས་བཞི་བཅུ་རྩ་ལྔ་སྟེ་དེ་དག་ལས་གཟའ་ཡི་ཆ་ཡིས་ཐོབ་པ་ཉིན་ཞག་དྲུག་ནི་

རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག་ཏུ་འགྱུར་ཏེ་འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་གདུ་བུ་དང་སྐེ་རགས་དང་ཐལ་བ་དང་མཆོད་ཕྱིར་ཐོགས་པ་སྟེ་དུས་ཀྱི་འཁོར་ལོའི་ཕྱི་རོལ་གྱི་ཕྱག་རྒྱའོ། །གཞན་པའི་ཉིན་ཞག་ཆོ་གས་ཏེ་ལྷག་མ་གསུམ་གྱི་གྲངས་ནི་ནང་དུ་རྡོ་རྗེ་ཅན་གྱི་སྐུ་གསུང་ཐུགས་ཀྱི་

ཕྱག་རྒྱ་སྟེ་ཕྱི་དང་ནང་དུ་ཕྱག་རྒྱ་དགུར་རིག་པར་བྱའོ། །ཤེས་རབ་སྐུ་ཞེས་པ་ནི་ཤེས་རབ་ཀྱི་རྒྱུད་དང་ཐབས་ཀྱི་སྐུ་ཐབས་ཀྱི་རྒྱུད་ལ་དུས་སྦྱོར་གསུམ་རྣམས་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་དེ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དོ། །རྣལ་འབྱོར་མ་དང་རྣལ་འབྱོར་

གྱི་རྒྱུད་ལས་ཕྱག་རྒྱ་རབ་ཏུ་གསལ་བར་བྱས་པའི་ངེས་པའོ། །ད་ནི་ནུས་མ་ཞེས་པ་ལ་སོགས་པས་དུས་ཀྱི་འཁོར་ལོའི་ལྷ་དང་ལྷ་མོའི་གྲངས་གསུངས་ཏེ། འདིར་འཁོར་ལོ་དྲུག་གི་རྩ་སྣ་ཚོགས་པའི་རང་བཞིན་རྣམས་ལྷའི་ཚོགས་སོ། །ནུས་མ་ཁྲོ་བོ་རྣམས་ནི་རིམ་པས་བཅུ་རུ་

རབ་ཏུ་འགྱུར་ཏེ་ཞེས་པ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ནུས་མ་བཅུ་དང་གཙུག་ཏོར་ལ་སོགས་པའི་ཁྲོ་བོ་བཅུ་སྟེ་སོ་སོར་བཅུའོ། །ལྔ་ནི་སངས་རྒྱས་ལྷ་མོ་རྣམས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ལྷ་མོ་ལྔ་སྟེ་སོ་སོར་

ལྔའོ། །གཟུགས་སོགས་མིག་ལ་སོགས་པ་དྲུག་སྟེ་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དྲུག་དང་སའི་སྙིང་པོ་ལ་སོགས་པ་དྲུག་སྟེ་དེ་བཞིན་དུ་སོ་སོར་དྲུག་གོ། །སླར་ཡང་ལྷའི་ཚོགས་ནི་དྲུག་གཉིས་སོ་ཞེས་པ་ནི་དབང་པོ་ལ་སོགས་པ་བཅུ་གཉིས་ཀྱི་གྲངས་སོ། །

เล่ม ๑๑ · หน้า 243b

རྣལ་འབྱོར་མ་དང་ཀླུ་དང་གཏུམ་མོ་བརྒྱད་ཅེས་པ་ནི་ཙར་ཙི་ཀཱ་ལ་སོགས་པ་བརྒྱད་དང་། མཐའ་ཡས་ལ་སོགས་པ་བརྒྱད་དང་། ཁྱི་གདོང་མ་སོགས་པ་བརྒྱད་དེ་ལྷའི་ཆོ་གས་འདི་དག་ནི་སྒྲུབ་ཐབས་ཀྱི་ལེའུ་ལས་སོ་སོར་མིང་གི་དབྱེ་བས་བརྗོད་པར་བྱའོ། །སྲིད་པར་ཞེས་པ་ནི་ཕྱི་རོལ་

དང་ནང་དུའོ། །སླར་ཡང་འདི་དག་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཉིས་འགྱུར་ཏེ་འདི་དག་དཔལ་ལྡན་དུས་ཀྱི་འཁོར་ལོ་བཞི་ལྷག་བརྒྱ་སྟེ་དེ་ཡི་ཕྱེད་ཀྱང་ལྷ་ལྔ་བཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེ་ལྟར་ཉི་མ་དང་ཟླ་བའི་དབྱེ་བས་ཏེ་སླར་ཡང་དེ་དག་གཅིག་ཉིད་ཀྱིས་ལྷ་

ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་གི་བདག་ཉིད་ཀྱི་དུས་ཀྱི་འཁོར་ལོར་རིག་པར་བྱའོ། །པདྨའི་ལྟེ་བ་ལ་གནས་པའི་ལྷའི་ཚོགས་ཀྱི་ངེས་པའོ། །ད་ནི་ཙར་ཙི་ཀཱ་ལ་སོགས་པའི་པདྨའི་འདབ་མའི་ལྷ་མོ་རྣམས་གསུངས་ཏེ། ཉི་མའི་ཆ་ལས་ཏེ་སུམ་ཅུ་རྩ་གཉིས་ཀྱི་ཆས་

དབུགས་ཀྱི་འཁོར་ལོ་ལས་ཉིན་ཞག་སོ་སོར་ཆུ་ཚོད་གཉིས་ཐོབ་པ་གང་ཡིན་པ་དེ་ནི་ཟླ་བའི་དབུས་སུ་ཆུ་ཚོད་དྲུག་ཅུར་འགྱུར་ཏེ་རིགས་ལྡན་གྱི་རང་བཞིན་ནོ། །དེ་དག་རྣལ་འབྱོར་མ་སྟེ་དུས་སྦྱོར་བསྲེས་པ་ཞེས་པ་ལ་དུས་སྦྱོར་ནི་ཐུན་མཚམས་བཞི་སྟེ་དེ་དག་རིགས་ལྡན་ལ་བསྲེས་པ་ནི་དྲུག་

ཅུ་རྩ་བཞིར་འགྱུར་རོ། །དེ་དག་ཀྱང་ཤེས་རབ་དང་ཐབས་ཀྱི་དབྱེ་བས་གཉིས་ཀྱིས་བསྒྱུར་བ་ནི་ཉི་ཤུ་རྩ་བརྒྱད་ལྷག་པའི་བརྒྱའི་གྲངས་སུ་འགྱུར་རོ། །སླར་ཡང་ཉི་མའི་ཆ་ལས་ཉིན་ཞག་རབ་ཕྱེ་སྟེ་ཉིན་ཞག་སུམ་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བ་ནི་ནག་པ་ལ་སོགས་པའི་ཚེས་ནི་མཚན་

ཉིད་ཀྱི་ལྷའི་ཚོགས་ཏེ། དེ་ཉིད་སྒེག་མོ་ལ་སོགས་པ་བཅུ་གཉིས་དང་བཅས་པ་ཉིས་འགྱུར་དག་ཀྱང་ཉི་ཤུ་ལྷག་པའི་བདུན་བརྒྱའི་གྲངས་ཀྱི་ལྷའི་ཚོགས་སུ་འགྱུར་རོ། །མཐའ་དག་བསྡུས་པར་གྱུར་པ་ཞེས་པ་ནི་ལྷ་མོ་འདི་དག་མངོན་བརྗོད་རྣམས་དང་བཅས་པ་སྟེ། ལྷ་བདུན་

ཅུ་རྩ་གཉིས་དང་བཅས་པའི་ཕྱག་རྒྱ་དྲུག་དང་ལྷན་ཅིག་པ་ནི་ཉི་མའི་ཉིན་ཞག་སུམ་འགྱུར་ལོ་གསུམ་གྱི་ཉིན་ཞག་གི་གྲངས་སྟོང་བརྒྱད་ཅུའོ། །རྣལ་འབྱོར་མའི་རྒྱུད་ལ་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་ཀྱི་ལྷ་དང་ལྷ་མོར་རིག་པར་བྱ་བར་དགོངས་པ་སྟེ་དེ་ལྟར་ན་ཉི་མ་ལོ་ཡི་རབ་ཏུ་དབྱེ་

เล่ม ๑๑ · หน้า 244a

བར་འགྱུར་རོ། །རི་བོང་འཛིན་པ་ལ་སྒྱུ་འཕྲུལ་དྲ་བ་དང་། འདུས་པ་རྣམ་པ་དགུ་པོ་མཐའ་དག་ཕྱོགས་ཀྱི་དབྱེ་བ་སྟེ་ལྷའི་ཚོགས་བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་སོ། །དེ་ལྟར་ཉི་མ་དང་ཟླ་བའི་ལྷའི་ཚོགས་གཅིག་ཏུ་གྱུར་པ་རྣམས་ཀྱིས་ཀྱང་དང་པོའི་སངས་

རྒྱས་སུ་འགྱུར་རོ། །དང་པོའི་སངས་རྒྱས་དེ་ལ་མཁའ་ལག་མི་བདག་རྣམས་ཏེ་ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་གི་གྲངས་སོ། །ལྷ་དང་ལྷ་མོ་དེ་དག་རྣམས་ཀྱི་ཤེས་རབ་ཐབས་དག་མཚན་མོ་ཉིན་མོ་ཞེས་པ་ནི་གྲངས་བཞིན་དུ་ཤེས་རབ་མཚན་མོའི་ཆ་དང་ཐབས་ཉིན་མོའི་

ཆའོ། །མཉམ་པའི་ཆ་སྟེ་ཉིན་ཕྱེད་ནས་མཚན་ཕྱེད་དང་མཚན་ཕྱེད་ནས་ཉིན་ཕྱེད་ལ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་ཏེ། དབྱུག་གུའམ་ཆུ་ཚོད་བཅུ་ལྷག་པའི་བརྒྱད་བརྒྱ་རྣམས་ཀྱིས་མཚན་མོའི་ཆའོ། །དེ་བཞིན་དུ་ཉིན་མོའི་ཆ་སྟེ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་

འཁོར་དང་པོའི་སངས་རྒྱས་ལ་ལྷའི་ཚོགས་རྒྱུ་སྐར་གྱི་ཆུ་ཚོད་ཀྱི་གྲངས་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཕྱི་རོལ་དུ་སྐར་མའི་ཆུ་ཚོད་རྣམས་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ནི་དབང་པོ་

དྲུག་གི་ཆོས་རྣམས་ཀྱིའོ། །གང་གིས་རང་གི་ལུས་ལ་ཤེས་པར་གྱུར་པ་སྟེ། དེ་ལྟར་བརྗོད་པའི་རིམ་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་པོའི་སངས་རྒྱས་གང་གིས་རང་གི་ལུས་ལ་ཉིན་མཚན་དུས་ཐུན་མཚམས་དང་ཐུན་ཚོད་ལ་སོགས་པའི་དབྱེ་བ་དང་ཟླ་བ་འཕོ་བའི་དབྱེ་

བ་བཅུ་གཉིས་རྣམས་ཀྱིས་ཤེས་པར་གྱུར་པའི་རྣལ་འབྱོར་པ་དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་སྲིད་པའི་འཇིགས་འཇོམས་སངས་རྒྱས་སྐྱེ་བ་འདི་ཉིད་དག་ལའོ་ཞེས་པ་ནི་བསྡུས་པའི་རྒྱུད་དང་རྩ་བའི་རྒྱུད་ཀྱི་ལྷ་འབྱུང་བའི་ངེས་པའོ། །ད་ནི་སུམ་ཅུ་ཞེས་པ་ལ་སོགས་པས་མཆོག་གི་དང་པོའི་

སངས་རྒྱས་འདི་ལས་བསྡུས་པའི་རྒྱུད་འབྱུང་བ་གསུངས་ཏེ། འདིར་མཆོག་གི་དང་པོའི་སངས་རྒྱས་ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་ལས་སུམ་ཅུའི་ཆ་ཡིས་ཐོབ་པ་ནི་ལྷ་ལྔ་བཅུ་རྩ་བཞིར་འགྱུར་རོ། །སླར་ཡང་གསུམ་གྱིས་བསྒྱུར་བ་སྟེ་སྐུ་དང་གསུང་དང་ཐུགས་ཀྱིས་བསྒྱུར་བ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด