དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཙཀྲ་སཾ་བ་ར་པཉྫི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖ · หน้า 141a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་པཉྫི་ཀཱ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ།

དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །འདོད་ལྷ་ཁྱབ་འཇུག་བདེ་བྱེད་ཞེ་སྡང་སྦྲུལ་གདུག་མི་གསོ་འདོད་ཆགས་མཚོར་མི་རོལ། །རབ་ཏུ་རྨོངས་པའི་དྲ་བར་མི་གནས་སེར་སྣའི་མེ་ཡི་དགྲ་ཡི་སྟོབས་ནི་མེད་པར་བྱེད། །བདག་མེད་རྒྱུར་གྱུར་པ་ཡི་སྨོན་པ་རྣམ་སྤངས་སེམས་ཉིད་ཙམ་

དུ་དགའ་བས་རོལ་པ་ཡི། །ཞལ་བཞི་སྟོན་པར་མཛད་པའི་དཔལ་ལྡན་ཧེ་རུ་ཀ་ཡི་སྐུ་ཡིས་འགྲོ་བ་སྲུངས། །ལུས་དང་ཡིད་ལས་བྱུང་བ་ཡི། །གློ་སྐམ་མཛེ་སོགས་ཉོན་མོངས་ནི། །རྒྱུད་འདི་ལ་ནི་སྦྱོར་ནུས་པའི། །དད་དང་རིགས་ལྡན་དག་ལ་ཟད། །རྒྱུད་ནི་ཕུལ་བྱུང་རིན་པོ་ཆེའི། །ཕྱུག་པོ་གང་

གིས་ཚད་གཞལ་ནུས། །རྒྱ་མཚོ་ཆུ་ཡི་ཐིགས་པ་ནི། །གང་གིས་བགྲང་བར་མི་ནུས་སོ། །ནོར་སྦྱིན་ཉིད་ཀྱི་ཁྱིམ་འདི་ཡིས། །ཁྱིམ་གྱི་ནོར་ནི་བརྩི་མི་ནུས། །རྒྱུད་འདི་རྡོ་རྗེ་འཆང་བ་ཡིས། །ཐུགས་ཉིད་ཀྱིས་ནི་རབ་ཏུ་བསྟན། །དེ་ཕྱིར་བློ་དམན་བདག་ལ་ནི། །བླ་མ་དག་གིས་རབ་ཏུ་བྱིན། །ཉེ་བར་

བཞག་ནས་རྙེད་གྱུར་ཏེ། །ཐལ་ཕུང་ལ་ཡང་གཏེར་རྙེད་བཞིན། །གལ་ཏེ་ཤེས་བཞིན་མེད་པ་ཡིས། །བརྗེད་ངས་པ་ཡི་མཚོན་བཟུང་ནས། །རྐུན་མ་ཉིད་ཀྱིས་ཕྲོགས་འགྱུར་བས། །དེ་ཕྱིར་བདག་གིས་རྣམ་པར་དབྱེ། །བློ་ཡི་ཆད་བས་དམ་བཟུང་ཡང་། །ཚིག་དོན་བཟུང་བ་ཤིན་ཏུ་དཀའ། །གདམས་

ངག་མེད་པར་རྒྱུད་ལས་ནི། །བླངས་ནས་ཁས་འདོན་བུམ་མེ་བཞིན། །གང་གི་ཕྱིར་ཐམས་ཅད་དུ་དགོས་པ་མ་མཐོང་ན་འཇུག་པར་མི་འགྱུར་བར་སྣང་སྟེ། དེ་བཞིན་དུ་ཡང་། བསྟན་བཅོས་དག་ནི་ཐམས་ཅད་དང་། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བསྟན་པར། །དེ་སྲིད་འཇུག་

เล่ม ๑๖ · หน้า 141b

པར་རིགས་མ་ཡིན། །ཞེས་གསུངས་སོ། །གང་གི་ཕྱིར་བློ་དམན་པ་ཡང་དགོས་པ་མ་བསྟན་ན་ཐབས་ལ་འཇུག་པར་མི་འགྱུར་ཏེ། དམན་པ་ཡང་དགོས་པ་མ་བསྟན་ན་འཇུག་པར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ལ་དཔལ་འཁོར་ལོ་བདེ་མཆོག་དོན་དུ་གཉེར་བ་རྣམས་འཇུག་པའི་ཡན་

ལག་ཏུ་འཆད་པ་པོ་རྣམས་ཀྱིས་དེ་ཡང་དགོས་པ་སྟོན་ཏེ། དེ་ཡང་གསུངས་པ། མདོ་དོན་འཆད་པར་འདོད་པ་ཡིན། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ལ་བསྙད་པར་བྱ། །དེ་ཡང་རྗོད་པར་བྱེད་པ་ལ་སོགས་པ་སྟོན་པ་སྔོན་དུ་

འགྲོ་བས་ལེགས་པར་བཤད་པ་ཡིན་ནོ། །འོན་ཀྱང་དེ་ནས་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་འདིར་རེ་ཞིག་ཚིག་དོན་ནི་གཉིས་སུ་འཆད་དེ། དེ་ཡང་བསྟན་པར་བྱ་སྟེ། བསྡུས་པའི་དོན་དང་ཕྱོགས་ལས་མདོ། །ཞེས་པ་ལ་སོགས་པ་སྟེ་སྒྲུབ་པའི་

ཐབས་ལས་རྒྱས་པར་བཤད་པར་བྱའོ། །ཚིག་གི་དོན་ལ་སོགས་པ་རིམ་པར་སྟོན་པ་དང་འཆད་པར་འགྱུར་རོ། །ཞལ་བཞི་པ་ལ་སོགས་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ནི་སྟོན་པ་པོ་སྟེ། དེ་ཡང་དེ་ཉིད་དངོས་སུ་སྤྲུལ་པའི་སྐུར་གནས་པའོ། །རྒྱུད་འདི་ནི་ཐོག་མ་མེད་པའི་དུས་ནས་བསྟན་པར་བྱ་བ་

ཉིད་དུ་གནས་ཏེ། སེམས་ཅན་རྣམས་ཀྱི་བསོད་ནམས་མ་ཡིན་པས་ཁ་ཅིག་ཏུ་ནི་ནུབ། ལ་ལར་ནི་བསོད་ནམས་ཀྱི་དབང་གིས་དར་རོ། །དེ་ཡང་བསྟན་བྱ་དང་སྟོན་པ་པོ་ལ་སོགས་པ་འདི་སྒྱུ་མ་ལྟ་བུ་སྟེ། དེ་བཞིན་གཤེགས་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་བོ། །འདིའི་ཕྱིར་བཅོམ་

ལྡན་འདས་རྡོ་རྗེ་ཕག་མོ་ནི་ཞུ་བ་པོའོ། །ཕྱག་ན་རྡོ་རྗེ་ནི་སྡུད་པ་པོ་སྟེ། དེ་ཡང་ཐུན་མོང་དུ་བསྟན་པ་གཏང་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ཞལ་བཞི་པ་ལ་སོགས་པའི་སྐུ་སྟོན་པ་པོ་དང་བསྟན་པར་བྱ་བ་དང་། སྟོན་པ་པོ་ལ་སོགས་པའི་དོན་མ་ལུས་པ་རྒྱུད་ཀྱིས་སྟོན་པར་གྲུབ་སྟེ།

བདེ་བར་གཤེགས་པས་གསུངས་པ་ཡིན་ཏེ། རྒྱུ་དང་འབྲས་བུ་ལ་སོགས་པ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་སོགས་པ་བཞིན་དུ་བྱས་པ་ནི་མ་ཡིན་ནོ། །འདིར། དཔའ་བོ་བྱེ་བ་

เล่ม ๑๖ · หน้า 142a

ཉིད་དང་ཡང་། །སངས་རྒྱས་བྱེ་བས་ལེགས་པར་བཤད། །ཅེས་གསུངས་སོ། །གཞན་ཡང་། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུངས་པར་འགྱུར། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་

གསུངས་པ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །གང་ཡང་འདིར་ནི་གླུར་བླངས་པ། །ཞེས་བྱ་བར་གསུངས་སོ། །འདིར་གསུངས་པ་ནི་སྟོན་པ་ཉིད་དེ་གཞུང་དང་དོན་ཐུན་མོང་དུ་ཚིག་དང་ཡི་གེ་ལ་སོགས་པས་སངས་རྒྱས་ཀྱིས་དུས་ངེས་པ་མེད་པར་སྟོན་བཞིན་པའི་དཔལ་

འཁོར་ལོ་སྡོམ་པའི་རྒྱུད་ལ་འཇུག་པར་བྱེད་དེ། དེ་ཉིད་སྟོན་པར་འདོད་པས་བཅོམ་ལྡན་འདས་ཀྱིས་དེ་ནས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་དཔལ་བདེ་མཆོག་འཁོར་ལོ་ལ་ལྷག་པར་མོས་པ་རྣམས་ཀྱི་དོན་དུ་གྲངས་འབུམ་པའི་རྩ་བའི་རྒྱུད་

ལས་ཕྱུང་སྟེ། མདོར་བསྡུས་པ་ལ་དགའ་བའི་དོན་དུ་སྟོན་ཏོ། །རྡོ་རྗེ་ཕག་མོ་གསོལ་བ་འདེབས་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་དེ་ནས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་ལན་གསུངས་སོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་རྗེས་ཐོགས་ཏེ། ཨ་ཐ་ཞེས་སོགས་ཕྱིས་པ་ལ་ལྔ་པའོ། །

རྩ་བའི་རྒྱུད་བསྟན་པའི་རྗེས་ཐོགས་སོ། །རྩ་བའི་རྒྱུད་ཉིད་བཞིར་བྱ་སྟེ་གསང་བ་བཤད་པར་བྱ་ཞེས་སྦྱར་རོ། །དེ་ལ་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་དོན་གཞན་དུ་བྱ་བར་མི་ནུས་ཏེ་འདིར་དེ་ཉིད་ཀྱི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །བྱེ་བྲག་ནི་གཞུང་བསྡུས་པ་ཙམ་མོ། །ཡང་ན་

གང་གི་ཕྱིར་རྡོ་རྗེ་ཕག་མོས་བདག་ལ་གསོལ་བ་བཏབ་པའི་རྒྱུའི་ཕྱིར་གསང་བ་བཤད་པར་བྱ་ཞེས་སྦྱོར་རོ། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་བྱ་བའི་ཚིག་གིས་གསོལ་བ་བཏབ་པར་གྲུབ་བོ། །གང་གི་ཕྱིར་གསོལ་བ་མ་བཏབ་པར་ཆོས་བཤད་པ་ནི་ལེགས་པ་མ་

ཡིན་ཏེ། ཕར་བསྐུལ་ནས་ཆོས་བཤད་ན་མི་གུས་པ་སྲིད་པའི་ཕྱིར་རོ། །གསོལ་བ་འདེབས་པ་པོ་ལྷ་མོ་ཡིན་པར་ཇི་ལྟར་ངེས་ཤེ་ན། གང་གི་ཕྱིར་བླ་མའི་བརྒྱུད་པ་ལ་རྩ་བའི་རྒྱུད་དེ་ཉིད་ཀྱིས་གསོལ་བ་འདེབས་པ་ཡིན་ནོ། །དེའི་ཕྱིར་འདིར་ཡང་དེ་ཉིད་གསོལ་བ་འདེབས་པ་པོར་

เล่ม ๑๖ · หน้า 142b

གོ་བར་བྱའོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཞུ་བ་པོ་ཡིན་པས་བཅོམ་ལྡན་འདས་མ་ནི་སྟོན་པ་པོ་ཡིན་ཟེར་ཏེ། དེ་བཞིན་གཤེགས་པའི་དགོངས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ར་ཧ་ཞེས་བྱ་བ་ནི་དུས་དང་ཡུལ་དང་རང་བཞིན་ཏེ་སྐྱེ་འགྲོ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པས་

སོ། །དུས་ནི་འདས་པ་ལ་སོགས་པ་སྟེ། དེ་ཡང་རྟག་པའི་དུས་ནི་ཁྱད་པར་དུ་ཞེས་བྱ་བ་ལ་སོགས་པས་བརྗོད་དོ། །ཡུལ་ནི་ཡུལ་ཕྱོགས་སོ། །དེ་ནི་གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བརྗོད་དོ། །རང་བཞིན་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ། དེ་ཡང་དཔལ་ཧེ་རུ་ཀ་

བསྒོམ་པའི་གནས་སུ་དམ་ཚིག་གི་སྤྱོད་པ་དང་། གསོལ་བ་གདབ་པ་དང་མཆོད་པ་ལ་སོགས་པའི་མཚན་ཉིད་དོ། །ཡང་ན་རྡོ་རྗེ་འཆང་ཆེན་པོ་ལ་གསང་བའི་སྒྲས་བརྗོད་དེ། དེ་སྐྱེ་འགྲོ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདིའི་ཕྱིར་ཐུན་མོང་དུ་སྐྱེ་བོ་

རྣམས་ཀྱིས་རྟོག་པ་དང་བྲལ་བས་དབེན་པ་ཉིད་དེ་དེ་ལས་བྱུང་བ་ནི་གསང་བའོ། །དེ་ཡང་དཔའ་བོ་ཉི་ཤུ་རྩ་བཞི་དཔའ་མོ་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པའི་དཔལ་ཧེ་རུ་ཀ་བསྒོམ་པའི་གནས་དང་དམ་ཚིག་གི་སྤྱོད་པ་ལ་སོགས་པ་ཇི་སྲིད་པ་ནི་རྒྱུད་ཀྱིས་སྟོན་ཏེ་འདི་ཉིད་ཀྱི་

ཕྱིར་དེ་ཉིད་བརྗོད་བྱའོ། །དེ་ཉིད་ཀྱི་ཕྱིར་ཡང་དཔལ་འཁོར་ལོ་སྡོམ་པའི་དོན་དང་སྐུ་བཤད་པར་བྱ་ཞེས་བྱའོ། །སྐུ་ནི་རྗོད་བྱེད་དུ་བྱས་ཏེ་སྐུ་རྗོད་བྱེད་དུ་བྱས་པ་ཉིད་ཀྱིས་བརྗོད་བྱ་གསལ་བར་བྱས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་གཉིས་བརྗོད་

བྱ་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པའོ། །འདིའི་ཕྱིར་རྗོད་བྱེད་ཀྱི་དགོས་པ་ནི་ཕྱིན་ཅི་མ་ལོག་པར་བརྗོད་པར་བྱ་བ་སྟོན་པའོ། །བརྗོད་པར་བྱ་བའི་དགོས་པ་ནི་འདི་ཉིད་ཡོངས་སུ་ཤེས་པར་བྱས་ནས་མངོན་དུ་བྱེད་པའོ། །དེའི་ཡང་དགོས་པ་ནི་ཆོས་སྟོན་པ་ལ་སོགས་པས་འགྲོ་བའི་དོན་

བྱེད་པ་སྟེ། མངོན་དུ་མ་བྱས་ན་གཞན་ལ་སྟོན་པར་མི་ནུས་སོ། །ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་སྟེ། ཐབས་ནི་འདིར་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་མཚན་ཉིད་དོ། །དེ་ཡང་ཇི་ལྟར་འདོད་པ་དང་རྗེས་སུ་མཐུན་པར་ཡུལ་ལ་ཉེ་བར་ལོངས་སྤྱོད་པས་

เล่ม ๑๖ · หน้า 143a

གོམས་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཐབས་ལས་བྱུང་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལྟར་ཡང་། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་པ། །ངག་ནི་ཡོངས་སུ་བརྟགས་པར་རིགས། །དེ་ལས་གཞན་ནི་བརྟག་བྱ་

མིན། །བདག་གིས་རེ་ཞིག་བསྡུས་པའི་དོན་དུ་གསོལ་བ་བཏབ་པ། ཅི་ཤེས་སྙམ་པའི་རྡོ་རྗེ་ཕག་མོའི་དོགས་པ་བསུ་བའི་དོན་དུ་འདི་ཉིད་བཤད་ཅེ་ན་གསུངས་པ། མདོར་བསྡུས་པ་སྟེ་ཞེས་བྱ་སྟེ་ཀུན་སྡུད་པས་ན། མདོར་བསྡུས་པ་ནི་ཉུང་བར་གྱུར་པའོ། །དེ་ལ་དོན་ནམ་གཞུང་གང་ཡིན་སྙམ་

པ་ལ་རྒྱས་པར་མིན་ཞེས་བྱ་སྟེ། མིན་ནི་ངེས་པར་གཟུང་བ་སྟེ། དོན་བསྡུས་པ་ཁོ་ན་མ་ཡིན་ནོ། །དོན་ལ་དོགས་པ་བསལ་བའི་དོན་དུ་སྒྲ་བསྡུས་པ་ཡིན་གྱི་དོན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞུང་བསྡུས་པ་ཉིད་དུ་མངོན་པར་འདོད་པ་ཁོ་ནར་དགོངས་པའོ། །དོན་བསྡུས་པར་

མ་ཡིན་པར་ཇི་ལྟར་ཤེས་ན་རྒྱས་པར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དོན་མང་པོ་ཉིད་ནི་རྒྱས་པའོ། །གལ་ཏེ་འདི་ལ་དོན་བསྡུས་པ་ཡིན་པ་དེ་ལྟ་ན་ནི་མངོན་པར་འདོད་པའི་དོན་ནི་མི་འགྲུབ་པའི་ཕྱིར་དང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས་མ་བསྟན་པར་འགྱུར་རོ། །ནམ་མཁའ་

དང་མཉམ་པའི་གཞུང་ལས་མདོར་བསྡུས་ནས། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལ་ལྷག་པར་མོས་ཤིང་འདོད་པའི་གདུལ་བྱའི་མོས་པའི་དབང་གིས་སྟོན་པས་གསུངས་པའོ། །དེ་ལྟར་གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་གདུལ་བྱ་ལ་འདོད་ཆགས་ལ་སོགས་པ་དེ་ཉིད་སྟོན་ཏེ།

དེ་ལྟར་ཡང་། ཇི་ལྟར་མེ་ཡིས་ཚིག་པ་ལ། །ཡང་ནི་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་ལ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་གསུངས་སོ། །གཞན་ཡང་། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་ཕྱིར་འདོད་ཆགས་

དང་བྲལ་བ། །ནམ་ཡང་ཁྱོད་ཀྱིས་མི་བྱའོ། །ཞེས་བྱའོ། །གསང་བའི་ཚིག་གི་དོན་གང་བསྟན་པ་དེ་ཉིད་ཅུང་ཟད་རྒྱས་པར་འཆད་དེ་ཧེ་རུ་ཀ་དཔལ་ཞེས་བྱ་བ་གསུངས་སོ། །ཀུན་རྫོབ་ཏུ་ཞལ་དང་ཕྱག་ལ་སོགས་པའི་གཟུགས་སུ་སྦྱོར་བ་ནི་ཡང་དག་པར་སྦྱོར་བའོ། །ག་ཏ་ནི་ལས་ཀྱི་

เล่ม ๑๖ · หน้า 143b

རྐྱེན་དུ་བྱས་པའོ། །དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་སུ་མངོན་པར་འཛིན་ནོ། །ཧེ་ནི་རྒྱུ་ལ་སོགས་པ་སྟོང་པ་ཉིད་དོ། །རུ་ནི་སྨོན་པ་དང་བྲལ་བའོ། །ཀ་ནི་གང་དུ་ཡང་མི་གནས་པ་སྟེ། དཔལ་ཧེ་རུ་ཀ་ཞེས་བྱ་བར་གནས་སོ། །དེ་ཡང་། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །

རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་སོ། །གཞན་ཡང་། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཡིས་རྒྱུ་ནི་སྤངས་པ་སྟེ། །རུ་ནི་གཟུགས་ལས་ངེས་པར་གྲོལ། །ཀ་ཡིས་བྱེད་པ་ལས་གྲོལ་བའོ། །བལྟ་བར་བྱ་བས་ན་གཟུགས་སོ། །བྱེད་པ་ནི་དབང་པོ་

ལ་སོགས་པའོ། །ཡང་ན། ཧེས་ནི་བདུད་ལས་རྒྱལ་བ་སྟེ། །རུས་ནི་ཕྱོགས་སྒོ་ཐམས་ཅད་འགེངས། །ཀ་ནི་རྟོག་པའི་དྲ་ལས་གྲོལ། །དེས་ནི་ཧེ་རུ་ཀ་ཞེས་བརྗོད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དེ་དང་ལྡན་པའི་ཧེ་རུ་ཀ་ལ་དཔལ་ཧེ་རུ་ཀ་ཞེས་བྱ་བ་ནི་ཚིག་དབུ་མ་ཕྱིས་པའི་བསྡུ་བ་སྟེ།

རིམས་ཞི་བར་བྱེད་པའི་སྔགས་ལ་རིམས་ཀྱི་སྔགས་ཞེས་ཟེར་བ་ལྟ་བུའོ། །ཡང་དག་སྦྱོར་བ་ཉིད་ནི་ཁྱད་པར་རོ། །གང་གི་ཕྱིར་བརྗོད་པར་འདོད་པས་ཁྱད་པར་དང་ཁྱད་པར་གྱི་གཞི་ཞེས་དགོངས་པའོ། །དེ་བཞིན་དུ་དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་ཡང་དེའོ། །དཔལ་ཧེ་

རུ་ཀ་ནི་གསང་བའི་སྒྲ་བརྗོད་པར་བྱ་བའི་ཕྱོགས་གཅིག་གོ། །དེ་བཤད་པར་བྱ་ཞེས་སྔོན་དུ་སོང་བའི་བྱ་བ་ཉིད་དང་སྦྱོར་རོ། །རང་གི་དོན་ཕུན་སུམ་ཚོགས་པ་དཔལ་ཧེ་རུ་ཀ་བསྟན་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་དེ་ཁྱད་པར་དུ་བྱེད་པ་ནི། ཐམས་ཅད་ཅེས་བྱ་

བ་ལ་སོགས་པ་གསུངས་སོ། །ཐམས་ཅད་ནི་དགྲ་བོ་དང་མཛའ་བོ་དང་ཐ་མལ་པ་རྣམས་དང་ལྷ་དང་ལྷ་མ་ཡིན་ལ་སོགས་པའམ། སེམས་ཅན་གྱི་འདོད་པ་ནི་མངོན་པར་འདོད་པ་སྟེ་ཡིད་ལས་འདོད་པའི་བར་རོ། །དེ་རྣམས་ཀྱི་དོན་གྱི་ཡུལ་ནི་ཡུལ་ཏེ། དེ་ཡང་བདེ་བ་མ་རྙེད་པ་རྙེད་

པ་དང་། རྙེད་པ་མི་འབྲལ་བ་དང་། སྡུག་བསྔལ་བྱུང་བ་དང་མི་སྦྱོར་བ་དང་། མ་བྱུང་བ་མི་བསྐྱེད་པར་དེ་ལ་སྒྲུབ་པ་པོས་མངོན་དུ་བྱེད་པའོ། །སྒྲུབ་པ་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གང་ཞེ་ན། བླ་མ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཙོ་བོ་ལས་ཀྱང་གཙོ་བོ་

เล่ม ๑๖ · หน้า 144a

སྟེ། ཧེ་རུ་ཀ་དཔལ་སྦྱོར་བ་ལ་འཇུག་པའི་ཡན་ལག་ཏུ་གང་གི་ཕྱིར་གཙོ་བོ་ཉིད་དུ་བསྟན་པའོ། །གཙོ་བོ་མ་ཡིན་ན་དེ་ལས་ལྷག་པར་མོས་པ་ཡང་གཙོ་བོ་ཉིད་མ་ཡིན་པར་གྲུབ་པས་མི་འཇུག་སྟེ། དེ་རྣམས་དེ་ལ་གཙོ་བོ་མ་ཡིན་པའི་བློ་མེད་དོ། །གཙོ་བོ་ཡང་དེ་

ལས་ལྷག་པར་མོས་པ་རྣམས་ལ་གཙོ་བོར་བསྟན་པས་འཇུག་སྟེ། འདི་ཉིད་ཆོས་ཉིད་དེ་ཐུན་མོང་མ་ཡིན་པར་འདོད་པས་སོ། །གང་གི་ཕྱིར་བླ་མར་གྱུར་པའི་ལྷ་གཞན་ཡོད་ཀྱང་དེ་ལས་ཀྱང་བླ་མར་གྱུར་པའི་ལྷ་དཔལ་ཧེ་རུ་ཀ་ཞེས་དགོངས་པའོ། །ཡང་ན་ཕུལ་དུ་བྱུང་བའི་བསོད་ནམས་

དང་ཡེ་ཤེས་ཀྱི་ཚོགས་ལ་ཤིན་ཏུ་སྦྱོར་བས་ཉན་ཐོས་ལ་སོགས་པ་ལས་བླ་མ་བཅོམ་ལྡན་འདས་ཏེ། འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་དང་ཐབས་ཕུན་སུམ་ཚོགས་པ་བསྟན་ཏོ། །བླ་མ་ལས་བླ་མ་ཡིན་པ་ཇི་ལྟར་ཡིན་ཞེ་ན། མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཌཱ་ནི་

དམིགས་པ་མེད་པའི་ཡེ་ཤེས་བདག་ཉིད་ཀྱིས་མངོན་དུ་བྱེད་ནུས་པ་འདིའི་ངང་ཚུལ་ལོ་ཞེས་པ་ཌཱ་ཡི་ནི་སྟེ། ངེས་པའི་ཚིག་གིས་ཀར་བྱས་པས་ཌཱ་ཀི་ནཱིའོ། །གང་གི་ཕྱིར་ཌཻ་ནི་ནམ་མཁའ་ལ་འགྲོ་བ་སྟེ། འདིར་སྐད་ཀྱི་བྱིངས་ལས་རྣམ་པར་དག་པ་ནམ་མཁའ་ལ་འགྲོ་བ་ནི་བྱ་སྟེ་དེ་དང་འདྲ་བས་

ཐབས་དང་ལྡན་པ་ནི་ནམ་མཁའོ། །དེ་ཡང་འདིར་དམིགས་པ་མེད་པའི་ལམ་གྱི་གཤོག་པས་འགྲོ་བའོ། །དམིགས་པ་མེད་པའི་ཡེ་ཤེས་རྣལ་འབྱོར་པས་ཐབས་དང་མངོན་དུ་བྱེད་པའོ། །དེ་རྣམས་ཀྱི་ཡེ་ཤེས་ནི་ནམ་མཁའ་སྟེ། དེ་ལས་འགྲོ་བ་ནི་གནས་ཏེ་འདིར་འགྲོ་བ་ནི་གནས་པའི་དོན་

ཏོ། །དེ་ཡང་ངལ་སོས་ཏེ་མི་དམིགས་པའི་ཡེ་ཤེས་མངོན་དུ་བྱས་ནས་གཞན་ཀུན་དུ་སྤྱོད་པ་འགགས་ཏེ། འདི་ནི་གཞན་དུ་སྤྱོད་པ་མེད་པའོ། །དེའི་ཡེ་ཤེས་ནི་ཤེས་རབ་སྟེ་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་ནི་སྟོང་པ་ཉིད་དོ། །དྲ་བ་ནི་ཐབས་ཏེ་གང་གི་ཕྱིར་དྲ་བས་ཉ་ལ་

སོགས་པ་སྡོམ་པར་གྲུབ་པོ། །གང་གི་ཕྱིར་ཐབས་ཀྱིས་ཉོན་མོངས་པའི་ཉ་ལ་སོགས་པ་ཉིད་བསྡམས་པས་ཅི་ཡང་མི་བྱེད་དེ། དེ་ཉིད་ཀྱི་སྡོམ་པ་ནི་བདེ་བ་སྟེ་ཁ་ན་མ་ཐོ་བ་ཕྱིར་བསལ་ནས་སྡོམ་པར་བྱེད་པས་མཁའ་འགྲོ་མའི་དྲ་བ་སྡོམ་མོ། །ཤམ་ནི་བདེ་བའི་ཚིག་ཉིད་དེ། །ཤམ་ནི་བདེ་བར་

เล่ม ๑๖ · หน้า 144b

བརྗོད་པ་བྱ། །ཞེས་གསུངས་པའི་ཕྱིར་རོ། །གང་ཡང་འཇིག་རྟེན་པ་རྣམས་ནི་ཤམ་གྱི་སྒྲ་ནི་རྐན་ལས་བྱུང་བར་འདོད་དོ། །ཡང་ན་མཁའ་འགྲོ་མ་དང་ལཱ་མ་ལ་སོགས་པ་རྣམས་རང་ལས་སྤྲུལ་ཞིང་འཆང་བས་ན་བྱིངས་སོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ཐབས་ཕུན་

སུམ་ཚོགས་པའི་སྒོ་ནས་ཁྱད་པར་དུ་བྱེད་དེ་ཁྱད་པར་གསུམ་གྱིས་ཁྱད་པར་དུ་བྱས་པའི་དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་བཤད་པར་བྱ་ཞེས་སྦྱར་རོ། །འདིར་ནི་སུའི་མཐའ་ཅན་དང་ཏིའི་མཐའ་ཅན་གྱི་ཚིག་ཐམས་ཅད་དུ་བཤད་པར་བྱའོ། །མཚམས་སྦྱར་ནི་དགོངས་པ་སྟེ། ཐོས་པ་

དང་བསམ་པ་ལ་སོགས་པ་ཡང་དང་ཡང་དུ་བྱེད་པའོ། །རྒོལ་བ་ནི་མི་མཐུན་པའི་ཕྱོགས་སུ་བྱས་ནས་རྒོལ་བའོ། །ལན་ནི་བརྒལ་པ་ཡོངས་སུ་སྤངས་པའོ། །གོང་དུ་བསྟན་པ་གང་འོག་ནས་འབྱུང་བའི་གནས་སྐབས་སུ་རང་གི་བློས་དཔྱད་ཅིང་གོ་བར་བྱའོ། །འདི་ཐམས་ཅད་གང་དུ་གནས་

ནས་བདག་གིས་བཤད་ཅེས་པ་ལ་གསང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་སྒྲས་ནི་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུ་དང་། དུར་ཁྲོད་དུ་གྲགས་པའི་འཁོར་ལོ་ལྔ་ལ་གནས་པ་དཔའ་བོ་དང་བཅས་པ་དང་། དཔའ་བོ་མེད་པའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་བཟང་པོ་

དེ་ལ་བརྟེན་པས་གསང་བ་སྟེ་རྣལ་འབྱོར་མ་རྣམས་ཀྱིས་གནས་སུ་རུང་ཞེས་བྱ་བའི་དོན་ཏོ། །དེ་ཡང་གཞལ་ཡས་ཁང་པའོ། །འདིས་ཅི་ཞིག་བརྗོད་ཅེ་ན་མཆོག་ཅེས་གསུངས་ཏེ། མཆོག་ནི་མྱ་ངན་ལས་འདས་པ་སྟེ། འདི་ནི་གང་ཇི་སྲིད་པའི་འབྲས་བུ་འདོད་པས་ན་མཆོག་གོ། །ཡང་ན་མཆོག་

ནི་དགྲ་སྟེ་རྒྱུ་ཉོན་མོངས་པའོ། །དེ་ཡང་མཆོག་ནི་སྤང་ཞིང་ཡོངས་སུ་སྤང་སྟེ་འཇོམས་པར་བྱེད་པ་ཡིན་པ་དེ་མཆོག་ཅེས་བྱའོ། །དགྱེས་པ་ནི་འདིས་རོལ་པ་སྟེ་སྒྱུ་མ་ལྟ་བུར་སོ་སོར་སྣང་ཞིང་གསལ་བཞིན་པ་ཉིད་ཀྱི་ཕྱིར་རོ། །འདིའི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་དགྱེས་ཤིང་རོལ་པ་དེ་

མངོན་དུ་བྱེད་པ་ལ་ཡང་ཐམས་ཅད་ནས་མ་ཡིན་པའི་ཕྱིར་བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་ནི་བརྟན་པ་དང་གཡོ་བ་ལ་སོགས་པའི་བདག་ཉིད་གང་ཡིན་པ་དེ་ཐམས་ཅད་བདག་ཉིད་དེ་གཞལ་ཡས་ཁང་པའོ། །དེ་ལ་གནས་པ་ནི་དེ་ལས་གཞན་དུ་འགྲོ་བ་ལྡོག་སྟེ་

เล่ม ๑๖ · หน้า 145a

འགྲོ་བར་བྱ་བ་ལས་གཞན་མེད་པའི་ཕྱིར་རོ། །རྟག་ཏུ་ཞེས་པ་ནི་འཁོར་བ་ཇི་སྲིད་ཀྱི་བར་རོ། །གནས་ཕུན་སུམ་ཚོགས་པ་ཡོད་དུ་ཟིན་ཀྱང་གནས་ཕུན་སུམ་ཚོགས་པ་མེད་པར་འགྱུར་རོ་ཞེས་པ་ལ། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་པ་ལ་སོགས་པ་

གསུངས་ཏེ། མཁའ་འགྲོ་ཀུན་ནི་མཁའ་འགྲོ་མ་དང་ལཱ་མ་ལ་སོགས་པ་སྟེ། དེ་ཡན་ལག་ཏུ་གྱུར་པའི་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཕྱིར་དེའི་ཡན་ལག་དང་ཉིང་ལག་ཉིད་ཀྱིས་བདག་ཉིད་ཆེན་པོའོ། །ཡང་ན་དབང་པོ་དང་བཅས་པར་སྨྲས་ན་ཚིག་ཆད་མ་ཉིད་

དུ་འགྱུར་བའོ། །མཁའ་འགྲོ་ཀུན་ཞེས་བྱ་བ་ལ་སོགས་པས་འཁོར་བསྟན་ཏོ། །གཞན་གྱི་དོན་མི་བྱེད་པ་ནི་སྟོན་པ་པོ་བདག་ཉིད་ཆེ་བ་མ་ཡིན་ནོ་ཞེས་པ་ལ། སེམས་དཔའ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་དོན་བྱེད་པ་ལ་ཞུགས་པ་ཉིད་ཀྱི་ཕྱིར་སེམས་དཔའོ། །དེ་ལྟར་གྱི་དོན་

ཡང་གང་གི་ཡིན་པར་ངེས་ཞེས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་གསུངས་ཏེ་དབྱེར་མི་ཕྱེད་པའི་བསམ་པ་སྟེ། མི་ཕྱེད་པ་ལ་ལྷག་པར་མོས། །ཞེས་དགོངས་སོ། །དོན་དམ་པའི་རྣམ་པར་རྟོག་པ་ཡང་དོན་རབ་ཏུ་བསྒྲུབ་པའི་ནུས་པ་མེད་དོ་ཞེས་པ་ལ། བདེ་བ་ཞེས་གསུངས་ཏེ། བདེ་བ་ནི་ཤིན་

ཏུ་བདེ་བ་སྟེ། སྟོང་པ་ཉིད་དོ། །དོན་དམ་པ་དང་དོན་དམ་པ་མ་ཡིན་པ་གཉིས་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །འདི་ཡང་བྱ་བའི་ཁྱད་པར་ཡིན་ནོ། །དངོས་པོ་མེད་པ་ལ་ལྷག་པར་མོས་པ་ནི་མཛེས་པ་མ་ཡིན་ཞེས་པ་ལ། མཆོག་ཅེས་གསུངས་ཏེ། གཞན་གྱི་དོན་ལ་དགའ་བས་ན་

མཆོག་གོ། །འདི་ནི་བྱ་བའི་ཁྱད་པར་ཡིན་པ་དེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །གནས་ལ་སོགས་པ་ཕུན་སུམ་ཚོགས་པའི་བདག་ཉིད་དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་བཤད་པར་བྱ་ཞེས་སྦྱར་རོ། །གལ་ཏེ་དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་ཁྱོད་ཀྱིས་དངོས་སུ་མངོན་དུ་བྱས་ན་དེ་

ཇི་ལྟར་བཤད་ཅེས་སྙམ་པ་ལ། འདི་ནི་ཞེས་པ་ལ་སོགས་པ་གསུངས་ཏེ་འདི་ནི་ངེས་པར་གཟུང་བའོ། །འདི་ནི་དཔལ་ཧེ་རུ་ཀ་ཉིད་ཡང་དག་པར་སྦྱོར་བ་རང་ཉིད་ནི་བདག་ཡིན་པས་དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་བཤད་ཅེས་བྱའོ། །དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བའི་ངོ་བོ་ཉིད་

เล่ม ๑๖ · หน้า 145b

མངོན་དུ་བྱས་ནས་དེ་ཉིད་སྟོན་ནོ་ཞེས་དགོངས་སོ། །དེ་ལྟར་ཡིན་ཡང་ཁྱོད་ཡོན་ཏན་གྱི་གནས་མ་ཡིན་ནོ་ཞེས་པ་ལ། རང་བྱུང་ཞེས་གསུངས་ཏེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བའི་ས་གཞི་དེ་ཡིན་ནོ། །དེ་གང་ཡིན་ཞེས་པ་ལ། བཅོམ་ལྡན་

འདས་ཞེས་པ་ལ་སོགས་པ་གསུངས་ཏེ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་འདི་ལ་ལྡན་ཞེས་བྱ། །བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །བཅོམ་པ་དང་ལྡན་པ་ཉིད་ཇི་

ལྟར་ཞེས་པ་ལ། དཔའ་ཞེས་གསུངས་ཏེ། ཉོན་མོངས་པའི་གཡུལ་ལས་རྒྱལ་བས་ན་དཔའ་བོའོ། །དེ་ལྟར་ཡང་། ཉོན་མོངས་ལ་སོགས་བདུད་རྣམས་ནི། བཞི་པོ་བཅོམ་པས་བཅོམ་ལྡན་ནོ། །ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང་ལྷའི་བུའི་བདུད་རྣམས་བཅོམ་པའོ། །

གཞན་ཡང་། ཉོན་མོངས་ལ་སོགས་བདུད་འཇོམས་པས། །འཇོམས་ཕྱིར་བཅོམ་ལྡན་ཞེས་སུ་བརྗོད། །དེ་ལྟར་ཉོན་མོངས་པ་ཅིས་བཅོམ། །ཞེས་པ་ལ། མཁའ་འགྲོ་ཞེས་པ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་ནི་ཤེས་རབ་སྟེ། དེ་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་

ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །དྲ་བ་ནི་ཉོན་མོངས་པའོ། །སྡོམ་པ་ནི་དེ་ལ་ཡིད་བསྲུང་བའོ། །མཁའ་འགྲོ་མ་རྒྱུར་གྱུར་པ་གང་ཡིན་པས་དྲ་བ་ལ་སོགས་སྡོམ་པ་དེ་ནི་མཁའ་འགྲོ་མའི་དྲ་བའི་སྡོམ་མོ། །ཇི་ལྟར་མཁའ་འགྲོ་མའི་དྲ་བ་སྡོམ་པ་དེ་བཞིན་དུ་བདག་ཉིད་དཔའ་བོ་ཡིན་པས་

དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་བཤད་ཅེས་པའི་དོན་ཏོ། །དེ་ལྟར་ཡང་། ཉོན་མོངས་ཤེས་རབ་ཀྱིས་འཇོམས་པས། །དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད། །ཅེས་གསུངས་སོ། །ཉོན་མོངས་པ་ལས་རྒྱལ་བ་དེ་ཡིད་བསྲུང་བའོ། །དྲ་བ་ནི་གཏི་མུག་གི་དོན་ཏེ། དེས་ཀྱང་ཉོན་མོངས་

པ་ཐམས་ཅད་བསྡུས་པའོ། །གང་ཡང་ཉོན་མོངས་པ་རྣམས་ཀྱི་རྩ་བ་ནི་བདག་ཏུ་ལྟ་བའོ། །དེ་ལྟར་ཡང་། སྐྱོན་གྱི་རིགས་རྣམས་ཐམས་ཅད་ནི། །བདག་ཏུ་ལྟ་བར་གྱུར་ལས་བྱུང་། །དེ་ཡང་མ་རིག་སྲིད་པ་ལས། །དེ་ལ་ཉེས་པ་ལ་སོགས་འབྱུང་། །གཏི་མུག་ཉེས་པ་རྣམས་ཀྱིས་

เล่ม ๑๖ · หน้า 146a

ནི། །འབྱུང་གནས་སུ་ནི་རབ་ཏུ་བརྗོད། །བདག་ཏུ་ལྟ་བ་སྤངས་བ་ཡིས། །ཉེས་པ་ཐམས་ཅད་སྤོང་བར་འགྱུར། །ཞེས་གསུངས་སོ། །ནུས་པ་དང་ལྡན་པའི་རྒྱུ་ཡོད་ན་འབྲས་བུ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་འཁོར་གྱིས་བསྐོར་

བའི་དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་དེ་ལྟ་བུ་བདག་གིས་བསྡུས་ནས་བཤད་དོ་ཞེས་བྱ་བའི་དོན་ཏོ། །རང་འབྱུང་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ལ་སོགས་པ་རང་གི་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། དོན་དམ་པར་རྒྱུ་དང་འབྲས་བུ་ལ་སོགས་པ་ངོ་བོ་ཉིད་ཀྱིས་ཡོད་པ་

མ་ཡིན་ནོ། །རེ་ཞིག་ད་ལྟར་བ་འདི་འབྲས་བུ་མ་ཡིན་ཏེ། ཡོད་པ་དང་མེད་པ་ལས་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །གང་ཡང་ཡོད་པ་ནི་མི་སྐྱེ་སྟེ། ཡོད་པ་ཉིད་ཀྱི་ཕྱིར་རོ། །རྒྱུར་མངོན་པར་འདོད་པའི་དངོས་པོ་བཞིན་ནོ། །གལ་ཏེ་དངོས་པོ་ཡོད་པ་ཡང་སྐྱེའོ་ཞེ་ན། དངོས་པོ་འཇིག་པ་མེད་

པར་ཐལ་བའི་ཕྱིར་རོ། །གལ་ཏེ་འཇིག་པར་འདོད་དོ་ཞེ་ན། སྔོན་གྱི་དངོས་པོ་ཉམས་པ་ལས་སྔོན་མ་བྱུང་བ་སྐྱེ་ན། དངོས་པོ་ཡོད་པ་ལས་སྐྱེ་བ་མེད་པ་དང་། གལ་ཏེ་སྔོན་གྱི་དངོས་པོ་ཉམས་པ་ལས་སྔོན་མ་བྱུང་བ་སྐྱེ་བ་དེ་ལྟ་ན་ཡང་ཡོད་པ་ལས་སྐྱེ་བ་སྟེ། སྔོན་མེད་པ་དང་ལྷན་

ཅིག་སྐྱེ་བ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ལྷན་ཅིག་ཏུ་སྐྱེ་བ་ནི་མེད་དེ་སྔོན་ཉིད་ཉམས་པའི་ཕྱིར་རོ། །གང་གི་ཕྱིར་སྔོན་གྱི་དངོས་པོ་ཉམས་པ་དང་ད་ལྟར་གྱི་དངོས་པོ་ཡོད་པའི་ཕྱིར་མེད་པ་དང་འདྲ་བ་བསྐྱེད་པར་མི་ནུས་པས་ཀྱང་ཡོད་པ་ལས་སྐྱེ་བ་མེད་དོ། །གལ་ཏེ་ཡོད་པ་ལས་སྐྱེ་བར་མི་

འདོད་པ་མ་ཡིན་ནམ། ཡོད་པ་ཇི་ལྟར་འགྱུར། གང་གི་ཕྱིར་སྐྱེ་བ་མེད་པའི་རི་བོང་གི་རྭ་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ། །དོན་བྱེད་ནུས་པའི་མཚན་ཉིད་དང་ལྡན་པའི་ཕྱིར་དངོས་པོ་ཉིད་ཡིན་ནོ། །དོན་གྱི་བྱ་བ་ལ་སྦྱོར་མི་ནུས་པའི་ཕྱིར་མིའི་རྭ་ལ་སོགས་པ་བཞིན་དུ་དོན་གྱི་བྱ་བ་

དོན་དུ་གཉེར་བས་རྟག་པའི་དངོས་པོ་གང་ཡང་ཁས་ལེན་པར་མི་བྱེད་དོ། །ཡང་ན་ཡོད་པ་སྐྱེ་བ་ཡིན་པར་ཁས་བླངས་སུ་ཟིན་ཀྱང་དེ་རྣམས་ལས་སྐྱེ་བ་མེད་དེ་བཀག་པ་ཉིད་ཀྱི་ཕྱིར་རོ། །མེད་པ་ཡང་མི་སྐྱེ་སྟེ་འོག་ནས་སུན་འབྱིན་པའི་ཕྱིར་རོ། །ཡོད་པ་དང་མེད་པ་ལས་སྐྱེ་བ་མེད་དེ་ཕན་ཚུན་

เล่ม ๑๖ · หน้า 146b

སྤངས་ཏེ་གནས་པས་བདག་ཉིད་གཅིག་པ་མེད་པའི་ཕྱིར་རོ། །གཉི་ག་མ་ཡིན་པའི་ཕྱོགས་ལ་ཡང་སྐྱེ་བ་མེད་དེ་དུས་གཅིག་ཏུ་ཡོད་པ་དང་མེད་པ་གཉི་ག་བཀག་པའི་ཕྱིར་རོ། །ཡོད་པ་དང་མེད་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པས་ཡོད་པ་དང་མེད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ལོགས་ཤིག་ན་

མི་སྲིད་དོ། །དེ་སྲིད་ཀྱང་མི་རྟག་པར་འདོད་པས་རྒྱུ་དང་འབྲས་བུ་ངེས་པར་ཡོད་པར་ཐལ་བར་འགྱུར་ཏེ་འབྲས་བུ་ཡོད་པ་ལ་རྩོད་པ་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །དོན་གྱི་བྱ་བ་ལ་སྦྱོར་བ་མེད་དེ་ཡོད་པ་ལས་ཀྱང་སྐྱེར་མི་བཏུབ་པའི་ཕྱིར་རོ། །དེས་ཐུན་མོང་དུ་དངོས་པོ་ཐམས་ཅད་

གཅིག་དང་དུ་མའི་རང་བཞིན་དུ་མེད་དེ་སྐྱེ་བ་བཀག་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་རང་བཞིན་མེད་པར་སྒྲུབ་བཞིན་པའི་ཕྱིར་སྐྱེ་བ་མེད་པ་དང་ལྡན་པས་རྟག་ཏུ་དངོས་པོ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། འདིར་ལན་གདབ་པར་བྱ་སྟེ། སྐྱེ་བའི་སྔ་རོལ་ན་ཡོད་པ་གཅིག་སྐྱེའམ་མེད་པ་གཅིག་

སྐྱེ། གལ་ཏེ་ཡོད་པ་ལས་སྐྱེའོ་ཞེ་ན། ཡོད་པ་ལས་སྐྱེ་བ་མ་ཡིན་ཏེ་ཐམས་ཅད་ཀྱིས་གཅིག་དང་དུ་མའི་རང་བཞིན་དུ་མེད་དེ་ཡོད་པའི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །མེད་པ་ལས་ཀྱང་མི་སྐྱེ་སྟེ་འོག་ནས་འགོག་པའི་ཕྱིར་རོ། །ཡང་ན་ནུས་པའི་ངོ་བོ་ཉིད་ཀྱི་རྒྱུའི་བདག་ཉིད་གསལ་བའི་

བདག་ཉིད་ཀྱིས་ཡོད་པ་བསྐྱེད་དོ་ཞེ་ན། གསལ་བའི་ངོ་བོ་ཉིད་དུ་གྱུར་པའི་བདག་ཉིད་བསྐྱེད་པ་དེ་ཡོད་པ་ཞིག་ཡིན་ནམ་མེད་པ་ཞིག་ཡིན། གལ་ཏེ་རྒྱུས་བྱས་པའི་སྔོན་རོལ་དུ་ཡོད་པ་ཡིན་ན། ནུས་པ་བཞིན་དུ་མི་སྐྱེ་བར་འགྱུར་ཏེ། གཏན་ཚིགས་ནི་གོང་དུ་སོང་བའི་རིམ་པ་ཉིད་ཀྱི་ཕྱིར་

རོ། །ཡང་ན་མེད་པར་འདོད་ན་དེའི་ཚེ་འབྲས་བུ་ཡོད་པར་སྨྲ་བ་ཉམས་པར་འགྱུར་རོ། །འབྲས་བུ་མེད་པར་སྨྲ་བར་ཐལ་བར་འགྱུར་རོ། །ནུས་པ་དང་གསལ་བ་གཅིག་ཏུ་འདོད་ན། ཡོད་པ་དང་མེད་པའི་ཕྱོགས་ཀྱི་སྐྱོན་དུ་འགྱུར་རོ། །ཐ་དད་པའི་བདག་ཉིད་ཡིན་ན་སྔོན་དུ་བསྟན་པའི་

སྐྱོན་ཉིད་ཀྱིས་སོ། །གཞན་ཡང་ནུས་པ་འདི་རྒྱུའི་བདག་ཉིད་ཡིན་ནམ། འབྲས་བུའི་བདག་ཉིད་ཡིན། རྒྱུའི་བདག་ཉིད་ཡིན་ན། དེ་ཉིད་སྐྱེ་བའི་སྔོན་རོལ་དུ་ཡོད་པ་ཉིད་ཀྱི་ཕྱིར་འབྲས་བུ་མ་ཡིན་པས་འབྲས་བུ་ཡོད་པར་སྨྲས་པ་ཉམས་སོ། །འབྲས་བུའི་བདག་ཉིད་ཡིན་ན་འབྲས་

เล่ม ๑๖ · หน้า 147a

བུའི་དུས་ན་ནུས་པ་མེད་དོ། །དེའི་བདག་ཉིད་ཡིན་ན་སྔོན་མེད་པར་ཇི་ལྟར་འགྱུར། རྒྱུའི་བདག་ཉིད་ལ་ནུས་པའི་ངོ་བོ་ཉིད་འབྲས་བུ་ཡོད་པ་ཡིན་ན་ནུས་པ་མ་ཡིན་ཏེ། གསལ་བ་ཡང་མི་སྲིད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་གཉིས་ལས་ནུས་པ་དོན་གཞན་དུ་གྱུར་

པ་ཡིན་ན་དེ་ཉིད་མ་ཡིན་པ་གཉིས་བརྗོད་དུ་ཡང་མེད་པའི་ཕྱིར་རོ། །ནུས་པ་ནི་རྒྱུ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་ནོ། །གལ་ཏེ་རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་ན། ཅུང་ཟད་དགག་པ་དང་སྒྲུབ་པ་མེད་པས་གནོད་པ་མེད་དོ། །གཞན་ཡང་དངོས་པོར་གྱུར་པ་ཐམས་ཅད་ཀྱི་རྒྱུ་དང་

འབྲས་བུ་བཀག་པས་གྲོལ་བར་འདོད་པ་བཀག་པའི་ཡུལ་གྲུབ་སྟེ་སེམས་ཕྱིན་ཅི་མ་ལོག་པ་ཐར་པ་གྲུབ་པ་ནི་འདོད་པ་ཁོ་ནའོ། །ནུས་པ་དང་ལྡན་པ་ལས་མ་གཏོགས་པ་དོན་གཞན་དུ་གྱུར་པའི་ནུས་པ་མེད་དེ་རང་གི་ངོ་བོ་བུམ་པ་ལ་སོགས་པ་བཞིན་དུ་དེ་དམིགས་པ་ཡིན་པ་ལས་བྱེ་བྲག་

ཏུ་མི་དམིགས་པའི་ཕྱིར་རོ། །མི་དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་འབྲས་བུ་དང་རྒྱུའི་ཚོགས་པས་ནུས་པ་ཡོད་པ་དེ་མེད་ན་མེད་པ་ལ་འབྲས་བུ་རྣམ་པར་ཤེས་པས་མིག་ལ་སོགས་པ་བཞིན་དུ་ཡོད་པར་དགག་ཅིང་སྒྲུབ་པར་མི་ནུས་སོ། །རྟག་པ་ཉིད་ཡིན་པས་འབྲས་བུ་བསྐྱེད་པར་མི་

ནུས་པའི་ཕྱིར་རོ། །དེ་མེད་པས་དཔེ་མི་འགྲུབ་པོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡང་ཐུན་མོང་གི་རིགས་པའི་རིམ་པ་འདི་ཡིས་སུན་ཕྱུང་བར་བྱའོ། །དེ་བཞིན་དུ་ལྐོག་ཏུ་གྱུར་པ་ཐམས་ཅད་ལ་ཡང་གོ་བར་བྱའོ། །གལ་ཏེ་སྐྱེ་བའི་དངོས་པོ་བདག་ཉིད་ཡོད་པ་ཡིན་ན་དངོས་པོ་ཡོད་པར་

ཇི་ལྟར་འགྱུར། གཞན་ཡང་སྐྱེ་བ་མེད་པ་ཡོད་པར་རྟོགས་ན། དེ་ལྟ་ན་ནི་སྐྱེ་བའི་སྔོན་རོལ་དུ་སྐྱེ་བ་མེད་པའི་དངོས་པོ་ཡོད་པར་བསྟན་པར་འགྱུར་རོ། །གང་གི་ཕྱིར་དངོས་པོ་ཡོད་པའི་དོན་དུ་སྐྱེ་བར་འདོད་ན་གལ་ཏེ་ཡང་སྐྱེ་བ་མེད་པར་ཡོད་པར་གྲུབ་ན། དེའི་ཚེ་སྐྱེ་བ་

དགོས་པ་ཅི་ཡོད། སྐྱེ་བ་མེད་པའི་དངོས་པོ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ལ་སྔོན་དུ་བསྟན་པའི་སྐྱོན་ཉིད་ཀྱི་ཕྱིར་དང་། གཞན་ཡང་བརྗོད་པར་བྱ་སྟེ། གལ་ཏེ་སྐྱེ་བའི་སྔོན་རོལ་ན་ཡོད་པ་ཡིན་ལ་ཆ་ཤས་ཅུང་ཟད་མ་གྲུབ་པས་དེའི་དོན་དུ་སྐྱེ་བ་དོན་མེད་པ་མ་ཡིན་ནོ་ཞེས་པའི་ཕྱོགས་ལ་

เล่ม ๑๖ · หน้า 147b

ཡང་བརྗོད་པར་བྱ་སྟེ། དེ་ནི་མི་རིགས་ཏེ་འབྲས་བུ་ཡོད་པར་སྨྲ་བར་ཐལ་བའི་ཕྱིར་རོ། །ཡོད་པ་དང་མེད་པ་གཅིག་ཏུ་མི་བཏུབ་པས་ཡོད་པའམ་མེད་པར་ཐལ་བའི་ཕྱིར་རོ། །དེ་ལ་སྐྱོན་ཡང་བསྟན་པའི་ཕྱིར། །གསལ་བའི་ཕྱོགས་ནི་སྔོན་དུ་སུན་ཕྱུང་བའི་ཕྱིར་རོ། །གལ་ཏེ་

བླངས་པར་བྱ་བ་ཉིད་དུ་དེ་བསྐྱེད་པར་བྱའོ་ཞེ་ན། འདིའི་ཕྱོགས་ཀྱང་མི་རིགས་ཏེ་གང་གི་ཕྱིར་དང་པོ་བདག་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་སྐྱེས་པ་ཉིད་དུ་གྲུབ་ནས་ཡོད་པ་ལ། དེ་བཞིན་ལན་གཉིས་སུ་བསྐྱེད་པ་དོན་མེད་པའི་ཕྱིར་རོ། །འབྲས་བུ་ཡོད་པར་སྨྲ་བའི་སྐབས་ཡིན་པའི་

ཕྱིར་སྐྱེ་བའི་སྔོན་རོལ་བས་ཀྱང་སྔ་བར་ཡོད་དེ་སྔོན་དུ་བསྐྱེད་པ་མི་རིགས་པའི་ཕྱིར་རོ། །སྐྱེ་བ་མེད་པའི་ཕྱོགས་ཀྱང་སྔོན་དུ་སུན་ཕྱུང་བའི་ཕྱིར་ཐམས་ཅད་དུ་ཡོད་པ་སྐྱེ་བར་མི་རིགས་སོ། །གལ་ཏེ་ཡོད་པ་སྐྱེ་བ་མེད་པས་ན་མེད་པ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་དེ་བཞིན་དུ་མེར་མེར་པོ་ལ་

སོགས་པའི་རྒྱུ་ལ་ལན་བརྒྱད་ཙམ་དུ་ཟིན་ཀྱང་ལག་པ་དང་རྐང་པ་ལ་སོགས་པ་བཞིན་ཉིང་ལག་ཚོགས་པའི་བདག་ཉིད་ཀྱི་ལུས་འབྲས་བུར་གྱུར་པ་དམིགས་པའི་མཚན་ཉིད་ཡིན་པ་ལས་མ་དམིགས་པའི་ཕྱིར་མེད་པ་ཉིད་དོ། །གང་གི་ཕྱིར་དེ་བཞིན་དུ་གཟུགས་དང་སྣང་བ་དང་མིག་དང་ཡིད་ལ་བྱེད་

པ་རྣམས་དང་མདུན་ན་སྣང་བའི་གཟུགས་སྔོན་པོ་ལ་སོགས་པ་ལས་མིག་གི་རྣམ་པར་ཤེས་པ་ནི་གཞན་ནོ། །རྣ་བ་དང་སྒྲ་དང་ཡིད་ལ་བྱེད་པ་རྣམས་དང་། གླིང་བུ་དང་པི་ཝང་ལ་སོགས་པ་དང་། སྔོན་པོ་དང་དམར་པོ་ལ་སོགས་པ་བརྗོད་པ་དང་མི་བརྗོད་པ་ཡིད་དུ་འོང་བ་དང་མི་འོང་བའི་

སྒྲ་དང་བྲལ་བ་ནི། རྣ་བའི་རྣམ་པར་ཤེས་པ་མ་ཡིན་ནོ། །སྣ་དང་དྲི་དང་ཡིད་ལ་བྱེད་པ་རྣམས་དང་། ཙམ་པ་ཀ་དང་བ་ཀུ་ལ་ལ་སོགས་པའི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་བར་མའི་དྲིར་སྣའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ། །ལྕེ་དང་རོ་དང་ཡིད་ལ་བྱེད་པ་རྣམས་དང་། ཚ་བ་དང་

ཁ་བ་དང་བསྐ་བ་ལ་སོགས་པ་རོར་སྣང་བ་ནི་ལྕེའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལུས་དང་ཡིད་དང་རེག་བྱ་རྣམས་དང་འཇམ་པ་དང་རྩུབ་པ་ལ་སོགས་པ་རེག་བྱར་སྣང་བ་ནི་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །འདས་མ་ཐག་པ་དང་། མི་གཞན་ཡིད་ལ་བྱེད་པ་དང་། སྔོན་པོ་ལ་

เล่ม ๑๖ · หน้า 148a

སོགས་པ་གཟུགས་སུ་སྣང་བ་ནི་རྗེས་ལས་ཐོབ་པའི་ཤེས་པ་འདི་ནི་སྔོན་པོའོ་ཞེས་རྣམ་པར་རྟོག་པའི་ཤེས་པ་ནི་རྣམ་པར་མི་རྟོག་པའི་སྔོན་པོ་ལ་སོགས་པ་གཟུགས་ཀྱི་རྣམ་པ་ཉིད་ཀྱི་ཤེས་པ་གཟུགས་སྔོན་པོ་ལ་སོགས་པའི་ཡུལ་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་

དྲུག་པོ་འགགས་མ་ཐག་པའི་རྣམ་ཤེས་གང་ཡིན་པ་དེ་ཡིད་དོ་ཞེས་བཤད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་སོ་སོར་སྐྱེད་པ་པོ་སྒྲ་དང་དྲི་དང་རོ་དང་རེག་བྱ་སོ་སོར་སྣང་བ་ནི་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་དེ་མ་ཐག་པའི་རྣམ་པར་ཤེས་པ་འབྱུང་བ་ནི་སྒྲ་ལ་སོགས་པ་དངོས་པོ་མེད་པ་ལ་འདི་ཡིན་

ནོ་ཞེས་རྣམ་པར་རྟོག་པའི་ཤེས་པ་ལ་རྣམ་པར་མི་རྟོག་པའི་སྒྲ་ལ་སོགས་པ་སོ་སོར་སྣང་བ་ནི་རྣ་བ་ལ་སོགས་པའི་ཤེས་པ་ལ་ཡོད་པ་མ་ཡིན་ནོ། །རྣམ་པར་རྟོག་པའི་ཤེས་པ་ནི་སྔོན་པོ་ལ་སོགས་པ་འདི་ཡིན་ཞེས་བྱ་བ་ལ་སོགས་པའི་ངོ་བོ་ཉིད་དུ་སྐྱེ་སྟེ། རྒྱུ་དེ་ལ་ནི་ཡོད་པ་མ་ཡིན་ནོ། །

རྣམ་པར་མི་རྟོག་པ་ཡང་མདུན་ན་གནས་པའི་སྔོན་པོ་ལ་སོགས་པའི་གཟུགས་སོ་སོར་སྣང་བ་ལ། རྣམ་པར་ཤེས་པ་སྔ་མ་སྔ་མ་ལས་རྒྱུ་གཅིག་གིས་བསྡུས་པའི་ཕྱི་མ་སྐད་ཅིག་མ་གཉིས་པར་འབྱུང་བ་ནི་མདུན་དུ་གནས་པ་སྔོན་པོ་ལ་སོགས་པའི་གཟུགས་གཞན་དང་གཞན་ཡུལ་

དུ་བྱ་སྟེ། རྣམ་པར་རྟོག་པའི་ཤེས་པ་བསྐྱེད་དེ། དེ་ཡང་རྒྱུ་ལ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ཡུལ་གཞན་ལ་ཡང་བལྟ་བར་བྱའོ། །གང་ལ་རིགས་མཐུན་པའི་རྒྱུད་གཅིག་གིས་མཚན་ཉིད་ལ་གཞན་དང་གཞན་འབྱུང་བ་ཡོད་པ་དང་། གང་དུ་རྒྱུད་གཅིག་ཏུ་འཇུག་

པ་མེད་པ་ཡིན་ལ། དེ་ཡང་རྣམ་པ་ཐམས་ཅད་དུ་གཅིག་ཏུ་རྒྱུན་མི་ཆད་པ་མེད་པས་གཞན་ཡང་རྒྱུད་ཉེ་བར་གྱུར་པའི་རྣམ་པར་མི་རྟོག་པ་དབང་པོའི་ཤེས་པ་སྒྲ་ལ་སོགས་པའི་ཡུལ་ཚོགས་པ་ཐུན་མོང་སྔོན་སྒྲ་ལ་སོགས་པ་འཛིན་པའི་རྣམ་པར་མི་རྟོག་པ་ལ་སོགས་པའི་དབང་

པོའི་ཤེས་པ་ལ། རྗེས་སུ་རྟོག་པ་མེད་པ་དང་རྟོག་པ་དང་བཅས་པ་ཡང་དེའི་ཡུལ་སྐྱེ་བར་འགྱུར་རོ། །རྒྱུ་དེ་ལ་དེ་ཡང་ཡོད་པ་མ་ཡིན་ནོ། །ཁར་བའི་དྲིལ་བུའི་སྒྲ་ཇི་བཞིན་དང་། ཆུའི་གཉེར་མ་བཞིན་དུ་སྒྲའི་རྒྱུན་ལ་འཇུག་པར་འདོད་དོ། །དེའི་འདོད་པས་སྔོན་གྱི་སྒྲའི་རྔ་སྐད་ཅིག་

เล่ม ๑๖ · หน้า 148b

འཛིན་པའི་རྣ་བའི་རྣམ་པར་ཤེས་པ་མི་རྟོག་པས་ཕྱིས་སྒྲའི་སྐད་ཅིག་མི་འཛིན་པའི་རྣ་བའི་རྣམ་པར་ཤེས་པ་རྟོག་པ་མེད་པའམ། གཞན་ཡང་རྟོག་པ་དང་བཅས་པའི་སྒྲའི་མདུན་ནམ་གཞན་ཡུལ་ཅན་གྱི་ཤེས་པ་སྐྱེ་བར་འགྱུར་རོ། །འཆད་པའི་དུས་སུ་ཡང་སྔ་མ་སྔ་མའི་རྣམ་

པར་རྟོག་པ་ལས་ཕྱི་མ་ཕྱི་མའི་རྣམ་པར་རྟོག་པ་སེམས་ལ་འབྱུང་ངོ་། །འོ་ན་དང་པོ་ཉིད་ཀྱི་རྣམ་པར་རྟོག་པ་རྟོག་བཅས་གཞན་སྐྱེད་བྱེད་དེ་གང་ལས་སྐྱེས་ཤེ་ན། འདི་ལ་ནི་ངེས་པ་མེད་དེ། ཁ་ཅིག་ཏུ་དགའ་བ་དབང་པོའི་ཤེས་པ་གཅིག་ལས་སམ་མང་པོ་ལས་ཀྱང་སྐྱེ་བར་

འགྱུར་རོ། །ཇི་ལྟར་གཉིད་འཐུག་པོས་ནོན་པ་ལ། གློ་བུར་དུ་དབྱུག་པ་ལྷུང་བས་དེ་དང་ཕྲད་པའི་རེག་བྱའི་ཡུལ་ལ། ལུས་ཀྱི་དབང་པོའི་ཤེས་པ་བྱུང་བ་ནི་སྐྱེས་བུ་ལ་ལུས་ཀྱི་དབང་པོའི་ཤེས་པ་སྐྱེ་བ་ཡིན་ནོ། །ཁ་ཅིག་ཏུ་ཐོག་ཆེན་པོ་ལྷུང་བ་ལས་རྟོག་པ་མེད་པ་ལས་རྣ་བའི་རྣམ་

པར་ཤེས་པ་སྐྱེ་བ་ཡིན་ནོ། །ཁ་ཅིག་ཏུ་ཨ་ག་རུ་དང་ཙནྡན་དང་། ག་པུར་ལ་སོགས་པ་བྱུགས་ཤིང་ཟོས་པས་སྣའི་བུ་ག་རྒྱས་ཏེ། སྣའི་དབང་པོས་ཤེས་པ་དྲིའི་ཡུལ་སྤྱོད་དོ། །ཁ་ཅིག་ཏུ་ཚ་བ་དང་ཁ་བ་དང་བསྐ་བ་ལ་སོགས་པའི་རྫས་ལྕེ་དང་ཕྲད་པའི་ལྕེའི་དབང་པོ་ཤེས་པ་མི་རྟོག་

པ་ཡུལ་རོ་ལ་སྐྱེ་བ་ཡིན་ནོ། །ཁ་ཅིག་ཏུ་རེག་བྱ་ཤེས་པའི་རྗེས་ལ་མིག་ཕྱེ་བས་བླ་མ་ལ་སོགས་པའི་སྐྱེ་བོའི་ཡུལ་གཟུགས་མཐོང་བས་ནི་མིག་གི་དབང་པོའི་ཤེས་པ་སྐྱེའོ། །ཁ་ཅིག་ཏུ་དབང་པོའི་ཤེས་པ་ཐམས་ཅད་ནུབ་ནས་རྟོག་པ་དང་བཅས་པའི་གཙོ་བོ་ཡིད་ལ་སོགས་པ་ཤེས་

པ་སྡུན་མ་ལས་རྗེས་སུ་བྱེད་པའི་ཤེས་པ་རྟོག་པ་དང་བཅས་པ་ལས་ཀྱང་རྟོག་པ་དང་བཅས་པ་གང་ཡིན་པ་སྐྱེས་སོ། །དེ་ཉིད་དུས་གཅིག་ཏུ་དབང་པོའི་ཤེས་པ་ལྔའམ་དྲུག་ལས་སྐྱེ་བར་འགྱུར་རོ། །ཇི་ལྟར་རྣམ་པར་ཤེས་པ་དྲུག་གི་རྗེས་སུ་གཉིད་ཀྱིས་ལོག་པའི་དུས་སུ་སྔོན་དུ་

བསམ་པའི་དོན་རྨི་ལམ་ན་བརྗོད་པར་སྣང་ངོ་། །གལ་ཏེ་ཞེ་ན་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མེད་པ་ལས་སྐྱེ་ན། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་རོ་ཞེ་ན། གང་གི་ཕྱིར་འགྲོ་བའི་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པ་ནི་སྒྱུ་མ་ལྟ་བུའོ། །འོ་ན་དབང་

เล่ม ๑๖ · หน้า 149a

པོའི་ཤེས་པ་རྟོག་པ་མེད་པ་ཡིན་ལ་རྟོག་པ་དང་བཅས་པ་མ་ཡིན་པར་ཇི་ལྟར་ཤེས་པ་ཡིན་ཞེ་ན། འདི་ལ་རེ་ཞིག་ཕྱི་རོལ་གྱི་དོན་ཡོད་པ་མདོ་སྡེ་བར་གནས་པའི་ཕྱོགས་ལ་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཇི་ལྟར་དྲན་པ་ཕྱོགས་ཙམ་ཅུང་ཟད་

བརྗོད་པར་བྱ་སྟེ། དེ་ལ་དངོས་པོ་ནི་ཤེས་པ་དང་ཤེས་བྱ་གཉིས་སུ་གནས་སོ། །གཞན་གསུམ་པོ་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ། །བྱེད་པ་པོ་དང་བྱེད་པ་ལ་སོགས་པ་ཡང་དེ་ཉིད་ཀྱི་ཁོངས་སུ་བསྡུས་པའི་ཕྱིར་རོ། །གང་གི་ཕྱིར་དེ་བཞིན་དུ་རྟོག་པའང་ཚད་མ་ཤེས་པ་སྔོན་དུ་

འགྲོ་བས་བརྟག་པར་བྱ་སྟེ། ཚིག་གི་དོན་རྣམ་པར་གཞག་པ་ནི་ཚད་མ་ཉིད་དང་འབྲེལ་བའི་ཕྱིར་རོ། །གཞན་དུ་ན་འདི་ལྟ་བུའི་གཟུགས་འདི་ན་མེད་ཅེས་པ་དང་། འདི་ནི་འདི་ན་མེད་དོ་ཞེས་པའི་ཡུལ་གཞན་དང་དུས་གཞན་དང་། རང་བཞིན་གཞན་ཕན་ཚུན་སྤངས་པས་ཡུལ་

གཞན་ལ་སོགས་པ་རྟོག་པ་མེད་དོ། །གཉིད་འཐུག་པོའི་གནས་སྐབས་བཞིན་དུ་སྔོན་ཉིད་ལས་ཕན་པ་ཐོབ་པ་དང་། མི་ཕན་པ་སྤོང་བའི་བདག་ཉིད་ཐ་སྙད་འགྲོ་བ་རྣམས་ལ་མེད་པར་འགྱུར་རོ། །གང་ཡང་ཡུལ་དང་དུས་ཀྱི་བསྐལ་པ་དེ་ཡང་དེའི་ཡུལ་དང་དུས་རྣམས་ནི་དེ་ཉིད་

ཀྱི་དུས་ན་ཤེས་བྱ་དང་ཤེས་བྱེད་ཀྱི་ངོ་བོ་ཉིད་དོ། །རང་བཞིན་གྱི་བསྐལ་པ་གང་ཡིན་པ་ཡང་དོན་གྱི་བྱ་བ་བྱེད་པ་དེ་ཐམས་ཅད་མཁྱེན་པ་འདོད་ཆགས་དང་བྲལ་བ་ཉིད་ལ་སོགས་པ་ཡང་ཤེས་བྱའི་ཚོགས་སུ་གནས་སོ། །གང་ཡང་དོན་གྱི་བྱ་བ་མི་བྱེད་པ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་

ཡང་ཕྱི་རོལ་ལ་མི་གནས་པའོ། །ཐོག་མ་མེད་པའི་རྣམ་པར་རྟོག་པའི་བག་ཆགས་འབའ་ཞིག་ལས་གྱུར་པའི་རྣམ་པར་རྟོག་པས་བྱས་པའི་ཤེས་བྱ་ནི་དོན་དམ་པ་མ་ཡིན་པ་ཉིད་དོ། །དངོས་པོ་ནི་གཉིས་ཁོ་ན་སྟེ། དེ་ལ་ཤེས་པ་དང་ཤེས་བྱ་གཉིས་བདག་ཉིད་གཅིག་པ་ཉིད་མེད་དོ། །

དེའི་བདག་ཉིད་གཅིག་པ་ཡིན་ན་ཤེས་པ་ཉིད་དམ་ཤེས་བྱ་ཉིད་གཉིས་སུ་དབྱེར་མེད་པར་འགྱུར་རོ། །དེ་ཡང་མ་ཡིན་ཏེ་གཉིས་པོ་ནི་ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་རོ། །ཤེས་བྱའི་ཕྱོགས་ཡིན་ན་ནི་འགྲོ་བ་རྣམས་ལོང་བ་དང་ལྐུགས་པ་ལྟ་བུར་འགྱུར་རོ། །ཤེས་པ་ལས་གཞན་མེད་ན་ཤེས་

เล่ม ๑๖ · หน้า 149b

པའི་ཕྱོགས་ལ་ཤེས་བྱ་ཉིད་ཤེས་པ་ཉིད་ཡིན་པའི་ཕྱིར་ཕྱི་རོལ་གྱི་དོན་མཐོང་བ་མེད་པར་འགྱུར་རོ། །ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བས་དེ་ལྟ་བུ་དེ་ཡང་མི་འདོད་དོ། །དེ་ལ་གཉིས་པོ་ཕན་ཚུན་སྤངས་ཏེ་གནས་པ་ཡིན་ཏེ། ཤེས་པའི་བདག་ཉིད་ཤེས་བྱའི་བདག་ཉིད་དུ་མི་འགྱུར་བའི་

ཕྱིར་རོ། །ཤེས་པ་ཉིད་གཞན་གྱིས་གསལ་བར་བྱེད་པ་མ་ཡིན་ལ་རང་ཉིད་གསལ་བར་བྱེད་པ་ཡིན་ཏེ། ཤེས་བྱ་གསལ་བར་བྱེད་པའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་བདག་ཉིད་ཡིན་ན་སྔར་བསྟན་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཤེས་པ་ཡང་གསལ་

བ་ཉིད་མ་ཡིན་ན་ཤེས་བྱའི་བདག་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །གཞན་གསལ་བ་ཡིན་ན། གཞན་ཡང་དེ་བས་ལྷག་པའི་གསལ་བྱེད་ཉིད་ཡིན་ནོ། །གཞན་ཡང་རང་གསལ་བར་འགྱུར་བའམ། གཞན་གྱི་གསལ་བྱེད་དུ་འགྱུར་རོ། །གཞན་དུ་ན་གཞན་འདིས་གསལ་

བྱེད་ཡིན་ཞེས་བྱ་བར་མི་འགྱུར་ལ། འདི་ཡང་གསལ་བ་ཡིན་ཞེས་བྱ་བར་ཡང་མི་འགྱུར་རོ། །རང་ཉིད་གསལ་བའི་ངོ་བོ་ཉིད་ཡིན་པར་འགྱུར་ཏེ། དེ་གསལ་བར་མ་གཟུང་ཡང་གསལ་བྱེད་ཉིད་ཡིན་པའི་ཕྱིར་རོ། །གཞན་དུ་ན་སྒྲུབ་པར་མི་ནུས་ཏེ་དེའི་གསལ་བར་བྱེད་པ་ཉིད་

རྟོགས་པར་དཀའ་བ་ཡིན་ཏེ། གསལ་བྱེད་མ་བཟུང་བས་ནི་གསལ་བྱེད་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །གང་གི་ཕྱིར་གསལ་བྱེད་ཉིད་དུ་བཟུང་བ་ནི་གསལ་བ་ཉིད་དུ་རྟོགས་ཀྱི་གཞན་དུ་ནི་མི་འགྲུབ་བོ། །དེ་རྟོགས་པ་ཡང་གསལ་བྱེད་ཉིད་ཀྱིས་རྟོགས་པ་ཡིན་ན། ཕན་ཚུན་ལྟོས་

པའི་སྐྱོན་དུ་འགྱུར་རོ། །འོ་ན་གང་གི་ཕྱིར་ཡང་དངོས་པོའི་རང་བཞིན་ཡིན་ཏེ་དེའི་རང་བཞིན་གྱིས་གཞན་ཉེ་བར་བསྒྱུར་ཏེ། ཇི་ལྟར་དམར་པོའི་རྫས་དང་སྦྱར་བས་དཀར་པོའི་རྫས་ཀྱང་དམར་པོར་འགྱུར་རོ། །དེ་ལྟར་ནག་པོའི་རྫས་ཀྱིས་ནག་པོར་འགྱུར་ལ། ལྗང་གུས་ལྗང་

གུ་ཞེས་བྱ་བ་ལ་སོགས་པའོ། །མར་མེའི་འོད་ཀྱིས་ཀྱང་གསལ་བར་བྱེད་དེ་སྣང་བ་དང་བཅས་པའི་གཟུགས་སུ་འགྱུར་རོ། །གང་ཡང་རང་ཉིད་གསལ་བྱེད་ཀྱི་བདག་ཉིད་མ་ཡིན་ན་དེ་བདག་ཉིད་དང་གཞན་མི་གསལ་བ་ཇི་ལྟར་གསལ་བར་འགྱུར། གང་གི་ཕྱིར་དབྱིག་

เล่ม ๑๖ · หน้า 150a

པའི་མི་གསལ་བའི་བདག་ཉིད་ཀྱིས་མུན་པའི་བུམ་པ་ལ་སོགས་པ་གསལ་བར་མི་འགྱུར་ཏེ། མར་མེ་ལ་སོགས་པ་ལེན་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་གཞན་གསལ་བའི་ངོ་བོ་ཉིད་བླངས་པས་གཞན་གསལ་བར་བྱེད་དོ་ཞེ་ན།

དེ་ནི་མ་ཡིན་ཏེ་གསལ་བར་བྱེད་པའི་ངོ་བོ་ཉིད་དང་མི་ལྡན་པའི་ཕྱིར་རོ། །གང་གི་ཕྱིར་དེ་བཞིན་དུ་གང་གཞན་མ་ཡིན་པ་དེ་ལ་རེ་ཞིག་རང་གི་ངོ་བོ་ཉིད་གསལ་བྱེད་མ་ཡིན་པའི་ཕྱིར་གཞན་ཇི་ལྟར་གསལ་བར་བྱེད། དེ་གཞན་གྱིས་གསལ་བར་བྱེད་པའི་ངོ་བོ་ཉིད་ཡིན་ན་དེ་ཡང་གཞན་

གྱིས་བྱེད་དགོས་པས་ཐུག་པ་མེད་པར་འགྱུར་རོ། །ཅུང་ཟད་ཀྱང་གསལ་བྱ་དང་གསལ་བྱེད་མེད་པས་འགྲོ་བ་ལོང་བ་དང་ལྐུགས་པར་འགྱུར་རོ། །དེ་ཡང་གང་འདི་ཉིད་དང་འདི་ཉིད་མ་ཡིན་པ་ལ་སོགས་པ་ཡུལ་དང་དུས་དང་རང་བཞིན་སྒྲུབ་པ་དང་དགག་པའི་བདག་ཉིད་ཀྱི་

ཐ་སྙད་མེད་པས་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །དེ་ལྟར་ཡང་མ་ཡིན་ནོ། །དེས་ནི་གཞན་གྱི་ཕྱོགས་སུན་ཕྱུང་བའོ། །གང་གི་ཕྱིར་ཤེས་པ་རང་ཉིད་གསལ་བར་བྱེད་པའི་བདག་ཉིད་ཡིན་ན། དེ་ལྟ་ན་ཡང་དེའི་ཤེས་བྱ་ཇི་ལྟར་གསལ་བར་བྱེད་པར་འགྱུར། གང་

གི་ཕྱིར་ཤེས་པའི་ངོ་བོ་ཉིད་ནི་ཤེས་བྱ་མི་འཛིན་ལ་ཤེས་བྱ་རང་གི་ངོ་བོ་ཉིད་ཀྱང་ཤེས་པ་མི་འཛིན་པའི་ཕྱིར་རོ། །དེ་གཉིས་ཤིན་ཏུ་ཐ་དད་པར་ནི་གོང་དུ་བསྒྲུབས་ཟིན་ཏོ། །གལ་ཏེ་ཤིན་ཏུ་ཐ་དད་པ་ཡིན་དུ་ཟིན་ཀྱང་དམར་པོའི་རྫས་དང་དཀར་པོའི་རྫས་སྦྱར་བས་དམར་པོར་

འགྱུར་བ་བཞིན་དང་། མུན་པར་གནས་པའི་སྣམ་བུ་ལ་སོགས་པ་སྒྲོན་མ་ལ་སོགས་པའི་འོད་གསལ་བའི་དངོས་པོ་དང་ཉེ་བ་ལས་གསལ་བ་དེ་བཞིན་དུ་ཤེས་པ་དང་ཉེ་བ་ལས་ཤེས་བྱ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་དག་ཤིན་ཏུ་

ཐ་དད་པའི་དཔེ་མི་འགྲུབ་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དཔེ་ཞེས་བྱ་བ་ནི་ཤེས་བྱའི་བདག་ཉིད་ཡིན་ལ་ཤེས་པའི་བདག་ཉིད་ནི་མ་ཡིན་ནོ། །དེ་གཉིས་ནི་ཤིན་ཏུ་ཐ་དད་པས་ཤེས་པའི་བདག་ཉིད་ནི་གསལ་བའི་བདག་ཉིད་དུ་སྣང་བ་བཞིན་མ་ཡིན་ལ། དེའི་བདག་ཉིད་མེད་

เล่ม ๑๖ · หน้า 150b

པའི་རང་བཞིན་ནི་དཔེ་ཡིན་ལ། གང་ཡང་དཔེར་འགྱུར་བ་ནི་གང་གི་ཕྱིར་ཚད་མས་གྲུབ་པའི་དོན་ནི་དཔེར་གྲུབ་པ་ཡིན་པ་ལ་དེ་ཡང་ཚད་མ་ལས་ཐ་དད་པས་གནས་པ་ཡིན་ནོ། །དེ་གསལ་བཞིན་པས་དེའི་བདག་ཉིད་མ་ཡིན་པ་ཇི་ལྟར་གསལ་བར་བྱེད། དེ་ལྟར་དཔེ་གྲུབ་

པ་མེད་པས་འདོད་པའི་དོན་ཅུང་ཟད་ཀྱང་མི་འགྲུབ་བོ། །འགྲོ་བ་ཐམས་ཅད་འོན་པ་དང་ལྐུགས་པ་ལ་སོགས་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཤེས་པ་སྐྱེས་པའམ་མ་སྐྱེས་པ་ཡིན་ན། སྐྱེས་པའི་ཕྱོགས་ལ་གཟུགས་ལ་སོགས་པའི་རྒྱུ་ཡོད་པ་ལས་འགྱུར་རོ། །

དེ་ཡང་མེད་ན་མི་འགྱུར་ཏེ་རྣམ་པ་དང་བཅས་པའམ། རྣམ་པ་མེད་པའམ་གཞན་གྱི་རྣམ་པ་ཅན་དུ་འགྱུར་རོ། །དེ་ལ་དང་པོའི་ཕྱོགས་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བ་གཉི་གའི་འབྲེལ་པ་ནི་ཤེས་བྱ་དང་ཤེས་པ་དག་ལ་མེད་དོ། །ཐ་དད་པའི་ཤེས་བྱ་གསལ་བའི་

བདག་ཉིད་ཀྱིས་ཇི་ལྟར་རྟོག་པར་འགྱུར་ཏེ་མི་འགྱུར་རོ། །དེ་ལྟར་ཤེས་བྱ་ལས་སྐྱེས་བ་མེད་པས་ཤེས་པ་དེའི་རྣམ་པ་ཅན་མེད་དོ། །ཤེས་པ་དེའི་རྣམ་པ་ཅན་དུ་རྟོགས་པ་མེད་པས་ཀྱང་དོན་རྟོགས་པ་ནི་བཏགས་པ་ཙམ་དུ་གྲུབ་ཀྱི་ཐམས་ཅད་དུ་དོན་རྟོགས་པ་ནི་མེད་དོ། །

རྟག་པ་དང་མི་རྟག་པ་དང་ཡོད་པ་དང་མེད་པའི་ཕྱོགས་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བ་མེད་པའི་ཕྱིར་དང་ཐ་དད་པ་ཉིད་ཀྱི་ཕྱིར་དེའི་རྣམ་པ་དང་བྲལ་བས་སྔོན་བཞིན་དུ་དོན་བསྒྲུབ་པའི་ཡན་ལག་ཉིད་དུ་བསམ་པར་མི་བྱའོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་མེད་པས་

འབྲེལ་པ་གཞན་ཡང་བརྟག་པར་མི་རིགས་ཏེ་དེ་ནི་ཉེ་བར་ཕན་འདོགས་པའི་ཕྱིར་རོ། །ཕན་མི་འདོགས་ན་ནི་སྔར་བསྟན་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །ཕན་འདོགས་ན་དེ་ལས་བྱུང་བའི་ཕྱོགས་སུ་ཐལ་བར་འགྱུར་ཏེ་ཕྱིས་དཔྱད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཐམས་

ཅད་དུ་སྐྱེ་བ་མེད་པའི་ཕྱོགས་ནི་གཞན་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །དེ་མ་ཡིན་པའི་ཕྱོགས་ནི་དེ་ལས་བྱུང་བའི་ཕྱོགས་སོ། །དེ་ལ་གཅིག་ཏུ་ཕྱི་རོལ་གྱི་དོན་གྱིས་བསྐྱེད་པ་མ་ཡིན་ནོ། །ཤེས་པ་ཉིད་དོན་གྱི་རྣམ་པར་སྣང་བ་ཡིན་གྱི་ལོགས་ཤིག་པའི་

เล่ม ๑๖ · หน้า 151a

དོན་གྱིས་བསྐྱེད་པ་མ་ཡིན་ནོ། །ཐོག་མ་མེད་པ་ནས་རྣམ་པར་ཤེས་པའི་རྒྱུད་ལས་བྱུང་བའི་དེ་མ་ཐག་པའི་རྐྱེན་གྱི་རྨི་ལམ་གྱི་རྣམ་པར་ཤེས་པ་བཞིན་དུ་རྣམ་པར་ཤེས་པར་སྨྲ་བས་ཀྱང་དེ་བཞིན་དུ་གང་གི་ཕྱིར་སྒོ་བཅད་ནས་ཁྱིམ་དུ་ཉལ་ཏེ། མིག་

བཙུམས་ཏེ་གཉིད་ལོག་པ་ལས་ཁང་པ་བས་ཆེ་བའི་ཚད་ཀྱིས་གླང་པོ་ཆེ་དང་། རྟ་ལ་སོགས་པའི་རྣམ་པར་ཤེས་པ་གླང་པོ་ཆེ་ལ་སོགས་པ་མེད་པར་ཡང་དོན་གྱི་རྣམ་པ་སྐྱེའོ། །དེ་རྨི་ལམ་ན་ཤེས་པའི་རྣམ་པ་སྣང་བ་ཡིན་གྱི་དོན་རྟ་ལ་སོགས་པས་བྱས་པ་ནི་མི་རིགས་སོ། །མིག་གི་

བྱ་བ་མེད་ཀྱང་སོ་སོར་སྣང་བའི་ཕྱིར་རོ། །གང་གི་ཕྱིར་མིག་འཛུམས་པ་ཡང་ལོང་བ་བཞིན་དུ་གཟུགས་སོ་སོར་སྣང་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་མིག་གི་བྱ་བ་ཡང་དེ་ལ་ཉེ་བར་དམིགས་པ་ཡོད་དོ་ཞེ་ན། བདེན་ཏེ་དེ་ལ་ཉེ་བར་དམིགས་པ་ཡོད་དོ། །དེ་ལ་ཉེ་བར་དམིགས་པ་མེད་པར་

ནི་མི་གྲུབ་པོ། །འོན་ཀྱང་མིག་གི་དབང་པོ་མེད་པ་ཉིད་དོ། །ལོང་བ་དང་གཉིད་ལོག་པ་ལ་དེ་མེད་ཀྱང་རྨི་ལམ་ན་སྔོན་པོ་ལ་སོགས་པའི་གཟུགས་སོ། །སོ་སོར་སྣང་བ་ཇི་ལྟར་མི་འགྱུར་རོ། །ཤི་བར་སྣང་བ་ཡང་ཇི་ལྟར་མི་འགྱུར་ཏེ་རྨི་ལམ་མམ་སད་པའི་དུས་ན་ཡང་མེད་དེ་དེའི་ལུས་

ནི་མེས་བསྲེགས་པ་ཉིད་ཡིན་ནོ། །ཇི་ལྟར་ཁང་པ་ཆུང་ངུའི་ནང་དུ་ཚད་ཤིན་ཏུ་ཆེ་བའི་ས་གཞི་ལ་གནས་པའི་སྡོང་པོ་དང་རི་དང་མཚོ་དང་ནམ་མཁའི་དཀྱིལ་དུ་ཉི་མའི་གཟུགས་བརྙན་སོ་སོར་སྣང་སྟེ། དེ་རྣམས་དེར་ཞུགས་པའམ་གནས་པ་ནི་མ་ཡིན་ནོ། །གཉིད་ལོག་པ་ལས་མ་

གཏོགས་པ་གཞན་ལ་སྣང་བ་མེད་དོ། །ཉམས་པ་མེད་པའི་སྐྱེས་བུ་ཐམས་ཅད་ལ་ཉེ་བར་དམིགས་པའི་རྒྱུས་ཐུན་མོང་དུ་དོན་གྱི་ངོ་བོ་ཉིད་དེ་ལྟར་ཉེ་བར་དམིགས་སོ། །གལ་ཏེ་རྨི་ལམ་ན་དོན་ཡོད་པ་ཡིན་ན་མཁན་པོ་ལ་སོགས་པས་བཤད་པ་ལ་སོགས་པ་བྱེད་པ་དེ་ཇི་ལྟར་

དམིགས་པར་མི་འགྱུར། །གལ་ཏེ་གཉིད་སད་བའི་དུས་སུ་དྲིས་པ་ལ་དེ་ཐམས་ཅད་མེད་དེ་མི་དྲན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཐམས་ཅད་དུ་མི་དྲན་པ་མེད་པའི་ཕྱིར་རོ། །གལ་ཏེ་རྨི་ལམ་གྱི་གནས་སྐབས་ན་དོན་མེད་ན། ཅི་འདོད་དཔེ་ཙམ་གྱིས་གཉིད་སད་པའི་དུས་སུ་

เล่ม ๑๖ · หน้า 151b

དོན་གྱིས་སྟོང་པའི་ཤེས་པ་འགྲུབ་པར་འགྱུར། གང་གི་ཕྱིར་རབ་རིབ་ཅན་གྱི་ཤེས་པ་ལོག་པ་ཡིན་པ་བཞིན་དུ་རབ་རིབ་མེད་པའི་ཤེས་པ་ལོག་པར་འགྱུར་རམ་སྟེ་མི་འགྱུར་རོ། །གང་གི་ཕྱིར་དེ་བཞིན་དུ་རྣམ་པར་ཤེས་པ་འཁྲུལ་པ་མེད་པ་དེ་དོན་གྱིས་སྟོང་པ་ཡང་མ་ཡིན་ཏེ་

མི་སླུ་བའི་ཕྱིར་རོ། །དོན་ལས་སྐྱེས་པའི་ཕྱིར་སླུའོ། །གཞན་དུ་ཤེས་པ་དོན་མེད་པས་འབྱུང་ན་མི་སླུ་བའི་མཚན་ཉིད་ཀྱིས་ཀྱང་དོན་མི་རྙེད་དེ་ལོག་པའི་ཤེས་པ་བཞིན་དུ་འགྱུར་རོ། །དེ་ཡང་དོན་ལས་སྐྱེས་པ་ནི་དོན་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་དངོས་སུ་དབང་པོའི་ཤེས་པ་

ལ་ཡོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རབ་རིབ་ལ་སོགས་པའི་སྐྱོན་དང་བྲལ་བའི་མིག་ཡོད་ན་ཤེས་པ་ཡོད་ལ་ཤེས་པ་མེད་ན་མེད་དོ། །མིག་འཛུམས་པ་ལས་གཟུགས་དང་སྣང་བ་དང་། ཡིད་ལ་བྱེད་པ་ཡོད་ཀྱང་དེ་མེད་ན་མེད་དོ། །ཡང་མིག་ཕྱེ་ནས་ཡོད་པ་ཡིན་ནོ། །

དེ་ལྟར་ན་སྣང་བ་ཡོད་ན་ཡོད་དེ་དེ་མེད་ན་མེད་དོ། །གཞན་ཡང་མིག་ལ་སོགས་པའི་རྒྱུ་ཡོད་ཀྱང་ཡང་སྒྲོན་མ་ལ་སོགས་པའི་གསལ་བ་ཡོད་ན་སྣང་བ་ཡིན་ནོ། །དེ་ལྟར་མདུན་དུ་གནས་པའི་བུམ་པ་ལ་སོགས་པའི་གཟུགས་ཡོད་པར་གྱུར་པ་ཡིན་ནོ། །སྣང་བ་ལ་སོགས་པ་ཡོད་ཀྱང་དེ་

མེད་ན་མེད་དོ། །ཡང་དེ་ཡོད་ན་ཡོད་པ་ཡིན་ནོ། །དེ་བཞིན་དུ་ཡིད་ལ་བྱེད་པ་ཡོད་པས་རྣམ་པར་ཤེས་པ་སྐྱེའོ། །དེ་མེད་ན་མེད་དོ། །བུམ་པ་ལ་སོགས་པ་ཡོད་ཀྱང་གཉིད་འཐུག་པའི་གནས་སྐབས་སུ་མེད་དོ། །ཡང་དེ་སད་ན་ཡོད་དོ། །དེ་ལ་རེ་རེ་གསལ་ན་རྣམ་པར་ཤེས་པ་སྐྱེ་

པ་མེད་པས་དེ་ཐམས་ཅད་ཀྱི་ནུས་བ་ཡིན་པར་དཔག་གོ། །དེ་བཞིན་དུ་མིག་གིས་གཟུགས་ལ་འཇུག་གི་སྒྲ་ལ་སོགས་པ་ལ་མ་ཡིན་ནོ། །མིག་གིས་སྒྲ་ལ་སོགས་པ་རྟོགས་པ་མེད་དེ། རྣ་བའི་དབང་པོ་ལ་སོགས་པ་ཡོངས་སུ་བརྟག་པ་དོན་མེད་པར་ཐལ་བའི་ཕྱིར་དང་འོན་པ་

ལ་སོགས་པ་མེད་པར་ཐལ་པར་འགྱུར་རོ། །དེའི་སྒྲ་ལ་སོགས་པ་སྐྱེད་བྱེད་མ་ཡིན་པའི་ཕྱིར་གང་དེ་ལ་སྣང་བ་ཡིན་སྐྱེད་བྱེད་མ་ཡིན་ཀྱང་སྣང་ན་དོན་ཐམས་ཅད་མངོན་སུམ་དུ་གྱུར་པས་ཐམས་ཅད་ཀྱིས་ཐམས་ཅད་ཤེས་པར་འགྱུར་རོ། །དབང་པོའི་ཤེས་པ་ཐམས་ཅད་

เล่ม ๑๖ · หน้า 152a

ཀྱི་གནས་སྐབས་འདི་ཉིད་དོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་གཟུགས་ལ་སོགས་པའི་གཟུགས་བརྙན་གྱིས་རྣམ་པ་ཅན་སྐྱེའོ་ཞེ་ན། རྣམ་པ་མེད་པའམ། གཞན་གྱི་རྣམ་པ་ཅན་དག་དོན་རྟོགས་པ་མེད་དེ་མི་སྲིད་པའི་ཕྱིར་རོ། །

གང་གི་ཕྱིར་ཇི་ལྟར་སྐྱེས་བུ་རང་གི་དེ་བཞིན་ཐམས་ཅད་དུ་མངོན་སུམ་དུ་མི་འགྱུར་བ་བཞིན་ནོ། །སྣང་བའི་མེ་ལོང་ལ་དེའི་གཟུགས་བརྙན་མཐོང་བས་དེས་དེ་རྟོགས་པའོ། །གཟུགས་བརྙན་ཉམས་སུ་མྱོང་བ་ཉིད་རང་གི་བཞིན་གྱི་གཟུགས་སྐྱེས་བུས་ཉམས་སུ་མྱོང་

བའོ། །དེ་ལ་གཟུགས་བརྙན་ཉམས་སུ་མྱོང་བ་ལས་གཞན་དངོས་སུ་ཉམས་སུ་མྱོང་བ་ནི་མི་སྲིད་དོ། །དེ་ལྟར་དོན་ཡོད་པར་སྨྲ་བ་ཐམས་ཅད་ཉིད་ཀྱིས་ཀྱང་དོན་གང་དུ་ཡང་མངོན་སུམ་དུ་མི་འགྱུར་རོ། །དེ་ལ་ཤེས་པ་མེ་ལོང་ལྟ་བུ་ལ་གཟུགས་བརྙན་ཉམས་སུ་མྱོང་བ་ཉིད་དེ་ཉམས་སུ་

མྱོང་བའོ། །དེ་མཐོང་བ་ཉིད་དོན་མཐོང་བའོ། །གང་གི་ཕྱིར་རང་གིས་དོན་མངོན་སུམ་དུ་བྱས་པ་ནི་མེད་དོ། །དེ་མངོན་སུམ་ཉིད་ཡིན་ན་མངོན་སུམ་གྱི་བདག་ཉིད་ཀྱིས་རྣམ་པར་ཤེས་པའི་བདག་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པར་འགྱུར་རོ། །མངོན་སུམ་ཉིད་ཀྱིས་རྣམ་པར་ཤེས་པ་ཉིད་

བསྒྲུབ་པས་དོན་ནི་མ་ཡིན་ནོ། །གཞན་ཡང་དོན་ཉིད་མངོན་སུམ་ཡིན་གྱི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དེ་མངོན་སུམ་མ་ཡིན་པ་ཉིད་ཀྱིས་ཐམས་ཅད་མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །གཟུགས་བརྙན་མངོན་སུམ་དུ་བྱས་པས་རང་གི་བཞིན་ཡང་མངོན་སུམ་

དུ་བྱས་པ་བཞིན་དུ་དེ་མངོན་སུམ་ཉིད་དུ་བྱ་བ་ནི་མི་རིགས་སོ། །དེའི་ཕྱིར་ན་དོན་མངོན་སུམ་མ་ཡིན་ནོ། །དེ་ལ་གང་ཡང་སྔོན་པོའི་རྣམ་པ་ལས་ཤེས་པ་གཞན་གྱི་རྣམ་པར་འགྱུར་ན་སྔོན་པོའི་རྣམ་པ་མ་ཡིན་ནོ། །རྣམ་པར་ཤེས་པ་དེ་རྟག་པའི་ངོ་བོ་ཉིད་དུ་འགྱུར་རོ། །དེ་ཉིད་རང་

རིག་པ་ཡིན་གྱི་དེ་སྔོན་པོ་ནི་མ་ཡིན་ཏེ་སྔོན་པོའི་རྣམ་པ་དང་བྲལ་བའི་ཕྱིར་རོ། །ཡང་དག་པའི་རིག་པ་ལ་ཡོད་པ་དང་མེད་པའི་རྣམ་པ་དང་བྲལ་བ་མ་ཡིན་ནོ། །སེར་པོའི་ཤེས་པ་དང་མི་འབྲལ་བའམ། སྔོན་པོ་དང་བྲལ་བ་ནི་མ་ཡིན་ནོ། །གང་དེའི་ངོ་བོ་ཉིད་མ་ཡིན་པ་དེ་ནི་ཡང་དག་

เล่ม ๑๖ · หน้า 152b

པའི་རིག་པ་མ་ཡིན་ནོ། །སེར་པོའི་ཤེས་པ་ནི་ནག་པོའི་ཤེས་པ་མ་ཡིན་པ་བཞིན་ནོ། །ཇི་ལྟར་མེ་ལོང་ལ་རང་གི་བཞིན་གྱི་གཟུགས་བརྙན་སྣང་བ་ནི་རང་གི་བཞིན་གྱི་རྣམ་པ་ཡིན་གྱི་གཞན་གྱི་རྣམ་པ་ནི་མ་ཡིན་ནོ། །དེ་ཡིས་རང་གི་བཞིན་ཉིད་ཡང་དག་པར་རིག་པ་ཡིན་གྱི་གཞན་

གྱིས་མ་ཡིན་ཏེ། དེའི་རྣམ་པ་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་གཞན་གྱིས་རྣམ་པར་རིག་པས་སྔོན་པོའི་དོན་གྱི་རྣམ་པ་མ་ཡིན་ཏེ། ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ། །ཡང་དག་པར་རིག་པ་ཡང་མ་ཡིན་ནོ། །རྣམ་པ་མེད་པའི་ཤེས་པ་ཡང་སྔོན་པོའི་དོན་རིག་པ་པོ་མ་ཡིན་ཏེ།

གང་གི་ཕྱིར་དེ་དོན་གྱི་རྣམ་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟུགས་བརྙན་ཐམས་ཅད་དང་བྲལ་བའི་མེ་ལོང་གི་དཀྱིལ་འཁོར་བཞིན་ནོ། །དོན་རྟོགས་པར་ཇི་ལྟར་འགྱུར་གང་གི་ཕྱིར་མེ་ལོང་གི་ངོས་ལ་གཟུགས་བརྙན་མ་ལུས་པ་དང་བྲལ་ཏེ་གཟུགས་བརྙན་དང་བྲལ་བས་ན་རང་

གི་བཞིན་ལ་སོགས་པ་རྟོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ནི་གང་དུ་ཡང་དོན་གྱི་ངོ་བོ་ཉིད་ཀྱི་བདག་ཉིད་ཀྱི་གཟུགས་བརྙན་མེད་པས་ཇི་ལྟར་དོན་ཉིད་རྟོགས་པར་འགྱུར། དོན་རང་གི་བཞིན་ལྟར་རང་གི་མངོན་སུམ་དུ་མི་འགྱུར་ཏེ་སྔོན་དུ་བསྟན་པའི་སྐྱོན་ཉིད་ཀྱི་ཕྱིར་རོ། །དེ་བས་

རྣམ་པ་མེད་པ་དང་གཞན་གྱི་རྣམ་པ་ཅན་གཉིས་ཀྱིས་དོན་ཡང་དག་པར་རིག་པ་ནི་མི་སྲིད་དོ། །ཞར་ལ་བྱུང་བ་ནི་དེས་ཆོག་གོ། །ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ། འདི་ལས་གཞན་དུ་ནི་གཞུང་མངས་ཀྱིས་དོགས་པས་མ་བྲིས་སོ། །དེ་ལྟར་གྱུར་པ་གང་ལས་ཤེ་ན། ངེས་འབྱུང་ཞིང་

ཞེས་པ་ནི་ངེས་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ངེས་པར་བྱེ་བྲག་ཏུ་ལྷ་རྣམས་ངེས་པར་བྱེད་པས་ན་ངེས་པར་འབྱུང་བ་སྟེ་ཨཱ་ལི་དང་ཀཱ་ལིའི་ཚོགས་སོ། །དེ་ནས་ཡང་གང་ལས་ཤེ་ན། སྒྲའི་ཚུལ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲའི་ཚུལ་ནི་སྒྲ་

ཙམ་སྟེ། །དེ་སོ་སོའི་རྟེན་དུ་འགྱུར་བ་ཕྲ་མོའོ། །དེའི་གཟུགས་ནི་ངོ་བོ་ཉིད་དོ། །གདན་ཇི་ལྟ་བར་དབྱངས་དང་གསལ་བྱེད་ཀྱི་ཚོགས་ཀྱི་སྟེང་དུ་ཧཱུཾ་ངོ་། །དེ་ལས་སྐྱེས་པ་ནི་སྣ་ཚོགས་རྡོ་རྗེ་སྟེ་ལྟེ་བའི་སྟེང་དུ་གདན་ལ་གནས་པའི་ཧཱུཾ་ཡིག་གོ། །དེའི་སྟེང་དུ་བར་མ་ཆོད་པར་ཧཱུཾ་ནག་

เล่ม ๑๖ · หน้า 153a

པོའོ། །དེའི་སྟེང་དུ་ཨཱཿདམར་པོའོ། །དེའི་སྟེང་དུ་ཨོཾ་དཀར་པོ་བསྒོམ་པར་བྱའོ། །ཨོཾ་ལ་སོགས་པ་རང་བཞིན་མེད་པར་བྱ་སྟེ། གང་ནཱ་ད་ཙམ་དེ་ནི་སྒྲ་ཙམ་སྟེ་དེ་ཐིག་ལེ་ལའོ། །དེ་ཟླ་བ་ཕྱེད་པ་ལའོ། །དེ་ཨོ་ལའོ། །དེ་ཨ་ཡིག་གོ། །དེ་བློའི་ཐིག་ལེ་

ཚེག་དྲག་གཉིས་ལའོ། །དེའི་ཕྱིའི་བློའི་དབྱུག་པ་ལའོ། །དེ་ཨོའི་རྒྱབ་ཏུ་འབྱར་བའི་གློའི་དབྱུག་པ་ལའོ། །དེ་ཨ་ཡིག་གི་མགོ་བོ་ལའོ། །དེ་ཧཱུཾ་ཡིག་གི་དང་པོ་ནཱ་ད་ཙམ་མོ། །ནཱ་ད་དེ་ཐིག་ལེའོ། །དེ་མགོ་བོ་ལའོ། །དེ་ཟླ་ཚེས་ལའོ། །དེ་ལས་ཐིག་ལེ་ལའོ། །དེ་ཧ་ལའོ། །

དེ་ཧའི་ཕྱེད་སྟོད་ཀྱི་ཆ་ལའོ། །དེ་ཧའི་འོག་གི་ཆའི་ཕྱེད་གློའི་དབྱུག་པ་ལའོ། །དེ་ཨུ་ལའོ། །དེ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་ཡིག་གི་ནཱ་ད་ཙམ་ལའོ། །ནཱ་ད་དེ་ཐིག་ལེ་ལའོ། །དེ་མགོ་བོ་ལའོ། །དེ་ཧའི་སྟོད་ཀྱི་ཆ་ལའོ། །དེ་ཧའི་སྨད་ཀྱི་ཆའི་ལོགས་ཀྱི་དབྱུག་བ་ལའོ། །དེ་ཨུ་

ལའོ། །དེ་སྣ་ཚོགས་རྡོ་རྗེའི་ཤར་གྱི་ལོགས་ཀྱི་དབུས་ཀྱི་ཆའི་རྡོ་རྗེའི་རྩེ་མོ་ལའོ། །དེ་གཡོན་ཕྱོགས་ཀྱི་རྩེ་མོ་ལའོ། །དེ་ལྷོའི་ཆའི་གཡས་ཀྱི་རྩེ་མོ་ལའོ། །དེ་དབུས་ཀྱི་རྩེ་མོ་ལའོ། །དེ་གཡོན་ཕྱོགས་ཀྱི་རྩེ་མོ་ལའོ། །དེ་ནུབ་ཕྱོགས་ཀྱི་གཡས་ཀྱི་ཕྱོགས་ཀྱི་རྩེ་མོ་ལའོ། །

དེ་དབུས་ཀྱི་རྩེ་མོ་ལའོ། །དེ་གཡོན་གྱི་རྩེ་མོ་ལའོ། །དེ་བྱང་ཕྱོགས་ཀྱི་གཡས་ཀྱི་རྩེ་མོ་ལའོ། །དེ་དབུས་ཀྱི་རྩེ་མོ་ལའོ། །དེ་གཡོན་གྱི་རྩེ་མོ་ལའོ། །དེ་ཤར་ཕྱོགས་ཀྱི་གཡས་ཀྱི་རྩེ་མོ་ལའོ། །དེ་དབུས་ཀྱི་ལྟེ་བ་ལའོ། །དེ་སྟོང་པ་ཉིད་ཀྱི་རང་བཞིན་ཞུགས་པའི་རྣམ་པར་

བསམ་པའོ། །དེ་ནས་ཡང་ཤར་གྱི་ལོགས་ཀྱི་གཡས་ཀྱི་རྩེ་མོ་ལའོ། །དེ་ནས་བྱང་ཕྱོགས་ཀྱི་ལོགས་ཀྱི་གཡོན་ཕྱོགས་ཀྱིའོ། །དེ་ནས་དབུས་ཀྱིའོ། །དེ་ལས་གཡས་ཕྱོགས་སོ། །དེ་ནས་ནུབ་ཕྱོགས་ཀྱི་ལོགས་ཀྱི་གཡོན་ནོ། །དེ་ལས་དབུས་མའོ། །དེ་ལས་གཡས་ཕྱོགས་

སོ། །དེ་ལས་ལྷོ་ཕྱོགས་ཀྱི་ལོགས་ཀྱི་གཡོན་པའོ། །དེ་ལས་དབུས་སོ། །དེ་ལས་གཡས་པའོ། །དེ་ནས་ཤར་གྱི་ལོགས་ཀྱི་གཡོན་པའོ། །དེ་ལས་དབུས་མའོ། །དེ་ནས་ལྟེ་བ་ལ་གནས་པའི་ཧཱུཾ་ཡིག་གི་ཨུའོ། །དེ་ནས་ཧའི་སྨད་ཀྱི་ཆའི་དབྱུག་པའོ། །དེ་ལས་སྟོད་ཀྱི་

เล่ม ๑๖ · หน้า 153b

ཆའོ། །དེ་ལས་མགོ་བོའོ། །དེ་ལས་ཟླ་ཚེས་དེ་ལས་ཐིག་ལེ་དེ་ནས་ནཱ་ད་དེ་ལས་ནཱ་ད་ཙམ་མོ། །དེ་ལས་ཨུའོ། །དེ་ལས་ཧའི་སྨད་ཀྱི་ཆའི་དབྱུག་པའོ། །དེ་ལས་སྟོད་ཀྱི་ཆའི་མགོ་བོ་ལའོ། །དེ་ལས་ཟླ་བ་ཕྱེད་པའོ། །དེ་ལས་ཐིག་ལེའོ། །དེ་ལས་ནཱ་དའོ། །དེ་ལས་

ནཱ་ད་ཙམ་མོ། །དེ་ལས་ཨའི་མགོའོ། །དེ་ལས་ཨའོ། །དེ་ལས་གློའི་དབྱུག་པའོ། །དེ་ལས་གཞན་གློའི་དབྱུག་པའོ། །དེ་ལས་ཐིག་ལེ་གཉིས་སོ། །དེ་ལས་ཨོའོ། །དེ་ལས་ཟླ་བ་ཕྱེད་པའོ། །དེ་ལས་ཐིག་ལེའོ། །དེ་ལས་ནཱ་དའོ། །དེ་ལས་ནཱ་ད་ཙམ་མོ། །དེ་ལས་

བྱུང་བ་གཏན་ལ་གནས་པ་རྩ་བར་གྱུར་པ་པདྨའི་སྣལ་མ་ཕྲ་བར་གནས་པ་བསྒོམ་པར་བྱ་བའི་ལྷ་ཁྲུ་ཕྱེད་དང་བཞི་བའི་ཚད་དཀར་པོ་ལས་དང་ཉོན་མོངས་པའི་བག་ཆགས་རྣམ་པར་དག་པའི་གཞིར་གྱུར་པའི་རྣམ་པར་ཤེས་པའི་དམིགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

ངོ་བོ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་སངས་རྒྱས་ཀྱི་རི་མོ་བསྒོམ་པར་བྱའོ། །སྒྲའི་ཚུལ་ཞེས་པ་ནི་གཉིས་པོ་ལས་སྒྱུ་མ་ལྟ་བུ་ཉིད་དུ་བདག་ཉིད་སྐྱེས་སོ་ཞེས་བྱ་བར་དགོངས་སོ། །ཞིང་ནི་ངེས་པར་གཟུང་བའོ། །དེ་ལྟ་བུ་ལྷ་གཉིས་

པོའི་བདག་ཉིད་ཕྱུང་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱིས་རྣམ་པར་དག་པ་ནི། ཕྱག་བཅུ་གཉིས་ཉིད་དོ། །ཕྱག་མཚན་ནི་མན་ངག་ལས་སམ། གླང་ཆེན་པགས་པས་གཡོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་

བདག་འབའ་ཞིག་བྱུང་བ་ནི་མ་ཡིན་ཏེ། ངེས་འབྱུང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམ་ཚིག་ནི་གོ་ཀུ་ད་ཧ་ན་ལ་སོགས་པའོ། །དེའི་སྤྱོད་ཡུལ་ནི་བསྟེན་པ་སྟེ། དེ་ཉིད་ཀྱི་སྤྱོད་ཡུལ་གང་ཡིན་པ་མཁའ་འགྲོ་མ་དང་ལཱ་མ་ལ་སོགས་པ་དམ་ཚིག་སྤྱོད་ཡུལ་ལོ། །

སྤྱོད་ཡུལ་ནི་ཡུལ་ལོ། །དམ་ཚིག་ནི་སྤྲུལ་པ་སྟེ། དེ་ཡང་སེམས་ཅན་གྱི་དོན་ལ་སོ་སོར་འབྲེལ་བའོ། །ཁ་ཅིག་ན་རེ་ངེས་འབྱུང་གི་སྒྲ་ནི་མང་པོའི་ཚིག་གི་མཐའ་ཅན་ཡིན་ཡང་རྐྱེན་ཡོངས་སུ་གྱུར་པས། གཅིག་གི་ཚིག་ཏུ་བྱ་སྟེ་རྡོ་རྗེ་འཛིན་པ་དང་སྦྱར་ཞེས་ཟེར་རོ། །ཅི་ཁྱོད་

เล่ม ๑๖ · หน้า 154a

དོན་དམ་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ནམ་སྙམ་དུ་དགོངས་པ་ལ། རྙེད་དཀའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་དང་ཐབས་དག་དང་རྣམ་པར་རྟོག་པ་དང་གསུམ་ནི་གསུམ་མོ། །དེ་གཉིས་བྱེ་བྲག་ཏུ་རྟོག་པ་ཉིད་ཀྱིས་ཉེ་བར་གྱུར་པས་རྣམ་

པར་རྟོག་པ་གསུམ་པའོ། །གལ་ཏེ་ཕྱིས་ཀྱི་རྣམ་པར་རྟོག་པ་མ་ཡིན་ནོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྙེད་སླའོ་ཞེས་དགོངས་སོ། །དེ་ཉིད་ཀྱིས་ཞེན་པ་མེད་པའི་ཚུལ་དུ་གོམས་པས་ཉོན་མོངས་པ་ཐམས་ཅད་སངས་རྒྱས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་བྱེད་དོ། །དེ་

བས་ན་རྣམ་པར་ཤེས་པའི་ངོ་བོ་ཉིད་རྣམ་པར་མི་རྟོག་པ་ཉིད་ང་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་ནི་འཇིག་རྟེན་མཐོང་བ་སྟེ་ཉེ་བར་དམིགས་པའི་བར་རོ། །དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་གཟུང་བ་ལ་སོགས་པ་ཉེ་བར་དམིགས་

པའི་ཕྱིར་རོ། །འཇིག་རྟེན་གྱི་སྒྲས་རྣམ་པར་རྟོག་པ་ཉིད་རྙེད་དེ། དེ་ཉེ་བར་དམིགས་པ་ལས་བྱུང་བའི་ཕྱིར་རོ། །ཡང་ན་དགའ་བ་དང་མཆོག་དགའ་དང་དགའ་བྲལ་རྣམས་སུ་རྙེད་པར་དཀའ་བ་སྟེ་གསུམ་དུ་ཞེས་གསུངས་པའི་ཕྱིར་ལྷན་ཅིག་སྐྱེས་པ་མེད་དོ། །ལྷག་མ་ནི་སྔ་མ་

བཞིན་ནོ། །དེ་བས་ན་ཐོག་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟོག་པ་དང་བཅས་པས་ན་ཐོག་མ་དང་བར་དང་ཐ་མ་རྣམས་སུ་ཡང་དག་པར་ཆ་ཤས་སུ་ཕྱེ་བ་གང་ཡིན་པ་ལ་བདག་རྙེད་པར་དཀའོ། །རྗེས་སུ་མཐུན་པའི་སྒོ་ནས་རྙེད་པར་སླ་བ་བློ་ལ་བཞག་སྟེ་རྙེད་པར་དགའ་

བ་ཉིད་དུ་གསུངས་སོ། །གང་ཡང་རྟོག་པ་དང་བཅས་པ་ཞེས་བྱ་བ་འདི་ནི་བདག་གི་ངོ་བོ་མ་ཡིན་ཞེས་བྱ་བར་དགོངས་སོ། །རྣམ་པར་མི་རྟོག་པ་ཉིད་གང་ཡིན་པ་དེ་བདག་གི་ངོ་བོ་ཉིད་དེ། དེ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པར་རྟོག་པ་ལས་རྙེད་པར་དཀའོ་

ཞེས་བྱ་བའི་དོན་ཏོ། །ཡང་ན་རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་རྣམས་སུ་མང་དག་པར་གནས་པ་མེད་ཅིང་མ་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྙེད་པར་དཀའོ། །གང་གི་ཕྱིར་མཚན་ཉིད་

เล่ม ๑๖ · หน้า 154b

དང་བྲལ་བའི་སྐད་ཅིག་མ་ལ་ཉེ་བར་དམིགས་པ་ཐམས་ཅད་སྤངས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱིར་རོ། །ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་རྙེད་པར་སླ་བར་གསུངས་པ་ནི་དོན་གྱིས་འཕངས་པའོ། །དེ་ལྟར་ཡང་དེ་ཉིད་ཇི་ལྟར་གྲུབ་པ་ཡིན་ཞེ་ན། བསྲུབ་

པ་དང་བསྲུབས་པའི་སྦྱོར་བ་ཡིས་ཞེས་གསུངས་སོ། །བསྲུབ་པ་ནི་ཤེས་རབ་ཀྱི་ཆའོ། །བསྲུབས་པའི་སྦྱོར་བ་ནི་ཐབས་ཀྱི་ཆ་སྟེ་ཆོས་ཀྱི་བརྡ་ཡིན་པའི་ཕྱིར་རོ། །གང་དེ་གཉིས་རོ་གཅིག་པར་གྱུར་པ་དེ་ནི་དེ་ཉིད་དོ། །བསྲུབ་པ་དང་སྲུབ་པར་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ལྟར་ན་རྙེད་པར་སླ་

བ་ཡིན་ནོ། །དེ་ཧེ་རུ་ཀ་ཡང་དག་པར་སྦྱོར་བ་བཤད་ཅེས་བྱ་བར་སྦྱོར་རོ། །ལྷན་ཅིག་སྐྱེས་པའི་རྫས་ཀྱི་ངོ་བོ་དེ་ཉིད་ནི་བཅོམ་ལྡན་འདས་སོ། །དེ་ཇི་ལྟ་བུ་ཞེས་པ་ལ་ཇི་བཞིན་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་དུ་ཡི་གེ་བཞི་པོའི་དའི་ངག་ནི། ཐོག་མ་ཐ་མ་དབུས་མེད་ཅིང་། །ཇི་སྲིད་མྱ་

ངན་འདས་པ་མིན། །བདག་མིན་གཞན་ཡང་མ་ཡིན་པ། །འདི་ནི་བདེ་བ་ཆེན་པོ་ཡིན། །གཡས་པས་ཅིག་ཤོས་ལག་པ་ཡི། །རྒན་པོ་དང་ནི་མིང་མེད་ཀྱིས། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ནི། །རྣལ་འབྱོར་པ་ཡིས་བཙིར་བྱས་ན། །གཞོན་ནུ་མ་ཡི་བདེ་བ་བཞིན། །དེ་ནས་ཡེ་ཤེས་

སྐྱེ་བར་འགྱུར། །ཞེས་བྱའོ། །ཇི་བཞིན་གྱི་སྒྲའི་དོན་ནོ། །དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་བྱ་བ་ནི་དེ་བཞིན་སྒྲའི་དོན་ནོ། །ཚིགས་བཅད་གཉིས་པོའི་དོན་ནི་བླ་མའི་གདམས་ངག་ལས་ཤེས་པར་བྱའོ། །འདིར་སྒྲའི་སྡེབ་སྦྱོར་ལ་སོགས་པ་ནི་བཤད་པར་མི་བྱ་སྟེ། །བདེ་བར་

གཤེགས་པའི་ལུང་ཡིན་པའི་ཕྱིར་རོ། །གསང་བའི་སྒྲ་བརྗོད་པར་བྱ་བ་ཁྱད་པར་དང་བཅས་པའི་དཔལ་ཧེ་རུ་ཀ་ཡང་དག་པར་སྦྱོར་བར་སྟོན་ཏོ། །དེ་གཉིས་བརྗོད་པར་བྱ་བ་དང་འབྲེལ་པ་ལ་སོགས་པ་དང་། བསྒྲུབ་པར་འདོད་པས་སྔགས་བཟླས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

སྔགས་ནི་རྐང་པ་བརྒྱད་པ་ལ་སོགས་པའོ། །དེ་རྣམས་ཉིད་ཡང་དང་ཡང་དུ་ཟློས་པ་ནི་བཟླས་པའོ། །བསམ་གཏན་ནི་ལྷའི་རྣམ་པ་ལ་སེམས་པའོ། །སོགས་ཀྱི་སྒྲས་ནི་རིགས་ལྡན་གྱི་མཆོད་པ་དང་། ཕོ་ཉས་འདོད་པ་བསྒྲུབ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་

เล่ม ๑๖ · หน้า 155a

ཐིག་ལེས་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཆོད་པ་དང་། སྡིག་པ་ཐམས་ཅད་རྣམ་པར་དག་པས་རྣལ་འབྱོར་ཉིད་དུ་བསྒྲུབ་པ་དང་། དམ་ཚིག་བསྐྱང་བ་དང་དམ་ཚིག་བསྲུང་བ་དང་། བདུད་རྩི་ལྔ་བཟའ་བ་དང་ཚོགས་ཀྱི་འཁོར་ལོར་ཟླ་བའི་

བཏུང་བ་བཞིན་དུ་བདུད་རྩི་ལྔ་མྱང་བ་དང་། དབང་པོ་གཉིས་ཀྱི་སྦྱོར་བ་དང་། །ལྷ་རྫས་ཀྱི་བདེ་བའི་སྔགས་པ་དང་། རི་སུལ་དང་ཚང་ཚིང་ལ་སོགས་པའི་གནས་དང་། དཀྱིལ་འཁོར་ལ་སོགས་པའི་དེ་ཉིད་བཅུ་དང་། བླ་མ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་དཀྱིལ་འཁོར་གྱི་

མཆོད་པ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། དེ་ནས་དབང་སྦྱིན་པ་དང་། ཕྱག་རྒྱ་དང་སློབ་དཔོན་གྱི་མཆོད་པ་དང་། མཁའ་འགྲོ་མའི་ས་གཞི་ལ་རོལ་པ་དང་། སྔགས་བཏུ་བ་དང་རིག་པའི་རྒྱལ་པོའི་ལས་ཀྱི་ཚོགས་དང་། འཇིག་རྟེན་པའི་དངོས་གྲུབ་བརྒྱད་བསྒྲུབ་བ་

དང་། བརྡའི་ཆོ་ག་དང་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་དང་། དེ་གཉིས་ཀྱི་འགྲོ་བ་དང་འོང་བའི་བྱ་བ་བརྗོད་པ་དང་། མཁའ་འགྲོ་མའི་མཚན་ཉིད་དང་། ཕྱག་རྒྱ་དང་ཕྱག་རྒྱའི་ལན་བསྟན་པ་དང་། དམ་ཚིག་མི་བརྗོད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་

ཆེན་པོ་བརྒྱད་དང་། གཅིག་ཏུ་ཙཱ་རུ་བཟའ་བ་དང་གཏོར་མ་སྦྱིན་པ་དང་གནོད་མཛེས་རྒྱལ་པོའི་སྔགས་བཏུ་བ་དང་། དེའི་ལས་ཀྱི་ཚོགས་བསྒྲུབ་པ་དང་། སྔགས་ཀྱི་གཟུགས་བརྙན་བསམ་གཏན་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་བསྒོམ་པ་དང་། འཇིག་རྟེན་ལས་

འདས་པའི་མཆོག་དང་། དེ་ནས་ཡང་ཞལ་བཞི་པའི་སྔགས་ཀྱི་ཚིག་དང་བཅས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམ་སྣང་དུ་རྟོགས་པའི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའི་སྔགས་ཀྱི་བཟླས་པ་དང་། གནས་ལ་སོགས་པའི་ས་བཅུ་དང་། །ཡུལ་ཉི་ཤུ་རྩ་བཞི་བསྟན་པ་དང་། ནུབ་

མོ་ཕྱོགས་ཀྱི་གོས་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་ནས་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞི་ཁམས་རྣམ་པར་དག་པ་དང་། མཁའ་སྤྱོད་དང་ས་སྤྱོད་ཀྱི་ལྷ་མོའི་གཟུགས་བརྗེ་བ་དང་། རྩའི་རིགས་སུམ་ཅུ་རྩ་བདུན་གྱི་འཁོར་ལོ་ཀུན་

เล่ม ๑๖ · หน้า 155b

ཏུ་སྤྱོད་པ་མགོ་ཟུག་པ་དང་ལོངས་སྤྱོད་པ་དང་ཐིམ་པ་དང་། དབང་དུ་བྱེད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ནས་སྤྲུལ་པ་དང་། ལོངས་སྤྱོད་པ་དང་། ཆོས་རྣམ་པར་དག་པའི་སྐུའི་རང་བཞིན་དང་། སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཅེས་བྱ་བ་སྟེ་དེ་རྣམས་བསྡུ་བའོ། །

སྦྱོར་བ་ནི་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ལ་སོགས་པའི་ལས་ཀྱི་ཏིང་ངེ་འཛིན་ནོ། །ཆོ་གའི་ཡེ་ཤེས་ནི་བྱ་བ་ཉིད་ཅེས་བྱ་བ་ནི་ཆོ་ག་སྟེ། ལེགས་པར་དཔྱད་པ་ལ་སོགས་པའི་ལས་སོ། །དེའི་ཡེ་ཤེས་ནི་ཤེས་པར་བྱ་བ་ཉིད་དེ་ལ་ཡོད་པས་ན་དེ་བསྟན་པའོ། །མར་གྱིས་གང་བའི་

བུམ་པ་ནི། །མེ་ཡི་སྟེང་དུ་བཞག་གྱུར་ན། །མར་ནི་ཞུ་ཞིང་ཞུ་གྱུར་ནས། །སྣོད་ཀྱི་དྲི་མ་ཉམས་པར་བྱེད། །ཧེ་རུ་ཀ་དཔལ་ཞེས་མིང་གིས། །དེ་བཞིན་སྡིག་པ་འཇོམས་པར་བྱེད། །ཅེས་པའི་ཚིག་གིས་སོ། །ཡང་ན་འདིར་ཆོ་ག་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ངོ་བོ་ཉིད་

དུས་གསུམ་མོ། །ཡེ་ཤེས་ནི་ཡེ་ཤེས་པ་བརྒྱད་ཀྱི་ལུས་སོ། །ཆོ་ག་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་ན་ཆོ་གའི་ཡེ་ཤེས་སོ། །སྦྱོར་བ་ནི་ཆོ་གའི་ཡེ་ཤེས་ཉིད་དོ། །གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བརྗོད་པར་བྱ་བ་བཤད་དོ་ཞེས་བྱ་བར་སྦྱར་རོ། །རྒྱུད་ནི་ནམ་མཁའ་དང་

མཉམ་པའི་རྒྱུད་དོ། །གསུངས་པ་ནི་མ་ལུས་པ་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་འདིར་གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བརྗོད་པར་བྱ་བ་ཉིད་དུ་གསུངས་སོ། །དེ་ནས་ཡང་མཉན་པར་གྱིས་ནི་རྡོ་རྗེ་ཕག་མོ་ལས་ཏེ་དེའི་བསྒྲུབ་བྱ་ནི་གསང་བ་ཉིད་ཡིན་པར་དགོངས་སོ། །

མདོར་བསྡུས་པའི་རྒྱུད་ཀྱི་གཞུང་གཞན་ཡིན་པ་ལ་འགལ་བ་མེད་དོ། །གལ་ཏེ་འདི་སྐད་ཅེས་བྱ་བ་ལ་སོགས་པ་རྒྱུད་དུ་ནི་གསུངས་པ་འདིར་མ་བསྟན་ན། སྔར་མ་བྱུང་བ་ཉིད་ཀྱི་ཕྱིར། འདིར་ཅིའི་ཕྱིར་མི་སྟོན་ཞེ་ན་མ་ཡིན་ཏེ། རྩ་བའི་རྒྱུད་ཀྱི་བརྗོད་པར་བྱ་བ་དང་འབྲེལ་པས་སྔོན་

མ་བྱུང་བ་ཉིད་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དགེ་སློང་དག་འདི་སྐད་བདག་གིས་ཐོག་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པས་ཆོས་བསྡུ་བར་བྱའོ་ཞེས་གསུངས་པའི་ཕྱིར་འདི་ནི་སྡུད་པ་པོ་ཉིད་དང་། དེ་དང་འབྲེལ་བ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྡུད་པ་པོས་ཀྱང་བཅོམ་ལྡན་འདས་ཀྱིས་

เล่ม ๑๖ · หน้า 156a

གསུངས་པའི་རྗོད་བྱེད་དང་བརྗོད་བྱའི་ངོ་བོ་ཉིད་ཀྱི་རྒྱུད་བསྡུས་པའི་ཕྱིར་རོ། །གལ་ཏེ་བཅོམ་ལྡན་འདས་མ་སྟོན་པ་པོ་ཡིན་ན། དེའི་ཚེ་བཞུགས་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་དང་ཇི་ལྟར་འབྱོར་ཞེ་ན། བཞུགས་ཞེས་བྱ་བ་ལ་སོགས་པའི་

ཚིག་ནི་ཧེ་རུ་ཀ་དཔལ་ཡང་དག་སྦྱོར་གྱིས་བཤད་དོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གསང་བ་མཆོག་གི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་སྦྱར་རོ། །རྒྱུད་ནི་འདིས་དོན་གྱི་རྟོགས་པ་བསྐྱེད་པས་སྒྲའི་ཚོགས་སོ། །འདིར་དོན་ཐ་དད་གསུམ་ཡིན་ཏེ། རྒྱུ་འབྲས་ཐབས་ཀྱི་རང་བཞིན་ནོ། །

འབྲས་བུ་ནི་ཆེ་བའི་ངོ་བོ་ཉིད་ཀུན་ཏུ་བཟང་པོའོ། །རྒྱུད་འདི་གོམས་པའི་གནས་སྐབས་ཀྱི་ཁྱད་པར་རྫོགས་པ་ཉིད་དེ། རྒྱུ་ཡང་དཀྱིལ་འཁོར་གྱི་ལྷའི་ཚོགས་སོ། །ཐབས་ཀྱང་འབྱུང་བ་བཞི་དང་རི་རབ་དང་གཞལ་ཡས་ཁང་ལ་སོགས་པའོ། །རྒྱུད་ནི་འདིར་དེ་བཞིན་དུ་ཡང་། རྒྱུད་

ལ་རྒྱུད་དུ་བརྗོད་པ་སྟེ། །དེ་རྒྱུན་དེ་ཡང་རྣམ་པ་གསུམ། །རྟེན་དང་ཐབས་དང་རྣམ་པས་ནི། །རྒྱུད་དོན་གསུམ་གྱིས་བསྡུས་པའོ། །ཞེས་གསུངས་སོ། །གསང་བ་ཞེས་བྱ་བའི་ཚིག་གིས་ཤིན་ཏུ་མདོར་བསྡུས་ནས་མ་ལུས་པའི་རྒྱུད་ཀྱི་བརྗོད་པར་བྱ་བ་བསྟན་ཏོ། །དེ་ནས། ཧེ་རུ་ཀ་

དཔལ་ཡང་དག་སྦྱོར། །ཞེས་བྱ་བ་ལ་སོགས་པར་རྒྱས་པར་དགྲོལ་བར་དགོངས་ནས་བསྟན་པའོ། །འདི་ན་མར་ཤིན་ཏུ་རྒྱས་པར་ནི་རྒྱུད་རྫོགས་པའི་བར་གྱིས་གསུངས་སོ། །དེ་ཉིད་དབུགས་དབྱུང་བར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བར་མ་དང་མཆོག་ནི་འདིར་འདིས་

སྲོག་འཛིན་པས་ན་དབུགས་སམ། དུས་ཡིན་པས་ན་དབུགས་ཞེས་བྱའོ། །བར་མ་ནི་མེ་སྟེ་ས་ཆུ་མེ་རླུང་ཞེས་གསུངས་པས་བར་མ་འགྱུར་པ་ཉིད་ཀྱི་ཕྱིར་རོ། །བར་མར་གྱུར་པ་ཉིད་ཀྱང་ཕལ་པ་གང་ཡིན་པར་གཟུང་བ་ཉིད་ཀྱི་ཕྱིར་ཏེ་བརྗོད་དོ། །མཆོག་ནི་དབང་ཆེན་ཏེ་ལྷའི་རྒྱལ་པོ་ཉིད་

ཡིན་པའི་ཕྱིར་རོ། །བར་མ་དང་མཆོག་གི་དབུགས་ནི་གནས་སམ་དུ་ཞེས་བྱ་བའི་དོན་ཏོ། །དེས་ན་རིགས་ལྡན་མཆོད་པར་བྱ། །ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུར་གྱུར་པ་ལ་ཞེ་ན། དྲི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་དྲི་ཡོད་པས་ན་དྲི་སྟེ། དྲི་རྒྱུ་བ་ཉིད་ཀྱི་རླུང་ངོ་། །གང་ལ་

เล่ม ๑๖ · หน้า 156b

ཡོད་པ་དེ་ནི་ཆུའོ། །དེ་གཉིས་ཀྱི་གནས་དང་འདི་བཅས་པས་དྲིའི་ཆུ་དང་བཅས་པ་ཞེས་བྱ་སྟེ། ཚིག་བར་མ་ཕྱིས་པ་ནི་བསྡུ་བ་སྟེ་མར་གྱིས་གང་བའི་བུམ་པ་ཞེས་བྱ་བ་ལྟ་བུའོ། །ནི་ཞེས་པས་ནི་ཚིག་གི་ཁ་བསྐང་བའོ། །འདིའི་དོན་ནི་རིགས་ལྡན་ནི་རྣལ་འབྱོར་མ་སྟེ། དེ་མཆོད་པར་བྱེད་

པ་ནི་མཉེས་པར་བྱེད་པའོ། །རྟག་ཏུ་ནི་དུས་ཐམས་ཅད་དུ་སྟེ་དེ་ཉིན་རེ་ཞིང་ཞེས་བྱ་བའི་དོན་ནོ། །དུས་ཀྱི་ཁྱད་པར་ནི་དུས་ཀྱི་ཁྱད་པར་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་སོགས་པ་ལ། གདམས་ངག་ཇི་ལྟ་བ་བཞིན་དུ་ཐུན་ཕྱེད་ཀྱི་ཆ་རྣམས་སུའོ། །དཀར་པོའི་ཚེས་གཅིག་ནས་

གཟུང་སྟེ་སྔ་དྲོའི་བར་ཐུན་ཕྱེད་ལ། པུ་ལས་སྐྱེས་པའི་མགོ་བོ་ལ། ཨོཾ་ཀ་ར་ཀ་ར་པྲ་ཙཎྜཱི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་རབ་གཏུམ་མོ་བསྒོམ་པར་བྱའོ། །གཉིས་བ་ལ་ཛཱཾ་ལས་སྐྱེས་པའི་སྤྱི་གཙུག་ཏུ། ཨོཾ་ཀུ་རུ་ཀུ་རུ་ཙཎྜ་ཨཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་

ལས་སྐྱེས་པའི་གཏུམ་མིག་མའོ། །གསུམ་པ་ལ་ཨོཾ་ལས་སྐྱེས་པའི་རྣ་བ་གཡས་པ་ལ། ཨོཾ་བནྡྷ་བནྡྷ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་འོད་ལྡན་མའོ། །བཞི་པ་ལ་ཨཾ་ལས་སྐྱེས་པའི་མགོ་བོའི་ལྟག་པར། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ་

ཕཊ། ཅེས་བྱ་བ་ལས་སྐྱེས་པའི་སྣ་ཆེན་མའོ། །ལྔ་པ་གོཾ་ལས་སྐྱེས་པའི་རྣ་བ་གཡོན་པ་ལ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཱི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་དཔའ་བོའི་བློ་ཅན་མའོ། །དྲུག་པ་རཱཾ་ལས་སྐྱེས་པའི་སྨིན་མའི་དབུས་སུ། ཨོཾ་ཧྲཽཾ་ཧྲཽཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་

ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་མིའུ་ཐུང་མའོ། །བདུན་པ་དེཾ་ལས་སྐྱེས་པའི་མིག་གཉིས་ལ། ཨོཾ་ཧྲཿཧྲཿ་ལངྐེ་ཤྭ་རཱི་ཡེ་ཧུཾ་ཧུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་ལངྐའི་དབང་ཕྱུག་མའོ། །བརྒྱད་པ་མཱཾ་ལས་སྐྱེས་པའི་ཕྲག་པ་གཉིས་ལ། ཨོཾ་ཕེཾ་ཕེཾ་དྲུ་

མཙྪཱ་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་ཤིང་གྲིབ་མ་སྟེ་ཐུགས་ཀྱི་འཁོར་ལོའོ། །ལྷ་མོ་རྣམས་ཀྱི་གདན་ནི་ཉིན་མོའི་ཆ་ལ་མེའི་དཀྱིལ་འཁོར་རོ། །མཚན་མོ་དང་པོའི་ཐུན་ཕྱེད་ལ་ཀཱཾ་ལས་སྐྱེས་པའི་མཆན་ཁུང་དག་ཏུ། ཨོཾ་ཕཊ་ཕཊ་ཨེ་རཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་

เล่ม ๑๖ · หน้า 157a

བྱ་བའི་སྔགས་ལས་སྐྱེས་པའི་ས་སྲུངས་མ་བསྒོམ་པར་བྱའོ། །གཉིས་པ་ལ་ཨོཾ་ལས་སྐྱེས་པའི་ནུ་མ་དག་ལ། ཨོཾ་ད་ཧ་ད་ཧ་མ་ཧཱ་བྷཻ་ར་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་འཇིགས་བྱེད་ཆེན་མོའོ། །གསུམ་པ་ལ་ཏྲཾ་ལས་སྐྱེས་པའི་ལྟེ་བ་ལ།

ཨོཾ་པ་ཙ་པ་ཙ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་རླུང་གི་ཤུགས་ཅན་མའོ། །བཞི་པ་ལ་ཀོཾ་ལས་སྐྱེས་པའི་སྣ་རྩེར། ཨོཾ་བྷཀྵ་བྷཀྵ་བ་ཤ་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནི་སུ་ར་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་ཆང་འཐུང་མའོ། །ལྔ་པ་

ལ་ཀཾ་ལས་སྐྱེས་པའི་ཁ་ལ། ཨོཾ་གྲིཧྞ་གྲིཧྞ་སཔྟ་པ་ཏཱ་ལ་ག་ཏཱ་བྷུ་ཛཾ་གཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ཤྱཱ་མ་དེ་བཱི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་ལྷ་མོ་སྔོ་བསངས་མའོ། །དྲུག་པ་ལ་ལཾ་ལས་སྐྱེས་པའི་མགྲིན་པར། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་

ལས་སྐྱེས་པའི་རབ་ཏུ་བཟང་མོའོ། །བདུན་པ་ལ་ཀཱཾ་ལས་སྐྱེས་པའི་སྙིང་གར། ཨོཾ་ཧྲིཾ་ཧྲིཾ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་རྟ་རྣ་མའོ། །བརྒྱད་པ་ལ་ཧི་ལས་སྐྱེས་པའི་མདོམས་སུ། །ཨོཾ་ཛྞཽཾ་ཛྞཽཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་

བྱ་གདོང་མའོ་ཞེས་བྱ་བ་ནི་གསུང་གི་འཁོར་ལོ་སྟེ། ནུབ་མོའི་ཆ་ལ་ལྷ་མོ་རྣམས་ཀྱི་གདན་ནི་ཆུའི་དཀྱིལ་འཁོར་རོ། །ཚེས་གཉིས་ལ་ནང་བར་གྱི་ཐུན་ཕྱེད་ལ་པྲེཾ་ལས་སྐྱེས་པའི་མཚན་མ་ལ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་འཁོར་ལོའི་ཤུགས་ཅན་

མའོ། །གཉིས་པ་ལ་གྲིཾ་ལས་སྐྱེས་པའི་བཤང་ལམ་ལ། ཨོཾ་ཧཾ་ཧཾ་ཁཎྜ་རོ་ཧཱ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་དུམ་སྐྱེས་མའོ། །གསུམ་པ་ལ་སཽ་ལས་སྐྱེས་པའི་བརླ་གཉིས་ལ། ཨོཾ་ཧཱིཾ་ཧཱིཾ་ཤཽཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་ཆང་འཚོང་

མའོ། །བཞི་པ་ལ་སུཾ་ལས་སྐྱེས་པའི་བྱིན་པ་དག་ལ། ཨོཾ་ཧཱུཾ་ཧཱུཾ་ཙཀྲ་བརྨི་ཎི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་འཁོར་ལོའི་གོ་ཆ་མའོ། །ལྔ་པ་ལ་ནཾ་ལས་སྐྱེས་པའི་རྐང་པའི་སོར་མོ་རྣམས་ལ། ཨོཾ་ཀི་ལི་ཀི་ལི་སུ་བཱི་རེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་

เล่ม ๑๖ · หน้า 157b

པའི་རབ་ཏུ་དཔའ་མོའོ། །དྲུག་པ་ལ་སཾ་ལས་སྐྱེས་པའི་རྐང་པའི་བོལ་ལ། ཨོཾ་སི་ལི་སི་ལི་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་སྟོབས་ཆེན་མོའོ། །བདུན་པ་ལ་མཾ་ལས་སྐྱེས་པའི་རྐང་པའི་མཐེ་བོང་དག་ལ། ཨོཾ་ཙི་ལི་ཙི་ལི་ཙཀྲ་བརྟི་ནཱི་ཡེ་ཧུཾ་ཧཱུཾ་

ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་འཁོར་ལོས་སྒྱུར་མའོ། །བརྒྱད་པ་ལ་ཀུཾ་ལས་སྐྱེས་པའི་པུས་མོ་ལ། ཨོཾ་དྷི་ལི་དྷི་ལི་མ་ཧཱ་བཱིརྱེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ལས་སྐྱེས་པའི་བརྩོན་ཆེན་མོའོ་ཞེས་བྱ་བ་ནི་སྐུའི་འཁོར་ལོ་ཉིན་མོའི་ཆ་ལ་ལྷ་མོ་རྣམས་ཀྱི་གདན་ནི་

དབང་ཆེན་གྱི་དཀྱིལ་འཁོར་རོ། །དེ་ཉིད་ཀྱི་མཚན་མོའི་དང་པོའི་ཐུན་གཉིས་ལ་རབ་གཏུམ་མ་དང་གཏུམ་མའི་མིག་ཅན་མ་དང་སྣ་ཆེན་མ་རྣམས་དང་ཉེ་བར་གོ་རིམས་བཞིན་དུ་ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མའོ། །གཉིས་པའི་ཐུན་

གཉིས་པ་ལ་དཔའ་བོའི་བློ་མ་དང་། མིའུ་ཐུང་མ་དང་། ལངྐའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་རྣམས་དང་ཉེ་བར་གོ་རིམས་བཞིན་དུ། གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་རྣམས་བསྒོམ་པར་བྱའོ། །དེ་

ལྟར་ཡང་ཚེས་གསུམ་པའི་ཉིན་ཞག་ལ་ཐུགས་དང་གསུང་གི་འཁོར་ལོའོ། །དེ་ནས་ཡང་ཚེས་བཞི་པ་ལ་སྐུའི་འཁོར་ལོ་དང་དུར་ཁྲོད་མ་རྣམས་ཏེ། རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་ཀྱི་ཀུན་དུ་སྤྱོད་པའོ། །དེ་ལྟར་ཚེས་ལྔ་ལ་སོགས་པ་རྣམས་ཀྱང་གོ་བར་བྱའོ། །དཔལ་ཧེ་རུ་ཀ་

དང་མཁའ་འགྲོ་མ་ལ་སོགས་པ་བཞིའི་རྣལ་འབྱོར་ནི་རྣམ་པར་ཤེས་པའི་འཁོར་ལོའོ། །འདི་རྣམས་ལ་ཀུན་དུ་སྤྱོད་པ་མེད་དེ་གདམས་ངག་མེད་པའི་ཕྱིར་རོ། །ཇི་སྲིད་ཟླ་བ་དྲུག་ཏུ་བསྒོམ་པ་དང་བཟླས་པ་བྱ་སྟེ་མཚན་མ་ཐོབ་པར་བྱས་ནས། དེ་ནས་ཟླ་བ་བདུན་དུ་རྣལ་འབྱོར་མ་རྣམས་

ཀྱི་ཀུན་དུ་སྤྱོད་པའོ། །དེ་ལྟར་བྱས་ཀྱང་གལ་ཏེ་མ་གྲུབ་ན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །འདིར་ཟླ་བ་སུམ་ཅུ་རྩ་དྲུག་གིས་ངེས་པར་འགྲུབ་པར་འགྱུར་བ་ནི་གདམས་ངག་གོ། །བར་མ་ཆད་པར་རྒྱུད་དུ་བསྒོམས་ན་ལོ་གཅིག་གིས་སོ། །དེ་ནས་ཟླ་བ་དྲུག་ཏུ་གོམས་པའི་རིམ་པས་སོ། །མེ་ལ་

เล่ม ๑๖ · หน้า 158a

སོགས་པའི་སྦྱོར་བས་མངོན་སྤྱོད་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་མངོན་སྤྱོད་ནི་ཐུགས་ཀྱི་འཁོར་ལོའི་མེའི་དུས་ནའོ། །ཞི་བ་ལ་ནི་གསུང་གི་འཁོར་ལོའི་ཆུའི་དུས་ནའོ། །རྒྱས་པ་ལ་ནི་སྐུའི་འཁོར་ལོའི་དབང་ཆེན་གྱི་དུས་ནའོ། །སྐྲོད་

པ་ལ་ནི་དུར་ཁྲོད་ཀྱི་འཁོར་ལོའི་རླུང་གི་དུས་ནའོ། །རྣལ་འབྱོར་མ་ནི་གང་ཡང་རུང་བ་བསྒོམ་མོ། །མེའི་རླུང་ནི་སོར་བཞིའོ། །དབང་ཆེན་གྱི་རླུང་ནི་སོར་བཅུའོ། །རླུང་གི་རླུང་ནི་སོར་དྲུག་གོ། །ཆུའི་རླུང་ནི་སོར་བཅུ་གཉིས་པའོ། །མེ་དང་དབང་ཆེན་རླུང་དང་ཆུ། །བཞི་དང་བཅུ་དང་དྲུག་

ཅུ་གཉིས། །སོར་མོའི་ཚད་ཀྱིས་ཕྱིར་འབྱུང་བའི། །གནས་ནི་ངེས་པ་ཉིད་ཡིན་ནོ། །འོན་ཀྱང་སྟེང་དུ་འགྲོ་ཞིང་དྲོ་བ་ནི་མེའི་རླུང་ངོ་། །ཤིན་དུ་གྲང་བ་ཡང་མ་ཡིན། །ཤིན་ཏུ་དྲོ་བ་ཡང་མ་ཡིན་ཞིང་སྣའི་བུ་ག་གང་བར་རྒྱུ་བ་ནི་སའི་རླུང་ངོ་། །ལོགས་སུ་རྩུབ་པར་རྒྱུ་བ་ནི་རླུང་གི་རླུང་ངོ་། །

ཤིན་ཏུ་གྲང་བ་འོག་ཏུ་རྒྱུ་བ་ནི་ཆུའི་རླུང་ངོ་། །དེ་ལ་མེ་ལ་སོགས་པའི་དཀྱིལ་འཁོར་ལ་མེ་ནི་གྲུ་གསུམ་དམར་པོ་རྩེ་མོ་བདུན་གྱིས་མཚན་པའོ། །དབང་ཆེན་ནི་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པའོ། །རླུང་ནི་གཞུ་ལྟ་བུ་སྔོན་པོ་བ་དན་གྱིས་མཚན་པའོ། །ཆུ་ནི་ཟླུམ་པོ་དཀར་པོ་བུམ་པས་

མཚན་པའོ། །རླུང་ཕྱིར་རྒྱུ་བས་མེ་ལ་སོགས་པའི་དུས་གོ་བར་བྱའོ། །རིགས་ལྡན་གྱི་མཆོད་པ་བསྟན་པ་ནི་དངོས་གྲུབ་དང་པོར་བསྟན་པ་སྟེ། དེ་ཉིད་བསྒྲུབ་བྱ་གཙོ་བོ་ཉིད་ཡིན་པས་སོ། །རིགས་ལྡན་ཇི་ཙམ་ཡིན་ཞེས་པ་ལ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔར་རིགས་ལྡན་

ཞེས་བྱ་བ་ནི་རིགས་གཅིག་པ་ཙམ་ལ་གཅིག་གི་ཚིག་ཏུ་བྱས་པའོ། །དེ་ཡང་སེམས་ཅན་སྡུག་བསྔལ་བ་ལ་གདུང་བས་ན་ཕོ་ཉའོ། །ཕོ་ཉ་ཞེས་བྱ་བ་ནི་མང་པོའི་ཚིག་གོ། །རིགས་ལྡན་དང་ཕོ་ཉ་ནི་མིང་གི་རྣམ་གྲངས་སོ། །དེ་ལྷན་ཅིག་སྐྱེས་པ་ནི་བཅོམ་ལྡན་འདས་ཀྱི་རང་བཞིན་དང་

མཉམ་པ་མཁའ་འགྲོ་མ་བཞི་ལ་སོགས་པའོ། །དེ་དེའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དངོས་གྲུབ་ནི་གཤིན་རྗེ་བརྟན་མ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་དོ། །ཐ་མ་ནི་སྐུའི་འཁོར་ལོར་གཏོགས་པའི་ས་འོག་ན་གནས་པའོ། །འབྲིང་ནི་གསུང་གི་འཁོར་ལོར་གཏོགས་པའི་ས་སྤྱོད་དོ། །

เล่ม ๑๖ · หน้า 158b

མཆོག་ནི་ཐུགས་ཀྱི་འཁོར་ལོར་གཏོགས་པའི་མཁའ་ལ་སྤྱོད་པའོ། །འདིས་ནི་རྣལ་འབྱོར་སུམ་ཅུ་རྩ་དྲུག་ཉིད་མཆོད་པར་བྱའོ་ཞེས་དགོངས་སོ། །ལུས་དང་ཕྱིའི་དཀྱིལ་འཁོར་གཉིས་བསྒྲུབ་བྱ་དཔལ་ཧེ་རུ་ཀ་ཡིན་པར་གྲུབ་བོ། །ཅི་གོམས་པ་དང་ལྡན་པས་བསྒོམ་པར་བྱ་ཞེས་

པ་ལ། ཡིད་ནང་དུ་ཆུད་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །དེ་རྣམས་ཀྱིས་སམ་དཔལ་ཧེ་རུ་ཀའི་དངོས་གྲུབ་ནི་འདོད་པའི་དངོས་གྲུབ་སྟེ། བསྒོམ་པར་བྱ་བའི་དངོས་པོ་ནི་རང་ལ་ཡོད་པར་བྱའོ་ཞེས་པའི་དོན་ཏོ། །འདོད་

པའི་དངོས་གྲུབ་ཡོད་པ་ཡིན། །ཞེས་པའི་བར་རོ། །འདོད་པ་གཟུགས་དང་སྒྲ་ལ་སོགས། །ཞེས་གསུངས་པས་སོ། །ཇི་ལྟ་བུ་ཉིད་ཅེས་པ་ལ་ཡིད་ནི་ཞེས་གསུངས་ཏེ། རྣམ་པར་ཤེས་པས་ཤེས་པའི་དོན་ཏོ། །སེམས་དང་ཡིད་དང་རྣམ་ཤེས་དང་། །ཡང་ན་རྣམ་པར་རིག་བྱེད་

དོ། །ཞེས་གསུངས་པའི་ཕྱིར་རོ། །ནང་དུ་ཆུད་པ་ནི་རང་དང་དབྱེར་མེད་པའི་དཔལ་ཧེ་རུ་ཀའི་གཟུགས་སུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པས་དཔལ་ཧེ་རུ་ཀའི་རྣལ་འབྱོར་འགྲུབ་པོ་ཞེས་བསམ་པའོ། །དེ་ལྟར་ཡང་། འདོད་པའི་ལོངས་

སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ནིའི་སྒྲ་ནི་ཉིད་ཀྱི་དོན་ཏོ། །བྱ་བ་མི་བྱེད་པས་ན་བསྒྲུབ་བྱ་འགྲུབ་པ་མེད་པའི་ཕྱིར་རོ། །བསྒོམ་པའི་ངོ་བོ་ཉིད་ནི་ཡིད་ཀྱི་རང་བཞིན་ནོ། །གཟུགས་ལ་སོགས་པའི་ཡུལ་ལ་ཉེ་བར་ལོངས་

སྤྱོད་པའི་མཚན་ཉིད་དེ་ཕྱིའི་མཆོད་པའོ། །དངོས་ཀྱི་མཆོད་པ་ནི་རང་རྫས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་ཤེས་རབ་རྒྱུད་གཞན་ནས་གསུངས་པའི་མཚན་ཉིད་ཅན་མཆོད་པའི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་གཉིས་སྙོམས་པར་ཞུགས་པ་ལས་

སྐྱེས་པའི་ཐིག་ལེས་བདུད་རྩི་མྱང་བའི་རང་བཞིན་གྱིས་དགའ་བར་བྱས་ལ་ལོངས་སྤྱད་ན་སངས་རྒྱས་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་ཕུང་པོ་ལྔ་དང་། བྱང་ཆུབ་སེམས་དཔའ་སྟེ་མིག་ལ་སོགས་པའི་རང་བཞིན་མཆོད་པར་བྱའོ། །དེ་ལྟར་ཐུན་གསུམ་དུ་རྗེས་སུ་གནས་ཤིང་

เล่ม ๑๖ · หน้า 159a

དངོས་སུ་མཆོད་པར་བྱའོ། །དེ་ཡང་། མིག་ཡངས་ཁུ་བ་བླངས་ནས་ནི། །བློ་ལྡན་བརྟན་པས་ཡིད་ཀྱིས་བཟའ། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་མཆོད་པའོ། །ཞེས་གསུངས་སོ། །གསང་བའི་མཆོད་པ་ནི་ལྷན་ཅིག་སྐྱེས་པ་

ཉམས་སུ་མྱོང་བའོ། །ཕུན་སུམ་ཚོགས་པའི་མཆོད་པའི་རྣམ་པ་བཞི་འགྲུབ་པོ་ཞེས་དགོངས་ཏེ། རྣལ་འབྱོར་འདིས་སྔོན་དུ་བསགས་པའི་སྡིག་པ་དང་། བསོད་ནམས་ཀྱང་གཟུང་བ་ལ་སོགས་པ་མངོན་པར་ཞེན་པས་བྱས་པས་ཉམས་ནས་སྔོན་མ་ཡིན་པ་ཉིད་མངོན་པར་ཞེན་

པ་མེད་པའི་བསོད་ནམས་སུ་འགྱུར་རོ། །དེ་ནས་དངོས་གྲུབ་ནི་མཐོང་བ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐོང་བ་ནི་མིག་གིས་ཉེ་བར་དམིགས་པའོ། །རེག་པ་ནི་ལུས་ཀྱི་དབང་པོས་རེག་པའོ། །ཐོས་པ་ནི་རྣ་བའི་དབང་པོས་སོ། །དྲན་པ་ནི་ཡིད་ཀྱི་དབང་པོས་སོ། །

འདི་རྣམས་ཀྱི་དཔལ་ཧེ་རུ་ཀ་དང་འབྲེལ་པའི་རྒྱུར་གྱུར་པས་སྐྱེས་བུ་གཞན་ཡང་གྲོལ་བར་འགྱུར་ཏེ། །ལུས་ཀྱི་ཉེས་པར་སྤྱད་པ་ལ་སོགས་པས་བྱས་པར་གྱུར་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །སྡིག་པ་མེད་པའི་རྣལ་འབྱོར་གྱིས་སྡིག་པ་མེད་པར་འགྱུར་རོ། །དེ་

ལྟར་དེ་ཉིད་གོ་རིམས་བཞིན་དུ་བསྟན་ཏོ་ཞེས་པའི་དོན་ཏོ། །འདི་བདེན་དོན་ནམ་ཞེས་པ་ལ། ཐེ་ཚོམ་མེད་ཅེས་གསུངས་ཏེ། ཡིད་གཉིས་མི་བྱ་ཞེས་བྱ་བའི་དོན་ཏོ། །མཐོང་བ་ལ་སོགས་པས་གཟུང་བ་ལ་སོགས་པ་ལ་མངོན་པར་ཞེན་པ་ལས་གྲོལ་བར་འགྱུར་ཏེ། གསང་བ་ལྷན་

ཅིག་སྐྱེས་པ་རྟོགས་པའི་དུས་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །གསང་བའི་མཆོད་པའོ། །དེ་ལ་ཡང་དེ་ཉིད་ཀྱིས་ནི་ཁམས་གསུམ་ཉིད་ཀྱང་ཅི་ཡང་མ་ཡིན་ཞེས་པའི་དོན་ཏོ། །ཁ་ཅིག་ན་རེ་ཐེ་ཚོམ་མེད་ཅེས་བྱ་བ་ནི་རྟོག་པ་མེད་པ་ཡིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་པ་མཐོང་བས་

ཇི་ལྟར་ཞེ་ན། རྣལ་འབྱོར་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ཧེ་རུ་ཀའི་རྣལ་འབྱོར་ཉིད། མཆོག་ཅེས་པ་ནི་མཐོང་བ་ཙམ་གྱིས་སྡིག་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །འདི་ཉིད་ཀྱིས་དག་པར་བྱེད་པས་ན་བསོད་ནམས་སོ། །དག་བྱེད་ནི་ཉོན་མོངས་པའི་

เล่ม ๑๖ · หน้า 159b

དྲི་མ་དང་བྲལ་བར་བྱེད་པས་ནའོ། །སྡིག་པ་འཇིག་པ་ནི་མཚམས་མེད་པ་རྣམ་པ་ལྔ་ལ་སོགས་པ་ཉམས་པར་བྱེད་པའི་ཕྱིར་རོ། །བསྒོམ་པར་བྱའོ་ཞེས་བྱ་བ་མདོར་བསྟན་པ་དེ་རྒྱས་པར་བཤད་པ་ནི། འགྲུབ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲུབ་པར་ཞེས་བྱ་བའི་ཡི་

གེ་ཨི་ཨེར་བྱས་པ་སྟེ། དངོས་སུ་ཡིན་ནོ་ཞེས་པའི་དོན་ཏོ། །བཟླས་པ་ཡིས་ཞེས་བྱ་བ་ནི་གསུམ་པ་ཕྱིས་ཏེ། དེ་ཡང་ཡིད་ཀྱི་བྱ་བའོ། །དེ་ཡིད་ཀྱིས་ཆོས་ཀྱི་དབྱིངས་སོ། །འཇིག་རྟེན་གྱི་ཁམས་སྐྱོབ་པ་ལས་ན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དཔལ་ཧེ་རུ་ཀ་སྔགས་སུ་

གྲུབ་པའོ། །སྔགས་ནི་དང་པོའི་དོན་གསུམ་པར་བྱས་པའོ། །བཟླས་པ་ཞེས་བྱ་བས་ནི་ངག་གི་བྱ་བ་བསྟན་པའོ། །བསམ་གཏན་ཞེས་པ་སེམས་ཀྱི་བྱ་བའོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་ལུས་ཀྱི་བྱ་བ་ཡང་ངོ་། །བཟླས་པ་ལ་སོགས་པ་དང་། ལྷན་ཅིག་བྱས་

པས་འབྲས་བུར་འགྱུར། །ཞེས་པའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཏུ་གསུངས་པ་རྟག་ཏུ་སྤྱོད་ན་དེ་རྣམས་བསྒོམ་པར་བྱའོ་ཞེས་དགོངས་སོ། །དེ་ལྟར་ཡང་། འདི་ནི་དམ་ཚིག་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་

འགྱུར། །ཞེས་གསུངས་སོ། །དམ་ཚིག་སྤྱད་པའི་སྤྱོད་ཡུལ་ཡིན། །ཞེས་བྱ་བའི་རྒྱས་པར་བཤད་པའོ།། །།སྒྲུབ་པ་པོ་ནི་གང་གི་ཕྱིར་སྒྲུབ་པ་པོས་རྟག་ཏུ་སྒོམ་པར་བྱེད་པའི་དུས་སུ། གོ་ཀུ་ད་ཧ་ན་དང་བདུད་རྩི་རྣམ་པ་ལྔའི་རི་ལུ་བསྒོམ་པ་རྩོམ་བའི་དུས་སུ་བཟའ་བར་

བྱའོ། །དེ་ཡིས་བགེགས་མེད་པ་ཡིན་ནོ། །ཤིན་ཏུ་མཉམ་གཞག་ནི་ཤིན་ཏུ་མཉམ་པས་མི་མཐུན་པ་སྤངས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་གྱིས་ཀུན་དུ་ཕན་པར་རྒྱས་པའོ། །དམ་ཚིག་ཀྱང་གཞན་ནས་གསུངས་ཏེ། དེ་ལྟར་ཡང་། ན་དང་ག་དང་ཧ་དེ་

བཞིན། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །ཞེས་གསུངས་སོ། །དེ་ལ་ཡང་གསང་བའི་བརྡ་བྱེད་པ་ཇི་ལྟར་ཡིན་ཞེས་པ་ལ། དམ་ཚིག་ཉམས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉམས་པ་ནི་དམ་ཚིག་མི་ཤེས་པ་ལ་བསྟན་པའོ། །ཨ་ནི་གང་གི་ཕྱིར་གྱི་དོན་ཏོ། །

เล่ม ๑๖ · หน้า 160a

གང་གི་ཕྱིར་ཉམས་ན་དངོས་པོའི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པ་རྣམས་ཀྱིས་སྨོད་པར་འགྱུར་བས་གཉི་ག་ལ་སྐྱོན་དུ་འགྱུར་རོ། །དེ་བས་ན་དངོས་གྲུབ་ཀྱང་མེད་ལ་སྒྲུབ་པ་པོ་ཡང་མེད་དོ། །གསང་སྔགས་ཀྱི་རྒྱུད་ཀྱིས་ཀྱང་དངོས་གྲུབ་ཏུ་མི་འགྱུར་

རོ་ཞེས་དགོངས་སོ། །ཁ་ཅིག་ལས་ནི་སྔགས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་མི་འཐོབ་བོ་ཞེས་པའི་གཞུང་ཡོད་དོ། །སྔགས་ཀྱི་དེ་ཉིད་ནི་བསྐུལ་ཞིང་སྟོན་པས་ན་སྟེ། སྙིང་པོ་ནི་བྱང་ཆུབ་སྟེ་གང་དེ་ལེན་པ་དེ་ནི་དེ་བཞིན་ནོ། །གསང་སྔགས་ཐེག་པ་ཆེན་པོ་ཞེས་བྱ་བ་བཤད་

པར་བྱའོ། །ཐམས་ཅད་དུ་མི་ཕྱེད་པར་དམ་ཚིག་བསྟེན་པར་བྱ་བ་ནི་དངོས་སུ་མཆོད་པའོ། །གཞན་ཡང་བདུད་རྩི་ལྔ་བསྟེན་པའི་ངོ་བོ་ཉིད་དངོས་སུ་མཆོད་པོ་ཡིན་པར་སྦྲང་རྩི་ཞེས་བྱ་བར་གསུངས་སོ། །སྦྲང་རྩི་དང་ཆོས་མཐུན་པས་སྦྲང་རྩི་ནི་ས་བོན་ཏེ། ཡང་དག་པར་སྦྱོར་

པས་སྐྱོན་གསུམ་འཇོམས་པས་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ། །ཁྲག་ནི་རབ་ཏུ་གྲགས་པའོ། །ག་པུར་ནི་བདེ་བས་འགེངས་པས་ན་ག་བུར་ཏེ་ཡི་གེ་དང་ལུང་ཉམས་པར་བྱས་པས་གྲུབ་པོ། །དེ་ཡང་ཤའོ། །དམར་བྱེད་པས་ན་ཁྲག་ནི་དྲི་ཆུའོ། །ཙནྡན་ནི་དགའ་བར་བྱེད་པས་ན་

སྣང་མཛད་དོ། །ཚོགས་ཀྱི་ནང་ནི་ཚོགས་ཀྱི་འཁོར་ལོའི་དབུས་སོ། །དབུས་ཀྱི་སྒྲ་ནི་ཐུན་མོང་དུ་བསྒྲུབ་པར་བྱའོ། །ཞུགས་པ་ནི་གཞུག་པའོ། །ནི་ནི་ཉིད་ཀྱི་དོན་ཏོ། །རྟེན་ཅི་ཡིན་ཞེས་པ་ལ་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་རྡོ་རྗེ་ནི་སྣ་ཚོགས་རྡོ་

རྗེའོ། །དེ་ཉིད་ཀྱིས་མཚན་མ་ནི་གང་ལ་དེས་མཚན་པ་ནི་ཐམས་ཅད་རྡོ་རྗེས་མཚན་པ་སྟེ། དེ་ཡང་ཐོད་པའོ། །དེ་ལ་དེ་འཛིན་པ་དེ་ནི་དེ་བཞིན་ནོ། །ཐབས་ཇི་ལྟར་བསྟན་ཞེས་པ་ལ། སྦོམ་པོ་མཐའ་ལྟག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་མོས་ཁ་ལ་མྱོང་བར་བྱ་བ་ནི་མྱང་བར་

བྱ་བ་ཉིད་དོ། །དེ་ལ་མྱང་བར་བྱ་བ་ནི་རྣལ་འབྱོར་རིག་པས་ཤེས་པ་ལ་བདུད་རྩི་མྱང་བའི་སྦྱོར་བ་རིག་པས་སོ། །ཡང་ན་སེམས་ཙམ་དུ་མཉམ་པར་འཇོག་པའོ། །རྟག་ཏུ་ནི་དཀྱིལ་འཁོར་གྱི་ལྷའི་འཁོར་དང་བཅས་པ་བདུད་རྩི་ལྔ་བཟའ་བར་བྱའོ་ཞེས་པའི་དོན་ཏོ། །འདིར་ཐེ་ཚོམ་མི་བྱའོ། །

เล่ม ๑๖ · หน้า 160b

ཞེས་པ་ནི་ཟླ་བའི་བཏུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་རྣམས་མཆོད་སྦྱིན་བྱེད་པའི་དུས་སུ་ཟླ་བའི་ཤིང་གི་ཁུ་བ་ཕྱུགས་དམར་སེར་གྱི་པགས་པ་དང་མཉེས་པ་ནི་ཟླ་བའི་བཏུང་བའོ། །དེ་ཡིས་ཚེ་རྒྱས་པ་ཡང་བསོད་ནམས་འཕེལ་ལོ། །ཇི་ལྟར་བྲམ་ཟེ་

རྣམས་ཐེ་ཚོམ་མེད་པར་ཟླ་བ་འཐུངས་ཏེ། དེ་བཞིན་དུ་རྣལ་འབྱོར་པས་བདུད་རྩི་ལྔ་མྱངས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །རྟག་པ་ནི་རྟག་པའི་འབྲས་བུ་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཐེ་ཚོམ་མི་བྱ་བར་མྱང་བ་ཙམ་དཔེར་བྱས་པ་ཡིན་གྱིས་འབྲས་བུ་མཉམ་པ་ནི་མ་

ཡིན་ནོ། །ཇི་ལྟར། དྲི་ཆེན་དྲི་ཆུ་ཁུ་བ་ཁྲག །སྨད་པ་ཉིད་དུ་མི་བྱའོ། །ཆོ་ག་ཡིས་ནི་རྟག་ཏུ་བཟའ། །འདི་འབྲས་གསང་བ་གསུམ་ལས་སྐྱེས། །ཞེས་གསུངས་སོ། །སྦྲང་རྩི་ལ་སོགས་པས་ཅི་བརྗོད་ཅེ་ནེ། བཅུ་ཕྱེད་ཅེས་པ་ནི་བདུད་རྩི་རྣམ་པ་ལྔ་རྣམས་གཅིག་ཏུ་བྱས་

པ་ནི་བདུད་རྩི་ལྔའོ། །ལྷའི་རྣལ་འབྱོར་དང་ལྡན་པས་ཐེ་ཚོམ་སྤངས་ཏེ་བདུད་རྩི་མྱང་བའི་ཆོ་གས་ཡང་མྱངས་ན་བཟའ་བ་དང་བཏུང་བ་ལ་སོགས་པ་ཐམས་ཅད་བདུད་རྩིར་འགྱུར་རོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །ཇི་ལྟར། འདི་ལ་དངོས་གྲུབ་རྟག་པ་འབྱུང་། །ཞེས་པ་ལ།

ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ་དེ་ལ་འཇུག་པ་ནི་དེ་བཞིན་ནོ། །མདོར་བསྟན་ནས་རྒྱས་པར་བཤད་པའི་སྤྱིའི་དོན་ནི། མཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པ་བཞི་

ནི་མཆོད་པ་བཞི་སྟེ། འདིའི་དོན་ནི་ཕྱི་དང་གསང་བ་དང་ཡིད་ཀྱི་རང་བཞིན་དང་དངོས་ཀྱི་ངོ་བོ་ཉིད་ཀྱི་བྱེ་བྲག་གིས་དེ་བསྟན་ཏེ། དེའི་ཕྱིར་བཞི་ཞེས་གསུངས་ཏེ། ནང་དུ་ཞེས་བྱ་བ་ལ་སོགས་པའི་རྣམ་པས་རྒྱས་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་ཞེས་པ་ནི་མཁའ་

འགྲོ་མ་ལ་སོགས་པ་བཞི་དང་། ཁྭ་གདོང་མ་ལ་སོགས་པ་བརྒྱད་དང་། དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པའི་གཟུགས་ཀྱིས་སྙོམས་པར་ཞུགས་པ་དེ་ནི་དཔའ་བོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་པའོ། །རྣལ་འབྱོར་མ་ཉི་ཤུ་རྩ་བཞི་མཆོག་དང་འབྲིང་དང་

เล่ม ๑๖ · หน้า 161a

ཐ་མ་བསྟན་པ་ནི་དཔའ་བོ་དང་གཉིས་སུ་མེད་པར་སྙོམས་པར་འཇུག་པའི་སྒྲའི་དོན་ཏེ་རྐྱེན་ཕྱི་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སྙོམས་པར་འཇུག་པ་ཡིན་པ་དེ་བཞིན་དུ། དེ་ཉིད་རྡོ་རྗེ་ཕག་མོ་དང་དབྱེར་མེད་པའི་རང་བཞིན་འཛིན་པ་ནི་དེ་ཉིད་འཛིན་པའོ། །

ཏ་ནི་ཀར་བྱས་པའོ། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར། ཞེས་པས་དེ་བསྟན་ཏོ། །ལྷར་གྱུར་པས་ན་ལྷ་སྟེ་དེའི་བདེ་བ་དང་། མི་ལ་ཡོད་པས་ནི་མི་སྟེ། དེའི་ངོ་བོ་ཉིད་ནི་མིའོ། །དེའི་ཡང་བདེ་བའི་རང་བཞིན་གཉིས་སུ་མེད་པར་ཡོད་པར་གྲུབ་བོ། །བདེ་བ་ཇི་ལྟར་རྙེད་ཅེས་པ་

ལ། བདེ་བ་དེ་ནི་ཞེས་གསུངས་སོ། །བདེ་བ་ནི་སེམས་བདེ་བར་གནས་པ་སྟེ་དེ་ཉིད་བདེ་བའོ། །དེ་ཡང་དམྱལ་བ་དང་ཡི་དགས་དང་། བྱོལ་སོང་དང་འགྲོ་བ་རྣམས་ཀྱི་ཐུན་མོང་དུ་རིལ་པོར་བསྡུས་པ་དང་། རྡོ་རྗེ་ནི་དྲི་མ་མེད་པའི་བློ་དེ་ཉིད་དེ་ཆ་ནི་ཕྲ་བ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་

ཡང་ཡིན་ལ་ཆ་ཡང་ཡིན་པས་ན་རྡོ་རྗེ་ཆ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་ཏོ། །ལྷ་དང་མི་ལ་སོགས་པའི་བདེ་བ་ཡང་དབྱེར་མེད་པར་གནས་ཤིང་བྱས་པར་གྱུར་པས་ན་རྡོ་རྗེའི་ཆའི་བཅུ་དྲུག་གི་ཆ་ཡང་མི་ཕོད་དོ། །མི་ཕོད་པ་ནི་ཉོན་མོངས་པས་ཞེས་པ་ནི་ལྷག་མའོ། །ཐབས་

འདིས་ཉོན་མོངས་པ་ལས་རྒྱལ་བར་བསྒྲུབ་བྱ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་བདེ་བ་དེ་བཞིན་དུ་བསྟན་པ་ནི་རིལ་པོའི་དོན་དུ་བསྟན་པའོ། །དབང་བསྐུར་བ་མེད་པར་དངོས་གྲུབ་མེད་པས་དེ་ཡང་དཀྱིལ་འཁོར་དུ་མ་ཞུགས་པར་ཡོད་པ་མ་ཡིན་པས་ན་རི་སུལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །

རི་ནི་རི་བོའོ། །སུལ་གྱི་སྒྲས་ནི་དེའི་ལོགས་གཉིས་པས་ནང་ངོ་། །ཚང་ཚིང་གི་སྒྲས་ནི་ལྕུག་མ་ལ་སོགས་པས་གཡོགས་པའི་ཕྱོགས་སོ། །ཆུའི་ངོགས་ནི་གླིང་ངོ་། །གདོད་ནས་གྲུབ་པ་ནི་གང་གདོད་ནས་གྲུབ་པའི་ས་ཕྱོགས་དེ་ནི་དེ་བཞིན་ནོ། །དུར་ཁྲོད་ནི་རོའི་གནས་སོ། །དེ་ལ་

ནི་རྟགས་ཀྱི་བདུན་པའོ། །དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བའི་སྒྲས་ནི་ལེའུ་རྫོགས་པར་བསྟན་པའོ། །དཔལ་ཧེ་རུ་ཀའི་ཡན་ལག་དང་ཉིང་ལག་འདིས་བརྗོད་པས་ན་རྗོད་བྱེད་དེ་རྒྱུད་ཀྱི་སྒྲའི་ལུས་སོ། །དེ་ལ་དཀྱིལ་འཁོར་དུ་འཇུག་པའི་ལེའུ་ལ་འདིས་

เล่ม ๑๖ · หน้า 161b

འཇུག་པས་འཇུག་པའོ། །དེ་ཉིད་བྱ་བས་ན་ཆོ་ག་སྟེ། དཔལ་ཧེ་རུ་ཀ་ལ་སོགས་པའི་དཀྱིལ་འཁོར་ལ་འཇུག་པའི་ཆོ་གའོ། །དེ་སྟོན་པར་བྱེད་པའི་ལེའུ་ནི་གཞུང་ཡོངས་སུ་བཅད་པའོ། །དང་པོ་ནི་གཅིག་གོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་དང་པོའི་དཀའ་འགྲེལ་

ལོ།། །།དཀྱིལ་འཁོར་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ལས་ཡོད་པ་དེ་ལ་རང་གི་ལས་མེད་ཀྱང་བྱ་བའོ། །དེ་ཐུན་མོང་དུ་རྒྱུད་ལས་གསུངས་པའི་ཆོ་ག་ལ་བརྟེན་ནས་གོ་བར་བྱ་བས་ཐུན་མོང་དུ་རྒྱུད་དུ་གསུངས་པའི་རིགས་པས་སོ། །འདིར་ནི་

ཅུང་ཟད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོ་ག་གསུངས་ཞེས་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་དཀྱིལ་འཁོར་བྱ་བའི་དོན་དུ། ཆུ་དང་ལྕི་བ་དང་། རྣམ་པར་སྣང་མཛད་ཀྱིས་རིལ་བུ་ལ་སོགས་པ་རྣམས་སུ་སློབ་དཔོན་དང་སློབ་མས་དཀྱིལ་འཁོར་གྱི་དོན་དུ་དཀྱིལ་འཁོར་

གྱི་སའི་གནས་ལ་བྱུག་པར་བྱའོ། །ཡང་དེའི་སྟེང་དུ་དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པས་བྱུག་པ་ནི་དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དུར་ཁྲོད་ཐལ་བར་ཡང་དག་ལྡན། །བདུད་རྩི་ལྔ་དང་བཅས་པ་ཡིས། །གང་ཡིན་པ་དེ་བཞིན་དུ་ཆུ་དང་ལྕི་བས་བྱུགས་པའི་རྗེས་སུ་ས་གཞི་

བྱུགས་ལ་དཀྱིལ་འཁོར་བརྩམ་པར་བྱའོ་ཞེས་བྱ་བར་སྦྱོར་རོ། །ཆུ་དང་ལྕི་བས་བྱུགས་པའི་རྗེས་སུ་དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པས་བྱུགས་པ་དེ་ལྟ་ན་ཡང་། ཅིའི་ཕྱིར་དེའི་རྗེས་སུ་དཀྱིལ་འཁོར་བརྩམ་པར་བྱ་ཞེས་པ་ལ་དེར་ནི་ཞེས་གསུངས་ཏེ། སྲུང་བའི་འཁོར་ལོ་ལ་སོགས་པ་

པའི་རྗེས་ལའོ། །དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་། །ཞེས་པ་ནི་དུར་ཁྲོད་ལ་སོགས་པ་གཞན་དུ་དཀྱིལ་འཁོར་བྱེད་པ་ན་ཡང་དེའི་ཚེ་དུར་ཁྲོད་དུ་བསྒོམ་པར་བྱ་ཞེས་དགོངས་སོ། །རྡུལ་ཚོན་ནི་རོ་བསྲེགས་སོལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུར་ཁྲོད་སོ་ཕག་ཅེས་པ་ནི་རོ་བསྲེགས་

པའི་ས་དང་དུར་ཁྲོད་ཀྱི་སོ་ཕག་མེད་ན་དེ་བསྒོམས་ལ་བསྒྲུབ་པར་བྱའོ། །དུར་ཁྲོད་ཀྱི་སོལ་བ་དང་། དུར་ཁྲོད་ཀྱི་སོ་ཕག་དང་། རྡུལ་ཚོན་ལ་དུར་ཁྲོད་དུ་བརྩམ་བར་བྱའོ་ཞེས་ཁ་ཅིག་ཟེར་རོ། །ཀ་ནི་ཐུང་ངུའོ། །ནག་པོ་དང་སེར་པོའི་རྡུལ་ཚོན་གཉིས་ཀྱང་ངོ་། །བཟང་པོ་ནི་སྐྱེ་འགྲོ་ཐམས་

เล่ม ๑๖ · หน้า 162a

ཅད་ཀྱི་སྤྱོད་ཡུལ་མ་ཡིན་པས་སོ། །སློབ་དཔོན་ཞེས་པ་ནི། དམ་པའི་ཆོས་ནི་སྟོན་པ་དང་། །བཤད་དང་གདམས་ངག་སྟོན་པ་དང་། །དབང་ནི་བསྐུར་བའི་ལས་བྱེད་པ། །སློབ་དཔོན་དུ་ནི་རབ་བཤད་དོ། །ཞེས་གསུངས་པའི་མཚན་ཉིད་དོ། །ཁྱད་པར་དུ་

གྱུར་པའི་བླ་མ་ཉིད་དོ། །བླ་མ་ནི་སློབ་དཔོན་གྱི་སྒྲས་བརྗོད་པས་མཁས་པར་ཡོངས་སུ་གསུངས་པའི་རིགས་པས་སོ། །འདིར་ཡང་དབང་གི་དོན་དུའམ་བསོད་ནམས་ཀྱི་དོན་ནམ། དངོས་གྲུབ་ཀྱི་དོན་དུ་རྣལ་འབྱོར་པས་གལ་ཏེ་དཀྱིལ་འཁོར་འབྲི་བར་བྱེད་ན་དེ་ཡང་ཤིན་ཏུ་ཁྱད་པར་གྱི་

མཚན་ཉིད་ཐམས་ཅད་ཀྱི་སྒོ་ནས་མཚོན་པ་ནི་ཡང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པ་ནི་ཕྱིན་ཅི་མ་ལོག་པར་གཟུང་བ་ལ་སོགས་པ་དང་བྲལ་བས་ཏེ་དེའི་ཤེས་པ་ནི་ཡང་དག་པའི་ཤེས་པའོ། །དེ་ཡང་འདིར་བདེ་མཆོག་ལ་སོགས་པའི་རྒྱུད་ཤེས་པ་ནི་ཡང་དག་ཤེས་

ཤིང་རྒྱུད་ཤེས་པའོ། །ཧེ་རུ་ཀ་དཔལ་གསང་སྔགས་ཤེས། །ཞེས་པ་ནི་ཧེ་རུ་ཀའི་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་མན་ངག་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་ནི་དེ་བཞིན་ནོ། །ཡང་ན་དཔལ་ཧེ་རུ་ཀའི་གསང་སྔགས་རྟག་ཏུ་ཟློས་པའོ། །འཕྲལ་དུ་གནོད་པ་བྱས་པ་ལ་སེམས་འཁྲུག་

པ་ནི་ཁྲོས་པ་སྟེ། དེ་མེད་པ་ནི་ཁྲོ་བ་མེད་པའོ། །གཙང་ཞིང་ཞེས་པ་ནི་སེམས་འཁྱོག་པའི་སྐྱོན་དང་བྲལ་བའོ། །མཁས་པས་ཞེས་པ་ནི་དགེ་བ་ལ་སྤྲོ་བའོ། །སྦྱོར་བ་ནི་ཞི་བ་ལ་སོགས་པ་དེའི་ཕ་རོལ་ཏུ་སོན་པ་དེ་དང་ལྡན་པ་ནི་སྦྱོར་ཞེས་ཡེ་ཤེས་ཕ་རོལ་འགྲོའོ། །ཐོད་པ་ལྔས་

དབུ་ལ་བརྒྱན་པ་གང་ཡིན་པ་དེ། ཐོད་པས་སྤྱི་བོ་བརྒྱན་བྱས་ཤིང་། །ཞེས་བྱ་བས་སོ། །ཐལ་བ་ནི་དུར་ཁྲོད་དང་འབྲེལ་པའི་ཐལ་བས་ཡན་ལག་གང་ལ་བྱུགས་པ་དེ་ནི་ཡན་ལག་ཐམས་ཅད་ཐལ་བས་བྱུགས་པའོ། །གུག་སྐྱེད་དག་གིས་ལུས་བརྒྱན་ཅིང་། །ཞེས་པ་ནི་ཡོད་པས་

ན་མིའི་རུས་པའི་ཕྲེང་བའི་ཁྱད་པར་གྱིས་ལུས་བརྒྱན་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །རུས་ཕྲེང་ཞེས་པ་ནི་སེམས་ཅན་རྣམས་ཀྱི་རུས་པའི་ཕྲེང་བ་སྟེ། །རུས་པ་དེ་ལ་ཡང་དག་པར་གནས་པའོ། །འོན་ཀྱང་གུག་སྐྱེད་སྒྲས་ནི་རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་བསྲེས་པ་ལ་

เล่ม ๑๖ · หน้า 162b

བརྗོད་དེ། དེ་ཡིས་ལུས་ལ་བྱུག་ཅེས་ཁ་ཅིག་ཟེར་རོ། །དེ་ལ་རུས་པ་ཞེས་བྱ་བ་ལ་སོགས་པ་ནི་རྒྱན་ཉིད་བསྟན་པའོ། །དུམ་གཅིག་སྤྱི་བོར་རྣམ་པར་བརྒྱན། །ཞེས་བྱ་བ་ནི་དུམ་བུ་ནི་ཕྱོགས་གཅིག་སྟེ། དུམ་བུ་གཅིག་པ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། དུམ་བུ་གཅིག་

པས་གང་ལ་བརྒྱན་པ་དེ་ནི་དེ་བཞིན་ནོ། །གཞན་གྱི་སྐྲ་ལས་བྱས་པའི་དབུ་རྒྱན་དང་ཞེས་བྱ་བའི་དོན་ཏོ། །རུས་པའི་ཕྲེང་བ་རྣམ་པར་དཔྱངས། །ཞེས་བྱ་བ་ནི་མཆོད་ཕྱིར་ཐོགས་ཏེ། དེ་གང་ལ་ཡོད་པ་དེ་ནི་རུས་པའི་ཕྲེང་བ་དཔྱངས་པའོ། །ཡང་ནི་བསྡུ་བའི་དོན་ཏོ། །ཁ་ཊྭཱཾ་ག་གཡོན་

པའི་ཕྱག་ན་ཡང་དག་པར་གནས་པ་ནི་ཁ་ཊྭཱཾ་ག་ནི་ལག་ན་གནས་པའོ། །འདིས་ནི་རྒྱན་ལ་སོགས་པའི་སྒོ་ནས་ཁྱད་པར་དུ་བྱས་པ་སྟེ། དེ་ལྟར་གྱུར་པའི་གདམས་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་དང་དཔལ་ཧེ་རུ་ཀའི་བདག་ཉིད་དུ་བསམ་པ་ནི་དཔལ་ཧེ་རུ་ཀ་དྲན་པའོ། །དཀྱིལ་

འཁོར་གྱི་ལྷ་དང་དཔལ་ཧེ་རུ་ཀའི་ཡེ་ཤེས་ཀྱི་བདག་ཉིད་དམ་ཚིག་དེ་དང་འདྲ་བའི་དཔལ་ཧེ་རུ་ཀ་ཞུགས་པར་བྱའོ། །འཁོར་ལོ་འདིའི་སྙིང་གར་དགོད་པ་ཞེས་པ་ནི་འདི་ནི་དཔལ་ཧེ་རུ་ཀའི་བདག་ཉིད་དུ་གྱུར་པའི་སྙིང་གའི་དོན་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་དང་། ཐོད་པའི་དུམ་

བུ་ལ་སོགས་པའི་དཔའ་བོ་རྣམས། པུལླཱི་ར་མ་ལ་ཡ་ལ་སོགས་པ་དང་། སོ་དང་སེན་མོ་ལ་སོགས་པའི་ལུས་ལ་དགོད་པའོ། །དངོས་པོ་མེད་པར་གྱུར་པའི་དོན་ནི་ས་ལ་སོགས་པའོ། །དེ་ལྟར་བདག་ཉིད་གོ་བགོས་ནས། །ཞེས་པ་ནི་བདག་ཉིད་དཔལ་ཧེ་རུ་ཀར་བྱས་ཏེ། རྡུལ་

ཚོན་གྱི་དཀྱིལ་འཁོར་བྱས་པ་ལས་ཕྱི་རོལ་དུ་ཐོག་མར་ཕྱོགས་རྣམས་སུ་ར་བ་བསྒོམ་པར་བྱའོ། །ཨཏྨཱ་ནཱཾ་གྱི་སྒྲ་ལས་འདི་ཐོབ་པའོ། །ཡང་ན་སེམས་ཙམ་དུ་སྟེ་ངེས་པའི་ཚིག་གི་ཆོ་གས་ལས་ནི་སྲོག་མེད་དོ། །བདག་ཉིད་ཀྱི་ཁྱད་པར་རོ། །སེམས་ཙམ་གྱི་བདག་ཉིད་

དཔལ་ཧེ་རུ་ཀར་བྱའོ་ཞེས་པའི་དོན་ཏོ། །དོན་དམ་པར་འདི་ནི་སེམས་ཙམ་མོ་ཞེས་དགོངས་པའོ། །དཔལ་ཧེ་རུ་ཀའི་བདག་ཉིད་ཇི་ལྟར་བསྒོམ་པར་བྱ་ཞེ་ན། །དེ་ལྟར་བདག་ཉིད་གོ་བགོས་ནས། །ཞེས་བྱ་བར་གསུངས་ཏེ། མ་ནི་གོང་མ་བཞིན་ནོ། །ཕུང་པོ་ལ་སོགས་པ་དག་པའི་

เล่ม ๑๖ · หน้า 163a

བདག་ཉིད་དུ་བརྩོན་པར་བྱས་པ་ལ་དཔལ་ཧེ་རུ་ཀ་གཞུག་པར་བྱའོ་ཞེས་པ་ནི་བྱའོ། །འོག་ཏུ་མཚོན་ཆ་ནི་འདིར་འོག་ཏུ་མཚོན་ཆ་ཡང་གཞུག་པར་བྱའོ། །འཁོར་ལོའི་སྟེང་དུ་ནི་མདའི་དྲ་བའོ། །དེ་ནས་དཀྱིལ་འཁོར་པའི་ལྷ་དང་དཔལ་ཧེ་རུ་ཀ་གཞུག་པར་

བྱའོ། །བདག་ཉིད་ཀྱི་སྟེང་དུ་མཁའ་སྤྱོད་དེ། རྡོ་རྗེའི་རང་བཞིན་གྱི་གུར་བྱས་ནས་དཔལ་ཧེ་རུ་ཀ་གཞུག་པར་བྱའོ་ཞེས་སྦྱོར་རོ། །གོ་ཆ་དེ་ཡང་དཔལ་ཧེ་རུ་ཀར་རྫོགས་ནས་དཔའ་བོ་དྲུག་ལ་སོགས་པའི་སྔགས་ཀྱིས་གོ་ཆའི་ཆོ་ག་ནི། དེ་ལྟར་བདག་ཉིད་རབ་སྲུང་ཞིང་། །ཞེས་བྱ་བ་གསུངས་

ཏེ། ངེས་པའི་ཚིག་གིས་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ནི་རྡོ་རྗེ་ཕག་མོའོ། །སྔགས་ནི་རྩ་བའི་སྔགས་ལ་སོགས་པའོ། །ཡང་ན་ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ། །སྔགས་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཏེ། ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་རྣམས་རྐྱེན་ཀྱི་ཡན་

ལག་དང་ཉིང་ལག་ལ་སོགས་པའོ། །དེ་ལྟར་བདག་ཉིད་རབ་བསྲུང་ཞིང་། །ཞེས་པ་ནས། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་བྱ་བར་སྦྱར་རོ། །ཐོས་པ་དང་དྲན་པའི་ཐ་སྙད་ལས་ཕྱིར་ཕྱོགས་པ་ཡིན་པའི་ཕྱིར་ན། འཇིགས་ཆེན་ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཀྱི་དོན་

དུ་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྔོན་དུ་བསྟན་པའི་ཆོ་གས་རྒྱུན་དུ་བར་མ་ཆད་པར་བསྒོམས་པའི་མཐར་ཕྱིན་པ་ན་དཀྱིལ་འཁོར་སྔོན་དུ་སོང་བས་ཉིན་མཚན་དུ་བཟླས་པས་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །འཇིགས་པའི་རྟགས་ནི་དེ་ནས་ཞེས་བྱ་

བ་ལ་སོགས་པ་གསུངས་ཏེ། ཆུ་དང་ལྕི་བས་བྱུགས་པའི་རྡོ་རྗེ་གུར་ལ་སོགས་པའི་རྗེས་སུ་རུ་དྷི་ར་ནི་ཆེན་པོས་ཀྱང་། །ཞེས་པ་ནི་རོའི་ཤིང་ཁྲི་ལ་དཀྲིས་པའི་ངོ་བོ་ཉིད་ཡིན་པས་སོ། །འཇིགས་པ་ཞེས་པ་ནི་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བ་ཉིད་ཀྱི་ཕྱིར་རམ། དཔལ་ཧེ་རུ་ཀའི་སྒྲའི་

དོན་བཀྲོལ་ནས་དཀྱིལ་འཁོར་བདག་མེད་པར་བསྟན་པས་བྱིས་པ་རྣམས་འཇིགས་པ་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །གྲོང་ཁྱེར་མཆོག་ཅེས་པ་ནི་དཔལ་ཧེ་རུ་ཀའི་ངོ་བོ་ཉིད་ཡིན་པས་ནའོ། །ཁྲུ་གཅིག་པ་དང་ཁྲུ་བརྒྱད་པ། །ཞེས་པ་ནི་ཁྲུ་བཞིའམ་ཁྲུ་བརྒྱད་ཀྱི་ཚད་འདི་ནི་དེ་བཞིན་ནོ། །

เล่ม ๑๖ · หน้า 163b

ལྷག་མ་ནི་གོ་སླའོ། །ཉིས་འགྱུར་རྣམས་དཔྱད་ཅིང་ཞེས་པ་ནི། །ཁྲུ་གཉིས་དང་ནི་ཁྲུ་བརྒྱད་དང་། །ཁྲུ་ནི་བཅུ་དྲུག་ཅེས་པ་ནི། །ཐིག་སྐུད་འདི་ཡི་ཁྱད་པར་རོ། །འཁོར་ལོ་ཉིས་འགྱུར་ཐིག་སྐུད་བྱའོ། །ཞེས་བསྟན་པ་ཡིན་ནོ། །སྔགས་པས་ཞེས་པ་ནི་བཟླས་པ་རིག་པའོ། །

དེའི་དཀྱིལ་འཁོར་གྱི་དབུས་སུ་མཁའ་འགྲོ་མའི་དྲ་བ་སྡོམ་པ་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །ཅི་བྱས་ནས་ཞེས་པ་ལ། གཞག་ཅེས་པ་ལ་སོགས་པ་གསུངས་ཏེ། ཁ་དོག་སྣ་ཚོགས་དང་བཅས་པའི་འདབ་མར་གནས་པ་ནི་འདབ་བཅས་སོ། །དེ་ཇི་ལྟ་བུ་ཞེས་པ་ལ། ལྟ་བ་

འབར་དང་ཞེས་གསུངས་ཏེ། འདི་སྣ་ཚོགས་པདྨའི་མིང་ཅན་གྱི་ལྟེ་བས་ནི་ས་བོན་གྱི་སྣོད་མཚོན་པ་སྟེ། མང་པོའི་ཚིག་ནི་མང་པོ་སྤྲོ་བ་ཉིད་ཀྱི་ཕྱིར་རོ། །རང་གིས་ནི་ལེགས་པར་ཁ་ཕྱེ་བ་ཉིད་ལ་སོགས་པའོ། །གེ་སར་ནི་ཟེ་འབྲུ་སྟེ་དེ་འདབ་མར་གནས་པ་ནི་འདབ་བཅས་སོ། །

དེ་ཡིས་འདིར་གེ་སར་གྱིས་ཡོངས་སུ་རྒྱས་པར་གྱུར་པ་ཞེས་པར་དགོངས་སོ། །ལྷག་མ་ནི་གོ་སླའོ། །ངུ་འབོད་ཆེན་པོ་ལ་སོགས་པའི་དམྱལ་བའི་སྲུང་མ་རྣམས་ཀྱང་འཇིགས་པར་བྱེད་པས་ན་འཇིགས་བྱེད་ཆེན་པོའོ། །མདངས་ཡང་དག་པར་བྱེད་པས་ན་མདངས་ལྡན་ནོ། །

ནི་ནི་གང་གི་ཕྱིར་གྱི་དོན་ཏེ་མདངས་ཉིད་རབ་ཏུ་གསལ་བའོ། །གཞུང་ཁ་ཅིག་ལས་ནི་རབ་ཏུ་གསལ་བར་ཡོད་དེ་དང་གི་ཚིག་ཁ་བསྐང་བའོ། །ཧ་ཧ་ཞེས་བྱ་སྒྲ་ཆེར་བཞད། །ཅེས་པ་ནི་ཨཱ་ལི་དང་ཀཱ་ལི་ལས་སྤྲུལ་པས་ངོ་མཚར་དུ་ཧ་ཧ་ཞེས་དགོད་པའི་གཟུགས་ཅན་གྱི་སྒྲ་ཆེན་པོ་ནམ་

མཁའ་ཁྱབ་པར་ཞལ་ནས་གསུངས་བ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། །ཞེས་པ་ནི་ཐོད་པའི་ཕྲེང་བའི་རྒྱན་ནི་ཉོན་མོངས་པ་རྣམ་པར་དག་པ་དེ་རྣམས་ཐོད་པས་གཟུང་བའོ། །བདེ་བའི་ངོ་བོ་ཉིད་དུ་གྱུར་པས་ན་བཟང་པོའོ། །རྣམ་པར་ཐར་པའི་སྒོ་

གསུམ་དག་པས་ཞལ་རེ་རེ་ཞིང་སྤྱན་གསུམ་མོ། །རྣམ་པར་ཐར་པའི་སྒོ་བཞི་དག་པས་ཞལ་བཞིའོ། །གླང་པོ་ཆེ་ཡི་པགས་པ་བགོས། །ཞེས་པ་ནི་ཕྱག་གཉིས་ཀྱིས་དེ་རྒྱབ་ནས་བཀབ་པ་ཉིད་ཀྱི་ཕྱིར་རོ། །གླང་པོ་དང་ཆོས་མཐུན་པས་ཉོན་མོངས་པའི་ཚོགས་ནི་གླང་པོའོ། །

เล่ม ๑๖ · หน้า 164a

དེ་ལྟར་ཡང་། གླང་པོའི་པགས་པ་གོས་སུ་གྱོན། །ཞེས་གསུངས་སོ། །གང་གི་ཕྱིར་དེ་དང་ཐ་དད་དེ་སྒྱུ་མ་ལྟ་བུར་ཉེ་བར་གནས་པས་པགས་པ་སྟེ་དེ་གཡོགས་པའོ། །ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུ་སྟེ། འདི་ཉིད་ཀྱི་ཕྱིར་རྒྱབ་ཏུ་གཟུང་བ་སྟེ་སྙིང་གར་ནི་མ་ཡིན་ནོ། །

མེད་པས་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་གླང་པོ་ཆེའི་པགས་པས་གཡོགས་པའོ། །ནཱ་ད་ནི་དེ་ཉིད་ཀྱི་དགོངས་པ་གསལ་བར་བྱས་པའོ། །རྡོ་རྗེ་ལྟ་བུས་སྣ་ཚོགས་ཡང་དག་པར་བཅོམ་པར་གྱུར་པས། དེ་སྨིན་མ་གཉིས་གང་ཡིན་པ་དེ་ནི་རྡོ་རྗེ་འབྱེས་པའི་སྨིན་མ་སྟེ། སྨིན་མའི་

དབུས་ནི་ལྟེ་བའོ། །སྨིན་མ་དང་ནི་མིག་དག་གི་འོག་ཏུ་རྡོ་རྗེ་རྩེ་གསུམ་པ་ཉིད་དུ་གྲུབ་པའོ། །དེ་གསུངས་པ། སྨིན་དབུས་རྡོ་རྗེའི་ལྟེ་བ་རུ། །ཞེས་གསུངས་སོ། །ཕྱག་ན་ཁ་ཊྭཱཾ་ག་བསྣམས་ཤིང་། །ཞེས་གསུངས་ཏེ། སེམས་ཅན་གྱི་དོན་བྱེད་པ་འདི་ལ་ཡོད་པས་གསུམ་པའི་ཕྱག་

ན་བྱས་པ་སྟེ། དེ་ཡང་ཁ་ཊྭཱཾ་ག་ཕྱག་ན་བྱས་པ་གང་ཡིན་པ་དེ་དེ་བཞིན་ནོ། །སེམས་ཅན་གྱི་དོན་བྱ་བའི་ཆེད་དུ་རྣམ་པར་དག་པའི་ཁ་ཊྭཱཾ་ག་འཆང་བའོ། །བསྣམས་ཞེས་བྱ་བ་ནི་བྱ་བ་ལ་ཐམས་ཅད་དུ་གཉིས་པའི་སྒྲའོ། །ཕྲེང་བའི་ངོ་བོ་ཉིད་ཀྱིས་ཕྱེད་པོ་ནི་ཕྲེང་བ་ཕྱེད་པོ་སྟེ། བརྒྱ་

ཕྱེད་ཀྱི་ཕྲེང་བ་ནི་བརྒྱ་ཕྱེད་ཀྱི་ཕྲེང་བས་བརྒྱན་པའོ། །ཨཱ་ལི་ཀཱ་ལི་དང་འབྲེལ་བའི་ཕྲེང་བས་མགུལ་དུ་བྱས་སོ་ཞེས་དགོངས་སོ། །དེ་མདུན་ན་གནས་པ་ཞེས་པ་ནི་དངོས་སུ་མདུན་ནས་འཁྱུད་ཅིང་གནས་པ་ནི་གནས་པའོ། །ལྷ་མོ་ནི་བཅོམ་ལྡན་འདས་དང་ལྷན་ཅིག་པས་ན་ལྷ་མོའོ། །

རྡོ་རྗེ་སྡུག་བསྔལ་ཅན་གྱི་ཉོན་མོངས་པ་འཇོམས་པས་ན་རྡོ་རྗེ་ཕག་མོའོ། །རབ་འཇིགས་མི་གདུག་པ་ཅན་ལ་སྡིགས་མཛུབ་བྱེད་པས་མངོན་དུ་འཁྱུད་པར་བསྟན་ནས་དེ་རྒྱས་པར་སྟོན་ཏེ། ཧེ་རུ་ཀ་དཔལ་ཕྱོགས་ཞེས་བྱ་བ་ནི་ཁྱབ་པ་ཉིད་ཡིན་པས་ན་ཐམས་ཅད་དུ་གཉིས་པར་སྦྱར་རོ། །

དེ་མདུན་ནི་ལྷ་མོའི་ཁྱད་པར་རོ། །ཐོད་པའི་ནང་དུ་སོན་པའི་རྒྱུ་མ་ནི་ཐོད་པ་རྒྱུ་མས་བཀང་བའོ། །དེ་བདུད་རྣམས་ཀྱི་རྒྱུ་མས་ཐོད་པ་ཡང་དག་པར་བཀང་བ་སྟེ། གཞན་མ་གང་བ་མེད་པའོ། །ཁ་ནས་རུ་ཏི་ར་འཛག་ཅིང་། །ཞེས་པ་ནི་འདོད་ཆགས་རྣམ་པར་དག་པའོ། །ཕྱོགས་

เล่ม ๑๖ · หน้า 164b

ཀུན་དུ་ནི་སྡིགས་མཛུབ་བྱེད། །ཅེས་པ་ནི་ཕྱོགས་ཀྱི་བདག་པོ་ཐམས་ཅད་ལ་ཞེས་པའི་དོན་ནོ། །ལྷ་དང་ལྷ་མ་ཡིན་དང་མི་དང་བཅས་པའི་འཇིག་རྟེན་གསུམ་ཞེས་དགོངས་སོ། །ཕྱོགས་ཀུན་ཞེས་པའི་གཞུང་ནི་གང་ལ་ཕྱོགས་ཡོད་པ་དེ་ནི་ཕྱོགས་ཀུན་གྱི་བདག་པོ་ཉིད་དུ་གོ་བར་

བྱའོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཞེས་པ་ནི་རབ་གཏུམ་མོ་ལ་སོགས་པ་ཉི་ཤུ་བཞིའོ། །དང་ནི་ཁྭ་གདོང་མ་ལ་སོགས་བཅུ་གཉིས་བསྡུ་སྟེ། དེ་ཡང་ཐམས་ཅད་མཆོད་པར་བྱའོ། །ཕག་མོའི་རིགས་ལས་བྱུང་བ་ནི་ཞེས་པ་ནི་ཕག་མོ་དང་ལྷན་ཅིག་ཏུ་ཐུགས་ལ་སོགས་

པའི་རིགས་ལས་བྱུང་བའོ། །འདིས་རིགས་ངེས་པར་བསྟན་ཏོ། །འཁོར་ལོའི་ལྟེ་བ་ཞེས་པ་ནི་དཀྱིལ་འཁོར་བྲིས་པ་དཔལ་ཧེ་རུ་ཀ་དང་དཀྱིལ་འཁོར་གྱི་ལྷ་མོ་རྣམས་བསྒོམས་ནས་མཆོད་པར་བྱའོ་ཞེས་དགོངས་སོ། །ལྷ་རྣམས་ཇི་ལྟར་དགོད་ཅེས་པ་ལ། ཕྱོགས་དང་ཕྱོགས་

མཚམས་རྣམས་དང་ཞེས་གསུངས་སོ། །དེ་བཞིན་འདིར་ནི་དཔའ་བོ་ཡང་། །ཞེས་གསུངས་སོ། །འདིར་ཞེས་པ་ནི་འཁོར་ལོའི་ལྟེ་བའི་དབུས་ཀྱི་རིགས་ལས་བྱུང་བ་ཞེས་པའི་དོན་ཏོ། །ལྷའི་འཁོར་ལོ་ཐམས་ཅད་མཆོད་པའོ་ཞེས་མདོར་བསྡུས་པའོ། །འཁོར་ལོ་

ཡང་དག་བསྡུས་གནས་ཞེས་པ་ནི་གཉིས་པའི་མང་པོའི་ཚིག་གི་མཐའ་ཅན་གྱི་ཚིག་སྟེ་ནི་ཕྱི་བའོ། །དེ་ཡིས་འཁོར་ལོ་ལྟེ་བར་ཞེས་པ་བརྟན་པར་བྱས་པའོ། །ནིའི་སྒྲས་ལུས་ཉིད་གནས་པ་བཀག་པས་ཡང་ངེས་པར་མཆོད་པར་བྱའོ་ཞེས་དགོངས་སོ། །འདིས་མཆོད་པར་

བྱ་བ་ཅི་ཞེ་ན། དཔའ་བོ་གཉིས་མེད་ཅེས་བྱ་བ་གསུངས་ཏེ། མཚུངས་པ་དང་བྲལ་བས་གཟུང་བ་ལ་སོགས་པའི་ངོ་བོ་གསོད་པར་བྱེད་དོ་ཞེས་པས་དཔའ་བོ་སྟེ་དེ་ཡང་སེམས་ཙམ་མོ། །དེའི་ཕྱིར་གསུངས་པ། གཉིས་སུ་མེད་པ་དེའི་དཔའ་བོ་སྟེ། གཉིས་སུ་མེད་པ་ཁོ་ན་མཆོད་

པར་བྱའི་ཞེས་དགོངས་སོ། །ཅིའི་ཕྱིར་ཞེས་པ་ལ། སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད། །ཅེས་གསུངས་ཏེ། དངོས་གྲུབ་ནི་གཉིས་པ་ཕྱི་མ་སྟེ་གང་དངོས་གྲུབ་འདོད་པའི་སྒྲུབ་པ་པོ་དེས་མཆོད་པར་བྱ་སྟེ། དཀྱིལ་འཁོར་སེམས་ཙམ་ཉིད་དུ་ཤེས་པར་བྱའོ། །དེ་ནས་བུམ་པ་ཞེས་བྱ་བ་

เล่ม ๑๖ · หน้า 165a

ལ་སོགས་པ་ནི་གོ་སླའོ། །རྩ་བ་ནག་པོ་ལ་སོགས་མེད། །ཅེས་པ་ནི་རྩ་བ་ནི་རྫ་མཁན་གྱི་འཁོར་ལོ་བྱས་པའི་འོག་གི་ཆའོ། །ནག་པོ་ནི་ནག་པོའི་ཆའོ། །སོགས་ཀྱི་སྐྲས་ནི་སྣ་ཚོགས་པ་ཉིད་ལ་སོགས་པའོ། །གསེར་དང་རིན་པོ་ཆེ་ནི་གསེར་ཡང་ཡིན་ལ་རིན་པོ་ཆེ་ཡང་དེ་ཡིན་ཏེ།

རིན་པོ་ཆེ་ནི་ཐམས་ཅད་དུ་འདི་ཡིས་ནི་རིན་པོ་ཆེ་སྣ་ལྔ་བསྟན་ཏོ། །དེ་ལ་ཟངས་ཐ་མར་སྨོས་པའོ། །བཟའ་བ་ཀུན་ཞེས་པ་བཟའ་བ་ཀུན་གྱི་ཚིག་གིས་འབྲུ་སྣ་ལྔ་དང་སྨན་སྣ་ལྔའོ། །བཟའ་བའི་སྒྲས་བདུད་རྩི་ལྔའོ། །ཐོད་པ་སྟེང་དུ་གཞག་པར་བྱ། །ཞེས་པ་ནི་བདུད་རྩི་ལྔའི་ཁྱད་པར་བསྟན་པའོ། །ནིའི་སྒྲ་ནི་ཁྱད་

པར་གྱི་དོན་ཏོ། །རིན་པོ་ཆེ་སྣ་ལྔ་དང་། སྨན་ལྔ་ནི་བུམ་པའི་ནང་དུའོ། །བདུད་རྩི་ལྔ་ཐོད་པ་གནས་པ་ནི་དེའི་སྟེང་དུ་བཞག་པའོ། །ཡང་ན་ཐོད་པ་ལ་དེའི་སྟེང་དུ་གཞག་པར་བྱ་ཞེས་པ་ནི། བདུད་རྩི་གསུམ་པའི་སྒྲས་བུམ་པའི་ཁྱད་པར་དེ་རྡུལ་ཚོན་གྱིས་བྲིས་ལ་བུམ་པའི་སྟེང་དུ་བཞག་གོ་ཞེས་ཟེར་རོ། །

བུམ་པ་དེ་རྣམས་ཀྱི་མགུལ་པ་ནི་མགྲིན་པའོ། །ཁ་ནི་འདབ་མས་བརྒྱན་པར་བྱ། །ཞེས་པ་ནི་ཞེས་བྱ་བ་ལ་སོགས་པས་བུམ་པ་དགུ་པ་རྒྱལ་བའི་བུམ་པ་ཞེས་བྱ་བ་ལ་རིན་པོ་ཆེ་སྣ་ལྔ་གཞུག་པར་བསྟན་ཏོ། །གསེར་རམ་དངུལ་ལམ་རིན་ཆེན་ནམ། །ཞེས་བྱ་བ་གསུམ་པའི་དོན་ལས་དང་པོའི་གཅིག་གི་ཚིག་

གོ། །རིན་ཆེན་མུ་ཏིག་ནི་གསུམ་པའི་གཉིས་པའི་ཚོགས་ཕྱི་བའོ། །དངུལ་ལ་སོགས་པས་བརྒྱན་པའི་བུམ་པ་དགུ་པ་དབུས་སུ་བྱས་ལ་གྲོང་མཆོག་མཆོད་པར་བྱའོ་ཞེས་སྦྱར་རོ། །གང་གིས་ཞེས་པ་ལ་གསེར་རྣམས་ཀྱིས་མཛེས་པར་དགྲམ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་མུ་ཏིག་ལ་སོགས་

པའོ། །གསེར་ཉིད་ནི་གསེར་རོ། །འདིར་མཛེས་པ་ནི་མཛེས་ཤིང་བརྒྱན་པའོ། །རིན་ཆེན་གསེར་གྱིས་བརྒྱན་པ་དེ་ནི་དེ་བཞིན་ནོ། །ཇི་ལྟ་བའི་གདམས་ངག་གིས་མཆོད་པ་ཐམས་ཅད་ཇི་ལྟར་དགྲམ་ཞེ་ན། དཀྱིལ་འཁོར་གང་ཡིན་པ་དེ་ལ་མཆོད་པ་ནི་གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་

པོ་ཆེ་དང་། རལ་གྲི་རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་སྟེ་དེ་རྣམས་གསེར་དང་ཡོན་ཏན་འདྲ་བས་གསེར་ཞེས་ཁ་ཅིག་ཟེར་རོ། །བདག་ཉིད་ཀུན་ནས་སྒོ་ཡི་ནི། །ཞེས་པ་ནི་བདག་ཉིད་དཔལ་ཧེ་རུ་ཀ་གྲོང་གི་དབུས་སུ་མཆོད་པར་བྱ་ཞེས་སྦྱར་རོ། །ས་སྟེངས་

เล่ม ๑๖ · หน้า 165b

ནི་ས་གཞིའོ། །ཡང་ན་ས་འོག་མཁའ་འགྲོ་མ། །ཞེས་པ་ནི་ཉི་ཤུ་རྩ་བཞིའོ། །གཞུང་ཁ་ཅིག་ན་མ་མོ་ཞེས་བྱ་བའི་སྒྲ་ཡོད་དེ་དེ་ཉིད་ཀྱི་དོན་ཏོ། །མ་མོའི་སྒྲས་ནི་ཁྭ་གདོང་མ་ལ་སོགས་པ་བཅུ་གཉིས་སོ། །གོང་གི་མར་མེ་ཞེས་པ་ནི་ཐུན་མོང་གི་མར་མེ་བརྒྱ་བྱ་བར་གསུངས་སོ། །མར་མེ་བརྒྱ་ཡང་ཞེས་པ་ནི་

མར་ཁུ་ཆེན་པོར་གྱུར་པའོ། །འདིར་ནིའི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། ལྷག་མ་ནི་གོ་སླའོ། །བཅའ་བ་ནི་ནས་ཀྱི་ཁུར་བ་ལ་སོགས་པའོ། །བཟའ་བ་ནི་ཟན་ལ་སོགས་པའོ། །སྟོན་མོ་ནི་ཚོད་མའོ། །བཏུང་བ་ནི་བཏུང་བ་སྟེ། ཞོ་དང་ཐུག་པ་ལ་སོགས་པའོ། །བྱ་ཞེས་པ་ནི་མཆོད་པ་ཞེས་པ་ལྷག་མའོ། །

འདིས་ཕྱི་རོལ་གྱི་མཆོད་པ་བསྟན་ཏོ། །དེ་ལ་འཁོར་ལོ་དང་མཆོད་པ་དེ་དག་གི་ཆོ་གའི་ཆེད་དུ་མངོན་པར་བརྗོད་པའི་ལེའུ་སྟེ་དེ་ཡང་གཉིས་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ལས་ལེའུ་གཉིས་པའོ།། །།བླ་མའི་གདམས་ངག་མེད་ན་འགྲུབ་པའི་ཐབས་ཅུང་ཟད་ཀྱང་མེད་པའི་

ཕྱིར་དེ་ཉིད་མཉེས་པར་བྱ་བ་ནི་དབང་གི་དུས་སུ་མཆོད་པར་བྱ་བ་སྟེ། དེ་ནས་ཞེས་གསུངས་སོ། །གང་གི་ཕྱིར་ངེས་པར་སློབ་དཔོན་གྱི་གདམས་ངག་མེད་ན་དངོས་གྲུབ་མེད་པ་སྟེ། དེའི་ཕྱིར་བླ་མ་མཉེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་ཐ་དད་པའི་ཚིག་སྟེ། དེ་ཉིད་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །དང་པོར་ཞེས་པ་ནི་སློབ་དཔོན་གྱི་ཁྱད་པར་ཏེ། ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་གི་ཁྱད་པར་ཅན་ནོ། །ཡང་ན་དུས་ཀྱི་ཁྱད་པར་ཏེ་དང་པོར་སློབ་དཔོན་མཉེས་པར་བྱ་བ་ནི་གསོལ་བ་གདབ་པར་བྱ་བའི་དོན་ཏོ། །དངོས་ཀུན་གྱིས་ཞེས་བྱ་བ་ནི་ནོར་དང་བདག་

ཉིད་ལ་སོགས་པའོ། །ཅི་ནུས་པས་ནི་བླ་མ་མཆོད། །གྲུབ་འདོད་ཤིན་ཏུ་མཉམ་གཞག་པས། །ཞེས་པའི་ནིའི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །དེའི་ཕྱིར་རེ་ཞིག་བླ་མ་ཉིད་སློབ་དཔོན་ཏེ་སློབ་མས་དངོས་པོ་ཀུན་གྱིས་མཆོད་ནས་དེ་ནས་དཀྱིལ་འཁོར་བྱའོ། །དེ་ལ་ཞུགས་པ་ལ་སོགས་

པའི་དོན་དུ་མཆོད་པར་བྱ་སྟེ། བདག་གིས་དབང་ལ་སོགས་པ་ཐོབ་ནས་དངོས་གྲུབ་བསྒྲུབ་པར་བྱའོ། །གྲུབ་པར་འདོད་པ་ནི་གྲུབ་འདོད་དེ། སྔགས་ཀྱི་བཟླས་པ་ལ་སོགས་པ་བྱས་ཤིང་མཉམ་པར་གཞག་པས་སོ། །དྲིལ་དབྱངས་ཞེས་བྱ་བ་ལ་

เล่ม ๑๖ · หน้า 166a

སོགས་པས་ནི་དྲིལ་བུའི་དབང་སྟོན་ཏེ། སྒྲུབ་པ་པོ་ཡིས་དྲིལ་བུ་དཀྲོལ། །ཞེས་བྱ་བར་སྦྱར་རོ། །མེ་ཏོག་སྤོས་ཀྱིས་བརྒྱན་ཞེས་པ་ནི་མཆོད་པའི་དོན་དུ་ཞེས་པའོ། །ཤིན་ཏུ་སྒྲ་སྙན་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། མཚན་ཉིད་ཐམས་ཅད་བསྟན་པའོ། །ཅི་བྱ་ཞེས་པ་

ལ་དྲིལ་བུ་དཀྲོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲིལ་བུ་ནི་ཀུན་རྫོབ་བོ། །དེ་ཡི་སྒྲ་ནི། ཇི་ལྟར། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ངོ་བོ་ཉིད་དག་སེམས་དཔའ་མཆོག །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །ཞེས་བྱ་བའི་ཚིག་བརྗོད་པ་དང་། བློས་ཀྱང་དེའི་དོན་དུ་

འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་པའི་ཚིགས་བཅད་བརྗོད་དེ། །བླ་མ་རྗེ་བཙུན་གྱིས་དྲིལ་བུ་བྱིན་ལ། དྲིལ་བུའི་སྒྲ་ལ་དམིགས་ནས་དཀྲོལ་བར་བྱ་ཞེས་དགོངས་སོ། །

རྔ་བརྡུང་ཞིང་ཞེས་པ་ནི་བཀྲ་ཤིས་པར་བྱེད་པའོ། །འམ་གྱི་སྒྲས་ནི་མཚན་ཉིད་གཞན་བསྡུ་བའོ། །ཡང་གོ་རིམས་བཟློག་པས་རིམ་པ་བཞིན་སྒྲུབ་པ་པོ་ཡིས་ཀྱང་དེ་བརྡུང་བར་བྱའོ། །དང་པོར་སློབ་དཔོན་གྱིས་བྱིན་པ་དེ་ཞེས་བྱ་བ་ནི་གང་སྒྲ་བྱ་བར་གྲུབ་པ་གང་ཡིན་པ་ནི་ཡང་སྒྲས་རྟོགས་པར་བྱའོ། །ཧ་ཧ་

ཞེས་ནི་བརྗོད་པར་བྱ། །ཞེས་པས་ནི་ཧ་ཧ་ནི་མིང་གི་དབང་སྟེ། བླ་མ་རྗེ་བཙུན་གྱིས་གུས་པ་ཉིད་དུ་གྱུར་པའི་སློབ་མའི་བདག་ཉིད་གང་ཡིན་པ་ལ་དེས་དེ་བྱའོ། །བྱ་ཞེས་པ་ནི་བྱའོ་ཞེས་བསྟན་པའོ། །དེ་ནས་འདི་ཡིས་ནི་བླ་མ་ལ་གུས་པ་ཆེན་པོར་བསྟན་པ་ཡིན་ཏོ། །ཧ་ཧ་དང་མིང་གཉིས་ནི་སྒྲའི་བདག་

ཉིད་ཡིན་པར་མཐུན་པས་མིང་ཞེས་དེ་ལྟར་བརྗོད་དོ། །དེ་ཕྱིར་ཆུ་དང་དབུ་རྒྱན་དང་རྡོ་རྗེ་དང་བདག་པོའི་དབང་རྣམས་གཟུང་བ་ཡིན། དེ་གཉིས་ཀྱི་སྔོན་དུ་འགྲོ་བ་ཉིད་ཡིན་པའི་ཕྱིར་རོ། །དོན་གཞན་ཡང་བླ་མས་ཀྱང་དྲིལ་བུའི་སྒྲ་བྱའོ་ཞེས་ཤེས་པར་བྱའོ། །ཅི་བྱས་ནས་ཞེས་བྱ་བ་ལ་ཕྱོགས་བཅུར་

དྲིལ་བུའི་སྒྲ་ཕྲ་མོ་བྱ་བ་སྟེ། དེ་ནི་དྲིལ་བུའི་སྒྲ་ཞེས་བྱ་བའི་མན་ངག་གོ། །ཡང་ན་དེ་སྔོན་བཞིན་གྱི་ཚིགས་བཅད་ཀྱིས་སོ། །སྒྲུབ་པ་པོས་ཀྱང་རྔ་བརྡུང་བ་དང་ཧ་ཧའི་སྒྲ་ཡང་བྱ་སྟེ། ཧ་ཧ་ནི་རྒྱལ་བར་གྱུར་ཅིག་པའོ། །ཡང་གི་སྒྲས་ནི་གཞན་བརྡུང་བ་དང་། དཀྲོལ་བའི་ཁྱད་པར་དང་གླུ་ཡང་ཤེས་

เล่ม ๑๖ · หน้า 166b

པར་བྱའོ། །དྲིལ་དབྱངས་ནི་རང་རང་རྟགས་སུ་ཉེ་བར་གནས་པ་སྟེ། ལོ་ཉི་ཤུ་རྩ་ལྔ་མ་བརྗོད་པའོ། །དྲིལ་བུ་ནི་ལོ་བཅུ་གཉིས་མའོ། །རྔ་ནི་ལོ་བཅུ་དྲུག་མའོ། །དྲིལ་བུའི་སྒྲ་ནི་རྡོ་རྗེའི་རིགས་སོ། །དྲིལ་བུ་ནི་རིན་པོ་ཆེའི་རིགས་སོ། །རྔ་ནི་པདྨའི་རིགས་སོ། །ཧ་ཧ་ནི་དེ་བཞིན་གཤེགས་

པའི་རིགས་སོ། །དང་ཡིག་ལས་གཞན་ཡང་ངོ་། །མིང་གིས་ནི་གཞན་དྲིལ་བུའི་སྒྲའི་རིགས་རྣམས་ཏེ་དེ་རྣམས་གང་ཡང་རུང་བ་ཅིག་སློབ་དཔོན་གྱིས་བསྟེན་པར་བྱའོ། །དྲིལ་བུའི་སྒྲ་ཡང་སློབ་མ་སྒྲུབ་པ་པོས་ཨ་ཧོ་སུ་ཁ་ཞེས་བྱ་བའི་སྔགས་ཀྱིས་རྣམ་པར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་

གི་རྗེས་སུ་ཞེས་པ་ལ་སྲིན་ལག་ཅེས་པ་ལ་སོགས་པ། སྦོམ་པོ་མཐའ་ལྟག་རྩེ་སྦྱར་བས། །རྣལ་འབྱོར་རིག་པས་རྟག་ཏུ་སྤྱད། །ཞི་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་བྱ་བའི་ཚིགས་བཅད་དང་ཡང་སྦྱར་བར་བྱའོ། །དེ་ནས་འདིའི་དོན་གཞན་ཡང་སྔོན་དུ་བསྟན་

པའི་ཤེས་རབ་བསྟེན་པ་གང་ཡིན་པ་ལས་བྱུང་བ་སློབ་དཔོན་གྱིས་མཐེ་བོང་དང་སྲིན་ལག་གིས་སློབ་མ་ལ་བྱིན་ཏེ་སྤྱོད་པར་བྱའོ། །སློབ་མ་དེ་ཡང་ཞི་བའི་བཏུང་བ་བཞིན་མྱངས་ན་དངོས་གྲུབ་ཐོབ་པར་འགྱུར་བ་སྟེ་གསང་བའི་དབང་ངོ་། །འདི་ཉིད་ཀྱིས་སློབ་དཔོན་གྱི་དབང་ཡང་འགྲུབ་སྟེ་དེ་སྔོན་དུ་འགྲོ་བའི་

ཕྱིར་རོ། །གང་གི་རྗེས་སུ་འདི་ཐམས་ཅད་བྱ་ཞེས་པ་ལ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་མེ་ཏོག་ལ་སོགས་པ་སྔོན་དུ་འགྲོ་བས། སྔོན་དུ་བསྟན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་ཐང་ཀའོ། །མཆོད་པ་ཞེས་པ་ནི་ཡང་དག་པའི་སྒྲས་ཕྱེ་སྟེ། དེ་ལ་མཆོད་ལ་གཞུག་པར་བྱའོ་ཞེས་སྦྱར་རོ། །

གང་ཡིན་ཞེས་པ་ལ་གང་ཡིན་ཞེས་པ་ནི་གཙང་སྦྲ་བྱེད་པས་ན་བུ་སྟེ། དེའི་ཕྱིར་སྔགས་པ་ལ་ཀའི་སྒྲ་བྱས་པའི་བུ་ནི་སློབ་མས་ཏེ། བཟླས་པ་ལ་སོགས་པ་རིག་པ་རིགས་ལ་སོགས་པ་དང་ལྡན་པར་འགྱུར་རོ། །ཅི་བྱས་ན་ཞེས་པ་ལ། དར་གྱིས་ལེགས་པར་བཀབ་ནས་སུ། །ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། དར་ནི་གོས་དམར་པོའོ། །བུ་དེ་རྣམས་ལ་ཞེས་པ་ནི་ཐུན་མོང་དུ་མང་བའི་ཚིག་བྱས་པའོ། །དེ་ཉིད་དུ་རེ་རེ་གཞུག་པར་བྱའོ་ཞེས་སོ། །དེ་ཉིད་ནི་མེ་ཏོག་གིས་བཀང་ཞེས་བྱ་བ་གསུངས་ཏེ་བཅུག་པའི་རྗེས་སུ་སྒྲུབ་པ་པོས་གཡས་ནས་བསྐོར་བ་བྱ་སྟེ་སྙིམ་པ་མེ་ཏོག་གིས་བཀང་སྟེ་དོར་

เล่ม ๑๖ · หน้า 167a

བར་བྱའོ། །ལྷོ་ཕྱོགས་སྐུ་ལ་བརྟེན་ནས་སུ། །སྙིམ་པ་མེ་ཏོག་དེ་ནས་དོར། །ཞེས་པ་ནི་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་པས་དོར་བ་སྟེ་མན་ངག་གོ། །ཡང་ན་མཆོད་རྟེན་ལ་ཕྱག་བྱ་བའི་རིམ་པས་བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བའོ། །དཔལ་ཧེ་རུ་ཀ་ལ་སོགས་

གནས། །ཞེས་པ་ནི་གཉིས་པ་ཕྱི་བ་སྟེ། གདོང་ཕྱེད་དཀྱིལ་འཁོར་བསྟན་པར་བྱ། །ཞེས་སྦྱར་རོ། །དཀྱིལ་འཁོར་བསྟན་པའི་རྗེས་སུ་དཔལ་ཧེ་རུ་ཀ་ཉེ་བར་མཚོན་པ་སྟེ། གནས་ལ་སོགས་པ་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྟོན་

ཏེ། དེ་ནས་དེ་གསང་བའི་དབང་གི་རྗེས་ཐོགས་སུ་སློབ་དཔོན་ཞེས་པ་ནི་བརྟན་པ་ཉིད་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལ་ཟླ་མཚན་ལ་ཀ་ར་ཀ་ར་ལ་སོགས་པའི་སྔགས་བཟླས་པས་ཐིག་ལེ་བྱའོ། །དེ་ལ་ཞེས་པ་ནི་དེ་རྣམས་ཀྱི་ནང་ནས་ཁ་ཅིག་དཀྱིལ་འཁོར་དུ་བཅུག་ཅིང་གདོང་ཕྱེ་བ་

ལ་དེས་ཐིག་ལེ་བྱ་ཞེས་པའི་དོན་ཏོ། །གང་ཡང་ལྷ་རྣམས་ཀྱི་གནས་དེ་ལ་བསྟན་པར་བྱའོ་ཞེས་དགོངས་སོ། །གནས་ལ་སོགས་པ་དཔལ་ཧེ་རུ་ཀ་ལ་སོགས་པའི་ལྷ་བསྟན་པར་བྱའོ། །ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་

པ་ནི་དུམ་སྐྱེས་མའོ། །སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཉིད་དང་། ལྷའི་དེ་ཉིད་ཀྱང་བསྟན་པར་བྱའོ། །དེ་ནས། སློབ་དཔོན་དང་ནི་བཅས་པ་ལ། །རབ་ཏུ་འདུད་པ་བྱས་ནས་ནི། །ཞེས་པ་ལ། དེ་ནས་སློབ་མ་གདོང་ཕྱེ་བའི་རྗེས་ལ་དཀྱིལ་འཁོར་ལ་

འདུད་པ་བྱས་ནས་ཐིག་ལེ་བྱས་པ་དཀྱིལ་འཁོར་གྱི་མདུན་དུ་བསྟན་པར་བྱའོ། །གཡོན་ནས་བརྩམས་པའི་རིམ་པ་ཡིས། །དེ་ནས་བསྐོར་བ་རབ་ཏུ་བྱ། །ཞེས་པ་ནི་ཡང་བསྐོར་བ་བྱ་སྟེ། གཡོན་ནས་བརྩམས་ནས་གཡས་སུ་བསྐོར་བའམ། གཡོན་དུ་བསྐོར་བས་འཁོར་བར་བྱས་ལ་

དཀྱིལ་འཁོར་དང་བླ་མ་བཏུད་ནས། བླ་མ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཡོན་དབུལ་བར་བྱའོ། །དཀྱིལ་འཁོར་ལྷའི་དེ་ཉིད་བསྟན་པའི་རྗེས་སུ་སློབ་མས་བླ་མ་ལ་ཡོན་དབུལ་བའོ། །དེ་ཡང་བདུད་རྩི་ལྔ་སྦྱིན་པ་སྔོན་དུ་འགྲོ་བས་ཆུ་ལ་སོགས་པའི་དབང་ནས་སློབ་དཔོན་གྱི་བར་དུ་

เล่ม ๑๖ · หน้า 167b

དེ་ནས་གསང་བའི་དབང་ནི་ཞེས་པ་ནི་གཞུང་གོ་བཟློག་པ་སྟེ་བསྡུས་པའི་དོན་ཏོ། །ཡོན་ནི་དབུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏོར་མའི་ངོ་བོ་ཉིད་ཆུར་ནི་དབུལ་བ་སྟེ། ངེས་པར་གཏོང་བ་ནི་མ་ལུས་པར་གཏོང་བའོ། །དེ་མ་ལུས་པར་གཏོང་བ་ཡང་ཡིན་ལ། གསེར་སྲང་བརྒྱ་དང་སྟོང་

ཡང་ཡིན་པས་ན་དེ་ནི་དེ་བཞིན་ནོ། །གསེར་སྲང་འབུམ་ཡང་དབུལ་ལོ། །གླང་པོ་ཆེ་ཞེས་པ་རྒྱན་ཕྱིས་པའི་ཚིག་གོ། །སོར་གདུབ་ཅེས་པ་ནི་སོར་གདུབ་དང་བཅས་པས་གསུམ་པའི་དོན་ཏོ། །དམ་པ་ནི་དབུ་རྒྱན་ནོ། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །ཞེས་པ་ནི་ཚངས་པའི་སྐུད་

པ་གསེར་ལས་བྱས་པའོ། །བྲན་མོ་ཞེས་པ་ནི་རྐྱེན་མེད་པའོ། །འདི་ཐམས་ཅད་བླ་མ་ལ་དབུལ་བར་བྱའོ། །རང་རྟགས་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་ཀྱང་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ། །

བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །བློ་ལྡན་བླ་མ་དག་ལ་དབུལ། །ཞེས་པ་ནི་དངོས་པོ་ཐམས་ཅད་ནི་ལུས་ལ་སོགས་པའི་བྱ་བའོ། །འདིར་འདི་ལྟ་བུར་གྱུར་པ་མི་ཟད་པ་ཐོབ་པར་འདོད་པའི་བློའི་ནོར་ཅན་གྱིས་སོ། །རང་ཉིད་དབུལ་བ་ནི་དེང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབུལ་

ལགས་ནི་རྐྱེན་མེད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་རྒྱས་པར་བྱ་བ་ཉིད་གསུངས་ཏེ། གང་དུ་གསུངས་པའི་གསེར་ལ་སོགས་པ་སྦྱིན་པར་བྱས་པ་ལ་སྒྲུབ་པ་པོས་ངེས་པར་ཤིན་ཏུ་ལེགས་ཤིང་མཛེས་པའོ་ཞེས་རྗེས་སུ་ཡི་རང་བའི་དོན་ཏོ། །དེ་ལ་ཞེས་པ་ནི་བྱ་བའི་ཆོ་ག་དེ་ལ་

རྗེས་སུ་གནས་པའི་འབྲས་བུ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །མཁའ་འགྲོ་མ་ཞེས་པ་ནི་མཁའ་འགྲོ་མའི་རིགས་སོ། །དེའི་ཁྱད་པར་ནི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཁྭ་གདོང་མ་ལ་སོགས་པ་ཡང་ངོ་། །

ལཱ་མ་ནི་ལཱ་མའི་རིགས་སུ་སྐྱེས་པ་སྟེ། ལཱ་མའི་མིང་གི་རྣམ་གྲངས་ལ་ཡང་ལཱ་མའི་སྒྲས་བརྗོད་པའམ། ཨ་ཕྱིས་ནས་མ་བཅུག་པའི་མང་པོའི་ཚིག་གི་མཐའ་ཅན་གྱི་ཚིག་གོ། །དེ་དང་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟ་བུར་གྱུར་པའི་དཀྱིལ་འཁོར་དུ་ཞུགས་ཤིང་མཆོད་ནས། དབང་བླང་

เล่ม ๑๖ · หน้า 168a

བའི་ཕྱིར་དེ་བྲིས་པ་སྔོན་དུ་སོང་བས་དངོས་གྲུབ་བསྒྲུབ་པར་བྱ་བའི་དོན་དུ་མཁའ་འགྲོ་མ་རྣམས་རྒྱུར་གྱུར་པས་མཁའ་འགྲོ་མ་ཐམས་ཅད་ལ་སྦྱོར་བ་སྟེ། བགྲོད་པར་བྱ་བ་མ་ཡིན་པར་ཡང་འགྲོ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ནི་ཡི་

གེའི་ལུང་དང་ཡི་གེ་ཉམས་པ་དང་ཡི་གེ་བཟློག་པར་འགྱུར་བས་ངེས་པའི་ཚིག་བྲིས་པ་བསྡུས་པ་སྟེ། བདེ་བར་གཤེགས་པའི་ལུང་ཡིན་པས་ན་གཙོ་བོ་ཉིད་དུ་སྒྲུབ་པའི་ཕྱིར་རོ། །དེ་ལྟར་ཐམས་ཅད་དུའོ། །སྒྲ་དང་སྒྲ་མ་ཡིན་པ་ཉིད་དུ་དོགས་པར་མི་བྱ་སྟེ། གནས་པ་མེད་པས་

སོ། །སློང་བ་ཞེས་པ་ནི་འཆི་བ་སློང་བའོ། །གནོད་པ་ནི་གསོད་པའོ། །ལྷག་མ་ནི་གོ་སླའོ། །སྔགས་པ་དཀྱིལ་འཁོར་མ་མཐོང་བས། །ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་གྱི་ཕན་ཡོན་ཡིན་ནོ། །ཇི་ལྟར་ནམ་མཁའ་ལ་ཁུ་ཚུར་གྱིས་བརྒྱབ་ཀྱང་བརྒྱབ་པའི་མཚན་ཉིད་ཀྱི་

དོན་གྱི་བྱ་བ་ནི་འགྲུབ་པར་མི་འགྱུར་རོ། །སྨིག་རྒྱུའི་ཆུ་ལ་འཐུང་བར་འདོད་ཀྱང་འཐུང་བའི་མཚན་ཉིད་དང་སྐོམ་པ་ཞི་བའི་དོན་གྱི་མཚན་ཉིད་ཀྱི་བྱ་བ་མེད་དོ། །དེ་བཞིན་དུ་དཀྱིལ་འཁོར་མ་མཐོང་བར་རྣལ་འབྱོར་ཉིད་དུ་འདོད་ན་དེས་རྣལ་འབྱོར་གྱི་འབྲས་བུ་འདོད་པ་གང་དུ་ཡང་རྙེད་པར་མི་

འགྱུར་རོ། །འདིར་གང་ཞིག་དཔལ་ཧེ་རུ་ཀ་མཆོག་འདོད་པ་དེས་ལྷ་ལ་སོགས་པ་ཟིལ་གྱིས་གནོན་པ་སྟེ། གནོན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགྲོ་ཞེས་པ་ནི་གནས་པའི་དོན་ཏེ། གནས་པར་འགྱུར་བའོ་ཞེས་དགོངས་སོ། །འདས་པ་དང་མ་འོངས་པ་དང་ད་ལྟར་ཤེས་ཤིང་

སྟོན་པར་འདོད་པར་འགྱུར་རོ་ཞེས་སྟོན་པ་ཡང་མ་ཡིན་ནོ། །བཤད་དང་མ་བཤད་གང་ཅིའང་རུང་། །ཞེས་པ་ནི་གང་ཡང་གསུངས་པ་དང་། གཞན་ཡང་དེ་ཐམས་ཅད་དཔལ་ཧེ་རུ་ཀའི་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་ནི་ཤིན་ཏུ་གུས་པས་ཕུལ་དུ་བྱུང་བའོ། །

དབང་བསྐུར་བ་ཞེས་པ་ནི་ཉོན་མོངས་པ་སྤོང་པར་བྱེད་པའོ། །དེ་དག་གི་ཆོ་ག་དེས་བརྗོད་པར་བྱ་བས་ལེའུ་སྟེ་དེ་ནི་གསུམ་པ་སྟེ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ལས་ལེའུ་གསུམ་པའོ།། །།རྟེན་གྱི་དཀྱིལ་འཁོར་བསྟན་པའི་རྗེས་སུ་དེ་ལ་བརྟེན་པའི་རྣལ་འབྱོར་མ་རྣམས་སྟོན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด