དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཙཀྲ་སཾ་བ་ར་སརྦ་སཱ་དྷ་ནཾ་སནྣི་ནཱ་མ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗ · หน้า 124b
པ་རྣམས་དེར་མཉམ་པའོ། །ཡང་དག་སྤྱོད་ཅེས་པ་ནི་རྣམ་པར་མི་རྟོག་པས་ཡང་དག་པར་སྤྱོད་པ་སྟེ། ཚོགས་པ་མེད་པ་དང་། ཡོངས་སུ་གཟུང་བ་མེད་པ་དང་། ལོངས་སྤྱོད་པ་མེད་པས་སྤྲོ་བར་བྱ་ཞིང་། འདོད་པའི་ཡོན་ཏན་ལྔ་རྣམས་སྡིག་པ་མེད་པར་བསྟན་པར་བྱའོ།།
དེ་ཡང་ཇི་ལྟར་སྡིག་པ་མེད་པར་མི་འགྱུར་ཞེ་ན། མཉམ་པར་སྤྱོད་པའི་བློས་ཇི་ལྟར་མེས་ཟས་རྣམས་ཐུན་མོང་དུ་སྤྱོད་པ་དང་། ཇི་ལྟར་ཉི་མ་བལྟས་ན་དེར་ཐུན་མོང་དུ་མཐོང་བ་དང་། ཇི་ལྟར་རླུང་དྲི་ལ་ཐུན་མོང་དུ་བྱེད་པ་ལྟར་དམ་ཚིག་ཀུན་ལ་སྤྱོད་པ་ནི་རྣམ་པར་རྟོག་པ་གཏི་
མུག་གི་རྒྱ་མཚོ་རིང་དུ་སྤོང་བའོ། །དཀྱིལ་འཁོར་གྲུ་གསུམ་བྱས་ཞེས་པ་ནི་ཤྭ་ས་བསྐམས་པའི་ས་ནག་པོ་ཚ་སྒོ་ཅན་གས་པ་ལ་སོར་ཉི་ཤུ་པའི་ཚད་ལ་སོར་བཅུ་ཐུར་དུ་བརྐོས་པ་ཟུར་གསུམ་གྱི་མགོ་རྣོན་པོ་བྱང་དུ་བསྟན་ནོ། །དེ་དག་ནི་མེ་ཐབ་ཀྱི་ལས་སོ། །རྡོ་རྗེ་
དང་དེ་བཞིན་དུ་གསལ་ཤིང་དང་། འབར་བ་རྩེ་གསུམ་དང་རྡོ་རྗེ་ཐོ་བ་དང་། གསལ་ཤིང་ནི་ཁ་གྱེན་དུ་བསྟན་ཏེ་གཟུགས་པར་བྱའོ། །དེ་དག་གིས་གསང་པར་་བྱ་ཞིང་སྡུག་བསྔལ་དུ་གཞུག་པར་བྱའོ། །ཕྱག་མཚན་འདི་དག་ནི་སོར་བཞིའི་ཚད་དུ་བྲི་བར་བྱའོ། །
དེའི་སྟེང་དུ་སོར་གསུམ་བསྐྱེད་པ་ལ་ཁ་ཁྱེར་སོར་གསུམ་གྱི་ཚད་ཀྱིས་གྲུ་གསུམ་དུ་བསྐོར་ཞིང་ཞེང་དང་དཔངས་སུ་མཉམ་པར་ཁ་ཕྱིར་ཕྱོགས་སུ་བལྟས་ལ་བྱའོ། །ས་ནག་པོ་དྲི་ང་བ་དང་། བོང་བུ་དང་རྔ་མོའི་སྦངས་དང་། མིའི་རུས་ཕྱེ་དང་། སོལ་ཕྱེ་བསྲེས་པས་དེ་
ལ་བྱུག་གོ། །དྲི་ང་བའི་མེ་ཏོག་དང་སྤོས་ཀྱི་མཆོད་པ་དང་། ཚེར་མ་རྣོན་པོ་ཅན་གྱི་དྲི་ང་བའི་ཤིང་དང་། དུར་ཁྲོད་ཀྱི་ཤིང་དང་། བོང་བུ་དང་རྔ་མོའི་སྦངས་བསྐམས་པས་བུད་ཤིང་བྱའོ། །ཤིང་ནིམ་པ་དང་། ཙནྡན་དམར་པོ་དང་། ཚེར་མ་ཅན་གྱི་ཤིང་ཀུ་ཉ་ཙ་ཀ་དང་། ཚེར་
མ་དང་། འཁྲི་ཤིང་དང་། ཚེར་མ་ཤིན་ཏུ་རྣོན་པོ་དང་། ཤིང་ཤིན་ཏུ་རྣོན་པོ་དང་རོ་བསྲེགས་པའི་ཤིང་གས་པ་དག་ལས་སོར་བཅུ་གཉིས་པའི་རྩ་བའི་ཆ་རྣམས་དུག་དང་ཁྲག་དང་ཏིལ་མར་ལ་སྦངས་པ་ཤིན་ཏུ་རྣོ་བ་རྣམས་ཡམ་ཤིང་དུ་སྦྱིན་པར་བྱའོ། །ཡུངས་ཀར་དང་།
เล่ม ๑๗ · หน้า 125a
དྲི་དཀུ་བ་ཅན་གྱི་ཏིལ་དང་། ཁྲག་དང་ལན་ཚྭ་དང་། སྐེ་ཚེ་དང་། ཤིང་ནིམ་པའི་ལོ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། རྐང་རྗེས་ཀྱི་རྡུལ་དང་། བོང་བུ་དང་། རྔ་མོ་ལ་སོགས་པའི་སྦངས་དང་། སྐྲ་དང་མར་ཁུ་ཆེན་པོ་དང་། ཁྭ་དང་འུག་པའི་སྒྲོ་དང་།
བཤང་བ་དང་། གཅི་བ་དང་། མིའི་རུས་པའི་ཕྱེ་མ་དང་། བ་སྤུ་དང་། ཤ་ལ་སོགས་པ་ཇི་ལྟར་རྙེད་པ་གཅིག་ཏུ་བྱའོ། །རྫས་དེ་རྣམས་ཀྱང་དུག་དང་ཁྲག་དང་། སྨྱོ་བྱེད་ཀྱི་འདབ་མར་བསྲེགས་པ་དང་། ཐལ་བ་དང་། སོལ་བ་དང་། ཕུབ་མ་ལ་སོགས་པ་ལས་གདུག་པ་ཅན་
གྱི་གཟུགས་བརྙན་བྱས་ལ་མཚོན་ཤིན་ཏུ་རྣོན་པོས་མགོ་བོ་ནས་བརྩམས་ཏེ། ལུས་ཀུན་བཅད་དེ། མངོན་སྤྱོད་ཀྱི་བསྲེག་རྫས་སུ་བྱའོ། །དེ་ཡང་ལྕགས་ཀྱི་སྣོད་དུ་ཁྲག་དང་། ཆུ་དང་། མི་དང་། བོང་བུའི་གཅི་བར་བསྲེས་ཏེ་གཞག་པ་མངོན་སྤྱོད་ལ་ཡི་གེ་ཕཊ་
མཐའ་མར་བཞག་པའི་ཡི་གེ་བདུན་པའི་སྔགས་ལན་བདུན་བདུན་བཟླས་ཤིང་བསྲེག་པར་བྱའོ། །དེ་ཡང་དཀོན་མཆོག་གསུམ་ལ་བསྔོ་བ་དང་། དམ་ཚིག་ལས་ཉམས་པ་དང་། སྡང་བ་ཅན་དག་ལ་བྱ་བ་ནི་ནག་པོས་བརྒྱན་ཅིང་ལྕགས་ཀྱི་རྒྱན་ཆ་ཅན་གྱི་སྔགས་པ་གཤིན་རྗེ་
ལ་བལྟས་ཏེ། ཁྲོ་བོའི་སྐྱིལ་མོ་ཀྲུང་གིས་ཤིང་ཁྲིའི་སྟན་ལ་ཡང་དག་པར་གནས་ལ་མཚན་ཕྱེད་ཉི་མ་ཕྱེད་ན་བསྒྲུབ་བྱ་ལ་བསམ་པར་བྱའོ། །རེ་ཕས་ནི་མེའི་དཀྱིལ་འཁོར་ཏེ། མཐའ་མར་ཧཱུཾ་དང་ཕཊ་ཀྱི་སྒྲ་མཛད་པ་འབྲུག་སྒྲ་ལྟ་བུར་བརྗོད་དོ། །དེ་ནས་ཐོག་མ་དང་དབུས་
དང་མཐའ་མར་བྱ་བའི་མེ་ནི་དུར་ཁྲོད་ཀྱི་མེ་དང་ལག་པས་བཏོན་པ་དང་། རྡོ་ལས་བཏོན་པ་དང་། གདོལ་པའི་ཁྱིམ་ནས་བྱུང་བ་ནི་མངོན་སྤྱོད་ལ་ཤིས་སོ། །ཐོག་མ་ཁོ་ནར་མེ་ཐབ་ཏུ་ཇི་སྐད་སྨྲས་པའི་བུད་ཤིང་བཞག་པ་ལ་མེ་བཅུག་པ་རླུང་ཡབ་ཀྱིས་པ་ཀའི་མེ་སྦར་རོ། །
སྔགས་ནི་ཧཱུཾ་ཛྭ་ལ་ཧཱུཾ་ཞེས་བརྗོད་ཅིང་མེ་སྦར་བར་རིག་པར་བྱའོ། །དེ་ནས་ལག་པ་གཡས་པར་ཀུ་ཤ་བཅུག་སྟེ། མཐེ་བོང་སྲིན་ལག་གི་རྩར་བཞག་ལ་མེ་དགུག་པར་བྱའོ། །སྔགས་ནི་ཨོཾ་ཨེ་ཧྱེ་ཧི་མཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛྭ་སཏྭ་མི། གྲི་ཧི་ཏྭཱ་ཨ་ཧཱུ་ཏིཾ་ཨ་ཧཱ་རཾ་ཨ་སྨིན་སནྣི་ཧི་ཏོ་
เล่ม ๑๗ · หน้า 125b
བྷ་བ་ཞེས་པ་འདིས་ཐབ་ཀྱི་མེའི་ཕྱོགས་སུ་འོངས་པར་བསམ་མོ། །འདིར་འབར་བ་འཁྲིགས་པའི་དབུས་སུ་ཁྲོ་བོ་མི་བཟད་པར་བྱེད་པ་ཞེས་པ་བཀུག་ལ་གཞག་པ་གློག་འཁྱུག་པ་ལྟ་བུ་བ་སྤུ་སེར་པོ་ཅན་དེ་བཞིན་དུ་ཁ་དོག་དུད་ཁ་དེ་ནས་མིག་གཡོ་ཞིང་སྟེང་ཕྱོགས་སུ་རྣ་བ་ཉན་པ་
ལྟར་མཛད་ཅིང་སྒྲ་ཆེན་པོ་སྒྲོགས་པ་མཆེ་བ་བཞི་པ་སྟོབས་ཆེན་པོ་རླུང་གི་དཀྱིལ་འཁོར་ལ་ཞོན་པ། །རབ་ཏུ་འཇིགས་ཤིང་ཧཱུཾ་མཛད་པས་ཧཱུཾ་སྒྲ་སྒྲོགས་པ། སྤྱན་གསུམ་པ། ཕྱག་བཞི་པ། བརྗིད་པ་ཆེན་པོ་རྡོ་རྗེའི་འོད་ཅན། རིག་པའི་ཁྲི་ལ་གནས་པ། གདོང་
བདུན་པ། རྣམ་པར་ཟློག་པ། མ་ཧེ་ལ་ཞོན་པ། །མྱ་ངན་བྱེད་པའི་ཚུལ་ཅན་དུད་པའི་ཕྲེང་བ་འཁྲིགས་ཤིང་འབར་བ། ལྕགས་ལས་བྱས་པའི་རྒྱན་རྣམས་དང་ལྡན་པ། བཞིན་བཟང་པོ་ལྕགས་ཀྱིས་ཁེབས་པ། འབར་བའི་ཕྲེང་བ་ཅན། སྤྱན་དམར་པོ་ཆེན་པོ། མི་
གཡོ་བའི་ཚུལ་ཅན་ན་བཟའ་སྔོན་པོ་བསྣམས་པ། འཇིག་པའི་དུས་ལྟར་མཉམ་པར་འབར་བ་དྲག་པོ་འཇིག་རྟེན་གསུམ་པོ་ཟ་བ་ལྟ་བུར་རྔམ་པ། ལག་ན་གསལ་ཤིང་དང་། རྡོ་རྗེ་སྟེང་དུ་འཕྱར་བ་ལྟར་འཛིན་པ་གཞན་གཉིས་ན་རལ་གྲི་དང་གྲི་གུག་འཛིན་པའོ། །དེའི་
གཡས་སུ་ནི་སོ་སོར་ཞེས་བྱ་བ་ཕྱག་གཉིས་པ། རྡོ་རྗེ་དང་གྲི་གུག་ལག་ན་བསྣམས་པ། ཡན་ལག་ནག་པོ། མིག་དུད་པའི་མདོག་ཅན། མ་མཆུ་ཚེམས་ཀྱི་སྒྲོས་མནན་པའོ། །དེ་ཉིད་ཀྱི་གཡོན་ན་ནི་ཁྲག་གིས་གང་བའི་ཐོད་པ་སྟེ། རང་གི་རིགས་སུ་གནས་པ།
ཁྲག་གི་ཕྲེང་བ་མཉམ་པར་འབར་བའོ། །གཡོན་དུ་ནི་གཤིན་རྗེ་མཐར་འབྱིན་ཆར་སྤྲིན་ལྟ་བུར་འཇིགས་པའི་མདོག་ཅན་ཞལ་གསུམ་ཕྱག་དྲུག་པ། དྲག་པོ་ཞབས་བཞི་པ། སྤྱན་གསུམ་པ། མཆེ་བ་རྣམ་པ་གཙིགས་ཤིང་རྣམ་པར་འགྱུར་བ། ལྕགས་ལས་
བྱས་པའི་རྒྱན་གྱིས་འབར་བ་ཅན། དུར་ཁྲོད་ཀྱི་མེ་ལྟར་འབར་བ། མ་ཧེ་ལ་ཞོན་པར་བལྟ་བར་བྱའོ། །སྙིང་གར་ནི་འཇམ་དཔལ་གྱི་དངོས་པོ་བསྐྱེད་པར་བྱའོ། །ཐབ་ཀྱི་མདུན་དང་རྒྱབ་ཀྱི་ཕྱོགས་གཉིས་སུ་ནི་མཐར་བྱེད་དང་དུས་ཅན་ཞེས་པ་དག་སྟེ། རང་
เล่ม ๑๗ · หน้า 126a
བཞིན་ཇི་ལྟ་བ་བཞིན་དུ་བསམ་པར་བྱ་བ་སྟེ། བཀྲེས་པའི་ཚུལ་ལ་ཤིང་ཟ་བའི་དོན་ལ་འདོད་པའི་ཕྱག་གཉིས་དྲག་པོའི་ཆ་བྱད་ཅན། ཇི་ལྟ་བུའི་ཡི་དགས་ཀྱི་བདག་པོའི་རྒྱལ་པོ་དེ་བཞིན་དུ་སྟེ། བསྲེག་རྫས་ཟ་བར་འདོད་པ་ཅན་དུ་བྱ་བ་ནི་དྲག་པོའི་
ལས་ལ་རབ་ཏུ་བསམ་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་སུ་ཡང་དག་པར་གྱུར་པས་ནི་སྒྲུབ་པ་པོའི་དོན་ཐམས་ཅད་ནས་ཐམས་ཅད་དུ་འགྲུབ་པའོ། །སྔགས་དང་ཕྱག་རྒྱ་དང་རྣལ་འབྱོར་རྣམས་ནི་ལས་དང་རྗེས་སུ་མཐུན་པའི་གཟུགས་སུ་ལྡན་པར་བྱ་ཞིང་སྐུ་
གསུང་ཐུགས་སུ་བྱིན་གྱིས་བརླབས་པར་བྱས་པ་ལ་མཆོད་ཡོན་ལ་སོགས་པས་མཆོད་པར་བྱའོ། །དེ་ཡང་མཆོད་ཡོན་ནི་དབུ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཨརྒྷཾ་དབུལ་ལོ། །ལག་པ་གཡས་པའི་མཛུབ་མོ་
དང་། མཐེ་བོང་གི་རྩེ་མོ་སྐམ་པའི་ཁ་ལྟར་སྤྲད་དེ་མཛེས་པར་བསྐོར་བའི་ཚུལ་གྱིས་གྱེན་དུ་བསྟན་ཏེ། ཀུ་ཤ་ཆུ་གཙང་ལ་སྦངས་ལ་ཞབས་ལ་དབུལ་ལོ། །ཨོཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཕུལ་ཏེ། དེ་ནས་ཞལ་བསིལ་ཡང་ཕུལ་ལ་མཆོད་པ་རྣམས་ཀྱིས་མཆོད་དོ། །
དེ་ལ་མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་མདུན་དུའོ། །དྲི་ཆུ་ནི་ཐུགས་ཀར་རོ། །མར་མེ་ཡང་མདུན་དུའོ། །དེ་བཞིན་དུ་ལྷ་བཤོས་ཀྱང་མདུན་དུ་སྟེ་གསོལ་བར་བྱའོ། །དེ་ནས་བསྒྲུབ་བྱའི་གཟུགས་བརྙན་བསྲེག་རྫས་སུ་སྦྱིན་ནོ། །དེ་ནས་ཡང་དེ་ལྟ་བུའི་ཡང་དག་པར་མཆོད་པ་
རྣམས་ཀྱིས་གང་ལ་ཕན་པར་བྱ་བ་སྟེ། མི་འབྱོར་ན་ཡང་ཡིད་ཀྱི་སྒྱུ་འཕྲུལ་གྱི་ཁྱད་པར་གྱིས་སོ། །དེ་ནས་ཡང་ཞལ་བསིལ་ཕུལ་ཏེ། གོང་དུ་སྟེ་སྔོན་དུ་ཡང་དབུལ་བར་བྱའོ། །དགང་གཟར་བླུགས་གཟར་གྱི་མཚན་ཉིད་ལ་དགང་གཟར་ནི་སོར་བཞི་པའི་ཚད་ལ་དབྱིབས་གྲུ་
གསུམ་པ་ཐུར་དུ་སོར་གཉིས་ཀྱི་ཚད་དུ་བརྐོས་པ། ཁ་རན་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཡོངས་སུ་བསྐོར་བར་བྱའོ། །འདིའི་ནང་གི་གྲ་གསུམ་ལ་མཚན་མ་དག་གཞག་པར་བྱ་བ་ཡིན་ཏེ། དེ་ཡང་སྟག་དང་། སྦྲུལ་དང་སེང་གེའི་གདོང་རྣམས་ཇི་ལྟར་བཏུབ་ཚད་དུ་བྲིའོ། །མར་ཀྱི་
เล่ม ๑๗ · หน้า 126b
འཛག་ཁུང་ནི་སོར་གཅིག་པའི་ཚད་ལ། རྩེ་མོ་ཡང་སོར་གཅིག་པ་རྡོ་རྗེས་བྱིན་གྱིས་བརླབས་པའོ། །དེ་ཡི་ཡུ་བ་ནི་སོར་བཅུ་དྲུག་པའི་ཚད་དང་ལྡན་པ་ཅན་ནོ། །དེ་ནས་བླུགས་གཟར་ནི་ཡུ་བ་སོར་བཅུ་པ་ཅན། གཟར་བུ་ཉིད་ནི་སོར་གསུམ་པའི་ཚད་ལ་གྲུ་གསུམ་པའི་དབྱིབས་ཏེ།
དབུས་སུ་སོར་གཅིག་བརྐོས་པ་གང་གི་མཚན་མས་བྱིན་གྱིས་བརླབས་པའོ། །འོག་གི་མཆུ་ཡང་དེ་བཞིན་དུ་སོར་གསུམ་པ་ལ་རྩེ་མོ་གསུམ་པ་ཁ་གྱེས་པའི་རྡོ་རྗེས་བྱིན་གྱིས་བརླབས་པའོ། །འདི་ལྟ་བུའི་དགང་གཟར་དང་བླུགས་གཟར་ནི་མངོན་སྤྱོད་ཀྱིའོ། །དེ་ཡང་རྡོ་རྗེ་
བརྒྱབ་པའི་ཤིང་ངམ། ལྕགས་ལས་བྱའོ། །ཡང་ན་ཚེར་མ་ཤིན་ཏུ་རྣོན་པོ་ཅན་ལ་སོགས་པ་ལ་བྱའོ། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་པའི་དོན་ནི་དེ་ལྟ་བུའོ། །དེ་དག་ནི་ཕྱིའི་སྦྱིན་སྲེག་ཏུ་གསུངས་སོ། །ཡང་ནང་གི་བདག་ཉིད་གསུངས་པ། །སྔགས་
དང་ཕྱག་རྒྱར་ཡང་དག་ལྡན། །དེ་བཞིན་དཔའ་བོའི་སྟོན་མོ་ནི། །ཞེས་པ་སྟེ། སྔོན་དུ་གསུངས་པའི་རྫས་རྣམས་དང་། །རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་དོན་དང་། བསམ་གཏན་གྱི་ཉམས་ཆེན་པོར་བྱ་བའི་ཆེད་དུ།
ས་གསུམ་གྱི་གཉེན་པོའི་ཐབ་ཁུང་དུ་ལས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱའོ། །ལྟེ་བར་རང་གི་ངོ་བོས་སྐྱེས་པའི་དྲག་འཛིན་མའི་མེ་ཤིན་ཏུ་གསལ་བའི་སྒྲའི་རང་བཞིན་ལ། རྣལ་འབྱོར་མ་ཐམས་ཅད་དང་། དཔལ་ཧེ་རུ་ཀས་གང་བ་འདིར་སྲེག་བླུགས་ནི་རང་བཞིན་
མེད་པར་རྟོགས་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །དེ་ནི་བླ་ན་མེད་པའི་སྦྱིན་སྲེག་ཏུ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཏེ། ཕྱིའི་དངོས་པོ་མཐའ་དག་རང་རིག་པའི་བདག་ཉིད་ཀྱི་རང་བཞིན་དུ་རྟོགས་པར་བྱའོ། །དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོའི་
རྒྱུད་ལས་གསུངས་པ། འོད་ཀྱི་ཕྲེང་བས་འཁྲིགས་ཤིང་འཇིགས། །འོད་གསལ་དཀྱིལ་འཁོར་གྱིས་མཛེས་པ། །ལྟེ་བར་དེ་ལྟར་བསྒོམ་པའི་མེ། །ལྟེ་བར་ཐབ་ཁུང་ཉིད་དུ་གསུངས། །ཐམས་ཅད་བུད་ཤིང་ཡེ་ཤེས་མེ། །འཕྲོ་བ་དང་ནི་འདུ་བར་བྱེད། །ལས་
เล่ม ๑๗ · หน้า 127a
ཀྱི་རླུང་གིས་བུད་པ་ན། །ལྟེ་བའི་དཀྱིལ་འཁོར་ཉིད་ལ་སྦར། །ཐམས་ཅད་དབང་པོ་དངོས་སྐྱེས་པ། །བསྲེགས་པས་སེམས་ཉིད་བདེ་བར་འགྱུར། །ལས་དང་སྐྱེ་བ་སྲིད་སྐྱེས་པའི། །ཉོན་མོངས་ཞི་བར་བྱ་ཕྱིར་བསྲེག །འདི་ལས་རྒྱས་པའི་འབྱུང་
བ་ནི། །རིམ་པས་རྫོགས་པའི་བྱང་ཆུབ་མྱུར། །བསྐལ་པའི་མེ་དང་མཉམ་ལྟ་ཞིང་། །མེ་དེ་སྣང་བ་བཞིན་གནས་པ། །སྙིང་གའི་གནས་ན་འབར་བ་ནི། །རྩ་ཉིད་བརྒྱད་པོའི་དབུས་ནའོ། །མེ་ཡི་དབུས་ན་པདྨོ་ཉིད། །འདབ་མ་དྲུག་ཅུ་བཞི་ལྟ་བུའོ། །དེ་ཡི་དབུས་ན་མེ་ཡི་ལྷ། །
འོད་ལྡན་མཐེབ་ཚོན་ཙམ་པ་བལྟ། །མེ་ཡི་མདོག་ཅན་ཕྱག་གཉིས་པ། །རང་བཞིན་དགའ་བ་གསལ་བ་ཉིད། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །འབར་བའི་མེ་དང་མཉམ་པའི་འོད། །རྩ་རྣམས་ཀུན་ལ་གནས་པར་བལྟ། །ཐམས་ཅད་འབར་བའི་དབྱིབས་ཅན་ཏེ། །འདབ་
མའི་གྲངས་རྣམས་སྔོན་དུ་གསུངས། །ལྟེ་བའི་བུད་ཤིང་རྟག་བསྲེག་ཅིང་། །དེ་ཉིད་ཡིད་ནི་མེ་ཏོག་མཆོད། །ཡིད་དེའི་བདུག་པས་བདུགས་པ་དང་། །ཡིད་དེའི་དྲི་དེ་དྲི་མཆོག་གོ། །ཡིད་དེ་མར་མེ་གསལ་བ་སྟེ། །ཡིད་དེའི་ཆོ་གས་མཆོད་པར་བྱའོ། །གཏོར་མའི་འདུ་བྱེད་གང་
བར་ཡང་། །ཡིད་ཀྱི་ཆོ་ག་ཉིད་ཀྱིས་སོ། །བརྐྱང་མ་དགང་གཟར་ཡིན་པར་གསུངས། །རོ་མ་དེ་བཞིན་བླུགས་གཟར་ཏེ། །ཁ་ཡི་པདྨའི་འདབ་མ་ནི། །སོར་གཉིས་ཚད་དུ་རྒྱས་པར་བྱའོ། །རང་གི་རྡོ་རྗེ་ཇི་སྲིད་པར། །ཡུ་བའི་རྡོ་རྗེ་རིན་ཆེན་ལྡན། །བསྲེག་རྫས་སྣོད་ནི་ཐོད་པ་
སྟེ། །ཡམ་ཤིང་རྫས་རྣམས་ཐམས་ཅད་དོ། །འདི་ནི་ཆོ་གའི་རིམ་པར་བཤད། །ཅེས་སོ། །རྩ་ལྔ་ལ་ཀུན་གྱི་བཞིའོ། །ལྔ་པོ་འདི་དག་པར་སྦྱར་ཏེ། །ས་དང་ཆུ་དང་རླུང་དང་ནམ་མཁའ་རྣམས་མཉམ་པར་ལྟེ་བའི་དབུས་ན་གནས་པ་ཆུ་ཤིང་གི་མེ་ཏོག་ལྟ་བུར། སྒོ་དམར་
པོ་རྟག་ཏུ་གནས་ཤིང་འདབ་མ་བརྒྱད་པོ་རྟག་ཏུ་གྱེན་དུ་བལྟས་པ་གེ་སར་དམར་པོ་དང་ཡང་དག་པར་ལྡན་པར་མཁས་པ་རྣམས་ཀྱིས་ཡང་དང་ཡང་དུ་འཇུག་པར་བྱའོ། །དེའི་དབུས་སུ་ཇི་སྐད་དུ་གསུངས་པའི་རྣམ་པར་ཤེས་པ་ལྷན་ཅིག་སྐྱེས་པའི་ལྷ། ནམ་མཁའི་རླུང་གི་ངོ་བོས་
เล่ม ๑๗ · หน้า 127b
རྫོགས་པར་གསལ་བ་རྡུལ་ཕྲ་རབ་ཙམ་གྱི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་པ་འོད་ཟེར་ཅན་སྐྲ་བརྒྱའི་རྩེ་མོའི་ཆ་ཙམ་རྒྱུན་དུ་གནས་པ་ལ། མར་མེ་ལྟ་བུ་རབ་ཏུ་གསལ་བའི་ཐིག་ལེ་ཡི་གེ་མེད་པའི་རི་མོས། མཆོད་ཡོན་དབུལ་བར་བྱའོ། །སྔོན་དུ་བཤད་པའི་མཚན་ཉིད་
ཅན་དང་། སོར་མོ་ལྔ་ཡིས་ཡང་དག་པར་སྦྱར་བས་ན། བསྲེག་བྱའི་དགང་བླུགས་སྦྱིན་པར་གསུངས་སོ། །འདིར་དགང་བླུགས་སོར་གསུམ་པ་ནི། །སོར་མོ་གསུམ་གྱིས་བྱའོ། །བསྲེག་པར་བྱ་བའི་རིམ་པའི་སྦྱོར་བ་ནི། །བདུད་རྩིའི་ཡི་གེས་ཡང་དག་པར་ལྡན་པ་
དང་། ཡི་གེ་གསུམ་མཆོག་གི་དེ་ཁོ་ན་ཉིད་བདུད་རྩིའི་དཀྱིལ་འཁོར་གྱི་དབུས་ན་མོས་སོ། །བསྲེགས་པའི་རིམ་པས་ཆར་པའི་རྒྱུན་ལྟ་བུར་ཉིན་མཚན་དུ་ག་པུར་གྱི་རྒྱུན་བདེ་བ་ཆེན་པོའི་བདུད་རྩིའི་རྒྱུན་ཐམས་ཅད་དྲངས་ཏེ། འོག་ཏུ་ཐིམ་པར་བྱའོ། །ལུས་དེར་
མཆོག་ཏུ་བསྡུས་པ་དེ་བཞིན་གཤེགས་པ་ཐམས་ཅད་དུ་ཞུགས་པར་གྱུར་ཏེ། ཞི་བའི་སྦྱིན་སྲེག་ནི་དེ་ལྟ་བུར་གསུངས་སོ། །རྒྱས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱིས་མགུ་སྟེ་ཤིན་ཏུ་འགྲོལ་བའོ། །ཤིན་ཏུ་ཞི་བར་བྱ་བའི་དོན་དུ་ནི། ཁྲོ་བོའི་གཟུགས་ཀྱི་ཁྱད་
པར་དུ་བྱའོ། །རྗེས་སུ་ཆགས་པ་ལ་ནི། རྣམ་པར་བཀྲ་བའི་བུད་མེད་ཀྱི་གཟུགས་སུ་རྣམ་པར་བསམ་མོ། །ཕྱག་རྒྱ་ནི་བུད་མེད་དུ་གསུངས་ཏེ། །སྐུ་གསུང་ཐུགས་ལ་རྒྱས་བཏབ་པའོ། །སུམ་མདོར་མེའི་དཀྱིལ་དུ་རང་བྱུང་གི་ལྷག་པའི་ལྷ་བསམས་ལ། སྣོད་
ཤིན་ཏུ་བཀྲ་ཤིས་པའི་སྣོད་ལས་བསྲེག་རྫས་དེ་ཉིད་ཕུལ་བ་ནི་ལས་ཐམས་ཅད་པ་སྟེ། དཔའ་བོས་གཉིས་སུ་མེད་པས་སྙོམས་པར་འཇུག་པར་བྱའོ། །ཨོཾ་ཨཱཿབཾ་ཧཱུཾ་སྔགས་ཀྱིས་དེའི་ལུས་སུ་བསྐྱེད་ལ་ཧཱ་ཧཱ་དང་ས་ཥཱི་དཱ་ཞེས་པའི་སྒྲ་གཉིས་པོ་ཡང་དག་པར་ཟློས་ཤིང་། ཇི་ལྟར་བདེ་
བར་འགྱུར་བ་ན་ག་པུར་རང་བཞིན་གྱི་དགའ་བ་རབ་ཏུ་གསལ་བ་མེའི་དཀྱིལ་འཁོར་རབ་ཏུ་འབར་བ། འཇིག་པའི་མེ་དང་མཉམ་པའི་འོད་ལྟ་བུ་དེར་ཕུང་པོ་ལྔ་པོ་མཐའ་དག་མེད་པར། དེར་སྲེག་བླུགས་སུ་བྱའོ། །དེ་ལྟ་བུས་ནི་ཕུང་པོ་ཐལ་བར་སོང་ཡང་འཚོ་བ་སྟེ།
เล่ม ๑๗ · หน้า 128a
ཆོས་རྣམས་ཀྱི་རང་བཞིན་འགག་པ་མེད་པའི་ཆོས་ཉིད་སྙིང་རྗེ་ཆེན་པོ་དང་། སྨོན་ལམ་གྱིས་བསྐྱེད་པ་སངས་རྒྱས་ཐམས་ཅད་དང་མཉམ་པར་གསལ་བའོ། །འདིས་ནི་རྒྱས་པ་སྟེ་བདེ་བ་ཆེན་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀྱིལ་འཁོར་དུ་འབྱུང་
བས་ནའོ། །ཞི་བ་ནི་ཉོན་མོངས་པ་རྣམས་ཤིན་ཏུ་ཞི་བའི་དོན་ཏེ། ཤིན་ཏུ་སྟོང་པ་ཉིད་གཞི་མེད་པ་ནམ་མཁའ་དྲི་མ་མེད་པ་ལྟ་བུའོ། །དབང་ནི་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ཡིན་ནོ། །དཔལ་ཧེ་རུ་ཀའི་སྤྲུལ་པ་ནི་ཞེས་པ་ནི། ཁམས་གསུམ་པོ་
དཀྱིལ་འཁོར་གྱི་བདག་ཉིད་དོ། །ཉེར་སྤྱོད་ཅེས་པ་ནི། སངས་རྒྱས་རྣམས་ཇི་ལྟ་བར་ནི་སེམས་ཅན་རྣམས་པར་དེ་བཞིན་ཏེ། གཉིས་སུ་མེད་པའི་དངོས་པོའི་མཚན་ཉིད་པས་སོ། །བསྟན་པ་ཀུན་རྣམས་ཤེས་ཞེས་པ་ནི། སངས་རྒྱས་ཀྱིས་དེ་ཁོ་ན་ཉིད་དུ་བསྡུས་པར་རོ། །
དེ་ལྟ་བུའི་དཔའ་བོའི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྦྱོར་བ་ནི་སྟོན་མོར་གསུངས་སོ། །གཞན་ཡང་དམ་ཚིག་བཟང་པོ་རྣམས་ཀྱི་དངོས་གྲུབ་ཉེ་བར་བསྐྱེད་པར་བྱ་ཞིང་གཞན་ཡང་བདག་ཉིད་ཀྱི་མ་ཡིན་པ་གཞན་གྱིས་ཡོངས་སུ་གཟུང་བའི་རྫས་ནི་མ་ཡིན་ཞིང་ཁ་ན་མ་ཐོ་བ་མེད་པར་
གནས་པ་གཡེང་བ་མེད་པས་སྣ་ཚོགས་པ་ལས་བྱུང་བའི་འོ་མའི་མཆོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གཉིས་སུ་མེད་པའི་སེམས་ཀྱིས་མཆོད་པར་བྱའོ། །གཟུངས་ཞེས་པ་ནི་རྟག་ཏུ་ཉེ་བར་མི་བཏང་བར་བྱའོ། །དེ་བས་ན་རྟག་ཏུ་མཆོད་ཅེས་པ་སྟེ། དེ་ལྟར་རྟག་ཏུ་མཆོད་
དོ་ཞེས་སྦྱར་རོ། །ལྷག་མ་ནི་གསལ་ལོ། །བགེགས་མེད་ཅེས་པ་འདི་ནི་རྟག་ཏུ་དམ་ཚིག་སྤྱད་པས་ནའོ། །གང་ཞིག་ཇི་བཞིན་འགྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོ་ལའོ། །འདིར་ནི་གཞན་དག་འགྱུར་མ་ཡིན། །ཞེས་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་སྟེ། དེའི་རྣལ་འབྱོར་
གྱིའོ། །ཕོ་ཉ་མོ་མཆོག་བཟང་མོ་དང་། །ཉེ་བར་རྟག་ཏུ་ལྡན་བྱ་ཞིང་། །བརྩོན་པར་ལྷན་ཅིག་མཉམ་ལྡན་པས། །ཤིན་ཏུ་ཆགས་དགའི་ལོངས་སྤྱོད་རྫོགས། །ཞེས་པ་ལ། ཕོ་ཉ་མོ་མཆོག་བཟང་མོ་ཞེས་པ་དང་། མཉམ་ལྡན་ཞེས་པ་ནི་ལྷན་ཅིག་ཏུ་རྟག་ཏུ་གནས་པར་བྱ་
เล่ม ๑๗ · หน้า 128b
བ་ཡིན་ནོ། །དེའི་ཕྱིར་ན་ཉེ་བར་རྟག་ཏུ་ལྡན་ཞེས་པ་སྟེ་དངོས་གྲུབ་ཀྱི་སྒྲུབ་པས་སོ། །རྗེས་སུ་ཆགས་པས་ཞེས་པ་ནི་རབ་ཏུ་བསླབ་པ་མཆོག་ཏུ་གྱུར་པ་དེ་རྙེད་པ་ན་དཔལ་ཧེ་རུ་ཀར་མཉམ་པར་སྦྱོར་བའི་རྣལ་འབྱོར་པས་ཤིན་ཏུ་ཆགས་ཤིང་དགའ་བས་ལོངས་སྤྱོད་རྫོགས་པར་བྱ་བའོ། །
རྣལ་འབྱོར་རྫས་ཀྱི་རྣལ་འབྱོར་ཉིད། །ཅེས་པ་ནི་རྫས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བདུད་རྩིའི་བཅུད་དེ། །ཇི་ལྟར་ན་ལྷའི་དཔག་བསམ་གྱི་ཤིང་ལ་ཇི་ལྟར་འདོད་པའི་འབྲས་བུ་སྟེར་བ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་དཔག་བསམ་ཤིང་འདི་ལས་ཀྱང་སངས་རྒྱས་ཀྱི་དེ་
ཁོ་ན་ཉིད་འབྲས་བུ་སྟེར་བའོ། །རྣམ་འབྱེད་ཅེས་པ་ནི་གཉིས་སུ་རྣམ་པར་དབྱེ་བར་བཤད་དེ། ལོངས་སྤྱོད་དང་གྲོལ་བའི་འབྲས་བུ་རབ་ཏུ་སྟེར་བའོ། །བླ་མའི་མན་ངག་ལ་ཆགས་ཤིང་ཞེས་པ་ནི་བླ་མའི་མན་ངག་ཐོས་པ་ཡང་དག་པར་བསྒོམ་པ་ལ་རྟག་ཏུ་མངོན་པར་
དགའ་བ་ནི་སྒྲུབ་པ་པོའི་རྩལ་ཕུན་སུམ་ཚོགས་པར་འགྱུར་བས། ཚེ་འདི་ཉིད་ལ་བྱང་ཆུབ་དམ་པ་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་འཛིན་པ་ཉིད་དུ་འགྲོ་བའོ། །དེ་དོན་ཞེས་པ་ནི་གང་གི་ཚེ་བརྩོན་འགྲུས་དམན་པར་གྱུར་པ་བླ་ན་མེད་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་ཡང་རྣལ་
འབྱོར་པ་ཇི་ལྟར་འདོད་པའི་དོན་རྣམས་ནོར་སྦྱིན་ལྟ་བུར་འབྱོར་པར་འགྱུར་རོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་གསུངས་པ་ནི་དེ་མ་
ཐག་པའོ། །གཞན་ཡང་ཞེས་པ་ནི་ཕོ་ཉ་མོའི་ཁྱད་པར་གྱི་མཚན་ཉིད་དོ། །བསྟན་ཞེས་པ་ནི་སྔོན་དུ་བསྟན་པ་ལས་གཞན་དུའོ། །དེའི་ཕྱིར་ན་དེ་དག་ཤེས་པར་བྱ་བ་དང་། གཞན་ཡང་ཞེས་པ་འདིར་འབྲེལ་ཏོ། །གང་ཞིག་ཅེས་པ་ནི་ཕོ་ཉ་མའི་མཚན་ཉིད་དོ། །ཤེས་པ་ཞེས་པ་ནི་
རྣལ་འབྱོར་པའོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་ལ་གནས་མཁའ་འགྲོ་མར། །ཞེས་པ་གསུངས་ཏེ། དམ་ཚིག་ནི་སྒྲུབ་པ་པོ་རྣམས་ལ་ཕན་པས་ངེས་པར་གནས་པ་དེ་ལས་འདའ་བར་མི་བྱ་བའི་དོན་ཏོ། །གནས་ཞེས་པ་ནི་གང་རྙེད་པ་དང་ངོ་། །ཇི་ལྟར་གནས་ཤེ་ན།
เล่ม ๑๗ · หน้า 129a
ཕ་འམ་ཡང་ན་མ་དང་ནི། །ཞེས་པ་གསུངས་ཏེ། ཕ་དང་མ་ཞེས་པའི་སྒྲ་ནི་ཤིན་ཏུ་སྡུག་པའི་སེམས་ཀྱིས་ལྷན་ཅིག་ཏུ་སྤྱོད་པར་རྗེས་སུ་འཇུག་པའོ། །གང་ལ་ཞེ་ན། བདག་པོ་ཉིད་ཅེས་པ་གསུངས་ཏེ། རྣལ་འབྱོར་པ་ཡེ་ཤེས་ཐོབ་པ་ལའོ། །སྐད་ཅིག་
མཐོང་ཞེས་པ་ནི། །གཉིས་སུ་མེད་པར་ཞུགས་པ་དག་གིས་དེའི་བདག་ཉིད་རྫོགས་པ་ཅན་ལ་སྟེ། སོ་སོར་རིག་པའི་བདག་ཉིད་ཀྱི་རང་བཞིན་འདི་དག་ཇི་སྲིད་པའོ། །དེ་བཞིན་དུ་ཡང་གསུངས་པ། ཇི་ལྟར་ཕ་ལས་བདེ་ཐོབ་པ། །བདེ་བ་དེ་ལ་རང་ཉིད་སྤྱོད། །གང་ཞིག་ཤི་
བའི་བདེ་བ་བཞིན། །བདེ་བ་དེ་ལ་བསམ་གཏན་བཤད། །ཅེས་པ་འདི་དག་གོ། །ལྕེ་སྦོམ་ཞེས་པ་ནི་གདོང་འཕེལ་མཐུག་ཅིང་ནུ་མ་རྒྱས་པ་འཛིན་པའོ། །དེ་བཞིན་དུ་ལུས་ཆུང་ཞིང་སྐྲ་ཆུང་བ་དང་། གླང་པོ་རྡུལ་གྱི་དྲི་ཅན་གྱི་ག་པུར་གྱིས་རྣམ་པར་མྱོས་པ་ཅན་ཏེ། ཀུན་རྫོབ་མ་
ཞེས་བྱ་བར་རྣམ་པར་བཤད་དོ། །འདི་ལྟར་རིང་པོ་མཚན་ཉིད་ནི་གདོང་པ་རིང་བ་དང་། རྐང་ལག་རིང་བ་དང་། དེ་བཞིན་དུ་ཉའི་དྲི་དང་ལྡན་པ་ག་པུར་མང་པོར་འཛིན་པ། སྐྱེ་གནས་རིང་བ། ཟླ་བ་ལྟ་བུ། སྔོ་བསངས་མ། ནུ་མ་རྩུབ་པ་རྐེད་པ་ཕྲ་བ། སྐྲ་ཕྲ་བ། སྐྱེ་གནས་ཕྲ་བ།
ཡན་ལག་རྩུབ་ཅིང་འགྲོས་དལ་བ། རིང་ཞིང་མགྲིན་པའང་རིང་བ་དང་། །ཤིན་ཏུ་རིང་པོ་ནི་མ་ཡིན་ཏེ། དོན་དུ་གཟུགས་རན་པ། པདྨ་དཀར་པོ་ལྟ་བུ་སྟེ། རྟག་ཏུ་རྡུལ་འབྱུང་བའི་དྲི་ཞིམ་པ་མཆོག་དང་ལྡན་པའོ། །རི་དགས་ཀྱི་མིག་ལྟ་བུ་དང་། རི་དགས་ཀྱི་བལྟ་ལུགས་དང་།
རི་དགས་ཀྱི་མགྲིན་པ་དང་། རི་དགས་ཀྱི་ལྟོ་བ་དང་། རི་དགས་ཀྱི་རྒྱལ་པོའི་རྐེད་སྨད་ལྟ་བུ་དང་། སྐལ་བ་དང་ལྡན་པ་དང་། པདྨའི་དྲི་དང་ལྡན་པ་ཅན་ནོ། །མིག་ནི་དམར་སེར་ཞེས་པ་ནི། དམར་སེར་ལ་ཅུང་ཙམ་དམར་བ་ཤས་ཆེ་བ་དེ་བཞིན་དུ་རྐང་ལག་དམར་བ། མེ་ཏོག་
མ་ལི་ཀའི་དྲི་ལྟ་བུར་ཞིམ་པ། བདེ་བར་གཤེགས་པ་འདུས་པའི་ཚོགས་ལ་དགའ་མ་སྟེ། དེ་ལྟ་བུའི་རིག་མས་ནི་དངོས་གྲུབ་རབ་ཏུ་སྟེར་བའོ། །སྦོམ་ཞིང་རིང་བ། ནུ་མ་རྒྱས་པ་ཅན། སྐྲ་ལི་བ་ཡིན་ཏེ། འགྲོས་དལ་བ་དང་ངང་པ་ལྟར་འགྲོ་མ། ཤིན་ཏུ་རིང་བ་མ་ཡིན་པ།
เล่ม ๑๗ · หน้า 129b
བཞིན་ཡོངས་སུ་ཟླུམ་པ། ལྟེ་བའི་ལྟག་ན་གཉེར་མ་གསུམ་པ་ཅན། རྐེད་པའི་དབུས་ཕྲ་བར་ཤེས་པར་བྱའོ། །རྩུབ་ཅིང་ཞེས་པ་ནི་རྩུབ་ཅིང་ཡན་ལག་རྩུབ་པ་ནི་དབང་པོ་མ་ཞེས་བྱ་སྟེ། རྩོད་པ་ལ་དགའ་བ་མའོ། །དམར་སེར་སྐྲ་ཞེས་པ་ནི། དམར་སེར་གྱི་སྐྲ་འཁྱིལ་བ་
ཅན། ཁ་དོག་དང་བྲལ་མའོ། །ཡན་ལག་གློག་ཤུ་ཅན་ནུ་མ་སྐྱེས་བུ་ལྟར་སྤངས་པ། འབྲས་སཱ་ལུའི་དྲི་ལ་འདོད་པ་ཅན། ལུས་ལ་དྲི་ཤ་ཆེན་ལྟ་བུར་འབྱུང་བ། ཆང་ལ་སྲེད་པ། དམ་ཚིག་གི་སྤྱོད་པ་ཕུན་སུམ་ཚོགས་པ་ཅན། དེ་བསམ་པ་མཆོག་དང་ལྡན་པ་དྲི་
ཞིམ་པོ་ཁྱད་པར་ཅན་དང་། ཆང་དུ་བསྲེས་པའི་དྲིའི་རྗེས་སུ་འགྲོ་མ། འདོད་སེམས་ཀྱི་བྱེ་བྲག་ཤིན་ཏུ་ཆེ་བས་འདོད་སྲེད་ཀྱི་རྣམ་པར་མྱོས་མ་ག་པུར་མང་པོ་ཅན་ནོ། །དངོས་གྲུབ་ཀུན་གྱི་ཐུན་མོང་དུ། །ཞེས་པ་ནི། གྲོལ་བར་བྱ་བའི་དོན་དུ་དགེ་བའི་བཤེས་གཉེན་ཐམས་ཅད་ལ་
རྗེས་སུ་འགྲོ་མའོ། །དྲན་པ་ཞེས་པ་འདིའི་མཚན་ཉིད་རྣམས་སོ། །ཡང་དག་ལྡན་ཞེས་པ་ནི་རྣལ་འབྱོར་མའོ། །ཕོ་ཉ་ལ་སོགས་གནས་དང་བཅས། །ཞེས་པ་ལ། གནས་ཞེས་པ་ནི་རབ་ཏུ་གནས་པ་སྟེ། བསྟིམ་པར་བྱ་ཞིང་ལྡན་པར་བྱ་བ་ཇི་སྲིད་པའོ། །གང་དག་
དང་ཞེ་ན། མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །ཞེས་པ་འདི་སྟེ། འདི་དག་ཏུ་གཞན་གནས་པ་དག་ཀྱང་བསྡུ་བའོ། །དེའི་ཕྱིར་ན་དེ་དག་གིས་འདི་དག་མ་ལུས་པར་ཁྱབ་པར་རོ། །འདི་ལྟ་བུ་དག་རྙེད་ན་རབ་ཏུ་མཆོད་པར་བྱའོ། །འདི་ལྟ་བུས་ནི་ལོངས་སྤྱོད་དང་གྲོལ་
འབྲས་རབ་སྟེར་ཞེས་པ་སྟེ། སྒྲུབ་པ་པོའི་ལོངས་སྤྱོད་རྣམས་དང་། གྲོལ་བའི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་བའོ། །རྩ་བའི་སྔགས་ནི་རྟག་ཏུ་བཟླས། །ཞེས་པ་ཅི་ཉོན་མོངས་པ་ཐམས་ཅད་ལས་ཡིད་སྐྱོབ་པས་ན་སྔགས་ཏེ། འདི་ལྟར་གཉིས་སུ་མེད་པའི་
ཡེ་ཤེས་སོ། །དེ་རྣམ་པར་དག་པ་ནི་རྩ་བའི་སྔགས་ཏེ། དེ་བཟླས་ཞེས་པ་ནི་འདོད་པའི་དོན་ཀུན་སྒྲུབ་པ་པོ་ལ་ཞེས་པ་ལ། །འདོད་པར་བྱ་བས་ན་འདོད་པ་སྟེ། འདི་ལྟར་སེམས་ཅན་གྱི་དོན་ཐམས་ཅད་མཛད་པ་རྡོ་རྗེ་འཛིན་པ་ལ་སོགས་པའི་རང་བཞིན་ནོ། །སྒྲུབ་པ་
เล่ม ๑๗ · หน้า 130a
པོ་དེའི་སྐྱེ་བ་ཉིད་ལ་སངས་རྒྱས་ཉིད་སྟེར་བར་བྱེད་པའོ། །དེ་བས་ན། འདི་ལྟར་འདི་ལས་བྱུང་བ་ཡིན། །ཞེས་པ་སྟེ། ཤིན་ཏུ་བསྒོམ་པར་བྱས་པས་འཐོབ་པའོ་ཞེས་པའི་དོན་ཏོ། །དེ་གང་ཞེ་ན། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །ཞེས་པ་སྟེ། དེ་
ལ་འཇིག་རྟེན་གསུམ་ཞེས་པ་ནི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ངོ་། །རྒྱུ་བ་ཞེས་པ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མི་རྒྱུ་ཞེས་པ་ནི་སྣོད་ཀྱི་འཇིག་རྟེན་ནོ། །དེར་དེ་རྣམས་དང་བཅས་པར་རོ་གཅིག་པར་གྱུར་པ་རྡོ་རྗེ་འཛིན་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཡང་ན་འཇིག་
རྟེན་གསུམ་ཞེས་པ་ནི། སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་སུ་རྒྱུ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། །བདེ་བ་འདོད་པ་གཡོ་བའི་ཕྱིར་རྒྱུ་བའོ། །མི་རྒྱུ་བ་ནི་དེ་ཐོབ་པའོ། །དེ་རྣམས་དང་ལྷན་ཅིག་འཇུག་ཅེས་པར་སྦྱར་རོ། །སུ་ཞེ་ན། སྒྲུབ་པ་པོ་ཞེས་པ་འདི་སྟེ། གང་ཡང་
འདིར། སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །སྒྲུབ་པ་པོ་ཡི་དངོས་གྲུབ་མཆོག །ཅེས་པ་སྟེ། དེ་ནས་དེ་ལྟར་ཕྱག་རྒྱ་དང་བྲལ་ན་བྱིན་གྱིས་མི་རློབ་ཅེས་པའོ། །ཕྱག་རྒྱ་ཞེས་པ་ནི་ཤེས་རབ་ལ་གསུངས་ཏེ། སྐུ་གསུང་ཐུགས་ལ་རྒྱས་བཏབ་པའི་ཕྱིར་རོ། །དེ་དང་བྲལ་བ་ནི་དད་
པ་མེད་པར་ཅིའི་ཕྱིར་ན། ཉན་ཐོས་ལྟ་བུའོ། །དེ་ནས་དེའི་ལུས་སྔགས་ཀྱིས་བྱིན་གྱིས་རློབ་པར་མི་འགྱུར་རོ། །སྔགས་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་འཛིན་པ་ཐོབ་པའི་དོན་ཏེ། གང་གི་ཕྱིར་མངོན་དུ་སྦྱར་ན་བྱང་ཆུབ་པར་འགྱུར་བ་དེའི་ཕྱིར་ཡིད་ཀྱི་འདུ་བྱེད་གཞན་དུ་མི་
འགྱུར་བས་བརྩོན་འགྲུས་ལྷག་པར་བརྟུན་ཏེ་བྱའོ། །ཇི་ལྟར་དྲོ་བར་བདག་ཉིད་བྱ། །ཞེས་པ་ནི་དང་པོར་ནི་ཤེས་རབ་དྲོ་བར་འགྱུར་བའོ། །གཉིས་པ་ནི་དུ་བ་ལྟ་བུར་འགྱུར་བའོ། །གསུམ་པ་ལ་མེ་སྟག་ལྟ་བུར་འཕྲོ་བའོ། །བཞི་པ་ལ་མར་མེ་འབར་བ་ལྟ་བུའོ། །ལྔ་པ་ལ་རྟག་ཏུ་
ཤིན་ཏུ་སྣང་བ་སྟེ། རྡུལ་མེད་པའི་ནམ་མཁའ་ལྟ་བུའོ། །འདིའི་དོན་གསལ་བར་བཤད་པ། ཅུང་ཞིག་གསལ་བར་སྣང་བ་ལ་ནི་འགྲོ་བ་ཡིན་ནོ། །དེ་ལྟ་བུ་དེ་ཉིད་ཀྱི་སྣང་བ་གསལ་བ་འབྲིང་པོར་འགྱུར་བ་ནི་རྩེ་མོར་འགྲོ་བར་འགྱུར་རོ། །གང་གི་ཚེ་དེ་ཉིད་ཤིན་ཏུ་གསལ་བར་འགྱུར་
เล่ม ๑๗ · หน้า 130b
ཏེ། ཕྱིའི་དོན་རྣམས་ཤེས་པ་ཉིད་དུ་སྣང་ཞིང་རྣམ་པར་ཤེས་པ་ཙམ་ལ་གནས་ཏེ་རྟོག་པའི་དྲ་བ་ལས་གྲོལ་བའི་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་རྒྱུན་མི་འཆད་པ་དེ་ནི་བཟོད་པར་འགྲོ་བར་འགྱུར་རོ། །དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་ཀྱི་མཆོག་ཏུ་འགྱུར་བའི་ཕྱིར་ན་
ཆོས་ཀྱི་མཆོག་གི་དོན་ཏོ། །རྣལ་འབྱོར་པ་ལ་གང་ཞིག་སྡང་། །ཞེས་པ་ལ་སོགས་པ་ལ། གང་ཞིག་སྡང་ཞེས་པ་ནི་གཏི་མུག་གི་ཕྱིར་ན་མི་དགེ་བའི་བཤེས་གཉེན་གྱིས་ཀུན་དུ་ཕྱིར་ཁ་ཐུར་དུ་བལྟས་ཏེ་འགྲོ་བ་དག་གོ། །ལྷག་མ་ནི་གོ་སླའོ། །རྣལ་འབྱོར་ཆེ་འཆང་དཔའ་བོ་འདི། །
ཞེས་པ་ལ་སོགས་པ་ནི། དེ་གནས་པའི་ཡུལ་ནི་ཡོངས་སུ་བརྟག་པ་ཡིན་པས་ན། མཆོད་པར་འོས་པས་དེའི་ཉེ་འཁོར་ལྟ་ཅི་སྨོས། དེ་རུ་ང་ནི་རྟག་པར་གནས། །ཞེས་པས་ནི་འདི་ཤེས་པའི་རྣལ་འབྱོར་པའི་སྙིང་ལ་ཞུགས་སོ་ཞེས་པའི་དོན་ཏོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་
མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་ཞེས་པ་ནི་ཧེ་རུ་ཀ་གཞན་ཏེ། ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཀྱི་དོན་འདིའོ། །དེར་འགྲོ་བ་ནི་འདིར་ཏེ། ཤིན་ཏུ་རྙེད་དཀའ་སྤངས་པར་
ཞེས་གསུངས་ཏེ། དེ་ལ་སྤངས་པར་ཞེས་པ་ནི་རྗོད་བྱེད་དང་ཕྱི་མོ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་དགོད་པར་བྱའོ། །སའི་ཆ་ཞེས་པ་ལ་སོགས་པར་འདི་དག་ནི་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ལའོ། །བདག་གི་བྱ་བ་ཀུན་བྱས་ཤིང་། །ཞེས་པ་ལ། ཀུན་
ཞེས་པ་ནི་ས་བོན་ཡི་གེ་ཧཱུཾ་གི་སྒྲ་ཡིས་གཟུགས་སུ་འགྱུར་བར་བྱ་བའོ། །བདེ་བ་ནི་དངོས་པོ་མེད་པར་འགྱུར་བ་སྟེ། ནམ་མཁའ་དང་མཉམ་པའི་གཞིའོ། །དེ་ནས་གོ་ཆས་བཅིང་བར་བྱས་ལ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་ཤེས་པར་བྱ་སྟེ། རྫ་རྔ་བཅིང་བར་བྱའོ། །
དེ་ལ་མུ་རཾ་ཛཾ་ཞེས་པ་ནི་རྫ་རྔ་སྟེ། ཡི་གེ་གསུམ་པོ་ནི། སྐུ་གསུམ་དུ་མི་ཕྱེད་པ་ཡིན་ལ། ཟླུམ་པོ་ནི་རླུང་གི་ངོ་བོའོ། །རི་མོ་བརྒྱད་ཀྱིས་མཉམ་པའི་བཞི་པོ་དབུས་སུ་རི་མོ་གཅིག་གཞུག་པ་དང་། དགུ་རུ་འགྱུར་རོ། །སྟོང་པ་ཉིད་ཀྱི་དངོས་པོ་དྲི་མ་མེད་པའི་ཨཱ་ལི་དང་ཀཱ་ལི་རྣམས་
เล่ม ๑๗ · หน้า 131a
མཉམ་པར་སོ་སོར་དགོད་པར་བྱའོ། །དགའ་བ་བཞི་ལས་འབྱུང་བའི་ཆོས་གཞོམ་དུ་མེད་པ་ནི་རྫ་རྔའོ། །དེར་ཡི་གེས་ཡོངས་སུ་བཀང་བ་ནི་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་དག་གི་གྲངས་ཀྱི་བར་བར་ནས་བཏུ་བ་ནི་ཆོས་བདག་མེད་པའོ། །
ཞལ་བཞིར་གསུངས་པ་ནི་བདུད་བཞི་རྣམ་པར་བཅད་པའོ། །སྔགས་ཀྱི་གཟུགས་རྣམས་བཟླས་པའི་དུས་ན་རྣམ་པར་འཕྲོ་བ་དང་བསྡུ་བ་ནི་རླུང་ལ་མཉམ་དུ་ཞོན་པས་ཁམས་གསུམ་མ་ལུས་པ་རླུང་གི་དེ་ཁོ་ན་ཉིད་དུ་རིག་པར་བྱའོ། །རིམ་བཞིན་འབྱུང་དང་རིམ་མིན་པས། །ཞེས་
པ་ནི་རིམ་པ་བཞིན་དང་རིམ་པ་བཞིན་མ་ཡིན་པའི་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་རྗོད་པར་བྱེད་པའི་ཡི་གེ་རྣམས་ཏེ། དེ་ནི་སྒྲ་བརྙན་ལྟ་བུར་བསྟན་པའི་ཕྱིར་རོ། །རེ་མིག་སུམ་ཅུ་རྩ་གསུམ་གྱི། །རེ་མིག་ལས་ནི་གསུམ་པ་བླང་། །ཞེས་པ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་
དུ་གསལ་བས་ན་དཀྱུས་ཉིད་ལས་བླ་མས་སྨྲས་པ་ཙམ་གྱིས་སོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྣ་གྲྀ་ཧྣ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། དེ་དག་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའོ། །
སྔགས་ཀྱི་ཕྲེང་བ་བཞི་པོ་དེས་ནི་དཀྱིལ་འཁོར་གྱི་དོན་དུ་གསུངས་པ་སྟེ། གདུག་པ་ཐམས་ཅད་རྣམ་པར་གནོན་པའོ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །ཞེས་པ་འདི་ནི། སྔགས་ཀྱི་ཕྲེང་བ་རེ་རེ་ལས་སྐུ་ཤིན་ཏུ་འཇིགས་པ་གཉིས་
གཉིས་སྐད་ཅིག་གིས་སྤྲོས་པས་བགེགས་ཐམས་ཅད་རྣམ་པར་འཇོམས་པ་ལ་བྱའོ། །དེའི་རིམ་པ་ཡང་འཁོར་ལོ་ཆེན་པོ་ཕྱི་རོལ་གྱི་མཐར་ཐུག་པ་རྣམས་ན་ཁྭ་གདོང་མ་ལ་སོགས་པ་བརྒྱད་པོ་རྣམས་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་མ། ཁ་དོག་དམར་
འོད་འབར་བ་སྤྱན་གསུམ་མ། དྲག་མོ་འཇིགས་པར་བྱེད་མ། དར་ལ་བབ་པའི་ཆ་བྱད་ཅན། མཛེས་མ་ཞལ་རྣམ་པར་འགྱུར་བ་སྟག་གི་པགས་པའི་སྨད་གཡོགས་ཅན། སྐུ་སྨད་གསལ་ཤིང་ལྟ་བུར་འབར་བ་རྣོན་པོ་འཇིག་པའི་དུས་ཀྱི་མེ་ལྟར་མཉམ་པར་འབར་བའི་འོད་ཟེར་
เล่ม ๑๗ · หน้า 131b
དང་ལྡན་པར་བཞུགས་པ། ཕྱོགས་བརྒྱད་ཀྱི་བགེགས་ཐམས་ཅད་ཀྱི་ཚོགས་ལ་རྐེད་པ་ནུབ་ཙམ་དུ་སྔགས་གཞན་གྱིས་ཁྲོ་བོའི་ཕུར་པ་རྣམས་རིམ་པ་བཞིན་དང་། རིམ་པ་བཞིན་མ་ཡིན་པར་བཏབ་སྟེ་གཟིར་བར་བྱའོ། །སྔགས་ནི་འདི་ལྟ་སྟེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུཾ་
ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་པས་གཟིར་རོ། །དེ་རྡོ་རྗེ་ཐོ་བས་བརྡུང་བ་ནི་ཁྲོ་བོའི་ལྟ་སྟངས་ཀྱིས་བལྟས་ལ་བརྡུང་བའི་སྔགས་ནི། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་ཅེས་སོ། །དེ་འདེབས་
པར་བྱེད་པའི་ཁྲོ་བོའི་འཁོར་ལོའི་རྩིབས་རྣམས་ལ་གནས་པ་རྣམས་ཀྱིས་སོ། །དེ་དག་གི་མཚན་ཡང་། རྡོ་རྗེ་གཏུམ་པོ་དང་ནི་རྡོ་རྗེ་ཉི་མ་མེ། །རྡོ་རྗེ་གཙུག་ཏོར་དང་ནི་རྡོ་རྗེ་འཁྱིལ་བ་དང་། །རྡོ་རྗེ་གནོད་སྦྱིན་དང་ནི་རྡོ་རྗེ་སྔོན་པོ་དང་། །རྡོ་རྗེ་སྟོབས་པོ་ཆེ་དང་དེ་བཞིན་དུ། །རྡོ་རྗེ་འཇིགས་
བྱེད་ཉིད་ནི་བརྒྱད་པ་སྟེ། །སྟེང་ན་གཙུག་ཏོར་འཁོར་ལོས་སྒྱུར་བ་ཉིད། །འོག་ཏུ་གནོད་མཛེས་ཞེས་བྱར་རབ་ཏུ་གྲགས། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་ཉིད་དང་། །ཟད་དང་མི་སྐྱེ་ཆོས་དང་རྗེས་ཤེས་དང་། །ཀུན་རྫོབ་ཉིད་དང་ཡོངས་སུ་ཤེས་པ་དང་། །ཡེ་ཤེས་བཅུ་པོ་
འདི་དག་རྣམ་དག་པའི། །ཁྲོ་བོ་བཅུ་པོ་དེ་ནས་སྤྲོ་བར་བྱའོ། །རྡོ་རྗེ་སེམས་དཔའ་ཡོངས་སུ་ཞུ་བ་ལས། །བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཉིད་དུ་བསྐྱེད། །སྔོན་པོ་ཆེན་པོ་བརྗིད་པ་ཆེན་པོ་དང་། །དེ་ཉིད་མཆེ་བ་གཙིགས་པ་འཇིགས་པར་མཛད་པའོ། །གཡས་དང་གཡས་མིན་
ཞལ་ནི་སྔོ་དང་ལྗང་། །ཞལ་གསུམ་རིམ་པ་བཞིན་དུ་དཔའ་ཚུལ་དང་། །སྨྲེ་བའི་ཚུལ་དང་གདངས་ནས་ལྗགས་འདྲིལ་བའོ། །སྨིན་མ་ཤིན་ཏུ་ཁྲོ་གཉེར་ལྟ་བུ་དང་། །སྤྱན་གསུམ་ཟླུམ་ཞིང་ཤིན་ཏུ་དམར་བ་དང་། །ཁྲོ་བོ་འཇིགས་པ་འབར་བས་འཁྲིགས་པ་སྟེ། །རྡོ་རྗེ་
ཧཱུཾ་མཛད་ཧཱུཾ་ཉིད་མཛད་པའོ། །མི་རུས་རྒྱན་གྱིས་བརྒྱན་པར་མཛད་པ་སྟེ། །མི་ཡི་མགོ་བོའི་ཕྲེང་བའི་དོ་ཤལ་ཅན། སངས་རྒྱས་ལྔ་རྣམས་འབྱུང་ཞིང་འཕྲོ་བའོ། །ཕྱག་གཉིས་རྡོ་རྗེ་དང་ནི་དྲིལ་བུ་འཛིན། །འཇིག་རྟེན་གསུམ་རྒྱལ་ཕྱག་རྒྱ་བཅིང་མཛད་པའི། །གཉིས་
เล่ม ๑๗ · หน้า 132a
པོ་ཤེས་རབ་སྙོམས་པར་འཇུག་པ་སྟེ། །ལྷག་མའི་ཕྱག་གིས་ལྕགས་ཀྱུ་ཞགས་པ་དང་། །ཁ་ཊྭཱཾ་ག་དང་ཐོད་པ་རལ་གྲི་འཛིན། །གཡས་བརྐྱང་བ་ཡི་གནས་པས་ཡང་དག་བཞུགས། །འཇིགས་བྱེད་དུས་མཚན་ཞབས་མཐིལ་གྱིས་གནོན་མཛད། །
དེ་ལ་ཤར་གྱི་རྩིབས་ལ་རྡོ་རྗེ་གཏུམ་པོ་སྔོན་པོ་དང་། གཡས་དང་གཡོན་གྱི་ཞལ་ནི་སེར་པོ་དང་ལྗང་གུའོ། །གཡས་ཀྱི་ཕྱག་ན་རྡོ་རྗེ་ཐོ་བ་བསྣམས་ཤིང་རྡོ་རྗེ་སྡིགས་མཛུབ་མཛད་པའོ། །གཡོན་ན་ནི་ཐོད་པ་དང་ཁ་ཊྭཱཾ་གའོ། །ཕྱག་གཉིས་ཀྱིས་ནི་རང་ལྟ་བུའི་ཤེས་རབ་མ་ལ་
འཁྱུད་པའོ། །བྱང་དུ་ནི་ཉི་མ་མེ་ལྟར་འབར་བ་སེར་པོ། གཡས་དང་གཡོན་པ་དག་ནི་སྔོན་པོ་དང་ལྗང་གུའོ། །རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ་དང་། རྡོ་རྗེ་དབྱིག་པ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པའོ། །ནུབ་ཏུ་ནི་རྡོ་རྗེ་གཙུག་ཏོར་དམར་པོ་རང་དང་འདྲ་བའི་
ཤེས་རབ་མ་ལ་འཁྱུད་པ། གཡས་པ་དང་གཡོན་པ་ནི་དཀར་པོ་དང་ལྗང་གུའོ། །པདྨ་དམར་པོ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པའོ། །ལྷོར་ནི་བདུད་རྩི་འཁྱིལ་པ་ལྗང་གུ། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡས་དང་གཡོན་པའི་ཞལ་ནི་སེར་པོ་དང་།
དཀར་པོའོ། །སྣ་ཚོགས་རྡོ་རྗེ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པའོ། །མེར་ནི་རྡོ་རྗེ་གནོད་སྦྱིན་དུད་ཁ་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡོན་དང་གཡས་པ་སེར་པོ་དང་། ལྗང་གུ་འགྱིང་བག་ཅན། ལྕགས་ཀྱུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པའོ། །བདེན་བྲལ་
དུ་རྡོ་རྗེ་དུས་བྱེད་དམར་པོ། གཡས་དང་གཡོན་པ་དག་ནི་སེར་པོ་དང་། ལྗང་གུ་སྟེ། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ་དང་། དགྲ་སྟ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །རླུང་གི་མཚམས་སུ་རྡོ་རྗེ་སྟོབས་པོ་ཆེ་སྔོན་པོ། གཡས་དང་གཡོན་པ་ནི་སེར་པོ་དང་ལྗང་
གུའོ། །རང་དང་འདྲ་བའི་ཤེས་རབ་མ་ལ་སྙོམས་པར་འཇུག་པ་དང་། རྩེ་གསུམ་པ་དང་། ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའོ། །དབང་ལྡན་དུ་རྡོ་རྗེ་འཇིགས་པར་བྱེད་པ་སྔོན་པོ་མི་གཡོ་བ་གཡས་དང་གཡོན་པ་སེར་པོ་དང་ལྗང་གུའི་ཁ་དོག་ཅན་རང་ལྟ་བུའི་ཤེས་རབ་མ་ལ་འཁྱུད་པ།
เล่ม ๑๗ · หน้า 132b
རལ་གྲི་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །སྟེང་དུ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ་སྟེ། གཡས་དང་གཡོན་པ་དག་ནི་སྔོན་པོ་དང་ལྗང་གུ་རང་ལྟ་བུའི་ཤེས་རབ་མ་ལ་འཁྱུད་པ་འཁོར་ལོ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པའོ། །འོག་ཏུ་ནི་རྡོ་རྗེ་གནོད་མཛེས་སྔོན་པོ་དང་།
གཡས་དང་གཡོན་པ་དག་ནི་སེར་པོ་དང་ལྗང་གུ། རང་ལྟ་བུའི་ཤེས་རབ་མ་ལ་འཁྱུད་པ། རྡོ་རྗེ་གསལ་ཤིང་དང་། གཡོན་ན་ཆགས་པའི་ཞགས་པ་དང་། སྡིགས་མཛུབ་ཅན་ནོ། །ཁྲོ་བོ་ཐམས་ཅད་ཀྱང་སྣ་ཚོགས་རྡོ་རྗེ་དང་། ཆུ་སྐྱེས་དང་། ཉི་མ་དང་། སུམ་བརྩེགས་
ཀྱི་དབུས་ན་གནས་པས་འཇིག་རྟེན་སྐྱོང་བ་བརྒྱད་པོ་རིམ་པ་ལྟར་གཡས་བརྐྱང་བས་གདན་དུ་གཟིར་ཏེ། འདི་ལྟར། ལུས་ངན་མིག་དང་གཤིན་རྗེ་དང་། །དེ་བཞིན་ཆུ་བདག་ནོར་སྦྱིན་དང་། །མེ་དང་བདེན་བྲལ་རླུང་ལྷ་དང་། །དབང་ལྡན་ཉིད་དེ་ལྷ་རྣམས་སོ། །སྟེང་དུ་ནི་ཚངས་པའི་
མདུན་ན་འདོན་གྱི་ལྷ་རྣམས་དང་བཅས་པའོ། །འོག་ཏུ་ཐགས་བཟངས་རིས་ཏེ། དེ་རྣམས་ཀྱི་སྙིང་ག་རྣམས་སུ་གནས་པར་བྱའོ། །དགོད་ལུགས་ནི་རིམ་པ་བཞིན་དང་། རིམ་བཞིན་མ་ཡིན་པར་ཏེ། ཁྲོ་བོ་ཐམས་ཅད་དབུ་སྐྲ་དམར་སེར་རོ། །དེ་དག་ཀྱང་སྨིན་མའི་ཁྲོ་
གཉེར་བསྙེར་ཞིང་རྣམ་པར་འགྱུར་བ་ཅན་ནོ། །ལུས་ཐུང་ཞིང་གསུས་པ་ལྡིར་བ། དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། །མགོའི་ཕྲེང་བའི་དོ་ཤལ་བྱས་པ། མིའི་རུས་པའི་རྒྱན་གྱིས་བརྒྱན་པ། སྦྲུལ་ནག་པོ་མཐའ་ཡས་ཀྱི་ཐོད་ཅན་དང་། མདངས་དམར་པོ་
འཇོག་པོས་ནི་རྣ་བའི་འདབ་མར་ཤིན་ཏུ་དཀྲིས་པའི་གདེངས་ཀ་ཅན། པདྨ་ཆེན་པོ་དཀར་པོས་དོ་ཤལ་དུ་བརྒྱན་པར་བྱས་པ། སྟོབས་ཀྱི་རྒྱུ་ལྗང་གུས་ནི་མཆོད་ཕྱིར་ཐོགས་ཤིང་འཆང་བ། དུང་སྐྱོང་སེར་པོས་ནི་གདུ་བུར་བྱས་པ། སྣ་ཚོགས་པའི་མདོག་གི་རིགས་
ལྡན་གྱི་དཔུང་རྒྱན་གྱིས་ཡང་དག་པར་མཛེས་པ། ནོར་རྒྱས་པདྨ་དཀར་པོའི་མདོག་ཅན་གྱིས་རྣམ་པར་མཛེས་པའི་སྐ་རགས་ཅན། པདྨའི་རྩ་བ་ལྟར་སྐྱེ་བའི་པདྨས་ནི་རྐང་གདུབ་བྱས་པའོ། །དེ་རྣམས་ཀྱང་སྐད་ཅིག་གིས་སྐུ་གསུང་ཐུགས་ལ་བརྒྱན་པར་བྱས་
เล่ม ๑๗ · หน้า 133a
ལ། སྐད་ཅིག་གིས་སྐུ་གསུང་ཐུགས་ལ་བྱང་ཆུབ་སེམས་ཀྱིས་བཀྲུས་ཏེ། རང་གི་རིགས་རྣམས་དབུ་རྒྱན་དུ་གསལ་བར་བྱའོ། །རང་རང་གི་ལུས་ལས་རྡོ་རྗེ་འབར་བ་འཁྲིགས་པ་འཇིགས་པར་སྤྲོས་ཏེ། ནམ་མཁའི་དཀྱིལ་འཁོར་བཀང་བས་
ཕྱོགས་བཅུའི་མཐར་ཐུག་པར་ཁྲོ་བོ་འབར་བས་དཀྲིགས་ཤིང་འཁྲིགས་པར་བྱའོ། །དེ་ཉིད་རིག་པ་དག་གིས་བཀའི་འཁོར་ལོ་དེ་གཡོན་དུ་མྱུར་དུ་འཁོར་བར་བྱ་ཞིང་ལྷ་ལ་བརྟེན་པའི་སེམས་ཀྱིས་གདོད་ནས་དག་པའི་དེ་བཞིན་གཤེགས་པ་ལྟ་བུར་བགེགས་མེད་པར་
འགྱུར་ཞིང་འདི་ཐོས་པ་ཙམ་གྱིས་གདུག་པ་ཐམས་ཅད་འཆི་བར་བྱེད་པར་ངེས་སོ། །ཉོན་མོངས་པའི་གདུག་པ་ཅན་ཡང་འཇིགས་པར་བྱེད་དོ། །གང་དག་འགའ་ཞིག་འདི་ལས་འདའ་བར་གྱུར་པ་དེའི་ཚེ་དུམ་བུར་ཆད་པར་ཐེ་ཚོམ་མི་ཟ་བའོ། །དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་
འཁོར་ལོའི་རྣལ་འབྱོར་གྱིས་བདག་ཉིད་རྫ་རྔས་བདུད་རྣམས་དབྱེ་བའི་ལས་རྣམས་ཕྱེ་བ་དངོས་གྲུབ་ཀུན་གྱི་འབྲས་བུ་སྐྱེད་པར་བྱེད་པ་ཞེས་པའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་པའི་རྣམ་པར་བཤད་
པའོ།། །།དེ་ནས་ཤ་ཆེན་ཞེས་པ་ལ་སོགས་པ་ནི་ཞེ་སྡང་ལ་སོགས་པ་ཐམས་ཅད་དོ། དེ་རྣམས་ཀྱི་སེལ་བྱེད་ནི་དམ་ཚིག་རྣམས་ཏེ་མཐུ་དང་ལྡན་པའི་ཕྱིར་ནའོ། །དེ་དག་གིས་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་སྐྱེས་ཞེས་པ་གསུངས་པ་ལ། རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་ཏེ།
དེ་ལྟར་སྐྱེས་པས་ན་རྡོ་རྗེ་འཛིན་པའི་སྐུ་སྟེ། དེ་ནས་ཞེས་པ་ནི་དེ་རྣམས་ཀྱིས་ཏེ། ཞེ་སྡང་ལ་སོགས་པའི་གདུག་པ་ཐམས་ཅད་རྣམ་པར་འཇོམས་པ་མི་བཟད་པའོ། །དེ་གང་གིས་ཤེ་ན། རྡོ་རྗེ་སྐྱ་བ་ཉེ་བར་རྫོགས་པས་སོ། །དེ་བཞིན་ཁྱི་དང་ཞེས་པ་ལ་སོགས་པ་རྣམས་ནི་
དེ་ལྟ་བུའོ། །བཟའ་དང་སྦྱིན་སྲེག་ཅེས་པ་ལ་དེ་བཟའ་བ་ཡང་ཡིན་ལ་སྦྱིན་སྲེག་ཀྱང་ཡིན་པས་བཟའ་བ་དང་སྦྱིན་སྲེག་སྟེ། གཏོར་མའི་བྱ་བ་རྣམས་སུ་བྱ་བའོ། །མངོན་སྤྱོད་ཅེས་པ་འདི་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་ན། དེ་རྣམས་ཀྱི་ཤ་ཁ་ན་མ་ཐོ་བ་མེད་པ་རྙེད་ན་
เล่ม ๑๗ · หน้า 133b
རྡོ་རྗེ་རྣལ་འབྱོར་པས་གཏོར་མ་ལ་སོགས་པར་བྱ་སྟེ། གཞན་དག་ནི་སེམས་ཅན་རྣམས་ལ་གནོད་པའི་ཕྱིར་ན་སྤང་ངོ་། །དེ་ལྟར་ཡང་གསུངས་པ། སྔགས་པས་སེམས་ཅན་གནོད་བྱེད་པ། །ཕྱག་རྒྱའི་དངོས་གྲུབ་མི་ཐོབ་པོ། །ཞེས་སོ། །དེའི་ཐབ་ཁུང་ནི་རྣམ་པར་རྟོག་
པ་མེད་པའི་སེམས་ནི་ཐབ་ཁུང་དུ་གྲགས་སོ། །མེ་ནི་གཉེན་པོའི་མེ་རབ་ཏུ་འབར་བའོ། །དེར་ཡང་བསྲེགས་པ་ནི་སཱ་ལུ་སྐྱེས་ཀྱི་སྟོབས་ཏེ་རྣམ་པར་རྟོག་པའོ། །གང་ཅུང་ཟད་སྐྱོ་བོ་རྣམས་སྨོད་པར་བྱེད་པའི་སྲོག་ཆགས་ཐམས་ཅད་ཀྱི་ཡན་ལག་ལས་བྱུང་བ་རྣམས་དང་། སྣ་
ཚོགས་པའི་ཆང་དག་བཟའ་ཞིང་བཏུང་བར་བྱའོ། །མ་ལུས་ཞེས་པ་ནི་ཁམས་གསུམ་ན་ཡོད་དོ་ཅོག་གོ། །ལུས་པ་མེད་པར་གྲུབ་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་དེ་དང་དེ་ལས་གསུངས་པའི་དངོས་གྲུབ་ལུས་པ་མེད་པར་འགྲུབ་ཅེས་པའི་དོན་ཏོ། །རྒྱལ་སྲིད་ཐམས་ཅད་
ཅེས་པ་ནི་རྡོ་རྗེ་འཛིན་པ་ཉིད་དོ། །དུང་དང་ཉ་ཕྱིས་མུ་ཏིག་རྣམས། །ཞེས་པ་ལ་སོགས་པ་དང་། །གསུམ་ཆར་རྒྱུ་ལས་བྱུང་བ་ཡིན། །ཞེས་པ་ལ། རྒྱུ་ཞེས་པ་ནི་མི་དགེ་བའི་ལས་རྣམས་སོ། །འབྱུང་བ་ཞེས་པ་ནི་དེ་ལས་བྱུང་བ་སྟེ་འགྲོ་བ་རིགས་དྲུག་རྣམས་སོ། །དེ་རྣམས་ཀྱི་
ནང་ནས་བསོད་ནམས་ཆེན་པོས་སྐྱེས་པའི་མིའི་འགྲོ་བའོ། །དེ་ལྟ་བུ་འདིས་ན་ཆོས་ཀྱི་སྐུའི་ལུས་ཅན་གྱི་ཐོད་པ་ལ་ནི་སུ་ཞིག་སྨོད་དེ། སྨད་པར་མི་བྱའོ་ཞེས་པའི་དོན་ཏེ། དགེ་བའི་ལས་ཀྱིས་བསྐྱེད་པའི་འབྲས་བུ་ནི་མ་ཡིན་པའི་ཕྱིར་ན་ཤིན་ཏུ་དཀའ་སྟེ། བསོད་ནམས་ཀྱི་ཚོགས་
ཆེན་པོ་ལས་འབྱུང་བས་ནའོ། །ཅིའི་ཕྱིར་ན་མིའི་སྐྱེ་བ་མཆོག་ཅེ་ན། །ཡེ་ཤེས་དང་ཐར་པའི་དོན་རབ་ཏུ་བསྒྲུབ་པའི་གནས་ཡིན་པས་ན་ཆོས་ཀྱི་སྐུའི་ལུས་ཅན་གྱི་ཐོད་པ་ལ་ལྷ་དང་མི་རྣམས་ལ་གཟུགས་མཛེས་པའི་ཡོན་ཏན་གྱི་གཞི་པོ་དེ་ལ་བསྔགས་སོ། །དེ་ནས་ཤིན་ཏུ་སྣ་ཚོགས་
པའི་ཕྱག་རྒྱ་ལྔ་པོ་ནི་མི་རུས་ཀྱི་ཕྲེང་བར་ཤིན་ཏུ་ངེས་ཏེ། ཤིན་ཏུ་དག་པའི་རྒྱན་རྣམས་བཟང་པོས་དཔའ་བོ་རྣམ་པར་མཛེས་པར་བཤད་དོ། །བརྡ་ཞེས་པ་ནི་བརྡ་སྟེ། སངས་རྒྱས་ཀྱི་ཕྱག་རྒྱས་དཔའ་བོ་རྣམས་ཀྱི་ལག་པ་གཡོན་པ་འདི་སངས་རྒྱས་ལྔའི་གཟུགས་དང་།
เล่ม ๑๗ · หน้า 134a
འབྱུང་བ་ལྔའི་བདག་ཉིད་དང་། སྣ་ཚོགས་པའི་བརྟན་པ་དང་གཡོ་བའི་འགྲོ་བ་མ་ལུས་པ་ནི་རྩ་ལྔའི་རང་བཞིན་གྱིས་ཇི་ལྟར་བདེ་བའི་བདག་ཉིད་དུ་བསྐྱེད་དོ། །དེ་ལྟ་བུས་མངོན་པར་བྱང་ཆུབ་པར་འབྱུང་བའི་ཐེག་པའི་དོན་མཐོང་བར་འགྱུར་རོ། །གཡོན་པ་
ཞེས་པ་ནི་ཤེས་རབ་སྟེ་རང་བཞིན་མེད་པར་ཀུན་རྫོབ་མ་འདི་ནི་ཡོངས་སུ་རིག་པར་བྱེད་པའི་ཐབས་ཀྱི་མཚན་ཉིད་དང་གཉིས་སུ་མེད་པ་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ། དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་བདེ་བ་རྫོགས་པར་བྱང་ཆུབ་པའི་དཀྱིལ་འཁོར་ལ་
མངོན་དུ་ཕྱོགས་ཏེ་མཉམ་པར་བལྟས་ན་ཐམས་ཅད་མགུ་བར་ཡང་དག་པར་འགྱུར་རོ། །དེའི་ཚེ་སློབ་དཔོན་རང་ཉིད་དཔལ་དང་ལྡན་པའི་རྡོ་རྗེ་འཆང་སངས་རྒྱས་ཀྱི་ཡབ་ཆེན་པོ་སྟེ། ལག་པ་གཡོན་ལ་རིགས་དྲུག་པོ་རིམ་པ་ཇི་ལྟ་བ་བཞིན་དུ་བཀོད་དོ། །ཨཱ་ལི་ཀཱ་
ལི་མཉམ་པར་བྱས་པ་ལས་སྡེ་ཚན་རྣམས་ཀྱི་གྲངས་ལས་རིམ་པ་ཇི་ལྟ་བ་བཞིན་དུ་བཟླས་བརྗོད་བྱའོ། །འདི་ལྟ་སྟེ། སྡོང་པོར་རྡོ་རྗེ་སེམས་དཔའ་བཞུགས། །ཞེས་པ་ལ། སྡོང་པོ་ཞེས་པ་ནི་མཐེ་བོང་ངོ་། །ལྕུག་མར་རྣམ་པར་སྣང་མཛད་བཞུགས། །ཞེས་པ་ལ།
ལྕུག་མ་ཞེས་པ་ནི་མཛུབ་མོའོ། །བླ་མར་པདྨ་གར་དབང་བཞུགས། །ཞེས་པ་ལ། བླ་མ་ཞེས་པ་ནི་གུང་མོ་རིང་པོའོ། །རྒྱུན་ལ་དངོས་གྲུབ་ཐམས་ཅད་ནི། །ཞེས་པ་ལ། རྒྱུན་ནི་སྲིན་ལག་གོ། །མཐའ་མ་ལ་ནི་མཁའ་སྙིང་པོ། །ཞེས་པ་ལ། མཐའ་ཞེས་པ་ནི་མཐེའུ་
ཆུང་ངོ་། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་གོ་སླའོ། །དཔའ་བོ་ཞེས་པ་ནི་མི་བསྐྱོད་པའོ། །གང་དང་གང་ལ་གནས་པའི་སྔགས་ཀྱི་ཡི་གེ་དེ་དང་དེས་རིགས་ཀྱི་མིང་གིས་བོས་ལ། དེའི་རྣལ་འབྱོར་བྱིན་ལ་རབ་ཏུ་གནས་པར་བྱའོ། །དེ་ཡང་འདི་ལྟ་སྟེ། ཀྱེ་དཔལ་ཆེ་གེ་མོ་
རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་སོ། །དེ་ལ་ཡང་རིགས་ཀྱི་རིམ་པ་བཞིན་དུའོ། །ཨ་ཨཱ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་པའི་སྡེ་ཚན་གྱི་ཡི་གེ་དེ་རྣམས་ནི་རྣམ་པར་སྣང་མཛད་རྒྱལ་པོའི་བདག་ཉིད་དོ། །ཨི་ཨཱི་ཁ་ཚ་ཋ་ཐ་ཕ་ར་ཥ་སྡེ་ཚན་གཉིས་པ་འདི་དག་ནི་རིན་ཆེན་རྒྱལ་པོའོ། །ཨུ་ཨཱུ་
เล่ม ๑๗ · หน้า 134b
ག་ཛ་ཌ་ད་བ་ལ་ས་ཞེས་པ་སྡེ་ཚན་གྱི་གསུམ་པ་དེ་རྣམས་ནི་འོད་དཔག་ཏུ་མེད་པའིའོ། །ཨེ་ཨཻ་གྷ་ཛྷ་ཌྷ་དྷ་བྷ་ཝ་ཧ་ཞེས་སྡེ་ཚན་རྣམས་ཀྱི་བཞི་པ་འདི་རྣམས་ནི་དོན་ཡོད་གྲུབ་པའིའོ། །ཨོ་ཨཽ་ཨཾ་ཨཿང་ཉ་ཎ་ན་མ་ཞེས་པ་སྡེ་ཚན་རྣམས་ཀྱི་ལྔ་པ་འདི་རྣམས་ནི་མི་བསྐྱོད་པའིའོ། །
དེ་ལྟ་བུ་ནི་འཇིག་རྟེན་ཐམས་ཅད་ཀྱི་ཟད་པ་དང་སྐྱེ་བར་གནས་སོ། །དེའི་ཕྱིར་ན་སངས་རྒྱས་ཐམས་ཅད་ཀྱི་བདག་པོར་སྦྱོར་བས་རྡོ་རྗེ་ཞེས་པ་སྟེ། རིམ་པ་ཇི་ལྟ་བར་རིགས་དྲུག་པ་རྡོ་རྗེ་སེམས་དཔའ་བདག་པོ་ཅོད་པན་ཏེ། རྒྱུ་ཡིས་འབྲས་བུ་ལ་རྒྱས་བཏབ་པ་དང་། འབྲས་
བུས་རྒྱུ་ལ་རྒྱས་གདབ་པའོ། །དེ་ལ་བཞད་པའི་རྡོ་རྗེ་ཞེས་པ་དང་། རྣམ་པར་སྒེག་པའི་རྡོ་རྗེ་ཞེས་པ་དང་། རྡོ་རྗེ་བསྒྱིངས་པ་ཞེས་པ་དང་། རྡོ་རྗེ་རོལ་པ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་མིང་རྣམས་སོ། །བདེ་བའི་མྱུ་གུ་རྡོ་རྗེ་ཞེས་པ་དང་། རྡོ་རྗེ་པདྨོ་ཞེས་
པ་དང་། པདྨོའི་མྱུ་གུ་རྡོ་རྗེ་ཞེས་པ་དང་། རྡོ་རྗེ་རོལ་པ་ཞེས་པ་ནི་རིན་པོ་ཆེའི་རིགས་ཀྱི་མིང་རྣམས་སོ། །རྡོ་རྗེ་ཡེ་ཤེས་ཞེས་པ་དང་། རྡོ་རྗེ་ཡིད་བཞིན་ནོར་བུ་ཞེས་པ་དང་། ཡན་ལག་མེད་པའི་རྡོ་རྗེ་ཞེས་པ་དང་། སྣང་བྱེད་རྡོ་རྗེ་ཞེས་པ་ནི་པདྨའི་རིགས་ཅན་གྱི་མིང་རྣམས་སོ། །
རྡོ་རྗེ་ཤེས་རབ་མྱུ་གུ་ཞེས་པ་དང་། རྡོ་རྗེ་སྙིང་རྗེ་མྱུ་གུ་ཞེས་པ་དང་། རྡོ་རྗེ་མཆོག་ཏུ་དགའ་བ་ཞེས་པ་དང་། རྡོ་རྗེ་དགའ་བདེ་ཞེས་པ་དང་། རྡོ་རྗེ་འབེབས་པ་ཞེས་པ་ནི་ལས་ཀྱི་རིགས་ཅན་གྱི་མིང་རྣམས་སོ། །རྡོ་རྗེ་བདེ་བ་ཆེན་པོ་ཞེས་པ་དང་། རྡོ་རྗེ་ཆགས་པ་ཞེས་པ་དང་། ནམ་
མཁའ་རྡོ་རྗེ་ཞེས་པ་དང་། ཤེས་རབ་རྡོ་རྗེ་ཞེས་པ་དང་། ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་ཞེས་པ་ནི། ཞེ་སྡང་གི་རིགས་ཅན་རྣམས་ཀྱི་མིང་སྟེ། གྱ་ནོམ་སྣང་བ་ལ་སོགས་པར་རབ་ཏུ་གནས་པ་ན་ཕྱག་རྒྱ་ཆེན་པོར་གྲུབ་པ་རྣམས་ཀྱི་མིང་དུ་འགྱུར་རོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་གྲུབ་པ་
པོ་རྣམས་ཀྱི་མིང་ཡང་འགྱུར་ཏེ། རྡོ་རྗེ་སྙིང་པོ་མ་ཞེས་པ་དང་། རྡོ་རྗེ་མཚོན་ཆ་མ་ཞེས་པ་དང་། རྡོ་རྗེ་ཨེ་མའོ་བདེ་བ་མ་ཞེས་པ་དང་། རྡོ་རྗེ་བདག་མེད་མ་ཞེས་པ་དང་། རྡོ་རྗེ་སྤྱན་མ་ཞེས་པ་དང་། མིང་དེ་རྣམས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་མ་རྣམས་ཀྱིའོ། །རྡོ་རྗེ་
เล่ม ๑๗ · หน้า 135a
མཁའ་འགྲོ་མ་ཞེས་བྱ་བ་དང་། རྡོ་རྗེ་སོར་མོ་ཞེས་བྱ་བ་དང་། རྡོ་རྗེ་ཕྲེང་བ་མ་ཞེས་བྱ་བ་དང་། རྡོ་རྗེ་མགུ་མ་ཞེས་པ་ནི་རིན་པོ་ཆེའི་རིགས་ཅན་མའི་མིང་རྣམས་སོ། །རྡོ་རྗེ་ཤུགས་ལྡན་མ་ཞེས་པ་དང་། རྡོ་རྗེ་ལྕགས་ཀྱུ་མ་ཞེས་པ་དང་། རྡོ་རྗེ་ཕྲེང་སྐོར་
མ་ཞེས་པ་དང་། རྡོ་རྗེ་ཕྲེང་བ་མ་ཞེས་པ་དང་། རྡོ་རྗེ་བཞད་མོ་ཞེས་པ་ནི་པདྨོའི་རིགས་ཅན་མའི་མིང་རྣམས་སོ། །རྡོ་རྗེ་བསྡམས་མ་ཞེས་པ་དང་། རྡོ་རྗེ་ཁ་རྒྱས་མ་ཞེས་པ་དང་། རྡོ་རྗེ་པདྨ་མ་ཞེས་པ་དང་། རྡོ་རྗེ་གསལ་བྱེད་མ་ཞེས་པ་དང་། རྡོ་རྗེ་ལུས་ལྡན་མ་ཞེས་པ་ནི་
ལས་ཀྱི་རིགས་ཅན་མའི་མིང་རྣམས་སོ། །རྡོ་རྗེ་ཆགས་པ་མ་ཞེས་པ་དང་། རྡོ་རྗེ་སྒྲོལ་མ་ཞེས་པ་དང་། རྡོ་རྗེ་མགུལ་རྒྱན་མ་ཞེས་པ་དང་། རྡོ་རྗེ་བཞུགས་མ་མོ་ཞེས་པ་དང་། རྡོ་རྗེ་བློ་ལྡན་མ་ཞེས་པ་དང་། རྡོ་རྗེ་མི་ཐུང་མ་ཞེས་པ་དང་། རྡོ་རྗེ་མཛེས་འཕྱང་མ་ཞེས་པ་དང་།
རྡོ་རྗེ་དབུགས་འབྱིན་མ་ཞེས་པ་དང་། རྡོ་རྗེ་ལག་པ་མོ་ཞེས་པ་ནི་ཞེ་སྡང་གི་རིགས་ཅན་མ་ཕྱག་རྒྱ་ཆེན་པོའི་གྲུབ་པའི་མིང་རྣམས་སོ། །ལག་པར་འབྱུང་བ་འདི་ཉིད་ནི་ཞེས་པ་ནི་གཡོན་པ་ཤེས་རབ་མར་འབྱུང་བ་འགྲོ་བ་རྣམས་སྐྱེད་པར་བྱེད་པའི་རྒྱུ་སྟེ། རྩ་ལྔ་དང་འབྱུང་
བ་ལྔའི་བདག་ཉིད་དུ་གསུངས་སོ། །སྤྱན་མ་ཞེས་པ་ལ་སོགས་པའི་ལྕུག་མ་དང་བླ་མ་དང་། གཙོ་བོ་དང་བྱིས་པ་དང་སྡོང་པོ་སྟེ། དེ་རྣམས་སུ་ཤིན་ཏུ་བཞུགས་པ་རྣམས་སོ། །ཕ་རོལ་ཏུ་ཕྱིན་པ་ནི་སྡོང་པོ་ལ་སྟེ། སྟོང་པ་ཉིད་ལ་འོ་བྱེད་མའོ། །དེ་རྣམས་ནི་འབྱུང་བ་
ཆེན་པོ་ལྔ་རྣམས་ཏེ། མཐའ་དང་དབུས་མེད་པ་སྐྱེ་གནས་ཆོས་ཀྱི་བདེ་བ་དང་ལྡན་པ་གང་ཞིག་རང་བཞིན་མེད་པ་ནི་ཤེས་རབ་ཡིན་ལ་འདིར་དངོས་པོ་ནི་ཐབས་ཏེ། ཡང་དག་པའི་མཐའ་ལས་ཀྱང་ཡང་དག་པའི་མཐའི་གཟུགས་ཀྱིས་གསལ་ཞིང་གསལ་བའི་ཐུགས་རྗེ་
ཆེན་པོ་ཧེ་རུ་ཀའོ། །དེ་ཡང་། ཐབས་ནི་སྐྱེས་བུར་ཤེས་པར་བྱ། །སྟོང་པ་བུད་མེད་རང་བཞིན་ནོ། །ཀུན་དུ་བསམ་མེད་སྤྱོད་མེད་དང་། །ཆགས་པའི་ཆོས་རྣམས་བསྟེན་པའིའོ། །དེས་དེ་དང་ཡང་དག་པར་དྲུག་པ་ལས་ལྟོ་བར་བླངས་ནས་འཛིན་པ་ལྟར་རྡོ་རྗེ་ཅན་གཉིས་
เล่ม ๑๗ · หน้า 135b
པས་ཀྱང་མདུན་ན་མོ་བླངས་ཏེ་གཟུང་བར་བྱའོ། །དེ་ལྟ་བུའི་ཚོགས་པའི་མཆོད་པ་ཉེ་བར་ཀུན་དུ་བསྡུས་པར་དཔའ་བོ་དམ་པ་མཆོད་པར་བྱའོ། །དེ་ནས་ནི་རྗེས་སུ་གནང་བ་སྦྱིན་པ་སྟེ། འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་དཀྱིལ་འཁོར་གྱི་མཐར་ཐུག་པར་ཕྱོགས་རྣམས་ཀུན་དུ་
སེམས་ཅན་མཆོག་རྣམས་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་དུ་གཞུག་སྟེ། ཐབས་དང་ཤེས་རབ་ཏུ་ལྡན་པའི་བདག་ཉིད་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་སྐྱེ་བ་མེད་པར་གཟུང་འཛིན་དང་བྲལ་བར་སེམས་ཅན་གྱི་དོན་དེང་ནས་གྱིས་ཤིག་པའོ། །དབང་
བསྐུར་བ་ཉེ་བར་ཐོབ་ནས་རྗེས་སུ་གནང་བ་བྱས་ཤིང་བྱས་པ་རབ་ཏུ་སྤྲོ་བ་དང་ལྡན་པ་དེས་ཤིན་ཏུ་སྙན་པ་མ་ལུས་པ་དགའ་བར་བྱེད་པའི་ཚིག་སྨྲ་བར་བྱ་སྟེ། དེང་བདག་སྐྱེ་བ་འབྲས་དང་བཅས། །མི་ཡི་དངོས་འདི་གསོན་པར་འགྱུར། །བདག་གིས་དེང་འདིར་དེ་ཉིད་
རིག། །དེང་ནས་བདག་ཉིད་ལོངས་སྤྱོད་བདེ། །དེང་འདིར་བདག་གི་རྒྱུ་དོན་ཐོབ། །མཁའ་འགྲོ་མ་བློ་བསམ་མི་ཁྱབ། །ལྷ་ལགས་དེང་འདིར་བདག་མགུའོ། །བདག་དེང་འདི་ལྟར་འགྲུབ་པོ་ཀྱེ། །དེང་འདིར་སངས་རྒྱས་རིགས་སུ་སྐྱེས། །དེང་འདིར་བདག་ནི་སངས་
རྒྱས་སྲས། །ཞེས་སོ། །སློབ་མ་རྣམས་ཀྱི་བྱ་བ་ཡང་དག་པར་རྫོགས་ནས་དེའི་རྒྱབ་ལ་སློབ་དཔོན་གྱི་ལག་པས་བྱུགས་ཏེ་དེ་ནས་གཏང་བར་བྱའོ། །དེ་ལ་མེ་ཏོག་དང་། སྤོས་དང་། བྱུག་པ་དག་བྱིན་ལ། །གླུ་དང་གར་དག་གིས་ཀྱང་ཉེ་བར་དགའ་བར་བྱ་སྟེ། དེ་ལྟ་བུས་
ཉེ་བར་བསྡུ་བར་བྱའོ། །ལྷན་ཅིག་ཟས་ལ་སྤྱད་པར་བྱའོ་ཞེས་པ་ནི་རྒྱུད་འདི་ལ་དབང་བསྐུར་ཞིང་འདི་དག་གཞན་དུ་མི་སྨྲ་ཞིང་ངེས་པའི་དོན་དག་ཤིན་ཏུ་སྦེད་པ་རྣམས་དང་ངོ་། །འདི་ལྟ་བུས་ཅིར་འགྱུར་ཞེ་ན། དཔའ་བོ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་སྡོམ་པ་
ཡིན། །ཞེས་པ་འདིར་འགྱུར་རོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ནས་ཡང་དག་མཆོག་བཤད་པ། །བཟའ་དང་སྟོན་མོར་འདུས་པ་དང་། །ཞེས་
เล่ม ๑๗ · หน้า 136a
པ་ནི། ཀྱེ་ལས་གང་དག་གིས་སེམས་ཅན་རྣམས། །འཇིགས་ཆེན་དམྱལ་བར་ལྷུང་གྱུར་པ། །ཡང་དག་ཐབས་ཆེན་ལྡན་པ་ཡི། །རྣལ་འབྱོར་པ་ནི་དེ་ཡིས་འགྲོལ། །ཞེས་བྱ་བ་ཡིན་ནོ། །ཕྱུགས་ཀྱི་འགུགས་པར་བྱེད་པའི་ནི། ཞེས་པ་ལ། ཕྱུགས་ཞེས་པ་ནི།
བོང་བུ་ལ་སོགས་པ་དང་། སངས་རྒྱས་ལྔ་རྣམ་པར་དག་པ་ཁ་ན་མ་ཐོ་བ་མེད་པ་ལ་བསྒྲུབ་པར་བྱའོ། །འོ་ན་མི་ལ་ཇི་ལྟར་ཕྱུགས་སུ་གསུངས་ཤེ་ན། རིགས་ཀྱི་རིགས་མཆོག་ཕྱུགས་ཉིད་དོ། །ཞེས་གསུངས་པ་ལ། ཕྱུགས་ཞེས་པའི་སྒྲ་ནི་འདིར་རིགས་རྣམས་ཀྱི་ནང་ན་རིགས་
ཀྱི་མཆོག་ལ་བྱ་བའི་བརྡར་ཕྱུགས་ཞེས་བྱ་བ་ཡིན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་ནའོ། །སྔོན་དུ་གསུངས་ཞེས་པ་ནི། །སྔོན་དུ་གསུངས་པའི་ཇི་ལྟ་བུའི་རིམ་པས་སྐྱེ་བ་བདུན་པ་རབ་ཏུ་མཚན་པའོ། །དེ་ནས་ཐུན་མོང་རྣམས་ཏེ། མ་རྒས་པ་དང་། འབྲས་ནད་ལ་སོགས་པ་དང་བྲལ་བའི་
དམ་ཚིག་རྙེད་ན་ཡང་ངོ་། །ཡང་ན་སྔོན་དུ་གསུངས་ཞེས་པ་འདི་ནི་ལག་པའི་བརྡ་ཇི་ལྟར་གསུངས་པ་སྟེ། ཆོ་ག་དེས་གནས་དང་ཉེ་བའི་གནས་དང་ཞིང་ལ་སོགས་པར་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ཚོགས་ཀྱི་འཁོར་ལོ་ཆེན་པོ་མདུན་དུ་བྱས་ལ་ཕྱུགས་རྣམས་བཀུག་
སྟེ་གཟུང་ངོ་། །དཔལ་ཧེ་རུ་ཀའི་བདག་ཉིད་ཀྱི་རྣལ་འབྱོར་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་བསྒྲུབ་པའོ། །གང་འོག་སྤྱིར་མ་བཀྲལ་བ་རྣམས་ནི་གསལ་ལོ། །ཁྱི་མོ་ནག་མོའི་འོ་མ་དང་། །འབྲས་ཆན་མ་ཤ་ནག་པོར་ལྡན། །ཞེས་པ་ནི་རོ་ལངས་ཆེན་པོ་སྒྲུབ་པའི་དོན་ཏོ། །
ཐོག་མར་ཏིང་ངེ་འཛིན་དང་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་དེ་སྙིང་པོའི་སྔགས་འབུམ་དུ་བཟླས་ལ། །དེ་ནས་རེ་ཞིག་སྒྲུབ་པ་བརྩམ་པར་བྱའོ། །དཔྱང་ལ་བཏགས་པའམ་གཞན་དག་རྙེད་ཀྱང་རུང་སྟེ། དེ་ཡང་གཟུགས་བཟང་པོ་རང་ཉིད་འཕོས་པ་དག་ནག་པོའི་ཚེས་བརྒྱད་
དམ་བཅུ་བཞིའི་དུས་སུ་དབེན་པའི་ཡུལ་ཕྱོགས་དང་། རི་རྩ་དང་། དུར་ཁྲོད་དག་ཏུ་སོང་སྟེ། དུར་ཁྲོད་ཀྱི་རྫས་ཐམས་ཅད་ཕྱེ་མར་བཏགས་པས་རིམ་པ་ཇི་ལྟ་བ་བཞིན་དཀྱིལ་འཁོར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ཎ་དང་ཀ་བར་ལྡན། །དབུས་སུ་འདབ་
เล่ม ๑๗ · หน้า 136b
བརྒྱད་སྣ་ཚོགས་མདོག །ལྟེ་བར་ཉི་མ་ལྡན་པ་བྲི། །སེམས་ནི་ཤིན་ཏུ་ཆེར་དཔའ་བ། །སྒྲུབ་པོ་གྲོགས་མཆོག་དང་ལྷན་ཅིག །སྤོས་དང་མེ་ཏོག་རྒྱལ་མཚན་དགྲམ། །གཏོར་མ་རབ་ཏུ་རྒྱ་ཆེན་སོགས། །བྱུག་པ་དང་ནི་དྲི་ཆུ་དང་། །བདུད་རྩི་ལྔ་དང་ཡང་དག་ལྡན། །མར་ཁུ་
ཆེན་པོས་དེ་བསྐུ་ཞིང་། །དུར་ཁྲོད་མེ་ཏོག་གིས་ཀྱང་མཆོད། །བུམ་པ་གཅིག་གམ་བརྒྱད་དག་ཏུ། །ཁྲག་དང་ཤ་དང་ཚིལ་བུས་དགང་། །དུར་ཁྲོད་རས་ཀྱིས་མགུལ་བ་བཅིངས། །ཚིལ་དང་ཤ་ལ་སོགས་པ་ཡི། །ལྷ་བཤོས་གུ་གུལ་ཆེན་པོར་ལྡན། །སྲོག་ཆགས་ཚུ་
ཚུནྡ་ར་ནི། །ཕྱེ་མར་བཏགས་པའི་བདུག་པ་དང་། །མཆོད་ཡོན་ཤིང་བལ་བིལ་བ་དག །ར་སྐྱེས་གཅི་བར་ལན་བདུན་བསྒྲེ། །དེ་ནས་མར་ཁུ་ཆེན་པོ་ཡིས། །བཀང་བའི་ཀོང་བུར་མར་མེ་སྦར། །དེ་སྟེང་ཐོད་པ་ཁ་སྦུབ་ལ། །དེ་ཡི་རྫས་ཀྱིས་མིག་ལ་བསྐུ། །གོ་
ཆ་གཉིས་ནི་རབ་བགོས་ནས། །ཕུར་བུ་ར་བས་བསྲུང་བར་བྱ། །ཇི་ལྟར་བདག་ཉིད་བསམ་པ་ལྟར། །དེ་བཞིན་དེ་ལའང་བསམ་པར་བྱ། །དྲིལ་བུ་ཅང་ཏེའུ་སྒྲ་འཁྲོལ་ཞིང་། །ཡི་གེ་ཧཱུཾ་གི་སྔགས་བརྗོད་དོ། །ཡི་དགས་གཏོར་མ་རབ་སྦྱིན་པ། །ཁྲག་དང་མ་ཤའི་ཆན་དང་
ནི། འབྲས་ཆན་བྲན་པའི་བཟའ་བའོ། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །རོ་དེ་གྱེན་བུ་ཁ་གདངས་བཞག །དེ་ཡི་སྙིང་གར་ཉེར་འདུག་པའི། །དཔའ་བོ་རང་ཉིད་ཤར་བལྟས་ལ། །ལག་པ་གཡོན་པར་མཆོད་ཡོད་སྣོད། །གཞན་ཡང་བདུད་རྩི་ལྔས་བསྲེས་པས། །
གང་བ་དག་ནི་གཟུང་བར་བྱ། །གཞན་ཡང་ཁྱི་ནག་མོའི་འོ་མ་དང་། བ་ནག་མོའི་འོ་མ་དང་། མ་ཤ་ནག་པོའི་ཆན་དང་། འབྲས་ཆན་དུ་ལྡན་པའི་འོ་ཐུག་རྣམས་དུར་ཁྲོད་ཀྱི་རྫ་མར་བླུགས་ལ། ཐོད་པས་སྟེང་དུ་ཁ་བཅད་དེ། བཙོས་པ་རྣམས་སླར་ཐོད་པའི་ནང་དུ་བླུགས་
ལ་ཚིལ་དང་ཤ་དང་ཁྲག་རྣམས་དང་ལྡན་པར་བྱས་པ་སྟེ། དེའི་ཁ་ཤིན་ཏུ་གདངས་པར་ཤིང་ལ་སོགས་པ་སྤར་ཏེ། སྙིང་ག་ནས་དེའི་ཁ་དྲང་པོར་མངོན་པར་ཕྱོགས་པ་དཔལ་ཧེ་རུ་ཀའི་འཁོར་ལོ་བསམས་ནས་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་མཆོག་ཏུ་སྦྱིན་
เล่ม ๑๗ · หน้า 137a
ཏེ། དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་བྱེ་བའི་འཁོར་དང་བཅས་པས་བསྐོར་བར་བལྟ་ཞིང་། ཤིན་ཏུ་དགོད་པ་དང་། དགོད་པ་ཆེན་པོ་ཅན་དང་། ཅེ་སྤྱང་ཕེ་གྱི་སྒྲ་སྒྲོགས་པ་བྱེ་བའི་འཁོར་གྱིས་བསྐོར་བ་དང་། ཕྱོགས་སྐྱོང་བཅུ་པོ་སོད་ཅིག་སོད་ཅིག་ཅེས་
བསྡིགས་པའི་སྒྲ་ཅན་དང་། སྲིན་པོ་འབྲུག་གི་སྒྲ་ལྟར་འཇིགས་པར་སྒྲོགས་པ་དག་གིས་བསྐོར་བར་བལྟས་ལ་དེ་དག་གིས་ཀྱང་བག་ཚ་བ་མེད་ཅིང་མི་ཕྱེད་པའི་བརྩོན་འགྲུས་བརྟན་པས་མཉམ་པར་གཞག་པར་བྱའོ། །ལྷོ་ཕྱོགས་སུ་སྒྲུབ་པ་པོའི་གྲོགས་མཆོག་ཕྱག་ན་རྡོ་རྗེའི་
ཆ་བྱད་ཅན་དྲིལ་བུའི་སྒྲ་འཁྲོལ་ཞིང་བདུག་སྤོས་རྒྱུན་མི་འཆད་པར་བདུག་པར་བྱེད་པའོ། །དེ་ནས་རོ་དེ་ལངས་ནས་ཅི་བགྱི་ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །དེས་དེ་ལ་མཆོད་ཡོན་བྱིན་ཏེ། འདི་སྐད་ཅེས་སྨྲའོ། །ལེགས་སོ་ལེགས་སོ་དཔའ་ཆེན་ཀྱེ། ཤིན་ཏུ་བརྟུལ་
ཞུགས་རྡོ་རྗེའི་ཐུགས། །དེ་ཡང་འདི་སྐད་སྨྲ་སྟེ། །ང་ནི་གྲུབ་པའོ་ཞེས་སོ། །དེ་ལ་འདི་སྐད་སྨྲས་ཏེ། བདག་ལ་དངོས་གྲུབ་བཀྲ་ཤིས་པ། །གྲུབ་པར་རབ་ཏུ་སྩལ་དུ་གསོལ། །ཞེས་སོ། །དེ་ནས་སྒྲུབ་པ་པོ་ཡིད་ལ་གང་འདོད་པ་ཅིག་བྱིན་ནས་རང་གི་གནས་སུ་
སྲིན་པོ་དཔའ་བོ་འཁོར་དང་བཅས་པར་འགྲོ་བར་འགྱུར་རོ། །སྒྲུབ་པ་པོ་དཔལ་དང་ལྡན་ཞིང་དེའི་སྐད་ཅིག་ལ་འཇིག་རྟེན་གསུམ་པོ་ཤེས་པ་ཅན་དུ་འགྱུར་ཞིང་ལུས་བཟང་པོར་འགྲོ་བ་དང་། འདོད་པའི་གཟུགས་ཅན་དཔའ་བོ་ཆེན་པོར་སྐལ་བ་དང་ལྡན་
པ་སྟེ། ཁམས་གསུམ་ན་དེ་བཞིན་གཤེགས་པ་ལྟ་བུར་འགྱུར་ཞིང་། རྒ་ཤི་དང་བྲལ་བ་ནམ་མཁའ་ལྟ་བུར་འགྱུར་བ་དང་། ས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་སྤྱོད་པར་འགྱུར་རོ། །ལྕི་བའི་ཐལ་བ་ཉིད་དག་དང་། །དེ་བཞིན་ལྷག་མ་མགོ་བོ་སྐམ། །ཞེས་
པ་འདི་དག་གིས་ནི་བསྐྱེད་པའི་རིམ་པའི་གཞི་ཡང་དག་པར་གསུངས་པའོ། །དེ་དག་གི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། །ལྕི་བ་ཞེས་པའི་སྒྲ་ནི་སའོ། །ཐལ་བ་ཞེས་པ་ནི་ཆུའོ། །མགོ་བོ་སྐམ་ཞེས་པ་ནི་མེའོ། །དེ་བཞིན་ཞེས་པ་ནི་རླུང་དུ་ཤེས་པར་བྱའོ། །དེ་དག་
เล่ม ๑๗ · หน้า 137b
གི་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་དུ་དགོངས་སོ། །དུང་ཆེན་པོ་ལས་བྱུང་བས་བྱ། །ཞེས་པ་ནི། རི་བོ་ཆེན་པོ་ལས་བྱུང་བྱ། །ཞེས་བྱ་བར་འདོན་ཏེ། དེའི་དོན་ནི་རི་རབ་རིའི་རྒྱལ་པོ་ལ་བྱའོ། །དེ་ལ་འདིའི་རིམ་པ་ནི་ཡི་གེ་ཡཾ་ཡོངས་སུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་
གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ་ཡི་གེ་ཡཾ་ཡིག་གིས་བྱིན་གྱིས་བརླབས་པ་སྟེ། དེ་ཡི་རྔམས་ཀྱི་ཚད་ཉིད་ཀྱང་། །ས་ཡ་དང་ནི་དྲུག་འབུམ་མོ། །རྒྱ་རུ་གྲངས་མེད་རླུང་དཀྱིལ་འཁོར། །དེའི་སྟེང་དུ་ཡི་གེ་རཾ་གྱིས་མེའི་དཀྱིལ་འཁོར་དམ་པ་སྟེ། གྲུ་གསུམ་པ་ཁ་དོག་
དམར་པོ་འབར་བའི་ཕྲེང་བས་འཁྲིགས་པ་འབར་བས་མཚན་པ་ཉི་མ་བྱེ་བའི་འོད་དང་མཉམ་པར་བསམ་མོ། །དེ་ཡི་ཆུ་ཡི་ཚད་ཉིད་ནི། །དཔག་ཚད་སྟོང་ཕྲག་གསུམ་དང་ནི། །བརྒྱ་ཕྲག་ཕྱེད་དང་ལྔ་ཉིད་དོ། །ཆུ་ཡི་དཀྱིལ་འཁོར་རྣམས་སུ་ནི། །དཔག་ཚད་འབུམ་ཕྲག་བཅུ་གཅིག་
དང་། སྟོང་ཕྲག་དག་ནི་ཉི་ཤུའོ། །དེ་ལས་འབུམ་ཕྲག་བརྒྱད་ནི་ཆུ་འབའ་ཞིག་གོ། །ལྷག་མ་ནི་གསེར་རོ། །གཉིས་ཀའི་དྲང་ཐད་དུ་ནི་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ཕྱེད་དང་ལྔའོ། །མཐའ་སྐོར་དུ་སུམ་འགྱུར་རོ། །དེ་ཡང་འདི་ལྟ་སྟེ། མེ་དེའི་སྟེང་དུ་
ཡི་གེ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དེ་ལྟ་བུ་དམ་པ་ཁ་བའི་མདོག་ལྟ་བུ་བུམ་པ་དཀར་པོས་མཚན་པ་ཟླུམ་པོ་འོད་ཀྱི་ཕྲེང་བ་ཅན་དུ་བལྟའོ། །དེའི་སྟེང་དུ་ཡི་གེ་ལཾ་ཡོངས་སུ་ཞུ་བ་ལས་གསེར་གྱི་ས་གཞིའི་དཀྱིལ་འཁོར་གྲུ་བཞི་པ་ནི་སའི་དཀྱིལ་འཁོར་ཏེ། གསེར་གྱི་ས་
གཞིར་འགྱུར་བའོ། །དེ་ལས་ཡི་གེ་ཁཾ་གིས་སྣ་ཚོགས་རྡོ་རྗེ་རྩེ་མོ་གསུམ་པ་ཅན་ནོ། །སྣ་ཚོགས་རྡོ་རྗེ་དེའི་ལྟེ་བར་ཡི་གེ་སུཾ་ལས་བྱུང་བའི་རི་རབ་ཟུར་བཞི་པ། དཔག་ཚད་བརྒྱད་ཁྲི་མཚོར་ནུབ་ཅིང་། བརྒྱད་ཁྲི་སྟེང་དུ་འཕགས་པ་རིན་པོ་ཆེ་སྣ་བཞི་ལས་བྱུང་བའི་གྲུ་བཞི་པ་ཁ་
ཁྱེར་གདུགས་ལྟ་བུར་གནས་པར་བྱའོ། །རྒྱར་ནི་དཔག་ཚད་བརྒྱད་ཅུའོ། །དེའི་ཤར་དུ་ཡི་གེ་ཨ་ཡོངས་སུ་ཞུ་བ་ལས་ཤར་གྱི་ལུས་འཕགས་པོ་རྒྱ་རུ་དཔག་ཚད་སྟོང་ཕྲག་བརྒྱད་ཆུར་སྟོང་ཕྲག་དགུ་དང་ལྡན་པའི་དབྱིབས་ནི་ཟླ་བ་ཕྱེད་པ་ལྟ་བུའོ། །བྱང་དུ་ཡི་གེ་ཨེ་ཡོངས་སུ་
เล่ม ๑๗ · หน้า 138a
ཞུ་བ་ལས་བྱང་སྒྲ་མི་སྙན་དབྱིབས་གྲུ་བཞི་རྒྱར་ནི་དཔག་ཚད་སྟོང་ཕྲག་བཅུའོ། །ནུབ་ཏུ་ནི་ཡི་གེ་ཨུ་ཡོངས་སུ་ཞུ་བ་ལས་ནུབ་ཀྱི་བ་ལང་སྤྱོད་ཟླ་བ་གང་བ་ལྟ་བུ་རྒྱར་དཔག་ཚད་སྟོང་ཕྲག་དགུའོ། །ལྷོར་ནི་ཡི་གེ་ཨེ་ཡོངས་སུ་ཞུ་བ་ལས་འཛམ་བུའི་གླིང་གྲུ་གསུམ་པ་
རྒྱར་དཔག་ཚད་སྟོང་ཕྲག་བདུན་པ་སོག་ཀ་ལ་རྩ་བ་ལྷོ་རུ་བལྟས་ཤིང་ཁ་ཁྱེར་བྱང་དུ་བལྟས་པའོ། །འདི་རྣམས་ཀྱི་ཤར་དང་ལྷོ་དང་ནུབ་དང་བྱང་གི་བར་མཚམས་རྣམས་སུ་གཉིས་གཉིས་ཏེ། ཨཱ་ཨཱི་ཨཱུ་ཨེ་རྀ་རཱྀ་ལྀ་ལཱྀ་ལས་སོ། །ཡི་གེ་དེ་རྣམས་ཀྱིས་ལུས་ཅན། །ཞེས་
དང་། ལུས་འཕགས་ཞེས་པ་དང་། སྒྲ་མི་སྙན་ཞེས་པ་དང་། སྒྲ་མི་སྙན་གྱི་ཟླ་ཞེས་པ་དང་། བསིལ་ཡབ་གཞན་ཞེས་པ་དང་། གཡོ་ལྡན་ཞེས་པ་དང་། ལམ་མཆོག་འགྲོ་ཞེས་པ་སྟེ་ཉེ་བའི་གླིང་བརྒྱད་དོ། །གླིང་རེ་རེ་ལའང་གླིང་ཕྲན་ལྔ་བརྒྱ་ལྔ་བརྒྱས་བསྐོར་
བར་བྱའོ། །དེའི་སྟེང་དུ་ཡི་གེ་རེ་ཕ་ཡོངས་སུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་དེ་ཉིད་ཡོངས་སུ་ཞུ་བ་ལས་རྡོ་རྗེའོ། །དེའི་ལྟེ་བའི་ཡི་གེ་ཧཱུཾ་གིས་རྡོ་རྗེའི་ཕུར་བུ་དང་ར་བ་བསམ་ཞིང་། བཀའི་འཁོར་ལོ་རྡོ་རྗེ་ཧཱུཾ་མཛད་དང་བཅས་པ་བསྒོམ་མོ། །
རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་ཞུ་བ་ལས་ཀུན་དུ་བཟང་པོ་ས་གསུམ་མི་ཕྱེད་པའི་བདག་ཉིད་ཅན་གྱི་ཆོས་ཀྱི་འབྱུང་གནས་དཀར་པོ་གྲུ་གསུམ་གྱེན་དུ་གནས་པ་མཐའ་ཡས་པ་ནང་གི་ནམ་མཁའི་རང་བཞིན་ཅན་དེར་པདྨ་དམར་པོ་ལ་འཁོར་ལོ་དང་ཡི་གེ་བྷཱུཾ་གནས་པ་ཡོངས་སུ་ཞུ་བ་ལས།
རྣམ་པར་སྣང་མཛད་སེར་པོ་ཞལ་གཅིག་ཕྱག་བཞི་པ། རལ་པའི་ཅོད་པན་དང་དར་དཔྱངས་སུ་ལྡན་པ་གཡས་ན་འཁོར་ལོ་དང་ཅང་ཏེའུ། གཡོན་ན་དྲིལ་བུ་དང་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ་འཛིན་པ། གཡས་བརྐྱང་བས་བཞུགས་ཤིང་། གཤིན་རྗེ་མོ་སྔོན་མོ་ལ་
འཁྱུད་པའོ། །གཤིན་རྗེ་མོའང་ཞལ་གཅིག་མ་ཕྱག་བཞི་མ་ལ་གཡས་ན་ཅང་ཏེའུ་དང་གྲི་གུག་འཛིན་པ། གཡོན་ན་དྲིལ་བུ་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ་འཛིན་པ། དབུ་སྐྲ་དམར་ཞིང་ཕྱོགས་ཀྱི་གོས་ཅན། ཕྱག་རྒྱ་ལྔས་རྒྱན་དུ་བྱས་པའོ། །དེ་ལྟ་བུའི་རིག་མ་
เล่ม ๑๗ · หน้า 138b
དང་བཅས་པའི་རྣམ་པར་སྣང་མཛད་ལས་བྱུང་བའི་གཞལ་ཡས་ཁང་བརྩེགས་པ་རྡོ་རྗེའི་རྩེ་མོ་ཅན་རི་རབ་ཆེན་པོའི་སྟེང་ན་གནས་པར་བསམ་པར་བྱ་སྟེ། །དེ་ཡང་རིན་པོ་ཆེ་སྣ་ལྔ་ལས་བྱུང་བའི་རང་བཞིན་ཅན་བཟང་པོ་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། རྡོ་རྗེ་
ཀ་བ་དང་སྒོ་རྒྱན་དུ་ལྡན་པ། དྲ་བ་དང་དྲ་བ་ཕྱེད་པ། དར་འཕྱངས་དང་། མེ་ཏོག་གི་ཆུན་འཕྱང་དང་། རྡོ་རྗེའི་སྐུད་པས་ཡང་དག་པར་བརྒྱན་པར་བྱས་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའོ། །དེའི་དབུས་སུ་ཨཱ་ལི་ཀཱ་ལིའོ། །དེའི་སྟེང་དུ་ཧཱུཾ་
དང་ཨཾ་དག་གིས་རྡོ་རྗེ་གྲི་གུག་གོ། །དེ་དག་གི་ལྟེ་བར་ཡང་ས་བོན་ནོ། །དེ་ཡོངས་སུ་ཞུ་བ་ལས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། སྟོན་ཀའི་ནམ་མཁའ་ལྟ་བུར་དྲི་མ་མེད་པ། རི་བོང་འཛིན་བྱེ་བའི་འོད་དང་མཉམ་པ་ཅན། གཡས་དང་གཡས་པ་མིན་པ་
ནི་སྔོན་པོ་དང་དམར་པོའོ། །རྡོ་རྗེ་དང་དྲིལ་བུས་འཁྱུད་པ་དང་། གཡས་ན་ཅང་ཏེའུ་དང་ཚངས་པའི་མགོ་བོའོ། །གཡས་པ་མ་ཡིན་པ་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། དབུ་ལ་མི་བསྐྱོད་པས་རྒྱན་དུ་མཛད་པའོ། །སྔགས་པས་ལྟ་བའི་དབུས་སུ་བསམ་པར་བྱ་བ་
ནི་རླུང་དང་མེའོ། །དེའི་དབུས་སུ་ཨཱ་ལི་ཀཱ་ལིའོ། །དེའི་དབུས་ན་སྟོང་པ་ཉིད་ཀྱི་རི་མོ་ལ་བདེ་བ་ཆེན་པོ་ཡང་དག་པར་སྦྱོར་ཞིང་མི་གཉིས་གཉིས་སུ་མེད་པའི་དམ་པའི་སྒྲས་སེམས་ཅན་ཐམས་ཅད་ཡང་དག་པར་བསྐུལ་ཏེ་བསྟིམས་ལ། སངས་རྒྱས་རྣམས་ཀྱིས་རྗེས་
སུ་ཆགས་པའི་སྦྱོར་བས་སེམས་ཅན་གྱི་ཁམས་མ་ལུས་པ་རྣམ་པར་སྦྱངས་པ་ནི་བདེ་བས་བསྐྱེད་པའི་དཀྱིལ་འཁོར་རོ། །བྲཱུཾ་ཨཱཾཧྲཱིཿཧོ་ཧཱུཾ་ཧི། ཡང་ན་སེམས་ཀྱི་རྒྱུན་གྱི་དབང་བསྐུར་བ་ལས་ཨི་ཨཱི་ཞེས་པའི་ས་བོན་གྱིས་བཏོན་པ་རྣམ་པར་སྣང་མཛད་དང་། རྡོ་རྗེ་
ཉི་མ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་རྒྱལ་པོ་དང་། མི་བསྐྱོད་པ་དང་། དེ་བཞིན་དུ་ཧེ་རུ་ཀའོ། །ཨོཾ་ཧཱུཾ་ཨཾ་ཨཿ ཁཾ་ཧཾ་ས་བོན་དེ་དག་གིས་གཏི་མུག་དང་། ཞེ་སྡང་དང་། དེ་བཞིན་དུ་ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དོག་དང་། དབང་ཕྱུག་རྡོ་རྗེ་སྟེ་དེ་དག་རྣམས་
เล่ม ๑๗ · หน้า 139a
སོ། །ལཾ་མཱཾ་པཾ་ཏཱཾ་ས་བོན་འདི་དག་གིས་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མའོ། །ཨོཾ་ཨཱཿཧཱུཾ་ཞེས་པ་འདི་དག་ནི་འགྲོ་བ་གསུམ་པོ་སྐུ་གསུང་ཐུགས་རྣམས་སུ་རྫོགས་པའོ། །འདི་དག་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དག་པ་སྟེ། །ཕྱག་
གཉིས་པ་ལ་སོགས་པའི་སྐུ་ཇི་ལྟར་སེམས་ལ་འདོད་པ་རྫོགས་པར་བསྒོམ་ཞིང་འགྲོ་བ་གསུམ་པོ་མ་ལུས་པ་ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་དུ་རྣམ་པར་བསམ་པར་བྱའོ། །ཨོཾ་ཨཱཿཧཱུཾ་དང་ཧོཿདམར་པོ་གཉིས་ཀྱི་བར་དུ་བཅུག་པ་ཡི་གེ་ལྔ་པོ་དྲི་ཟའི་སེམས་ཅན་ལྟ་བུ་ནམ་
མཁའི་ཕྱོགས་སུ་བལྟས་ལ། སྨོན་ལམ་གྱི་སེམས་དང་ལྡན་པ་དེ་དག་བཀུག་པ་སྟེ་སྙིང་གར་བཅུག་ལ་སྐུ་གཉིས་རྗེས་སུ་ཆགས་པ་འདོད་ཆགས་ཆེན་པོའི་མེས་ཆུ་སྐྱེས་ལ་སྐུ་གཉིས་ཞུ་བར་སོང་བས་ནམ་མཁའ་ལྟ་བུར་དྲི་མ་མེད་པ་འབྱུང་བ་ཐམས་ཅད་ཀྱི་གཞི་ཆེན་པོར་རྡོ་རྗེའི་
ཏིང་ངེ་འཛིན་གྱི་གཟུགས་བརྙན་ལྟ་བུར་གནས་པ། སྔོན་གྱི་དུས་དུ་གོམས་པར་བྱས་པའི་སྨོན་ལམ་གྱིས་སློང་བར་བྱེད་པ་ནི། བྱམས་པ་ཆེན་པོ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་རང་བཞིན་རྣམས་སོ། །འོད་དུ་ཞུ་བ་དེ་ལས་ལྷ་མོ་རྣམས་སུ་ལངས་
ཏེ། འཕྲལ་དུ་སྤྱན་རྒྱས་པར་བྱས་ནས། སྒྲ་བརྙན་ལྟ་བུར་གླུ་འདི་དག་གིས་མགོན་པོ་རབ་ཏུ་བསྐུལ་ལོ། །ཀྱེ་ཁྱོད་ཀྱིས་ས་གསུམ་བདེ་བ་བརྙེས་པ་སྟེ། །པདྨར་ཆགས་པ་སྤོངས་མཛོད་ཨ་ལ་ལ་ལ་ལ་ཧོ། །རྡོ་རྗེ་མཁའ་འགྲོ་བདེ་ཆེན་རྒྱལ་བའི་ཚོགས། །
བདེ་གཤེགས་སྙིང་པོ་རབ་སྤོངས་ཨ་ལ་ལ་ལ་ལ་ཧོ། །ཁྱོད་ནི་དམ་པའི་ཆོས་རྣམས་སྟོན་པའི་གཞི། །ཡུལ་ལས་བདེ་བརྙེས་ས་གསུམ་སྙིང་པོ་ཉིད། །ཨ་ལ་ལ་ལ་ལ་ཧོ་བདེ་བའི་བདག་པོ་ཁྱོད། །སྤོངས་མཛོད་སྤོངས་མཛོད་སྐུ་ཆེ་རྒྱལ་བའི་གཙོ། །གླུ་འདི་དག་
གིས་བསྐུལ་མ་ཐག་ཏུ་ཡི་གེ་ཧཱུཾ་ལས་བྱུང་བའི་སྙིང་རྗེའི་སྟོབས་རྡོ་རྗེ་སྟེ། འདི་ལྟ་བུ་ནི་མངལ་ནས་སྐྱེས་པའི་རིམ་པའོ། །ཡང་ན་རུས་སྦལ་གྱིས་ཞེས་པ་ནི་རུས་སྦལ་གྱི་སྟེ་སྒོ་ང་ལས་སྐྱེས་པའོ། །དེའི་རིམ་པ་ནི་འདི་ལྟ་སྟེ། སྐད་ཅིག་ཙམ་གྱི་སྦྱོར་བས་ལྷའི་དངོས་
เล่ม ๑๗ · หน้า 139b
པོར་བསྒོམ་པར་བྱ་བ་ནི་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་རྒྱུན་ཉོན་མོངས་པ་མེད་ཅིང་། །རྟག་པ་དང་ཆད་པ་མེད་པ་སྟེ་སྙིང་རྗེ་ཆེན་པོ་དང་། ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོས་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་ནི་རུས་སྦལ་ཏེ། སྒོ་ང་ལས་སྐྱེ་བའི་རིམ་པའོ། །
འདི་ལྟ་བུ་ནི་མི་གཡོ་བ་ལ་གཟུང་བའི་ཕྱིར་རོ། །ཕྱག་བཞི་པ་ལ་ཞལ་བཞི་པ། །ཞེས་པ་ལ་སོགས་པ་འདི་དག་ནི་གཉིས་ཀར་ཡང་དག་པར་ཉེ་བར་སྦྱོར་རོ། །དཀར་པོ་སྐུ་ཞེས་པ་ནི། རྡོ་རྗེ་འཆང་གི་ཁྱད་པར་ཏེ། །ལྷ་ཐམས་ཅད་ཆོ་ག་བཞིན་དུ་ཤེས་པར་བྱས་ལ་བསྒོམ་
པར་བྱའོ། །སེམས་ཀྱིས་འདི་ལས་གཞན་དུ་སྐད་ཅིག་ཀྱང་བློ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་གནས་པར་མི་བྱ། དངོས་གྲུབ་ཀྱི་དོན་འབའ་ཞིག་ཏུ་བསམ་པར་བྱའོ། །དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་རྣམས་དང་ལྡན་པས་རྣལ་འབྱོར་པ་རྣམས་ཀྱི་འདོད་
པའི་དངོས་གྲུབ་ཏུ་འགྱུར་རོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པས་ནི་འདི་ལྟར་ཐམས་ཅད་དུ་ཤེས་
པར་བྱ་སྟེ། རྣལ་འབྱོར་ཐམས་ཅད་ལ་དམ་པར་གྱུར་ཅིང་རབ་ཏུ་བདེ་བ་ཕྱག་རྒྱའི་དངོས་གྲུབ་ཀྱི་ཐབས་མཆོག་ཏུ་གྱུར་པ་གཞན་མེད་དེ། བསོད་ནམས་ཀྱི་ཚོགས་ཆེན་པོ་མཁའ་འགྲོ་མ་དྲ་བའི་སྡོམ་པ་འདི་ཡིན་པས་སོ། །འདི་ལས་སྒྲུབ་པ་པོ་རྣམས་ཀྱི་
སྒྲུབ་ཐབས་མཆོག་ཏུ་གྱུར་པ་གཞན་མེད་དེ། བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེད་པར་བྱེད་པའི་ཕྱིར་ནའོ། །དེའི་ཕྱིར་ན་ཚོགས་ཀྱི་འཁོར་ལོ་བརྩམ་པར་བྱའོ། །དེ་ཡང་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་མདོ་རྣམས་བསྡུས་པའི་རིམ་པ་ཇི་ལྟ་བ་བཞིན་
དུའོ། །དེ་ལ་འདི་ལས། བཟའ་དང་སྟོན་མོར་ཉ་ཤ་སོགས། །ཞེས་པ་ནི་ཇི་ལྟ་བ་བཞིན་ནོ། །དེ་ནས་ཕོ་ཉ་མོར་སྦྱིན་པ། །པང་གཡོན་མགུལ་པ་འཁྱུད་བྱས་ནས། །ཞེས་པ་ནི་ཤིན་ཏུ་སྦྱངས་པའི་ཕོ་ཉ་མོ་རིགས་དང་ལྡན་པ་དག་རང་གི་ཡན་ལག་གཡོན་
เล่ม ๑๗ · หน้า 140a
པ་གཉིས་ཀྱིས་པང་དུ་བཞག་སྟེ། གདོང་པ་རང་ལ་བསྟན་ཏེ་སྦྱིན་པར་བྱའོ། །གཉིས་མེད་དཔའ་བོ་མཆོད་པར་བྱ། །ཞེས་པ་ནི། དཔའ་བོ་ལ་སྦྱིན་པར་བྱའོ། །མ་དང་ཡང་ན་སྲིང་མོའམ། ཞེས་པ་ལ་སོགས་པ་ལ། མ་ཞེས་པ་འདི་ནི་སྐལ་བ་དང་ལྡན་
པ་གང་ཡང་རུང་བ་བསྡུ་བ་ཡིན་གྱི། །རྣམ་པར་མ་དག་པ་གཞན་དག་ནི་མ་ཡིན་ནོ། །དེས་ན་དེ་དག་ཐམས་ཅད་ལ་བདག་ཉིད་མཆོད་པར་བྱ་བའི་དོན་དུ་འཇུག་པར་བྱ་བའོ། །ཇི་སྲིད་འབྱུང་བ་ཡོད་པར་འདུ། །ཞེས་པ་ནི། ཤིན་ཏུ་བཅིངས་ལས་གྲོལ་བའོ། །ཞེས་བྱ་བར་འདོན་ཏེ།
དེ་ནི་བག་ཆགས་རྣམས་ལས་ཤིན་ཏུ་གྲོལ་བའི་དོན་ཏོ། །དེ་ནས་སྔགས་ནི་འགྲུབ་པར་འགྱུར། །ཞེས་པ་ལ། འགྲུབ་ཅེས་པ་ནི་བག་ཆགས་རྣམས་བཅོམ་པའི་ཕྱིར་ནའོ། །སློབ་དཔོན་ལུས་སུ་གནས་ནས་སུ། །ཞེས་པ་ནི། རྡོ་རྗེ་འཛིན་པའི་སྐུར་ཐམས་ཅད་དུ་དམིགས་པར་བྱ་
བའོ། །དེ་ནས་རེ་ཞིག་དཔའ་བོ་དང་དཔའ་མོ་ཉིད་དུ་རྣམ་པར་སྤྱོད་དེ། དངོས་པོ་མེད་པ་ལས་ལངས་ལ་ཟུང་དུ་འཇུག་པའི་རིམ་པའི་རྒྱུན་གྱིས་སངས་རྒྱས་ཀྱི་སྐུ་མངོན་དུ་བྱེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ཏེ། སྤྱོད་ལམ་རྣམས་སུ་
བྱའོ། །གོང་འོག་མ་བཀྲལ་བ་རྣམས་ནི་གསལ་ལོ། །ས་འོག་མཁའ་འགྲོ་སྒྲུབ་པ་དང་། །ཞེས་པ་ནི། གང་ཅུང་ཟད་ཡིད་ལ་འདོད་པ་ལ་སོགས་པ་དེ་ཐམས་ཅད་སེམས་ཅན་རྣམས་ལ་སྒྲུབ་པ་པོའི་བཀའ་ཙམ་གྱིས་འགྲུབ་པར་ཐེ་ཚོམ་མི་ཟའོ། །འདི་དག་ནི་དཔལ་ཧེ་རུ་ཀ་
བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་མཁའ་འགྲོ་མ་དྲ་བའི་འཁོར་ལོ་ཞེས་བྱ་བའི་ཆོ་ག་རྒྱས་པ་ཞེས་པ་འདིའི་དོན་གང་དག་ཏུ་གསུངས་པ་འཁྲུལ་འཁོར་དང་སྔགས་དང་རབ་
ཏུ་སྦྱོར་བ་དེ་ཐམས་ཅད་ནི་སྒྲུབ་པ་པོའི་དངོས་གྲུབ་ཏུ་ཐེ་ཚོམ་མི་ཟའོ་ཞེས་སོ། །དེ་དག་ཉོན་མོངས་མེད་པས་འགྲུབ། །ཅེས་པ་ནི། དེ་དག་ཡིད་ཀྱིས་འགྲུབ་པའོ། །ཞེས་པར་འདོན་ཏེ། དེའི་དོན་ནི་དེ་ལྟར་བཤད་ཟིན་ཏོ། །ཨ་ཝ་དྷཱུ་ཏཱིའི་ཞེས་པ་ནི། ཨ་ཝ་དྷཱུ་ཏཱིའི་གོ་འཕང་ཐོབ་
เล่ม ๑๗ · หน้า 140b
པའི་ཕྱིར་རོ། །དེའི་སྒོམ་པ་གསུངས་པ། དཔའ་བོ་ཀུན་དང་རྣལ་འབྱོར་མ། །པདྨ་ལ་ནི་ངེས་པར་སྦྱར། །ཞེས་པ་ལ། པདྨ་ལ་པདྨ་ནི་ལྟ་བ་དང་གེ་སར་དུ་ལྡན་པའོ། །ངེས་པར་སྦྱར་ཞེས་པ་ནི་དེར་ངེས་པར་སྦྱར་རོ། །ཨ་ཝ་དྷཱུ་ཏཱི་ཞེས་པ་ལ་ཨ་ནི་རྣམ་པར་རྟོག་པ་ཐམས་ཅད་
ཀྱི་ཕྱིར་རོ། །དྷཱུ་ཏཱི་ནི་དེ་དག་སེལ་བ་སྟེ། དེས་ན་ཨ་ཝ་དྷཱུ་ཏཱི་ནི་འབར་བའི་མེ་ལྟ་བུའི་རང་བཞིན་ཅན་བདག་རྣལ་འབྱོར་པ་དེའིའོ། །ཨ་ཝ་དྷཱུ་ཏཱི་ཞེས་པ་ནི་འདི་ལྟར་གསུངས་པ་སྟེ། དེའི་གོ་འཕང་ལ་རབ་ཏུ་གནས་ཤིང་བསྟན་ཏོ་ཞེས་པའི་དོན་ཏོ། །དེའི་སྦྱོར་བའི་ཕྱིར་ན་རྣལ་
འབྱོར་པ་དེ་དེ་བཞིན་དུ་གསུངས་སོ། །དེ་གང་ཞེས་པ་ནི་སྨིན་མའི་བར་ཞེས་པ་ནི་འདི་ལྟ་སྟེ་ཟླ་བ་དང་ལྡན་པའི་པདྨའི་དབུས་ན་རྩ་བཅུ་དྲུག་གིས་བསྐོར་བའོ། །དཔའ་བོ་སྨེ་བརྩེགས་ཞལ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་ཞལ་འཇིགས་སུ་རུང་བའོ། །རྒྱུ་དེས་ན་མེ་
ཞེས་པ་སྟེ། དབྱངས་ཀྱི་དང་པོས་མེ་བསྐྱེད་པ་ལ་བསྲེག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་བཟའ་བ་བསྲེག་བྱ་བ། །ཞེས་པ་ལ། །བཟའ་བ་ཞེས་པ་ནི་དངོས་པོ་འདིས་སོ། །དེ་དུ་ཞེ་ན། བསྲེག་བྱ་ལྔ་ཞེས་པ་འདི་སྟེ། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་
པར་རོ། །དགུ་རུ་བསྲེག་བྱ་ཞེས་པ་ནི། སོ་སོར་རེ་རེ་དང་། བཞི་བཅུ་རྩ་ལྔར་བསྲེག་པར་བྱའོ་ཞེས་པའི་དོན་ཏོ། །འབར་ཕྲེང་ཞེས་པ་ནི། ཤིན་ཏུ་འབར་བ་དང་ལྡན་པའོ། །དེ་ཡིས་བལྟ་བྱ་བ་ནི། ཀུན་ནས་སྒོ་ཡི་འཁོར་ལོ་བྱ། །ཞེས་པ་ལ་སྟེ། མཐོང་བྱ་
ཞེས་པ་ནི་སྔགས་སོ། །འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། །ཀུན་ནས་སྒོ་ཞེས་པ་ནི་ཁམས་གསུམ་མ་ལུས་པའི་དཀྱིལ་འཁོར་རང་གི་ལྷག་པའི་ལྷ་སྟེ་རང་བྱུང་བའོ། །ཞལ་བཞི་པ་ཞེས་པ་ལ་སོགས་པ་ནི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་རོ། །དཔའ་བོ་དཔའ་
མོའི་གནས་ལའོ། །ཞེས་པ་ལ། །གནས་ཞེས་པ་ནི་གཞལ་ཡས་ཁང་བརྩེགས་པར་ལྡན་པའོ། །འདབ་ཅེས་པ་ནི་པདྨ་འདབ་མ་བཞི་པའོ། །ཕོ་ཉ་མོ་བཞི་ཞེས་པ་ནི། དེ་ལྟ་བུའི་པདྨ་ལ་གནས་པའི་མཁའ་འགྲོ་མ་ལ་སོགས་པ་བཞི་པའོ། །འཁོར་ལོ་
เล่ม ๑๗ · หน้า 141a
བསྐོར་བའི་དཔའ་བོ་ནི། །ཐམས་ཅད་གཉིས་སུ་མེད་བདེ་བའི། །ཞེས་པ་ལ། དཔའ་བོ་ནི་ཐམས་ཅད་གཉིས་སུ་མེད་ཅེས་པ་ནི། དཔའ་བོ་ཞེས་གཉིས་སུ་མེད་པའི་འཁོར་ལོས་སྒྱུར་བར་ཇི་ལྟ་བར་བདེ་བར་བྱས་པའོ། །དུམ་སྐྱེས་མ་ཡིན་ཕྱི་རོལ་སྦྱིན། །ཞེས་
པ་ནི། ཇི་ལྟར་འོས་པར་བསྒོམས་པས་ལྷག་པར་དེ་ཡིས་གྲོལ་བར་སྦྱིན་སྲེག་བྱའོ་ཞེས་པའོ། །ཕྱི་རོལ་ཡང་ཇི་ལྟ་བ་དག་ཅེ་ན། ཁཾ་ས་ལ་སོགས་པ་རྣམས་སོ། །གཟུགས་ཇི་ལྟ་བུ་ཞེ་ན། རང་གཟུགས་ཞེས་པ་སྟེ། ཇི་ལྟར་གཞལ་ཡས་ཁང་གི་སྒོ་བཞི་དང་
གྲྭ་བཞིར་གནས་པ་དེ་དག་གི་གཟུགས་སུ་སྔགས་པས་བྱའོ། །བལྟ་བར་བྱའོ་ཞེས་པ་ནི་གང་ཞིག་འཁོར་ལོའི་དབུས་སུ་བསྒོམ་པར་བྱ་བའོ། །འཁོར་ལོ་འདི་དག་བསྟན་པ་ནི། །དངོས་གྲུབ་ཐམས་ཅད་འགྲུབ་བྱེད་ཡིན། །ཞེས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་
ཀར་པདྨ་དཀར་པོ་ལ་མཚན་མ་དང་། ས་བོན་དང་ཐིག་ལེའོ། །དེའི་དབུས་ན་ཁམས་གསུམ་གྱི་བདག་ཉིད་ཀྱི་སེམས་གནས་གཞལ་ཡས་ཁང་དུ་བསམ་པར་བྱའོ། །དེ་ལ་འོད་ཟེར་བྱེ་བས་ཀུན་དུ་གང་བ་ལ་སངས་རྒྱས་ཀྱི་སྤྲིན་འཕྲོ་བ་ཅན་ནོ། །ཐིག་ལེའི་རྣལ་འབྱོར་དེ་རྫོགས་
ནས་ཕྲ་མོའི་རྣལ་འབྱོར་རྣམ་པར་བསྒོམ་པར་བྱ་སྟེ། རིགས་ཀྱི་རིམ་པས་ཧཱུཾ་ལས་མཚན་མའི་དབུས་སུ་དཀྱིལ་འཁོར་ནམ་མཁར་གསལ་ཞིང་རྒྱ་ཆེ་བ། རྒྱལ་བ་རིན་པོ་ཆེའི་བཞུགས་གནས་བདེ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་གཟུགས་རྡུལ་ཕྲ་མོ་ཙམ་དུ་བསྡུས་
པར་ལུས་པ་མེད་པའི་སེམས་ཅན་རྣམས་མཁའ་འགྲོའི་དམ་ཚིག་ཏུ་རབ་ཏུ་གནས་པ་ཡེ་ཤེས་དྲི་མ་མེད་པའི་ཡན་ལག་དང་ཁ་དོག་དུ་མ་ཅན་རྣམ་པར་འཕྲོ་བའོ། །འབྱུང་བ་དང་རྔུབ་པས་སེམས་བརྟན་ཞིང་རབ་ཏུ་བསྡུས་པས་འདར་བ་དང་། འགུལ་བར་འགྱུར་བ་དང་།
དགོད་པ་དང་སྨྲ་བ་དང་། འབེབས་པ་དང་། དངང་བ་དང་། དེ་བཞིན་དུ་འཕར་བ་རྣམས་ནི་ཞག་བདུན་དུ་བསམ་པ་དེའི་ཚེ། གཏན་ལ་ཕབ་པར་མཐོང་བར་ཐེ་ཚོམ་མེད་དོ། །འདི་ལྟ་བུའི་འཁོར་ལོ་བསྟན་པ་ནི། རྡོ་རྗེ་སྙིང་པོ་ཆེན་པོའོ་ཞེས་གསུངས་པར་དགོངས་
เล่ม ๑๗ · หน้า 141b
སོ། །རིག་པའི་རྒྱ་མཚོར་ཞེས་པ་ནི། །དེའི་ལེའུ་དང་པོར་བསྟན་པའི་འཁོར་ལོའོ། །དེ་བཞིན་དུ་འདིར་ནི་གྲངས་སུ་ངེས་པར་ཡོད་པ་མ་ཡིན་ནོ། །ཕོ་ཉ་གཉིས་མེད་སྦྱོར་བ་ནི། །ཞེས་པ་ནི། སྔགས་ཀྱི་རིམ་པ་དག་ཤིན་ཏུ་ཐོབ་པར་དཀའ་བ་སྟེ། བཟླས་པ་དང་བསྒོམ་
པ་མངོན་པར་ལྡན་ན་འདི་ནི་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མི་ཟ་བའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ལས་མཆོག་རབ་བཤད་པ། །
རིམ་པ་ཇི་བཞིན་རབ་ཏུ་མཚོན། །ཞེས་པ་ལ། རིམ་པ་ཞེས་པ་ནི། གཅིག་ནས་གཅིག་ཏུ་འོངས་པ་ལ་བྱ་སྟེ། བླ་མ་བརྒྱུད་པ་ལས་མ་ནོར་བར་འོངས་ཞེས་པའི་དོན་ཏོ། །མཆོད་པ་གཉིས་མེད་བདག་ཉིད་སྦྱོར། །ཞེས་པ་ལ་མཆོད་པ་གཉིས་མེད་ཅེས་པ་ནི། ཐབས་དང་
ཤེས་རབ་གཉིས་སུ་མེད་པ་སྟེ། དེའི་སྦྱོར་བའོ། །དེའི་བདག་ཉིད་དེར་སྔགས་པ་ལས་མཆོག་ཏུ་སྒྲུབ་པར་བྱེད་པའོ། །ལས་ནི་སོ་སོར་རབ་སྦྱར་བྱ། །ཞེས་པ་འདི་ནི་ཞི་བ་ལ་སོགས་པའོ། །གང་རྣམས་སྒྲུབ་པར་བྱེད་པའི་སྔགས་ཞེས་པ་ནི། སྡེ་ཚན་བརྒྱད་པོ་
རྣམས་སོ། །དེ་རྣམས་དབྱེ་བའི་རིམ་ཇི་བཞིན། །རྗོད་བྱེད་ཕོ་ཉ་སོགས་སྔགས་གང་། །ཞེས་པ་ལ། རྗོད་བྱེད་ནི་སྡེ་ཚན་སུམ་ཅུ་རྩ་གསུམ་པོ་རྣམས་སོ། །ཕོ་ཉ་ནི་རྩ་རྣམས་ཀྱི་རང་གི་ངོ་བོར་སྦྱར་རོ། །སོགས་པ་ཞེས་པའི་སྒྲ་ནི་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་སོ། །དེ་
རྣམས་ཀྱི་སྔགས་ནི། མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །ཞེས་པ་སྟེ། དེ་ལ་མདའ་ནི་རླུང་ངོ་། །ཤུགས་ནི་དེ་ཡིས་འགྲོ་བ་སྟེ། ཤུགས་ཞེས་པ་ནི་དེའི་ཤུགས་ཀྱིས་འགྲོ་ཞིང་། དེས་འཁོར་བར་འགྲོ་ཞིང་འགྲོ་བས་འཁོར་བའོ། །ཕན་
ཚུན་རྗེས་སྦྱོར་གསང་སྔགས་ནི། །ཞེས་པ་ནི། ཨཱ་ལི་དང་ཀཱ་ལི་དག་གིས་སྦྱོར་ཞིང་སྡུད་པའོ། །རང་རང་ཡུལ་གྱིས་ཕྱེ་བ་ཡིན། །ཞེས་པ་ནི། སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་སྤྱི་བོ་སྟེ་དེ་རྣམས་སུ་གཞག་པ་ལ་བྱའོ། །ས་བོན་ཕྲེང་བར་དེ་ནས་འཛིན། །ཡི་གེ་ཧཱུཾ་ནི་
เล่ม ๑๗ · หน้า 142a
མཐར་རབ་གནས། །ཞེས་པ་ནི་གང་ཞིག་ཡི་གེ་ཧཱུཾ་རབ་ཏུ་གནས་པར་དགུག་ཅིང་གཞུག་པར་བྱའོ། །དེ་ལ་འདིའི་དོན་ནི་གཡས་དང་གཡོན་ངོས་ཀྱི་དབུས་གཉིས་སུ་དབྱངས་ཡིག་བཅུ་དྲུག་ཁ་གྱེན་དུ་བལྟས་ཏེ་གནས་པ་དང་། ཀ་ལ་སོགས་པ་ནི་ཁ་འོག་ཏུ་བལྟས་
པ་སྟེ། དེ་ལྟ་བུའི་སྡེ་ཚན་གཉིས་ཀྱི་ཕྲེང་བའི་དབུས་སུ་བྱའོ། །གང་ཡང་དེ་ལྟར་གསུངས་པ། གཡས་དང་གཡོན་པའི་སྦུབས་དག་ལ། །དབྱངས་ཡིག་བཅུ་གཉིས་གནས་པ་ནི། །སྟེང་དུ་ཁ་བལྟས་ཡང་དག་བཤད། །ཀ་ཡིག་སོགས་པའང་མངོན་པར་ལྡན། །ཞེས་པ་
འདི་དག་གོ། །འགོག་པ་ལས་ནི་འགྲུབ་འགྱུར་བའི། །ཞེས་པ་ནི། འགོག་པ་ཞེས་པ་ནི། འབྱུང་འཇུག་གཉིས་པོ་རྣམ་པར་བཅིངས་པའོ། །འགྲུབ་ཅེས་པ་ནི་དངོས་གྲུབ་ཏུ་འགྱུར་བ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དུའོ། །གོམ་པ་གཅིག་ཀྱང་མི་འགྲོའོ། །
ཞེས་པ་ནི། རྣམ་པར་རྟོག་པ་མེད་པའི་ཕྱིར་ན་ཡུལ་དུ་འགྲོ་བར་འབྱུང་བ་མེད་པའོ། །དེས་དེའི་གཟུགས་ཀྱི་རོ་མཉམ་པར་འགྱུར་བའོ། །ཁ་སྦྱར་སྦྱར་བར་འགྱུར་བ་དང་། །ཞེས་པ་ལ་སོགས་པ་ལ། ཁ་སྦྱར་སྦྱར་བར་འགྱུར་བ་ནི། །ཟླ་བ་དང་ཉི་མར་གསུངས་ཏེ། གཡོན་
པ་དང་གཡས་པའི་ཕྱོགས་གཉིས་པའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་ནས། །ཞེས་པ་ནི། སྟེང་གི་སྒོ་ན་རྟག་པར་གནས་པ་ཉི་མའི་འོད་ཀྱི་ཕྲེང་བ་དང་ལྡན་པ་དེ་ངེས་པར་འགྲོ་བའི་ལམ་མཆོག་ཏུ་དགའ་བའི་རྒྱུན་གྱི་ཚོགས་ཀྱི་སྦྱོར་བས་ཁ་སྦྱོར་རོ། །ཡང་ན་ལག་པ་གཉིས་པོ་
དག་གིས་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་དུ་གསུངས་ཏེ། ཤེས་རབ་དང་ཐབས་མཉམ་པར་སྦྱོར་བ་ནི་འདིར་ཁ་སྦྱོར་དུ་གསུངས་སོ། །རྡོ་རྗེས་དབྱེ་བ་ཉིད་དག་དང་། །ཞེས་པ་ལ་སོགས་པ་ནི། པདྨར་རྡོ་རྗེ་རབ་ཏུ་གཞག་སྟེ། འདིར་འཁོར་ཞིང་རྡོ་རྗེ་གཡོས་པས་པདྨ་ཁ་ཕྱེ་
བའོ། །དེ་བཞིན་སྒྲོ་ཡི་ཆུན་པོས་བསྐོར། །ཞེས་པ་ལ། སྒྲོའི་ཆུན་པོས་ཞེས་པ་ནི། །སྦྲང་རྩི་བྱེད་པ་པོར་གསུངས་སོ། །བསྐོར་ཞེས་པ་ནི་དེ་གཡོ་བའོ། །བདེ་བས་དགའ་བའི་རང་གི་ངོ་བོའི་པདྨའི་ཞགས་པར་རབ་ཏུ་བཅུག་པ་དེའི་བདེ་བ་ལྕགས་ཀྱུ་ལྟ་བུས་དེ་
เล่ม ๑๗ · หน้า 142b
བཞིན་གཤེགས་པ་རྣམས་འགུགས་པ་ནི། ལྕགས་ཀྱུ་ཉིད་ཀྱིས་འགུགས་པ་དང་། །ཞེས་བྱའོ། །གཏུན་ཤིང་གིས་ནི་དཀྲུགས་པ་དང་། །ཞེས་པ་ལ། དཀྲུགས་པ་ཞེས་པ་ནི། དངོས་པོ་ཐམས་ཅད་དཀྲུགས་པ་སྟེ། རྡོ་རྗེས་འཁྲུག་པ་ནི་གཏུན་ཤིང་དུ་རབ་ཏུ་གསུངས་
སོ། །རྡོ་རྗེ་ཉིད་ནི་བཟའ་བྱར་གསུངས། །ཞེས་པ་ལ། བཟའ་བྱ་ནི་རྡོ་རྗེ་སྟེ་གཅིག་ཏུ་འདུས་པའོ། །དབུག་ལ་མདའ་ནི་སྦྱར་བར་བྱ། །ཞེས་པ་ལ་མདའ་ནི་སྒྲའོ། །དབུག་ལ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ལའོ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཞེས་པ་ནི།
ཁ་ཊྭཱཾ་ག་ནི་ལྷག་པའི་ལྷ་སྟེ། ནམ་མཁའ་ལྟ་བུའི་ཡན་ལག་ནི་ཁ་ཊྭཱཾ་གའོ། །དུས་མིན་འཆི་ལས་རྒྱལ་བ་ཡི། །ཐོད་པའི་མཆོད་ཡོན་སྣོད་ལ་ནི། །ཞལ་དུ་མཆོད་ཡོན་ངེས་པར་སྦྱར། །ཞེས་པ་ནི། སྔགས་པས་ལྟེ་བའི་དབུས་སུ་རླུང་དང་མེ་བསམ་པར་བྱའོ། །དེའི་སྟེང་གི་དབུས་སུ་སྣ་ཚོགས་པདྨའོ། །
དེའི་སྟེང་དུ་ཐོད་པ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་ཡེ་ཤེས་ཀྱིས་ཡོངས་སུ་གང་བའོ། །དེའི་དབུས་སུ་ཨཱ་ལི་དང་ཀཱ་ལི་ལ་ཡེ་ཤེས་ལྔའི་རང་བཞིན་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པའོ། །བཾ་གྱིས་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་སྦྱོར་བ་ཞི་བ་དང་སྙིང་རྗེ་སྟོན་ཀའི་ནམ་
མཁའི་མདོག་ལྟ་བུ་འོད་ཀྱི་ཕྲེང་བ་དུ་མ་འཕྲོ་བ་ཟླ་བའི་འོད་ཟེར་ལྟ་བུའི་དྲི་མ་མེད་པས། བདུད་བཞི་ཞབས་ཀྱིས་མནན་པ་ཕག་མོ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་གཟི་བརྗིད་ཆེན་པོ་དང་ལྡན་པ། ལྕང་ལོ་སྔོན་པོ་ཅན་ནོ། །ཟླ་བའི་སྟེང་ན་མི་ཤིགས་པའི་ཤིང་
ཨ་ཏ་ཤའི་མེ་ཏོག་ལྟར་སྔོན་པོ་ལས་བའི་འོ་མའི་རྒྱུན་ལྟར་ཉིན་མཚན་དུ་འཛག་པའོ། །འོག་གི་གནས་གང་ཡིན་པ་ནི་པདྨ་ཟླ་བའི་འོད་ཟེར་གྱིས་བརྒྱན་པ་ཅན། ལྟེ་བའི་དཀྱིལ་དུ་མེ་དང་རླུང་གི་དབུས་སུ་བསམ་པར་བྱ་སྟེ། གཞན་ཡང་ལུས་མེད་པར་བལྟ་ཞིང་ཡིད་
ཀྱིས་རབ་ཏུ་ཞི་བར་བལྟའོ། །གཞན་ཚེ་བསྲིང་བར་འདོད་ན་མགོ་བོར་ལཾ་གི་ཡི་གེས་སའི་དཀྱིལ་འཁོར་ལ་སྦྲུལ་གྱི་གཟུགས་ཞི་བ་ཆེན་པོ་གདེངས་ཀ་གསུམ་པ་ཅན་གྱིས་རྣམ་པར་མཛེས་པ་གདེངས་ཀའི་མགོའི་དབུས་ན་ཐིག་ལེས་བརྒྱན་པ་ལས་ཆར་པའི་རྒྱུན་ལྟ་བུར་འཛག་
เล่ม ๑๗ · หน้า 143a
པ་དང་། མིག་དག་ཏུ་དགོད་པར་བྱ་བའི་བདུད་རྩིའི་ཡི་གེ་ཨི་བསམ་པར་བཤད་དེ། མིག་ཉིད་ནི་ཟླ་བ་དང་ཀུནྡ་ལྟ་བུར་དཀར་བའི་དངོས་པོ་དབང་པོའི་གཞུ་ལྟ་བུས་རྣམ་པར་བརྒྱན་པའོ། །སྟེང་དུ་ནི་གདུགས་ལྟ་བུའི་སྤྲིན་དང་། གློག་ལྗང་གུ། །འབྲུག་སྒྲས་ནམ་
མཁའ་ཁྱབ་པར་བསམ་ཞིང་བདུད་རྩི་ཞུ་བ་ཆར་པ་ལྟ་བུའི་རྒྱུན་གྱིས་ཞི་བར་བྱའོ། །དེ་ཡང་གྲོང་གི་དབུས་སུ་བསྒྲུབ་བྱ་བསམས་པའི་སྟེང་དུ་ངེས་པར་བཞག་པས་དུག་བསྲེག་པ་དང་། རིམས་ལ་སོགས་པ་བསམས་པ་ཙམ་གྱིས་ངེས་པར་འཇོམས་པའོ། །དེ་ཉིད་རྟག་པར་གང་
ཞིག་གིས་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་རྗོད་བྱེད་དེ་དག་བསམས་ན་དེའི་ཚེ་ཟད་པའང་ཚེ་རིང་པོ་ཉིད་དུ་འགྲོའོ། །ལོ་གཅིག་རབ་ཏུ་སྦྱོར་བ་བྱས་ན། རྒས་པ་མེད་ཅིང་འཆི་བ་མེད་པ་དང་། དེའི་ནད་རྣམས་གནོན་ཅིང་མེད་པར་བྱེད་དོ། །ཀླུ་ཆེན་པོ་བརྒྱད་རྣམས་ཀྱིས་
དེའི་ཚེ་ཟོས་པའམ། དུག་ཆེན་པོའང་བསམས་པ་ཙམ་གྱིས་དུག་མེད་པར་བྱེད་ཅིང་། དུག་གིས་བརྒྱལ་བ་དག་ལྡང་བར་བྱེད་དོ། །བདག་ཉིད་ཀྱི་འཆི་བ་འང་གཞན་དུ་འགྲོ་བར་འགྱུར་ཞིང་། ནད་ལས་ཀྱང་རྣམ་པར་གྲོལ་ལོ། །སྟོན་ཀའི་དུས་ཀྱི་ཟླ་བ་ལྟ་བུའི་ལག་པ་
གཡོན་པའི་མཐེབ་སྙིང་ལ་ཡི་གེ་པཾ་གྱིས་རི་བོང་འཛིན་གྱི་གཟུགས་རྫོགས་པར་བྱ་སྟེ། ལྕེའུ་ཆུང་རྩེ་མོར་མནན་པའི་བདུད་རྩི་དང་། ཧཾ་གི་རིམ་པས་མི་འཆི་བ་བཟའ་བར་བྱའོ། །དེ་ནས་རྡོ་རྗེ་ཕྱིར་བཟློག་མའི་ཆོ་གའི་རིམ་པས་བསྲུང་བར་འགྱུར་བ་བཤད་དེ། །བདག་ཉིད་
ཁྱབ་བདག་ཕྱིར་བཟློག་མ་རྡོ་རྗེ་དཀར་མོ་ལ་སྔོན་པོ་དང་དམར་པོ་དང་སེར་པོ་ནི་གཡས་པའི་ཞལ་རྣམས་སོ། །གཡོན་པ་རྣམས་ནི་ལྗང་གུ་དང་དམར་པོ་དང་དུད་ཀའོ། །སྟེང་གི་ཞལ་ནི་དཀར་པོ་ཆེན་པོའོ། །ཟླ་བ་ལ་བཞུགས་ཤིང་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ན་
བཟའ་དཀར་པོས་མཛེས་པར་བྱས་པའོ། །གཡས་བརྐྱང་བའི་ཞབས་ཀྱི་སྦྱོར་བས་འཆི་བདག་གི་བདུད་མནན་པ། སངས་རྒྱས་ལྔའི་དབུ་རྒྱན་ཆེན་པོ་ཅན། འཆི་བ་ཡང་དག་པར་འཚོ་བའི་མཆོག་སྤྱན་གསུམ་པ་ཞི་བ་ཐུགས་རྗེ་ཆེན་པོའི་རོས་དགའ་བའོ། །ཕྱག་ན་སྡིགས་
เล่ม ๑๗ · หน้า 143b
མཛུབ་དང་བཅས་པའི་རྡོ་རྗེ་ཁ་གྱེས་པ་གསོར་བ་དང་། གཞན་ན་དྲིལ་བུ་དང་ཞགས་པ་འཛིན་པའོ། །ཡང་གཞན་ན་རལ་གྲི་དང་། དགྲ་སྟ་དང་། གཏུན་ཤིང་དང་། ཞགས་པ་དང་། ཐོད་པ་དང་། མི་འཇིགས་པ་དང་། ལྕགས་ཀྱུ་ཅན་དང་། གཞུ་དང་མདའ་ནི་རྟག་ཏུ་འགེངས་
པ་དང་། ཁ་ཊྭཱཾ་ག་དང་ཐོད་པ་དང་། བདུད་རྩིའི་ཐོད་པ་དང་། པདྨ་དང་དུང་དང་། དབང་བསྐུར་བའི་ཕྱག་རྒྱ་སྟེ་ཕྱག་བཅུ་དྲུག་པའོ། །འདི་ཉིད་ཀྱི་ཐུགས་ཀར་འཁོར་ལོ་བསམ་པར་བྱ་སྟེ། འདབ་མ་བརྒྱད་པའི་པདྨ་གེ་སར་དུ་ལྡན་པ་བྲིས་པའི་ལྟེ་བར་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་
སྣ་ཚོགས་རྡོ་རྗེའི་དཀྱིལ་འཁོར་དུ་ཡི་གེ་ཧཱུཾ་གི་ཁོང་པར་ཡི་གེ་བཾ་དང་ལྡན་པར་བྲིའོ། །ཡི་གེ་བཾ་གྱི་ཁོང་པར་བསྒྲུབ་བྱའི་མིང་ཡི་གེ་གསུམ་གྱི་བར་དུ་བཅུག་པ་བསྲུང་བའི་ཚིག་དང་ལྡན་པར་བྲིའོ། །རྡོ་རྗེའི་རྭ་རྩེ་དབུས་མ་རྣམས་ལ་མཁའ་འགྲོ་མ་བཞི་པོ་འདི་ལས་གཡོན་
སྐོར་དུ་རྣམ་པར་དགོད་དོ། །ཌཱཾ་ལཱཾ། ཁཾ་རཾ། རྀ་རཱྀ། ལྀ་ལཱྀ་རྣམས་ནི་རྭ་ཐ་མ་རྣམས་ཀྱི་བར་དུ་རྣམ་པར་དགོད་དོ། །དེའི་ལྟེ་བར་ནི་དབྱངས་ཡིག་བཅུ་དྲུག་གིས་བསྐོར་བར་བྲིའོ། །ཕྱོགས་ཀྱི་རྭ་བཞིའི་རྩེ་མོར་ནི་གནོད་མཛེས་ཀྱི་ཞལ་བཞི་པའི་སྔགས་བྲིའོ། །ཐུགས་
ཀྱི་འཁོར་ལོར་རིམ་པ་ཇི་ལྟ་བར། ཁཾ་པྲཾ་ཀཾ་ཙཾ། ཀཾ་པྲཾ་པྲིཾ་མཾ། འདི་དག་ནི་ཤར་དང་བྱང་དང་ནུབ་དང་ལྷོ་རྣམས་སུའོ། །མེ་ལ་སོགས་པ་རྣམས་སུ་ནི་སཱུཾ་བཱཾ་ཨཾ་ཁཾ་བཱཾ་ལཾ་དྲཱཾ་སྟེ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཧཱུཾ་གི་གཟུགས་ཀྱིས་བསྐོར་བར་བྱའོ། །དེའི་ཕྱི་རོལ་ནི་སྣ་ཚོགས་
རྡོ་རྗེས་བསྐོར་རོ། །དེ་ནས་དེའི་ཕྱི་རོལ་དུ་པདྨ་འདབ་མ་བཅུ་དྲུག་པས། སྐེ་རགས་ལྟ་བུར་འཁོར་བར་བྲིས་པ་ལ། ཀཾ་ཁཾ་གཾ་གྷཾ་ངཾ་། ཙཾ་ཚཾ་ཛཾ་འདི་དག་ནི་སྐེ་རགས་ལྟ་བུའི་མུ་ཁྱུད་ལ་བྲིའོ། །འདབ་མ་བཅུ་དྲུག་པོ་ལ་ནི། །རྗེ་བཙུན་གྱི་ཡི་གེ་བརྒྱ་པ་བྲིའོ། །
དེའི་ཕྱི་རོལ་དུའང་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ། འཁོར་ལོའི་ཤར་ལ་སོགས་པར། ཨཾ་ཨཾ། བཾ་མཾ། མཾ་པཾ། བཾ་སུཾ། སཾ་སྱཾ། བཾ་སཾ། མཾ་ཧཾ། བཾ་ཁཾ། མཾ་ཙཾ། རཾ་ཁཾ། ཧཾ་སཾ། ཨཾ་ཙཾ། ཧཾ་སཾ། པཾ་མཾ། བཾ་ཙཾ། པཾ་མཾ། འདི་དག་གཡོན་སྐོར་དུ་རྣམ་པར་
เล่ม ๑๗ · หน้า 144a
དགོད་དོ། །དང་པོར་ཡི་གེ་ཨཾ་གིས་བསྐོར་ལ། དེ་ནས་ཡི་གེ་ཧྲཱིཿའི་ཁོང་བར་ཆུད་པར་བསྒྲུབ་བྱའི་མིང་དང་བཅས་པར་བྲིའོ། །ཛྷཾ་ཉཾ། །ཊཾ་ཋཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ། པཾ་ཕཾ་བཾ་བྷཾ་མཾ། འདི་དག་ཀྱང་ཕྱི་རོལ་གྱི་མུ་ཁྱུད་སྐེ་རགས་ལྟ་བུ་ལ་བྲིའོ། །
དེའི་ཕྱི་རོལ་དུ་ཟུར་བཞི་པ་སྒོ་བཞི་པ། རི་མོ་ལྔས་བསྐོར་བ་ཅན་གྱི་སྒོ་དང་གྲྭ་རྣམས་སུ་རིམ་པ་ཇི་ལྟ་བར། །ཀཾ་ཨཱཾ། སཱཾ་ཤུཾ། ཡཾ་ཡཾ་ཡཾ་ཡཾ། ཡཾ་རཾ་ལཾ་ཝཾ། ཤཾ་ཥཾ་སཾ་ཧཾ། འདི་དག་ཡང་དག་པར་ལྡན་པར་བྱས་པ་ལ་ཡི་གེ་ཧཱུཾ་དང་ཕཊ་ཀྱི་བར་དུ་བསྒྲུབ་བྱའི་མིང་ཆོ་ག་ཇི་ལྟ་བ་བཞིན་དུ་གཞུག་
པར་བྱའོ། །སྒོའི་ཕྱི་སྟེང་དུ་རྡོ་རྗེ་འགྲེང་བ་ཉིས་གཤིབས་སུ་བྲི་བར་བྱའོ། །དེའི་ཕྱི་སྟེང་དུ་རྐང་པ་བརྒྱད་པའི་སྔགས་བྲིའོ། །དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཕྱིར་བཟློག་མ་འདི་དག་འདྲིའོ། །ན་མཿས་མནྟ་ཀཱ་ཡ་བཱཀྩི་ཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུཾ་བཛྲ་ཧེ་རུ་ཀ་ཙཀྲ་ཝརྟི་སརྦ་
ལོ་ཀི་ཀ་ལོ་ཀོཏྟ་རཱ་ན། ཡནྟྲ་མནྟྲ་ཏནྟྲ་ཙུརྞ་པྲ་ཡོ་ག་ཨ་དཱི་ནི། ཡེ་ན་ཀེན་ཙིཏ་ཀྲྀ་ཏཱ་ནི་སརྦ་ནཨཱ་ཀཌྜྷྱ་ཨཱ་ཀ་ཌྜྷྱ། ཏ་རྫ་ཡ་ཏ་རྫ་ཡ། གྲྀཧྞཱ་གྲྀཧྞཱ་བྷ་ཀྵ་ཡ་བྷཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཾ་ཀྵྨཾ་ཛྙཽཾ་ཛྙཽཾ་མ་ཐ་མ་ཐ་བི་དྷཱཾ་ས་ཡ་བི་དྷྭཾ་ས་ཡ། ཤ་ཏ་ས་ཧ་སྲ། པི་
ཙུརྞ་ཡ་བི་ཙུརྞ་ཡ། ཨོཾ་ཕཊ་བཛྲ་ཧེ་རུ་ཀ་ཨུཥྞཱི་ཥ་ཙཀྲ་ཝརྟི། ཏསྱ་ཝ། མུ་ཁཾ་ཙཀྵུ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཨཱ་མུ་ཀ་སྱ་ཤཱནྟིཾ་རཀྵ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཨོཾ་སྭཱ་ཧཱ། དེ་དག་ཀྱང་ཡི་གེ་ཀྵའི་ཁོང་པར་ཆུད་པར་བྲིའོ། །དེ་ནས་ཡང་འཁོར་ལོ་དེ་ཡི་གེ་ཐའི་ཁོང་པར་བྱའོ། །དེའི་ཕྱི་རོལ་དུ་ཨཱ་ལཱི་དང་ཀཱ་
ལི་སྤྲོས་པའི་ཕྲེང་བའོ། །དེའི་ཕྱི་རོལ་དུ་རྡོ་རྗེའི་ར་བས་བསྐོར་ལ་ཆོ་ག་བཞིན་དུ་རབ་ཏུ་གནས་པར་བྱ་སྟེ། སྔགས་འདིས་འཆི་བ་ལས་རྒྱལ་ཞིང་ཡང་དག་པར་འཚོའོ། །ཨོཾ་ཨ་མྲྀ་ཏ་སན་ཛཱི་བ་ནཱི་མ་ཧཱ་མྲྀ་ཏ་མུ་ཁེ་ཛཱི་པཾ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་སརྦ་བཛྲ་པདྨ་ས་མཱ་ཡོ་གེ་མཧཱ་བོ་བྷི་
ཙིཏྟ་བིདྷི་བ་ཏ་མཱུརྟེ་ཧཱུཾ་ཧཱུཾ་ཧཱུཾ་ཨ་ཨཱཿསྭཱ་ཧཱ། འདི་ཁྲི་རུ་བཟླས་པ་བྱས་ན་དུས་མ་ཡིན་པར་འཆི་བ་འཇོམས་སོ། །དེ་ནས་སྨེ་ཤ་ཅན་དང་བྲམ་ཟེ་མོའི་རང་བྱུང་བླངས་ཏེ། །གླང་པོའི་འཛག་ཆུ་དང་། སེམས་དང་། སྲེ་མོག་ཆེན་པོ་དང་། པདྨ་དང་། རྡོ་རྗེའི་ཆུར་བསྲེས་པའི་སྣག་ཚས་
เล่ม ๑๗ · หน้า 144b
སྔགས་ཀྱི་ཕྲེང་བས་ཤིན་ཏུ་བསྐོར་བར་བྲིས་ལ་སྐུད་པ་དཀར་པོས་དཀྲིས་ཏེ། དབང་བསྐུར་བ་དང་ཡང་དག་པར་མཆོད་པ་དང་། གཏོར་མ་རྒྱ་ཆེན་པོ་བྱས་ལ། བདག་ཉིད་དཔལ་ཧེ་རུ་ཀའི་དངོས་པོར་བྱས་ཏེ་བཟླས་པ་བྱའོ། །ཨོཾ་ཧྲཱིཿཧ་ཧ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་བཾ་བཾ་ཕཊ་
ཅེས་བཟླས་ལ་མར་དང་སྦྲང་རྩི་དང་བདུད་རྩི་ལྔའི་ནང་དུ་བཅུག་སྟེ་བཞག་ན་ན་བ་དང་ལྡན་པ་རྣམས་ནད་མེད་པར་འགྱུར་རོ། །དེ་ནས་རྣལ་འབྱོར་པས་རྟག་ཏུ་སྤྱི་བོའི་སྟེང་དུ་བཅངས་ན་ནི་མཁའ་འགྲོ་མ་རྣམས་མཆོག་སྩོལ་བར་འགྱུར་ཞིང་། བགེགས་མེད་པར་བསྒྲུབ་
པ་དང་། གཡུལ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་
ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་པ་སྟེ། བདག་ཉིད་རྡོ་རྗེ་ཧེ་རུ་ཀའི་དངོས་པོར་བྱས་པ་བརྟན་པར་བྱ་བའོ། །དེ་ནས་གང་གི་ཚེ་སྐྱེ་བོ་གང་དག་སྡིག་པ་རྣམས་ལ་མི་འཛེམ་པ་དེའི་ཚེ་བླ་མ་དང་ཐུབ་
པ་རྣམས་ལ་ཡང་དང་ཡང་དུ་གསན་པར་ཞུ་སྟེ། ཁྲོ་བོ་ཆེན་པོར་སྤྲོས་ལ། དུར་ཁྲོད་ཀྱི་མེ་དང་འཇིག་པའི་མེ་ལྟ་བུ་ལ་གནས་པའི་བསྒྲུབ་བྱའི་སྙིང་ཁའི་པདྨ་ཁ་སྦྱར་དུ་སྙིང་རྗེའི་བདག་ཉིད་ཅན་གྱིས་བཅུག་པར་རྣམ་པར་བརྟགས་ལ། དེའི་བསྲུང་བའི་ལྷ་ནི་བདག་
ཉིད་ཀྱི་ལུས་ལ་ངེས་པར་བཅུག་སྟེ་བསྟིམ་མོ། །དེ་ནས་དེའི་རྣམ་པར་ཤེས་པའི་ལྷ་ནི། ཁུ་ཚུར་གྱིས་བཟུང་ནས་བཏོན་ཏེ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ། བྱང་ཆུབ་ཀྱི་སྙིང་པོ་བདེ་བ་ཅན་དུ་མི་བསྐྱོད་པའི་དངོས་པོ་ཐོབ་ནས་དེའི་མིང་དང་ལྡན་པར་བསྙེན་བཀུར་
བ་ཅན་དུ་སོང་བར་བལྟའོ། །དེ་ནས་ཡི་གེ་ཧཱུཾ་གིས་ཁྲོ་བོ་ཆེན་པོར་བདག་ཉིད་བསྐྱེད་པར་བྱས་ལ། ཁྲོ་བོ་ལྕགས་ཀྱུ་ཅན་གྱིས་དེ་བཀུག་སྟེ། ལྟེ་བའི་སྡོང་བུ་དང་སྙིང་དང་ཚིལ་དང་ཤ་དང་ཁྲག་རྣམས་དྲལ་ཞིང་བཅད་དེ། དུམ་བུ་དུམ་བུར་བྱས་པ་སྦྲང་མ་ནག་པོ་
เล่ม ๑๗ · หน้า 145a
ལྟ་བུར་བསྒོམ་པར་བྱའོ། །ཁྲོ་བོ་དང་མཁའ་འགྲོ་དང་མཁའ་འགྲོ་མ་དུ་མ་རྣམ་པ་སྣ་ཚོགས་པའི་མཚོན་ཆ་འཕྱར་ཞིང་འདེབས་པ་བལྟས་ཏེ། ཨོཾ་ཕཊ་ཆེ་གེ་མོ་བྷཀྵ་བྷཀྵཱ་ཞེས་བརྗོད་ཅིང་མཁའ་འགྲོ་མ་འཁོར་དང་བཅས་པས་ཟ་བར་བསམ་མོ། །དེ་
ནས་མཁའ་འགྲོ་མ་འཁྲུགས་པ་མཆེ་བ་རྣམ་པར་གཙིགས་པ་ཤིན་ཏུ་འཇིགས་པའི་ཆ་བྱད་ཅན་དག་ཟ་བར་བྱེད་པ་ཞག་བདུན་དུ་རབ་ཏུ་སྦྱར་ན་རྡོ་རྗེའི་བློ་དང་ལྡན་པ་ཡང་འགྱེལ་བར་འགྱུར་རོ། །ཉི་མའི་གུང་ངམ་མཚན་ཕྱེད་ན་ལས་རྣམས་གང་དག་བརྩམ་པར་བྱ་སྟེ། གཅེར་བུ་སྐྲ་
གྲོལ་བར་གྱུར་པ། ཞལ་གཤིན་རྗེ་ལྟ་བུར་འཁྲུགས་པར་བྱ་སྟེ། སྟན་ཤིན་ཏུ་རྩུབ་པ་ལ་འདུག་ལ་བྱིན་ཟ་དུས་ཀྱི་མེ་ལྟ་བུར་སྔགས་ཀྱི་བཟླས་པ་བྱའོ། །ཧཱུཾ་ཕཊ་རཾ་རཾ་རཾ་ཆེ་གེ་མོ་མཚམས་མེད་པ་ལྔ་བྱེད་པ་འདི་རཾ་རཾ་རཾ་ཧཱུཾ་ཕཊ་སྔགས་འདི་དག་ཚེས་བཅུ་བཞིའི་ཉིན་མཚན་ལ་བཟླས་ན་དེའི་ཚེ་
བསྒྲུབ་བྱ་རྡོ་རྗེ་འཛིན་པ་མངོན་དུ་གྱུར་པའང་གོམ་པ་གཅིག་ཀྱང་འདོར་མི་ནུས་པར་འདི་ལ་འཆི་བར་ཐེ་ཚོམ་མེད་དོ། །དེ་ནས་གང་གི་ཚེ་སྡིག་པ་རྣམས་འདོར་བར་བྱེད་ན་ནི་དེའི་ཚེ་དེ་དག་སླར་སྔགས་ཆེན་པོ་འདི་དག་གིས་ཞི་བར་བྱའོ། །ཨོཾ་སྭཱཧཱ་ཨ་ཨཱཿབཾ་ཆེ་གེ་མོ་པཱ་པ་བིར་ཏོ་བྷཱུ་ཏ་ཏ་སྱེ་བ་
སཱན་ཏི་བྷ་བ་ཏུ་བཾ་ཨཾ་ཨཱཿཨོཾ་སྭཱ་ཧཱ། ཞེས་རས་དཀར་པོ་བགོས་ཤིང་དྲི་དཀར་པོས་བྱུགས་ལ་འོ་མ་འཐུང་ཞིང་སྟོང་པ་ཉིད་དུ་གནས་པས་བཟླས་ན་ཞི་བར་འགྱུར་རོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་ལྔ་པའི་
རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་ནི་དུས་མ་ཡིན་པར་འཆི་བ་བསྲུང་བ་བསྟན་པའི་དེ་མ་ཐག་པར་རོ། །མཆོད་པས་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་ལ་མཆོད་པར་བྱ་སྟེ། དེ་ལྟ་བུ་ནི་བློ་ཐ་ཤལ་བའིའོ། །འོན་ཀྱང་དེ་ཉིད་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ཆེན་
པོའོ། །དེ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་མཆོད་པར་རབ་ཏུ་གྲགས། །ཞེས་པ་འདི་ལྟ་སྟེ། དེ་ལ་སྔགས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་རྣམ་པར་དག་པའི་སྔགས་ཀྱི་ཡི་གེ་རྣམས་བཀོད་པ་སྟེ། དེའི་ཕྱིར་ན་འདི་མཆོད་པར་རབ་ཏུ་གྲགས་སོ། །དེའི་རབ་ཏུ་
เล่ม ๑๗ · หน้า 145b
འཇུག་པའི་རྒྱུ་ཆེན་པོ་ཡིན་པས་ན། མྱུར་དུ་འགྲུབ་བྱེད་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་མཆོད་ན་མྱུར་དུ་འགྲུབ་པར་བྱེད་དེ། དེའི་དོན་དུ་བྱས་ན་འཕྲད་པར་འགྱུར་རོ། །དེ་བཞིན་མཚན་གཉིས་མཚོན་ཆར་སྦྱར། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཧཱུཾ་གིས་རྡོ་རྗེ་བསྐྱེད་
པ་དང་། ཡི་གེ་ཨ་ཡིས་འདམ་སྐྱེས་བསྐྱེད་པ་ལ། སྣ་རྩེར་ཡི་གེ་པཾ་དང་། ནོར་བུ་ལ་ཨོཾ་དང་། གཉིས་ཀྱི་སྦུབས་སུ་ཕཊ་ཀྱིས་བཀག་པ་ཡེ་ཤེས་ཀྱི་མཚན་ཉིད་དོ། །མཁའ་འགྲོ་མ་ནི་རྡོ་རྗེ་ཕག་མོའོ། །དཔའ་བོ་ཉིད་ནི་དཔལ་ཧེ་རུ་ཀ་སྟེ། དེ་ལྟ་བུར་གཉིས་སུ་མེད་པར་འཇུག་པའི་
རང་བཞིན་ཡིན་གྱི་སྤྱོད་ལམ་དུ་འཇུག་པ་ཅན་ནི་མ་ཡིན་ནོ། །རྣལ་འབྱོར་མ་ལ་གཙུབས་ཞེས་པ་ནི་སྙོམས་པར་ཞུགས་པས་འཇུག་པར་བྱེད་པའོ། །ཕྱག་རྒྱ་གནོན་པའི་ལས་རྣམས་ཞེས་པ་ལ། ལས་ནི་དེའི་ལས་ལ་བྱ་བའི་བློ་དང་ལྡན་པའོ། །དག་པའི་ལུས་ཞེས་
པ་ནི། གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའོ། །སྔགས་པ་རང་དགའ་དང་རྣམ་དབྱེ། །ཞེས་པ་ལ། རང་དགའ་ཞེས་པ་ནི་རང་ཇི་ལྟར་དགའ་བའི་རིགས་དང་ཚུལ་ཁྲིམས་སུ་ལྡན་པའི་མ་དང་བུ་མོ་ལ་སོགས་པའམ་གཞན་དག་ཀྱང་རུང་ངོ་། །དཔའ་བོ་
མཆོག་ཅེས་པ་ལ་སོགས་པ་རྣམས་ཀྱང་ཉེ་བར་བསྡུའོ། །རྣམ་དབྱེ་ཞེས་པ་ནི། །ཚོགས་ཀྱི་དཀྱིལ་འཁོར་གྱི་རྫས་རྣམས་སོ་སོར་མཉམ་པོར་བགོ་བའོ། །ཕྱིན་ཅི་མ་ལོག་ངེས་པར་སྦྱོང་། །ཞེས་པ་ནི། རིག་མ་རང་གི་གཡོན་གྱི་པང་དུ་གཞག་པར་བྱའོ། །ཚར་
གཅད་ཕན་འདོགས་དོན་ཉིད་ལ། །ལས་ཀྱི་དངོས་པོ་རབ་ཏུ་བསྒོམ། །ཞེས་པ་ལ། ཚར་གཅད་ཅེས་པ་ནི་ཉོན་མོངས་པ་རྣམས་སོ། །ཕན་འདོགས་ཞེས་པ་ནི་སེམས་ཅན་རྣམས་ཀྱི་སྟེ་དེ་དག་གི་དོན་ཆེད་དུའོ། །ལས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་
རྣམ་པར་དག་པ་སྟེ། སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་དོ། །འདི་ལྟ་བུའི་དངོས་པོ་རྣམ་པར་གཡེང་བ་ཐམས་ཅད་སྤངས་ཏེ་རབ་ཏུ་བསྒོམ་པར་བྱའོ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །ཞེས་པ་ནི། དེ་ཉིད་རིགས་ལྔ་སྟེ། མིག་ལ་སོགས་པ་རྣམ་པར་
เล่ม ๑๗ · หน้า 146a
དག་པ་གཏི་མུག་རྡོ་རྗེ་ལ་སོགས་པ་ལྔ་པའོ། །རྩ་ཡི་ལམ་དུ་སྦྱར་བར་བྱ། །ཞེས་པ་ལ། རྩ་ནི་རྩའི་འཁོར་ལོའི་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ངེས་སོ། །ཡང་ན་སྒྱུ་མ་ལྟ་བུའི་རང་གི་ངོ་བོ་ཉིད་དེ། །གཉིས་སུ་མེད་པར་རིག་པར་སྦྱར་རོ། །ཇི་ལྟར་ཕྱིའི་བཞིན་དུ་ནང་
ཡང་དེ་བཞིན་པས་སོ། །འདི་ཡིས་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་འདི་ཡིས་ཞེས་པ་ནི་བདེ་བ་ཆེན་པོར་རབ་ཏུ་སྦྱོར་བ་འདིས་སོ། །ལྷ་དང་ལྷ་མིན་མིར་བཅས་རྣམས། །ཞེས་པ་ནི་ཕྱག་རྒྱ་ཆེན་པོས་གཟུང་ཞེས་པའི་དོན་ཏོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་
མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་ཡང་དག་གཞན་བཤད་པ། །ཞེས་པ་ལ་སོགས་པ་ནི། དམན་པ་རྣལ་འབྱོར་པའི་ཚར་གཅད་པའི་ཐབས་ཆེན་པོའོ། །དེ་ལ་གཅོད་
པ་ནི་སྨན་བཟང་པོ་དང་སྔགས་སྟོབས་དང་ལྡན་པ་ཉིད་ཀྱིས་ནའོ། །གནོན་པ་ཞེས་པ་ནི། གདུལ་བར་དཀའ་ཞིང་དཀའ་བའི་མི་མོ་མནན་ནས་སྒྲུབ་པ་པོ་འདོད་པའི་ཡོན་ཏན་རྣམས་ལ་ཀུན་དུ་སྤྱོད་པའོ། །ཕན་ཚུན་དཀྲིས་པའི་གསང་སྔགས་ནི། །ཞེས་པ་ནི་འདི་དག་
གིས་ནི་སྒྲུབ་པའི་ཡན་ལ་གསུངས་པའོ། །ཕན་ཚུན་ཞེས་པ་ནི། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཉི་ཤུ་རྩ་བཞིའི་རྩ་རྣམས་སོ། །དེ་དག་ནི་སྔགས་དང་འདྲ་བས་སྔགས་སོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱོར་བ་ཞེས་པ་འདི་དག་ནི། གཉིས་ཡང་དག་པར་
བསྡུ་བར་འགྲོ་བའོ། །ཡང་ན་སྔགས་ཞེས་པ་ནི་ཁྱད་པར་ཅན་གྱི་དབྱངས་དང་གསལ་བྱེད་དོ། །འདི་ཉིད་ཀྱང་གང་ཞེ་ན། དབྱངས་ཀྱི་དང་པོ་ཐིག་ལེ་དང་ལྡན་པ་པདྨའི་སྟེང་དུ་རྣམ་པར་བསམ་པར་བྱ་སྟེ། དབུགས་སུ་འགྱུར་བ་འདིས་རྣམ་པ་སྣ་ཚོགས་པ་ཀུན་དུ་
བསྡུས་པའི་རླུང་ཐམས་ཅད་ཀྱི་དམ་པ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་གཞིག་ཏུ་མེད་པའོ། །ཡི་གེ་ཨུ་དང་ཐིག་ལེར་ཡང་དག་པར་ལྡན་པ་དེ་ལ་སྔགས་ཡང་དག་པར་བསྡུ་བ་སྟེ། འཇིག་རྟེན་གསུམ་པོ་དགུག་ཅིང་བསྲེ་བའོ། །བཟའ་དང་བཏུང་བ་ཞེས་པ་ལ་
เล่ม ๑๗ · หน้า 146b
སོགས་པ་ནི་གསལ་ལོ། །དེ་བཞིན་དུ་ཆོ་ག་གཞན་བྱ་བ་ནི། །སེར་སྐྱའི་མར་ནི་འཐུངས་ནས་སུ། །སྐྱུགས་པ་ཡིས་ནི་བསྐུ་བར་བྱ། །ཞེས་པ་ནི་གསལ་ལོ། །བསྐུ་བར་བྱ་ཞེས་པ་ལ་སོགས་པ་ནི་སཱ་ལུ་དང་བསྲེས་པས་དྲིལ་བར་བྱ་བའོ། །སྣུམ་ཁུར་ཞེས་པ་ཉིད་ནི་གསལ་ལོ། །
ཆོ་ག་དེ་བཞིན་དུ་ཏིལ་ནག་པོ་དང་སྐེ་ཚེ་དང་བསྲེས་ཏེ་ཟོས་པ་སྐྱུགས་པ་ཞེས་པ་ལ་སོགས་པའང་གསལ་ལོ། །བ་ལང་ཤ་ལ་སོགས་པས་ནི། །ནང་གི་སྦྱིན་སྲེག་གསུངས་ཏེ། ལྟེ་བའི་མེའི་ཐབ་ཁུང་གི་པདྨའི་དབུས་ན་གནས་པའི་ལྷ་མཐེབ་ཚོན་གང་བ་ཙམ་ཕྱག་གཉིས་པ་
མདོག་དམར་པོ་ཉི་མའི་དཀྱིལ་འཁོར་མནན་ནས་བཞུགས་པ་འོད་ཟེར་གྱི་སྣང་བ་ཅན་མཐེབ་ཚོན་གང་ཙམ་ལ་དབུགས་ཀྱིས་འགུགས་ཤིང་བསྲེ་བའོ། །དེར་འགྲོ་བར་སེམས་ཀྱིས་བསམ་མམ། དབང་དང་འགུགས་པ་ཉིད་དང་ནི། །དེའི་སྐད་ཅིག་ཅེས་པ་ལ་སོགས་
པ་ནི་གསལ་ལོ། །རང་སྔགས་རྟག་ཏུའང་སྦ་བར་བྱའོ། །ཞེས་པ་ལ་སྦ་བ་ནི་གསང་བ་སྟེ་ཤིན་ཏུ་སྦ་བར་བྱ་བའོ། །དམ་ཚིག་སྤྱོད་པའི་མཚན་ཉིད་དག །རབ་ཏུ་འབད་དེ་སྦ་བར་བྱ། །ཞེས་པ་ནི། གང་ཡང་ཇི་ལྟ་བུའི་བྲིས་སྐུ་དག་མི་བསྟན་པའོ། །ཇི་ལྟར་དམུས་ལོང་
ལག་པ་རུ། །རིན་ཆེན་མཆོག་ཉིད་གཞག་པ་ལྟར། །འདི་ལྟའི་ཆོ་ག་གླེགས་བམ་ནི། །གསལ་ཡང་བསོད་ནམས་ཆ་དམན་པའི། །སྒྲུབ་པོ་རྣམས་ཀྱིས་འདི་མ་མཐོང་། །བསོད་ནམས་ཆུང་ཡང་བླ་མ་དག །མཉེས་པས་འཐོབ་ཀྱི་གཞན་དུ་མིན། །འདི་དག་ནི་
དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ནས་བརྡ་རྣམས་ཞེས་པ་ལ་སོགས་པ་ལ། དེ་ལ་བརྡ་ཞེས་པ་ནི་བརྡ་རྣམས་སོ། །དེ་བཞིན་དུ་མཁའ་འགྲོ་མ་ཞེས་པ་དང་།
ལུས་ཀྱི་མཚན་ཉིད་ཅེས་པ་ལ། མཁའ་འགྲོ་མ་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའོ། །དེ་དག་ལུས་ལ་སྦྱོར་ཞིང་སྦྱོར་བ་ནི་ལུས་ཞེས་སོ། །དཔའ་བོའི་ཡན་ལག་དབྱེ་བ་ཉིད། །ཅེས་པ་ནི། །པུལླཱི་ར་མ་ལ་ཡ་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་སྟེ། འདི་དག་ནི་འཁོར་ལོར་
เล่ม ๑๗ · หน้า 147a
དགོད་པ་གསུངས་པའོ། །དེ་བཞིན་དུ་ཞེས་པ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་གྱི་དགོད་པར་འགྱུར་བ་དག་གོ། །དཔའ་བོའི་དབང་ཕྱུག་མི་བྲི་ཞིང་། །གང་ལའང་འདི་གཟུགས་བསྟན་མི་བྱ། །ཞེས་པ་ནི་གོ་སླའོ། །སྦ་ཞེས་པ་ནི། སྦ་བར་བྱ་བའི་བདག་ཉིད་
ཅན་ནོ། །དེ་ལ་ཞེས་པ་ནི་ཚད་མའི་བདག་ཉིད་ཅན་ལའོ། །དེ་དང་གང་ཞིག་རང་ལས་སྐྱེས། །ཞེས་པ་ལ། གང་ཞིག་ཅེས་པ་ནི་དཔལ་ཧེ་རུ་ཀ་རྣལ་འབྱོར་པའོ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་པ་ནི། དེ་མཐོང་བའི་བསོད་ནམས་ཀྱིས་འགྲོལ་བར་
འགྱུར་ཞེས་པའོ། །གང་གིས་ཤེ་ན། རང་ལས་སྐྱེས་ཞེས་པའི་ལྔ་པ་འདི་དྲུག་པར་བལྟ་བས་སོ། །འདི་ལྟར་གསུང་པར་འགྱུར་ཏེ། ངན་འགྲོར་འགྲོ་བ་རྣམས་ཀྱིས་འགྲོལ་བ་ཡིན་ནོ་ཞེས་པའི་དོན་ཏོ། །ཇི་ལྟ་བའི་གནས་རྣམས་སུ་གནས་སོ་ཞེས་པའོ། །མི་དང་
རྣལ་འབྱོར་མ་ཉིད་སྦ། །ཞེས་པ་ནི། དམ་ཚིག་བསྐྱང་བར་བྱ་བའི་བདག་ཉིད་དེ་བློ་ལྡན་མ་དང་ལྷན་ཅིག་ཏུ་སྦས་ལ་བདག་ཉིད་དང་མཉམ་པར་རོལ་ལོ་ཞེས་པའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་
ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་པ་ནི་རོལ་པ་བསྟན་པའི་དེ་མ་ཐག་པའོ། །བཞད་པ་ཞེས་པ་ནི་ཐམས་ཅད་སྨིག་རྒྱུ་ལྟ་བུར་ཤེས་པར་བྱས་ལ་བགད་པའོ། །སྔགས་ཞེས་པ་ནི་ཡེ་ཤེས་ལ་བསྐུལ་བས་ནའོ། །སྔགས་ནི་སྔགས་ཏེ། དེ་ཁོ་ན་
ཉིད་བསྐུལ་བའི་སྔགས་སུ་གསུངས་པའི་ཚིག་རྣམས་སོ། །དེས་ཅིར་འགྱུར་ཞེ་ན། དེ་ནས་འདི་ལ་མཐོང་ཞེས་པ་ལ་སོགས་པ་སྟེ། མཆོག་སྩོལ་བར་འགྱུར་ཞེས་པའི་དོན་ཏེ་གསལ་ལོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་
ཀྱི་གནས་ཞེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་ད་ནི་ཞེས་པ་ལ་སོགས་པ་སྟེ། གང་གིས་མི་རྣམས་དབང་དུ་འགྱུར། །ཞེས་པ་ལ་མི་ནི་འཇིག་རྟེན་གསུམ་གྱི་ས་ལ་གནས་པའོ། །དཔའ་བོ་བཟླས་པས་འགྲུབ་པར་འགྱུར། །
เล่ม ๑๗ · หน้า 147b
ཞེས་པ་ལ་དཔའ་བོ་ནི་དཔལ་འཁོར་ལོ་སྡོམ་པ་དང་། དེའི་སྔགས་རྐང་པ་བརྒྱད་པ་སྟེ། དེ་དག་གི་སྦྱོར་བའོ། །འདིའི་དངོས་པོ་དང་ལྡན་པ་འདིས་ཅི་བྱེད་ཅེ་ན། གསུངས་པ། སྒྲེན་མོ་སྨྱོ་བྱེད་ཉི་ཤར་ལྡན། །ཞེས་པ་གསུངས་ཏེ། ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་བྱ་བའི་དོན་
ཆེད་དོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། གང་ཞིག་ཤེས་ན་སྒྲུབ་པ་པོས། །ཞེས་པ་ལ་གང་ཞིག་ཅེས་པ་ནི་སྔགས་ཏེ། དེ་ཁོ་
ན་ཉིད་སྦས་པས་དཀའ་བར་འགྱུར་བས་ན། བླ་མའི་ཞལ་དང་རྒྱུད་ཕྱི་མ་དག་ལས་གོ་བར་བྱའོ། །དེ་ལྟར་ཡང་གསུངས་པ། རང་གི་ཆོ་གའི་ལས་མི་རིག །གང་ན་ལས་རྣམས་གསལ་བ་ཡི། །རྒྱུད་དེའི་རྗེས་སུ་འབྲངས་ནས་ནི། །མཁས་པས་ཆོ་གའི་གཞི་རིག་
བྱ། །ཞེས་གསུངས་སོ། །དེའི་མན་ངག་གི་རིམ་པ་ནི་འདི་ལྟ་སྟེ། རྡོ་རྗེ་རྟ་ཕོའི་འགྲོས་ཀྱིས་འགྲོ་བ་ཉིད་དེ་གཤིན་རྗེ་དང་། ཡི་དགས་དང་། དེ་བཞིན་དུ་གཞན་ཡང་རོ་ལོངས་དང་། སྲིན་པོའི་ཁྱད་པར་རྣམས་ཟུང་རེ་སྒོ་སྟོང་པ་རྣམས་སུ་གནོད་མཛེས་ཀྱིས་མནན་པ་
རྣམས་སོ། །གྲྭ་རྣམས་རྡོ་རྗེ་དང་ཡང་དག་པར་ལྡན་པའོ། །སྔགས་ཀྱི་ཕྲེང་བའི་ཁྱད་པར་ནི། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ཏེ། །གླད་ན་མོའི་གཞུང་གསུམ་སྟེ་བཅོ་ལྔ། དེ་དག་དྲན་ཞིང་ཤེས་པ་ཙམ་གྱིས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་མཆོག་སྟེར་བའི་
གཞི་པོ་རྫ་རྔ་དེ་ནས་བཅིང་བར་བྱས་ལ་སྔགས་རྣམས་རབ་ཏུ་དགོད་པར་བྱའོ། །དེ་ཡང་དང་པོར་དབང་ལྡན་ནས་གཡས་སྐོར་དུ་རེ་མིག་རྣམས་ལ་མངོན་དུ་གནས་པར་སྦྱར་བར་བྱའོ། །ཨོཾ་སུམྦྷ་ནི་སུ་མྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ།
ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་བཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། དབུས་ཀྱི་རེ་མིག་ཏུ་ཇི་ལྟ་བའི་ལས་དང་རྗེས་སུ་མཐུན་པར་ལྷ་སྦྱིན་ཞེས་བྱ་བ་བྲིའོ། །ཡང་ན་འདིར། ཨོཾ་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ། གཞུང་གཉིས་པའོ། །ཧཱུཾ་ཕཊ་ནི། དེ་ཧཱུཾ་ཕཊ། གྲྀ༑ གསུམ་པའོ། །ཧཱུཾ་བྷ་སུཾ་གྲྀ་ཧྞཱ་
เล่ม ๑๗ · หน้า 148a
གྲྀཧྞཱ་ཕཊ། ཅེས་པ་ནི་བཞི་པའོ། །ཧཱུཾ། དེ། ཧཱུཾ། དེ་ཧཱུཾ། ལྔ་པའོ། །ཧོཿབྷ་ག་བཱན། ཧཱུཾ་གྲྀཧྞཱ་པ་ཡ། ཞེས་པ་ནི་དྲུག་པའོ། །ཨཱ་ན་ཡ། ཕཊ། བི་དྱཱ། དེ་བ་ཡ་ཕཊ། ཧཱུཾ་ཞེས་པ་ནི་བདུན་པའོ། །ཨོཾ་ཧུ་ཧཱུཾ། རཱ་ཛ། ཧཱུཾ་ཧཱུཾ། གྲྀ། ཨོཾ་བརྒྱད་པའོ། །དེ་རྣམས་ཀྱི་སྦྱོར་
བས་རེངས་པ་དང་། བསྒྱེལ་བ་དག་བྱའོ། །འདི་དག་གིས་གནས་པར་བྱ་བ་ནི། ཡི་གེ་ཧཱུཾ་གང་དུ་གནས་པའི་གནས་རྣམས་སུ་རྡོ་རྗེ་འབར་བས་བསྒྲུབ་བྱའི་གཟུགས་ལ་གཟིར་བས་བྲི། ཧཱུཾ་ནི་རྡོ་རྗེའི་ལྟེ་བར་རོ། །མཚོན་གྱིས་བསད་པའི་རོའི་རྫ་ཕྲུའམ་བྲམ་ཟེ་ཤི་བའི་རྫ་ཕྲུ་སྐམ་
པོར་དེ་བཅུག་ལ་རོ་བསྲེགས་པའི་ཐབ་ཁུང་དུ་སྦ་བར་བྱའོ། །ཡང་སྦྱོར་བ་གཞན་བྱ་བ་དང་པོར་ནི། ཨོཾ་ནི། ཧཱུཾ། བཞི་པ་ནི་སྟོང་པའོ། །ཨོཾ་གྲྀ། ཧུཾ་ཧཱུཾ། ཞེས་ཏེ། གཉིས་པ་ནི། ཨཱ་བྷ། བརྒྱད་པ་ནི་སྟོང་པའོ། །གསུམ་པ་ནི་ནི་སུ། དེའི་དོད་སྐལ་སྟོང་པའོ། །ཨཱ་ན་དེའི་
དོད་སྐལ་ཡང་སྟོང་པའོ། །དྲི་ལྷག་མ་སྟོང་པའོ། །བཞི་པ་ནི། མྦྷ་ཧུཾ། སུཾ་བཞི་པ་སྟོང་པའོ། །ཧྞཱ། ཕཊ། ཧྞཱ། བཞི་པ་སྟོང་པའོ། །ལྔ་པའི་ནི། མཾ། ཨཾ། བྷ་ག །ཧཱུཾ། སྟོང་པ་དང་། ཨོཾ་པ་ཡ་པ་ཡའོ། །ཧཱུཾ། དྲུག་པའི་ནི། རཱ་ཛ་དང་། སྟོང་པ་དང་། ཨཱ་ན་ཡ་དང་། སྟོང་པ་དང་། ཧྞ་
དང་། སྟོང་པ་དང་། བདུན་པ་ནི་ཧོ། ཧཱུཾ། བཞེས་པའི་རིག་པ་དང་། སྟོང་པ་དང་། ཨཧྞ། ཧཱུཾ་ཧཱུཾ། གྲྀ་ཞེས་པ་སྟེ། འདི་དག་རྟ་ཕོའི་འགྲོས་སུ་སྔགས་རྣམས་དགོད་པར་བྱ་བའོ། །གང་དང་གང་གི་རེའུ་མིག་སྟོང་པ་རྣམས་སུ་ནི་བསྒྲུབ་བྱ་ཁྱུ་མཆོག་དང་། རྟ་ལ་ཞོན་པ་རླུང་ཆེན་
པོས་བསྐོར་བ་ནི་རོ་ལངས་ཀྱི་མགོ་ནས་གཟིར་བ་བདེན་བྲལ་གྱི་ཕྱོགས་སུ་འགྲོ་བ་ཁྱུ་མཆོག་དང་རྟའི་ཚོགས་ཀྱི་སྟེང་དུ་ཆོ་གས་བཞག་ལ་བསྒྲུབ་བྱ་རང་གི་གྲོང་ཁྱེར་གྱི་སྒོར་སྦའོ། །ཡང་ན་རོ་བསྲེགས་པའི་སར་བརྐོས་ཏེ་སྦའོ། །དུག་དང་ཁྲག་དང་སྐེ་ཚེའི་ས་བོན་ལས་སྣག་
ཚ་སྦྱར་ཏེ། ཐོད་པའི་ནང་དུ་བཞག་ལ་མིའི་རུས་པའི་སྨྱུ་གུས་སྔགས་པས་གཤིན་རྗེར་ཁ་བ་ལྟས་ལ། དུར་ཁྲོད་ཀྱི་རས་མ་ལ་འཁོར་ལོ་གཉིས་བྲིས་ཏེ། མཚོན་གྱིས་བསད་པའི་རོའི་རྫ་ཕྲུར་བཅུག་སྟེ་སྦའོ། །ཆོ་ག་རྣམས་ཀྱང་ནག་པོའི་ཚེས་བརྒྱད་དམ་བཅུ་བཞིའི་མཚན་
เล่ม ๑๗ · หน้า 148b
མོ་ཆེན་པོའི་དུས་སུ་རིམ་པ་བཞིན་དུ་བྱའོ། །གསད་པར་བྱ་བ་ལ་ནི་གཤིན་རྗེས་མནན་ནས་ཟ་བ་ལྟ་བུར་བྲིའོ། །ཡི་དགས་ཀྱིས་བསད་པར་འདོད་ན་ཡི་དགས་བྲིའོ། །དེ་བཞིན་དུ་རོ་ལངས་ལ་རོ་ལངས་དང་། སྲིན་པོ་ལ་སྲིན་པོས་མནན་པར་བྲིའོ། །ལས་ཀྱི་ཆོ་ག་མཐོང་
བས་སྟོང་པ་དང་། སྟོང་པའི་གནས་རྣམས་སུ་པདྨ་དང་། རྡོ་རྗེས་ཕྱེ་བ་དང་། གྲྭ་བཞིར་ནི་ཐོད་པ་བྲི་བར་བྱ་བའོ། །དེ་དག་ཐམས་ཅད་ནི་དེ་བཞིན་དུ་ཤིན་ཏུ་འཁྲུགས་པས་རྣམ་པར་དགོད་དོ། །དེ་དག་ནི་བྲི་བའི་སྦྱོར་བའོ། །དེ་ཇི་ལྟར་འགྲུབ་ཅེ་ན། དེ་གསུངས་པ། དྲན་པས་
དངོས་གྲུབ་སྐྱེ་བར་ནི། །སྒྲུབ་པ་པོ་རྣམས་ཐེ་ཚོམ་མེད། །ཅེས་པའོ། །གང་དུ་ཞེ་ན། གནས་སོགས་ཀུན་དུ་བླ་མེད་པ། །མཁའ་འགྲོ་མ་སྟེ་ཐམས་ཅད་ཁྱབ། །ཅེས་པ་ལ་སོགས་པ་ལ། ཀུན་ཞེས་པ་ནི། པཱི་ལ་ཝ་དང་། ཉེ་བའི་པཱི་ལ་བའི་མཐར་ཐུག་པའི་གནས་
སུམ་ཅུ་རྩ་གཉིས་པོ་རྣམས་སོ། །བླ་ན་མེད་ཅེས་པ་ནི། བླ་ན་མེད་པ་ཐམས་ཅད་དེ་ཡུལ་ཉི་ཤུ་རྩ་བཞི་པོ་རྣམས་སོ། །དེ་རྣམས་སུ་བླ་ན་མེད་པའི་གནས་ལ་སོགས་པ་ཐམས་ཅད་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་སོ། །ཐམས་ཅད་ཁྱབ་ཅེས་པ་ནི་དེ་
ལ་དེ་ཉིད་སྦས་པ་ནི་ཆོ་གར་གསུངས་ཏེ། འདི་དག་གཞན་དུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཡང་འདི་དག་དགོད་པའི་ཆོ་ག་ཇི་ལྟར་ཞེ་ན། འདི་ལྟར་གསུངས་ཏེ། ཡུལ་དང་ཡུལ་དུ་མངོན་སྐྱེ་བ། །ཡེ་ཤེས་ལྡན་པ་རང་སྐྱེ་གནས། །ཞེས་པ་ལ་སོགས་པ་
སྟེ། ཡེ་ཤེས་ནི་བདེ་བ་ཆེན་པོའོ། །དེ་དང་ལྡན་པ་རང་རང་གི་སྐྱེ་བ་མཐའ་ཡས་པའི་སྐྱེ་གནས་ནི་རང་སྐྱེ་གནས་ཞེས་སོ། །དེ་རྣམས་སུ་སྐྱེས་པ་ནི་བྱང་ཆུབ་ཀྱི་སེམས་ལ་མང་དུ་བསྐྲུན་པ་རྣམས་སོ། །འདི་དག་ཇི་ལྟར་བལྟ་ཞེ་ན། འདི་སྐད་གསུངས་ཏེ།
མཁའ་འགྲོ་མར་བཤད་འདི་དག་ནི། རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ཡིན། །ཞེས་པ་ལ་སོགས་པ་ལ། མཁའ་འགྲོ་མ་ཞེས་པ་ནི། ཁམས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་ཏེ། རྣལ་འབྱོར་པའི་རྡོ་རྗེ་ལུས་ཀྱི་ཁམས་རྣམས་དེ་ལྟར་གྱུར་པའོ། །རྡོ་རྗེ་
เล่ม ๑๗ · หน้า 149a
ཞེས་པ་ནི་མི་ཕྱེད་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་སོ། །དེ་ལ་གཙོ་མོ་ནི། རྡོ་རྗེའི་དཀྱིལ་འཁོར་གྱི་གཙོ་མོ་སྟེ། དེ་རྣམས་ཉིད་དུ་སྐྱེས་པའོ། །དེ་རྣམས་ཀྱི་གནས་གསུངས་པ། །དགོན་པ་དང་ནི་ཀུ་ལུ་ཏཱ། །ཞེས་པ་ལ་སོགས་པ་སྐུའི་འཁོར་
ལོ་ནས་བརྩམས་ཏེ། །ཐུགས་ཀྱི་འཁོར་ལོའི་མཐར་ཐུག་པའི་བར་དུ། ཇི་ལྟར་གསུངས་པའི་སྦྱོར་བའོ། །ཡུལ་རྣམས་འདིར་གནས་བུ་མོ་གང་། །གཉིས་མེད་རྣལ་འབྱོར་མ་དཔལ་ཁྱབ། །ཅེས་པ་ནི། གཉིས་སུ་མེད་པར་སྙོམས་པར་འཇུག་པས་ཁྱབ་པའོ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །ཞེས་པ་ལ་
སོགས་པ་ལ། ཡིད་ཀྱི་ཤུགས་ནི་ཡིད་ཀྱི་ཤུགས་ཏེ། འདི་དང་དེ་ནས་མྱུར་ཞིང་མྱུར་བར་འགྲོ་ཞིང་འོང་བའི་ཉི་ཤུ་རྩ་བཞིར་བསྡུས་པའི་རང་བཞིན་ཅན་རྣམས་སོ། །རྣལ་འབྱོར་མ་རྣམས་མཚན་མི་མཐུན་པས་གསུངས་པ། རྣལ་འབྱོར་མ་དྲུག་ཅེས་པ་ལ་སོགས་པ་སྟེ། འདི་དག་གི་མཚན་མི་མཐུན་པར་བགྲང་
བ་གསུངས་པ། ས་ལ་ལྕུག་མ་ཞེས་པ་དང་། མྱ་ངན་ཡུལ་ན་མ་མོ་རྣམས། །ཞེས་པ་ལ་སོགས་པ་ནས། སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡིན། །ཞེས་པའི་བར་ཏེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་གསུངས་སོ། །དེ་དག་ལས་མ་གཏོགས་པའི་གཞན་མ་རྣམས་གང་དུ་སྦྱར་ཞེ་ན། འདིར་
གསུངས་པ། ལྷག་མ་གཞན་རྣམས་ཇི་སྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །ཞེས་པ་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ཀྱང་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་རང་བཞིན་དུ་ཡང་དག་པར་བསྡུས་སོ་ཞེས་པའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་
སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ནས་མེ་ཏོག་ཆུ་འཐུང་ནས། །ཞེས་པ་ལ་སོགས་པ་ལ། །མེ་ཏོག་ཆུ་ཞེས་པ་ནི་སྦྲང་རྩི་སྟེ། དེ་དཔའ་བོས་འཐུང་བར་བྱ་བའོ། །སྔགས་འདི་རྗེས་སུ་དྲན་བྱས་
ཏེ། ཞེས་པ་ནི་ཡི་གེ་ཧ་བརྒྱད་ཀྱི་རྣམ་པའོ། །ཕྱག་རྒྱ་ལྷན་ཅིག་བརྟག་བྱ་ཞིང་། །སྒྲབ་པོས་མཚན་མོ་སྒྲོན་མ་བཟའ། །ཞེས་པ་སྟེ། ཕྱག་རྒྱ་ལྷན་ཅིག་བརྟག་བྱ་ཞིང་། །ཞེས་པ་ནི། ཤིན་ཏུ་ཡངས་པའི་རིག་པ་རྙེད་ནའོ། །བསྒྲུབ་པ་བརྟག་ཅེས་བྱ་བ་ནི་གོ་སླའོ། །
เล่ม ๑๗ · หน้า 149b
སྔགས་འདི་ཉིད་ཀྱིས་ལན་གསུམ་བྱ། །ཞེས་པ་ལ་སྔགས་འདིའོ། །ཨོཾ་སརྦ་བཛྲ་ཀཱ་མེ་ཎི་སརྦ་བྷ་ཀྵཾ་ཤོ་དྷ་ཡ་གུ་ཧྱཾ་བཛྲི་ཎེ་སྭཱ་ཧཱ། འཐུངས་དང་དེ་བཞིན་རིག་པ་དང་། །ཞེས་པ་ལ། འཐུངས་ཞེས་པ་ནི་རང་གིས་སོ། །དེ་བཞིན་ཞེས་པ་ནི་དེའོ། །རེག་པ་ཞེས་པ་ནི་པདྨ་ཆེན་པོའི་
མཆོག་ལ་སྟེ། པདྨ་དམར་པོ་ལྟ་བུ་ལ་རང་གི་རྡོ་རྗེ་ཡང་དག་པར་སྦྱར་ཏེ། །སེམས་ཀྱི་དངོས་གྲུབ་ཏུ་ང་རྒྱལ་བྱའོ། །དགོད་པ་རིགས་ལྡན་ཆེན་མོ་སྟེ། ཞེས་པ་ལ་དགོད་པ་ཞེས་པ་ནི་ཡི་གེ་ཧ་བརྒྱད་ཀྱི་ཆོ་གས་སོ། །རིགས་ལྡན་ཆེན་མོ་ཞེས་པ་ནི། སྔགས་དང་ལྡན་མ་
བཅུད་ཀྱིས་མྱོས་མ་ཅན་ནོ། །གང་གིས་ན་དེ་བཞིན་གཤེགས་པ་ཐམས་ཅད་སྒྲུབ་པའི་ལུས་ཀྱི་དཀྱིལ་འཁོར་དུ་གྱུར་པའོ། །དེ་ལྟར་ཡང་ལྷ་མོ་ཐམས་ཅད་རེག་བྱ་རྡོ་རྗེ་མའི་ལུས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གྱུར་པའོ། །རེག་བྱ་རྡོ་རྗེ་ཉིད་ཇི་འདྲ་བ་ཞེ་ན། བདེན་པས་ཚངས་
པར་སྤྱོད་པ་དང་། །བཞད་པའི་ཕྱག་རྒྱས་བསྒྲུབ་བྱར་བལྟ། །ཞེས་པ་སྟེ། བསྒྲུབ་པར་བྱ་བ་ཞེས་པ་ནི། ཡེ་ཤེས་ཆེན་པོར་རོ། །དེ་ལ་བལྟ་བ་ནི་བལྟ་ཞེས་པའོ། །ཕྱག་རྒྱས་ཞེས་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཇི་ལྟར་བལྟ་ཞེ་ན། སྙེམས་པར་བལྟ་བར་གྲགས་ཅན་ཏེ། མིག་གཡོན་པས་སྙེམས་པར་བལྟ་
བའོ། །གྲགས་པ་ཅན་ནི་གང་གི་དོན་དུ་རིག་མ་འདིས་སྒྲུབ་པ་པོ་བདེ་བར་གྲགས་སོ། །མཚན་མོ་འམ་ཉིན་མོ་དེ་བཞིན་དུ། །ཞེས་པ་ལ། མཚན་མོ་འམ་ཉིན་མོ་ཞེས་པ་ནི་ཉིན་མཚན་མེད་པར་དེ་བཞིན་གཤེགས་པ་ཡིད་ལ་བྱ་བ་སྟེ། ཡིད་གོམས་ན་ཕྱག་རྒྱ་ཆེན་པོ་འགྲུབ་
པའི་མཚན་མ་དག་སྐྱེ་བས་ནའོ། །གཟུགས་དང་ལས་ལ་གང་གསང་བ། །དཔའ་བོ་ཇི་ལྟར་གནས་པ་ཉོན། །ཞེས་པ་ནི། ལག་ན་རྡོ་རྗེ་ལ་ཉོན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དངོས་གྲུབ་ལ་མངོན་པར་ཕྱོགས་པའི་དཔའ་བོའི་གསང་བ་དེ་ལ་མཚན་མ་
འདི་དག་འབྱུང་སྟེ། གཟུགས་ཕྲ་བ་དང་། རེག་བྱ་ཡང་བར་ཀུན་དུ་ཁྱབ་པར་ཡང་དག་པར་མཐོང་བ་ཉིད་དང་། འོད་གསལ་བ་ཉིད་དུ་བརྟན་པ་དང་། དབང་དུ་གྱུར་པ་དང་། བསམ་གཏན་འབའ་ཞིག་ཏུ་བྱ་བ་དང་། འདོད་པ་དང་བྲལ་བའོ། །དེ་དག་ལྟ་བུའི་དུས་སུ་
เล่ม ๑๗ · หน้า 150a
བཀྲེས་པ་དང་སྐོམ་པ་མི་གནས་པ་དང་། བཤང་བ་དང་། གཅི་བ་ལ་སོགས་པ་མི་རྒྱུ་བ་དང་། འདི་དག་ཐམས་ཅད་རྨི་ལམ་དང་འདྲ་བར་ཁྱད་པར་མེད་པར་དམིགས་པ་དག་གོ། །རྟག་ཏུ་དེ་ཡི་མཆི་འབྱུང་དག །ཅེས་པ་ལ། མིག་གཉིས་ཡིན་པས་ན། འདིར་གཉིས་ཀྱི་ཚིག་ཏུ་གསུངས་སོ། །
འདི་དག་ལྟ་བུའི་ཐབས་ཀྱི་མཆོག་དང་སྐད་ཅིག་ཙམ་དུ་བྲལ་ན་ཡང་། འཁོར་བ་ཤིན་ཏུ་རྣོན་པོར་སེམས་ཅན་རྣམས་སྡུག་བསྔལ་བར་གནས་ཤིང་། སྐྱབས་མེད་པ་དང་། འཆི་བ་དང་རྒ་བ་དང་། སྐྱེ་བའི་འཇིགས་པ་དང་། ཉོན་མོངས་པར་གནས་ཤིང་འཇིགས་པ་རྣམས་སུ་
འགྱུར་རོ། །དེ་ལྟ་བུས་འདི་དག་ལ་སྙིང་རྗེ་བསྐྱེད་པར་བྱ་བའོ། །དད་པས་དེ་བཞིན་སྤུ་ཡང་ལྡང་། །ཞེས་པ་ནི། དེའི་བྷ་ག་ལ་བདུད་རྩི་བདེ་བ་གནས་པའོ། །རྡོ་རྗེ་ལ་ནི་བསྒོམ་པར་བྱ། །ཞེས་པ་ནི། འཇིག་རྟེན་གསུམ་ལས་བསྒོམ་པར་བསམ་སྟེ། དེ་ལྟ་བུ་བཞིན་དུ་བྱའོ། །དེ་
བཞིན་གཅེར་བུར་མཆོད་པར་བྱ། །ཞེས་པ་ནི། བརླ་དང་། མཆན་ཁུང་དང་། པདྨའི་དཀྱིལ་འཁོར་ལ་ངེས་པར་བརྟག་པར་བྱ་བའོ། །འདིའི་ཕྱག་རྒྱའི་ཚོགས་རིམ་གསུངས། །ཞེས་པ་ནི་གང་གི་ཕྱིར་དེའི་དབང་པོ་ཐམས་ཅད་ཀྱི་རྗེས་སུ་རོ་མྱང་བའོ། །དབུགས་འབྱིན་པ་ཞེས་
པ་ནི། ཤེས་རབ་ཀྱི་རླུང་རྣམས་ཀྱི་སེམས་འཐོན་ཏེ་ལུས་འདར་བའོ། །སྡུད་དང་ཞེས་པ་ནི་བསྒྲུབ་བྱའི་ལུས་སྡུད་པའོ། དགོད་པ་ཞེས་པ་ནི། དགོད་པས་གནོན་པའོ། །སྒེག་པ་ཞེས་པ་ནི། སྒེག་པར་འགྲོ་བའི་འཇུག་པས་སོ། །ངོ་མཚར་ཞེས་པ་ནི་སོ་སོ་སྐྱེ་བོ་ལྟ་བུར་བྱེད་པའོ། །
སྣ་ཚོགས་མདུན་དུ་བྱས་ནས་ནི། །ཞེས་པ་ལ་སྣ་ཚོགས་ཞེས་པ་ནི། རྣལ་འབྱོར་མ་ཐམས་ཅད་ཀྱི་མདུན་དུ་འདི་ལྟར་བགད་པར་བྱའོ་ཞེས་པའི་དོན་ཏོ། །ཧ་ཧ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿ། འདི་ལྟ་བུའི་ཆོ་ག་བརྒྱད་ཀྱིས་བགད་པར་བྱ་བའོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་
པ་སྒྲུབ་ཐབས་རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་གཟིགས་པ་བཤད་བྱ་སྟེ། །ཞེས་པ་ལ་སོགས་པས་དོན་ཅི་ཞིག་བསྟན་ཞེ་ན། མཁའ་འགྲོ་མ་རྣམས་ཀྱི་གཟིགས་པ་བཤད་པ་གསུངས་པ་སྟེ། དཔའ་བོ་དང་
เล่ม ๑๗ · หน้า 150b
ནི་གཉིས་མེད་མི། །ཞེས་པ་འདི་ལྟ་སྟེ། གང་གིས་གཟིགས་པས་དཔའ་བོ་ལྟ་བུར་རྣལ་འབྱོར་གྱི་གཉིས་སུ་མེད་པ་ལ་མི་དེ་འགྲོ་བ་སྟེ། དེ་དཔའ་བོ་དང་གཉིས་སུ་མེད་པའི་མི་ཞེས་བྱའོ། །གང་རྣམས་ལ་གཟིགས་པ་དེ་གསུངས་པ། གནས་ཀྱི་དབྱེ་བའི་ཆོ་ག་ཤེས། ཞེས་པ་སྟེ།
གནས་ནི་པུ་ལླཱི་ར་མ་ལ་ཡ་ལ་སོགས་པའོ། །དེ་རྣམས་ཀྱི་དབྱེ་བ་ནི་གནས་ལ་སོགས་པའོ། །དེ་རྣམས་ཀྱི་ཆོ་ག་ནི་གང་དང་གང་དུ་སྦྱར་བ་དེ་དང་དེ་དག་ཤེས་པར་བྱ་བའོ། །དེས་ཅི་བྱ་ཞེ་ན། བསྒོམ་པ་ལ་མངོན་པར་དགའ་ཞིང་བསྒོམ་པ་དང་། མངོན་དུ་ལྡན་པ་སྟེ་དེ་ལ་མངོན་
པར་གཟིགས་པར་མཛད་པའོ། །གནས་གང་ན་མོ་རྣམས་གཟིགས་ཞེ་ན། ལམ་གྱི་བཞི་མདོར་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཇི་ལྟར་པདྨའི་མཚོ་རྣམས་ལ། །ངང་པའི་ཚོགས་ཕྲེང་འདུ་བ་ལྟར། །དེ་ལྟར་རྣལ་འབྱོར་དམ་ཚིག་ཅན། །རིང་ན་གནས་ཀྱང་ཐུགས་རྗེ་
ལ། །སྤྱོད་པ་རྣམས་ཀྱིས་རིང་ནས་གཟིགས། །ཞེས་བྱའོ། །ཕྱག་རྒྱ་གཅེར་བུ་མཆོད་པའི་ཞེས་པ་ནི། རྣལ་འབྱོར་པ་གོས་དང་བྲལ་བས་ཕྱག་རྒྱ་ལ་མཆོད་པར་བྱའོ་ཞེས་བཤད་དོ། །ལས་ཀྱིས་ཡོངས་སུ་འགྲོལ་བའོ། །ཞེས་པ་ནི། གཅེར་བུར་མཆོད་པར་དེ་ལྟ་
བུའི་ལས་དེ་ཉིད་ཀྱིས་ན་འགྲོལ་བ་སྟེ། ཕྱག་རྒྱ་ལ་གཅེར་བུར་མཆོད་པའི་ལས་ལ་ཡོངས་སུ་འགྲོལ་བའོ། །གོས་དང་གཞན་དག་བསལ་ནས་ནི། །ཞེས་པ་ལ། གོས་ནི་གོས་དང་རུས་པའི་ཕྲེང་བའོ། །གཞན་དག་ཅེས་པ་ནི་སྟག་གི་པགས་པ་ལ་སོགས་པའོ། །
བསལ་ཞེས་པ་ནི། ཡན་ལག་ལས་འབུད་པའོ། །འདོད་ལ་ཡང་དག་རེག་མི་བྱ། །ཞེས་པ་ནི། པདྨ་ལ་ཆུ་ལྟ་བུ་དང་། ནམ་མཁའ་ལ་ཉི་མས་མི་གོས་པ་ལྟ་བུར་འདོད་ཆགས་ལ་སོགས་པ་ནུས་པ་མེད་པར་བྱེད་པའོ། །དེ་ལྟར་སྤྱི་གཙུག་པ་བཅིངས་གྲོལ་གྱུར། །ཞེས་པ་
ནི། དེ་ལྟ་བུར་ཞེས་པ་ནི་གཅེར་བུར་བྱས་པ་ལྟར་སྤྱི་གཙུག་བཅིངས་པའང་གྲོལ་བར་གྱུར་པ་ལ་བྱའོ། །དེ་ལ་བསྙེན་ཅིང་ལས་རྣམས་ཐམས་ཅད་བྱའོ། །ཞེས་པའི་དོན་ཏོ། །ཡང་ན་བསླབ་པ་ལ་སོགས་པའི་གཡེང་བ་རྣམས་རྣམ་པར་གྲོལ་བར་བྱའོ། །ལས་རྣམས་
เล่ม ๑๗ · หน้า 151a
ཐམས་ཅད་བརྩམ་པ་ལ། །རྩ་སྔགས་དེ་བཞིན་གཞན་མ་བཞིས། །ཕྱོགས་བཅིང་བར་ནི་དེ་བཞིན་ཞུགས། །བླ་མ་མཆོད་ན་ལྷ་ཡུལ་གྱི། །ལྷ་ཚོགས་ཀྱིས་ཀྱང་མི་མཐོང་ངོ་། །ཞེས་པ་ལ། རྩ་བའི་སྔགས་བཟླས་པས་ནི་དེ་བཞིན་དུ་འཕེན་པར་བྱེད་
དོ། །ཕྱོགས་བཅིང་བར་ནི་དེ་བཞིན་ཞུགས། །ཞེས་པ་ནི། ཕྱོགས་རྣམས་སུ་ར་བ་དང་། དྲ་བ་དང་། རྩིག་པ་དང་། མདའི་དྲ་བ་དང་། མེ་འབར་བ་དང་ལྡན་པས་སྔགས་ལ་འཇུག་པར་བྱ་ཞིང་མཆོད་པར་བྱས་ན། ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། །མི་རྣམས་ཀྱིས་ལྟ་ཅི་
ཞིག་སྨོས་ཞེས་པའི་དོན་ཏོ། །བསྒྲུབ་པར་བྱ་བའི་སྔགས་ཀྱིས་བཟླས་པའི་ནུས་པ་བལྟ་བ་གསུངས་པ། སྙིམ་པ་མེ་ཏོག་གིས་བཀང་སྟེ། མཁའ་ལ་སྤྱོད་པར་གྱེན་དུ་གཏོར། །ཞེས་པ་ལ་སོགས་པ་ནི་མཁའ་ལ་སྤྱོད་པར་མེ་ཏོག་སྙིམ་པས་གཏོར་བ་ན་ནམ་མཁའ་ལའང་མ་
མཐོང་ཞིང་ས་ལའང་ལྷུང་བར་མ་མཐོང་ནའོ། །དེ་ནས་མེ་ཏོག་སྙིམ་པ་སྟོང་ངམ་ཁྲིའི་བར་དུ་མཁའ་ལ་གཏོར་ན་མཁའ་ལ་སྤྱོད་པའི་སེམས་ཅན་རྣམས་དབང་དུ་བྱེད་དོ། །སྐར་མ་རྒྱུ་བ་རིག་ཅིང་སྤྱོད། །ཅེས་པ་དང་། ལྷ་དང་ལྷའི་ཞེས་པ་ལ་སོགས་པ་ནི། དྲི་མ་མེད་པའི་
ཡེ་ཤེས་ཀྱིས་ཐམས་ཅད་རིག་པའོ། །ཡུལ་དང་ཡུལ་ཞེས་པ་ལ་སོགས་པ་ནི་གསལ་ལོ། །དང་པོར་ལུས་ལས་སྦྱོར་བ་ལ་སོགས་པ་བྱ་སྟེ། དེ་ནས་རེ་ཞིག་ལས་རྣམས་བརྩམ་པར་བྱའོ། །ཤིང་རྩེར་ཁ་དོག་དམར་བསམས་ལ། །ཞེས་པ་ལ། ཤིང་རྩེར་ཞེས་པ་ནི།
སྙིང་གར་འདབ་མ་དྲུག་དང་ལྡན་པའི་པདྨ་ལ་ཡི་གེ་བདུན་གྱི་བདག་ཉིད་བཀོད་པ་བུང་བ་འཁྲིགས་པ་ལྟ་བུར་སྤྲོས་པས་ས་འཛིན་པའང་མངོན་པར་འགྱེལ་བར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །བདག་གི་ལུས་ལ་རྣམ་བཀོད་དེ། །ས་ལ་ཀུ་ཤའི་སྟན་དུ་ཉལ། །ཞེས་པ་ནི། ལུས་ལ་
སྔར་གྱི་འཁོར་ལོ་བཀོད་དེ་བདུད་རྩི་ལྔས་བྱུགས་པའི་ས་ལས་ཀུ་ཤ་སྟན་དུ་བཏིང་བ་བརྒྱ་རྩ་བརྒྱད་དུ་བཟླས་ལ། ཆོ་ག་བཞིན་དུ་ཉལ་ཏེ་མཁའ་འགྲོ་མའི་དོན་འཁོར་ལོ་སྤྲོས་པ་ལ། འཇིག་རྟེན་གསུམ་དང་ལྷན་ཅིག་ཏུ་བསྲེགས་ནས་སླར་རྣ་བ་གཉིས་སུ་ཞུགས་པར་བསམས་
เล่ม ๑๗ · หน้า 151b
ལ། བཅོམ་དང་ཉམས་དང་དུས་མིན་འཆི། །ཞེས་པ་ལ་སོགས་པ་ཐམས་ཅད་སྨྲ་བར་བྱེད་དོ། །སྔགས་བཟླས་རལ་གྲི་དེ་བཞིན་ཆུ། །ཞེས་པ་ལ་སོགས་པའི་དོན་ནི། མཛེས་པའི་གཞོན་ནུ་མ་ཀུན་དུ་འཇུག་པར་བྱ་སྟེ། དགོངས་མོ་མིག་བཀབ་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་
སོ། །དེ་ནས་ཐོ་རངས་ཀ་ཇི་ལྟ་བ་བཞིན་དུ་གསལ་བར་སྨྲ་བ་ནི། ཁང་པའི་དབུས་སུ་མར་མེ་སྦར་ཏེ། བུམ་པ་གང་བས་བྲིས་སྐུ་དང་སྐུ་གཟུགས་རྣམས་ལ་ཡང་དག་པར་མཆོད་དེ། རལ་གྲི་འམ་མེ་ལོང་དག་མར་མེའི་དྲུང་དུ་བསྟན་ན་དེ་ལ་དེ་ཉིད་སྨྲ་བར་བྱེད་དོ། །ཡང་ན་སོར་མོ་རྒན་པོ་རྒྱ་སྐྱེགས་
ཀྱི་ཁུ་བར་བཅུག་ལ་དེ་ནས་མར་ཁུས་བསྐུས་ཏེ་བསྟན་ལ། རྫས་འདི་གང་གིས་ཁྱེར་བ་སྨྲོས་ཞེས་བསྒོ་ན། བཅོམ་པ་དང་ཉམས་པ་རྣམས་གསལ་བར་སྨྲའོ། །དེ་ནས། ཡི་གེ་མཆོག་ཏུ་བདུན་པ་ཡི། །དཔའ་བོའི་འཁོར་ལོ་རྣམ་དགོད་དབྱེ། །ཉིན་གུང་སྟོང་ཕྲག་གཅིག་བཟླས་
ནས། ཞེས་པའི་དོན་ནི་ཉི་མ་གུང་ལ་ཤིན་ཏུ་འཁྲུགས་པའི་སེམས་ཀྱིས་ཐོད་པའམ་མཆོད་སྦྱིན་གྱི་ཤིང་བལ་ལ་སྔོན་དུ་ཇི་ལྟར་གསུངས་པ་བཞིན་དུ་མིའི་རུས་པའི་སྨྱུ་གུ་དང་། མིའི་ཁྲག་གིས་བསྒྲུབ་བྱའི་མིང་དང་ལྡན་པས་ཇི་ལྟ་བའི་རིམ་པར་བྲིས་ཤིང་གཟུགས་བརྙན་བྱས་པའི་
སྙིང་གི་དཀྱིལ་དུ་བཅུག་ལ་སྐེ་ཚེས་བསྐུས་ཏེ། །དུར་ཁྲོད་ཀྱི་མེ་ལ་ཡང་དང་ཡང་དུ་བསྲོ་ཞིང་སྟོང་ཕྲག་གཅིག་ཏུ་བཟླས་པར་བྱའོ། །རིམས་ཀྱིས་བཟུང་བར་འདོད་ན་ཡི་དགས་ཀྱི་སྙིང་གར་བྲིའོ། །སྦོས་པར་བྱ་ན་ཡི་དགས་ཀྱི་མགོ་བོར་རོ། །དྲན་པ་མེད་པར་བྱ་ན་རླུང་ལས་སྤྲིན་
གནས་པ་ལ་བྲིའོ། །ཁོང་གཟེར་ལ་ནི་རྩེ་གསུམ་པ་ལའོ། །མཛེ་ནད་དང་ལུས་དུག་ལ་ནི་སྙིང་གིས་འགྲོ་བའི་མགོ་བོར་རོ། །གཟའ་གདོན་གྱིས་བཟུང་ན་གཟའ་རྣམས་ཉིད་ཀྱི་མཚན་མ་ལའོ། །འཁོར་ལོ་དགོད་པ་ཇི་ལྟ་བའི་རིམ་པ་འདི་ནི་ནད་ཐམས་ཅད་སྐྱོང་ཞིང་དེ་བཞིན་
དུ་གཏོང་བའོ། །ཤེལ་གྱི་རྣམ་པ་ལྟ་བུར་ནི། ཞེས་པ་ལ། ཤེལ་ཞེས་པ་ནི་རི་བོང་འཛིན་ཏེ། གྲོ་གའི་ཤུན་ཕྲགས་སམ་ལག་པ་གཡོན་པའི་མཐིལ་དུ་རི་བོང་འཛིན་གྱི་དབུས་སུ་ཙནྡན་དཀར་པོ་ལ་སོགས་པ་བྲི་བའོ། །ནད་ཀྱིས་མནར་བ་རྣམས་ལ་དེ་བསྟན་ན་དེ་མཐོང་བ་ཙམ་གྱིས་
เล่ม ๑๗ · หน้า 152a
སྐད་ཅིག་ལ་ནད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྟོན་ཀའི་དུས་ཀྱི་ཟླ་བ་བཞིན། །ཞེས་པ་ནི་རི་བོང་འཛིན་གྱི་གཟུགས་བརྙན་ལ་ཡི་གེ་རྣམས་བདུད་རྩིའི་ཆུ་རྒྱུན་འཛག་པར་བལྟས་ལ། སྙིང་ག་དང་སྨིན་མཚམས་དང་། མགྲིན་པ་དང་སྤྱི་བོ་རྣམས་སུ་རེག་པས་
ནད་རྣམས་རྣམ་པར་བསལ་ཏེ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འགྲོ་བར་བལྟའོ། །བ་ལང་ཤ་ཞེས་པ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་སྦྱིན་སྲེག་གོ། །གང་གི་ཚེ་དུག་གིས་བརྒྱལ་བར་སོང་བ་དེའི་ཚེ་མཚན་ཉིད་དང་ལྡན་པར་ཤེས་ན་བདག་ཉིད་ཀྱི་དབུགས་
ཀྱིས་བུད་པར་བྱས་ན་སངས་ཏེ་ལྡང་ངོ་། །དེ་ལྟ་བུ་དག་དྲན་ན་རིམས་དང་གདོན་ལ་སོགས་བརླག་པར་བྱེད་ཅིང་གྲིབ་མ་ལའང་མི་འགོམ་ན་ལག་པ་དེ་བསྟན་ན་ལྟ་ཅི་ཞིག་སྨོས། རྒྱལ་པོ་གཡུལ་འཇུག་ཁུ་ཚུར་བཅིངས། །ཞེས་པ་ནི་ལྡོང་རོས་དང་ཡུང་བས་ལག་པ་གཡན་
པ་ལ་འཁོར་ལོ་བྲིའོ། །ཡང་ན་ཟངས་ལེབ་ལ་དེ་བཞིན་དུ་འཁོར་ལོ་འདི་ཡང་དག་པར་བྲི་བར་བྱའོ། །ཆེ་གེ་མོའི་ལུས་ལས་མཚོན་ཆ་ཐམས་ཅད་རྣམ་པར་བཟློག་ཤིག་ཅེས་མིང་བར་དུ་བཅུག་ལའོ། །དེ་ནས་སྟོང་ཕྲག་གཅིག་ཏུ་བཟླས་ཏེ་ཁ་གསུམ་ལ་རྡོ་རྗེའི་ཆུ་རུ་གཞུག་
གོ། །དེ་ནས་སྔགས་ཀྱི་རྒྱལ་པོ་དྲན་པར་བྱས་ཏེ་བླངས་ལ་ཁུ་ཚུར་དུ་གཟུང་ངོ་། །དེས་ཅིར་འགྱུར་ཞེ་ན། ཇི་སྲིད་ཁུ་ཚུར་མ་བཀྲོལ་བར། །དགྲ་བོ་དག་གི་ལག་ན་ནི། །མཚོན་ཆ་འཕྱར་བར་བྱེད་པ་ཡང་། །མཚོན་ཆ་འདེབས་པར་མི་ནུས་སོ། །ཞེས་པ་སྟེ། ཇི་སྲིད་དུ་ཁུ་
ཚུར་མ་བཀྲོལ་བ་དེ་སྲིད་དུ་མཚོན་ཆ་ཐམས་ཅད་ཀྱིས་མི་ཚུགས་སོ། །དེ་ལྟ་བུས་ནི་རྒྱལ་པོ་ལའང་རྒྱལ་བར་འགྱུར་རོ། །འཕྱངས་ནས་ཤི་བའི་རོའི་ཁར་རྡོ་རྒྱུས་བཅུག་ལ་དེ་ནས་སླར་བླངས་ཏེ། ནུབ་ཕྱོགས་མ་ཡིན་པར་ཁ་བལྟས་ནས་འདིས་གང་འདོད་པ་བྲིས་ལ་བཟླས་པ་
ཁྲིར་བྱ་ཞིང་། ཐམས་ཅད་དུ་སྔགས་པས་མཉམ་པར་གཞག་ལ་འཇིག་རྟེན་གསུམ་ལ་བཀའི་འཁོར་ལོ་རབ་ཏུ་སྦྱར་ན། གནོད་པ་དང་ཕན་གདགས་པར་བྱ་བ་ས་འོག་ས་སྟེང་ས་བླར་སྐྱེད་པར་བྱེད་དོ། །འདི་དག་ནི་དཔལ་ཧེ་རུ་ཀ་བདེ་མཆོག་གི་འགྲེལ་པ་སྒྲུབ་ཐབས་
เล่ม ๑๗ · หน้า 152b
རྣམས་ཀྱི་གནས་ཞེས་བྱ་བ་ལས་ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཕོ་ཉ་མོ་ཞེས་པ་ནི་ལས་ཀྱི་ཕོ་ཉ་མོ་སྟེ། ཡི་གེ་བདུན་གྱི་རྣལ་འབྱོར་མ་དྲུག་གོ། །སྣ་ཚོགས་པདྨའི་འདབ་མ་ལ་ཡི་གེ་བདུན་གྱི་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་རྣམས་རྣམ་
པར་དགོད་དོ། །འཁོར་ལོའི་རྩིབས་རྣམས་ལ་ཇི་ལྟར་ལས་དང་རྗེས་སུ་མཐུན་པར་བསྒྲུབ་བྱའི་མིང་བར་དུ་བཅུག་པར་བྲིས་ན་དེའི་སྐད་ཅིག་གཅིག་ལ་བསྒྲུབ་པར་བྱ་བ་འགྲུབ་བོ། །ཙནྡན་དམར་པོའི་རྡུལ་དང་ནི། །སྐེ་ཚེ་ལན་ཚྭ་དེ་བཞིན་དུ། །བསྒྲུབ་པར་བྱ་བའི་རྐང་རྗེས་རྣམས། །
གཅིག་ཏུ་བྱས་ལ་བཏགས་པར་བྱ། །རྣལ་འབྱོར་མ་ཡི་འཁོར་ལོ་དང་། །ལག་པ་གཉིས་ལ་བསམས་ནས་སུ། །མཉམ་པར་མཉེས་ཤིང་བསྲེག་བྱ་བ། །དུར་ཁྲོད་མེ་འམ་སྨེ་ཤ་ཅན། །བསྲེགས་པའི་མེ་ལ་མཚན་ཕྱེད་ནའོ། །ཞེས་པའི་དོན་ནི་དེའི་ཐལ་བ་ལ་བསྒྲུབ་པར་
བྱ་བའི་གཟུགས་བརྙན་བྱས་ལ་གྲོ་ག་ལ་འཁོར་ལོ་ཇི་ལྟ་བ་བཞིན་དུ་བྲིས་ནས་དེའི་སྙིང་གར་བཅུག་སྟེ། བདག་ཉིད་ལ་མངོན་དུ་ཕྱོགས་པར་བཞག་ལ་བསྒྲུབ་བྱ་རྣམ་པར་མྱོས་པ་བཀུག་སྟེ། བཟླས་པ་བརྒྱ་རྩ་བརྒྱད་དུ་གང་གི་མིང་དང་ལྡན་པར་བྱས་ན་དེ་དག་འགུགས་སོ་ཞེས་པའི་
དོན་ཏོ། །ས་བདག་མགོན་པོའི་བདག་ཉིད་ནི། །ནོར་དང་བཅས་པར་དབང་དུ་འགྲོ། །ཞེས་པ་ལ་སོགས་པ་ནི་གསལ་ལོ། །བསྒྲུབ་པ་རབ་ཏུ་སྦྱར་བ་ནི། །རྡུལ་དེ་ཉིད་ནི་ཡང་དག་བླང་། །ལྕགས་ཕྱེ་དང་ནི་བསྲེས་ནས་སུ། །དུར་ཁྲོད་རས་མར་གཏུམས་ནས་སུ། །ཞེས་པ་ལ།
དུར་ཁྲོད་རས་མར་གཏུམས་ཞེས་པ་ནི། བསྒྲུབ་བྱ་བསྐུལ་བ་དང་བཅས་པའི་འཁོར་ལོ་བྲིས་པར་གཏུམས་ཏེ། ཡང་དག་པར་མཆོད་ནས་ལན་བདུན་དུ་བཟླས་ཏེ་ལམ་གྱི་བཞི་མདོར་ས་ལ་སོར་བརྒྱད་ཙམ་དུ་བརྐོས་པས་སྦས་ན་དེའི་སྐད་ཅིག་ལ་དེའི་ཚེ་རེངས་པར་འགྱུར་རོ། །བཏོན་
ཏེ་བའི་འོ་མས་བཀྲུས་ན་རྣལ་བོར་འགྱུར་རོ། །ཡང་རྡུལ་དེ་ཉིད་ཡང་དག་པར་བླངས་ལ་སྨྱོ་བྱེད་ཀྱི་ཤིང་ཡན་ལག་ལྔ་དང་ལྡན་པས་གཏུམས་པ་ནི། ཡི་དགས་ཀྱི་རས་ལ་ཆོ་ག་བཞིན་དུ་བསྒྲུབ་བྱའི་མིང་བསྐུལ་ཚིག་དང་བཅས་པའི་འཁོར་ལོ་ཡང་དག་པར་བྲིས་ལ་ཇི་ལྟ་བའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด