དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཙཀྲ་སཾ་བ་ར་སྱ་པཉྫི་ཀཱ་ཤཱུ་ར་མ་ནོ་ཛྙཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗ · หน้า 1b
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སྱ་པཉྫི་ཀཱ་ཤཱུ་ར་མ་ནོ་ཛྙཱ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་ཞེས་བྱ་བ། དཔལ་
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣམ་རྟོག་མ་ལུས་བཅོམ་གྱུར་ཞིང་། །ཐུགས་རྗེ་ཆེན་པོས་རྣམ་པར་རོལ། །སེམས་ཅན་ཀུན་གྱི་དོན་མཛད་པ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོར་འདུད། །
གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇིག་བྱེད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མ་དམ་པ་དེ་ལ་འདུད། །སངས་རྒྱས་མ་ལུས་པ་ཡི་ཡུམ་གྱུར་ཅིང་། །ས་གསུམ་
གྱི་ནི་འགྲོ་བ་སྒྲོལ་མཛད་གྱུར། །རྣལ་འབྱོར་མཆོག་ལ་དགའ་བའི་ཡིད་དུ་འོང་། །འགྲོ་བ་རྟོག་བྲལ་རྣལ་འབྱོར་མ་ལའང་འདུད། །ལམ་མཆོག་ཐེ་ཚོམ་རྣམ་པར་རྟོག་པའི་རྒྱུ། །འཇིག་རྟེན་
མ་ལུས་མུན་པའི་མཆོག་སེལ་ཞིང་། །ཐམས་ཅད་མཁྱེན་པའི་བགྲོད་བྱ་རབ་ཞི་འབྱུང་། །དམ་ཚིག་སྒྲོལ་མར་རྟག་ཏུ་ཕྱག་འཚལ་ལོ། །རབ་དགའི་མཁའ་ལ་རྒྱུ་ཞིང་མ་ལུས་པདྨ་འབྱེད། །བློ་ངན་ཀུ་
เล่ม ๑๗ · หน้า 2a
མུད་བསྲེག་མཐའ་ཡས་ལམ་སྟོན་པ། །མཉམ་མེད་དེ་རྒྱུ་ཀུན་འགྲོ་དེ་ཉིད་ཉི་མས་ནི། །འཇིག་རྟེན་སྙིང་གི་རྨོངས་མུན་མོད་ལ་བསལ་བར་ཤོག །མན་ངག་སྣ་ཚོགས་དབའ་རླབས་ཅན། །བཤད་པའི་
རིན་ཆེན་རིན་ཐང་མེད། །དཔལ་ལྡན་བདེ་མཆོག་མཚོ་ཆེན་ནི། །ཟབ་མོ་གཞལ་བར་སུ་ཡིས་ནུས། །དེ་ལྟ་ན་ཡང་མཁས་པ་ཡི། །ལེགས་བཤད་མང་དུ་ཡོད་པ་ཡིན། །ངས་ཀྱང་འདིར་ནི་མདོར་བསྡུས་ནས། །བདེ་མཆོག་འདི་ནི་རྣམ་པར་
དབྱེ། །སྨྲ་བའི་གླང་པོ་སེང་གེ་སྐལ་ལྡན་གྱིས། །དཀའ་འགྲེལ་འདི་ནི་སྦྱར་བར་གྱུར་པ་ལ། །དཔལ་ལྡན་བདེ་མཆོག་རྒྱ་མཚོའི་ཕ་མཐར་ཕྱིན། །ལེགས་པར་དཔྱོད་ལྡན་སྐལ་ཅན་བཟོད་པར་མཛོད། །ད་ལྟར་སྐྱེ་བོ་ཕལ་ཆེར་དོན་མི་འདོད་
ཅིང་མ་ལུས་བློ་ཞན་ཉིད། །དམ་པ་མང་པོ་མེད་ཅིང་འགྲོ་བ་མ་ལུས་རང་བཞིན་ངན་པས་ཁྱབ། །དེས་ན་འདི་ཡིས་གཞན་གྱི་དོན་འགྱུར་སྙམ་དུ་རྨི་ལམ་ནའང་། །གང་གིས་རང་གི་ཆུང་མ་ལྟ་བུར་བརྩེ་བྱེད་མགུལ་མི་གཏོང་བར་
བྱེད། །གང་གི་ཕྱིར་འདི་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་འདོད་པ་ཐམས་ཅད་ཤེས་རབ་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཚིག་དོན་དང་ལྷན་ཅིག་འབྲེལ་བ་མེད་ཅིང་། ཚད་མའི་ཡན་ལག་དང་མི་ལྡན་པ་ལྟ་བུ་
เล่ม ๑๗ · หน้า 2b
ཡིན་ཡང་འབྲེལ་བ་དང་། བརྗོད་པ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་ཐོས་པ་ཙམ་ཉིད་ཀྱིས་བསྟན་བཅོས་ལ་སོགས་པ་ལ་འཇུག་པར་འགྱུར་བས་ན། དེ་ནས་ཞེས་བྱ་བ་ལ་སོགས་པས་དང་པོར་འབྲེལ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དྲིས་པ་ཁྱད་པར་བྱེད་པ་སྟེ། དེ་མི་དམིགས་
པར་སོ་སོར་གནས་པ་ན་མཚན་མ་མི་འབྱུང་ཞིང་དོན་ལ་ཡང་ཐེ་ཚོམ་བསྐྱེད་པར་འགྱུར་བའི་ཕྱིར་དང་པོའི་ཚིག་ཉེ་བར་དགོད་པ་བརྗོད་པར་བྱ་བ་མ་ཡིན་མོད། སྐལ་ལྡན་ནི་འདི་ཉིད་ལ་ཚད་མ་ཡིན་པར་དགོངས་ཏེ། །འདི་ནི་རྩ་བའི་རྒྱུད་འབུམ་སྡེ་ལས་བཏུས་པ་ཡིན་པའི་ཕྱིར་རྩ་བའི་རྒྱུད་དེ་ཉིད་དུ་དང་པོར་
འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པས་རྒྱུད་ཕྱི་མ་འདིར་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་ཉེ་བར་དགོད་པའང་མ་བྱས་པ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །ཡང་ན་བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ། །དེ་ཉིད་ཀྱིས་
ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཁ་ཅིག་འདོད་དོ། །ཡང་ན་བསྟན་དུ་མེད་པའི་ཆོས་ཉིད་ལ་ནི་བསྟན་པར་བྱ་བ་དང་སྟོན་པ་པོ་གཅིག་པ་ཉིད་དུ་བསྟན་པ་ཡིན་ཏེ། སྔགས་ཀྱི་སྐུ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་ཀྱང་གསུངས་པའི་
ཕྱིར་རོ་ཞེས་འདོད་དོ། །གཞན་དག་ནི་འདི་སྐད་བདག་གིས་ཞེས་བྱ་བ་མེད་པར་ཡང་མཚན་ཡང་དག་པར་བརྗོད་པ་ལ་སོགས་པ་བཞིན་དུ་ཐེག་པ་ཆེན་པོ་སྟོན་པར་མཛད་པ་ཡིན་ནོ་ཞེས་འདོད་དོ། །སྐལ་ལྡན་གྲགས་པ་ནི་དང་པོའི་སངས་རྒྱས་རྣམས་ནི་རྒྱུན་ཆད་པ་མི་མངའ་བའི་ཕྱིར་ཆོས་ཀྱི་
རྣམ་གྲངས་འདི་ནི་ཐོག་མ་མེད་པའི་རྒྱུན་ཅན་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་སྔ་བ་ཉིད་དུ་གནས་པ་ཡིན་ནོ་ཞེས་འདོད་དེ། དེ་ཡང་། སངས་རྒྱས་བྱ་བ་དཔའ་བོ་ནི། །བྱེ་བ་ཉིད་ཀྱིས་ལེགས་པར་གསུངས། །ཞེས་གང་བཤད་པ་ལྟ་བུའོ། །འདིའི་དགོངས་པ་ནི་
འདི་ཡིན་ཏེ། དུས་ཀྱི་དབང་གིས་སྲེག་པའི་བསྐལ་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནུབ་པ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ནི་ཡང་གསུངས་པ་ཡིན་ནོ། །དཔལ་བདེ་མཆོག་འདི་ནི་དེ་ལྟ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྣམས་ན་གནས་
เล่ม ๑๗ · หน้า 3a
ལ་སོགས་པ་རྒྱུན་མི་འཇིག་པ་ཉིད་ཀྱིས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ལ་སོགས་པ་རྣམས་ཀྱིས་བསམ་གཏན་ལ་སོགས་པས་ཉམས་སུ་བླངས་པས་གནས་པ་ཡིན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ནི་ཚིག་གོ། །དཔལ་འཁོར་ལོ་
བདེ་མཆོག་ཅེས་བྱ་བ་ནི་བརྗོད་པའོ། །འདིས་གང་ཞིག་བརྗོད་པར་བྱ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་ནི་འདིའི་བརྗོད་པར་བྱ་བའོ། །རྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །གཞན་དག་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་
ཉིད་དུ་འབྲེལ་པ་ཡིན་ནོ་ཞེས་ཟེར་རོ། །དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ནས་གསང་བའི་དབང་བསྐུར་བའི་བར་དུ་ནི་དགོས་པའོ། །དུས་ཕྱིས་དེའི་འབྲས་བུ་ཐོབ་པ་ནི་དགོས་པ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་ཡང་དག་པར་རྫོགས་པའི་བྱང་
ཆུབ་ནི་དགོས་པ་ཡིན་ལ། འགྲོ་བ་མ་ལུས་པའི་དོན་བྱ་བ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ་ཞེས་འདོད་དོ། །དེ་ནས་ཞེས་བྱ་བ་ནི་ཚིག་གི་ཕྲད་སྤྱིར་འགྲོ་བ་ཡིན་པས་འཁོར་ལོས་སྒྱུར་བ་གཞན་གྱི་སྒྲུབ་པའི་ཐབས་ཀྱི་རྗེས་ཐོགས་ལ་སྒྲུབ་པའི་ཐབས་འདི་གསུངས་པ་ཡིན་ནོ་ཞེས་
བར་མ་ཆད་པ་དང་ལྡན་པ་ཡིན་ནོ། །ཡང་ན་དེ་ནས་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པའི་དོན་རྣམས་དབང་དུ་བྱ་བའི་དོན་ཏོ། །དེ་ཡང་སྔ་མའི་རང་བཞིན་ལ་ལྟོས་ཏེ་བཀྲ་ཤིས་པའམ། ཡང་ན་དབང་དུ་བྱ་བ་བཤད་པ་ཡིན་ནོ་ཞེས་ཇི་སྐད་བཤད་པ་ཡིན་ནོ། །དེ་བས་ན་དེ་ནས་ཞེས་བྱ་བའི་སྒྲ་དང་།
དེའི་ཕྱིར་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་ཀྱི་རིམ་པ་དང་། གཏན་ཚིགས་ཀྱི་དོན་ཡིན་ནོ། །གསང་བ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཅིག་ཏུ་བྱ་བས་གང་སྒྲུབ་པའོ། །ཡང་ན་རྡོ་རྗེ་དང་། པདྨ་དང་། བྱང་ཆུབ་ཀྱི་སེམས་ཏེ། གསུམ་པོ་འདི་དག་ནི་གསང་བའོ། །དེ་
ཡང་། ར་ནི་རྡོ་རྗེ་ཞེས་བཤད་ལ། །ཡི་གེ་ཧ་ནི་པདྨར་བཤད། །དེ་དག་གཉིས་ཀའི་ས་བོན་ནི། །སྱཾ་ཞེས་བྱ་བར་བཤད་པ་ཡིན། །ཞེས་གསུངས་པ་ཡིན་ཏེ། ཡི་གེར་ནི་རྡོ་རྗེའི་རྩེ་མོ་འདྲ་བའི་ཕྱིར་རོ། །ཡི་གེ་ཧ་ནི་བྱའི་མཆུ་འདྲ་བའི་ཕྱིར་རོ། །ས་དང་ཡ་གཉིས་ཡང་དག་པར་སྦྱོར་བ་ནི་གཉིས་
เล่ม ๑๗ · หน้า 3b
ཀའི་ས་བོན་གྱི་གཟུགས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་སྱཾ་ན་ཧི་ད་སྲ་བ་ནེ་ཞེས་བྱ་བའི་མཐའ་མ་ཕྱིས་པ་གང་ཡིན་པའོ། །ཞེས་ཀོངྐ་ནའི་ཞལ་སྔ་ནས་ཀྱིས་བཤད་དོ། །སྐལ་ལྡན་གྱིས་ནི་དམ་ཚིག་གི་སྤྱོད་པ་ལ་སོགས་པ་རྒྱུད་ཀྱི་སྤྱོད་པར་བྱ་བ་འདི་དག་ཐམས་ཅད་ཀྱང་ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་
བ་ཡིན་པས། གསང་བ་ཞེས་བྱ་བར་འདོད་དོ། །ཇི་ལྟར་བཤད་པ་གསལ་བར་བྱ་བའི་ཕྱིར་མདོར་བསྡུས་པ་སྟེ་ཞེས་སྨོས་པ་ཡིན་ཏེ། ཤིན་ཏུ་བསྡུས་པས་སོ། །དེ་ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ནི་ཤིན་ཏུ་རྒྱས་པར་བཤད་པ་ཡིན་ནོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་རྒྱས་པར་
བྱ་བ་མིན་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡང་ན་མདོར་བསྡུས་པ་མ་ཡིན་གྱི། འོ་ན་ཅི་ཞིག་ཅེ་ན། རྒྱས་པ་ཞེས་སྨོས་ཏེ། ནམ་མཁའ་དང་མཉམ་པའི་རྒྱུད་དུ་ནི་གཞུང་རྒྱས་པ་ཡིན་ལ་འདི་ནི་དོན་རྒྱས་པ་ཡིན་ནོ་ཞེས་པ་སྟེ། ཁམས་གསུམ་གྱི་བདག་ཉིད་ཅན་གྱི་འཁོར་ལོ་གསུམ་འདིར་བཤད་
པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཤད་དོ། །མདོར་བསྡུས་པ་ཞེས་བཤད་པ་དང་། རྒྱས་པར་མིན་ཞེས་བྱ་བ་ཟློས་པའི་ཉེས་པར་འགྱུར་རོ་ཞེ་ན། དེ་ནི་བདེན་མོད་ཀྱི་རྣལ་འབྱོར་པ་གང་ཤིན་ཏུ་བསྡུས་པ་ལ་དགའ་བ་རྣམས་ལ་མདོར་བསྡུས་པ་རྣམས་ཞེས་སྨོས་སུ་ཟིན་
ཀྱང་མདོར་བསྡུས་པ་རྗེས་སུ་མི་རྟོགས་པས་དེ་རྣམས་གཅིག་ཏུ་ཡང་དག་པར་ཡིད་ཆེས་པར་བྱ་བའི་ཕྱིར་རྒྱས་པར་མིན་ཞེས་གསུངས་པ་ཡིན་ནོ། །མདོར་བསྡུས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། །སྙིང་རྗེ་དབྱེར་མི་ཕྱེད་པའི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་ཙམ་ནི་འདིར་བླང་བར་
བྱ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །རྒྱས་པར་མིན་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཀུན་ནས་ཉོན་མོངས་པའི་བྱ་བ་དང་བྲལ་བས་འདོད་པའི་ལོངས་སྤྱོད་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱི་ཚུལ་དུ་བསྟན་པའི་ཕྱིར་རོ། །ཡང་ན་མདོར་བསྡུས་མིན་ཞེས་སྦྱར་ཏེ། དཔའ་བོ་དང་དཔའ་
མོའི་དབང་མོ་མ་ལུས་པའི་སྒོམ་པ་བཤད་པའི་ཕྱིར་རོ། །རྒྱས་པར་མིན་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོའི་དབང་མོའི་རིགས་ཅན་ནི་ཐམས་ཅད་དཔའ་བོ་དང་དཔའ་མོའི་དབང་མོ་རྣམས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ཡང་འོག་ནས། མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོའི་
เล่ม ๑๗ · หน้า 4a
རིགས་ལས་ཡང་དག་འབྱུང་། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཡང་ན་མདོར་བསྡུས་མིན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པས་སོ། །རྒྱས་པར་མིན་པར་ཞེས་བྱ་བ་ནི་རྫོགས་པའི་རིམ་པས་སོ། །དེ་ཡང་། རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་གྱི་རྒྱུད་སྟོན་མཛད། །
ཅེས་ཇི་སྐད་བཤད་པ་ལྟ་བུའོ། །ཡང་ན་མདོར་བསྡུས་མིན་ཞེས་བྱ་བས་ནི་དམ་ཚིག་གི་སྤྱོད་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་མ་ལུས་པ་སྟོན་པའི་ཕྱིར་རོ། །རྒྱས་མིན་པར་ཞེས་བྱ་བ་ནི་ཤེས་རབ་ཐབས་ཀྱི་སྦྱོར་བ་ཇི་བཞིན་ཞེས་བྱ་བས་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་སྟོན་
པའི་ཕྱིར་རོ། །ཡང་ན་མདོར་བསྡུས་པ་སྟེ་ཞེས་བྱ་བ་ནི་གཞུང་ཉུང་བའི་ཕྱིར་རོ། །རྒྱས་མིན་པར་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་མ་ལུས་པའི་བསྐྱེད་པའི་རིམ་པ་རྣམས་འདིར་བསྐྱེད་པའི་རིམ་པས་བཤད་པའི་ཕྱིར་རོ་ཞེས་སྐལ་ལྡན་གྲགས་པ་འདོད་དོ། །གསང་བའི་
ཚིག་ཁྱད་པར་དུ་བྱེད་པ་ནི། དཔལ་ཧེ་རུ་ཀ་ཡང་དག་སྦྱོར། །ཞེས་བྱའི་ཚིག་བཞི་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་ལ། སྐལ་ལྡན་གྲགས་པ་ནི་དཔལ་ཧེ་རུ་ཀ་ཉིད་ཡང་དག་སྦྱོར་གྱི་ཚིག་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ནོ་ཞེས་འདོད་དེ། དཔལ་གྱི་སྒྲ་ནི་མཆོད་པའི་ཚིག་
ཡིན་ལ། དཔལ་གཙོ་བོར་གྱུར་པའི་ཧེ་རུ་ཀ་ནི་དཔལ་ཧེ་རུ་ཀའོ། །དེའི་ཡང་དག་པར་སྦྱོར་བ་ཡིན་པས་ན་ཡང་དག་སྦྱོར་རོ། །སློབ་དཔོན་གཞན་དག་ནི་དཔལ་ཧེ་རུ་ཀའི་རྣམ་པས་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །ཡང་དག་སྦྱོར་ཞེས་བྱ་བ་ནི་རང་གི་རིག་པ་
དང་གཉིས་སུ་མེད་པར་གྱུར་པ་སྟེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བའི་མཚན་ཉིད་ཐབས་དང་ཤེས་རབ་ཁྱད་པར་ཅན་གྱི་རང་བཞིན་ཡིན་ནོ་ཞེས་སྐལ་ལྡན་གྲགས་པ་འདོད་དོ། །སྲིད་པ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ་གྱི་བརྗོད་པ་ཡིན་པའམ། །
ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བ་དང་། ཆོས་ཐམས་ཅད་ནི་རྟོག་པ་དང་བྲལ་བ་དང་། ཆོས་ཐམས་ཅད་ནི་གང་ན་ཡང་མི་གནས་པ་ཞེས་བྱ་བ་ནི་ཧེ་རུ་ཀ་ཞེས་བྱ་བ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རམ། འཁོར་གསུམ་
เล่ม ๑๗ · หน้า 4b
ཡོངས་སུ་དག་པའི་ཕྱིར་རམ། དྲི་མ་གསུམ་དང་བྲལ་བའི་ཕྱིར་རམ། དུས་གསུམ་དང་མཁྱེན་པའི་ཕྱིར་རམ། ཐེག་པ་གསུམ་སྟོན་པར་མཛད་པའི་ཕྱིར་རམ། དཀོན་མཆོག་གསུམ་སྟོན་པར་མཛད་པའི་ཕྱིར་རམ། སྐུ་གསུང་ཐུགས་རྣམ་པར་དག་པའི་ཕྱིར་ཧེ་རུ་ཀ་ཞེས་བྱ་བར་འདོད་དོ། །ཡང་ན་དཔལ་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་
པོ་ལ་བྱ་ལ། ཧེ་རུ་ཀ་ཞེས་བྱ་བ་ནི་ཤེས་རབ་ལ་བྱའོ། །ཡང་ན་དཔལ་ཞེས་བྱ་བ་ནི་ཤེས་རབ་བོ། །ཧེ་རུ་ཀ་ཞེས་བྱ་བ་ནི་ཐབས་ལ་བྱའོ་ཞེས་སྐལ་ལྡན་གྲགས་པ་འདོད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་སྐལ་ལྡན་དགོངས་སོ། །འདོད་པ་
ཀུན་དོན་སྒྲུབ་བྱེད་ཡིན། །ཞེས་བྱ་བ་ལ། འདོད་པ་ཀུན་ནི་ཐམས་ཅད་ཀྱི་མངོན་པར་འདོད་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡིད་ལ་རེ་བ་ཐོབ་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་དོན་ཏེ་དགོས་པའོ། །དེ་སྒྲུབ་པར་བྱེད་པ་ནི་བཅོམ་ལྡན་འདས་ཏེ་དེ་བས་ན་དེ་ལ་བྱའོ། །ཡང་ན་འདོད་
པ་ཡང་ཡིན་ཀུན་ཀྱང་ཡིན་པས་འདོད་པ་ཀུན་ཞེས་བྱ་བར་སྦྱར་རོ། །ཕྱི་མ་ལས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་ལ་སོགས་པའི་ཕྱི་མར་གྱུར་པ་ལས་སོ། །ཕྱི་མ་སྟེ་ཞེས་བྱ་བ་ནི་མཆོག་སྟེ་བསྟན་པར་བྱ་བ་དང་སྟོན་པ་པོ་དབྱེ་བ་མེད་པའི་ཕྱིར་རོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་
ལྡན་གྲགས་པ་ནི་མཐའ་མེད་པ་དང་ཉུང་ཞིང་རྣམ་པར་གསལ་ལ་ཡོངས་སུ་རྫོགས་པ་ཉིད་ཀྱིས་ལྷད་མེད་པ་ཁོ་ནར་སྒྲུབ་པའི་ཐབས་ཇི་ལྟ་བ་བཞིན་དུ་བཤད་པས་ཕྱི་མ་ལས་ཀྱང་ཕྱི་མ་སྟེ་ཞེས་བྱའོ་ཞེས་འདོད་དོ། །དེ་ཡང་། བདེ་བར་གཤེགས་པས་བྱང་ཆུབ་མཐའ་ཡས་ཡིན། །ཞེས་
གསུངས་ཞེས་བཤད་པ་ལྟ་བུའོ། །མཁའ་འགྲོ་མ་ནི་ཁམས་གསུམ་པོ་ཐམས་ཅད་ན་གནས་པ་རྣམས་སོ། །དེ་རྣམས་ཀྱི་དྲ་བ་ནི་ཚོགས་སོ། །དེའི་སྡོམ་པ་ནི་ཡང་དག་པར་སྡོམ་པ་སྟེ། སྦ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །མཁའ་འགྲོ་མ་ནི་ནམ་མཁའ་ལ་འགྲོ་བ་རྣམས་ཏེ། དེ་ནི་
མཁའ་འགྲོ་མ་སྟེ་འཕུར་ཞིང་འགྲོ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཁའ་འགྲོ་མ་རྣམས་ནི་འཕུར་ཞིང་འགྲོ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཕྱི་རོལ་གྱི་འགྲོ་བ་ལས་ལྡོག་པ་ཉིད་ཀྱིས་ན་འདི་ནི་དྲ་བས་བསྡམས་པ་ལྟ་བུ་ཡིན་པས། མཁའ་འགྲོ་མ་ནི་དྲ་བའི་སྡོམ། །ཞེས་ཀོངྐ་ནའི་ཞལ་
เล่ม ๑๗ · หน้า 5a
སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་མཁའ་འགྲོ་མ་རྣམས་ཀྱི་དྲ་བ་ནི་ཆུ་ལས་ཀྱང་བྱུང་བ་སྟེ་པདྨ་ལ་བྱ་བར་བཤད་དོ། །དེར་བདེ་བ་སྟེ་དགའ་བ་འཛིན་པར་བྱེད་པས་ན་ལྷན་ཅིག་སྐྱེས་པའི་དགའ་བ་དམ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་བདེ་མཆོག་སྟེ་དེ་བས་
ན་དེ་ལ་བྱའོ་ཞེས་འདོད་དོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར། །ཞེས་བྱ་བ་ནི་བརྗོད་པར་བྱ་བའི་ཚིག་གོ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་བྱ་བ་ནི་དགོས་པའི་ཚིག་གོ། །འདོད་པ་ཀུན་དོན་སྒྲུབ་བྱེད་པ། །ཞེས་བྱ་བ་ནི་དགོས་པའི་ཡང་དགོས་པའི་ཚིག་ཡིན་ནོ། །ད་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་
ཀའི་དབང་དུ་བྱས་པའི་བདག་ཉིད་ཆེ་བ་བསྟན་པའི་ཕྱིར་དང་པོ་རེ་ཞིག་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །བསོད་ནམས་མེད་པར་འདོད་པའི་དོན་ཀུན་འགྲུབ་མི་འགྱུར། །ཞེས་བཤད་པས། ཡེ་ཤེས་ཀྱི་ཚོགས་ཀྱི་སྔོན་དུ་བསོད་ནམས་ཀྱི་ཚོགས་བསག་པར་བྱ་བ་
ཉིད་ཡིན་དུ་ཟིན་ཀྱང་ཤེས་རབ་ཀྱི་རྒྱུད་འདི་ལ་ཤེས་རབ་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་རམ། ཡང་ན། དད་ལྡན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་བཤད་པ་དང་། དཀོན་མཆོག་ཏ་ལ་ལའི་གཟུངས་
ལས། དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་ནི་ཤེས་རབ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གནས་བཤད་པའི་ཟུར་གྱིས་དང་པོ་ཁོ་ནར་ཤེས་རབ་དང་ཡེ་ཤེས་བསྟན་པ་ཡིན་ནོ་ཞེས་སྐལ་ལྡན་གྲགས་པ་འདོད་དོ། །གསང་བའི་སྒྲས་ནི་འདིར་ཁམས་གསུམ་པ་ན་གནས་པའི་རྣལ་འབྱོར་པ་ཐམས་ཅད་ལ་བྱ་བར་
བཤད་དོ། །གསང་བ་དམ་པར་གྱུར་པའི་གསང་བ་དེར་རོ་གཅིག་པ་ཉིད་དུ་ཚུལ་གཅིག་པ་ཉིད་ཀྱིས་ནམ་མཁའི་ཁམས་སུ་གཏོགས་པ་ཐམས་ཅད་ཁྱབ་པའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་ལ་སོགས་པ་དང་ཡང་དག་པར་སྦྱོར་བའི་བཞུགས་གནས་སོ། །མཆོག་ནི་ཕུལ་དུ་བྱུང་ཞིང་གཙོ་བོར་གྱུར་
པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཞིར་གྱུར་པ་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །དགྱེས་པ་ན་ཞེས་བྱ་བ་ནི་བླ་ན་མེད་པའི་མཆོད་པའི་རོལ་པའི་བྱ་བས་ཉམས་དགའ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འཁོར་ཕུན་སུམ་ཚོགས་པ་གཞན་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར།
เล่ม ๑๗ · หน้า 5b
ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་གསུངས་སོ། །ཁམས་གསུམ་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཀྱི་འཁོར་ལོ་གསུམ་ལ་རྣམ་པར་བཞུགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དེར་རོ། །རྟག་ཏུ་ཞེས་བྱ་བ་ནི་སུ་དང་ཡང་ནམ་ཡང་འབྲལ་བ་མེད་པའི་ངོ་བོར་
སྟོན་ཏོ། །བཞུགས་ཞེས་བྱ་བ་ནི་ཁམས་གསུམ་པ་དང་མ་བྲལ་བ་ཉིད་དང་། ཁམས་གསུམ་པ་རྣམ་པར་གནོན་པ་ཉིད་ཀྱིས་རྣམ་པ་གཅིག་པ་ཉིད་ཀྱི་རྣམ་པར་བཞུགས་ཤིང་མི་འཇིགས་པའི་རང་བཞིན་ཉིད་དུ་སྟོན་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་
ལས། །འདོད་ཆགས་འབར་བ་འཛིན་པ་ཤིན་ཏུ་རྣམ་པར་དག་པའི་འདོད་ཆགས་འབར་བ་འཛིན་པ་ཆོས་རྣམས་ཀྱི་ཆོས་ཀྱི་རང་བཞིན་གྱིས་འོད་གསལ་བ་སྟེ། རང་བཞིན་གྱིས་འོད་གསལ་བ་ནི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་སྟོང་པ་ཉིད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མཁའ་
འགྲོ་ཀུན་དངོས་ཞེས་བྱ་བ་ནི་སྔོན་དུ་སློབ་དཔོན་གྱིས་རྣལ་འབྱོར་མ་ཐམས་ཅད་རང་བཞིན་ཞེས་བྱ་བར་བཤད་དོ། །སྐལ་ལྡན་གྲགས་པས་ནི་མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ནི་སྟོང་པ་ཉིད་བཅོ་བརྒྱད་ཀྱི་རང་བཞིན་ཡིན་ཞེས་བཤད་དེ། སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཡིན་ལ། དེ་ཉིད་
ནི་མཁའ་འགྲོ་མ་ཡིན་ནོ་ཞེས་སྐལ་ལྡན་དགོངས་སོ། །སེམས་དཔའ་ནི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པའི་ཕྱིར་རོ། །ཡང་ན་མཆོག་ཏུ་བརྟན་པའི་ཡོན་ཏན་དང་ལྡན་པས་ན་སེམས་དཔའོ། །རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཕྱིར་རོ། །སེམས་དཔའ་ཞེས་པ་ནི་ཡེ་
ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་གནས་པའི་ཕྱིར་རོ། །ཡང་ན་ཚངས་པ་དང་ཁྱབ་འཇུག་དང་། སུམ་ཅུ་རྩ་གསུམ་པ་ལ་སོགས་པས་བསྐྱོད་པར་མི་ནུས་པ་གང་ལ་མངའ་བ་དེ་ནི་རྡོ་རྗེ་སེམས་དཔའོ། །ལྷན་ཅིག་སྐྱེས་པའི་ཀུན་དུ་དགའ་བ་དེའི་རང་བཞིན་ཉིད་དུ་
གྱུར་པས་རབ་ཏུ་དགའ་བའི་བདེ་བ་ཞེས་བྱའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རམ། ཉིད་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱིས་ན་མཆོག་སྟེ་ཕུལ་དུ་བྱུང་བའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ནི། གསང་བ་ཞེས་
เล่ม ๑๗ · หน้า 6a
བྱ་བ་ནི་སའི་ཁམས་སོ། །མཆོག་ཅེས་བྱ་བ་ནི་ཆུའི་ཁམས་སོ། །དགྱེས་པ་ཞེས་བྱ་བ་ནི་མེའི་ཁམས་སོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་རླུང་གི་ཁམས་སོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་ནམ་མཁའི་ཁམས་སོ། །ཡང་ན་གསང་བ་ཞེས་བྱ་བ་ནི་རྣམ་པར་
སྣང་མཛད་དོ། །མཆོག་ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །དགྱེས་པ་ཞེས་བྱ་བ་ནི་འོད་དཔག་མེད་པའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་མི་བསྐྱོད་པའོ། །དེ་ལ་འཁྲུལ་བ་མེད་ཅིང་གཡོ་བ་མེད་པས་རྣམ་པར་མི་གཡོ་བའི་ཆོས་ཀྱི་
དབྱིངས་ཀྱི་རང་བཞིན་ཉིད་ཡིན་པས་ན་མི་བསྐྱོད་པའོ། །རྣམ་པར་སྣང་ཞིང་གསལ་བས་ན་རྣམ་པར་སྣང་མཛད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པའི་རང་བཞིན་མེ་ལོང་གི་ངོས་ལ་གནས་པའི་གཟུགས་བརྙན་ལྟར་སོ་སོར་སྣང་བའོ། །རིན་པོ་ཆེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ། དེ་ཉིད་
གང་གི་ཏོག་ཏུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔག་ཏུ་མེད་ཅིང་མཚུངས་པ་མེད་པའི་རང་བཞིན་ཅན་གྱི་འོད་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །སོ་སོར་རྟོག་པའི་རང་བཞིན་ཅན་ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པ་མངའ་བའོ། །དོན་ཡོད་པ་ནི་གང་གི་བདག་ཉིད་འབྲས་བུ་
དང་བཅས་པ་སྟེ་དེ་ལྟ་བུར་འགྲོ་བ་མ་ལུས་པའི་ཕན་པ་བསྐྱེད་པའི་ངོ་བོ་བྱ་བ་གྲུབ་པའི་རང་བཞིན་མངའ་བའོ་ཞེས་བཞེད་དོ། །ཡང་ན་པདྨའི་ཞལ་སྔ་ནས་ཀྱིས་ནི་གསང་བ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའོ། །མཆོག་ཅེས་བྱ་བ་ནི་ཚོར་བའི་ཕུང་པོའོ། །དགྱེས་པ་ཞེས་བྱ་བ་ནི་འདུ་ཤེས་ཀྱི་ཕུང་
པོའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོའོ་ཞེས་བཤད་དོ། །ཡང་ན་དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ཀྱིས་ནི་གསང་བ་ཞེས་བྱ་བ་ནི་དགོད་པའོ། །མཆོག་གི་ཞེས་བྱ་བ་ནི་བལྟས་པའོ། །དགྱེས་པ་ཞེས་བྱ་བ་
ནི་ལག་བཅངས་སོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་གཉིས་གཉིས་འཁྱུད་པའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ཡང་འདི་ཉིད་དོ་ཞེས་བཤད་དོ། །ཡང་ན་གསང་བ་ཞེས་བྱ་བ་ནི་སྙིང་གའི་དབུས་ན་གནས་པའི་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པའི་དབུས་སུ་ཆུད་པའི་མེ་འབར་བའི་
เล่ม ๑๗ · หน้า 6b
གཟུགས་ཅན་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཁ་ཐུར་དུ་བལྟས་པར་འཕྱང་བའི་རྩ་སྦུབས་ཀྱི་ནང་ངོ་། །ཡང་ན་གསང་བ་ཞེས་བྱ་བ་ནི་དགའ་བའོ། །མཆོག་གི་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའོ། །དགྱེས་པ་ཞེས་བྱ་བ་ནི་དགའ་བའི་མཐའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་
དགའ་བའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་ཐམས་ཅད་ཀྱིའོ། །ཡང་ན་བཙུན་མོའི་བྷ་ག་ཐམས་ཅད་ཉིད་ནི་གསང་བ་ཞེས་བྱའོ་ཞེས་སྐལ་ལྡན་གྲགས་པ་འདོད་དོ། །རང་བྱུང་ཞེས་བྱ་བ་ནི་རང་ཉིད་ཁོ་ན་བྱུང་བས་ན་རང་བྱུང་བ་སྟེ། གཞན་ལས་མ་བྱུང་ཞིང་གང་གིས་ཀྱང་མ་བྱས་པས་ན་རང་བྱུང་ཞེས་
བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་འདོན་ཏོ། །སྐལ་ལྡན་གྲགས་པ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་རང་བྱུང་ཞེས་བྱའོ་ཞེས་འདོད་དེ། དེ་ཡང་། ཐོག་མ་ཐ་མ་མེད་ཞི་བ། །དངོས་དག་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་ཇི་
སྐད་གསུངས་པ་དང་། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བཤད་པས་བདག་ལས་སྐྱེ་བར་འཐད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་པ་ཕུན་སུམ་
ཚོགས་པ་དང་ལྡན་པའི་ཕྱིར་རམ། བདུད་བཞི་བཅོམ་པའི་ཕྱིར་རམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་བཅོམ་པའི་ཕྱིར་རམ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་སྟེ། དེ་ཡང་། དབང་ཕྱུག་དང་ནི་གཟུགས་
བཟང་དང་། །དཔལ་དང་ཡེ་ཤེས་གྲགས་པ་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །དཔའ་ཞེས་པ་ནི་དཔའ་བོ་ཉིད་ཀྱིས་རྣལ་འབྱོར་གཞན་དག་ལས་དགར་བའི་དོན་ཏེ། །དཔེར་ན་སྲིད་སྒྲུབ་ནི་གཞུ་འཛིན་པ་
ཡིན་ནོ་ཞེས་པ་ལྟ་བུའོ། །ཡང་ན་འདི་ནི་དཔའ་བོ་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་ཡིན་པའི་ཕྱིར་དཔའ་བོ་གཞན་ལས་དགར་བ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། །འདི་ཉིད་ནི་དཔའ་
เล่ม ๑๗ · หน้า 7a
བོའི་མཆོག་ཡིན་ནོ་ཞེས་འདོད་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ལས་གཞན་པའི་མཆོག་ཏུ་གྱུར་པའི་གནས་མེད་པའི་ཕྱིར་རོ་ཞེས་སྐལ་ལྡན་གྲགས་པས་དགོངས་སོ། །མངོན་པར་རྟོགས་པ་བསྟེན་པའི་ཕྱིར་སྒྲའི་ཚུལ་ལས་ཞེས་པ་ལ་སོགས་པས་གསུངས་ཏེ། སྒྲ་
ཡི་ཚུལ་ལས་ངེས་འབྱུང་ཞིང་། །ཞེས་བྱ་བ་ནས་བརྩམས་ཏེ། རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་བྱ་བའི་མཐར་ཐུག་པར་སྦྱར་རོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་ཇི་བཞིན་ཞེས་བྱ་བའི་བར་དང་སྦྱར་རོ་ཞེས་འདོད་དོ། །སྒྲའི་ཚུལ་ལས་ངེས་
འབྱུང་རྣམས། །ཞེས་བྱ་བ་ནི་དབང་པོ་གཉིས་ཡང་དག་པར་སྦྱོར་བ་ལས་བྱུང་བ་སྟེ། སྒྲའི་ཚུལ་ལས་ཞེས་བྱ་བ་འདི་ལ་བླ་མའི་མན་ངག་སྣ་ཚོགས་ཡོད་མོད་ཀྱིས། །བླ་མའི་མན་ངག་དུ་མ་ནི་གཞུང་མངས་ཀྱིས་དོགས་པའམ། །ཡོངས་སུ་མི་ཤེས་པས་འདིར་ངེས་པར་མ་བྱས་སོ། །
དེ་ལྟ་མོད་ཀྱི་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་བསྒོམས་ལ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ། རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཧཱུཾ། ཨོཾ་ནི་ཨཱཿལ། ཨཱཿནི་ཧཱུཾ་ལ། དེ་བཞིན་དུ་རིམ་གྱིས་རྡོ་རྗེའི་རྩེ་མོ་ནས་བརྩམས་ཏེ་རྡོ་རྗེའི་ལྟེ་བའི་བར་རྡོ་རྗེའི་ལྟེ་བ་ཡང་ཡི་གེ་ཧཱུཾ་ལའོ། །ཨཱུ་ནི་ཧ་ལའོ། །ཧ་ནི་མགོ་ལའོ། །
མགོ་ཡང་ཟླ་བ་ཁམ་པ་ལའོ། །ཟླ་བ་ཁམ་པ་ཡང་ཐིག་ལེར་རོ། །ཐིག་ལེ་ཡང་སྒྲ་ལའོ། །སྒྲ་ཡང་སྒྲ་ཙམ་ལ་འཇུག་སྟེ། སྒྲ་ཙམ་ཡང་དམིགས་པ་སྤངས་པར་བསམས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །ངེས་འབྱུང་རྣམས་ཞེས་བྱ་བ་ནི་
ཁམས་གསུམ་པ་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ། །དེ་ཉིད་ཀྱིས་ན་ཚིག་མང་པོ་པའི་མཐའ་ཅན་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་ངེས་འབྱུང་རྣམས་ཞེས་ཚིག་མང་པོ་པར་བསྟན་དུ་ཟིན་ཀྱང་ཚིག་གཅིག་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ་
ཞེས་འདོད་དོ། །དེ་ཡང་། འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཞེས་བཤད་པའི་ཕྱིར་བདག་པོ་གྲུབ་པ་ཉིད་ཀྱིས་འགྲོ་བ་གསུམ་གྲུབ་པ་ཡིན་ནོ་ཞེས་སྐལ་ལྡན་དགོངས་སོ། །དེ་ཉིད་ཀྱིས་ན་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་དཀྱིལ་འཁོར་བ་རྣམས་གཙོ་བོའི་ས་བོན་ཉིད་ལས་བསྐྱེད་པར་འདོད་པ་ཡིན་ནོ་ཞེས་འདོད་དོ། །
เล่ม ๑๗ · หน้า 7b
དམ་ཚིག་ནི་རྣམ་པ་གཉིས་ཏེ། བསྲུང་བར་བྱ་བ་དང་། བཟའ་བར་བྱ་བའོ། །དེ་གཉིས་ཀྱི་སྤྱོད་པ་ནི་ཉིན་མཚན་རྟག་ཏུ་བསྟེན་པའོ། །དེ་ཉིད་ཀྱི་སྤྱོད་ཡུལ་ཅན་གྱི་ཡུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བཤད་ཀྱི་མཆོད་པ་དང་ཕྱག་བྱ་བ་ལ་སོགས་པའི་སྤྱོད་ཡུལ་གཞན་དག་ནི་མ་ཡིན་ནོ་ཞེས་བཅོམ་ལྡན་
འདས་དགོངས་སོ། །ཡང་ན་དམ་ཚིག་གི་ལྷ་མོ་རྣམས་ཏེ་གང་གི་ཕྱིར་དེ་ལྟ་བུ་རྒྱུད་ལས་གསུངས་པ་མཉན་པའི་ཆོ་ག་ཤེས་པས་མཉན་པར་གྱིས་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོར་རོ། །ཡང་ན་འཇིག་རྟེན་གསུམ་ནི་འཁོར་ལོ་
གསུམ་གྱི་དཔའ་བོ་རྣམས་ཏེ། དེ་རྣམས་ཤེས་པར་བྱ་བ་ནི་རྙེད་པར་དཀའ་བའོ། །ཡང་ན་ལྷ་རྣམས་རོ་གཅིག་པར་གྱུར་པ་ཉིད་ཀྱིས་ཆོ་ག་ཤེས་པ་ཡིན་པར་བཤད་དོ། །དང་པོ་དབུས་དང་ཐ་མར་གནས་ཏེ་སྐུ་ལ་སོགས་པའི་འཁོར་ལོ་ལ་ཡང་དག་པར་གནས་པའོ། །ཤེས་རབ་ཐབས་ཀྱི་
སྦྱོར་ཞེས་བྱ་བ་ལ། ཤེས་རབ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་ཐམས་ཅད་དོ། །ཐབས་ནི་བཅོམ་ལྡན་འདས་ལ་སོགས་པའི་དཔའ་བོ་ཐམས་ཅད་དེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བའི་ཆོ་ག་ཤེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་བཞིན་ཞེས་
བྱ་བ་ནི་ཇི་ལྟར་གསང་སྔགས་བཟླས་པ་དང་། བསམ་གཏན་ལ་སོགས་པ་དང་ལྡན་པ་དེ་ལྟར་སྦྱོར་ཉིད་ཅེས་བྱ་བ་ཞི་བ་དང་། རྒྱས་པ་དང་། དབང་དང་། རེངས་པ་དང་། དགུག་པ་དང་། རྨོངས་པར་བྱ་བ་ལ་སོགས་པའོ། །སྦྱོར་བ་གཅིག་པུར་མ་ཟད་ཀྱི། ཆོ་ག་ཤེས་པ་རྣམས་རྒྱུད་ལས་
ཞེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ཇི་སྐད་གསུངས་པ་དེ་ཐམས་ཅད་རྒྱུད་འདིར་མཉན་པར་གྱིས་ཤིག་པའོ། །སོགས་པའི་སྒྲས་ནི་སྦྱིན་སྲེག་ལ་སོགས་པ་བསྟན་པ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་ཇི་བཞིན་དེ་བཞིན་ཞེས་པ་བཅོམ་ལྡན་འདས་
ཀྱི་ཁྱད་པར་དུ་བྱ་བ་ཇི་སྙེད་པ་ལ་བྱ་བར་འདོད་དོ། །དེ་ཉིད་ཀྱིས་ན་དང་པོར་དེས་ལུང་གང་ཞིག་གིས་རྣམ་པར་བཀོད་པར་འགྲོ་བ་ན་གྲགས་པའོ། །དེའི་དོན་ནི་འདི་ཡིན་ཏེ། །ཤེས་རབ་ནི་པདྨའོ། །ཐབས་ནི་རྡོ་རྗེའོ། །དེ་གཉིས་ཡང་དག་པར་སྦྱོར་བ་ནི་གཉིས་སུ་མེད་པར་ཡང་དག་པར་གྱུར་པའོ། །
เล่ม ๑๗ · หน้า 8a
དེ་ནས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བའི་མཐའི་རིམ་གྱིས་ང་དང་ངའི་ཞེས་བྱ་བ་ལ་སོགས་པའི་རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བ་མཆོག་ཏུ་བདེ་བ་དམ་པའི་རྣམ་པར་ཤེས་པ་སྐྱེ་ཞིང་སྐད་ཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ཅི་འདྲ་བ་འདི་དེ་འདྲ་བར་འགྱུར་
རོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གང་དག་གིས་ནི་ཡང་དག་སྦྱོར་ལས་བྱུང་གང་བདེ་བའི་རང་བཞིན་འདི། །ཤིན་ཏུ་
བསྡུས་པས་མ་ལུས་ཡང་དག་རིག་ཅིང་རྣམ་པར་རོལ་པ་གང་། །གང་གི་ཐབས་ཀྱིས་རབ་ཏུ་བརྟན་པར་ནུས་པར་གྱུར་པའི་སྤྱོད་ཡུལ་དུ། །མཉམ་པའི་བདེ་བ་མ་ཉམས་འདི་ཉིད་གཅིག་བུའི་སྤྱོད་ཡུལ་གྱུར་པ་ཡིན། །དྲིས་པ་འདིར་ནི་དཔྱད་པར་བྱ་སྟེ། རྗེས་སུ་མྱོང་བ་གང་དང་གང་ཡིན་པ་དེ་ཐམས་
ཅད་ནི་བརྫུན་པ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་བཞིན་ནོ། །རྗེས་སུ་མྱོང་བ་ཡང་ཇི་བཞིན་དེ་བཞིན་ཞེས་བཤད་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཆོག་ཅེས་བྱ་བ་ཡིན་ལ་གཉིས་སུ་མེད་པའི་ཡེ་ཤེས་ནི་རྗེས་སུ་མྱོང་བ་མེད་པས་དེ་ལྟར་རྣམ་པར་གཞག་པ་མི་འཐད་དེ།
གང་ཇི་ལྟར་རྗེས་སུ་མྱང་བ་དེ་དེ་ལྟར་རྣམ་པར་གཞག་པར་བྱ་བ་མ་ཡིན་ནོ་ཞེས་པས་ཐལ་བར་འགྱུར་རོ། །རྗེས་སུ་མ་མྱོང་བར་ཡང་བདེན་པར་ཡང་འགྱུར་རོ་ཞེས་སྨྲ་བར་འོས་པ་ཡང་མ་ཡིན་ཏེ། གཅིག་དང་དུ་མ་དང་། སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པ་དང་། །རང་རིག་པ་དང་། རང་
རིག་པ་མ་ཡིན་པའི་རང་བཞིན་དང་བྲལ་བ་ཉིད་དུ་ནི། གང་གི་ཡང་བདེན་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སེམས་ཅན་མི་མཐུན་པའི་ཕྱོགས་ལས་ངེས་པར་ལྡོག་སྟེ། སྦྱོར་ཉིད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཡུམ་ལ་འདི་སྐད་གསུངས་སོ་ཞེས་ཁ་ཅིག་འདོད་དོ། །གཞན་དག་ན་རེ་
གཉིས་ཀས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་འདོད་དོ། །ལ་ལ་ནི་བཅོམ་ལྡན་འདས་ལ་ཡུམ་གྱིས་གསོལ་པ་ཡིན་ནོ་ཞེས་འདོད་དོ། །བར་མ་ཞེས་བྱ་བ་ནི་པདྨའི་དབུས་ཏེ། དེར་དབུགས་འབྱིན་པའི་མཆོག་གིས་ཞེས་པ་ལྕེ་ལ་རྣམ་པར་འཇོག་པ་དང་། དྲིའི་ཆུ་དང་
เล่ม ๑๗ · หน้า 8b
བཅས་པ་ནི་རི་ལུ་ཞེས་པའོ། །རྣལ་འབྱོར་ཞེས་བྱ་བ་རྡོ་རྗེ་ཕག་མོའོ། །དུས་ཀྱི་ཁྱད་པར་གྱིས་ཞེས་བྱ་བ་འབྱུང་བའི་མཐར་ཐུག་པའི་དུས་ཀྱིས་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ནི་ཚོགས་གཉིས་དང་བྲལ་བ་མ་ཡིན་པས་ཡེ་
ཤེས་ཀྱི་ཚོགས་གསུངས་ནས་བསོད་ནམས་ཀྱི་ཚོགས་གསུང་བ་ཡིན་ལ། གོང་མའི་བསོད་ནམས་ཀྱི་ཚོགས་ནི་དམ་ཚིག་ཉམས་སུ་བླང་བ་ལས་གཞན་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དབུས་སུ་ནི་ས་བོན་ནོ། །དབུགས་འབྱིན་ནི་མཚལ་
ཆེན་ནོ། །མཆོག་ནི་ཤ་ཆེན་ནོ། །དྲི་ནི་དྲི་ཆེན་ནོ། །ཆུ་ནི་རྡོ་རྗེའི་ཆུ་སྟེ། འདི་རྣམས་ལས་རི་ལུ་བྱས་ལ་མཆོད་པར་བྱ་ཞེས་པ་བདག་ཉིད་ཚིམ་པར་བྱ་བའོ། །དེ་ཡང་། བཤང་གཅི་ཁུ་བ་ཁྲག་རྣམས་ལ། སྨད་པ་དག་ཏུ་མི་བྱ་སྟེ། །ཆོ་ག་བཞིན་དུ་རྟག་ཏུ་བཟའ། །གསང་ནི་རྡོ་རྗེ་གསུམ་ལས་
འབྱུང་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་བྱ་བ་དེའི་ཕྱིར། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་བྱ་སྟེ། ཕྱིའི་རིག་མ་འཁོར་
ལོ་གསུམ་ལ་གནས་པ་ཐམས་ཅད་ཡིད་ཀྱིས་མཉེས་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །ལྷན་ཅིག་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་རྣམས་སོ། །དེ་ལ་རྣལ་འབྱོར་མ་ནི་གསང་སྔགས་ལས་སྐྱེས་པ་དང་། གནས་ལས་སྐྱེས་པ་དང་། ལྷན་ཅིག་སྐྱེས་པ་སྟེ་
གསུམ་ཡོད་པ་ལས་འདིར་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། རྣལ་འབྱོར་མ་གསུམ་ཅར་གྱི་དངོས་གྲུབ་ཀྱང་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལ་མཆོག་ནི་ལྷན་ཅིག་སྐྱེས་པའོ། །འབྲིང་ནི་གནས་ལས་སྐྱེས་པའོ། །ཐ་མ་ནི་གསང་སྔགས་ལས་
སྐྱེས་པའོ། །ཡང་ན་མཆོག་ནི་མཁའ་ལ་རྒྱུ་བའོ། །འབྲིང་ནི་ས་ལ་རྒྱུ་བའོ། །ཐ་མ་ནི་ས་འོག་ན་རྒྱུ་བའོ། །འདི་དག་གྲུབ་པས་དགོས་པ་ཅི་ཞིག་གྲུབ་ཅེ་ན། ཡིད་ནི་ནང་དུ་ཆུད་པ་ཡིས། །ཞེས་བྱ་བ་གསུངས་ཏེ། རང་གི་སེམས་ཙམ་གྱིས་སོ། །འདོད་པའི་དངོས་གྲུབ་ནི་མངོན་པར་འདོད་
เล่ม ๑๗ · หน้า 9a
པའི་དངོས་གྲུབ་སྟེ། དེ་བསྒྲུབ་པར་བྱའོ་ཞེས་སྐལ་ལྡན་གྲགས་པ་འདོད་དོ། །རང་རྫས་ཐིག་ལེས་ཞེས་པ་ནི་རང་གི་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །སངས་རྒྱས་ཀྱི་སྒྲས་ནི་མིག་ལ་སོགས་པ་ལ་བྱ་བར་བཤད་ལ། བྱང་ཆུབ་སེམས་དཔའ་ནི་ལག་པ་དང་རྐང་པ་ལ་སོགས་པའོ། །དེ་
ཡང་དཔལ་གསང་བ་འདུས་པ་ལས། མིག་བཟངས་བརྟན་པའི་བློ་ལྡན་པས། །ཁུ་བ་བླངས་ནས་བཟའ་བར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་གསང་། །སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། །ཞེས་ཇི་
སྐད་གསུངས་པ་ལྟ་བུའོ། །གསང་སྔགས་ཟློས་པ་དང་ཞེས་བྱ་བ་ལ་སྔགས་ཟློས་པ་ཞེས་པ་ནི། །སྔགས་ཟློས་པ་དང་ལྡན་ན་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་པའོ། །བསམ་གཏན་ནི་ཏིང་ངེ་འཛིན་ཏེ། སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་ལ། དེས་ན་ནི་ཞེས་བྱ་བ་ནི་ངེས་པར་
གཟུང་སྟེ། བསམ་གཏན་དང་སྔགས་ཟློས་པ་དག་ལས་བྱང་ཆུབ་འབྱུང་བར་འགྱུར་གྱི་གཞན་དུ་མ་ཡིན་ནོ་ཞེས་སྟོན་ཏོ། །སྦྲང་རྩི་ནི་ཁུ་བའོ། །མཚལ་ནི་ཁྲག་གོ། །ག་བུར་བཅས་ཞེས་བྱ་བ་ནི་ཤ་ཆེན་དང་བཅས་པའོ། །དམར་དང་ཞེས་བྱ་བ་ནི་གཅི་བའོ། །ཙནྡན་ཞེས་བྱ་བ་ནི་བཤང་བའོ། །
ཚོགས་ཀྱི་ནང་དུ་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་དབུས་སུའོ། །བཞག་པ་ཞེས་བྱ་བ་ནི་ཉམས་སུ་བླངས་པའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །ཀམྤ་ལའི་ཞལ་སྔ་ནས་ཀྱིས་ནི་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོའི་དབུས་སུ་རྡོ་རྗེ་རིགས་ལ་སོགས་པའི་ཤེས་རབ་དང་ཐབས་ཀྱི་སྦྱོར་བས་
གཞག་པར་བྱའོ་ཞེས་འདོད་དོ། །ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་ཐམས་ཅད་རྡོ་རྗེ་སྟེ། དཔའ་བོ་ཐམས་ཅད་དོ། །རྡོ་རྗེ་རྣམས་ཀྱི་མཚན་མ་ནི་མཚན་མ་སྟེ་དམ་ཚིག་གོ། །ཡང་ན་དམ་ཚིག་གི་སྒྲས་ནི་པདྨའི་སྣོད་ལ་བྱའོ། །དེར་འདི་འཛིན་པས་ན། རྡོ་རྗེ་ཀུན་མཚན་
མཚན་མ་འཛིན། །ཞེས་བྱའོ། །འདི་དག་ནི་བདུད་རྩི་ལྔའི་ཁྱད་པར་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་མཚན་མ་འཛིན་ཞེས་བྱ་བ་ལ་དུང་ཆེན་པོའི་རྒྱན་ལ་སོགས་པས་འཛིན་པ་ཡིན་ནོ་ཞེས་འདོད་དོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི། རྣལ་འབྱོར་
เล่ม ๑๗ · หน้า 9b
འཛིན་ཅིང་སྒོམ་པ་དང་། །གསང་སྔགས་ཟློས་པ་དང་ལྡན་པ། །ཞེས་བྱ་བའི་དོན་ཏོ། །སྤྱོད་པ་ནི་བཟའ་བ་སྟེ་བཟའ་བར་བྱ་བའོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། །བུད་མེད་རབ་ཏུ་མདངས་ལྡན་པ། །ལོ་གྲངས་བཅུ་དྲུག་ལོན་པ་ནི། །དྲི་དང་མེ་ཏོག་ཕྲེང་བརྒྱན་ཏེ། །ཡོན་ཏན་སྐ་རགས་
མཱ་མ་ཀཱིར། །ཤེས་རབ་ཅན་གྱིས་བྱིན་བརླབས་ལ། །དེ་ཡི་དབུས་སུ་མཉེས་པར་བྱ། །སངས་རྒྱས་ཞི་བའི་གནས་སྤྲོས་པས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །བཤང་གཅི་ཁུ་བ་ཁྲག་ལ་སོགས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ལྟར་བྱས་ན་སངས་རྒྱས་དང་། །
བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །ཞེས་གསུངས་པ་དང་། ཞི་བའི་བཏུང་བ་བཞིན་མྱངས་ན། །ཞེས་བྱ་བ་ནི་སློབ་དཔོན་ཌོམྦི་བའི་ཞལ་སྔ་ནས་ཀྱིས་མཆོད་སྦྱིན་གྱི་དུས་སུ་བྲམ་ཟེ་ཆང་བསྟེན་པ་ལྟ་བུར་རོ་ཞེས་འདོད་དོ། །ཀོངྐ་ནའི་ཞལ་སྔ་ནས་ནི་བྲམ་ཟེ་རྣམས་ཀྱི་མཆོད་
སྦྱིན་གྱི་དུས་སུ་ཞི་བའི་བཏུང་བ་བསྟེན་པར་བྱ་ཞེས་འདོད་དོ། །མཆོད་བཞི་ཞེས་བྱ་བ་ནི་ཕྱི་དང་། གསང་བ་དང་། ནང་གི་བདག་ཉིད་དང་། ཡིད་ཀྱི་རང་བཞིན་ལ་སོགས་པས་སོ། །ཡང་ན་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་སྟེ། བཞི་པོ་འདི་དག་
གིས་མཆོད་པ་ནི་མཆོད་པ་བཞིའོ། །དེ་བཞིན་དུ་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པས་སྙོམས་པར་ཞུགས་པའི་ཕྱིར་འདིར་དཔའ་བོ་ཞེས་བཅོམ་ལྡན་འདས་ལ་བོད་པའོ། །དེ་ཉིད་འཛིན་ཞེས་བྱ་བ་ནི། རྣལ་འབྱོར་འཛིན་པའོ། །ཡང་ན་དེ་ཁོ་ན་ཉིད་ནི་གཞན་མ་ཡིན་པ་
ཉིད་དེ། དེས་ན་འཁོར་ལོ་གསུམ་ལ་གནས་པ་ཐམས་ཅད་དང་། ལྷན་ཅིག་ཏུ་དགའ་བར་རོ་གཅིག་པ་འཛིན་པ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དེ། །སློབ་དཔོན་སྤྱོད་པ་པའི་ཞལ་སྔ་ནས་ནི་མཆོད་པ་བཞི་ནི་ཐོད་པ་བཞི་ཡིན་ལ། དེ་བཞིན་དུ་ཞེས་པ་ནི་རྣལ་འབྱོར་མ་སྟེ་
མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་བཅུ་གཉིས་སོ། །དཔའ་བོ་དབང་གཉིས་སྙོམས་འཇུག་པ། །ཞེས་བྱ་བ་ནི་དཔའ་བོ་དང་དཔའ་བོའི་དབང་ཕྱུག་མ་ཉི་ཤུ་རྩ་བཞིའོ། །སྙོམས་པར་འཇུག་པའི་དེ་ཉིད་འཛིན། །ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཀུན་ཏུ་འཁྱུད་པའི་དཔལ་ཧེ་རུ་ཀ་སྟེ། རླུང་དང་། མེ་
เล่ม ๑๗ · หน้า 10a
དང་། ཆུ་དང་། དབང་ཆེན་དང་། རི་རབ་དང་། སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་པདྨ་དང་། ཨཱ་ལི་དང་། ཀཱ་ལི་དང་། ཟླ་བ་དང་། ཉི་མ་ལ་སོགས་པ་བླ་མའི་མན་ངག་ཇི་ལྟ་བས་དཀྱིལ་འཁོར་གྱི་འཁོར་ལོ་ལེགས་པར་བསམ་པར་བྱའོ་ཞེས་འཆད་དོ། །དྲིས་པ་བཅོམ་ལྡན་འདས་ནི་འདོད་ཆགས་
དང་བྲལ་བ་ཡིན་ཞིང་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་བཅོམ་པའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་འདོད་ཆགས་དང་བྲལ་བའི་བཅོམ་ལྡན་འདས་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་ལ། ཅི་ཁྲོ་བོ་ཆེན་པོར་བསྒོམ་པ་ལ་སོགས་པར་སྟོན་པར་མཛད་པ་ནི་འོས་
པ་མ་ཡིན་ཏེ། དང་པོར་ཁྲོ་བོ་ཉིད་ངན་སོང་གི་རྒྱུའི་མཆོག་ཡིན་པའི་ཕྱིར་ཁྲོ་བོ་ཉིད་ཀྱིས་འཁོར་བ་མ་ལུས་པར་འཁོར་བ་ཡིན་པས་འདི་ནི་འདོད་ཆགས་དང་བྲལ་བས་གསུངས་པ་མ་ཡིན་ལ། ཧེ་རུ་ཀའི་དཀྱིལ་འཁོར་ཡང་བདུད་ཀྱིས་བཤད་པ་ཉིད་ཡིན་ནོ་ཞེས་སྨྲ་བར་མི་འགྱུར་རམ་ཞེ་ན།
ཤེས་རབ་ཐབས་དག་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས། །གང་ཞིག་འཚང་རྒྱར་མི་འགྱུར་བ། །བདག་ཉིད་ཆེ་ལ་དེ་མི་མངའ། །ཞེས་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱིས་བཤད་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་། གང་ཞིག་རྨོངས་པ་འཆིང་འགྱུར་ཞིང་། །
ངུ་འབོད་མཐར་ནི་ངེས་འགྱུར་བ། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང་། །ཤེས་རབ་ཐབས་ཀྱིས་བདེ་བ་ཐོབ། །ཅེས་གསུངས་པ་དང་། གཞན་ཡང་། །སྐྱེ་བོ་མི་བཟད་པ་ཡི་ལས། གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་
འགྱུར། །ཞེས་གསུངས་པ་ཡིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། མི་དགེ་བ་བཅུ་ལ་སོགས་པའི་ལས་གང་དང་གང་གིས་ངུ་འབོད་ཆེན་པོ་ལ་སོགས་པ་སྡུག་བསྔལ་མཆོག་ཏུ་སྐྱེད་པར་བྱེད་པས་འགྲོ་བ་རྣམས་འཆིང་བར་འགྱུར་བའང་ཐབས་དང་བཅས་ན་དེ་དང་དེ་ཉིད་ཀྱིས་གྲོལ་བར་འགྱུར་
གྱི། གཞན་གྱིས་ནི་མ་ཡིན་ནོ། །འོ་ན་མུ་སྟེགས་རིགས་ལྡན་ལ་སོགས་པ་ཡང་ཅིའི་ཕྱིར་གྲོལ་བར་མ་གྱུར་ཞེ་ན། དེའི་ཕྱིར་ཐབས་དང་བཅས་ན་ཞེས་བྱ་བ་གསུངས་ཏེ། ཐབས་དང་བཅས་པར་གནས་པས་ན་ཐབས་དང་བཅས་པ་སྟེ། འདིར་ཐབས་ཀྱི་སྒྲས་ནི་དངོས་པོ་མ་ལུས་པ་བརྫུན་
เล่ม ๑๗ · หน้า 10b
པར་ཤེས་པ་ལ་བྱ་སྟེ། ཕྱི་རོལ་དོན་མཐོང་ལོག་པ་སྟེ། །སེམས་ཉིད་ཀྱང་ནི་དོན་དུ་མེད། །བློ་ཡིས་རྣམ་པར་བརྟགས་པས་ན། །གཟུང་དང་འཛིན་པ་ཡོད་མ་ཡིན། །ཞེས་བཤད་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། རིགས་ལྡན་ལ་སོགས་པ་ནི་བདག་དང་བདག་གི་ལ་སོགས་པ་ལོག་པར་འཛིན་པ་
ལ་མངོན་པར་ཞེན་པས་བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་མི་དགེ་བ་བཅུའི་ལས་ལ་སོགས་པས་ངུ་འབོད་ཆེན་པོ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ཏེ། འདི་དག་ཐམས་ཅད་ནི་བརྫུན་པའོ་ཞེས་ཕྱིན་ཅི་མ་ལོག་པ་ལ་མཁས་པ་མེད་པའི་ཕྱིར་རོ། །དཔེར་ན་དུག་གི་དེ་ཁོ་ན་ཉིད་མི་ཤེས་པར་
དུག་ཟ་བ་ལ་སོགས་པས་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ལ། དུག་གི་དེ་ཁོ་ན་ཉིད་ཤེས་པར་གྱུར་པ་རྣམས་ནི་འཆི་བ་ལ་སོགས་པའི་སྡུག་བསྔལ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས་ཀྱི་སླར་ལ་ལྷའི་ལུས་ཅན་དུ་གྱུར་པ་ཉིད་ཡིན་ནོ། །དེ་བས་ན་འདི་ལྟར། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་
བས་ཕན་པར་མི་འགྱུར་གྱི། །ནང་ན་ཞི་བའི་ཚུལ་ཅན་པས། །དཔའ་བོ་དཔའ་བ་ཉིད་དུ་སྤྱོད། །ཅེས་གསུངས་པའི་ཕྱིར་ཁྲོ་བོ་ཆེན་པོའི་རང་བཞིན་ཅན་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བསྒོམ་པ་ཤེས་པ་ཉིད་བདག་མེད་པའི་དེ་ཁོ་ན་ཉིད་ཀྱིས་ན་འདོད་ཆགས་དང་བྲལ་དུ་ཟིན་ཀྱང་ཐུགས་
རྗེ་ཆེན་པོ་དང་ལྡན་པས་དེ་ལྟར་སྟོན་པ་ལ་འགལ་བ་ཅི་ཞིག་ཡོད་དེ་ཡང་དཔལ་གསང་བ་འདུས་པ་ལས། །རྣམ་པར་མི་རྟོག་དོན་ལས་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་རིགས། །ཐེག་པའི་མཆོག་ནི་བླ་མེད་པའི། །དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། །རིགས་ངན་སྨྱིག་
མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང་། །རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ། །ཐེག་པ་མཆོག་ནི་འདི་ལ་གྲུབ། །
སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །སྲོག་གཅོད་པ་ཡི་སེམས་ཅན་གང་། །བརྫུན་དུ་སྨྲ་ལ་དགའ་བ་དང་། །གཞན་གྱི་ནོར་ལ་ཆགས་པ་དང་། །རྟག་ཏུ་འདོད་ལ་སྤྱོད་གང་དང་། །བཤང་གཅི་ཟས་སུ་ཟ་བ་སྟེ། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །
เล่ม ๑๗ · หน้า 11a
ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱིས་ན་མཚོན་ཆ་རྣོན་པོ་སྣ་ཚོགས་བསྣམས་པའི་ཕྱག་སྣ་ཚོགས་དང་། ཉི་མ་འཆར་ཀ་ལྟ་བུའི་སྤྱན་གསུམ་དང་། ཤས་ཆེར་འཇིགས་སུ་རུང་བའི་ཞལ་བཞི་ལ་སོགས་པ་དང་ལྡན་པའི་འཁོར་ལོས་སྒྱུར་བ་ཆེན་པོར་བཅོམ་
ལྡན་འདས་རྡོ་རྗེ་སེམས་དཔའ་བསྒོམ་པ་ཡང་ལེགས་པ་ཉིད་ཡིན་པར་ཤེས་པར་བྱའོ། །འཁོར་ལོས་སྒྱུར་བ་ཆེན་པོ་དང་འདྲ་བར་དཔལ་ཧེ་རུ་ཀས་འགྲོ་བ་མ་ལུས་པ་བདུད་རྣམས་ལས་རྒྱལ་བ་ཐོབ་པར་མཛད་པའི་ཕྱིར་དཔལ་ཧེ་རུ་ཀ་ནི་འགྲོ་བ་བདུད་ལས་རྣམ་པར་རྒྱལ་བར་མཛད་པའོ། །
དེའི་ཚེ་ཇི་ལྟར་ན་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པའི་བདུད་རྣམས་ཟད་པར་མ་མཛད། དམན་པ་རྣམས་ནི་ད་དུང་ཡང་ཉིན་རེ་ཞིང་གནོད་པ་བྱེད་པར་སྣང་ངོ་ཞེ་ན། འདི་ནི་ཤིན་ཏུ་ཉུང་སྟེ། ནོར་བུ་དང་སྔགས་དང་སྨན་ལ་སོགས་པ་དོན་དེ་ལྟ་བུའི་བྱ་བ་བྱེད་པ་ཡོད་ཀྱང་ནད་ལ་སོགས་
པའི་ཉེས་པ་ཆེན་པོ་དང་ལྡན་པའི་སྐྱེ་བོ་རྣམས་ལེན་པར་མི་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྟོབས་ཅན་འགྲོ་བ་མ་ལུས་པའི་བདུད་ཟད་པར་མཛད་པ་བཞུགས་སུ་ཟིན་ཀྱང་ཐོག་མ་མེད་པའི་འཁོར་བ་འཁོར་བའི་རྒྱུན་དུ་གྲགས་པའི་དམ་པ་མ་ཡིན་པའི་ལས་གཅིག་
ནས་གཅིག་ཏུ་བརྒྱུད་པའི་རང་རང་གི་ཉམས་པས་དཀོན་མཆོག་གསུམ་ལ་སོགས་པ་ལ་མཆོག་ཏུ་འཁུ་བར་བྱས་ནས་མུ་སྟེགས་པ་ལ་སོགས་པ་ངུ་འབོད་ཆེན་པོ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་ལ་བཅོམ་ལྡན་འདས་ལ་ཉེས་པ་ཅི་ཞིག་མངའ་སྟེ། སངས་
རྒྱས་བཅོམ་ལྡན་འདས་ནི་གཞན་དག་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་སྟོན་པར་མཛད་པ་ལ་བརྩོན་པ་ཉིད་ཡིན་ནོ། །དེ་ཡང་། དེ་བཞིན་གཤེགས་པ་སྟོན་མཛད་ཡིན། །ཁྱེད་རྣམས་ཀྱིས་ནི་དེ་ལྟར་གྱིས། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་ཡིན་དུ་ཆུག་ན་
ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་དབང་ཕྱུག་ལ་སོགས་པ་རང་བཞིན་ཞི་བའི་ལྷ་ཕྱག་གཉིས་དང་ཞལ་གཅིག་ལ་སོགས་པར་བསྒོམ་པ་ལེགས་པ་ཡིན་ན། དཔའ་བོ་དང་དཔའ་བོའི་དབང་ཕྱུག་མ་ལ་སོགས་པར་བསྒོམས་པས་ཅི་ཞིག་བྱ། དེ་ནི་བདེན་མོད་ཀྱི། བསམ་
เล่ม ๑๗ · หน้า 11b
པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བསྟན་པར་བྱ། །ཞེས་གསུངས་པས། གང་བསམ་པ་དཔའ་བ་རྣམས་འཁོར་ལོས་སྒྱུར་བ་ལྟར་བདག་དང་གཞན་གྱི་དོན་བྱེད་པར་འདོད་པས་དེའི་དོན་དུ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་foར་མཛད་ནས་བཅོམ་ལྡན་འདས་ཀྱིས་བསྒོམ་
པ་འདི་གསུངས་པ་ཡིན་ཏེ། འདི་ནི་བསམ་གཏན་ལ་སོགས་པས་བགྲོད་པར་བྱ་བ་ཉིད་ཡིན་ནོ། །རེ་ཞིག་དེས་ཆོག་གོ། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་འདི་ལ་ནི་སྟོང་པ་ཉིད་གཙོ་བོར་གྱུར་པས་དུར་ཁྲོད་ཉིད་དུ་བྱ་བར་འོས་པ་ཡིན་ཏེ།
དུར་ཁྲོད་དུ་གནས་པ་ཙམ་ཉིད་ཀྱིས་སྟོང་པ་དང་། སྐད་ཅིག་པ་དང་བདག་མེད་པ་ལ་སོགས་པ་དེ་ལྟ་བུའི་རྣམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རྗེས་སུ་མཐུན་པའི་སེམས་ཕུལ་དུ་བྱུང་བ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ལེའུ་དང་པོའི་བཤད་པའོ།། །།དེ་ལ་
ལྕི་བ་མ་ལྷུང་བས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བཤད་པའི་ཆོ་ག་གསུངས་པ་ཡིན་ཏེ། གང་དག་ཏུ་ནི་རང་ཉིད་ཀྱི། །ལས་ཀྱི་ཆོ་ག་རྣམས་མེད་པར། །དེར་ནི་སྤྱི་ཡི་རྒྱུད་དག་ལས། །བཤད་པའི་ཆོ་ག་མཁས་པས་བསྟན། །ཞེས་གསུངས་པས་འདིར་སྤྱིའི་རྒྱུད་ལས་གསུངས་པའི་
ཆོ་ག་བཙལ་བར་བྱའོ། །སྤྱིའི་རྒྱུད་ལས་གསུངས་པའི་ཆོ་ག་ནི། དཀྱིལ་འཁོར་གྱི་ཆོ་གར་སྨྲས་ཟིན་པས་ཁོ་བོས་འདིར་མ་བྲིས་སོ། །ལྕི་བ་ས་ལ་མ་ལྷུང་བས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱིས་ཏེ། གང་གི་ཕྱིར་དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པས་བྱུག་པའི་ཕྱིར་རོ། །དུར་ཁྲོད་དུ་ནི་ཀུན་
སྤྱོད་ཅིང་། །ཞེས་བྱ་བ་ནི་རིའི་ཕུག་ལ་སོགས་པ་མི་རོ་བསྲེགས་པ་ལ་དུར་ཁྲོད་ཅེས་བྱའོ། །རོ་བསྲེགས་སོལ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སློབ་དཔོན་མཚན་ཉིད་བཟང་ལྡན་ཞིང་། །ཞེས་བྱ་བ་ནི་དད་པ་དང་ཤེས་རབ་དང་སྙིང་རྗེ་དང་ལྡན་པ། བྱཱ་ཀ་ར་ཎ་དང་། སྙན་དངགས་དང་
སྡེབ་སྦྱོར་ལ་མཁས་པ། སྐར་རྩིས་ལ་བྱང་བ། ཚད་མ་དང་རིག་བྱེད་དང་། སྒྲུང་གཏམ་དང་། ལུགས་ཀྱི་བསྟན་བཅོས་ལ་མཁས་པ། གཏམ་གྱི་ཚིག་ཤེས་པ་དང་། ཡི་གེ་སྣ་ཚོགས་དང་། ཡུལ་སྣ་ཚོགས་ཀྱི་སྐད་དང་། གསེར་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་དང་། སྐྱེས་པ་
เล่ม ๑๗ · หน้า 12a
དང་། གླང་པོ་ཆེ་དང་། རྟའི་མཚན་ཉིད་ལ་མཁས་པ། འདྲི་བ་དང་། རི་མོ་དང་། གླུ་དང་། རོལ་མོ་དང་། གར་དང་། མཚོན་ཆའི་སྦྱོར་བ་སྣ་ཚོགས་དང་། སྨན་དཔྱད་དང་། ཤོ་རྩེ་བ་དང་། མིག་འཕྲུལ་དང་། ཤིང་བསྐྱེད་པ་དང་། གསེར་བསྒྱུར་རྩི་དང་། སྲང་གི་བསྟན་
བཅོས་ཤེས་པ། བསམ་པ་དང་བརྡ་ལ་སོགས་པ་ལ་བྱང་བ། སེན་མོ་གཅོད་པ་ལ་སོགས་པའི་བཟོ་དང་ལྡན་པ། འདོད་པའི་བསྟན་བཅོས་ཤེས་པ། ཤེས་རབ་དང་ལྡན་ཞིང་འཛིན་ནུས་པ། ཤེས་གཉེན་ཅན། སྨྲ་མཁས་པ། ཐགས་ཐོགས་མེད་པ། ཐབས་ཅིར་བྱ་བ་ལ་མཁས་པ། རྟག་ཏུ་
སྤྲོ་བ་ཆེ་བ། སྡུག་བསྔལ་བཟོད་པ། བླ་མ་དང་། རྣལ་འབྱོར་མ་དང་། དམ་ཚིག་དང་། དཀོན་མཆོག་གསུམ་ལ་གུས་པ་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དགའ་བ། འཇིགས་པ་དང་། ངོ་ཚ་བ་དང་། ཞུམ་པ་མེད་པ། རབ་གནས་དང་། སྦྱིན་སྲེག་དང་། དཀྱིལ་འཁོར་ལ་སོགས་
པ་ལས་རབ་འབྱམ་སྣ་ཚོགས་ལ་མཁས་པ། བླ་མ་ལ་བརྙས་པ་དང་། བདེ་བར་གཤེགས་པའི་བཀའ་ལས་འདས་པ་དང་། འཁྲུལ་པས་སྤུན་གྱི་ཉེས་པ་སྨྲ་བ་དང་། བྱམས་པ་ཆེན་པོ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་འདོར་བ་དང་། དམ་པའི་ཆོས་ལ་སྨོད་པ་དང་། གསང་བ་སྒྲོགས་
པ་དང་། ཕུང་པོ་ལྔ་ལ་སྨོད་པ་དང་། ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་དང་། གདུག་པ་ཅན་ལ་བྱམས་པ་དང་། ལོག་པའི་ཆོས་ལ་རྟོག་པ་དང་། དད་པའི་སེམས་ཅན་སྤོང་བ་དང་། དམ་ཚིག་ཐོབ་པ་མི་བསྟེན་པ་དང་། བུད་མེད་ལ་སྨོད་པ་ཞེས་བྱ་བའི་རྩ་བའི་ལྟུང་བ་དང་བྲལ་བ་ནི་རྡོ་རྗེ་སློབ་
དཔོན་ཞེས་བྱ་བར་བཤད་དོ། །ཡོན་ཏན་གྱི་རབ་མཆོག་གསུངས་པ་ནི། ཡང་དག་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་རྣལ་འབྱོར་པ་ནི་དཀྱིལ་འཁོར་འབྲི་བ་ལ་སོགས་པ་ནུས་པ་ཡིན་ནོ་ཞེས་
བྱ་བར་བཤད་དོ། །དེ་ལ་ཡང་དག་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་ལོག་པའི་ཤེས་པ་ལ་སོགས་པས་སེམས་ཅན་རྣམས་ཀྱི་དབང་པོ་ཐམས་ཅད་སུན་འབྱིན་པར་བྱེད་པ་ནི་ཉེས་པ་ཡིན་ལ། ཡོན་ཏན་ནི་ཡང་དག་པའི་ཡེ་ཤེས་ལ་སོགས་པ་སྟེ། དམ་པ་རྣམས་
เล่ม ๑๗ · หน้า 12b
ཀྱིས་བསླབ་ཅིང་ཡང་དང་ཡང་དུ་གོམས་པར་བྱ་བའི་ཤེས་པ་གང་ཡིན་པ་དེ་ནི་ཡང་དག་པའི་ཡེ་ཤེས་སོ། །ཡང་དག་པ་ཇི་ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་ནི་ཕྱིན་ཅི་མ་ལོག་པ་སྟེ། ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་
དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་བ། མཆོག་ཏུ་བདེ་བ་དམ་པའི་འབྱུང་གནས་རང་རིག་པར་མཚན་ཉིད་གཅིག་པ་སོ་སོར་སྣང་བའི་ཁྱད་པར་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་བྱའོ་ཞེས་སློབ་དཔོན་གསུང་ངོ་། །སྐལ་ལྡན་གྲགས་པ་ནི་
ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ལ་སོགས་པ་དངོས་པོའི་དོན་ཐམས་ཅད་དང་བྲལ་བ་ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པ་བརྫུན་དུ་སྣང་བའི་ཁྱད་པར་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཡང་དག་པའི་ཡེ་ཤེས་ཏེ། མཆོག་ཏུ་བདེ་བའི་རྣམ་པ་ལ་སོགས་
པ་ཡང་དག་པའི་དོན་ལ་མངོན་པར་ཞེན་པ་ཕྱིན་ཅི་ལོག་མེད་པ་ཡིན་ནོ་ཞེས་འདོད་དོ། །ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐར་ཐུག་པ་ལས་བྱུང་བའི་རྣལ་འབྱོར་གྱི་ཤེས་པ་ཇི་ལྟ་བུ་ཡིན་ཞེས་རྟོགས་ན། དངོས་པོ་མ་ལུས་པ་བརྫུན་པ་ཉིད་ཡང་དག་པའི་དོན་ཡིན་པས་ཉེས་པ་མེད་
དོ། །རྒྱུད་ཅེས་བྱ་བ་ནི་དཔལ་འཁོར་ལོ་བདེ་མཆོག་ལ་སོགས་པའི་རྡོ་རྗེའི་ཚིག་ལ་མཁས་པའོ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཞེས་བྱ་བ་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ལ་ངེས་པར་ཡིད་ཆེས་པས་གསང་སྔགས་རྟག་
ཏུ་ཟློས་པའོ། །ཁྲོ་མེད་ཅེས་བྱ་བ་ནི་མི་རིགས་པ་སྤོང་བའོ། །གཙང་ཞིང་ཞེས་བྱ་བ་ནི་དམ་པ་མ་ཡིན་པའི་ཆོས་ཀྱི་དོན་འདོད་པ་དང་བྲལ་བའོ། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །ཞེས་བྱ་བ་ལ་སྦྱོར་བ་ནི་ཞི་བ་ལ་སོགས་པའོ། །ཐོད་པས་སྤྱི་བོ་བརྒྱན་བྱས་ཤིང་། །ཞེས་བྱ་བ་ནི་ཐོད་པ་ལྔས་
རྩེ་བྲན་བྱས་པའོ། །གུག་སྐྱེད་དག་གིས་ལུས་བརྒྱན་ཅིང་། །ཞེས་བྱ་བ་ནི་ཐལ་ཆེན་དང་། འོག་པག་དང་། རུས་ཕྲེང་སྣ་ཚོགས་པའི་རྒྱན་གྱིས་སོ། །རུས་པའི་ཕྲེང་བ་ཡང་དག་གནས། །ཞེས་བྱ་བ་ནི་ཀེང་རུས་སྣ་ཚོགས་པའི་སྟེང་དུ་བཞུགས་པའོ། །དུམ་གཅིག་སྤྱི་བོར་བརྒྱན་པ་དང་། ཞེས་
เล่ม ๑๗ · หน้า 13a
བྱ་བ་ནི་སྤྱི་བོར་མིའི་ཐོད་པ་ལ་སྣ་ཚོགས་རྡོ་རྗེ་ཡོད་པ་འཇོག་པའོ། །རུས་པའི་ཕྲེང་བ་རྣམ་པར་འཕྱང་། །ཞེས་བྱ་བ་ནི་མིའི་རུས་པ་ལས་བྱས་པའི་མཆོད་ཕྱིར་ཐོགས་ལ་སོགས་པའི་དག་བྱེད་འཕྱང་བའོ། །བདག་ཉིད་ཤྲཱི་ཧེ་རུ་ཀར་བྱས་ནས་ཞེས་བྱ་བ་ནི་མན་ངག་ཇི་ལྟ་བས་
དཔལ་ཧེ་རུ་ཀའི་རྣལ་འབྱོར་དུ་བྱས་པའོ། །དེའི་འོག་ཏུ་ནི། དཔལ་ལྡན་ཧེ་རུ་ཀ་དྲན་བྱ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བར་བྱའོ། །འཁོར་ལོ་འདི་ཡི་སྙིང་གར་དགོད། །ཅེས་བྱ་བ་ནི་གནས་ལ་སོགས་པའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ་རང་གི་ལུས་ལ་བསྒོམ་པར་བྱའོ། །
དེ་ལྟར་གོ་བགོས་ཞེས་བྱ་བ་ནི་གོ་བ་གོ་བ་བྱས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཚོན་དགྱེ་བར་བྱའོ། །བདག་ཉིད་ཅེས་བྱ་བ་ནི་རང་ཉིད་དོ། །གོ་ཆ་བཅས་ཞེས་བྱ་བ་ནི་དཔའ་བོ་ལ་སོགས་པའི་གོ་ཆ་དང་ལྡན་པའོ། །སྔགས་ནི་རྩ་བའི་སྔགས་ལ་སོགས་པའོ། །ཕྱག་རྒྱ་ནི་
རྡོ་རྗེ་ཕག་མོ་སྟེ། དེ་རྣམས་ཀྱིས་བརྒྱན་པ་ནི་བསྲུངས་པའོ། །ཡང་ན་ཕྱག་རྒྱ་དང་སྔགས་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་བྱ་སྟེ། དེ་གཉིས་ཀྱིས་སོ། །སེམས་མེད་སྲད་བུ་ཡིས་ཞེས་བྱ་བ་ནི་བཅུ་བཞིའམ་ཚེས་བརྒྱད་ལ་གང་དུ་བྱེད་པར་གྱུར་པ་དེའི་ཁར་སྲད་བུ་བཅུག་སྟེ། དེའི་རྗེས་ལ་
དུར་ཁྲོད་དུ་སོང་སྟེ་སྲད་བུ་བླང་བར་བྱ་བ་དེ་ནི་རོའི་སྲད་བུ་ཡིན་གྱི་རོའི་རྐེད་པ་ལ་སོགས་པ་ནི་མ་ཡིན་ལ། རོའི་སྐྲ་ཡིན་ནོ་ཞེས་པའི་མན་ངག་ནི་འཚམ་པ་མ་ཡིན་ཏེ། དཀྱིལ་འཁོར་འབྲི་བ་ལ་དེ་དག་དགོས་པ་མ་ཡིན་པའི་ཕྱིར་རོ། །རུ་དྷི་ར་ནི་ཆེན་པོས་བགོས། །ཞེས་བྱ་བ་ནི་རོའི་སྲད་བུ་མེད་པར་
གྱུར་ན་ཞེས་རྣམ་པ་གཞན་སྨྲས་པ་ཡིན་ནོ། །སྔགས་པས་ཉིས་འགྱུར་རྣམ་སྤྱད་ཅིང་། །ཞེས་བྱ་བ་ནི་སྤྱོད་པའི་ཞལ་སྔ་ནས་ཀྱིས་འདི་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཁྲུ་གང་ལ་སོགས་པ་ནས་བརྩམས་ཏེ། ཁྲུ་བཅུ་དྲུག་པའི་བར་དུ་བྱའོ་ཞེས་གསུང་ངོ་། །བཟའ་བ་ཀུན་གྱིས་ལེགས་
བཀང་བའི། །ཞེས་བྱ་བ་ནི་བདུད་རྩི་ལྔས་སོ། །སྣོད་ནི་སྟེང་དུ་གཞག་པར་བྱ། །ཞེས་བྱ་བ་ནི་ས་ལས་བྱས་པའི་ཐོད་པ་སྟེང་དུ་གཞག་པའོ། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཏིལ་མར་གྱི་མར་མེའོ། །ཡང་སྨོས་པ་ནི་ངེས་པར་གཞག་དགོས་པའི་ཕྱིར་ཏེ། མར་
เล่ม ๑๗ · หน้า 13b
མེ་བརྒྱ་ནི་གཙོ་བོ་ཡིན་པ་བསྟན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གོ་སླའོ། །ལེའུ་གཉིས་པའི་བཤད་པའོ།། །།སློབ་དཔོན་ཆོ་གས་མཉེས་བྱས་ཏེ། །སློབ་དཔོན་ཁྲོས་ན་རབ་འཇིག་བྱེད། །དེ་ཕྱིར་ཐམས་ཅད་ཡོངས་བཏང་སྟེ། །རྟག་ཏུ་སློབ་དཔོན་རབ་མཉེས་བྱ། །ཞེས་
བྱ་བ་ལ་སོགས་པའི་ཚུལ་གྱིས་བླ་མ་མཉེས་པར་བྱ་བ་གསུངས་པ་ཡིན་ཏེ། སྒྲ་སྙན་དྲིལ་བུ་དཀྲོལ་ཞེས་བྱ་བ་ནི་མཚན་ཉིད་ཐམས་ཅད་ཀྱིས་མཚན་པ་མཚན་ཉིད་ངན་པ་ཐམས་ཅད་དང་བྲལ་བ་རིགས་ལྔ་ལས་བྱུང་བའོ་ཞེས་བྱ་བ་ནི་མན་ངག་གོ། །དྲིལ་བུ་དཀྲོལ་ཞེས་བྱ་བ་ནི་ཕྱི་རོལ་
གྱི་བཤད་པས་སྒྲ་ཇི་བཞིན་པ་ཉིད་དུ་བཤད་པར་བྱའོ། །ལྷག་མ་ནི་གོ་སླའོ། །ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་
མའོ། །བཤད་དང་མ་བཤད་གང་ཅིའང་རུང་། །དེ་ཀུན་དཔལ་ཧེ་རུ་ཀར་གནས། །ཞེས་བྱ་བ་ནི་བཤད་པ་དང་མ་བཤད་པ་ནི་བཤད་པ་དང་མ་བཤད་པ་སྟེ་དེ་ཐམས་ཅད་ཤྲཱི་ཧེ་རུ་ཀ་བདེ་མཆོག་འཁོར་ལོ་ལ་གནས་པ་ཡིན་ནོ། །གཞན་དག་ནི་མ་སྨོས་པ་རྣམས་ཀྱང་ཉམས་སུ་བླང་
བར་བྱ་བའི་དོན་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ནི་དཔལ་ཧེ་རུ་ཀ་འབྱུང་བ་ལ་བྱའོ་ཞེས་ཟེར་རོ། །སྐལ་ལྡན་གྲགས་པ་ནི་བཤད་པ་དང་མ་བཤད་པ་དག་ནི་བཤད་པ་དང་མ་བཤད་པ་སྟེ། རྣལ་འབྱོར་མའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་མ་ལུས་པ་ལས་གསུངས་པའི་དཀྱིལ་འཁོར་
གྱིས་སྦྱང་བ་ལ་སོགས་པ་དེ་ཐམས་ཅད་མ་གསུངས་སུ་ཟིན་ཀྱང་དཔལ་འཁོར་ལོ་བདེ་མཆོག་ནི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོའི་ངོ་བོར་གྱུར་པ་ཡིན་པས་འདིར་རྣལ་འབྱོར་པས་རྗེས་སུ་སྤྱད་པར་བྱའོ་ཞེས་འདོད་དོ། །ལེའུ་གསུམ་པའི་བཤད་པའོ།། །།དེ་ནས་རྣལ་འབྱོར་མ་
རྣམས་ནི། །ས་རྣམས་སུ་ནི་རྣམ་རོལ་པ། །ཞེས་བྱ་བ་ནི་འདོད་པའི་ཁམས་དང་། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཞེས་བྱ་བར་མཁའ་འགྲོ་མ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་ཀྱིས་མངོན་པར་ཁྱབ་ནས་གནས་སོ་ཞེས་སློབ་དཔོན་བཞེད་དོ། །མཁའ་
เล่ม ๑๗ · หน้า 14a
འགྲོ་མ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ས་རྣམས་ཏེ་ས་གསུམ་ན་གནས་པའི་འཇིག་རྟེན་པ་རྣམས་ལ་ཡང་རྨི་ལམ་དུ་ཉེ་བར་བསྟན་པས་འཇིགས་པ་མེད་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཏུ་སྙན་གསན་འབེབས་པར་མཛད་དོ། །རྣམ་པར་རོལ་ཅིང་ཡང་དག་པར་
རྟོགས་པར་མཛད་ཅིང་རྗེས་སུ་འཛིན་པར་མཛད་དོ་ཞེས་བྱ་བ་ནི་རྨི་ལམ་དུ་བསྟན་པའོ། །དེ་རྣམས་ཀྱི་ནང་ནས་གཅིག་ཏུ་གཙོ་བོར་གྱུར་ཅིང་མངོན་པར་རྟོགས་པ་ལ་དགོས་པའི་ལྷ་མོ་རྣམས་གང་ཡིན་པ་དེ་བཤད་པ་ཡིན་ནོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མོའོ། །བརྩོན་
འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་དཔའ་བོའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ཁརྦ་རཱིའོ། །དྲན་པའི་དབང་པོ་ན་ལངྐའི་དབང་
ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨེ་རཱ་བ་ཏིའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་ལྷ་མོ་སྔོ་བསངས་
མའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁ་གཱ་ནཱའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་
བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་
ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །སློབ་དཔོན་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ནི་ལྷ་མོ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ནི་ཞལ་གཅིག་པ་དང་། ཕྱག་གཉིས་པ་ཡིན་ནོ་ཞེས་བཞེད་དོ། །གཞོན་ནུ་མའི་ཞལ་སྔ་ནས་དང་།
เล่ม ๑๗ · หน้า 14b
དྲི་སྦྱོར་གྱི་ཞལ་སྔ་ནས་དང་། སྤྱོད་པའི་ཞལ་སྔ་ནས་ནི། འདི་དག་ཕྱག་གཉིས་པ་ལ་སོགས་པ་ནས་བརྩམས་ཏེ་ཕྱག་འབུམ་པའི་བར་དང་། དེ་བཞིན་དུ་དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ནི་ཕྱག་གི་ངེས་པ་མེད་པ་ཡིན་ནོ་ཞེས་བཞེད་དོ། །དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་མན་ངག་
ལས་ནི་ཐུགས་ཀྱི་འཁོར་ལོ་ལ་བཞུགས་པ་ནི་ནག་པོའོ། །གསུང་གི་འཁོར་ལོ་ལ་བཞུགས་པ་ནི་དམར་པོའོ། །སྐུའི་འཁོར་ལོ་ལ་བཞུགས་པ་ནི་དཀར་པོའོ་ཞེས་བཞེད་དོ། །དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ནི་ཐམས་ཅད་ཀྱི་མདོག་ཀྱང་གཙོ་བོའི་སྐུ་མདོག་ལྟ་བུའོ་ཞེས་བཞེད་དོ། །བླ་
མའི་མན་ངག་ལས་ནི་འདི་རྣམས་ཀྱི་གཟུགས་ནི་མིང་ཇི་བཞིན་དུ་མཐུན་པར་བསྒོམ་པར་བྱ་ཞེས་བཤད་དོ། །རང་མིང་བརྗོད་པའི་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མ་འདི་རྣམས་ཀྱི་སྔགས་ནི། རང་རང་གི་མིང་ལ་ཐོག་མར་ཨོཾ་དང་ཐ་མར་ཧུཾ་ཧཱུཾ་ཕཊ་ཅེས་བྱའོ་ཞེས་སྟོན་ཏོ།།
གཞན་དང་འབུས་ཟོས་རྩྭ་དང་མཚུངས། །ཞེས་བྱ་བ་ནི་ཇི་ལྟར་སྲིན་བུས་ཟོས་པའི་རྩ་ནི་སྙིང་པོ་མེད་པར་འགྱུར་བ་དེ་བཞིན་དུ་དཔལ་འཁོར་ལོ་བདེ་མཆོག་ལས་གཞན་པའི་རྒྱུད་ལས་གསུངས་པས་ནི་སྙིང་པོ་མེད་པ་ཡིན་ནོ། །ལེའུ་བཞི་པའི་བཤད་པའོ།། །།དེ་ནས་
ཐམས་ཅད་ཆོས་འབྱུང་བར། །ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྩ་བའི་སྔགས་བཏུ་བ་གསུངས་པ་ཡིན་ཏེ། ཨཱ་ལི་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེའོ། །ཀཱ་ལི་ཞེས་བྱ་བ་ནི་གསལ་བྱེད་དོ། །མཉམ་བྱས་ནས་ཞེས་བྱ་བ་ནི་མཉམ་ཞིང་མི་མཉམ་
པ་མེད་པར་ཡོངས་སུ་རྫོགས་པར་བྲི་བ་ཉིད་དོ། །སྡེ་ཚན་ལ་ནི་ཐིམ་པར་བྱ། །ཞེས་བྱ་བ་ནི་དང་པོར་རེ་ཞིག་གསལ་བྱེད་རྣམས་བཏུ་བར་བྱའོ། །བཞི་བཞི་རུ་ནི་ཤེས་བྱས་ལ། །སྔགས་ཀྱི་ཚིག་བརྒྱད་དུ་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཐུབ་པ་མཆོག་ནི་རྒྱས་པར་བྱ། །ཞེས་བྱ་
བ་ནི་ཡི་གེ་ཀ་ནས་ཧའི་བར་དུ་སྡེ་ཚན་བདུན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེར་གནས་དཔའ་བོ་བཏུ་བྱ་བ། ཞེས་བྱ་བ་ནི་ལྷ་རྣམས་དང་གསང་སྔགས་དག་གི་གཟུགས་གཅིག་པ་ཡིན་པའི་ཕྱིར་དཔའ་བོའི་སྒྲས་ནི་འདིར་སྔགས་ཡིན་པར་བཤད་དོ། །འདོད་དོན་ཐམས་ཅད་སྒྲུབ་
เล่ม ๑๗ · หน้า 15a
བྱེད་པ། །ཞེས་བྱ་བ་ནི་སྔགས་དེ་ལས་ཐམས་ཅད་པ་ཉིད་དུ་གྱུར་པའི་ནུས་པའི་ཁྱད་པར་སྟོན་པ་ཡིན་ནོ། །བཞི་པའི་ལྔ་པ་གང་ཡིན་དང་། །ཞེས་བྱ་བ་ནི་ཡི་གེ་ན་ལ་བྱའོ། །ལྔ་པ་ཡི་ཡང་ལྔ་པ་དང་། །ཞེས་བྱ་བ་ནི་མའོ། །ལྔ་པ་ཡི་ནི་བཞི་པ་དང་། །ཞེས་
བྱ་བ་ནི་བྷའོ། །དང་པོའི་གསུམ་པ་གང་ཡིན་དང་། །ཞེས་བྱ་བ་ནི་གའོ། །དེ་བཞིན་ཉི་ཤུ་རྩ་དགུ་པ། །ཞེས་བྱ་བ་ནི་ཝའོ། །བཞི་པའི་དང་པོ་གང་ཡིན་དང་། །ཞེས་བྱ་བ་ནི་ཏའོ། །མཐར་གནས་པ་ཡི་བཞི་པ་དང་། །ཞེས་བྱ་བ་ནི་ཝ་ཉིད་དོ། །དེ་ཉིད་ཀྱི་གཉིས་པ་ནི་རའོ། །སུམ་ཅུ་པ་ནི་
ཤའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །བརྒྱའི་ཕྱེད་བྱེད་པ་ནི་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཧའོ། །དང་པོའི་དང་པོ་ནི་ཀའོ། །མཐར་གནས་པའི་གསུམ་པ་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །སུམ་ཅུ་རྩ་གཉིས་པ་ཉིད་ནི་སའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་བཞི་པ་ནི་བྷའོ། །མཐར་
གནས་པ་ཡི་དང་པོའི་གང་། །ཞེས་བྱ་བ་ནི་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་ནི་ཊའོ། །ལྔ་པའི་ལྔ་པ་ནི་མའོ། །དང་པོའི་དང་པོ་ནི་ཀའོ། །དེ་བཞིན་བཅུ་གཅིག་པ་ཉིད་དང་། །ཞེས་བྱ་བ་ནི་ཊའོ། །བཅུ་དྲུག་པ་ནི་ཞེས་བྱ་བ་ནི་ཏའོ། །གསུམ་པའི་དང་པོ་ནི་ཊ་ཉིད་དོ། །
ཉི་ཤུ་རྩ་དྲུག་པ་ནི་ཡའོ། །བཞི་པའི་གསུམ་པ་ནི་དའོ། །ཨུཥྨཱ་ཎའི་གཉིས་པ་ནི་ཥའོ། །དང་པོའི་དང་པོ་ནི་ཀའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །ལྔ་པའི་བཞི་པ་ནི་བྷའོ། །སུམ་ཅུ་རྩ་གཅིག་པ་ནི་ཥའོ། །བཅྭ་ལྔ་པ་ཉིད་ནི་ཎའོ། །ཉི་ཤུ་
རྩ་ལྔ་པ་ནི་མའོ། །དང་པོའི་གཉིས་པ་ནི་ཁའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །ཨུཥྨཱ་ཎའི་ཐ་མ་ནི་ཧའོ། །སུམ་ཅུ་རྩ་གཉིས་པ་ཉིད་ནི་ཡང་སའོ། །ལྔ་པའི་བཞི་པ་ནི་བྷ་ཉིད་དོ། །གཉིས་པའི་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་ནི་བྷའོ། །ཨུཥྨཱ་ཎའི་གསུམ་པ་ནི་
སའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ཨནྟ་སྠའི་དང་པོ་ནི་ཡའོ། །ཉི་ཤུ་རྩ་གཅིག་པ་ནི་པའོ། །ཨནྟ་སྠའི་གཉིས་པ་ནི་རའོ། །སུམ་ཅུ་པ་ནི་ཤའོ། །ལྔ་པའི་དང་པོ་ནི་པའོ། །ཨུཥྨཱ་ཎའི་དང་པོ་ནི་ཤའོ། །དེ་བཞིན་ཡི་གེ་དྱཱ་ཉིད་དང་། །ཞེས་བྱ་བ་ནི་རང་གཟུགས་ཉིད་བསྟན་པས་བཅོམ་
เล่ม ๑๗ · หน้า 15b
ལྡན་འདས་མའི་ཆོས་ཀྱི་ཕྱག་རྒྱའི་ས་བོན་དུ་གསུངས་པ་ཡིན་ནོ། །བཞི་པའི་དང་པོ་ནི་ཏའོ། །ཨུཥྨཱ་ཎའི་དང་པོ་ནི་ཤའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གཉིས་པ་ནི་ཁའོ། །གསུམ་པའི་དང་པོ་ནི་ཊའོ། །དང་པོའི་གསུམ་པ་ནི་གའོ། །བཞི་པའི་བཞི་པ་ནི་དྷའོ། །ཨནྟ་སྠའི་གཉིས་པ་ནི་
རའོ། །གསུམ་པའི་ལྔ་པ་ནི་པའོ། །ཡི་གེ་བྱཱ་རང་གི་གཟུགས་སུ་བརྗོད་པ་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ས་བོན་དུ་བསྟན་ཏོ། །དང་པོའི་བཞི་པ་ནི་གྷའོ། །ཡི་གེ་བརྒྱད་པ་ནི་ཛའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་ལྔ་པ་ནི་མའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །བཞི་པའི་བཞི་པ་
པ་ནི་དྷའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ཉི་ཤུ་རྩ་ལྔ་པ་ནི་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཧའོ། །བཞི་པའི་བཞི་པ་ནི་དྷའོ། །ལྔ་པའི་ལྔ་པ་ནི་ནའོ། །བཞི་པའི་ལྔ་པ་ནི་ནའོ། །དང་པོའི་དང་པོ་ནི་ཀའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ཨནྟ་སྠའི་བཞི་པ་ནི་ཝའོ། །ཉི་ཤུ་རྩ་གཅིག་
པ་ནི་པའོ། །ཨུཥྨཱ་ཎའི་གཉིས་པ་ནི་ཥའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཞེས་བྱ་བ་ནི་ཡི་གེ་ཡའོ། །ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་ནི་ཕྲེང་བའི་སྔགས་ཉེ་བར་དགོད་པ་སྟེ། མཁས་པ་རྣམས་རྨོངས་པར་བྱ་བའི་ཕྱིར་རོ། །རིག་པ་ནི་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་རྣམས་
སོ། །རྒྱལ་པོ་ནི་དེ་རྣམས་ཀྱི་རྒྱལ་པོ་སྟེ། དེའི་གསང་སྔགས་སོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་རྟོག་པ་མ་ལུས་པ་དང་བྲལ་ཞིང་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྐྱེད་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་རིག་པ་ཡིན་ལ། བཅོམ་
ལྡན་འདས་གང་ཡིན་པ་དེ་ཉིད་ནི་རིག་པའི་རྒྱལ་པོ་སྟེ། དེའི་ཐབས་ལ་ལྟོས་ནས་ཤེས་རབ་གཙོ་བོ་ཡིན་ནོ་ཞེས་འདོད་དོ། །སྒྲུབ་པ་ཐམས་ཅད་རྣམ་སྤངས་པ། །ཞེས་བྱ་བ་ནི་བཀླགས་པ་ཙམ་གྱིས་འགྲུབ་པར་བཞེད་པ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་སྒྲུབ་པ་ཐམས་ཅད་
དེ་སྡོམ་པ་དང་བརྟུལ་ཞུགས་དང་། སྨྱུང་བ་ལ་སོགས་པ་ལུས་དང་ངག་དང་ཡིད་ཉོན་མོངས་པར་བྱེད་པ་ཉན་ཐོས་ལ་སོགས་པས་ཡོངས་སུ་བཏགས་པ་དེ་རྣམས་རྣམ་པར་སྤང་ཞིང་ཡོངས་སུ་དོར་བ་ཡིན་ནོ་ཞེས་འདོད་དོ། །ལེའུ་ལྔ་པའི་བཤད་པའོ།། །།གཞན་ཡང་ཡི་གེ་ཉི་ཤུ་གཉིས། །སྙིང་པོ་
เล่ม ๑๗ · หน้า 16a
ཡིག་བདུན་ཉེ་སྙིང་པོ། །ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའི་དད་པ་མེད་པ་རྣམས་རྨོངས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ལ། ཡང་དག་པའི་དོན་དུ་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བ་ཡིན་ནོ། །ཡ་ཚོགས་བརྒྱད་པའི་ས་བོན་དང་། །ཞེས་བྱ་བ་ནི་ཡ་ནས་བརྒྱད་པའི་ས་བོན་ནི་ཡི་གེ་ཧའོ། །
གུག་སྐྱེད་བཅུ་གཉིས་ནི་མ་ནིང་གི་ཡི་གེ་དོར་བ་སྟེ་དེ་དག་གིས་མཛེས་པར་བྱས་པའི་ཡི་གེ་ཧ་ས་བོན་དུ་དགོད་པར་བྱའོ། །དེ་ཡང་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧཾ་ཧཻ་ཧོ་ཧཽ་ཧཾ་ཧཿ། །ཡི་གེ་བར་མ་དོར་བྱས་ལ། །ཞེས་བྱ་བ་ནི་གཉིས་པ་དང་། བཞི་པ་དང་། དྲུག་པ་དང་། བརྒྱད་པ་དང་། བཅུ་པ་དང་། བཅུ་གཉིས་པ་དོར་བ་ནི་ཧེ་རུ་
ཀའི་ཡན་ལག་དྲུག་པ་ཞེས་བྱ་སྟེ། དཔལ་ཧེ་རུ་ཀ་ཡན་ལག་དྲུག་ཅེས་བྱ་བའི་དོན་ཏོ། །དེ་ཡང་རྟེན་དང་བརྟེན་པ་པོ་དག་དབྱེར་མི་ཕྱེད་པའི་ཕྱིར་རམ། །དོན་དམ་པར་རོ། །དཔའ་བོ་དྲུག་གིས་མཉམ་སྦྱོར་བ། །ཞེས་བྱ་བ་ནི་དཔའ་བོ་དྲུག་པོ་རྣམས་ཀྱིས་མཉམ་པར་སྦྱོར་བ་སྟེ། ཡི་གེ་ཨོཾ་ལ་སོགས་
པ་ཡི་གེ་རེ་རེར་བཏགས་པ་ལས་ཧའི་གོང་དུ་ཨོཾ་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྔགས་དེ་དག་ཀྱང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར། ཨོཾ་ན་མཿསྭཱ་ཧཱ། བཽ་ཥཊ། །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། །ཞེས་བྱ་བ་ནི་སྒྲུབ་པ་པོས་སྙིང་ག་ལ་སོགས་པར་གཞག་པར་བྱ་བ་
ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དང་པོ་སྙིང་ག་ཉིད་དུ་སྟེ། །ཞེས་བྱ་བ་ནི། ཨོཾ་ཧ་བྱ་བ་འདིས་རྡོ་རྗེ་སེམས་དཔའ་སྙིང་གར་དགོད་དོ། །གཉིས་པ་སྤྱི་བོར་ཤེས་པར་བྱ། །ཞེས་པ་ནི། ན་མཿཧི་ཞེས་བྱ་བ་འདིས་རྣམ་པར་སྣང་མཛད་སྤྱི་བོར་རོ། །གསུམ་པ་སྤྱི་གཙུག་དག་ཏུ་དགོད། །
ཅེས་བྱ་བ་ནི། སྭཱ་ཧཱ་ཧུ་ཞེས་བྱ་བ་འདིས་པདྨ་གར་གྱི་དབང་ཕྱུག་སྤྱི་གཙུག་ཏུའོ། །བཞི་པ་གོ་ཆར་འགྱུར་བ་ཡིན། །ཞེས་བྱ་བ་ནི་བཽ་ཥཊ་ཧེ་ཞེས་བྱ་བ་འདིས་དཔལ་ཧེ་རུ་ཀ་ཕྲག་པ་གཉིས་སུ་གོ་ཆའི་གཟུགས་སུ་དགོད་པའོ། །ལྔ་པ་མིག་ཏུ་དགོད་པ་སྟེ། །ཞེས་བྱ་བ་ནི་ཧཱུཾ་ཧཱུཾ་ཧོ་ཞེས་བྱ་བ་འདིས་རྡོ་རྗེ་
ཉི་མ་མིག་གཉིས་སུའོ། །དྲུག་པ་མཚོན་ཆ་ཞེས་བྱར་བཤད། །ཅེས་བྱ་བ་ནི་ཕཊ་ཧཾ་ཞེས་བྱ་བ་འདིས་རྟ་མགྲིན་ལུས་ཐམས་ཅད་ལ་དགོད་པ་ནི་མཚོན་ཆ་ཡིན་ནོ། །ལེའུ་དྲུག་པའི་བཤད་པའོ།། །།དབྱངས་ཀྱི་ཡི་གེ་བཅུ་གསུམ་པ་ནི་ཡི་གེ་ཨོཾ་དང་སྦྱར་བའོ། །དབྱངས་ཡིག་བཅུ་གཅིག་
เล่ม ๑๗ · หน้า 16b
ཡང་དག་ལྡན། །ཡི་གེ་དྲུག་པ་བརྒྱན་པར་བྱ། །ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་དྲུག་པ་དང་ཨེར་སྦྱར་བར་བྱའོ། །དབྱངས་ཀྱི་བཞི་པ་ཉིད་དང་ནི། །ཡི་གེ་བདུན་པ་ཉིད་དང་སྦྱར། །ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་བདུན་པ་ཨི་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་བཅུ་གཉིས་པ་
ཉིད་ནི། །མཁས་པས་ཡི་གེ་བརྒྱད་པར་སྦྱར། །ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་བརྒྱད་པ་ཨཻ་དང་སྦྱར་བར་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པའི། །ཡི་གེ་དགུ་པ་བརྒྱན་པར་བྱ། །ཞེས་པ་ནི་སྔགས་ཀྱི་ཡི་གེ་དགུ་པ་ཨཱ་དང་སྦྱར་ཞེས་བྱ་བའི་དོན་ཏོ། །དབྱངས་ཀྱི་
ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་དང་སྦྱར། །ཞེས་བྱ་བ་ནི་ཡི་གེ་བཅུ་གཉིས་པ་ཨཱ་དང་སྦྱར་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་ལྡན་པར་ནི། །ཡི་གེ་ཉི་ཤུ་གཅིག་པ་བཟུང་། །ཡི་གེ་བཅུ་བཞི་པ་ཞེས་བྱ་བ་ནི་ཡི་གེ་བཅུ་བཞི་པ་དང་ཡི་གེ་པ་སྦྱར་ལ། །ཡི་གེ་ཨཱ་
དེ་ཉིད་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཉི་ཤུ་པ་བླངས་ལ་དབྱངས་ཡིག་གསུམ་པ་དང་ལྡན་པར་བྱ་བ་ནི་ཡི་གེ་བཅྭ་ལྔ་པ་དང་སྦྱར་ལ་ཡི་གེ་གསུམ་པ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་བཅྭ་ལྔར་ཡང་དག་ལྡན། །བཅུ་དྲུག་པ་ཞེས་བྱ་བ་ནི་བཅུ་དྲུག་པ་དང་ཨོཾ་དུ་
སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གསུམ་པ་དང་ལྡན་པའི། །ཡི་གེ་བཅུ་བདུན་པ་རུ་འདོད། །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཁའ་འགྲོ་མའི་སྙིང་འཇོམས་པ་ཡིན། །ཞེས་བྱ་བ་ནི་སྔགས་འདི་བརྗོད་པ་ཙམ་གྱིས་འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་
པའི་རྣལ་འབྱོར་མ་ཐམས་ཅད་ཀྱང་རྣམ་པར་སྐྲག་པར་འགྱུར་རོ་ཞེས་སློབ་དཔོན་བཞེད་དོ། །སྐལ་ལྡན་གྲགས་པ་ནི་སྙིང་འཇོམས་པ་ནི་སྙིང་འདྲེན་ཞིང་མཆོག་ཏུ་དབང་བྱེད་པར་སྒྲུབ་པ་ཡིན་ནོ་ཞེས་འདོད་དོ། །ཨོཾ་ནས་ཧཱུཾ་ཧཱུཾ་ཕཊ་ཀྱི་བར་ནི་གོ་སླའོ། །ལེའུ་བདུན་པའི་བཤད་པའོ།། །།
དེ་ནས་རང་གི་བདག་ཉིད་ཀྱི། །ཞེས་པ་ནས། འཁོར་ལོ་བདེ་མཆོག་ཅེས་བྱ་བའི་བར་ནི་དཔལ་ཧེ་རུ་ཀའི་བདག་ཉིད་ཅན་ཡིན་དུ་ཟིན་ཀྱང་སྔགས་ནི་འཁོར་ལོ་གསུམ་ཆར་དུ་རྣམ་པར་གནས་ཏེ་མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་
เล่ม ๑๗ · หน้า 17a
ལྡན་གྲགས་པ་ནི་བདག་ཉིད་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མའི་དྲ་བ་ཡིན་ཏེ། བདེ་བ་ཞེས་བྱ་བ་བདེ་བ་མཆོག་སྟེ་དམ་པ། དེ་འཛིན་པར་བྱེད་པས་སྔགས་འདི་ལ་བྱའོ་ཞེས་འདོད་དོ། །སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ལུགས་ལས་བཟློག་པའི་ཚུལ་
གྱིས་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་གསུངས་པ་ཡིན་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སྃ་བ་རཾ་སྭཱ་ཧཱ། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་སྙིང་པོའི་སྔགས་ནི་ཕཊ་ཧཱུྃ་ཧཱུྃ་ཧྲྃ་ཧྲྃ་ཨོཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡི་གེ་པྃ་དང་ཞེས་བྱ་བ་ལ་སོགས་པ་
ལ། འདིའི་དོན་ནི་འདི་ཡིན་ཏེ། པྃ་གྱི་ཐོག་མར་ཡི་གེ་ཨོཾ་སྦྱར་བར་བྱའོ། །ཨོཾ་གྱི་དང་པོར་ཧྃ་སྦྱར་བར་བྱའོ། མོཾ་གི་དང་པོར་ཧྲིཾ་སྦྱར་བར་བྱའོ། །ཧྲིཾ་གི་དང་པོར་ཡི་གེ་ཧྲིཾ་སྦྱར་བར་བྱའོ། །ཧཱུྃ་གི་དང་པོར་ཡི་གེ་ཧཱུྃ་སྦྱར་བར་བྱའོ། །ཕཊ་ཀྱི་དང་པོར་ཡི་གེ་ཕཊ་སྦྱར་བར་བྱའོ་ཞེས་བྱ་བ་ནི་སྦྱར་བའི་ཚུལ་ལོ། །ཨོཾ་པྃ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་
བར་རོ། །ཨོཾ་ཧོཾ་ཡོཾ་ནི་ཡ་མ་ནི་སྟེ་སྙིང་གར་རོ། །ཨོཾ་ཧྲིཾ་མོཾ་ཞེས་བྱ་བ་ནི་རྨོངས་པར་བྱེད་མ་སྟེ་ཞལ་དུའོ། །ཨོཾ་ཧྲིཾ་ཧྲིཾ་ཞེས་བྱ་བ་ནི་སྐྱོད་བྱེད་མ་སྟེ་དབུ་ལའོ། །ཨོཾ་ཧཱུྃ་ཧཱུྃ་ནི་སྐྲག་བྱེད་མ་སྟེ་སྤྱི་གཙུག་ཏུའོ། །ཨོཾ་ཕཊ་ཕཊ་ཅེས་བྱ་བ་ནི་གཏུམ་མོ་སྟེ་ཡན་ལག་ཐམས་ཅད་དུ་མཚོན་ཆ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་སོ། །མཁའ་འགྲོ་མ་ཞེས་བྱ་བ་དང་། རིག་པའི་རྒྱལ་པོ་ཞེས་བྱ་བས་ནི་སྔགས་ཀྱི་ཚིག་གི་བདག་ཉིད་སྟོན་ཏོ། །ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ནི་རིག་པ་ཆེ། །
རིག་པའི་རྒྱལ་པོ་ཧེ་རུ་ཀ །ཞེས་བྱ་བ་ལ། སའི་དཀྱིལ་འཁོར་ན་རང་དང་གཞན་གྱི་རྒྱུད་དུ་སྔགས་སུ་བཤད་པ་དག་ལས་རིན་པོ་ཆེ་རྣམ་པ་བཞི་ནི་སྔགས་བཞི་སྟེ། གཙོ་བོ་དང་གཙོ་མོའི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། གོ་ཆའི་སྙིང་པོའོ། །རྒྱུད་ཐམས་ཅད་དུ་གཞན་རྨོངས་པར་བྱ་
བའི་ཕྱིར་བྱེད་པའི་ཚིག་འདོད་དགུར་བསྟན་པ་ཡིན་ནོ། ཡང་ན་རིན་ཆེན་བཞི་ཞེས་བྱ་བ་ནི་གཙོ་བོ་དང་། གཙོ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གོ། །ཡང་ན་ཚིག་གི་དོན་གཞན་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་དེ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་དེ་ནི་བྱང་ཞིང་མཁས་ལ་
เล่ม ๑๗ · หน้า 17b
གསལ་ཞིང་ནུས་པ་དང་ལྡན་པའོ་ཞེས་བྱ་བའི་བར་དུ་སྟེ། རྣལ་འབྱོར་མས་བསྟན་པ་དེ་ཐམས་ཅད་བྱེད་པས་འདི་དག་ཉིད་ནི་རིན་པོ་ཆེ་ཞེས་བྱ་བ། སྔགས་ཀྱི་ཕྲེང་བ་རིན་པོ་ཆེར་གྱུར་བ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་མངོན་པར་འདོད་པའི་དོན་སྟེར་བ་ཉིད་ཡིན་པའི་ཕྱིར་རོ། །
དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཕྲེང་བ་ཡང་དེ་དང་འདྲའོ་ཞེས་སྦྱར་རོ། །དེ་ཉིད་ཀྱིས་ན། རིག་པའི་རྒྱལ་པོའི་ལས་རྣམས་ནི། །ཞེས་བྱ་བ་ལ་སོགས་པས་དེའི་མཐུ་གསུངས་པ་ཡིན་ཏེ། རིག་པའི་རྒྱལ་པོ་ཞེས་བྱ་བ་ནི་ཕྲེང་བའི་སྔགས་ཀྱི་མིང་སྟེ། རྩ་བའི་སྔགས་ལ་
བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་འདི་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། འཇིག་རྟེན་གསུམ་ན་རིན་པོ་ཆེ་ནི་རྣམ་པ་བཞིའོ། །བཞི་པོ་དེ་དག་ཀྱང་གང་ཞེ་ན། ཕྲེང་བའི་སྔགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ་རིན་པོ་ཆེ་དང་པོ་ནི་དཔལ་འཁོར་ལོ་
སྡོམ་པར་བསྟན་པའི་རྩ་བའི་སྔགས་ལ་སོགས་པའི་སྔགས་ཐམས་ཅད་དོ། །རིན་པོ་ཆེ་གཉིས་པ་ནི། མཁའ་འགྲོ་མ་ཡི་རིག་པ་ཆེ། །ཞེས་བྱ་བ་དཔལ་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ། །རིན་པོ་ཆེ་གསུམ་པ་ནི་རིག་པའི་རྒྱལ་པོ་ཞེས་བྱ་བ་སྟེ། ཀེང་
རུས་ཆེན་པོ་ལ་སོགས་པ་དཔའ་བོ་ཐམས་ཅད་དོ། །རིན་པོ་ཆེ་བཞི་པ་ནི་དཔལ་ཧེ་རུ་ཀ་ཞེས་བྱ་བ་སྟེ་འདི་དག་ཉིད་གྲངས་མེད་པའི་རྩ་བར་གྱུར་པས་རིན་པོ་ཆེ་ཞེས་བཤད་དོ་ཞེས་འདོད་དོ། །ལེའུ་བརྒྱད་པའི་བཤད་པའོ།། །།འཇིག་རྟེན་གསུམ་གང་ཅི་ཡོད་
རྣམས། །ཐམས་ཅད་སྐད་ཅིག་གིས་འགྲུབ་འགྱུར། །ལས་རྣམས་ཐམས་ཅད་བྱེད་པའོ། །ཞེས་བྱ་བ་ནི་སྔགས་རྣམས་ལས་ཐམས་ཅད་པ་ཉིད་དུ་སྟོན་པ་ཡིན་ནོ། །སྐྱེ་གནས་ཐམས་ཅད་ཅེས་བྱ་བ་ནི་གོང་དུ་ལྷ་ལ་སོགས་པ་སྨོས་སུ་ཟིན་ཀྱང་། ཡང་ལྷ་ལ་སོགས་
པ་སྨོས་པ་ནི་རྒྱུད་ཐམས་ཅད་ལ་ཡང་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ཏེ། གསལ་བར་བྱ་བའི་དོན་ཡིན་པར་ཟད་དོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་རྣམས་ནི་སེམས་ཅན་གཞན་ལ་ལྟོས་ནས་ཤིན་ཏུ་མ་
เล่ม ๑๗ · หน้า 18a
རུངས་པ་ཡིན་ན་དེ་རྣམས་ཀྱང་སྐད་ཅིག་གིས་འགྲུབ་པར་བྱེད་དོ་ཞེས་གཉིས་ཀ་ཡང་བདག་ཉིད་ཆེ་བར་བསྟན་པའི་དོན་ཡིན་པས་ཀྱང་ལྷ་ལ་སོགས་པ་སྨོས་པ་ཡིན་ནོ་ཞེས་འདོད་དོ། །སྤྲིན་རྣམས་འཐོར་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་དུ་གཟུང་བ་ནི་དང་པོའོ། །
གཉིས་པར་དོན་འདི་ཡིན་ཏེ། རྡོ་རྗེ་དང་པདྨ་ཡང་དག་པར་འདུས་པའི་གནས་སྐབས་སུ་སྤྲིན་རྣམས་འཐོར་བར་བྱེད་པ་དང་། མཁའ་འགྲོ་མ་རྣམས་དབང་དུ་བྱེད་པ་དང་། བྱང་ཆུབ་སེམས་ཀྱི་ཆར་འབེབས་པར་བྱེད་པ་དང་། ཟློག་པར་བྱེད་པ་སྟེ་འཇོག་པར་བྱེད་པ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་
ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་འདིའི་བཟླས་བརྗོད་འབུམ་མ་བྱས་པར་ཡང་འདི་དག་ཐམས་ཅད་བྱེད་པར་ནུས་པས་སྒྲ་ཇི་བཞིན་པ་ཁོ་ནར་གཟུང་བའི་རིགས་སོ་ཞེས་འདོད་དོ། །ནམ་མཁའ་ལྡིང་གི་གདོང་དང་ཞེས་པ་ནི་གདོང་ནམ་མཁའ་ལྡིང་གི་རྒྱལ་པོ་དང་འདྲ་བའོ། །འགྲོ་བ་ནི་སོང་
བའོ། །འབྱིན་པར་བྱེད་པ་ནི་འགྲོ་བར་སྤྲོ་བ་སྟེ། །ཇི་ལྟར་ནམ་མཁའ་ལྡིང་གི་གཤོག་པ་གཉིས་སྐྱོད་པར་བྱེད་པ་ལྟར་ཟླ་བ་འདུས་པ་བུད་མེད་རྣམས་དང་ཀུན་དུ་སྤྱོད་པའོ། །མིའི་མཆོག་ཅེས་བྱ་བ་ནི་མི་གང་དེ་ལྟར་ཀུན་དུ་སྤྱོད་པར་བྱེད་པ་དེ་རབ་མཆོག་ཏུ་འགྱུར་ཞིང་འཇིག་རྟེན་གསུམ་དུ་ཐིག་ལེ་
འདྲ་ལ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དུར་ཁྲོད་ཀྱི་སོལ་བ་ལ་ཞེས་བྱ་བ་ལ་འདིར་མན་ངག་གསུངས་པ་ཡིན་ལ། དེ་ལ་མན་ངག་ནི་འདི་ཡིན་ཏེ། བ་རུ་རའི་ཤིང་གི་ལྷོ་ཕྱོགས་སུ་གཏོགས་པའི་ཡལ་ག །སྨེ་ཤ་ཅན་གྱི་སྟ་རེ་ལ་སོགས་པས་བཅད་ལ་མར་གྱི་
ངོའི་བཅུ་བཞི་ལ་མཚན་མོ་བསྲེགས་ཏེ། བོང་བུའི་གཅིན་གྱིས་བསད་ལ་སོལ་བ་དང་ཐལ་བ་བླངས་ཏེ། ལེགས་པར་བཞག་ནས་དེའི་རྗེས་ལ་སྔགས་གོང་མའི་ཆོ་ག་བཞིན་དུ་བྱས་ན་དེའི་འབྲས་བུ་མི་བཟློག་པ་ཉིད་དུ་འགྱུར་རོ། །ཨ་ཏི་མུཀྟའི་ལྕུག་མ་ལ། །ཞེས་བྱ་བ་ལ་འདིར་
མན་ངག་ནི་འདི་ཡིན་ཏེ་ཟླ་བ་གཟས་ཟིན་པའི་ཚེ་སྔགས་འབུམ་བཟླས་པའི་སྔགས་པས་ཨ་ཏི་མུཀྟའི་ཁང་སྟེངས་སུ་འདུག་ལ་སྲུང་བ་ལ་སོགས་པ་བྱས་ཏེ་བུ་མོ་གཙང་མས་བཀལ་བའི་སྲད་བུ་དམར་པོ་བྱས་ཏེ། ནུབ་ཕྱོགས་སུ་གཏོགས་པའི་ཡལ་ག་སྲད་བུ་དེས་དཀྲིས་ལ་ཕྱོགས་
เล่ม ๑๗ · หน้า 18b
གཅིག་ཏུ་སྔགས་པ་གཅེར་བུ་སྐྲ་གྲོལ་བས་ཟླ་བ་གཟས་ཟིན་པ་ནས་བརྩམས་ཏེ་བཏང་གི་བར་དུ་ཡལ་ག་དེ་ལ་ལག་པ་གཡོན་པས་བཟུང་ལ་སྔགས་རྒྱུན་མི་འཆད་པར་བཟླས་པར་བྱའོ། །དེའི་འོག་ཏུ་མཚོན་གྱིས་བཅད་ལ་ཇི་སྙེད་དུ་བཤད་པའི་ཆོ་ག་བྱའོ། །རྩེ་མོ་དང་རྩ་བ་ཤེས་པར་
བྱས་ལ་གང་རྩེ་མོས་ནི་འོང་བར་འགྱུར་ལ་རྩ་བས་ནི་ལྡོག་པར་འགྱུར་རོ། །ལྷག་མ་ནི་དོན་ཇི་ལྟ་བ་ཉིད་དོ། །དངོས་མི་འགྲུབ་ཅིང་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་པའོ། །བདེ་བ་དག་མི་འཐོབ་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་བདེ་བ་མི་འཐོབ་པ་སྟེ། བྱང་ཆུབ་ཀྱི་སེམས་རྟོགས་པར་མ་གྱུར་པའི་ལྷ་ལ་སོགས་པའི་འགྲོ་བ་རྣམས་ནི་སྡུག་བསྔལ་གྱི་རྩ་བ་ཅན་ཉིད་ཡིན་པའི་ཕྱིར་ལན་འགའ་བདེ་བ་ཡོད་ཀྱང་སྡུག་བསྔལ་ཉིད་དུ་འགྱུར་ཏེ། ཡུལ་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པའི་བདེ་
བ་རྣམས་དུག་དང་བཅས་པའི་ཁ་ཟས་ལྟར་ཕྱིས་སྡུག་བསྔལ་ཐོབ་པར་བྱེད་པ་ཉིད་ཡིན་ཞིང་། བློ་དམན་པ་རྣམས་ལ་ནི་མི་བདེ་བ་ཉིད་དུ་འགྱུར་རོ། །འདོད་པའི་སྤྱོད་པ་ཞེས་བྱ་བ་ལ་འདོད་པ་ནི་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའོ། །དེ་ནི་སྤྱད་པར་བྱ་བ་སྟེ། གང་ཉིན་མཚན་
དུ་བག་མེད་པའི་ཚུལ་གྱིས་སྤྱོད་པ་དེ་ནི་འདོད་པའི་སྤྱོད་པའོ། །དེ་ལ་ནི་རྩ་བའི་སྔགས་ལ་སོགས་པ་འདི་དག་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་པ་ཡིན་གྱི། ཡུལ་ལ་ཉེ་བར་སྤྱོད་པ་ལ་སྡང་བ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དཔལ་གསང་བ་འདུས་པ་
ལས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལེའུ་དགུ་པའི་བཤད་པའོ།། །།ཧཱུྃ་གཅིག་པུ་ལས་བྱུང་བའི་འཁོར་ལོ་གསུམ་གྱི་གནས་སྐབས་ནི་སྤྲུལ་པའི་སྐུའོ། །བཟླས་པའི་
གནས་སྐབས་སུ་འཁོར་ལོ་གསུམ་ཆར་རང་གི་ལུས་ལ་བསྡུས་ལ། གོ་ཆས་གོ་བསྐོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་རྗེས་ཐོགས་ལ་ཨཱ་ལི་ཀཱ་ལི་སྤྲོ་ཞིང་བསྡུ་བའི་གནས་སྐབས་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་གསུང་ངོ་། །སྐལ་ལྡན་གྲགས་པ་ནི་ཀུན་
เล่ม ๑๗ · หน้า 19a
དུ་དགའ་བའི་གནས་སྐབས་ནི་སྤྲུལ་པའི་སྐུའོ། །མཆོག་ཏུ་དགའ་བའི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ལྷན་ཅིག་སྐྱེས་པའི་གནས་སྐབས་ནི་ཆོས་ཀྱི་སྐུའོ་ཞེས་འདོད་དོ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །ཡང་དག་འཐོབ་
པར་གདོན་མི་ཟ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བའི་བདག་ཉིད་བཤད་པ་ཡིན་ནོ། །བདག་ཉིད་ཤྲཱི་ཧེ་རུ་ཀར་ནི། །འགྲུབ་འགྱུར་ཞེས་བྱ་བར་ནི་སྐུ་གསུམ་གྱི་བདག་ཉིད་ཅན་དཔལ་ཧེ་རུ་ཀར་བདག་ཉིད་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་པའི་བཤད་པའོ།། །།ཡུན་རིང་པོར་
མིག་མི་འཛུམས་པ་དང་། ཞེས་བྱ་བ་ནི་རྫས་མྱུར་དུ་འབྱུང་བར་མི་འགྱུར་རོ་ཞེས་ལ་ལ་ཟེར་རོ། །གཞན་དག་ནི་མིག་ཡུན་རིང་བར་བགྲད་པ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ནི་མྱུར་དུ་འཛུམ་པར་བྱེད་དོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །རོ་ཙ་ན་བླང་བ་ནི་འདིའི་རོ་ཙ་ན་བླངས་པ་ཙམ་
གྱིས་ནི་མ་ཡིན་ཏེ། འདི་ནི་མུ་སྟེགས་པའི་བཤད་པ་ཡིན་གྱི། རྣལ་འབྱོར་མའི་རྒྱུད་དུ་བསྟན་པར་འོས་པ་ནི་མ་ཡིན་ནོ་ཞེ་ན། དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་དུ་གོ་ཀུ་ད་ཧ་ན་ལ་སོགས་པའི་སྨན་བཟའ་བར་བཤད་པ་དེ་ཡང་མུ་སྟེགས་པའི་རིགས་
ཡིན་པར་འགྱུར་ན་དེ་ནི་མ་ཡིན་ནོ། །དེ་རྣམས་རང་ཉིད་ཤི་བའི་བླངས་པས་མུ་སྟེགས་པ་ལྟར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་རང་ཉིད་ཤི་བའི་སྐྱེ་བ་བདུན་པའི་རོ་ཙ་ན་བླང་བར་བཤད་དོ་ཞེས་པ་འདི་རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་མའི་རྒྱུད་འདི་དག་གི་དབྱེ་བ་ཅི་ཞིག་ཡོད་དེ། གང་གིས་
རྣལ་འབྱོར་གྱི་རྒྱུད་ནི་དེ་བཞིན་གཤེགས་པས་གསུངས་པ་ཡིན་ལ། རྣལ་འབྱོར་མའི་རྒྱུད་ནི་བདུད་ཀྱིས་བཤད་པ་ཡིན་པར་ཁོ་བོས་མ་རྟོགས་སོ། །དེ་ཡང་། གཉིས་ཀ་ཉེས་པ་མཉམ་གྱུར་དང་། །དོན་གྱི་ཉེས་པའང་མཉམ་གྱུར་པ། །དེ་ལྟ་བུ་ཡི་དོན་དཔྱད་པས། །གཅིག་ཏུ་དཔྱད་དུ་
རུང་མ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ལེའུ་བཅུ་གཅིག་པའི་བཤད་པའོ།། །།ལྕགས་གསུམ་གྱིས་དཀྲིས་ཏེ་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་ཀྱིས་སོ། །དཔལ་ཧེ་རུ་ཀའི་ཞལ་དུ་ཞེས་བྱ་བ་ནི་དེར་བཅུག་པའོ། །རོའི་ཁ་ཡིན་ནོ་ཞེས་ལ་ལ་འདོད་དོ། །གཞན་
เล่ม ๑๗ · หน้า 19b
དག་ནི་པདྨར་རོ་ཞེས་ཟེར་རོ། །མིའི་ཀ་པཱ་ལ་བླངས་ལ་སྔགས་པས་སྔོན་དུ་བསྙེན་པ་བྱས་ཤིང་རྡོ་རྗེ་དྲག་པོའི་སྦྱོར་བ་དང་ལྡན་པས། ཧཱུྃ་ཙམ་བརྗོད་པ་ཉིད་ཀྱིས་རང་གི་སྣ་ཁུང་གཡས་པ་ནས་ཁཎྜ་རོ་ཧཱ་ཕྱག་ན་མཚོན་ཆ་བསྣམས་པ་ཕྱུང་ལ། དེས་གང་གི་མིང་ནས་སྨོས་ཏེ་གནས་སྔར་
རྩ་ཕུག་ལ་དེའི་ཁྲག་གི་རྒྱུན་གྱིས་ཐོད་པ་ཡོངས་སུ་གང་བར་བསྒོམ་པར་བྱའོ། །དེ་ནས་ཡང་འདི་ཉིད་སྣ་ཁུང་གཡོན་པ་ནས་སྡིགས་པར་བྱེད་པ་དེ་ཉིད་ཞི་ཞིང་འཇམ་པའི་གཟུགས་ཀྱིས་བསྒྲུབ་པར་བྱ་བ་དེ་ཉིད་ཡོངས་སུ་གང་བར་བསྒོམས་ན་སོས་པར་འགྱུར་རོ། །ལེའུ་བཅུ་
གཉིས་པའི་བཤད་པའོ།། །།དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བྱ་བ་ལ། གང་དང་གང་ཞེས་བྱ་བའི་ཟློས་པར་སྨོས་པས་ནི་འཇིག་རྟེན་གྱི་
ཁམས་མ་ལུས་པར་བཤད་པའོ། །དབང་པོའི་ལམ་གྱུར་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཤེས་རབ་ཀྱིས་བཤིག་པ་སྟེ། གང་དང་གང་རྟོགས་པ་དེ་དང་དེའི་ངོ་བོ་ཞེས་བྱ་བ་ནི་དེའི་རང་བཞིན་དུའོ། །དེ་འདི་ལྟ་བུ་ནི། །ངོ་བོ་ཉིད་དམ་རང་བཞིན་དུ། །མཆོག་ཏུ་མཉམ་
གཞག་སྦྱོར་བ་ཡིས། །ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་སོ། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བྱ་བ་ནི་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ངོ་བོར་བལྟ་བར་བྱ་བ་སྟེ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་
གསུངས་པས་སྣ་ཚོགས་པ་སེམས་ཙམ་དུ་གནས་པའི་ཕྱིར་རོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ནི་རྣམ་པ་གཉིས་སུ་འགྱུར་ཏེ། ཡེ་ཤེས་ཀྱིས་གཉིས་སུ་མེད་པ་ཉིད་དང་། ཁ་ཟས་གཉིས་སུ་མེད་པ་ཉིད་དོ། །དེ་ལ་ཡེ་ཤེས་ཀྱིས་གཉིས་
སུ་མེད་པ་དང་ཁ་ཟས་གཉིས་སུ་མེད་པ་ཉིད་ནི་ཁྭ་དང་འུག་པ་དང་། ཆུ་སྐྱར་ལ་སོགས་པ་ལྟ་བུར་ངུ་འབོད་ལ་སོགས་པའི་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ལ། གང་ཡེ་ཤེས་ཀྱིས་གཉིས་སུ་མེད་པ་དེ་ནི་ས་བཅུའི་དབང་ཕྱུག་ཏུ་འགྱུར་བ་ཉིད་ཡིན་ནོ། །ལེའུ་
เล่ม ๑๗ · หน้า 20a
བཅུ་གསུམ་པའི་བཤད་པའོ།། །།འདིར་བོང་བུའི་རྣལ་འབྱོར་གྱི་མན་ངག་ནི་འདི་ཡིན་ཏེ། ཇི་ལྟ་བ་བཞིན་དུ་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ར་བ་ཟླུམ་པོར་བསྐོར་བ་དེ་ལྟར་བླང་བར་བྱའོ། །དེ་ལ་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་དབུས་
སུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་ཡི་གེ་ཧཱུྃ་དང་། ཕྱོགས་ཀྱི་འདབ་མ་བཞི་ལ་སྙིང་པོ་དང་། ཉེ་བའི་སྙིང་པོ་གཉིས་ཀ་དང་། མཚམས་ཀྱི་འདབ་མ་བཞི་ལ་ཐོད་པ་ཁྲག་གིས་ཡོངས་སུ་གང་བ་དང་། རྩིབས་ཉི་ཤུ་རྩ་བཞི་ལ་ཁཎྜ་ཀ་པཱ་ལི་ལ་སོགས་པ་སྔགས་བཞི་བཅུ་རྩ་བརྒྱད་
དང་། རྩ་བའི་ཐིག་གི་ནང་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་སྔགས་དང་། རྩ་བའི་ཐིག་གི་སྟེང་སྒོ་བཞིའི་ནང་དུ་གནོད་མཛེས་ཀྱི་སྔགས་ཀྱི་ཚིག་བཞི་པོ་གོ་རིམས་བཞིན་བྱ་བ་དང་། ར་བ་གཉིས་པ་ལ་རྩ་བའི་སྔགས་དང་། ར་བའི་ཕྱི་རོལ་དང་། སྒོའི་སྟེང་དང་སྒོ་ཁྱུད་ཀྱི་
མཚམས་བརྒྱད་དུ་གོ་ཆའི་སྔགས་གཉིས་དང་། ར་བ་ཟླུམ་པོ་ལ་བཅོམ་ལྡན་འདས་ཡབ་ཡུམ་གྱི་རྩ་བའི་སྔགས་དང་། དེའི་ཕྱི་རོལ་དུ་འོད་ཟེར་ལྟ་བུ་པུ་ལཱི་ར་མ་ལ་ཡ་ལ་སོགས་པ་གོ་ཆ་ཆེན་པོའི་ས་བོན་གྱིས་བསྐོར་ལ། འཁོར་ལོ་དེའི་དབུས་སུ་འབྲས་ཕྱེ་ལས་བྱས་པའི་བོང་བུའི་
གཟུགས་བརྙན་བྱས་ལ་བཞག་སྟེ། ཏིལ་མར་དང་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས་ལ་ཁ་ནས་ཁྲག་འཛག་པའི་བོང་བུའི་སྦྱོར་བ་རྒྱུད་ལས་བཤད་པའི་རིམ་གྱིས་དམིགས་ལ་མཚམས་བཞིར་མར་མེ་སྦར་ཏེ། འདི་ལས་བཤད་པའི་མངོན་པར་འདོད་པའི་སྔགས་ཀྱིས་སྔོན་དུ་
བསྙེན་པ་བྱས་ནས་སྔགས་རྒྱུན་མི་འཆད་པར་ཟློས་ཤིང་གཟུགས་བརྙན་ལ་བལྟས་ན་དེར་སྣང་བར་འགྱུར་ཏེ། འདིའི་མན་ངག་གོ། །དེ་ཡི་གཏོར་མའི་རིམ་པ་བྱས། །ཞེས་བྱ་བ་ནི་བཟའ་བར་བྱས་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་བཞི་པའི་བཤད་པའོ།། །།སུ་ལའང་
ཅུང་ཟད་ཡིད་མི་བརྟན། །ཡིད་བརྟན་ལས་ནི་བཟའ་མི་བྱ། །ཀུན་ལའང་ཡིད་ནི་མི་རྟོན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན། །ཞེས་བཤད་པས་རྣལ་འབྱོར་པ་ཐམས་ཅད་ཀྱིས་བྱ་བའི་ཐ་སྙད་ཐམས་ཅད་ལ་བརྡས་གནས་པར་བྱའོ། །གྲུབ་པའི་རྣལ་འབྱོར་མ་རྣམས་
เล่ม ๑๗ · หน้า 20b
ཀྱི་བརྡ་གསུངས་པ་ཌཱ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཌཱ་ཞེས་བྱ་བ་སྐྱེས་པར་བཤད། །ཅེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པ་ཉིད་ཡིན་ནོ། །ལཱ་མ་ཡིན་ཞེས་བྱ་བ་ནི་ལཱ་མའི་རིགས་ལས་བྱུང་བ་ཡིན་ནོ་ཞེས་དགོངས་ཏེ། དེ་བཞིན་དུ་ཐམས་ཅད་ལ་ཤེས་པར་བྱའོ། །བྱིན་པ་གཉིས་ཞེས་
བྱ་བ་ནི་ཁྱེད་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་འདོད་དོ་ཞེས་བྱ་བར་དགོངས་སོ། །ལེའུ་བཅོ་ལྔ་པའི་བཤད་པའོ།། །།ལྷ་མོ་རྣམས་ཀྱི་གཞན་གྱི་དམ་ཚིག་དང་། རང་གི་དམ་ཚིག་གི་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་གསུངས་པ་ནི་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་
པ་ཡིན་ཏེ། གུས་དང་མ་གུས་ལ་རབ་སྦྱིན། །ཞེས་བྱ་བ་ནི་རང་གི་དམ་ཚིག་དང་། གཞན་གྱི་དམ་ཚིག་ཅི་འདོད་པར་བརྟག་པར་བྱ་བ་ལ་འཇུག་པའོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ་ནི་གཞན་གྱི་དམ་ཚིག་སྟེ། གཞན་ནི་འདིར་མཆོག་ཅེས་བྱ་བར་དྲང་ངོ་། །དེ་ཉིད་
ཀྱིས་ནི་འདིར་ཡིད་དུ་འོང་བ་སྟེ་ཡིད་དང་རྗེས་སུ་མཐུན་པའོ། །གུས་དང་མ་གུས་ལ་རབ་སྦྱིན། །ཞེས་བྱ་བས་དོན་དེ་ཉིད་བྱེད་པའི་ཚིག་བཞི་པས་གསལ་བར་བྱའོ། །རིགས་ཀྱི་རྒྱུད་ལས་བྱུང་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པའོ། །དཔའ་བོ་དག་པའི་
རྗེས་སུ་འགྲོ། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རིགས་པས་བྱུང་བའོ། །དཔའ་བོའི་བློ་ནི་སུ་ར་བཻ་རཱི་དང་འཁྱུད་པའོ། །རྡོ་རྗེ་རིགས་ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བའོ། །དེ་བཞིན་གཤེགས་རིགས་རྗེས་འགྲོ་ཞིང་། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་
ཀྱི་རིགས་ལས་བྱུང་བའོ། །རིགས་ཀྱི་རིག་པའི་ཡི་གེ་ཡང་། །ཁ་དོག་དྲུག་ཏུ་འགྱུར་བ་ཡིན། །ཞེས་བྱ་བ་ནི་རིགས་ཏེ་སྒྲུབ་པའི་རིག་པ་ཞེས་བྱ་བ་ལྷ་མོ་གྲོགས་སུ་གྱུར་པ་དེ་ཉིད་ནི་ཡི་གེ་ཉིད་དུ་བརྟགས་པ་ཡིན་ཏེ། མི་འཇིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག །ཁ་
དོག་དྲུག་ཏུ་འགྱུར་བ་ཡིན། །ཞེས་བྱ་བ་ནི་ཁ་དོག་རྣམ་པ་དྲུག་ཏུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་ཁ་དོག་དྲུག་གི་མཚན་ཉིད་ཡིན་ཏེ། གོ་སླ་བ་ཡིན་ནོ། །ལེའུ་བཅུ་དྲུག་པའི་བཤད་པའོ།། །།དེ་ནས་རྙེད་དཀའི་རྣལ་འབྱོར་མ། །དེ་བཞིན་
เล่ม ๑๗ · หน้า 21a
མཁའ་འགྲོ་མ་རྣམས་ཀྱི། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་དང་མཁའ་འགྲོ་མ་རྣམས་ནི་རྙེད་པར་དཀའ་བ་སྟེ། གང་གི་ཕྱིར་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པས་བསྐལ་པ་དུ་མར་བསྒྲུབས་སུ་ཟིན་ཀྱང་མི་འགྲུབ་པའོ། །བདུད་རྩི་ལྔ་རྣམས་ཡང་དག་
འབྱུང་། །ཞེས་བྱ་བ་ནི་བདུད་རྩི་ལྔ་གོམས་པས་རྙེད་པར་སླ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཡ་མི་ནི་ལ་སོགས་པ་བདུན་དང་། གཟུགས་ཅན་མ་ལ་སོགས་པ་བདུན་གྱི་སྐུ་ལ་སོགས་པའི་མཚན་ཉིད་ཀྱི་རྟགས་ངེས་པར་བསྟན་པ་དང་ཁྱད་པར་དུ་བཤད་པ་ཡིན་
ཏེ། གང་ཞིག་ཤེས་པ་ཙམ་གྱིས་སྒྲུབ་པ་པོའི་བསྒྲུབ་པར་བྱ་བར་འགྱུར་བའོ། །འདི་དག་གི་རིགས་ཀྱི་ཕྱག་རྒྱ་ཐོད་པ་ལ་སོགས་པ་ལྔ་ནི་རེ་རེ་ཞིང་ཇི་ལྟར་འདོད་པ་ཉིད་དོ། །རྡོ་རྗེ་སྡིགས་མཛུབ་ནི་སྐྲག་བྱེད་མའོ། །ལེའུ་བཅུ་བདུན་པའི་བཤད་པའོ།། །།དམར་ཞིང་སེར་
བ་ཞེས་བྱ་བ་ནི་དམར་བ་ཡང་ཡིན་ལ་སེར་བ་ཡང་ཡིན་པའོ། །ལྷག་མ་ནི་གོ་སླའོ། །པདྨའི་གར་དབང་རིགས་བྱུང་ཡིན། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་རིགས་ལས་བྱུང་བའོ། །ལུས་ནི་སྔོ་བསངས་སྐྱ་བ་དང་། །ཞེས་བྱ་བ་ནི་མདོག་སྔོ་བསངས་ལ་མདངས་དཀར་བ་ནི་མི་
བསྐྱོད་པའི་རིགས་ཅན་ཏེ། དེ་བཞིན་དུ་ཐམས་ཅད་ལ་ཡང་ཤིས་པར་བྱའོ། །ལེའུ་བཅྭ་བརྒྱད་པའི་བཤད་པའོ།། །།ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་བཀུག་སྟེ། སོར་མོ་གཞན་རྣམས་ཀྱང་ཅུང་ཟད་བཀུག་ནས་མཛུབ་མོ་གཉིས་རྩེ་མོ་སྦྱར་
བ་ནི་པདྨའི་ཕྱག་རྒྱའོ། །ལག་པ་གཅིག་བརྐྱང་ལ། །དེའི་སྟེང་དུ་ལག་པ་ཅིག་ཤོས་བཞག་སྟེ་རུས་སྦལ་ལྟར་བརྐྱང་བ་ནི་རུས་སྦལ་གྱི་ཕྱག་རྒྱའོ། །དཔུང་པ་གཡོན་པ་བསྐུམ་ལ་ཆོས་གོས་ཀྱི་མཐའ་མ་ནས་འཛིན་པའི་ཚུལ་དུ་ལག་པ་གཉིས་འཇོག་པ་ནི་ཨེ་ན་ཡའི་པགས་པའི་གཡང་གཞི་ཞེས་བྱ་བའི་
ཕྱག་རྒྱའོ། །དཔུང་པ་གཡོན་པ་བརྐྱང་སྟེ་སྤྱི་བླུགས་འཛིན་པའི་ཚུལ་དུ་འཇོག་པ་ནི་སྤྱི་བླུགས་ཀྱི་ཕྱག་རྒྱའོ། །མཐེ་བོས་མཐེའུ་ཆུང་མནན་ལ་སོར་མོ་ལྷག་མ་རྣམས་གྱེན་དུ་བརྐྱང་བ་ནི་མདུང་རྩེ་གསུམ་པའི་ཕྱག་རྒྱའོ། །མཐེ་བོས་སོར་མོ་ཐམས་ཅད་མནན་ལ་མཛུབ་མོ་བརྐྱང་
เล่ม ๑๗ · หน้า 21b
བ་ནི་མདུང་ཐུང་གི་ཕྱག་རྒྱའོ། །དྲིལ་བུ་འཛིན་པའི་ཚུལ་དུ་འཇོག་པ་ནི་དྲིལ་བུའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་མཛུབ་མོ་གཉིས་དང་གུང་མོ་གཉིས་ཟུང་དུ་བརྐྱང་ལ་མིག་གཉིས་དོར་ཏེ། ཁར་ལག་པ་གཉིས་འཇོག་པ་ནི་ཁའི་ཕྱག་རྒྱའོ། །
གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་དུང་གི་ཚུལ་དུ་བཀུག་ལ་མཛུབ་མོ་དང་མཐེ་བོང་བརྐྱང་བ་ནི་དུང་གི་ཕྱག་རྒྱའོ། །ལག་པ་གཉིས་ཀྱིས་གདེངས་ཀའི་ཚུལ་དུ་བྱས་པ་ནི་ཀླུའི་ཕྱག་རྒྱའོ། །ལེའུ་བཅུ་དགུ་པའི་བཤད་པའོ།། །།ད་ནི་ཡན་ལག་གི་བརྡ་བསྟན་པར་བྱ་བའི་ཕྱིར་དེ་
ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ནམ་མཁའ་ལྡིང་སྟོན་པ་ནི་ཞེས་བྱ་བ་ནི་གཤོག་པ་ལྟ་བུར་ཟླུམ་པོར་བྱས་ལ་ལག་པ་གཉིས་བཏེག་སྟེ་སྐྱོབ་ཅིང་གཡོབ་པ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དམ་ཚིག་ཅན་འདུས་པ་ཞེས་བྱ་བའི་ཏོ། །ལེའུ་ཉི་ཤུ་པའི་བཤད་
པའོ།། །།ལག་པས་ཆུ་བོའི་ཚུལ་དུ་སྟོན་པ་ནི་ཆུ་བོའི་ཕྱག་རྒྱའོ། །ལག་པ་གཉིས་འདར་བ་དང་བཅས་པས་རླབས་གཡོ་བ་ལྟར་ཉེ་བར་སྟོན་པ་ནི་རྒྱ་མཚོའི་ཕྱག་རྒྱའོ། །ལེའུ་ཉི་ཤུ་གཅིག་པའི་བཤད་པའོ།། །།གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་བརྐྱང་ལ་མཐེ་བོ་དང་
མཛུབ་མོ་བསྐུམ་སྟེ་རྩེ་སྦྱར་བའི་ཚུལ་དུ་བཞག་པ་ནི་མིག་གི་ཕྱག་རྒྱའོ། །པ་ཏི་ས་ཞེས་བྱ་བ་ནི་འཕྲལ་བའི་སྟེང་དུ་པ་ཏི་ས་ལྟ་བུའོ། །མདུང་ཞེས་བྱ་བ་ནི་མཐེའུ་ཆུང་མཐེ་བོས་མནན་ལ་སོར་མོ་ལྷག་མ་གསུམ་མདུང་རྩེ་ལྟ་བུར་བསྟན་པའོ། །མཚམས་ནི་མགོའི་དབུས་ཀྱི་ཆའོ། །
གསང་བ་པ་ནི་རྣལ་འབྱོར་མའོ། །ལེའུ་ཉི་ཤུ་གཉིས་པའི་བཤད་པའོ།། །།དམ་ཚིག་ཅན་གང་རྗེས་ཆགས་པ། །ཞེས་བྱ་བ་ནི་སྒྲུབ་པ་པོ་གང་ཕྱི་རོལ་གྱི་རྣལ་འབྱོར་མ་དངོས་པོ་ཐམས་ཅད་ཀྱིས་བརྩེ་བའི་གཞན་དབང་དུ་གྱུར་ན་དཔའ་བོ་དེའི་ས་གཞི་ཞེས་བྱ་བ་སའི་དཀྱིལ་
འཁོར་ཐམས་ཅད་མ་ལུས་པའི་ས་ལ་ལོངས་སྤྱོད་པར་འགྱུར་གྱི། སྐལ་བ་དམན་པ་གཞན་གྱི་ནི་མ་ཡིན་ནོ། །གཞིར་ནི་ས་གཞི་བྱས་ནས་སུ། །རྣལ་འབྱོར་མ་ཡི་སྡོམ་པ་མཆོག །ཅེས་བྱ་བ་ལ་ས་གཞི་ནི་དམ་ཚིག་ཅན་གྱི་རྣལ་འབྱོར་མ་སྟེ། དེ་གཞིར་བྱས་ནས་རྣལ་འབྱོར་
เล่ม ๑๗ · หน้า 22a
མའི་སྡོམ་པ་ཞེས་པ་ཕྱག་རྒྱ་ཆེན་པོའི་སྦྱོར་བ་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་མཆོག་ཏུ་དགའ་བའི་རྣམ་པར་བདེ་མཆོག་མཆོད་པར་བྱའོ་ཞེས་འདོད་དོ། །རྒྱལ་མཚན་མདུང་འདྲར་རྟག་ཏུ་འབྱུང་། །ཞེས་བྱ་བ་ནི་རྒྱལ་མཚན་ནི་མཚན་
མ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་རྒྱལ་མཚན་ནི་མདུང་ལ་སོགས་པ་ལ་བསྐྱོན་པའི་མི་རོའི་ཁྱད་པར་ཡིན་ནོ་ཞེས་འདོད་དེ། མདུང་གང་ཡིན་པ་དེ་ཞེས་སྦྱར་རོ། །དེ་གསལ་མེ་ལོང་ཡིན་ཞེས་བྱ་བ་ནི་མེ་ལོང་ལ་རྒྱུན་མི་འཆད་པར་བལྟ་བ་ན་དེའི་
མདུང་དང་རྒྱལ་མཚན་སྐྱེ་བར་ཤེས་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་རྒྱལ་མཚན་དང་མདུང་ལ་སོགས་པའི་མཚན་ཉིད་ཀྱིས་མཁའ་འགྲོ་མ་རྣམས་ཡིན་པར་ཤེས་པར་བྱའོ་ཞེས་འདོད་དོ། །དེ་ཡང་། མཚན་ཉིད་འདི་དག་དང་ལྡན་པ། །
།དེ་ནི་མཁའ་འགྲོ་མ་རྣམས་ཀྱི། །མཆོག་ཡིན་པར་ནི་ཤེས་པར་བྱ། །ཞེས་ཇི་སྐད་གསུངས་པའོ། །ལེའུ་ཉི་ཤུ་གསུམ་པའི་བཤད་པའོ།། །།ལག་པ་གོས་ཀྱི་མཐའ་ནས་བཟུང་སྟེ་སྟོན་པ་ནི་པྲོ་ཏང་གིའོ། །གོས་ཀྱི་མཐའ་རབ་ཏུ་བསྐྱོད་པར་སྟོན་པ་ནི་པྲ་ཏི་པྲོ་ཏང་གིའོ། །
ལེའུ་ཉི་ཤུ་བཞི་པའི་བཤད་པའོ།། །།ལེའུ་ལྔ་པ་དང་། ལེའུ་བདུན་པ་དང་། བཏུས་པའི་རྩ་བའི་སྔགས། ཨོཾ་ན་མོ་ཞེས་བྱ་བ་ལ་སོགས་པའི་ལེའུ་འདིར་གསལ་བར་མཛད་པ་ཡིན་ནོ། །ལེའུ་ཉི་ཤུ་ལྔ་པའི་བཤད་པའོ།། །།རིམ་དང་རིམ་ལས་བཟློག་པ་ཡི། །ཕོ་
ཉ་རྣམས་ནི་ཡང་དག་གནས། །ཞེས་བྱ་བ་ནི་སྔར་བརྩོན་ཆེན་མ་ལ་སོགས་པ་གོ་རིམས་བཟློག་པས་བསྟན་པ་དེ་རྣམས་གོ་རིམས་བཞིན་དུ་བསྒྲུབ་པར་བྱའོ། །དེ་ཉིད་ཀྱིས་ན། འོག་དང་སྟེང་གྲུབ་རྟག་ཏུ་སྟེར། །ཞེས་བྱ་བ་གསུངས་ཏེ། འོག་ཏུ་གནས་པ་རྣམས་སྟེང་དུ་
རྣམ་པར་བཀོད་ན་དེའི་ཚེ་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕོ་ཉ་དེ་དོན་ཀུན་གྲུབ་སྟེར། །ཞེས་བྱ་བ་ནི་ཕོ་ཉ་མོ་དེ་མཐོང་བ་དང་ཐོས་པས་ཀྱང་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་ན། བསྒྲུབས་པས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ཙུམྦ་ན་དང་རྟག་
เล่ม ๑๗ · หน้า 22b
པར་འཁྱུད། །རྣལ་འབྱོར་གནས་ནི་ཁྱད་པར་ཉིད། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །ཅེས་བྱ་བ་ལ་འདིར་དོན་ནི་འདི་ཡིན་ཏེ། གནས་དང་ཉེ་བའི་གནས་ལ་སོགས་པར་གནས་པའི་རྣལ་འབྱོར་མ་རྣམས་དངོས་གྲུབ་སྟེར་བར་
འགྱུར་བ་སྟེ། ཙུམྦ་ན་དང་འཁྱུད་པ་དག་ནི་འདོད་པའི་བསྟན་བཅོས་ལས་བཤད་པའི་རིམ་པས་བསྟན་ན་དེ་ལ་ཕོ་ཉ་མོ་རྣམས་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདེན་པ་ཅན་ནི་ཀུན་ལ་སྦྱིན། །ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་མ་རྣམས་
མཐོང་ན་བཟའ་བ་དང་བཅའ་བ་དང་ལྷ་བཤོས་ལ་སོགས་པ་བརྡ་རྣམས་བསྟན་པར་བྱའོ་ཞེས་པའོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོར་གནས་ལ། །ཞེས་བྱ་བ་ནི་ཞིང་ལས་སྐྱེས་པ་དང་སྔགས་ལས་སྐྱེས་པ་དང་ལྷན་ཅིག་སྐྱེས་པ་ནི་མ་ལ་སོགས་པ་སྟེ་སྤྱན་
ལ་སོགས་པའི་ལྷ་མོ་རྣམས་ཡིན་ལ། དེ་རྣམས་རྣམ་པར་མི་རྟོག་པའི་གཉིས་སུ་མེད་པའི་སྦྱོར་བས་སྙོམས་པར་འཇུག་པའི་མཆོད་པ་བྱ་བ་སྟེ། གསང་བ་འདུས་པ་ལས། མ་དང་སྲིང་མོ་བུ་མོ་ལ། །འདོད་པའི་སེམས་ཀྱིས་མཉེས་བྱས་ནས། ཐེག་པ་མཆོག་
གི་ཆོས་ཉིད་གྱི། །དངོས་གྲུབ་རྒྱ་ཆེན་དེས་ཐོབ་བོ། །སངས་རྒྱས་གཙོ་བོའི་ཡུལ་དག་ལ། རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་པར་བྱས་ཀྱང་མི་གོས་ཏེ། །དེ་ནི་སངས་རྒྱས་འགྲུབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཇི་ལྟ་བ་བཞིན་དུ་ཐོས་པ་དང་བསམ་
པ་དང་བསྒོམ་པའི་རིམ་གྱིས་དེ་དག་གཉིས་སུ་མེད་པའི་སེམས་སྐྱེ་བར་གྱུར་པ་དེའི་ཚེ་དེ་ལྟ་བུའི་མཆོད་པ་བྱའོ་ཞེས་སྟོན་ཏོ། །ཕོ་ཉ་མོ་མ་ཡིན་ཞིང་སེམས་རྣམ་པར་དག་པར་མ་གྱུར་པ་དེ་ལྟ་བུའི་མཆོད་པས་ནི་སོམ་ཉི་སྐྱེ་བར་འགྱུར་བས་ངུ་འབོད་ལ་སོགས་པའི་དམྱལ་བར་སྐྱེ་བར་འགྱུར་
རོ། །དེ་ལྟར་ཡུལ་དེ་ལྟ་བུ་ལ་སོགས་པ་ལ་འདོད་པས་གདུངས་ཤིང་རང་བཞིན་ངན་པས་སྤྱོད་པར་བྱེད་པའི་མཆོག་ཏུ་ཆད་པར་ལྟ་བའི་སྒྲུབ་པ་པོ་དེ་ཡང་དུས་མ་ཡིན་པར་འཆི་བ་ལ་སོགས་པས་དམྱལ་བ་ལ་སོགས་པར་སྐྱེ་ཞིང་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །སྒྲུབ་པ་པོ་དེ་དང་
เล่ม ๑๗ · หน้า 23a
ཕྲད་པས་སྤྱོད་ཡུལ་ལ་སོགས་པ་ཡང་དམྱལ་བར་འགྲོ་བའི་ཕྱིར་སློབ་དཔོན་རྣམ་པར་མི་རྟོག་པའི་ཕྱིར་རོ་སྙམ་ནས་སློབ་དཔོན་གྱིས་ལྟུང་བར་འགྱུར་བ་དེ་བྱ་བ་མ་ཡིན་ཏེ། བླ་མ་སློབ་མ་མཉེས་པར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན། གང་ཞིག་རྟག་ཏུ་
སྔགས་བྱིན་པ། །དེ་ཡི་དེ་ཉིད་ཆོ་གར་བཤད། །ཅེས་གསུངས་པ་ཡིན་ཏེ། སྐལ་བ་ངན་པ་གང་ལ་གསང་སྔགས་བྱིན་ན་སྔགས་ལ་སོགས་པས་གཉིས་སུ་མེད་པའི་སེམས་མངོན་དུ་གྱུར་ན་དེའི་ཚེ་དེས་མཆོད་པ་བྱའི་གཞན་དུ་མ་ཡིན་ནོ་ཞེས་བྱ་བར་དེ་བཞིན་གཤེགས་པས་དགོངས་སོ། །གཡོན་
ནས་འགྲོ་ཞེས་བྱ་བ་ནི་བུད་མེད་དམ། སྐྱེས་པ་མཐོང་བ་ན་གཡོན་གྱི་ཆ་ནས་འགྲོ་བའོ། །དེ་ལྟར་ན། ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །ཧེ་རུ་ཀ་ལས་སྦྱོར་གཞན་མེད། །ཅེས་བྱ་བ་ནི་ཧེ་རུ་ཀ་ལས་གཞན་པའི་མཆོག་ཏུ་གྱུར་པའི་རྣལ་འབྱོར་མེད་དོ་ཞེས་བྱ་
བའི་དོན་ཏོ། །དེ་ཉིད་ཀྱིས་ན། སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་དེའི་གཞི་ནི་སློབ་དཔོན་མཆོག་ཉིད་ཡིན་ཏེ། རྣལ་འབྱོར་ཐམས་ཅད་ཀྱི་ཕ་དང་མའི་གནས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདི་རུ་ནི་སྒྲུབ་པ་པོ། །ལེགས་པར་
གྱུར་པ་ཉིད་ཡིན་ནོ། །ཞེས་བྱ་བ་ནི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་འཛིན་པ་ལ་བརྙས་མི་བྱ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ཁྭ་གདོང་ལ་སོགས་བརྒྱད་པོ་ནི། །མོས་དང་དད་པ་འཕེལ་བྱེད་པ། །ཞེས་བྱ་བ་ནི་དངོས་གྲུབ་རྣམས་ཀྱི་རྒྱུར་བརྒྱད་པོར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །དམ་ཚིག་རྣམས་སྐྱོང་བ་ནི་དང་པོའོ། །ལྷ་མོ་གཞན་དང་ཀུན་སྦྱོར་བའི། །འདོད་ལ་བརྐམ་པར་གྱུར་པ་དང་། །ཞེས་བྱ་བ་ནི་གང་འདོད་པའི་རྣམ་པར་རྟོག་པ་དང་། འདོད་པ་ལ་ཞེན་པས་ལྷ་མོ་གཞན་དང་ཀུན་ཏུ་སྦྱོར་བར་བྱེད་པ་དེ་ནི་བརྐམ་པ་ཞེས་བྱ་བའི་དོན་
ཏོ། །དེ་བས་ན་སྦྱོར་བ་གཞན་སྤང་བ་ནི་གཉིས་པའོ། །གཉིས་སུ་མེད་དང་ཞེས་བྱ་བ་ནི་གཉིས་སུ་མེད་པར་རྟོག་པ་དང་བྲལ་བ་ནི་གསུམ་པའོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་བཞི་པའོ། །དམ་ཚིག་སྤྱོད་པ་སྤང་པ་དང་། །ཞེས་བྱ་བ་ལ་དམ་ཚིག་ནི་ལྷ་མོ་རྣམས་ཏེ། དེའི་
เล่ม ๑๗ · หน้า 23b
སྤྱོད་པ་ནི་འདོད་པའོ། །དེར་སྤྱད་པ་ནི་བྱ་བ་གང་ཡིན་པ་སྟེ། དེ་ནི་དམ་ཚིག་སྤྱོད་པ་སྤྱད་པ་ཞེས་བྱ་བ་སྟེ་ལྔ་པའོ། །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་མངོན་པར་འདུ་བྱ་བའི་དུས་སུ་དབང་ཕྱུག་མེད་ཅིང་དབང་ཕྱུག་དང་བྲལ་བར་མི་བྱའི། གཞན་དུ་ན་དབང་ཕྱུག་ཉིད་དུ་
བྱའོ་ཞེས་བྱ་བ་ནི་དྲུག་པའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་རབ་ཏུ་དགའ་བའི་དུས་སུ་རྣལ་འབྱོར་མ་ཉིད་གཙོ་བོ་ཡིན་ནོ་ཞེས་འདོད་དོ། །ཚངས་པར་སྤྱོད་པ་དེ་བཞིན་གཞི། །ཞེས་བྱ་བ་ནི་གཞིར་གྱུར་པ་བྱང་ཆུབ་ཀྱི་སེམས་ལེན་པའི་སྐབས་སུ་ཚངས་པ་ཉིད་དུ་སྤྱད་
པར་བྱའོ་ཞེས་བྱ་བ་ནི་བདུན་པའོ། །ཁྲོ་མེད་རྒྱུན་གྱི་ཀུན་དུ་སྤྱོད། །ཅེས་བྱ་བ་ནི་ལེན་པའི་དུས་སུ་ཁྲོ་ཞིང་སྤོང་བར་མི་བྱ་བ་སྟེ། དེ་ལྟར་དམ་ཚིག་བརྒྱད་པ་ནི་མཆོག་སྟེ། དམ་པ་ཡིན་པས་སྒྲུབ་པ་པོ་ཡིས་ཤེས་པར་བྱའོ་ཞེས་སྦྱར་རོ། །རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། །ཞེས་བྱ་བ་ནི་
གསང་བ་འདི་ནི་རྒྱུད་ཐམས་ཅད་ཀྱི་སྤྱི་ཡིན་ལ། དེ་བས་ན་གསང་བ་ཡིན་ཏེ། དགོངས་པ་འདི་རྒྱུད་གཞན་ཤེས་པས་ཀྱང་རྟོགས་པར་མི་འགྱུར་རོ། །དེ་བས་ན། རྒྱུད་མེད་པར་ནི་གཞོམ་མི་བྱ། །ཞེས་བྱ་བ་ཡིན་ཏེ། ཚད་མ་ལ་སོགས་པར་བཤད་
པས་གཞོམ་པར་མི་བྱ་ཞིང་སུན་དབྱུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བྱ་ཞེ་ན། དད་པ་ཉིད་ཀྱིས་བླང་བྱ་ཡི། །ཞེས་བྱ་བ་ལ་སོགས་པ་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི། རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། །ཞེས་བྱ་བ་
ནི་རྒྱུད་ལ་ཞུགས་པ་ཀུན་གྱི་ཐུན་མོང་ཡིན་པའོ། །རྒྱུ་མེད་པར་ཞེས་བྱ་བ་ནི་གཞི་མེད་པར་མི་བྱའི། རྒྱུ་ཡོད་ན་ནི་གཞོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ཡང་འདིར་བླ་མ་དང་། རྣལ་འབྱོར་མ་དང་། དམ་ཚིག་དང་། དཀོན་མཆོག་གསུམ་ལ་སོགས་པ་ལ་
གནོད་པར་བྱེད་པ་སྟེ་དམ་ཚིག་བརྒྱད་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་བ་ཉིད་ཡིན་ནོ། །དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས། བྱང་ཆུབ་སེམས་དཔའ་དགེ་བ་བཅུ་ཆར་ལས་ཀྱང་འདྲ་བར་བྱ་སྟེ། འདི་ལྟ་སྟེ། འདོད་ཆགས་དང་ལྡན་པའི་བུད་མེད་བྱང་
เล่ม ๑๗ · หน้า 24a
ཆུབ་སེམས་དཔའི་དབང་གིས་སྲོག་གཏོད་པར་བྱེད་ན་དེའི་ཚེ་རྒྱུ་དེས་དེའི་སྲོག་གཟུང་བར་བྱའོ། །གདུག་པ་ཅན་གསོན་པས་གནོད་པར་བྱེད་ན་དེ་བསད་ན་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་གྱི། སླར་ཡང་བསོད་ནམས་ཆེན་པོ་འཐོབ་པར་འགྱུར་རོ་ཞེས་བྱ་
བའི་བར་དུ་སྐལ་ལྡན་གྲགས་པ་འདོད་དོ། །བློ་ལྡན་མཐེའུ་ཆུང་བསྐྱོད་པར་ནི། །ཞེས་བྱ་བ་ནི་ལྷ་མོ་མཆོད་པའི་དུས་སུ་ལྷའི་རྣལ་འབྱོར་དང་ལྡན་པར་ཤེས་པར་བྱ་བའི་དོན་ཏོ། །ཡང་ན་སྔགས་ཤིན་ཏུ་བསླབས་པར་གལ་ཏེ་མ་གྱུར་ན་དེའི་ཚེ་དེ་ལས་གཞན་པ་ལ་ཡང་སེམས་དག་པར་བྱས་
ཏེ། མཆོད་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་རྩ་རྒྱུས་བསྐྱོད་པར་བྱའོ་ཞེས་འདོད་དོ། །ཕོ་ཉ་མོ་རྣམས་ཡང་དག་གནས། །ཞེས་བྱ་བ་ནི་རབ་ཏུ་དགའ་བའི་བདེ་བ་ཆེན་པོར་ཉེ་བར་སྦྱོར་བ་ནི་ཤིན་ཏུ་སེམས་དང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཉེས་
བྱེད་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མིའོ། །ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་པའི་མི་སྟེ་རྣལ་འབྱོར་པའི་ཁྱད་པར་གསུམ་དུ་གྱུར་ཏེ། མཉེས་བྱེད་ཅེས་བྱ་བ་ནི་སྤོབས་པ་མ་སྐྱེས་པའོ། །རྣམ་པར་དག་པ་ཞེས་བྱ་བ་ནི་ནུས་པ་སྐྱེས་པའོ། །གསལ་བྱེད་ཅེས་བྱ་བ་
ནི་འཕྲལ་དུ་གསལ་བར་བྱེད་ཅིང་ཅུང་ཟད་སྤོབས་པ་སྐྱེས་པས་བསྟན་བཅོས་དང་མི་འགལ་བའོ། །ཡང་ན་མཉེས་བྱེད་ཅེས་བྱ་བ་ནི་སྔགས་ཀྱི་སྦྱོར་བ་ལ་གོམས་པས་ལྷ་རྣམས་མཉེས་པར་བྱེད་པའོ། །ཡོན་ཏན་ལྡན་ནི་བསྟན་བཅོས་ཀྱི་དོན་ཤེས་པའོ། །གསལ་བྱེད་ནི་སྒྲོལ་མ་ལྟར་སེམས་
ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་བྱེད་ནུས་པའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་མཉེས་བྱེད་ཅེས་བྱ་བ་ནི་བླ་མ་དང་རྣལ་འབྱོར་མ་དང་དམ་ཚིག་ལ་སོགས་པ་སྟེན་པར་བྱེད་པའོ། །རྣམ་པར་དག་པ་ཞེས་བྱ་བ་ནི་མཛེས་དོག་ལ་སོགས་པ་དང་བྲལ་བའོ། །གསལ་
བྱེད་ཅེས་བྱ་བ་ནི་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་རྟོག་པ་སེལ་བར་ནུས་ཤིང་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པའི་བློ་གྲོས་ཅན་ནོ། །ཡོན་ཏན་འདི་དག་དང་ལྡན་པ་ནི་མ་ཡིན་གྱི། །དེ་ལས་གཞན་པ་ནི་ཕྱུགས་ཞེས་བྱའོ་ཞེས་འདོད་དོ། །ལེའུ་ཉི་ཤུ་རྩ་དྲུག་པའི་བཤད་
เล่ม ๑๗ · หน้า 24b
པའོ།། །།ཕོ་ཉ་གཟུགས་དང་མཚན་ལྡན་པ། །ཡུལ་ཡུལ་དག་ཏུ་དེ་རབ་སྤོང་། །ཞེས་བྱ་བ་ནི་རྣལ་འབྱོར་མ་གསུམ་པོ་དེ་དག་ཀྱང་གཟུགས་དང་མཚན་ཉིད་ཕུན་སུམ་ཚོགས་པའི་ཕོ་ཉ་མོར་ཡུལ་ཡུལ་དག་ཏུ་སྣང་ངོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་
ནི་གཟུགས་དང་མཚན་ཉིད་ཕུན་སུམ་ཚོགས་པའི་ཕོ་ཉ་མོར་རྣལ་འབྱོར་མ་དེ་དག་ཉིད་ཡུལ་ཡུལ་དུ་སོང་བར་སྣང་ངོ་ཞེས་འདོད་དོ། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །ཞེས་བྱ་བ་ནི་ཕོ་ཉ་མོ་རྣམས་བསྟེན་པར་བྱ་བར་དཀའ་བས་རལ་གྲིའི་སོ་ལྟ་བུ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་
དོ། །སྐལ་ལྡན་གྲགས་པ་ནི་རྟག་ཏུ་འཇིགས་པ་དང་བཅས་པ་དང་། མཉམ་པར་གཞག་པར་གྱུར་པས་བསྟེན་པར་བྱའོ་ཞེས་འདོད་དེ། །དེ་ཡང་། དེ་བཞིན་ཕོ་ཉ་ལེགས་འདུས་པས། །ཞེས་གསུངས་པ་ཡིན་ཏེ། དེ་བཞིན་ཞེས་བྱ་བ་རྟག་ཏུ་ཕོ་ཉ་དང་ཕོ་ཉ་མོ་རྣམས་འདུས་
ཤིང་འདྲེས་པའོ། །བཟླས་མཆོད་བསམ་གཏན་མཆོད་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ཚེ་འདི་ཉིད་ལ་ཞེས་བྱ་བའི་དོན་ཏོ། །བཟླས་པ་ནི་ཧཱུྃ་ལ་སོགས་པའི་སྔགས་ཟློས་པའོ། །མཆོད་པ་ནི་མཆོད་པ་ལྔས་ལྷ་རྣམས་ལ་མཆོད་པའོ། །
བསམ་གཏན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྒོམ་པ་སྟེ། འདི་དག་གིས་འགྲུབ་པར་འགྱུར་བར་རྫོགས་པའི་སངས་རྒྱས་ཀྱིས་བསྟེན་པར་མཛད་ན། འདི་དག་མེད་པར་འང་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ཕོ་ཉ་མོ་དང་འདུས་ཤིང་བསྟེན་པའི་བདག་ཉིད་
ཆེ་བ་ཉིད་སྟོན་པ་ཡིན་ནོ། །འདི་ལས་གཞན་པའི་མཆོད་མེད་དེ། །ཞེས་བྱ་བ་ནི་ཕོ་ཉ་མོ་དང་འདུས་པ་ལས་གཞན་པའི་མཆོད་པ་ལྷ་རྣམས་མཉེས་བྱར་བྱ་བ་ལ་སོགས་པ་མེད་པའོ། །དེ་ལྟར་བསྟན་བཅོས་ངེས་པ་ཡིན། །ཞེས་བྱ་བ་དེ་ལྟར་ཞེས་བྱ་བ་ནི་འདི་སྐད་བསྟན་པ་ནི་ཐེག་
པ་ཆེན་པོ་རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་མའི་རྒྱུད་ཀྱི་བསྟན་བཅོས་ཀྱི་ངེས་པ་སྟེ། མི་འགྱུར་བ་ཡིན་ནོ། །ཟས་ལ་རྟག་ཏུ་སྤྱད་པར་བྱ། །ཞེས་བྱ་བ་ནི་ཆོ་ག་བཞིན་དུ་གཅིག་ཏུ་ཁ་ཟས་ལ་ལོངས་སྤྱད་པར་བྱ་བ་སྟེ། ལན་ཅིག་ལོངས་སྤྱད་པས་ཀྱང་མངོན་པར་འདོད་པའི་དོན་
เล่ม ๑๗ · หน้า 25a
འགྲུབ་པོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞེས་བྱ་བ་སྟོན་ཏོ། །དེ་ལྟར་ན་ཟས་ལ་སྤྱད་པ་ནི་ཀུན་དུ་ཡིད་བརྟན་དུ་རུང་བའི་ཕོ་ཉ་མའི་ཚོགས་དང་སྒྲུབ་པ་པོས་ལོངས་སྤྱད་པར་བྱའོ་ཞེས་སྒྲུབ་པ་པོའི་ཟས་ཀྱི་ཆོ་ག་ངེས་པ་གསུངས་པ་ཡིན་ནོ། །མཉམ་པར་གཞག་
པས་ཞེས་བྱ་བ་ནི་རབ་ཏུ་བག་མེད་ཅིང་དྲེགས་ལ་མཉམ་པར་མ་བཞག་པའི་རྣལ་འབྱོར་པས་ནི་ནམ་ཡང་ཡིད་ལ་རེ་བ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིགས་རྣམས་ནི། ཀུན་ལ་ཉེ་བར་སྤྱད་བྱ་ཞིང་། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་ལས་བྱུང་བའི་
རིགས་ཐམས་ཅད་དང་ཟས་ལ་ལོངས་སྤྱོད་པ་ལ་སོགས་པ་བྱའོ་ཞེས་སྐལ་ལྡན་དགོངས་སོ། །ཟས་ལའང་བརྟག་པར་མི་བྱའོ། །ཞེས་བྱ་བ་ནི་བཟའ་བ་དང་བཟའ་བ་མ་ཡིན་པ་ལ་སྤྱད་པ་དང་མི་སྤྱད་པའི་རྟོག་པ་མི་བྱ་སྟེ། ནོར་བུ་དང་སྔགས་དང་སྨན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་
པ་ཡིན་པའི་ཕྱིར་དད་པས་རྟག་ཏུ་བླ་མའི་མན་ངག་ཇི་ལྟར་བསྟན་པ་ཉིད་ཀྱིས་བདུད་རྩི་ལྔ་བསྟེན་པར་བྱའོ། །གང་ཞིག་དམ་ཚིག་ལ་མི་གནས། །གཞན་དག་ཀྱང་ནི་ཟློག་པར་བྱེད། །རང་གི་རྨོངས་པས་ཟིལ་ནོན་པའི། །སྐྱེ་བོ་ངན་པ་དེ་བཅོམ་ཡིན། །གང་གིས་བླ་མ་མཉེས་མི་བྱེད། །དམ་ཚིག་
ལ་ཡང་མི་བསྟེན་ཅིང་། །ཡིད་འོང་གནས་ལ་མི་གནས་པ། །དེ་ཀུན་ཕྱུགས་ཞེས་བྱ་བར་བཤད། །ཅེས་བཤད་པ་ཡིན་ནོ། །དེ་ཉིད་དུ་ནི་དེ་དབྱེར་མེད། །ཅེས་བྱ་བ་ནི་དམ་ཚིག་ལ་རྟེན་པར་བྱེད་པ་དེ་ཁོ་ན་ཉིད་དུ་མི་འབྱེད་པས་ན་དབྱེར་མེད་པར་འགྱུར་རོ། །སྒྲུབ་པ་གཉིས་ཞེས་བྱ་བ་ནི་འཇིག་རྟེན་
དང་འཇིག་རྟེན་ལས་འདས་པའི་སྒྲུབ་པའོ། །དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རྣལ་འབྱོར་གཅིག་པུ་ཁོ་ན་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་སྟོན་ཏོ། །ཡང་ན་དངོས་གྲུབ་ལ་སྤྱོད་པ་ན་ལ་ལ་ཞིག་གིས་དེ་ཉིད་གཅིག་པུ་རྣལ་འབྱོར་མཆོག་
ཡིན་ཏེ། དེའི་ཚེ་ཕོ་ཉ་མོར་རྣལ་འབྱོར་མར་རབ་ཏུ་བསྐུལ་བ་ཡིན་ཞིང་དངོས་གྲུབ་འགྲུབ་པ་དང་ཉེ་བར་འགྱུར་རོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི། དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
เล่ม ๑๗ · หน้า 25b
ཆུབ་ཕོ་ཉ་རྣམས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་འདོད་དོ། །བླ་མ་བརྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བས་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད། །ཅེས་བྱ་བ་ནི་སློབ་དཔོན་བརྒྱུད་པའི་རིམ་པ་ལས་དབང་བསྐུར་བ་ཐོབ་པས་སྔགས་དང་ལེགས་པར་
ལྡན་པ་གང་གི་ཚེ་གྱུར་པ་དེའི་ཚེ་ཕོ་ཉ་མོ་རྣམས་སུ་ཡང་དག་པར་བཤད་པར་འགྱུར་རོ་ཞེས་བྱའོ། །ཕྱག་རྒྱར་ལེགས་སྦྱོར་ངང་ཚུལ་ཅན། །ཞེས་བྱ་བ་ནི་ཕྱིའི་རྣལ་འབྱོར་མ་དང་ཡང་དག་པར་སྦྱོར་བའི་ངང་ཚུལ་ཅན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་དག་རྫོགས་ཞེས་བྱ་བ་ནི་དེའི་ཚེ་ཡོངས་
སུ་རྫོགས་པར་འགྱུར་བའོ། །ཡེ་ཤེས་རྒྱུ་སྐྱེས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ནི་ཡེ་ཤེས་ཀྱི་བར་གྱི་མཐར་ཐུག་པའི་རྒྱུ་དང་བྱེད་པ་ཡིན་ཏེ། དཔལ་ཧེ་རུ་ཀ་ནི་དེ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་བདག་ཉིད་ནང་པར་ལངས། །གཟུགས་ཀྱི་བྱ་བ་ཀུན་བྱས་ཏེ། །
ཞེས་བྱ་བ་ནི་མལ་ནས་ལངས་ནས་གང་ལ་ཐུགས་ཀྱི་བདག་ཉིད་ཡོད་པ་དེ་ནི་སེམས་ཀྱི་བདག་ཉིད་དེ། །ཤེས་རབ་དང་ཐབས་ཀྱི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་བྱ་བ་ཀུན་བྱས་ཞེས་བྱ་བ་ནི་ལུས་ལ་དཔའ་བོ་དྲུག་
ལ་སོགས་པའི་གོ་ཆས་གོ་བསྐོན་པའོ། །ལུས་ལ་ཤིན་ཏུ་གོ་ཆ་ནི། །ལུས་ལ་གནས་པར་ཀུན་དུ་སྤྱད། །ཅེས་བྱ་བ་ནི་ལུས་ཐམས་ཅད་ལ་མཚོན་ཆའི་དྲ་བས་གཡོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དག་བྱེད་བྱས་པའི་ལུས་དག་ནི། །རྟག་ཏུ་སྔགས་ནི་བརྗོད་པར་བྱ། །ཞེས་བྱ་
བ་ནི་དེ་ལྟར་རྟག་ཏུ་བསྲུང་བའི་ཆོ་ག་བྱས་པའི་སྔགས་པས་སྔགས་བཟླ་བར་བྱའོ། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཞིང་། །ཞེས་བྱ་བ་ནི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་གྱི་གནས་ལུགས་མི་མངོན་པར་བསྟན་ཞིང་དེ་བཞིན་དུ་གོ་བསྐོན་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་
དོ། །རྣལ་འབྱོར་མ་རྣམས་ངེས་བསྟན་ཞིང་། །ཞེས་བྱ་བ་ནི་སྔགས་ཀྱི་རྒྱ་མཚོ་སྤྲོས་ལ་སླར་བསྡུས་ཏེ་གོ་ཆ་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །མཚོན་ཆ་རྣམས་ནི་འགོམ་མི་བྱ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གོ་ཆ་ལ་སོགས་པ་ལས་འདའ་བར་མི་བྱའོ། །ཡང་ན། །བསྟན་
เล่ม ๑๗ · หน้า 26a
བཅོས་རྣམས་ལས་འདའ་མི་བྱ། །ཞེས་བྱ་བ་ཡིན་ཏེ། བསྟན་བཅོས་དང་ལྡན་པ་རྣམས་ཀྱིས་རང་དང་གཞན་གྱི་མཚན་མའི་བསྟན་བཅོས་ལས་འདའ་བར་མི་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་བསྟན་བཅོས་ནི་རིག་བྱེད་ལ་
སོགས་པ་སྟེ། དེ་ལས་མི་འདའ་བ་ནི་སེམས་ཅན་གྱི་བསམ་པའི་དབང་དུ་བྱས་ནས་དེ་ལ་ཡང་གནས་པར་བསྟན་པར་བྱའོ་ཞེས་དགོངས་སོ། །དམ་ཚིག་ཅན་ལ་ཁྲོ་མི་བྱ། །ཞེས་བྱ་བ་ནི་རྟག་ཏུ་ཁོང་ཁྲོ་བར་མི་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་དམ་ཚིག་
ཅན་ཞེས་བྱ་བ་འཁོར་ལོ་བདེ་མཆོག་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ་སྨད་པར་མི་བྱའོ་ཞེས་འདོད་དོ། །མངོན་པར་བརྩོན་ལས་འདའ་མི་བྱ། །ཞེས་བྱ་བ་དཔལ་འཁོར་ལོ་བདེ་མཆོག་དང་འདུས་པ་ལ་སོགས་པར་གང་ཞིག་དབང་བསྐུར་བ་དེ་ལས་འདའ་བར་མི་བྱའོ་ཞེས་ཀོངྐ་ནའི་
ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་གང་ཞིག་གང་ལ་མངོན་པར་བརྩོན་པ་དེར་དེ་སྨོད་པར་མི་བྱའོ་ཞེས་འདོད་དོ། །ནམ་མཁའ་དང་ནི་རྒྱ་མཚོ་དག །ལན་འགའ་གཞལ་བར་ནུས་སྲིད་ཀྱི། །དེ་ཉིད་ལ་ནི་རྟག་སེམས་བློ། །གཞལ་བར་ནུས་པ་མ་ཡིན་ནོ། །ཞེས་དགོངས་སོ། །དེ་
དང་ལྷན་ཅིག་བདེ་བ་བྱ། །ཞེས་བྱ་བ་ནི་དམ་ཚིག་ལྷན་ཅིག་སྤྱོད་པ་གཅིག་ཏུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདེ་བ་ནི་ཐབས་ཏེ་ཕྱག་རྒྱ་ཆེན་པོ་གྲུབ་པའི་ཐབས་བྱ་བ་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་གླེགས་བམ་ཁ་ཅིག་ལས། དེ་དང་ལྷན་ཅིག་བདེ་
རྒྱས་བྱ། །ཞེས་ཟེར་བར་བླང་བར་བྱ་བའི་མཆོག་བཀླག་པ་དང་བསམ་གཏན་ལ་སོགས་པ་གདོད་མ་ནས་བྱའོ་ཞེས་འདོད་དོ། །བདག་གི་དོན་དུ་ཐུན་བཞིར་ཞེས་བྱ་བ་ནི་ཉིན་མཚན་ཐུན་བཞིར་བྱ་བའོ། །དེས་འཁོར་ཅི་དགར་སྤྱོད་པར་འགྱུར། །ཞེས་བྱ་བ་ནི་གང་ངེས་པར་འདི་ལྟར་འཁོར་བའི་
རྣལ་འབྱོར་པ་ཅི་འདོད་པ་དང་ལྡན་པར་འགྱུར་བའོ། །མཚན་མོ་རྟག་པར་ནམ་མཁའི་གོས། །ཞེས་བྱ་བ་ནི་གོས་མེད་ཅིང་སྐྲ་གྲོལ་བར་བྱས་ནས་དཔལ་ཧེ་རུ་ཀ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གནག་དང་དམར་བར་རྟག་གྱུར་བྱ། །ཞེས་བྱ་བ་ནི་མཚན་མོ་རྒྱུ་བ་ན་འགྱུར་རོ་ཞེས་ཀོངྐ་
เล่ม ๑๗ · หน้า 26b
ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་གནག་པ་ནི་རྟག་ཏུ་དགའ་བ་ཡིན་ལ་དེ་ལ་ཆགས་པ་ནི་དམར་པོ་སྟེ། རྟག་ཏུ་ཉིན་དང་མཚན་མོར་གྱུར་པ་ཡིན་ནོ་ཞེས་འདོད་དོ། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །ཞེས་བྱ་བ་ནི་པགས་པའི་གོས་གྱོན་པར་གྱུར་པའོ། །བདེ་བ་འདོད་
པས་བདེ་འཐོབ་འགྱུར། །ཞེས་བྱ་བ་ནི་རབ་ཏུ་བདེ་བའི་བདེ་བ་བ་བྱའོ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་གཙང་། །ཞེས་བྱ་བ་ནི་བྲམ་ཟེའི་རིག་བྱེད་དང་བསྟན་བཅོས་ལས་བྱུང་བའི་གཙང་སྦྲ་ཡོངས་སུ་སྤངས་ནས་དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱིས་གཅིག་ཏུ་གཙང་བར་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །རིགས་དང་རིགས་མིན་ངོར་མི་བལྟ། །སྤྱི་གཙུག་བཅིང་ལ་སོགས་པ་ཡང་། །ཞེས་བྱ་བ་ནི་རིགས་པ་དང་ལྡན་པ་དང་རིགས་པ་དང་མི་ལྡན་པ་དག་གི་ངོ་ལ་རྣམ་པར་མི་རྟོག་ཅིང་སྤྱོད་པ་སྤངས་ཏེ་བལྟ་བར་མི་བྱའོ། །སྤྱི་གཙུག་བཅིང་བ་ནི་རལ་བ་བཅིང་བའོ། །
སོགས་པའི་སྒྲས་ནི་འཇིག་རྟེན་པའི་སྤྱོད་པ་གཞན་དག་ཀྱང་སྤང་ངོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་བརྟུལ་ཞུགས་དང་སྡོམ་པ་དང་། སྨྱུང་བ་ལ་སོགས་པ་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་འདོད་དོ། །ལེའུ་ཉི་ཤུ་བདུན་པའི་བཤད་པའོ།། །།དེ་ནས་
ལེགས་མཆོད་རྣམ་དག་པ། །ཞེས་བྱ་བ་ནི་སྔར་བཤད་པ་དང་ལྷན་ཅིག་གནས་ཤིང་ཡང་དག་པར་མཆོད་པ་སྟེ། བླ་ན་མེད་པའི་མཆོད་པའི་མཆོག་གི་དོན་བྱེད་པའི་ཕྱིར་རྣམ་པར་དག་པའོ། །མྱ་ངན་འདས་པར་ངེས་འགྲོ་ཉིད། །ཅེས་བྱ་བ་ནི་མཆོག་ཏུ་དགའ་བས་བདེ་བ་བླ་ན་མེད་པའི་མཆོད་
པའི་གནས་སྐབས་སོ། །དེ་བཞིན་བདག་ཉིད་མཆོད་པ་དང་། །ཞེས་བྱ་བ་ནི་ཕྱི་དང་གསང་བའི་མཆོད་པས་བདག་ཉིད་མཆོད་པ་སྟེ། གང་གིས་བདག་ཉིད་མཆོད་པ་དེས་འགྲོ་བ་ཐམས་ཅད་ཀྱི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་མཆོད་པར་འགྱུར་རོ། །བརྟན་པ་ནི་
ཤིང་ལ་སོགས་པའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་རྒྱུ་ལ་འབྲས་བུ་ཉེ་བར་གདགས་པའི་ཚུལ་ཏེ། དཔེར་ན་མར་ནི་ཚེའོ་ཞེས་ཟེར་བ་དང་འདྲ་བས་ན་བརྟན་པ་ནི་ཤིང་ལ་སོགས་པ་ཡིན་ནོ་ཞེས་འདོད་དོ། །སྤུན་དང་སྡུག་པ་མཆོད་པ་དང་། །
เล่ม ๑๗ · หน้า 27a
ཞེས་བྱ་བ་ནི་དཀྱིལ་འཁོར་གཅིག་ལ་སོགས་པར་ཞུགས་པ་རྣམས་ནི་རྣལ་འབྱོར་ལ་ལྷན་ཅིག་སྤྱོད་པ་རྣམས་ཏེ། དེ་དག་དང་ཞི་བའི་ལྷན་ཅིག་འདུས་པར་གནས་པར་བྱའོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་བྱ། །ཞེས་བྱ་བ་ནི་འཇིག་
རྟེན་པའི་སྤུན་དང་བུ་ལ་སོགས་པ་དང་ལྷན་ཅིག་ཏུ་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་། སྔགས་དང་ཕྱག་རྒྱ་དག་ཀྱང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ཐམས་ཅད་སུན་འབྱིན་པ་ཞེས་བྱ་བ་ནི་ལུང་གི་གཞུང་ལ་གནོད་པར་བྱེད་ཅིང་ཐམས་ཅད་སུན་འབྱིན་པ་དད་
པ་མེད་པ་རྣམས་ལའོ། །དག་བྱེད་ཟས་ལ་སྤྱོད་པ་ནི། །རྟག་ཏུ་དམ་ཚིག་སྤྱོད་བྱས་འགྱུར། །ཞེས་པ་ནི་དམ་ཚིག་ལས་འདས་པ་ཞེས་པ་ནི་ཟས་ལ་མ་སྤྱད་པས་དམ་ཚིག་ལ་སྤྱད་པ་བྱས་པར་འགྱུར་ཏེ་དག་བྱེད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསང་སྔགས་སུ་ལའང་སྦྱིན་མི་བྱ། །ཞེས་བྱ་
བ་ནི་བརྐམ་ཆགས་ལ་སོགས་པས་རྒྱལ་པོ་ལ་སོགས་པ་སུ་ལ་ཡང་གསང་སྔགས་སྦྱིན་པར་མི་བྱ་བ་སྟེ་དབང་བསྐུར་བ་ལ་སོགས་རྣམ་པ་ཐམས་ཅད་དུ་སྦྱིན་པར་མི་བྱའོ་ཞེས་བྱ་བར་དགོངས་སོ། །ཕོ་ཉ་མོ་ཞེན་རྟག་ཐར་པ། །ཞེས་བྱ་བ་ནི་གོ་ཆ་ཆེན་པོ་ལ་སོགས་པས་གོ་བསྐོན་པར་བྱའོ་
ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །ཕོ་ཉ་སྟེ་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ་རྣམས་ལ་རབ་ཏུ་གསལ་བར་བྱ་བའི་སྐབས་སྟོན་པ་བསྲུང་བར་བྱའོ་ཞེས་འདོད་དོ། །སྲིད་པ་དང་མྱ་ངན་ལས་འདས་པར་རྣམ་པར་རྟོག་པའི་འཆིང་བ་ལས་གྲོལ་བ་ནི་ཐར་པའོ། །འདའ་བ་ཡིས་
ཀྱང་ལོངས་སྤྱོད་བྱ། །ཞེས་བྱ་བ་ནི་སྐལ་བ་དམན་པ་མངོན་པར་འདུས་བྱས་ལ་ལོངས་སྤྱད་པར་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པས་ནི་དམ་ཚིག་དང་ལྡན་པ་སྟོབས་ལ་སོགས་པས་བླང་བར་བྱའོ་ཞེས་ཟེར་རོ། །སྐྱེ་གནས་དམན་ལ་མི་གནས་ལ། །
བསྙེན་བཀུར་ཉིད་ནི་བྱ་བ་མིན། །ཞེས་བྱ་བ་ལ་སྐྱེ་གནས་ནི་བྲམ་ཟེ་ལ་སོགས་པའི་རིགས་ཡིན་པར་ཁོང་དུ་ཆུད་པར་མི་བྱའི། མུ་སྟེགས་རིགས་ལྡན་ལ་སོགས་པའི་རིགས་ཏེ། དེ་ལ་གུས་པར་མི་བྱའོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། །སྐལ་ལྡན་གྲགས་པ་ནི་དམ་ཚིག་
เล่ม ๑๗ · หน้า 27b
ལ་སོགས་པ་ཤེས་པ་དང་བྲལ་བར་རབ་ཏུ་དགའ་བ་ལ་གནས་པ་ལ་བསྙེན་བཀུར་མི་བྱའོ་ཞེས་འདོད་དོ། །གལ་ཏེ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ལ་མཆོད་པ་དེའི་ཚེ་དཀའ་ཐུབ་ཅེས་བྱ་བ་དགེ་བ་ཟད་པར་འགྱུར་ཞིང་རྣམ་པར་འཇིག་པར་འགྱུར་བ་སྟེ། ངེས་པར་ན་དངོས་
གྲུབ་མང་པོ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བའོ། །མཆོག་དང་ཐ་མ་ལྷན་ཅིག་འགུགས། །ཞེས་བྱ་བ་ནི་དགུག་པའི་ཆོ་གའི་སྦྱོར་བ་ལ་རྣམ་པར་རྟོག་པ་མི་བྱའོ། །དེ་ལྟར་རྫས་ནི་རྣམ་ངེས་ཡིན། །ཞེས་བྱ་བ་ནི་དོན་དམ་པའི་ངེས་པ་ཉིད་ཡིན་ནོ་ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་
དོ། །སྐལ་ལྡན་གྲགས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པར་མཛད་པའི་སངས་རྒྱས་རྣམས་ཀྱི་ངེས་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་འདོད་དོ། །བརྟུལ་ཞུགས་མ་ཉམས་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པ་བཅོམ་པའོ། །བརྟུལ་ཞུགས་རྫོགས་ཞེས་བྱ་བ་ནི་དམ་ཚིག་ལ་སོགས་
པའི་བརྟེན་པའི་བརྟུལ་ཞུགས་རྫོགས་པའོ། །དམ་ཚིག་བརྩོན་ཞེས་བྱ་བ་ནི་དམ་ཚིག་ལ་སྤྱོད་པས་ཟས་ལ་སྤྱོད་པའོ། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །ཞེས་བྱ་བ་ནི་རིགས་ཐམས་ཅད་ལ་སྤྱོད་པའོ། །རིགས་ནི་རྣམ་པ་བཞི་རུ་བསྒྲགས། །ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པར་
རིགས་རྣམ་པ་བཞིར་ཡོངས་སུ་བཤད་པའོ། །རིགས་གཅིག་པ་ནི་ཀུན་སྤྱོད་པ། །རྣལ་འབྱོར་གྲུབ་ལ་རབ་ཏུ་མཆོད། །ཅེས་བྱ་བ་ལ། །དོན་དམ་པ་ནི་རིགས་གཅིག་སྟེ། གྲུབ་པའི་རྣལ་འབྱོར་པས་མཆོད་ཅིང་རྗེས་སུ་མཐུན་པ་ཡིན་པའོ། །དཀོན་མཆོག་གསུམ་ལ་སོགས་པ་ལ་
གནོད་པར་བྱེད་པ་རྣམས་རྣམ་པར་གཞིག་པའི་ཕྱིར་ལས་ཀྱི་ཚོགས་གསུངས་པ་ནི། །བ་ལང་ཤ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྦྱིན་སྲེག་གི་ཐབས་ལས་གསུངས་པའི་ཆོ་གས་ཐབ་ཁུང་གྲུ་གསུམ་བྱས་ལ་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཡོ་བྱད་དང་། ཡུངས་
མར་ལ་སོགས་པ་རྣམས་ཀྱིས་མེ་སྦར་ལ་དུམ་སྐྱེས་མ་སྣ་ཁུང་གཡས་པ་ནས་བཅུག་སྟེ། འོག་ནས་འབྱུང་བར་བསམས་ལ། དེ་རྡོ་རྗེ་ལྕགས་ཀྱུ་དང་གྲི་གུག་བསྣམས་པས་བསྒྲུབ་པར་བྱ་བ་གཅེར་བུ་མྱོས་པར་གྱུར་པ་བཀུག་ལ་དེ་ཉིད་དུམ་བུ་དུམ་བུར་གྱུར་པར་བསམ་
เล่ม ๑๗ · หน้า 28a
ཞིང་བ་ལང་ཤ་ལ་སོགས་པ་ཇི་སྐད་སྨོས་པ་རྣམས་བསྒྲུབ་པར་བྱ་བ་དེའི་ཤ་ཡིན་པར་བསམས་ལ། ཁྲོ་བོ་ཆེན་པོའི་ང་རྒྱལ་དང་ལྡན་པས་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བ་དང་རྩ་བའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །རི་མོ་ཅན་གྱི་ཤས་ཞེས་བྱ་བ་ནི་རྨ་བྱའམ་ཁྱིམ་བྱའི་ཤ་
དག་གིས་སོ། །དེ་བཞིན་དཔའ་བོ་རྣམས་ཀྱི་ཟས། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །ཞེས་བྱ་བ་ལ་སྔགས་དང་ཕྱག་རྒྱ་དང་ལྡན་པ་ནི་གསང་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་ཤིང་བྱང་བར་བྱས་པའི་རྣལ་འབྱོར་མ་སྟེ། དེ་དང་ལྡན་ཞིང་ལྷན་ཅིག་པའི་ཁ་ཟས་གང་ཡིན་
པ་དེ་དཔའ་བོ་རྣམས་སོ། །དམན་པ་ནི་བྱང་ཆུབ་ཀྱི་སེམས་སོ། །ཉེར་སྤྱོད་ནི་གུས་པ་དང་བཅས་པའོ། །བསྟན་བཅོས་ཀུན་སྤངས་པ་ཞེས་བྱ་བ་ནི་རིག་བྱེད་ལ་སོགས་པ་ཡོངས་སུ་དོར་བའོ། །དེའི་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཕོ་ཉ་ནི་ལྷ་མོ་མཆོག་སྟེ་དམ་པར་གྱུར་པ་བརྩོན་
ཞིང་ལེ་ལོ་མེད་པ་དེ་ལྟ་བུའི་ལྷ་མོ་ནི་དངོས་གྲུབ་སྒྲུབ་པའི་འོས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་ཆགས་དགའ་བར་ཡང་དག་སྦྱོར། །ཞེས་བྱ་བ་ནི་ཐ་མལ་པའི་གཟུགས་ཀྱིས་ཡང་དག་པའི་སྦྱོར་བ་ཉེ་བར་དམིགས་པ་དང་བཅས་པ་མི་བྱའོ་ཞེས་བྱ་བར་དགོངས་སོ། །རྣལ་འབྱོར་ནི་ཏིང་
ངེ་འཛིན་ཏོ། །རྫས་ནི་ལོངས་སྤྱད་པར་བྱའོ། །དེ་གཉིས་ཀྱི་རྣམ་པར་དབྱེ་བ་ནི་སོ་སོར་དབྱེ་བའོ། །བླ་མའི་མན་ངག་ལ་རབ་དགའ། །ཞེས་བྱ་བ་ནི་བླ་མའི་མན་ངག་གཞིག་པར་མི་བྱ་ཞིང་དེའི་དོན་དུ་བསྟན་པར་མི་བྱའོ། །དེའི་དོན་ནི་ཇི་སྐད་བཤད་པའི་དོན་ལ་སྤྱོད་ན་དཔལ་ཧེ་རུ་ཀ་
དང་འདྲ་བར་འགྱུར་བའོ། །ལེའུ་ཉི་ཤུ་རྩ་བརྒྱད་པའི་བཤད་པའོ།། །།སྤུན་ནི་དཔའ་བོའོ། །ཕ་ནི་དཔལ་ཧེ་རུ་ཀའོ། །བདག་པོ་ཉིད་དུ་སྐད་ཅིག་མཐོང་། །ཞེས་པ་བདག་ཉིད་དུ་སྐད་ཅིག་གིས་སོ། །ལྕེ་སྦོམ་ཞེས་བྱ་བ་མཚན་ཉིད་དང་ལྡན་པའོ། །དངོས་གྲུབ་ཀྱི་ཐུན་མོང་དུ་ཞེས་པ་ནི་
ཐུན་མོང་དུ་འགྱུར་རོ་ཞེས་པའི་དོན་ཏོ། །དྲན་པ་དང་ནི་ཡང་དག་ལྡན། །ཕོ་ཉ་མོ་སོགས་གནས་དང་བཅས། །ཞེས་པ་རྒྱུན་མི་འཆད་པར་རྣལ་འབྱོར་ལ་བསླབས་ནས་ཕོ་ཉ་མོ་དང་ཡང་དག་པར་ལྡན་པར་རོ། །སོགས་པའི་སྒྲས་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་ལ་
เล่ม ๑๗ · หน้า 28b
གནས་པའི་སྔགས་པ་དེ་ལ་མཁའ་འགྲོ་མའི་གཙོ་མོ་ཉི་ཤུ་རྩ་བཞིས་སྤྱོད་པ་དང་གྲོལ་བའི་འབྲས་བུ་སྟེར་བར་འགྱུར་རོ། །སྤྱོད་པ་ཞེས་བྱ་བ་ནི་མཆོག་ཏུ་མངོན་པར་མཐོ་བ་སྟེ། འཁོར་ལོས་སྒྱུར་བའི་གོ་འཕང་ཆེན་པོའོ། །དེ་བས་ན་གཅེས་སྤྲས་བྱེད་པ་དང་། སྟན་དང་། བཞོན་པ་དང་།
མཛོད་དང་། རྟོག་ཆེན་ལ་སོགས་པ་དང་རྟག་ཏུ་རབ་ཏུ་ལྡན་ཞིང་ཡོན་ཏན་དམ་པ་ལ་གནས་པའི་རྒྱལ་པོ་དང་རྣལ་འབྱོར་པ་ཡང་ཆ་མཐུན་པར་བཤད་ཀྱི། ཉན་ཐོས་ལ་སོགས་པ་གཞན་དག་ལྟར་མྱ་ངན་ལས་འདས་པ་ཙམ་དོན་དུ་གཉེར་བ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གྲོལ་བ་ནི་
དངོས་པོའི་འཆིང་བ་ལས་ཐར་བ་ལ་བྱའི། ཐམས་ཅད་རྒྱུན་ཆད་པའི་མཚན་ཉིད་ཅན་ནི་མ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་བྱ་བ་ནི་རྣལ་འབྱོར་གྱི་སྟོབས་ཅན་ཡིན་ནོ། །ལེའུ་ཉི་ཤུ་རྩ་དགུ་པའི་བཤད་པའོ།། །།དེ་ནས་རྫ་རྔ་བཅིང་བྱས་ཏེ། །ཞེས་བྱ་བ་ནི་རྫ་རྔའི་དབྱིབས་
ལྟ་བུའི་རེའུ་མིག་བཞི་བཅུ་རྩ་དགུ་བྲིའོ་ཞེས་བྱ་བའི་དོན་ཏོ། །རེའུ་མིག་གསུམ་པ་ཞེས་བྱ་བ་ནི་ནང་གི་རེའུ་མིག་བཞི་ལ་ལྟོས་ནས་དེ་སྐད་སྨྲས་པ་ཡིན་ནོ། །དེ་ཡང་ཨུཥྨ་ཎའི་གསུམ་པ་ནི་ཡི་གེ་སའོ། །དེ་བས་ན། རིམ་བཞིན་འབྱུང་དང་རིམ་མིན་པས། །དབྱངས་དང་ཡི་གེ་སྒྲུབ་
པས་སོ། །ཞེས་བྱ་བ་སྨོས་པ་ཡིན་ནོ། །ལྔ་པ་ཡིས་ཞེས་བྱ་བ་ནི་ཡི་གེ་ངའོ། །ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་ཏེ་ཉི་ཤུ་རྩ་ལྔ་པའོ། །ཉི་ཤུ་རྩ་བཞི་པ་ཞེས་བྱ་བ་ཡང་དེ་བཞིན་ནོ། །སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཨ་ནས་བརྩམས་ཏེ་བགྲང་བའོ། །རེའུ་མིག་གསུམ་
པ་ཞེས་བྱ་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་པ་ནི་ཀ་ནས་བརྩམས་པའོ། །རེའུ་མིག་ལྔ་པ་ནི་ཡི་གེ་ཨུའོ། །ཉི་ཤུ་རྩ་ལྔ་པ་ནི་ཀ་ནས་བརྩམས་པའོ། །ཉི་ཤུ་རྩ་བཞི་པ་ཞེས་བྱ་བ་ཡང་དེ་བཞིན་ནོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ཡང་ཀ་ནས་བརྩམས་
པའོ། །བཅོ་ལྔ་པ་ཞེས་བྱ་བ་ནི་ཨ་ནས་བརྩམས་པའོ། །ལྔ་པ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་ལྔ་པའོ། །ཉི་ཤུ་རྩ་གཉིས་པ་ནི་ཀ་ནས་བརྩམས་པའོ། །ཉི་ཤུ་རྩ་བདུན་པ་ཞེས་བྱ་བ་ནི་ཨ་ནས་བརྩམས་པ་སྟེ། སྔགས་འདི་དག་ནི་ཚིག་དང་པོ་ཡིན་ནོ། །ཨ་ནས་བརྩམས་
เล่ม ๑๗ · หน้า 29a
ཏེ་ཡི་གེ་ག་ནི་བཅུ་དགུ་པ་ཡིན་ནོ། །མེའི་བུ་ནི་ཡི་གེ་རའོ། །རེའུ་མིག་གསུམ་པ་ནི་ཡི་གེ་ཨིའོ། །ཡ་ཚན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སུམ་ཅུ་དྲུག་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ཡི་གེ་ནའོ། །སླར་ཡང་ཞེས་བྱ་བ་ནི་ཡི་གེ་གཉིས་པོ་དེ་དག་ཉིད་ཀྱང་སྦྱར་བར་བྱ་སྟེ།
རེའུ་མིག་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །རང་བྱུང་ཞེས་བྱ་བ་ནི་ཡི་གེ་ཧའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་ཚིག་གཉིས་པའོ། །བཅུ་དགུ་པ་ནི་སྔ་མ་བཞིན་ཏེ་གའོ། །ཉི་ཤུ་རྩ་བདུན་པ་ནི་ཀ་ནས་བརྩམས་པའོ། །གསུམ་པ་ནི་དབྱངས་ཀྱི་ཡི་གེ་གསུམ་པའོ། །སུམ་ཅུ་རྩ་གསུམ་པ་
ནི་སྔ་མ་བཞིན་ཏེ་ཡི་གེ་ཧའོ། །རེའུ་མིག་གཉིས་པ་ནི་ཡི་གེ་ཨའོ། །ཉི་ཤུ་པ་ནི་ཀ་ནས་བརྩམས་པ་སྟེ་ན་ཉིད་དོ། །དེ་ཉིད་ནི་ར་དང་ཧའི་དབང་གིས་ན་ནི་ཎར་འགྱུར་ཏེ་གྲི་ཧའི་སྒྲའི་འོག་ཏུ་གནས་པའི་ཎར་འགྱུར་རོ། །ཉི་ཤུ་རྩ་གཅིག་པ་ནི་ཀ་ནས་བརྩམས་པ་སྟེ་པའོ། །ཉི་ཤུ་རྩ་དྲུག་པ་ནི་ཀ་
ནས་བརྩམས་པ་སྟེ་ཡའོ། །ལན་གཉིས་བཟླས་པ་ཞེས་བྱ་བ་ནི་ལན་གཉིས་ཟློས་ཤིང་གོམས་པར་བྱ་བ་སྟེ། སྔ་མ་བཞིན་དུ་རེའུ་མིག་ལུགས་ནས་བཟློག་པའི་ཚུལ་གྱིས་དང་པོའི་ཡི་གེ་ཧའོ། །བཞི་པ་ནི་ཨི་སྟེ་དེའི་མཐའ་ནི་ཨུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་ཚིག་བཞི་པ་
བཏུ་བ་གསུངས་པ་ནི། རེའུ་མིག་གཉིས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དབྱངས་ཀྱི་ཡི་གེ་དང་པོའི་རེའུ་མིག་ནས་བརྩམས་པའོ། །སུམ་ཅུ་རྩ་དྲུག་པ་ནི་ཨ་ནས་བརྩམས་པའོ། །ཉི་ཤུ་དྲུག་པ་ནི་ཀ་ནས་བརྩམས་པའོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་
པའོ། །དེ་བཞིན་དུ་བཅུ་གསུམ་པ་ནི་དབྱངས་ཀྱི་ཡི་གེ་བཅུ་གསུམ་པའོ། །རེའུ་མིག་ལས་བཅུ་པ་ནི་ཧ་ལ་སོགས་པ་གོ་བཟློག་པའི་ཚུལ་གྱིས་བརྩིས་པའི་ཡི་གེ་བྷ་ནི་རེའུ་མིག་གི་བཅུ་པའོ། །བཅུ་དགུ་པ་ནི་ཨ་ནས་བརྩམས་པའོ། །ཉི་ཤུ་དགུ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་
པའོ། །གཉིས་པ་ཞེས་བྱ་བ་ནི་རེའུ་མིག་གཉིས་པ་ནི་དབྱངས་ཀྱི་ཡི་གེའི་རེའུ་མིག་གཉིས་པའོ། །ཐིག་ལེ་ཞེས་བྱ་བ་ནི་སྟེང་ན་ཨ་ནུ་སྭ་ར་དང་ལྡན་པའོ། །ཆུ་ཞེས་བྱ་བ་ནི་ཡི་གེ་བའོ། །བརྒྱད་པ་ནི་ཛའོ། །མེ་ཡི་བུ་ཡིས་ཁྱད་པར་དབྱེ། །ཞེས་བྱ་བ་ནི་ཡི་གེ་རས་བྱེ་བྲག་དབྱེ་བའོ། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด