གཉིས་ཀའི་བཤད་སྦྱར་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨུ་བྷ་ཡ་ནི་བི་དྷཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗ · หน้า 207a

༄༅༅། །རྒྱ་གར་སྐད་དུ། ཨུ་བྷ་ཡ་ནི་བི་དྷཱ་ནཱ་མ།

བོད་སྐད་དུ། གཉིས་ཀའི་བཤད་སྦྱར་ཞེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །མགོན་པོ་བདེ་མཆོག་དཔལ་བཏུད་དེ། །སློབ་དཔོན་ཀོངྐ་ན་ཡི་བཞེད། །དཀའ་འགྲེལ་གང་ན་མི་གསལ་ན། །མན་ངག་བདག་གིས་བྲི་བར་བྱ། །ནམ་མཁའི་ཁམས་ཐམས་ཅད་

ཁྱབ་སྟེ་ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་ཐམས་ཅད་བསྡུས་ནས་གཞལ་ཡས་ཁང་གི་མཚན་ཉིད་གནས་པ་རྡོ་རྗེ་ཕག་མོ་ལ་སོགས་པ་རྣམས་དང་ཡང་དག་པར་ལྡན་པའོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་ཞེས་བྱ་བ་ནི་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་ཨོཾ་བཛྲ་པྲ་

ཀཱ་ར་ཧཱུཾ་བཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེའི་ར་བའོ། །ཨོཾ་བཛྲ་པཉྫ་ར་ཧཱུཾ་ཡཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་སརྦ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལརྐྐ་ཧཱུཾ་རཾ་ཧཱུཾ། ཨོཾ་མེ་དཱི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བས་མངོན་པར་བསྔགས་ཏེ། རིམ་པ་ཇི་ལྟ་བར་རྡོ་རྗེའི་

གུར་དང་། རྡོ་རྗེའི་ར་བ་དང་། བླ་རེ་དང་། མདའི་དྲ་བ་དང་། མེའི་ར་བ་དང་རྡོ་རྗེའི་རང་བཞིན་གྱི་ས་གཞིའི་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །དེའི་སྟེང་དུ་ཡང་ཞེས་པ་ནི་རིའི་རྒྱལ་པོ་རི་རབ་ལ་དེའི་སྟེང་དུ་རྡོ་རྗེ་སེམས་དཔས་གཙོ་བོ་མཛད་པའི་

เล่ม ๑๗ · หน้า 207b

སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཆོ་ག་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམས་ལ། །རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས་འཁོར་ལོའི་དབུས་སུ་ཆོས་ཀྱི་འབྱུང་གནས་རྣམ་པར་བསམ་པར་བྱའོ། །དེ་ཉིད་ལ་ཡི་གེ་ཨོཾ་དེ་ལས་ཡང་འཁོར་ལོ་ཨོཾ་གྱིས་མཚན་པ་

དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ཉིད་ལས་གཞལ་ཡས་ཁང་སྒོ་བཞི་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་བྱེད་པས་ཁྱད་པར་དུ་འཕགས་པའོ། །པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་

པར་བལྟ་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་པར་བྱའོ། །ཡི་གེ་ཧཱུཾ་རིམ་བཞིན་དུ་ཞེས་པ་ནི་ནཱ་ད་ལས་ཕྱག་ལ་ཐིག་ལེ་ལས་ཟླ་བ་ཕྱེད་པ། དེ་ལས་མགོ་བོ། །དེ་ལས་ཀྱང་ཡི་གེ་ཧའོ། །ཡི་གེ་ཧ་ལས་ཡི་ག་ཨཱུ་ཞེས་བྱ་བའི་དོན་ཏོ། །ཆོ་གའི་ཡེ་ཤེས་ཞེས་བྱ་བ་ནི་ཆོ་ག་སྟེ་

མངོན་པར་རྟོགས་པ་དེའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཐུགས་དང་གསུང་དང་སྐུ་ལ་ཡང་དག་པར་གནས་ཞེས་བྱ་བ་ནི་འཁོར་ལོ་གསུམ་ལ་གནས་པའོ། །ཡང་ན་རོ་གཅིག་པའི་ཕྱིར་ཞེས་བྱ་བ་ནི་བསྒོམ་པ་ལ་སོགས་པ་ནས་བཟུང་སྟེ་མཐར་ཐུག་ཇི་སྲིད་རྟོགས་ཀྱི་བར་དུའོ། །

མཆོད་པ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའི་དོན་གྱི་བདུན་པ་སྟེ། དགྱེས་པ་རྡོ་རྗེར་གསུངས་པའི་རང་གི་གཟུགས་ཅན་མ་ནི་ཕྱག་རྒྱ་ཆེན་པོའོ། །གང་ཞིག་དེ་ལ་དམ་ཚིག་མ་རྙེད་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །བསྒོམས་པ་ལས་བྱུང་བ་ནི་ཆོས་ཀྱི་ཕྱག་རྒྱའོ། །བསྟན་

པ་ལས་རྙེད་ནས་བདག་ཉིད་ཀྱིས་འདུས་བྱས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རིམ་པར་ཕྱེ་བ་དང་པོའོ།། །།རིམ་པ་ཕྱེ་བ་གཉིས་པ་གསུངས་པ་ནི། དེ་ལ་ཆུ་ལ་སོགས་པ་ལ་བཏུང་བ་ནི་ཆུ་སྟེ། ཆུ་དང་ལྷན་ཅིག་པའི་ལྕི་བ་ནི་ཆུ་དང་བཅས་པའི་ལྕི་བའོ། །ཡང་ན་རྣམ་པར་

སྣང་མཛད་དོ། །དུར་ཁྲོད་སོ་པག་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་འདིར་གང་ཞིག་རྡུལ་ཚོན་གཉིས་ཙམ་ཞིག་བསྟན་ཏོ། །འདི་ལྟར་དགྱེས་པའི་རྡོ་རྗེ་ལས་གསུངས་པ། རྡུལ་ཚོན་དཀར་པོ་རུས་པའི་ཕྱེ་མས་བྱ། །ཞེས་བྱ་བ་ལ་སོགས་པ་ནི་མོས་པས་བྱའོ། །ཡང་ན་

เล่ม ๑๗ · หน้า 208a

དམ་ཚིག་སྐྱོང་བའི་དོན་དུ་རྡུལ་ཚོན་གཉིས་སོ། །འཇིག་རྟེན་པའི་བསམ་པ་རྡུལ་ཚོན་གྱི་དངོས་པོ་ཐམས་ཅད་ཀྱི་ཆོ་ག་ཞེས་པའོ། །སློབ་དཔོན་གྱི་མཚན་ཉིད་དང་ལྡན་པ་ཞེས་བྱ་བ་ནི་བརྟན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །སོ་སོར་སྣང་བ་ལས་བསྐྱེད་

ཅེས་པ་ནི་ནུས་པ་ཐོབ་པའོ། །སློབ་དཔོན་གྱི་མཚན་ཉིད་བསྟན་པ། མཚན་ཉིད་བཟང་དང་ལྡན་ཞེས་བྱ་བ་འདིས་བསྟན་ཏོ། །ཕྱག་རྒྱ་དྲུག་དང་ལྡན་པ་ནི་ཐལ་བ་དང་བཅས་པའི་འཁོར་ལོ་ནས་གཟུང་བའི་ཕྱག་རྒྱ་རྣམས་དང་ལྡན་པའོ། །བདག་ཉིད་དེ་ལྟར་ཞེས་བྱ་བ་ལ་སོགས་

པ་ནི་སྐབས་འདིར་མདོག་དང་མཚན་མ་ལ་སོགས་པ་བསྟན་པ་རྣམས་དཔལ་ཧེ་རུ་ཀ་ཉིད་དུ་གཞན་ཐམས་ཅད་བསྒོམ་པར་བྱ་སྟེ། བདག་ཉིད་དཔལ་ཧེ་རུ་ཀའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ར་བ་རྣམས་ནི་ཕྱོགས་སུ་དགོད། །ཅེས་བྱ་བ་ལ་སོགས་པ་ནི་

བདུད་ལ་སོགས་པ་གནོད་པར་བྱེད་པ་རྣམས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཕྱི་རོལ་དུ་ཨོཾ་བཛྲ་ཛྲཱ་ལཱན་ལཱརྐྐ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་འདིས་མེའི་དྲ་བའོ། །ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ་ཞེས་བྱ་བའི་སྔགས་འདིས་རྡོ་རྗེའི་ར་བའམ་ཞེ་སྡང་གི་སྒྲར་བརྗོད་པར་བྱའོ། །དེ་བཞིན་དུ་

པདྨའི་ར་བ་དང་། འཁོར་ལོའི་ར་བ་ནི་ཨོཾ་པདྨ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་ཙཀྲ་པྲཱ་ཀཱ་ར་ཧཱུཾ་ཙཾ་ཧཱུཾ་ཞེས་པ་དག་ནི་འདོད་ཆགས་ཀྱི་ར་བ་དང་གཏི་མུག་གི་ར་བ་ཞེས་བྱ་བའི་མིང་ཅན་བསྒོམ་པར་བྱའོ། །ར་བ་འདི་གསུམ་གྱི་ཐིག་དཀྱིལ་འཁོར་ལ་གདབ་པར་བྱའོ། །གཞལ་ཡས་ཁང་ལ་སོགས་

པ་རྫོགས་པའི་དུས་སུ་རྡོ་རྗེའི་ར་བ་དང་ལྡན་པའོ། །གཞན་ར་བ་གསུམ་པོ་རང་རང་གི་སྔགས་ཡོངས་སུ་གྱུར་པ་ལས་བྱུང་བ་དེར་དགོད་པར་བྱའོ་ཞེས་དགོངས་པའོ། །བདག་ཉིད་འཁོར་ལོ་ལ་གནས་ཞེས་པ་ནི་སྲུང་བའི་འཁོར་ལོའི་ལྟེ་བ་ལ་གནས་པའོ། །དཀྱིལ་འཁོར་གྱི་འཁོར་

ལོའི་དབུས་སུ་འདུག་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རོའི་སྐུད་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ཉིས་འགྱུར་གྱིས་ཡུན་རིང་དུ་ཤི་བའི་རྒྱུས་པས་བྱའོ། །དེ་དེ་ལྟར་ན་གསུངས་པ། དཀྱིལ་འཁོར་ཉིས་འགྱུར་རིང་བའི་སྐུད། །ཅེས་བྱ་བ་ལ་སོགས་པ་ནི། ཁྲག་ཆེན་

เล่ม ๑๗ · หน้า 208b

པོ་ཡིས་བསྒོས་པ་བྱ། །ཞེས་པའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་མིག་གིས་གཟུང་བའི་ཁྲུ་བརྒྱད་ཀྱིས་ཉེ་བར་མཚོན་པ་གཞན་ཡིན་ཏེ། །ཡོན་བདག་གིས་མོས་ཚད་ཀྱི་ཕྱིར་སོ་སོའི་ངེས་པའི་ཚད་དུ་དཀྱིལ་འཁོར་དངོས་པོ་བརྟག་པར་བྱའོ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །

ཞེས་པ་ནི་ཉེ་བར་མཚོན་པ་སྟེ། །གཞན་གྱིས་ཀྱང་ཁྱད་པར་བྱས་པ་ཡིན་ཏེ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་བྱ་བ་ལ་སོགས་པའི་ཤེས་པར་བྱའོ། །མཆོད་སྦྱིན་ཡང་བྱ་ཞེས་པ་ཡིན་ཏེ། བགེགས་དང་བྲལ་ནས་དཀྱིལ་འཁོར་རྫོགས་པའི་རྒྱུར་ཕྱི་རོལ་གྱི་དགེ་འདུན་

གྱི་སྟོན་མོ་དང་། །ཚོགས་ཀྱི་འཁོར་ལོ་མི་མནན་ཞིང་མི་ཞེན་པ་སྙིང་བརྩེ་བའི་སླད་དུ་བྱ་བར་འོས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འཁོར་ལོ་གསུམ་ལ་རྣམ་གནས་པ། །ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་གཞན་ཡིན་པའི་ཕྱིར་ཏེ། མཁའ་འགྲོ་མ་ཡི་བདེ་བའི་

མཆོག །ཅེས་དགོངས་པའོ། །འདབ་མར་བཅས་ཞེས་པ་ནི་འདབ་མ་དང་ལྡན་པ་ནི་པདྨ་ཞེས་དགོངས་པའོ། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་ནི་ཉེ་བར་མཚོན་པའོ། །ཕྱག་རྒྱ་དྲུག་དང་ལྡན་པར་ཞེས་བྱ་བ་ལས་རྟོགས་པར་བྱའོ། །སྡིགས་

མཛུབ་བྱེད་ཅེས་བྱ་བ་ལ་སོགས་པའི་བཅོམ་ལྡན་འདས་མ་ཡང་ཁྱད་པར་དུ་བྱེད་པས་ཉེ་བར་མཚོན་པ་སྟེ། ཞལ་གཅིག་སྤྱན་གསུམ་ཞེས་བྱ་བ་ལ་སོགས་པ་ཡང་འབྱུང་ཞིང་ལྡན་པའི་ཕྱིར་རོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པས་ནི་དང་པོ་དཔལ་ཧེ་རུ་ཀའི་

མདུན་གྱི་ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་བཞུགས་སོ། །བྱང་གི་འདབ་མ་ལ་ལཱ་མཱའོ། །ནུབ་ཀྱི་འདབ་མ་ལ་དུམ་སྐྱེས་མའོ། །ལྷོའི་འདབ་མ་ལ་གཟུགས་ཅན་མ་དགོད་པར་བྱའོ། །ཕྱོགས་དང་བྲལ་བ་བཞིར་ཐོད་པ་བདུད་རྩིའི་རང་བཞིན་གྱིས་བཀང་བ་རིམ་པ་ཇི་ལྟ་བར་

དགོད་པར་བྱའོ། །དེའི་འོག་ཏུ། །རབ་ཏུ་གཏུམ་མོ་ལ་སོགས་པའི། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོ་ཡི་ནི་རིགས་ལས་བྱུང་། །ཞེས་པ་ནི་ཤེས་རབ་ཀྱི་ལུས་ལས་ཡང་དག་པར་བྱུང་བ་ཡིན་ནོ། །འཁོར་ལོའི་ལྟེ་བ་ནི་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་འཁོར་ལོ་གསུམ་

เล่ม ๑๗ · หน้า 209a

གྱི་དབུས་སུ་མཆོད་པར་བྱའོ། །རྡུལ་ཚོན་ཐམས་ཅད་དེར་བྲི་བར་བྱ་སྟེ། དེ་ལ་ཐུགས་ཀྱི་འཁོར་ལོའི་ཤར་དུ་རབ་ཏུ་གཏུམ་མའོ། །བྱང་ཕྱོགས་སུ་ནི་གཏུམ་མོའི་མིག་ཅན་མའོ། །ནུབ་ཕྱོགས་སུ་ནི་འོད་ལྡན་མའོ། །ལྷོ་ཕྱོགས་སུ་ནི་སྣ་ཆེན་མའོ། །མེའི་

མཚམས་སུ་ནི་དཔའ་བོའི་བློ་ཅན་ནོ། །བདེན་བྲལ་གྱི་ཕྱོགས་སུ་ནི་མིའུ་ཐུང་མའོ། །རླུང་དུ་ལངྐའི་དབང་ཕྱུག་མའོ། །དབང་ལྡན་དུ་ནི་ཤིང་གྲིབ་མའོ། །དེ་བཞིན་དུ་གསུང་གི་འཁོར་ལོ་ལ་ནི་ཤར་ཕྱོགས་སུ་ནི་ས་སྲུང་མའོ། །བྱང་ཕྱོགས་སུ་ནི་འཇིགས་བྱེད་མའོ། །ནུབ་

ཕྱོགས་སུ་ནི་རླུང་གི་ཤུགས་ཅན་མའོ། །ལྷོ་ཕྱོགས་སུ་ནི་ཆང་འཐུང་མའོ། །མེར་ནི་སྔོ་བསངས་མའོ། །བདེན་བྲལ་དུ་ནི་ཤིན་ཏུ་བཟང་མོའོ། །རླུང་དུ་ནི་རྟ་རྣ་མའོ། །དབང་ལྡན་དུ་ནི་བྱ་གདོང་མའོ། །དེ་བཞིན་དུ་སྐུའི་འཁོར་ལོ་ལ་ནི་ཤར་ཕྱོགས་སུ་འཁོར་ལོའི་ཤུགས་ཅན་མའོ། །

བྱང་ཕྱོགས་སུ་དུམ་སྐྱེས་མའོ། །ནུབ་ཕྱོགས་སུ་ཆང་འཚོང་མའོ། །ལྷོ་ཕྱོགས་སུ་ནི་འཁོར་ལོའི་གོ་ཆ་མའོ། །མེར་ནི་ཤིན་ཏུ་དཔའ་མོའོ། །བདེན་བྲལ་དུ་ནི་ཤིན་ཏུ་སྟོབས་ཆེན་མའོ། །རླུང་དུ་ནི་འཁོར་ལོས་སྒྱུར་མའོ། །དབང་ལྡན་དུ་ནི་བརྩོན་འགྲུས་ཆེན་མོ་ཞེས་བྱ་སྟེ་རིམ་

པ་ཇི་ལྟ་བར་བྲི་བར་བྱའོ། །ཕྱོགས་དང་ཕྱོགས་ཀྱི་མཚམས་ཞེས་པ་ནི་ཤར་དང་། བྱང་དང་། ནུབ་དང་། ལྷོའི་སྒོ་རྣམས་སུ་ནི་ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་དང་བཞིའོ། །མེར་ནི་གཤིན་རྗེ་བརྟན་མ་དང་། བདེན་བྲལ་དུ་ནི་གཤིན་རྗེ་ཕོ་ཉ་

མའོ། །རླུང་དུ་ནི་གཤིན་རྗེ་མཆེ་བ་ཅན། དབང་ལྡན་དུ་ནི་གཤིན་རྗེ་འཇོམས་མ་ཞེས་བྱ་སྟེ། ཕྱོགས་དང་བྲལ་བ་བཞིའི་རྣལ་འབྱོར་མ་ཡིན་ནོ། །དཔའ་བོ་ཡང་ཞེས་བྱ་བ་ལ་སོགས་པ་ནི་དཔའ་བོ་ཉི་ཤུ་རྩ་བཞི་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་འདིར་དཔའ་བོ་དང་དཔའ་མོ་སྙོམས་

པར་འཇུག་པ་ཉི་ཤུ་རྩ་བཞི་བྲིས་ཏེ་དགོད་པར་བྱའོ། །ཇི་ལྟར་དགོད་ཅེ་ན། གསུངས་པ། འཁོར་ལོར་ཡང་དག་གནས་པ་མཆོད། །ཅེས་པ་སྟེ། ཐུགས་ཀྱི་འཁོར་ལོ་ལ་སོགས་པ་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྣལ་འབྱོར་མ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་

เล่ม ๑๗ · หน้า 209b

བའི་དོན་ཏོ། །དེ་ལ་ཐུགས་ཀྱི་འཁོར་ལོ་ནི་ཤར་ཕྱོགས་སུ་ཐོད་པའི་དུམ་བུའོ། །བྱང་ཕྱོགས་སུ་ཀེང་རུས་ཆེན་པོའོ། །ནུབ་ཕྱོགས་སུ་ཀོངྐ་མའོ། །ལྷོ་ཕྱོགས་སུ་མཆེ་བ་རྣམ་པར་གཙིགས་པའོ། །མེར་ནི་སུ་ར་བཱི་རིའོ། །བདེན་བྲལ་དུ་ནི་འོད་དཔག་ཏུ་མེད་པའོ། །རླུང་དུ་ནི་རྡོ་རྗེའི་འོད་དོ། །

དབང་ལྡན་དུ་ནི་རྡོ་རྗེའི་སྐུའོ། །དེ་བཞིན་དུ་གསུང་གི་འཁོར་ལོ་ལ་ནི་ཤར་ཕྱོགས་སུ་མྱུ་གུ་ཅན་ནོ། །བྱང་ཕྱོགས་སུ་ནི་རྡོ་རྗེ་རལ་པ་ཅན་ནོ། །ནུབ་ཕྱོགས་སུ་ནི་དཔའ་བོ་ཆེན་པོའོ། །ལྷོ་ཕྱོགས་སུ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །མེར་ནི་ཤིན་ཏུ་བཟང་པོའོ། །བདེན་བྲལ་དུ་ནི་རྡོ་རྗེ་བཟང་པོའོ། །

རླུང་དུ་ནི་འཇིགས་བྱེད་ཆེན་པོའོ། །དབང་ལྡན་དུ་ནི་མིག་མི་བཟང་ངོ་། །དེ་བཞིན་དུ་སྐུའི་འཁོར་ལོ་ནི་ཤར་དུ་སྟོབས་པོ་ཆེའོ། །བྱང་ཕྱོགས་སུ་ནི་རིན་ཆེན་རྡོ་རྗེའོ། །ནུབ་ཕྱོགས་སུ་ནི་རྟ་མགྲིན་ནོ། །ལྷོ་ཕྱོགས་སུ་ནི་ནམ་མཁའི་སྙིང་པོའོ། །མེར་ནི་དཔལ་ཁྲག་འཐུང་ངོ་། །བདེན་བྲལ་དུ་པདྨ་གར་གྱི་

དབང་ཕྱུག་གོ། །རླུང་དུ་ནི་རྣམ་པར་སྣང་མཛད་དོ། །དབང་ལྡན་དུ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་བྲི་བར་བྱའོ། །དཔའ་བོ་དཔའ་མོ་འདི་ཐམས་ཅད་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ཞལ་དང་དབྱིབས་ལ་སོགས་པ་རྣམས་ནི་སྒྲུབ་ཐབས་ལས་གསལ་བར་

རྟོགས་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་པ་རྣམས་རྣམ་པར་དགོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་ཅེས་པ་ནི་དཔའ་མོ་རྣམས་དང་ལྷན་ཅིག་ཐ་མི་དད་པར་འཇུག་པ་དཔའ་མོ་དང་སྙོམས་པར་འཇུག་པའི་

དཔའ་བོའི་འཁོར་ལོ་གཉིས་སུ་མེད་པར་ཇི་ལྟར་འགྱུར་བ་དེ་བཞིན་དུ་མཆོད་པར་བལྟ་བར་བྱའོ་གསུངས་པ་ཡང་། གང་ཞིག་འདི་ལ་རྟག་ཏུ་བལྟ། །དེ་ནི་རྒྱལ་བའི་མཆོད་པར་བཞེད། །ཅེས་པའོ། །སྒྲུབ་པོ་གལ་ཏེ་སྒྲུབ་འདོད་ན། །ཞེས་པ་ནི་སློབ་དཔོན་གང་ཞིག་

མངོན་པར་འདོད་པའི་དགོས་པ་གྲུབ་པར་བྱ་བའི་ཕྱིར་སློབ་མ་དབང་བསྐུར་བའི་མཚན་ཉིད་རྫོགས་པར་འདོད་པས་ལྷ་མི་སྒོམ་ཞིང་སེམས་མཉམ་པར་མི་འཇོག་པའི་སློབ་དཔོན་ནི་བདུད་ལ་སོགས་པ་ཉེ་བར་གསོད་པ་དང་ལྡན་པའི་ཕྱིར་གང་ལ་བགེགས་དང་བྲལ་ནས་མངོན་

เล่ม ๑๗ · หน้า 210a

པར་འདོད་པ་གྲུབ་པར་འགྱུར་ཞེས་དགོངས་པའོ། །བུམ་པ་ཞེས་བྱ་བ་ལ་སོགས་པ་ནི་ཟངས་ཀྱི་རྒྱུ་ལས་གྲུབ་པའི་བུམ་པ་དགུ་བསྟན་ཏེ། ཟངས་ཞེས་བྱ་བ་ནི་བུམ་པའི་ཁྱད་པར་རོ་ཞེས་པའོ། །འདི་ཡང་ཉེ་བར་མཚོན་པ་ཙམ་མོ། །མ་རྙེད་ན་འཇིམ་པའི་རང་

བཞིན་ལ་སོགས་པའི་བུམ་པ་བསྡུའོ། །དགུའི་གྲངས་ནི་ཉེ་བར་མཚོན་པ་སྟེ་བུམ་པ་སུམ་ཅུ་རྩ་དགུ་བསྡུའོ། །སློབ་དཔོན་གྱི་ཞབས་ཉིད་ལས་འདིར་མ་རྙེད་པ་ཞེས་བྱ་བ་ལ་སོགས་པས་མི་གསལ་བར་འགྱུར་རོ། །རྩ་བ་ནག་པོ་ལ་སོགས་སྤངས། །ཞེས་པ་ནི་རྩ་བ་ནི་

འབུར་བའི་དབྱིབས་ཅན་ནོ། །ནག་པོ་ནི་ནག་པའོ། །སོགས་པའི་སྒྲ་ཡིས་རྣམ་པར་འགྱུར་བ་དང་ཉམས་པའི་སྐྱོན་ལ་སོགས་པ་དེ་རྣམས་སྤངས་པའོ། །སྒྲུབ་ཐབས་ལས་གྲུབ་པ་ཉེ་བར་སྦྱར་བས་གང་ཡང་ཕྱག་མཚན་ལེགས་པར་བྲིས་པ་དེ་བཞིན་དུ་མགྲིན་པ་རིང་

བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བུམ་པའི་དཀྱིལ་འཁོར་འདིར་བྱའོ་ཞེས་པའི་དོན་ཏོ། །དེ་ལ་གཙོ་བོར་གྱུར་བའི་བུམ་པ་ལ་སྣ་ཚོགས་པདྨའི་ལྟེ་བར་གནས་པའི་དབང་ཕྱུག་ཆེན་པོ་དང་། གཽ་རཱིའི་སྙིང་གའི་སྟེང་གི་ཉི་མ་ལ་རྡོ་རྗེ་དང་རྡོ་རྗེ་མའི་བརྡ་མཚན་གཉིས་བྲི་

བར་བྱའོ། །མཁའ་འགྲོ་མ་དང་། ལཱམ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ཀྱི་བུམ་པ་བཞི་ལ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་བཞི་ལ་གྲི་གུག་བཞིའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་དང་སྙོམས་པར་ཞུགས་

པའི་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་བུམ་པ་ཉི་ཤུ་རྩ་བཞི་ལ་སྣ་ཚོགས་པདྨའི་དཀྱིལ་དུ་གནས་པའི་རོའི་སྙིང་གའི་ཉི་མ་རྣམས་ལ་སོ་སོར་གྲི་གུག་དང་རྡོ་རྗེའོ། །ཁྭ་གདོང་མ་ལ་སོགས་པ་ཕྱོགས་དང་ཕྱོགས་བྲལ་ན་གནས་པ་བརྒྱད་

པོའི་བུམ་པ་རྣམས་སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ་རོའི་སྙིང་གའི་ཉི་མ་ལ་སོ་སོར་གྲི་གུག་གོ། །ལས་ཐམས་ཅད་པ་དང་རྣམ་པར་རྒྱལ་བའི་བུམ་པ་དག་ལ་ཡང་རེ་རེ་ལ་ཡང་གླང་པོ་ཆེ་དང་། སེང་གེ་དང་། རྟ་དང་། ཡང་རྟ་དང་། རྨ་བྱ་རྣམས་ཀྱི་སྟེང་དུ་གནས་པའི་སྣ་

เล่ม ๑๗ · หน้า 210b

ཚོགས་པདྨའི་ལྟེ་བ་རྣམས་ལ་ཡི་དགས་ལྔ་བྲིས་པའི་སྙིང་གར་ཟླ་བ་དང་ཉི་མ་བཞི་ལ་རིམ་པ་ཇི་ལྟ་བར་འཁོར་ལོ་དང་། །རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། རྡོ་རྗེའོ། །རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་།

དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་སྟེ། དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་མཚན་མ་བྲི་བར་བྱའོ་ཞེས་བྱ་བའི་རིམ་པའོ། །བྱི་རུ་ཞེས་པ་ལ་སོགས་པ་ནི་རིན་པོ་ཆེ་མུ་མན་གྱིས་མིང་ངོ་། །བཟའ་བ་ཀུན་ཞེས་བྱ་བ་ནི། ནས་དང་། གྲོ་དང་། སོ་བ་དང་། ཏིལ་

དང་། མོན་སྲན་གྲེའུ་དང་། འབྲུ་རྣམ་པ་ལྔ་ཐོད་པའི་ནང་དུ་བླུགས་ནས་ཀྱང་ངོ་། །ལེགས་བཀང་བ་ནི་ལྟོ་བ་ཡོངས་སུ་གང་བར་བྱའོ་ཞེས་པའོ། །བཟའ་བ་ཐམས་ཅད་ཅེས་སྨོས་པ་འདི་ཡང་ཉེ་བར་མཚོན་པ་ཙམ་སྟེ། དཀར་པོ་གཞན་གྱིས་མི་ཐུབ་པ་

དང་། སྡོང་བུ་དཀར་པོ་ཨུཏྤ་ལ་དང་། ཧ་ས་དེ་བ་དང་། ཀཎྜ་ཀ་རི་དང་། བྲྀ་ཧ་ཏིས་མཚོན་པའི་སྨན་རྣམ་པ་ལྔ་དང་། བདུད་རྩི་ལྔ་དང་། །སྒྲོན་མ་ལྔ་དང་ལྷན་ཅིག་པའི་དྲི་ཆུ་ཡིས་ཀྱང་ལྟོ་བ་ཡོངས་སུ་དགང་བར་བྱའོ་ཞེས་དགོངས་པའོ། །སྲད་

བུ་ཞེས་བྱ་བ་ལ་སོགས་པ་ནི་ཧཱུཾ་ལན་བདུན་བཟླས་པའི་བྱི་རུ་བདུན་ན་སྐུད་པ་དཀར་པོ་ལ་བརྒྱུས་ཏེ། དེ་རྣམས་ཀྱི་མགུལ་པར་བསྐོན་པར་བྱའོ་ཞེས་པའི་དོན་ཏོ། །ཁ་ནི་འདབ་མས་བརྒྱན་པར་བྱ། །ཞེས་པ་ནི་འདབ་མ་རྣམས་ལྷན་ཅིག་ཏུ་བྱས་ཏེ་ཁ་བརྒྱན་པར་བྱའོ་ཞེས་པའོ། །

བརྒྱད་ནི་ཞེས་པ་ནི་ལཱ་མ་ལ་སོགས་པའི་བུམ་པ་བཞི་དང་། ཁྭ་གདོང་མ་ལ་སོགས་པའི་བུམ་པ་བཞི་སྟེ། བརྒྱད་པོ་རྣམས་སྒོ་བཞིའི་འགྲམ་རྣམས་སུ་ཇི་ལྟ་བ་བཞིན་དུ་རེ་རེའོ། །ཀུ་ཤའི་སྟན་སྟེང་དུ་བཞག་གོ། །དགུ་པ་ནི་གཙོ་བོར་གྱུར་པ་བཅོམ་ལྡན་འདས་ཀྱི་བུམ་པ་

ལྟེ་བའི་སྟེང་དེ་ཉིད་དུ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །འདིས་ཀྱང་བུམ་པའི་གྲངས་དགུར་བྱ་བར་བསྟན་ཏོ། །གང་གི་ཚེ་བུམ་པ་སུམ་ཅུ་རྩ་དགུར་གྱུར་པ་དེའི་ཚེ་ལྷ་རྣམས་རང་རང་གི་གནས་སུ་རྗེས་སུ་འབྲངས་ཏེ་རྣམ་པར་དགོད་པར་བྱའོ་ཞེས་པའོ། །དེ་ཉིད་དཀྱིལ་

เล่ม ๑๗ · หน้า 211a

འཁོར་བའི་གནས་ཇི་ལྟ་བར་མོས་པས་ལྷག་པའི་ཆོ་གས་སྟ་གོན་ལ་གནས་པར་བྱའོ། །དེ་ལ་འདིའི་ཆོ་ག་ནི་སློབ་དཔོན་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་

སྤྱན་དྲངས་ཏེ། མཆོད་ཡོན་དང་ཞལ་བསིལ་ལ་སོགས་པ་དབུལ་ལོ། །དེའི་འོག་ཏུ་འཁོར་ལོ་འདོད་ཆགས་ཆེན་པོས་ཞུ་ཞིང་ཁུ་བར་གྱུར་ནས། །རིམ་པ་ཇི་ལྟ་བར་རང་རང་གི་བུམ་པ་རྣམས་ལ་ཞུགས་ཤིང་མེ་ཏོག་གི་ཕྲེང་བས་མཛེས་པར་བྱས་པའི་རྣམ་པར་རྒྱལ་བའི་བུམ་

པའི་སྟེང་དུ་རྡོ་རྗེ་བཞག་པ་ལ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་ལ་ལས་ཐམས་ཅད་པའི་བུམ་པ་ཡང་སྔགས་འདི་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་པར་བྱའོ། །གཙོ་བོར་གྱུར་པའི་བུམ་པ་ལ་ཇི་ལྟར་སྦྱར་བ་བཞིན་དུ་གཙོ་

བོའི་དཀྱིལ་འཁོར་པ་ཡང་སྔགས་ཀྱིས་སོ། །དེ་ནས་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་གཏོར་མ་ཡང་གཏོང་ངོ་། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་བྱ་བ་ཡིན་ནོ། །མུ་ཏིག་

རྣམས་ཀྱིས་མཛེས་པར་བྱ། །ཞེས་པ་ནི་རིན་ཆེན་ནི་བྱི་རུའི་མིང་ངོ་། །མུ་ཏིག་ནི་མུ་ཏིག་སྟེ་འདི་དག་དང་ལྷན་ཅིག་ཏུ་ཞེས་བྱ་བའི་དོན་ཏོ། །ཅི་འདིར་རིན་པོ་ཆེ་བཞི་པོ་དེ་ཁོ་ན་དཀྱིལ་འཁོར་པ་ལ་རྣམ་པར་བཀྲམ་པ་ཡིན་ནམ་ཞེ་ན། དེ་གསུངས་པ། བཀྲམ་ཞེས་བྱ་བ་

ལ་སོགས་པ་ནི་རིན་ཆེན་གསེར་ནི་གསེར་དང་འདྲ་བ་ཉིད་དུ་གསེར་དུ་སྣང་བ་སྟེ། མུ་མན་དུ་བརྗོད་པ་སྟེ། དེས་མཛེས་པར་ལྡན་པ་བདུད་རྩི་ལྔས་བྱུགས་པ་ཐམས་ཅད་ཉིད་རིན་པོ་ཆེ་ལྔས་ཇི་ལྟ་བ་བཞིན་དུ་མཛེས་ཤིང་རྣམ་པར་བཀྲམ་པ་ཡིན་ནོ་ཞེས་དགོངས་སོ། །

སྔགས་ཀྱིས་བཏབ་ཅེས་པ་ནི་ལས་ཐམས་ཅད་པའི་བུམ་པའི་ཆུ་སྔར་བཞིན་དུ་མངོན་པར་བསྔགས་སོ་ཞེས་པའི་དོན་ཏོ། །ནམ་མཁའ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོའི་དབུས་སུ་མཆོད་པར་བྱ་བ་ལ་སོགས་པའི་ཚུལ་གྱིས་མདོར་བསྟན་ཏོ། །

เล่ม ๑๗ · หน้า 211b

དེའི་རྒྱས་པར་བཤད་པ་དེ་ནི་ཞེས་དགོངས་སོ། །དེ་ལྟར་རིམ་པ་བཞིན་དགོད་དོ་ཞེས་པ་ནི་དེ་ལྟར་རིམ་པ་བཞིན་དུ་དགོད་པ་དངོས་སུ་བསྟན་པ་རྟོགས་པར་བྱ་བ་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་རིམ་པ་ལས་མན་ངག་ཉིད་ཀྱང་ཤེས་པར་བྱའོ། །འདི་ཡང་མན་ངག་ནི་འདི་ཡིན་ཏེ། །

རྡོ་རྗེ་སློབ་དཔོན་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པ་ནུབ་ཏུ་མངོན་པར་ཕྱོགས་པ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྤྱི་བོའི་དཀྱིལ་དུ་ཞུགས་ཏེ། ཀུན་

འདར་མའི་ལམ་ནས་རང་གི་རིག་མའི་པདྨར་སྤྲོས་ཏེ་ཞུ་བར་གྱུར་པས་བལྟའོ། །དེ་ནས་དེ་ལ་ཞུ་བ་དང་ལྡན་པའི་ནམ་མཁའི་ནཱ་ད་རང་གི་གཟུགས་དང་ལྡན་པ་ལས་རིམ་པ་ཇི་ལྟ་བར་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པ་སྤྲོས་ཏེ། མིག་ལ་སོགས་པ་བྱིན་

གྱིས་བརླབ་པ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བའི་མཐར་ཐུག་པར་བྱའོ་ཞེས་པའོ། །རིམ་པར་ཕྱེ་བ་གཉིས་པའོ།། །།རྔ་བརྡུང་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་འདིར་གཙོ་བོ་དང་། གཞན་ཚོགས་པའི་སློབ་དཔོན་

རྣམས་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་པ་ལ་རབ་ཏུ་གྲགས་པའི་རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་ནི་སྒྲའི་དུས་སུ་དྲིལ་བུའི་སྒྲ་སྐད་རབ་ཏུ་གྲག་པ་དྲིལ་བུ་དང་། ཅང་ཏེའུ་དང་། པ་ཊ་ཧ་དང་། ཅ་ཅོའི་སྒྲ་དང་གླིང་བུ་དང་། པི་ཝང་དང་། རྔ་དང་། རྫ་རྔ་དང་། དགོད་པ་དང་། སྒེག་

པ་དང་། གླུ་དང་། གར་དང་། མེ་ཏོག་དང་། བདུག་པ་དང་དྲི་དང་། བཤོས་གཙང་དང་། མེ་ལོང་དང་། རོ་དང་རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཉི་ཤུས་དཀྱིལ་འཁོར་མཆོད་པར་བྱའོ། །དེ་དེ་ལྟར་ན་རྩ་བ་ལས་གསུངས་པའི་དྲིལ་བུའི་སྒྲ་འཁྲོལ་བ་ལ་

སོགས་པ་ལ། མེ་ཏོག་སྤོས་ཀྱིས་བརྒྱན་ཞེས་པ་ནི་མེ་ཏོག་སྤོས་ལ་སོགས་པ་རྣམས་དང་ལྷན་ཅིག་པའོ། །སྒྲུབ་པ་པོ་ནི་སློབ་མ་སྟེ། དྲིལ་བུ་དང་པ་ཊ་ཧ་ནས་བཟུང་བ་རྣམས་ཀྱིས་དཀྱིལ་འཁོར་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལས་ཐམས་ཅད་ཀྱི་

เล่ม ๑๗ · หน้า 212a

དཀྱིལ་འཁོར་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས་སློབ་དཔོན་གྱིས། སྔགས་ཀྱི་དངོས་གྲུབ་དོན་གཉེར་འགའ། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་སློབ་མ་རྣམས་ཀྱིས་མཉན་ནས། སེམས་ཀྱིས་

ཧེ་རུ་ཀའི་གཟུགས་ཀྱིས་བདག་ཉིད་ཀྱི་ལུས་ལ་ཞུགས་ཏེ། རྡོ་རྗེ་ཕག་མོའི་པདྨར་གནས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བས་དབང་བསྐུར་བར་བལྟས་ལ་དངོས་སུ་དཀྱིལ་འཁོར་གྱི་ཤར་སྒོར་ཉེ་བར་འདུག་པས། །དགའ་ཆེན་ཁྱོད་བདག་སྟོན་པ་ལ། །ཞེས་བྱ་

བ་ལ་སོགས་པ་ཡང་བརྗོད་དུ་བཅུག་ལ་དཀྱིལ་འཁོར་དུ་འཇུག་པའི་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་གཅིག་གཙོ་བོར་བྱས་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་ལ་དེ་རྣམས་གསུམ་ལ་སྐྱབས་སུ་འགྲོ་

བ་བྱེད་དུ་བཅུག་ལ། །ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་བསྲུང་བ་བྱས་ལ། དེ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་རིམ་པ་ཇི་ལྟ་བར་རྡོ་རྗེ་དང་པདྨ་དང་འཁོར་ལོའི་དབུས་སུ། ཧཱུཾ་ཨཱཿ ཨོཾ་ཞེས་རྣམ་པར་བསམས་ནས་རྡོ་རྗེས་

སྙིང་ག་ལ་སོགས་པར་རེག་ལ། ཨོཾ་ཨཱཿཧཱུཾ། བདག་ཉིད་ཀྱིས་བརྗོད་ལ་མགོ་ལ་མེ་ཏོག་དང་། མདུན་དུ་སྤོས་ལ་སོགས་པ་དབུལ་ལོ། །གཞན་ནས་བསྟན་པའི་སྔགས་ལན་བདུན་དུ་བཟླས་པས་ཤིང་མ་གས་ཤིང་འབུས་མ་ཟོས་པ་སོར་བཅུ་གཉིས་ཀྱི་ཚད་

ལ་མེ་ཏོག་གི་ཕྲེང་བས་རྩེ་མོ་དཀྲིས་ལ་སློབ་མ་རྣམས་ལ་སོ་སོར་སྦྱིན་པར་བྱའོ། །དེ་ཡང་ཤར་དུ་ཁ་བལྟས་པས་འཆོས་ལ་སྟེང་དུ་བལྟས་ཏེ། བ་ལང་གི་པགས་པ་ཙམ་གྱི་གཞིའི་ཕྱོགས་བའི་ལྕི་བས་བྱུགས་ཏེ་དོར་བར་བྱའོ། །དེ་ནས་དེའི་མངོན་པར་ཕྱོགས་པ་ལ་

སོགས་པས་དོར་བ་དེ་རྣམས་ཀྱིས་མཆོག་ལ་སོགས་པའི་དངོས་གྲུབ་རྟོགས་པར་བྱའོ། །ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱཿསརྦ་པཱ་པ་ནིཥྩ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་འཐོར་འཐུང་དང་དྲིའི་ཆུ་ཁྱོར་བ་གསུམ་སྦྱིན་པ་ཡིན་ནོ། །སོ་ཤིང་གི་ཆོ་

เล่ม ๑๗ · หน้า 212b

གའོ། །བྱིན་གྱིས་བརླབས་པ་དེའི་མདུན་དུ་ཡང་འདུག་ལ། ཨོཾ་བཛྲ་ཀུཎྜ་ལི་ལ་སོགས་པའི་སྔགས་ཀྱིས་ལན་བདུན་བཟླས་པའི་ཀུ་ཤ་གདིང་བ་དང་། སྔགས་ཀྱི་ཕྱིར་དེ་རྣམས་ཀྱི་ལག་པར་སྦྱིན་ནོ། །ལག་པ་གཡས་པ་ལ་སྔགས་འདི་ཉིད་ཀྱིས་ལན་བདུན་མངོན་པར་བསྔགས་

ལ་སུམ་འགྱུར་དུ་བྱས་ཏེ། མདུད་པ་གསུམ་དོར་བའི་སྲུང་སྐུད་བཅིང་བར་བྱའོ། །ཐམས་ཅད་མཁྱེན་ཉིད་འཇིག་རྟེན་དུ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཆོས་བཤད་དེ་ཉན་དུ་བཅུག་ལ། སླར་ཡང་སྔགས་འདིས་བསྲུང་བའི་འཁོར་ལོ་བྱའོ། །ཕྱིར་

མི་ལྡོག་པའི་དབང་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སློབ་དཔོན་ལ་སློབ་མས་གསོལ་བ་གདབ་པར་བྱ་སྟེ། གསོལ་བ་བཏབ་པས་ཡང་བླ་མས་རིགས་ཐམས་ཅད་ལ་གོ་བས། བདག་མིང་འདི་ཞེས་བགྱི་བ་ནི། བྱང་ཆུབ་སེམས་ནི་གཟུང་བར་བྱ། །གསང་བའི་

འཁོར་ལོ་འདིར་འཚལ་བས། །དམ་ཚིག་སྡོམ་པ་ལ་འཇུག་གོ། །ཞེས་བྱ་བ་འདིས་སོ། །དེ་ནས། སེམས་དཔའ་བདག་ཉིད་ཆེ་འདོད་ན། །གསང་བ་ཆེན་པོའི་རིགས་དག་པ། །གསང་ཆེན་ཡོངས་སུ་གཟུང་བར་གྱིས། །ཞེས་བརྗོད་པར་བྱའོ། །སློབ་མས་

འཚལ་ལོ་ཞེས་བརྗོད་པར་བྱའོ། །དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཞེས་བྱ་བ་ལ་སོགས་པ་ནས། ལྟུང་བ་སྦོམ་པོར་འབྱུང་བར་འགྱུར། །ཞེས་པ་ཡན་ཆད་བླ་མས་བརྗོད་པར་བྱའོ། །སློབ་མས་ཀྱང་། སློབ་དཔོན་འདིར་ནི་བདག་ལ་གསོན། །འདི་

བཞིན་དུ་ནི་བདག་བགྱིད་དོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་སློབ་དཔོན་གྱིས་སྡོམ་པ་འཛིན་དུ་གཞུག་ཅིང་ཀུ་ཤ་བཏིང་སྟེ་ཉལ་དུ་བཅུག་ལ་རྨི་ལམ་དུ་གང་ཅུང་ཟད་མཐོང་བ་ཐོ་རངས་སུ་བདག་ལ་སྨྲོས་ཤིག་ཅེས་བརྗོད་ལ་དཀྱིལ་

འཁོར་གྱི་ཁང་པར་འཇུག་གོ། །ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱང་བསྲུང་བའི་དོན་དུ་བཟླས་སོ། །དེ་ནས་གཏོར་མ་གཏོང་ངོ་། །ནང་པར་ཕྱིར་བྱུང་སྟེ་སློབ་མ་བོས་ལ་དགེ་བ་དང་མི་དགེ་བའི་རྨི་ལམ་དྲིས་ལ་རྨི་ལམ་དང་རྗེས་སུ་མཐུན་པའི་གནས་རྗེས་སུ་

เล่ม ๑๗ · หน้า 213a

གནང་ལ་བྲིས་པའི་དཀྱིལ་འཁོར་ལ་མཆོད་པ་རྒྱ་ཆེན་པོ་བྱའོ། །རང་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སློབ་མ་འཇུག་པའི་ཆོ་གས་བདག་ཉིད་ཀྱང་ཞུགས་ལ་ཕྲེང་བའི་དབང་ལ་སོགས་པ་ཡིད་ཀྱིས་ཐོབ་པར་བྱས་ལ་སློབ་མ་རྣམས་གཞུག་པའི་དོན་དུ། །ཆོས་

རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །གསོལ་བ་འདེབས་པ་དེ་ཉིད་ལ་ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་བའི་སློབ་མ་དབང་བསྐུར་བའི་དོན་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་

སྔགས་ཀྱི་མེ་ཏོག་གི་ཕྲེང་བ་གཟུང་ཞིང་ལས་ཐམས་ཅད་བའི་བུམ་པའི་ཆུས་གཏོར་ཞིང་མིག་དཀྲིས་བཅིང་བར་བྱའོ། །འདི་ཉིད་རྩ་བ་ལས་གསུངས་པ། །བཀབ་ཅེས་བྱ་བ་ལ་སོགས་པ་སྟེ། བུ་སྡུག་ཅེས་བྱ་བ་ནི་སློབ་མའོ། །གཞུག་བྱ་ཞེས་བྱ་བ་ལ་སོགས་པ་འདིའི་

དོན་ནི་འདི་ལྟར་དགོངས་ཏེ། སློབ་མ་ལ་མིག་དཀྲིས་བཀབ་ལ། སློབ་དཔོན་གྱིས་དཀྱིལ་འཁོར་དུ་གཞུག་པའི་ཆེད་དུ་དྲི་བར་བྱའོ། །བུ་ཁྱོད་དགའ་བ་གང་ལ་ཡིན། །ཞེས་པའོ། །དེ་ནས་དེ་ཉིད་ཀྱིས་བརྗོད་པར་བྱ་སྟེ། །སྐལ་བཟང་བདེ་བ་ཆེན་པོ་ལགས་སོ། །དེ་ནས་བླ་མས་

སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡ་མི་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་གྱི་ཞེས་བྱ་བ་ལ་སོགས་པ་བརྗོད་ལ། ཧཱུཾ་ཛཿཧཱུཾ་ཞེས་བྱ་བས་ཡོལ་

བའི་ནང་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་སྒོའི་ཕྱོགས་སུ་གཞག་གོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཡང་ཞུགས་ཀྱི་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། །དེའི་སྤྱི་བོར་རྡོ་རྗེ་བཞག་ལ་གལ་ཏེ་ཁྱོད་ཀྱིས་འདི་འགའ་ལ་སྨྲས་ན་དམ་ཚིག་གི་རྡོ་རྗེ་འདི་

ཡིས་མགོ་བོ་རྣམས་ནི་འགེམས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེའི་རྗེས་སུ་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་ཡི་མོད་ལ་དྲལ་ཏེ་གཤེགས། །

เล่ม ๑๗ · หน้า 213b

ཞེས་བྱ་བ་ལ་འདིས་མནའ་བསྒགས་ལ་པདྨའི་སྣོད་དུ་སོན་པའི་བདུད་རྩིའི་རྣམ་པ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཨ་མྲི་ཏོངྐ་ཋ་ཞེས་བྱ་བ་ལན་བདུན་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་

བསྲུངས་ན་འགྲུབ་འགྱུར་བའི། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་ལ་འཐུང་དུ་གཞུག་གོ། །དེ་ནས་ཡང་། དེང་ཕན་ཆོད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །སློབ་མས་ཀྱང་དེ་བཞིན་དུ་སྨྲས་ལ། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ་ཞེས་པའོ། །དེ་ནས་དེའི་ཡན་ལག་ལྔ་ལ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ལ་མར་ཁུ་ཆེན་པོ་དང་། གུ་གུལ་ཆེན་པོ་དང་ལྷན་ཅིག་ཏུ་ཆ་མཉམ་པ་ཆང་དང་གུ་གུལ་དང་

ཡང་དག་པར་ལྡན་པར་བྱས་པའི་སྤོས་སྦྱར་བ་འདིས་རྡོ་རྗེ་ཕག་མོའི་སྔགས་ཟློས་ཤིང་སློབ་དཔོན་གྱིས་སློབ་མ་ལ་བདུག་པར་བྱའོ། །དེས་འབབ་པར་འགྱུར་རོ། །ལུས་བབས་ན་གཡོ་ཞིང་འདར་བ་ལ་སོགས་པ་འབྱུང་ངོ་། །ངག་བབས་ན་སྔར་མེད་པའི་ཚིགས་

སུ་བཅད་པ་བརྗོད་པར་འགྱུར་རོ། །སེམས་བབས་ན་བྱུང་བ་དང་འབྱུང་བ་དང་ད་ལྟར་བ་རྣམས་ཤེས་པར་འགྱུར་རོ། །ཨོཾ་ཏིཥྛ་ས་མ་ཡ་པ་རི་བི་མ་ལི་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བྱ་བ་འདིས་རྡོ་རྗེ་མགོ་བོར་བཞག་ལ་གཤེགས་སུ་གསོལ་བར་བྱའོ། །དེས་ཨོཾ་

ཏིཥྛ་བཛྲ་ཞེས་བྱ་བས་བརྟན་པར་བྱས་ལ་མིག་སྔར་ཅི་འདྲ་བ་མཐོང་ཞེས་དྲི་བར་བྱའོ། །དེས་སྨྲས་པ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་རྣམས་མཐོང་ན་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་སྐལ་བར་ལྡན་པའི་བྱ་བས་

བསྟན་པར་བྱས་ནས། ཡང་དག་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བདེན་པའི་བྱིན་གྱི་རླབས་བྱའོ། །སློབ་མས་ཀྱང་གཡོན་སྐོར་གྱིས་བསྐོར་བ་ལན་གསུམ་དུ་བྱས་ལ་ལྷོར་མངོན་པར་ཕྱོགས་པར་གྱུར་པས་སྔར་བཟུང་བའི་མེ་ཏོག་

เล่ม ๑๗ · หน้า 214a

གི་ཕྲེང་བ། པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་བྱ་བ་འདིས་དཀྱིལ་འཁོར་དུ་དོར་རོ་ཞེས་པའོ། །སྙིམ་པས་མེ་ཏོག་ཅེས་པ་ནི་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྔར་བཟུང་བའི་ལག་པར་སོན་པའི་མེ་ཏོག་གི་ཕྲེང་བའོ། །དེ་ནས་བསྐོར་བ་ཞེས་བྱ་བ་ལ་སོགས་པ་

དང་། ལྷན་ཅིག་ཏུ་ཚིགས་སུ་བཅད་པའི་དོན་བསྟན་པའི་ཕྱིར་གོ་སླའོ། །གང་གི་སྟེང་དུ་བྱ་ཞེས་པ་ལ་སོགས་པ་ནི་དཔལ་བདེ་མཆོག་དང་དཔའ་བོ་དང་དཔའ་མོ་རྣམས་ལ་དེར་འཕངས་པའི་མེ་ཏོག་བབས་པ་ནའོ་དེ་ནས་སྒྲུབ་པ་པོ་དེའི་རིམ་པ་སློབ་དཔོན་གྱིས་བསྟན་པར་བྱའོ། །

དེ་ཉིད་གསུངས་པ། དེ་ཡི་རིགས་ཀྱི་མིང་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་སྟེ། སློབ་དཔོན་གྱིས་ནི་མིང་དེ་གདགས། །ཞེས་པ་ནི་མིང་གི་དབང་བསྐུར་བའི་ཚེ་རིགས་དང་རྗེས་སུ་མཐུན་པར་དེའི་མིང་ཡང་གདགས་སོ། །དེ་ནས་དཔལ་ཧེ་རུ་ཀ་ལ་སོགས་པའི་གནས་

སོགས་དེ་ལ་བསྟན་པར་བྱ་ཞེས་པ་ནི་འདིར་འདིའི་རིམ་པ་ནི་མེ་ཏོག་དོར་བའི་རྗེས་སུ་འབྲངས་ནས་དམན་པ་དང་མཆོག་ལ་སོགས་པ་དངོས་གྲུབ་སློབ་མ་ལ་ཡང་དག་པར་མཚོན་ཏེ། དེར་འཕངས་པའི་མེ་ཏོག་གི་ཕྲེང་བ་བླངས་ཏེ་སློབ་མའི་མགོ་ལ་བཅིངས་ལ་སེམས་ཅན་

སྟོབས་ཆེན་ཁྱོད་ཀྱིས་འདི་རབ་ཏུ་གཟུང་བར་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་མིག་གཉིས་ལ་ཡི་གེ་ཨོཾ་གཉིས་བལྟས་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་བྱེད། །ཕྱེ་བས་ཐམས་ཅད་ཉིད་མཐོང་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །

ཅེས་བརྗོད་ལ་མིག་རས་བཀྲོལ་ཏེ། དཀྱིལ་འཁོར་ཙམ་བསྟན་པར་བྱའོ། །དེ་ཁོ་ན་ཉིད་མེད་དེ། དེ་ཁོ་ན་ཉིད་ཡང་གསང་བའི་དབང་བསྐུར་བའི་རྗེས་སུ་བསྟན་པར་བྱ་ཞེས་པའོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་འདིའི་དོན་ནི་འདི་ཡིན་ཏེ། ཡོལ་བ་ལ་སོགས་པས་

དབེན་པར་བྱས་པའི་ས་ཕྱོགས་སུ་སློབ་མ་རང་གི་ཡིད་དུ་འོང་བ་གཟུགས་དང་ལང་ཚོས་བརྒྱན་པ་དམ་ཚིག་དང་སྡོམ་པའི་སྣོད་རིགས་ལྔ་དང་འབྲེལ་བ་མེ་ཏོག་དང་ལྡན་པའི་ཤེས་རབ་མ་གསང་བའི་དབང་བསྐུར་བའི་དོན་དུ་བླ་མ་ལ་དབུལ་བར་བྱའོ། །དེ་ནི་བདག་ཉིད་དང་འབྲེལ་

เล่ม ๑๗ · หน้า 214b

བསྤངས་པའི་བླ་མ་ལ་ཕྱག་འཚལ་དུ་བཅུག་ནས་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས། སྐྱོབ་མེད་སྐྱོབ་པ་སྐྱབས་མེད་པའི། །སྐྱབས་ནི་བདེ་མཆོག་འཁོར་ལོ་དཔལ། །བུད་མེད་རྣམས་ལ་ཐུགས་རྗེ་ཆེ། །མགོན་མེད་མགོན་དུ་བཀའ་དྲིན་གསོལ། །བདག་ཉིད་ཆེན་པོ་

ཁྱོད་ཇི་ལྟར། །བདག་ཀྱང་གཙོ་བོས་དེ་མཛོད་ཅིག །འཁོར་བའི་འདམ་རྫབ་ཀུན་ཆོམ་ལ། །བྱིང་བ་བདག་ལ་འདིར་སྐྱོབས་ཤིག །ཅེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་པོ། །དེ་ནས་བླ་མས་ལུང་ལས་གསུངས་པའི་གསང་བའི་དབང་བསྐུར་

བ་བརྩམ་པར་བྱའོ། །བདག་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་བརྟན་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་སྒོམ་པའི་རིམ་པས་སམ། སྐད་ཅིག་གིས་དཔལ་བདེ་མཆོག་འཁོར་ལོ་བདག་ཉིད་རྣམ་པར་བསྒོམ་པར་བྱའོ། །དེ་ཡང་ཞེས་བྱ་བ་ནི་སློབ་མ་ལ་གཏད་

པའོ། །གོ་ཆ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་གོ་བགོ་ཞེས་པ་ནི་གནས་ཇི་ལྟ་བ་གོ་ཆ་གཉིས་དགོད་པར་བྱའོ། །དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ཅིང་རིགས་ལྔའི་ཚོགས་ཀྱི་བྱེད་པ་ཡང་ལེགས་པར་བསྟན་པར་བྱས་ནས་སོ། །གཉིས་པ་

སླར་ཡང་ཞེས་པ་ནི་ཉི་མ་དང་པོ་ལ་སློབ་མ་ལྷག་གནས་བྱས་ལ། ཉི་མ་གཉིས་པ་རྒྱུད་གཞན་ལས་དྲངས་པའི་ཕྲེང་བ་དང་ཆུ་ལ་སོགས་པ་ནས་སློབ་དཔོན་གྱི་དབང་བསྐུར་བ་ལ་ཐུག་པར་སྦྱིན་ནོ། །བྱིན་གྱིས་བརླབས་པ་ལ་སོགས་པ་ལེགས་པར་བྱས་ནས་ཞེས་པ་ནི་

དགྱེས་པའི་རྡོ་རྗེ་ལས་གསུངས་པའི་རིམ་པས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའོ། །དེ་བཞིན་དུ་ཡི་གེ་དྱཱ་སྣ་རྩེའོ། །ཡི་གེ་བྱཱ་མཚན་མའི་ལྟེ་བ་ལ་ཡང་དག་པར་སྦྱར་རོ། །ལྟེ་བ་དང་སྙིང་ག་དང་དཔྲལ་བའི་ཕྱོགས་སུ་སྔགས་ཀྱི་ཚོགས་ཀྱིས་ལྷན་ཅིག་ཏུ་བྱིན་གྱིས་བརླབ་

པར་བྱའོ། །རྣལ་འབྱོར་མའི་ལྟེ་བ་དང་། སྙིང་ག་དང་ལྕེ་ལ་དཔའ་བོ་གཉིས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །རྣལ་འབྱོར་མ་དང་དཔའ་བོ་དག་གཉིས་སུ་མེད་ཅེས་པ་སྟེ། རྣལ་འབྱོར་མ་ཀུན་དུ་སྤྱོད་པ་ལས་གསུངས་པའི་སྒོ་ནས་རྡོ་རྗེ་དང་པདྨ་ལ་སོགས་པ་ཡོངས་སུ་

เล่ม ๑๗ · หน้า 215a

སུ་གྱུར་ནས་འོ་ཡང་བྱའོ། །གསང་བའི་དབང་བསྐུར་བ་བརྩམ་པར་བྱའོ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་སྦྱིན་པར་བྱ་བར་ཕྱིར་ཐབས་ཅིག་ཏུ་ལས་མཚུངས་པར་བརྩམ་མོ། །འདི་ཉིད་ཀྱི་དོན་ཉིད་བསྡུས་ནས་བསྟན་ཅིང་གསུངས་པ་བཅོམ་ལྡན་འདས་

ཀྱིས་སོ། །དེ་ནས་ཞེས་པ་ལ་སོགས་པ་ལ། མཆོད་པ་ཞེས་པ་ནི་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། འདིའི་ལས་མཚུངས་པར་སྤྱད་ཅེས་པའོ། །གསང་བའི་དབང་བསྐུར་བའི་དོན་དུ་འདོད་པའི་བསྟན་བཅོས་ལས་གསུངས་

པའི་དགའ་བ་དང་འོ་དང་འཁྱུད་པ་ལ་སོགས་པའི་ཡི་གེ་ཧཱུྃ་བརྗོད་ཅིང་མཚུངས་པར་བརྩམ་པར་བྱ་ཞེས་པའི་དོན་ཏོ། །ཁྲག་ཅེས་པ་ནི་འདིར་རང་བྱུང་གི་མེ་ཏོག་ཉེ་བར་མཚོན་པ་སྟེ། འདིར་ག་བུར་ཡང་བཏུང་བར་རྟོགས་པར་བྱའོ། །བསྟན་པ་ཡང་རྡོ་རྗེ་དང་པདྨ་དབང་

བསྐུར་བ་སྦྱིན་པར་བྱའོ་ཞེས་པའོ། །ལན་གསུམ་བཟླས་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་ཞེས་པའམ། ཧ་ཧོ་ཧྲཱིཿཞེས་པ་སྟེ། ཡི་གེ་གསུམ་བཟླས་སོ། །ཐིག་ལེ་ཞེས་པ་ནི་སྤྱི་བོ་ནས་བཟུང་བ་རྣམས་ལ་ཐིག་ལེ་ལ་སོགས་པ་རྡོ་རྗེ་དང་པདྨས་དབང་བསྐུར་བ་སྦྱིན་པ་ཡིན་

ནོ། །དུས་མཚུངས་པར་འཇིགས་པ་མེད་པར་ཡང་དག་པ་ལ་སོགས་པ་གསང་བ་གཉིས་ཀྱིས་མཐེ་བོང་དང་མིང་མེད་དག་གིས་ཀུན་དུ་བཙིར་ཏེ་རྡོ་རྗེ་དང་པདྨ་ལས་སོ། །ཇི་ལྟར་འདས་པའི་སངས་རྒྱས་སྲས། །རྡོ་རྗེ་འཛིན་སོགས་ཀྱིས་དབང་བསྐུར། །

བྱང་ཆུབ་སེམས་ཀྱི་ཙཱ་རུ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །ཞེས་བརྗོད་ལ་དབང་བསྐུར་རོ། །སློབ་མས་ཀྱང་ཞེས་བྱ་བ་ལ་སོགས་པས་ཀྱང་ནི་ཨ་ཧོ་སུ་ཁ་ཞེས་བརྗོད་ལ། སྣང་བ་མཐའ་ཡས་ཀྱི་བདག་ཉིད་ཀྱིས་སློབ་མ་ལ་གཉིས་པོ་དག་བྱིན་ལ་གསང་

བ་གཉིས་མྱང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་གསང་བའི་དབང་གི་དམ་ཚིག་མ་དང་ཤེས་རབ་མ་མིག་རས་ཀྱིས་བཅིངས་པའི་མིག་གཉིས་ལ་ཡི་གེ་ཨོཾ་གཉིས་བསམས་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །

เล่ม ๑๗ · หน้า 215b

མིག་འབྱེད་པར་ནི་བརྩོན་པར་མཛད། །ཅེས་བྱ་བ་ལ་སོགས་པ་བརྗོད་དེ་ཕྱེ་ལ། དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །གསང་བའི་དབང་བསྐུར་བའི་གནས་ཞེས་བྱ་བ་ནི་ལྷའི་བདག་ཉིད་གསང་བའི་དབང་བསྐུར་བའི་གནས་

སློབ་མའི་མགོ་བོ་དང་དཔྲལ་བ་ལ་སོགས་པ་བསྟན་པར་བྱའོ་ཞེས་དགོངས་སོ། །དབང་བསྐུར་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དབང་བསྐུར་ཐོབ་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དོན་དུ་དེ་ཉིད་ཀྱི་ཕྱི་རོལ་གྱི་ཡན་ལག་ཙམ་མཚན་ཉིད་ཐམས་ཅད་དང་ལྡན་པ་

གཏད་པར་བྱའོ། །དེ་ལ་འདིའི་རིམ་པ་ནི་སློབ་དཔོན་ལ་ཡན་ལག་ལྔས་ཕྱག་བཙལ་བཏུད་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། སྙིམ་པ་ཐལ་མོ་སྦྱར་ཏེ་མདུན་དུ་འདུག་ལ་དེའི་སྔོན་དུ་བསྟན་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་པ་དང་

ལྡན་པས་ཤེས་རབ་མའི་ལག་པ་དེའི་ལག་པར་གཏད་ལ་དཔའ་བོ་དང་དཔའ་མོའི་ཚོགས་ཐམས་ཅད་དཔའ་བོར་བྱས་ཏེ་རྡོ་རྗེའི་སྐུར་དམིགས་ལ། ཕྱག་རྒྱ་ཆེན་པོའི་ལྷ་མོ་འདི། །མཐའ་ཡས་པ་ཡི་བདེ་བ་སྟེར། །བྱིན་ནས་རྣམ་པ་ཀུན་དུ་བུས། །མཆོད་པ་བླ་ན་མེད་པ་

གྱིས། །ཞེས་བརྗོད་པར་བྱའོ། །དེའི་རྗེས་ཐོགས་སུ་རྗེས་སུ་གནང་བར་གྱུར་པའི་ལྷ་མོ་དེས་ཚིག་ནི། དཔའ་བོའི་བུ་ནི་བླ་ན་མེད། །བསྟན་པ་ཆོ་ག་ཁྱོད་སྤྲོའམ། །བྱང་ཆུབ་སེམས་ནི་ཟ་བ་དང་། །རིགས་ལྔ་ཡང་དག་འབྱུང་བ་ཡི། །རིག་མ་ཀུན་མཆོད་གུས་བྱེད་དམ། །བཤང་

གཅི་སྟོབས་དང་དྲི་ཆེན་སོགས། །གཞན་ཡང་དམ་ཚིག་ལྷ་མོ་རྣམས། །བུ་ཁྱོད་ཇི་ལྟར་འདོད་པ་སྨྲོས། །ཞེས་པའོ། །སློབ་མས་ཀྱང་བརྗོད་པར་བྱ་སྟེ། ལྷ་མོ་ཇི་ལྟར་བདག་མི་སྤྲོ། །དམ་ཚིག་ལ་སོགས་བསྟེན་པ་དང་། །རྟག་ཏུ་བྱ་ཅིས་མི་ནུས་པ། །བཙུན་མོའི་

པདྨ་ཅིས་མི་མཆོད། །དེ་ནས་ཚིམ་བྱེད་ལྷ་མོ་དེས། །སྐྲ་གྲོལ་གོས་དང་བྲལ་བྱས་ནས། །པདྨ་རྣམ་པར་བསྟན་ནས་ནི། །རྗེས་གནང་པདྨའི་སྣོད་ནི་ཀྱེ། །ཀྱེ་མ་བདག་གི་པདྨ་འདི། །བདེ་བ་རྣམས་ཀྱིས་རྣམ་པར་བརྒྱན། །གང་ཞིག་ཆོ་ག་བཞིན་བྱེད་ན། །བདག་ནི་དེ་ཡི་མདུན་ན་གནས། །སངས་རྒྱས་

เล่ม ๑๗ · หน้า 216a

མཉེས་པ་ལ་སོགས་པ། པདྨར་ཇི་ལྟར་བྱ་བ་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ཀྱང་། །འདི་ཉིད་ན་ནི་རྟག་ཏུ་བཞུགས། །ཞེས་པའི་རིམ་པས་དེ་ཉིད་ཀྱང་སྔར་བཞིན་དུ་ཤེས་རབ་གཏད་པར་བྱའོ། །རྣམ་པར་མི་རྟོག་པ་དེ་གཏད། །ཅེས་བྱ་བ་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཐེ་

ཚོམ་སྟེ། དེ་དང་བྲལ་བའི་སེམས་ཐེ་ཚོམ་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་སློབ་མས་ཀྱང་ཞེས་བྱ་བ་ལ་སོགས་པའི་དགོས་པ་ནི་འདི་ཡིན་ཏེ། སློབ་མ་ལ་གཏད་པའི་རྗེས་ཐོགས་སུ་སློབ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་དང་བླ་མ་ལ་ཕྱག་

འཚལ་ནས་དཀྱིལ་འཁོར་ལ་གཡོན་སྐོར་གྱིས་བསྐོར་བ་ལན་གསུམ་བྱས་ཏེ། དེ་ཉིད་ལ་བརྩམ་པའི་ཕྱིར་སླར་རྩོམ་པ་ལ་འཇུག་སྟེ། བླ་མ་ལ་ནི་ཕྱག་བྱའོ། །ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་དུ་བཤད་པ་ཉིད་ཀྱི་དོན་བསྟན་པ་དང་། དང་པོར་བླ་མ་ལ་ཕྱག་བཙལ་བའི་རིམ་པས་དཀྱིལ་

འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པའི་གོ་རིམས་ཀྱི་རང་བཞིན་བླ་མས་གསང་བའི་དབང་བསྐུར་བ་སྦྱིན་པ་དེ་བཞིན་དུ་ཆོ་ག་དང་དེ་ཉིད་ཀྱི་རིམ་པས་བརྩམས་ཏེ། ཐམས་ཅད་གྲུབ་པར་རྟོགས་ནས། བླ་མ་ལ་མཆོད་པར་བྱ་སྟེ། བླ་མའི་མདུན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་

བསྒྲུབ་བྱ་ཞེས་པ་ནི་དུས་གཅིག་ཁོ་ནར་ཤེས་རབ་མ་དང་སློབ་མས་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །བདག་ཉིད་དཔལ་བདེ་མཆོག་གི་གཟུགས་ཀྱིས་དང་དེ་ཡང་རྡོ་རྗེ་ཕག་མོའི་གཟུགས་ཀྱིས་བསྐྱེད་ལ་གོ་ཆ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གོ་བགོས་

ལ་རྡོ་རྗེ་དང་པདྨ་དག་ལ་ཇི་སྐད་བསྟན་པའི་ས་བོན་ཡོངས་སུ་གྱུར་པ་ལས་བྱིན་གྱིས་བརླབས་ནས་གཡོན་ངོས་སུ་འཇུག་པའི་བླ་མའི་མན་ངག་གིས་གོ་བར་བྱས་ལ་སོར་མོས་བསྒུལ་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ་ཞེས་བརྗོད་དེ་པདྨར་རྡོ་རྗེ་བཞག་ལ།

བསྟན་བཅོས་ལས་བཤད་པའི་དགའ་བའི་བྱ་བ་བླ་མའི་མདུན་དུ་བྱའོ། །གསང་བའི་དབང་བསྐུར་ཐོབ་ནས་ཤེས་རབ་ཀྱང་གནས་ཇི་ལྟ་བ་བཞིན་དུ་བླངས་ཏེ། སློབ་མས་བརྡ་ཡིས། ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་། །ཞེས་པའོ། །བླ་མས་ཀྱང་སློབ་མའི་བརྡ་ཡིས་བདེ་

เล่ม ๑๗ · หน้า 216b

པ་ཉམས་སུ་མྱོང་བར་ཁོང་དུ་ཆུད་ནས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ཞེས་བྱ་བ་ལ་སོགས་པ་བརྗོད་དོ་ཞེས་པ་མན་ངག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་དབང་བསྐུར་བ་མ་ལུས་པ་ཐོབ་པའི་སློབ་མ་བྱ་བ་བྱས་

ཤིང་ཡང་དག་པར་སྐྱེས་པའི་སེམས་མངོན་པར་འདོད་པས་བླ་མ་ལ་ཡོན་དབུལ་བར་བྱའོ་ཞེས་པའི་དོན་ཏོ། །ད་ལྟར་ཆོ་ག་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་རྗེས་ཐོགས་སུ་བསྟན་པའི་ཡོན་གྱི་ཆོ་གས་སོ། །ངེས་པ་ཞེས་བྱ་བ་ནི་གདོན་མི་ཟའོ། །དེ་ནས་དབང་བསྐུར་

ཐོབ་པའི་རྗེས་ལ་སྒྲུབ་པ་པོ་ཡིས་ཞེས་བྱ་བ་ནི་སྒྲུབ་པ་པོས་སོ། །ཡོན་ཕུལ་བའི་ཕན་ཡོན་གསུངས་པ། དེ་ནས་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཐབས་དང་བཅས་པའོ། །རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་དང་ཡང་དག་པར་ལྡན་པའི་བཅོམ་

ལྡན་འདས་མའོ། །མ་མོ་ཁྭ་གདོང་མ་ལ་སོགས་པ་བརྒྱད་དང་། མཁའ་འགྲོ་མ་ལ་སོགས་པ་ཡང་བཞི་སྟེ། དེ་རྣམས་ཚིམ་པར་གསུངས་པ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་མ་ཞེས་བྱ་བ་ནི་མཁའ་འགྲོ་མའོ། །དེ་བཞིན་དུ་གཞན་དུ་ཡང་ངོ་། །འདི་

རྣམས་ཅིའི་ཕྱིར་སྒྲུབ་པ་པོས་མཉེས་པར་བྱེད་ཅེ་ན། གསུངས་པ། འདི་དག་ཅེས་བྱ་བ་ལ་སོགས་པ་ནི་མཁའ་འགྲོ་མ་ཞེས་པ་ནི་མཁའ་འགྲོ་མ་ནི་མཁའ་འགྲོའོ། །སྒྲུབ་པ་པོའི་འགྲོ་བའང་འཁྱམ་ན། མཁའ་འགྲོ་མ་ལ་སོགས་པ་ཡང་ཅི་འཁྱམ་མམ་ཞེ་ན། གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་

སྟེ། དེ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ཐོབ་ཅིང་ཡོན་ཕུལ་ན་དཔལ་བདེ་མཆོག་གི་རྣལ་འབྱོར་པ་ཅི་བགྱི་བ་ལྟར་གསུང་བའི་དོན་དུ་ཕྱི་ནས་སྙེག་སྟེ་འཁྱམ་མོ་ཞེས་པའི་དོན་ཏོ། །གཞན་ཡང་དེའི་ཕུན་སུམ་ཚོགས་པ་གསུངས་པ། རྣལ་འབྱོར་འདི་ནི་སྒྲུབ་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་རྣལ་

འབྱོར་ནི་ཞི་བ་ལ་སོགས་པ་དེའི་སྒྲུབ་པ་ནི་རྫོགས་པ་སྟེ་འགྱུར་ཞེས་པ་དང་འབྲེལ་ཏོ། །འཇིག་རྟེན་གསུམ་དུ་མི་ལྡོག་ཅིང་། །ཞེས་པ་ནི་གང་གིས་ཀྱང་འཇིག་རྟེན་གསུམ་དུ་བཟློག་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །མི་སྣང་བ་ནི་མང་པོའི་གསེབ་ཏུ་བདག་ཉིད་ཡིབ་

เล่ม ๑๗ · หน้า 217a

པའོ། །རྐང་མགྱོགས་ནི་ས་འོག་གི་དངོས་གྲུབ་པོ། །སྟེང་དུ་ཞེས་པ་སྟེང་དུ་འགྲོ་བའོ། །མཁའ་སྤྱོད་ཅེས་པ་ནི་གྲགས་པའི་མཁའ་སྤྱོད་ཀྱི་དངོས་གྲུབ་པོ། །རྐང་མགྱོགས་ཞེས་པ་ནི་དེ་བཞིན་དུ་ཆོ་གས་སྨན་རྐང་པ་ལ་བྱུགས་ཏེ། ཡུལ་གཞན་འདོད་པའི་སར་འཁྱམ་

པའོ། །བཅུད་ཀྱིས་ལེན་ཞེས་པ་ནི་གང་ཞིག་ཉེ་བར་ལོངས་སྤྱོད་པའི་དུས་དུ་མར་བདེ་བར་གནས་པའོ། །འདིར་ཡིད་ཀྱིས་ཐམས་ཅད་ཤེས་པ་ཅི་འདོད་པ་འགྲུབ་པར་འགྱུར་བ་གསུངས་པ། འདོད་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཐམས་ཅད་སྒྲུབ་པ་པོའི་འདོད་

པ་ལ་རག་ལས་པའོ། །གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་གདུལ་བྱའི་སྐྱེ་བོའི་རང་ངོར་འདོད་པས་ཤཱཀྱ་སེང་གེ་ལ་སོགས་པའི་གཟུགས་དུ་མའི་རྣམ་པར་བྱེད་དོ་ཞེས་པའི་དོན་ཏོ། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །ཞེས་པ་ནི་རྫུ་འཕྲུལ་གྱིས་ནམ་མཁའི་

སྟེང་དུ་འགྲོ་བ་ལ་འདི་དག་ནི་ཉེ་བར་མཚོན་པ་སྟེ། ཆུའི་སྟེང་དུ་ཉལ་བ་དང་། བརྟག་ཅིང་འདུག་པ་དང་། འཆག་པ་དང་། རྩིག་ངོས་ལ་ཐོགས་པ་མེད་པར་འགྲོ་བའོ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་བྱའོ། །མཁའ་འགྲོ་རྣམས་དང་ཁྱད་པར་དུ། །ཞེས་བྱ་བ་ནི་རྒྱུད་

གཞན་ལས་གྲགས་པའི་རྣལ་འབྱོར་མ་དེ་ནི་ཚིམ་པར་བྱེད་པའོ། །རྣམ་པར་བཟླས་པའི་སྐད་ཅིག་གིས། །ཞེས་པ་ནི་བསྟན་ཞིང་མཚུངས་པ་དང་ལྡན་པའི་སྒྲུབ་པ་པོ་སྐྱེ་བ་འདིར་བསྒོམ་པ་གསལ་བ་རབ་ཀྱི་མཐར་ཐུག་པའི་མཚན་ཉིད་དང་ལྡན་པའི་སྐད་ཅིག་གིས་དཔལ་བདེ་

མཆོག་འཁོར་ལོར་འགྲུབ་པར་དགོངས་སོ། །ངེས་དོན་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་མ་རྣལ་འབྱོར་པའོ། །གནོན་ཞེས་བྱ་བ་ནི་བླ་མ་དང་སངས་རྒྱས་ལ་སོགས་པ་སླུ་བའི་སེམས་ཅན་ནོ། །ལན་ཅིག་བལྟས་པའི་ཞེས་བྱ་བ་ནི་དུས་གཅིག་ཏུ་བཅོས་པའི་ཁྲོ་བོས་

ངེས་པར་གནོན་པར་འགྱུར་ཞིང་སྙིང་རྗེས་དམྱལ་བ་ལས་འདོན་པའི་བསམ་པས་ཁ་སྦྱོར་དང་སྔགས་ཀྱིས་ཀྱང་སླུ་བ་པོ་གསོད་པར་འགྱུར་རོ། །བལྟས་ཞེས་བྱ་བ་ལ་གང་ཅུང་ཟད་དགེ་བའི་རྩ་བ་བསྐྱེད་པའི་སྐྱེས་པའམ་བུད་མེད་ཀྱིས་མཐོང་བར་འགྱུར་རོ། །དེ་ནི་རྣལ་འབྱོར་

เล่ม ๑๗ · หน้า 217b

བ་མཐོང་བཙམ་གྱིས་ཚིག་གི་སྤྱོད་ཡུལ་མ་ཡིན་པའི་སོ་སོའི་བདག་ཉིད་རིག་པའི་ཡེ་ཤེས་ཀྱིས་ས་ར་ཧའི་ཞབས་བཞིན་དུ་དེ་ཉིད་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པའི་ཚུལ་གྱིས་རྣལ་འབྱོར་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་དབང་བསྐུར་བའི་འབྲས་བུ་གསལ་བར་

བྱས་ནས། དབང་མ་བསྐུར་བའི་རྣལ་འབྱོར་པ་ནི་མངོན་པར་འདོད་པའི་དགོས་པས་སྟོང་པར་བསྟན་པར་བྱ་བའི་ཕྱིར་གསུངས་པ། མ་མཐོང་བར་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་མི་བདེན་པའི་སྨིག་རྒྱུ་དང་། ནམ་མཁའ་ལ་འཐུང་བ་དང་བརྡེག་པ་མི་རིགས་པ་དེ་བཞིན་

དུ་དཀྱིལ་འཁོར་མ་མཐོང་བར་ལྷའི་རྣལ་འབྱོར་པ་དང་སྔགས་ཀྱི་རྣལ་འབྱོར་པ་ཉིད་དུ་མི་རིགས་སོ་ཞེས་པའི་དོན་ཏོ། །གང་ལས་ཤེ་ན། གསུངས་པ། རྣལ་འབྱོར་འདི་ནི་མངོན་མཆོག་ཅེས་བྱ་བ་ལ་སོགས་པའི་དགོངས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་དཔལ་བདེ་མཆོག་གི་

རྣལ་འབྱོར་པ་ཐམས་ཅད་ཀྱི་རྣལ་འབྱོར་པས་མཆོག་གོ། །དེའི་ཕྱིར་ན་རྣལ་འབྱོར་པ་སྣ་ཚོགས་པའི་དབང་བསྐུར་ཐོབ་པའི་རྣལ་འབྱོར་པ་ཞེས་སྦྱར་བ་ཡིན་ནོ། །གཞན་ཡང་ཐོབ་པའི་ཕན་ཡོན་གསུངས་པ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་དཔལ་བདེ་མཆོག་གི་རྣལ་འབྱོར་དང་

ལྡན་པའི་སྔགས་པ་གང་ལ་ལ་ཞིག་གོ། །གང་ཅུང་ཟད་ཅེས་པ་ནི་གང་ཅུང་ཟད་འཇིག་རྟེན་གསུམ་གྱིས་འཇུག་པའི་དགའ་བ་ལ་སོམ་ཉི་མེད་ཅིང་འདོད་པར་འདོད་པ་སྟེ། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སེམས་ཅན་དེ་རྣམས་ཀྱིས་བདག་པོ་ཟིལ་གྱིས་མནན་ནས་

མཐུ་སྟོབས་ལས་ཤིན་ཏུ་འདས་ནས་འགྲོ་བར་འགྱུར་ཏེ། དེ་དང་ལྷན་ཅིག་ཏུ་རོལ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་ཞེས་བྱ་བ་ལ་སོགས་པ་ནི་བདེ་མཆོག་གི་དཀྱིལ་འཁོར་འདིར་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ཐོབ་པའི་སྐྱེས་བུ་དེས་རྒྱུད་གཞན་དུ་

ཀུན་ནས་ཀྱང་གསུངས་པའི་ཞི་བ་ལ་སོགས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་དགོངས་སོ། །གང་ལས་ཤེ་ན། གསུངས་པ་སྦས་པ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་འདིར་དབང་བསྐུར་ཐོབ་པས་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར་བླ་

เล่ม ๑๗ · หน้า 218a

ན་མེད་པ་དང་། རྒྱུད་གཞན་རྣམས་ཀྱི་ཡང་ཐོབ་པར་འགྱུར་བ་དེའི་ཕྱིར་ཞེས་པའི་དོན་ཏོ། །འདིར་རྒྱུ་ཅིའི་ཕྱིར་ཞེ་ན། གསུངས་པ། རྒྱུད་རྣམས་ཀུན་གྱི་དམ་པ་ཡིན། །ཞེས་པ་སྟེ། གང་གི་ཕྱིར་རྒྱུད་འདིར་གཞན་ཐམས་ཅད་ཀྱི་ནང་ནས་གཅིག་པུ་གཉིས་

སུ་མེད་པའོ། །དམ་པ་ནི་མཆོག་ཏུ་བྱུང་བ་སྟེ། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུད་འདི་ཉིད་ཀྱི་ཕྱིར་ན་ཞེས་དགོངས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་ཡང་གང་ཞིག་ཅེ་ན། གསུངས་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། བདེ་མཆོག་དང་ཞེས་པ་

ནི་ནམ་མཁའ་དང་མཉམ་པའི་མངོན་པར་བརྗོད་པའོ། །འདི་ཞེས་པ་ནི་གང་གི་ཕྱིར་དཔལ་བདེ་མཆོག་གི་བདག་ཉིད་མ་བྱུང་བ་འབྱུང་བར་མི་འགྱུར་རོ་ཞེས་པས་ཆེ་བའི་བདག་ཉིད་བསྟན་པ་དེའི་ཕྱིར་འདི་ཡང་རྣལ་འབྱོར་བླ་ན་མེད་པ་ཞེས་དགོངས་པའོ། །ད་ནི་བྲིས་

པའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་རྫོགས་པར་བསྟན་པར་བྱ་བའི་ཕྱིར་གསུངས་པ། བསྟན་ཞེས་བྱ་བ་ལ་སོགས་པ་སྟེ། བསྟན་དང་ཞེས་པ་ནི་དེ་ཡང་ཆུ་དང་བའི་ལྕི་བ་ལ་སོགས་པའི་རྗེས་སུ་བསྟན་ཏོ། །མ་བསྟན་པ་ནི་རྣལ་འབྱོར་མའི་རྒྱུད་ཐམས་ཅད་དང་རྣལ་འབྱོར་གྱི་

རྒྱུད་ལས་བཤད་པའི་གང་ཞིག་དཀྱིལ་འཁོར་གྱི་ས་གཞི་འདུས་བྱས་ལ་སོགས་པ་དེ་གཉི་གས་ཀྱང་། དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་གནས་ཤིང་ཐམས་ཅད་ཉིད་ཀྱིས་བྱིན་གྱིས་བརླབས་པའོ་ཞེས་དགོངས་པའོ། །དེ་དེ་ལྟར་ན་གསུངས་པ་དཔལ་ཧེ་རུ་ཀའི་རྣལ་འབྱོར་འཛིན་

པ་ཞེས་བྱ་བ་ལ་སོགས་པའོ། །རིམ་པར་ཕྱེ་བ་གསུམ་པའོ།། །།འཁོར་ལོ་གསུམ་ལ་གནས་པའི་ཞེས་པ་ནི་བྲིས་པའི་དཀྱིལ་འཁོར་ལ་འཁོར་ལོ་གསུམ་བཀོད་པའི་གོ་རིམས་ལས་བཟློག་ནས་བསྟན་པ་ཡིན་ཏེ། སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་པས་

འཁོར་ལོ་དགོད་པ་དེའི་མཐར་ཐུག་པར་གྱུར་པའི་བརྩོན་འགྲུས་ཆེན་པོ་དང་པོར་བརྗོད་ནས་འཁོར་ལོའི་ཤུགས་ཅན་མ་ལ་ཐུག་པའི་རྣལ་འབྱོར་མ་བརྒྱད་གོ་རིམས་ལས་བཟློག་པ་བསྟན་ཏེ། དེ་བཞིན་དུ་བྱ་གདོང་མ་ལ་སོགས་པས་གསུང་གི་དཀྱིལ་འཁོར་བརྒྱད་པོ་ཡང་ངོ་། །དེ་

เล่ม ๑๗ · หน้า 218b

ལྟར་ས་སྲུང་མ་ལ་སོགས་པ་ནི་ཐུགས་ཀྱི་འཁོར་ལོ་བརྒྱད་པོ་ཡང་ཡིན་ནོ། །འདི་དག་སྔོན་ཉིད་གྲུབ་པ་ཡིན། །ཞེས་པ་ནི་སྔར་བྲིས་པའི་དཀྱིལ་འཁོར་ལ་འདི་རྣམས་དགོད་པ་ཡིན་པར་དགོངས་པའོ། །དེ་བཞིན་དུ་དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་དང་། བཅོམ་ལྡན་འདས་

མ་དང་ལྷན་ཅིག་པར་བཅོམ་ལྡན་འདས་དགོད་པ་ནི་ཤུགས་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ་ཞེས་པ་ནི། །རང་གི་མིང་བརྗོད་སྔགས་ལ་ནི། །ཞེས་པའི་རྗེས་ཐོགས་སུ་བསྟན་པའི་ཕྱིར་ན་དེའི་འོག་ཏུ་འདི་ཉིད་བརྗོད་པར་བྱ་བ་ཡིན་ནོ་ཞེས་དགོངས་

པའོ། །འདི་ལྟར་བསྟན་ཏེ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པའི་སྔགས་སུ་འགྱུར་རོ། །མཐོང་ན་ཞེས་བྱ་བ་ལ་སོགས་པ་ནི་འདིས་འཁོར་ལོ་གསུམ་གྱི་གཙོ་བོ་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་བའི་ཆེ་བའི་བདག་ཉིད་དུ་རིག་པར་འགྱུར་རོ། །དེ་ལྟ་བས་ན་གྲུབ་

ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ་བཤད་པའི་ཡོན་ཏན་ཞེས་པ་ནི་རྣལ་འབྱོར་དངོས་གྲུབ་འགྱུར་ཞེས་བྱ་བ་ལ་སོགས་པ་རིམ་པར་ཕྱེ་བ་གསུམ་པ་ལས་བཤད་པ་ཞི་བ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །རིམ་པར་ཕྱེ་བ་བཞི་པའོ།། །།རྩ་བའི་སྔགས་བཏུ་བའི་

དོན་དུ་རིམ་པར་ཕྱེ་བ་ལྔ་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། །དེ་ནས་ནི་རིམ་པར་ཕྱེ་བ་བཞི་པ་བཤད་པའི་རྗེས་ཐོགས་སུའོ། །ཆོས་འབྱུང་ཞེས་པ་ནི་ཆོས་ཐམས་ཅད་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །དེ་རྣམས་འབྱུང་བ་ནི་ཆོས་འབྱུང་སྟེ་སྟོང་པ་ཉིད་དོ། །

འདིར་དེའི་ཕྱག་རྒྱ་ཆོས་འབྱུང་ངོ་། །སྣ་ཚོགས་ཞེས་པ་ནི་ཆོས་འབྱུང་ཁོང་སྟོང་གི་ནང་དུ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའོ། །ལྟེ་བར་མི་ཤིགས་ཞེས་པ་ནི་པདྨའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ནཱ་དའི་གཟུགས་ལས་བྱུང་བའི་ཡི་གེ་ཧཱུཾ་ངོ་། །ཤིས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་

རང་བཞིན་གྱི་ཕྱིར་ན་དགེ་བ་འདྲེན་པར་བྱེད་པའོ། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཞེས་པ་ནི་ཕྱི་དང་ནང་དུ་བཅས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཚུལ་གྱིས་བསྡུས་པར་འགྱུར་བའོ། །བྲིས་ནས་ཆོ་ག་བཞིན་སྔགས་པས། །ཞེས་པ་ནི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་

เล่ม ๑๗ · หน้า 219a

དང་ལྡན་པ་ཤེས་རབ་དང་བཅས་པ་ཕྱག་རྒྱ་དྲུག་གིས་བརྒྱན་པ་སྐྲ་གྲོལ་བ་ཕྱོགས་ཀྱི་གོས་ཅན་གྱི་སྔགས་པས་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ས་ཕྱོགས་སུ་བདུད་རྩི་རྣམ་པ་ལྔས་བྱུགས་པའི་སའི་ཁར་མེ་ཏོག་དང་བདུག་པ་དང་དྲི་ལ་སོགས་པས་ཡིད་

འཕྲོག་པར་གྱུར་པ་ཤ་ཆེན་པོའི་སྤོས་དང་མར་ཁུ་ཆེན་པོའི་མར་མེ་སྦར་ལ་ཕྱི་རོལ་དུ་གླུ་དང་གར་དང་རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་བས་ཅང་ཏེའུ་དང་དྲིལ་བུ་དཀྲོལ་བས་གཏོར་མ་དབུལ་ལོ། །དུར་ཁྲོད་བརྒྱད་ལ་སོགས་པར་རྡུལ་ཚོན་གྱིས་སྤྲས་ཏེ་བྲི་བར་བྱའོ་ཞེས་བྱ་

བའི་དོན་ཏོ། །འདིར་དགོས་པ་ཅིའི་ཆེད་དུ་བྲི་བར་བྱ་ཞེ་ན། གསུངས་པ། འདིར་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཞེས་པ་ནི་གཞན་དུ་མེད་པའོ། །སྔགས་ཀྱི་ཚིག་ཅེས་པ་ནི་སྔགས་ནི་རྩ་བའི་སྔགས་ལ་སོགས་པའོ། །ཚིག་ནི་རྒྱུས་ཏེ་ཨཱ་ལི་ཀཱ་ལིར་གྱུར་པའི་སྡེ་

ཚན་བརྒྱད་པོ་ཞེས་པའི་དོན་ཏོ། །འགྱུར་བ་ནི་འགྲོ་བའོ། །དེ་ཉིད་གསུངས་པ། །ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་དབྱངས་དང་ཡི་གེ་རྣམས་མི་མཉམ་པ་མེད་ཅིང་མ་ཚང་བ་མེད་པར་བྲི་བའི་དོན་ཏོ་ཞེས་པ་ནི་དབྱངས་ཡིག་བཅུ་དྲུག་དང་། ཀ་ལ་སོགས་པ་ནས་ཡི་གེ་ཧའི་

མཐར་ཐུག་པའི་གསལ་བྱེད་རྣམས་བསྟན་མ་ཐག་པའི་ཆོ་གས་བྲི་བར་བྱའོ་ཞེས་པའི་དོན་ཏོ། །ཡི་གེ་བརྒྱ་ཉིད་ཅེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་ཕྱག་རྒྱའི་ས་བོན་དང་། །ཞེས་པ་ནི་པདྨའི་ས་བོན་གྱི་ཡི་གེའོ། །ཡི་གེ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཆོས་ཀྱི་ཕྱག་

རྒྱའི་རྡོ་རྗེའི་ས་བོན་གྱི་ཡི་གེ་ཞེས་དགོངས་སོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ནི། རིག་པ་ཞེས་པ་ལ་སོགས་པ་ནི་རབ་ཏུ་གྲགས་ཞེས་བྱ་བ་ལ་ཐུག་པའི་གཞུང་རྣམས་ནི། དེ་བཞིན་ཉི་ཤུ་རྩ་དྲུག་པའོ། །ཞེས་པའི་རྗེས་ཐོགས་ལ་བསྟན་པར་བྱའོ། །རྩ་བའི་སྔགས་ཞེས་

པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱི་ཚོགས་སོ་སོ་ལ་དང་པོར་ཡི་གེ་ཨོཾ་ཐ་མར་ཡི་གེ་ཧུཾ་ཧཱུཾ་ཕཊ་དོ། །དེ་བཞིན་དུ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་ལ་དང་པོར་ཡི་གེ་ཨོཾ་དང་ཐ་མར་ཡི་གེ་ཧུཾ་ཧཱུཾ་ཕཊ་རིམ་པ་ཇི་ལྟ་བ་བཞིན་དུ་རང་གི་མིང་ཇི་ལྟ་བར་བརྟེན་ལ་ཐོད་པའི་དུམ་བུ་ལ་

เล่ม ๑๗ · หน้า 219b

ལ་སོགས་པའི་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་དེ་ལྟར་ན་བསྟན་པ་འདི་རྣམས་རབ་ཏུ་གྲགས་པ་ཞེས་པ་འདི་དེ་མ་ཐག་པར་བལྟ་བར་བྱའོ། །ཕྲེང་བའི་སྔགས་ཇི་ལྟར་བརྗོད་པ་ལྟར་ཤེས་པའོ། །རིམ་པར་ཕྱེ་བ་ལྔ་པའོ།། །།གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་

སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཉེ་བར་དགོད་པའོ། །ཤེས་རབ་དང་ལྡན་པའི་མ་དད་པ་རྣམས་རྨོངས་པར་བྱེད་པའི་དོན་དུ་དོན་དམ་པའི་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བར་བྱའོ། །དེ་ལྟ་བས་ན་གསུངས་པ། ཡའི་སྡེ་ཚན་ཞེས་བྱ་བ་ལ་སོགས་པ་སྟེ། བརྒྱད་པའི་ས་བོན་ནི་

ཧའོ་ཞེས་པ་ནི་ཚིག་གཅིག་གི་རིགས་སུ་བརྗོད་པའོ། །དོན་དམ་པའི་ཧ་བཅུ་གཉིས་བྲི་བར་བྱའོ། །མ་ནིང་སྤངས་པ་ཞེས་པ་ནི་རྀ་རཱྀ་ལྀ་ལཱྀ་དང་བྲལ་བའོ། །ཡི་གེ་ཨོཾ་ལ་སོགས་པ་ཞེས་པ་ནི་སོགས་པའི་སྒྲས་ན་མཿསྭཱ་ཧཱ། པཽ་ཥཊ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །

རེ་རེ་ཡང་དག་གནས་ཞེས་པ་ནི་ཡི་གེ་ཧ་རེ་རེའི་འོག་ཏུ་ཡི་གེ་ཨོཾ་ཀེ་ཨཾ་ལ་སོགས་པ་བཞག་ཅེས་དགོངས་པའོ། །དེ་དེ་ལྟར་ན་གསུངས་པ་ཡི་གེ་ཧའི་སྔོན་དུ་ཡི་གེ་ཨཾ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཉེ་བར་མཚོན་པ་ཙམ་སྟེ། གཞན་ཡི་གེ་ཧི་ལ་སོགས་པ་ལྔ་པོ་རྣམས་ཀྱི་སྔོན་དུ་

ཡང་། ན་མཿལ་སོགས་པ་ལྔ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །ཨོཾ་ན་མཿསྭཱ་ཧཱ་པཽ་ཥཊ་ཧཱུཾ་ཧཱུཾ་ཕཊ། ཡི་གེ་དང་ཡང་དག་པར་ལྡན་པར་ཤེས་པར་བྱ་ཞེས་པ་ནི་ཡི་གེ་ཨོཾ་ལ་སོགས་པ་རྣམས་བཞག་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་བྱ་བའི་དྲུག་པོ་རྣམས་སྦྱར་བར་བྱའོ་ཞེས་

དགོངས་པའོ། །སྒྲུབ་པོས་ཞེས་བྱ་བ་ལ་སོགས་པ་ནི་འདིར་གོ་ཆའི་སྔགས་དྲུག་བཏུས་པའི་འོག་ཏུ་སྙིང་ག་ལ་སོགས་པར་དགོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། དང་པོར་སྙིང་ག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དེའི་སྙིང་གར་

ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལྷག་པར་མོས་པར་བྱའོ། །དེ་ལྟར་གཞན་ལ་ཡང་གོ་བར་བྱའོ། །དེ་ལྟར་རེ་ཞིག་ཡི་གེའི་སྒོ་ནས་གོ་ཆ་བསྟན་ཏོ། །གང་ཡང་སྒོམ་པ་པོ་ལ་ལྟོས་ནས་ལྷ་དགོད་ཅིང་བྲི་བ་ནི་སྙིང་གར་ཡི་གེ་ཧ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་

เล่ม ๑๗ · หน้า 220a

ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་ཕྱག་གཉིས་ན་རྡོ་རྗེ་དང་ཅང་ཏེའུ། གཡོན་གྱི་ཕྱག་ན་ཁ་ཊྭཱཾ་ག་དང་ཐོད་པ་དང་གྲི་གུག་བསྣམས་པ་ཕག་མོ་དམར་མོ་ལ་འཁྱུད་པའོ། །མགོ་བོ་ལ་ཡི་གེ་ཧི་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་རྣམ་པར་རྣམ་པར་སྣང་མཛད་སེར་པོ་

ཞལ་གཅིག་ཕྱག་བཞི་པ་གཡས་ན་འཁོར་ལོ་ཕྱག་གཞན་གསུམ་ན་སྔར་བསྟན་པའི་ཕྱག་མཚན་བསྣམས་པ་གཤིན་རྗེ་མ་སྔོན་མོ་ལ་འཁྱུད་པའོ། །སྤྱི་གཙུག་ཏུ་ཡི་གེ་ཧུ་དང་པདྨ་ཡོངས་སུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་ཞལ་གཅིག་ཕྱག་བཞི་པ་རྨོངས་བྱེད་མ་

དཀར་མོའི་མགྲིན་པ་ནས་འཁྱུད་པ། ཕྱག་བཞི་པ་གཡས་པ་ན་པདྨ། གཞན་རྣམས་ཀྱི་ཕྱག་མཚན་སྔར་གྱི་བཞིན་ནོ། །ཕྲག་པ་གཉིས་ལ་ཡི་གེ་ཧེ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་པ། སྐྱོད་བྱེད་མ་སེར་མོའི་མགྲིན་པ་ནས་འཁྱུད་པ། ཕྱག་བཞི་པ་

ཕྱག་རྣམས་ན་རྡོ་རྗེ་སེམས་དཔའི་མཚན་མའོ། །མིག་དག་ལ་ཡི་གེ་ཧོ་དང་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཉི་མ་གསེར་བཙོ་མ་ལྟ་བུ་ཞལ་གཅིག་པ། སྐྲག་བྱེད་མ་སེར་མོ་ལ་འཁྱུད་པ་ཕྱག་བཞི་པ་གཡས་ན་རིན་པོ་ཆེ་བསྣམས་པ། ཕྱག་བཞི་ན་གསུམ་པོ་སྔར་

གྱི་བཞིན་ནོ། །དཔྲལ་བར་ཡི་གེ་ཧཾ་དང་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྟ་མཆོག་རྡོ་རྗེ་ལྗང་གུའི་མདོག་ཅན་ཞལ་གཅིག་པ། གཏུམ་བྱེད་མ་དུ་བའི་མདོག་ཅན་མ་ལ་འཁྱུད་པ། ཕྱག་བཞི་པ་གཡས་ན་སྣ་ཚོགས་རྡོ་རྗེ་ཕྱག་གཞན་གསུམ་པོ་རྣམས་སྔར་བསྟན་པ་བཞིན་

ནོ། །བསྒོམ་པར་བྱ་བ་འདི་རྣམས་ཀུན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་བརྐྱང་བས་གདན་ལ་བཞུགས་པ། རལ་པའི་ཅོད་པན་གྱིས་མཚན་པ། རིམ་པར་ཕྱེ་བ་དྲུག་པའོ།། །།ཡི་གེ་ཨོཾ་ཞེས་པ་ལ་སོགས་པ་ནི་རྐང་པ་བརྒྱད་པའི་སྔགས་རིམ་པར་ཕྱེ་བ་

གཉིས་ཀྱིས་བཏུས་པར་རྟོགས་པར་བྱའོ། །དང་པོར་ཡི་གེ་ཨོཾ་མོ། །ཐ་མར་ཡི་གེ་ཧུཾ་ཧཱུཾ་ཕཊ་སྦྱར་བར་བྱ་ཞེས་དགོངས་པའོ། །རིམ་པར་ཕྱེ་བ་བདུན་པའོ།། །།རིམ་པར་ཕྱེ་བ་དྲུག་པར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སྙིང་པོ་བསྟན་པའི་བཏུ་བའི་རིམ་པར་ཕྱེ་

เล่ม ๑๗ · หน้า 220b

བ་བརྒྱད་པ་གསུངས་ལ། དེ་ནས་རང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རང་ལ་བདག་ཉིད་ཅེས་པ་ནི་དང་པོའི་དོན་གྱི་གཉིས་པ་སྟེ། མ་ཕྱི་བ་བསྡུ་བར་བྱས་པའོ། །རང་ཉིད་ཀྱིས་གཉུག་མའི་སྐུ་དཔལ་བདེ་མཆོག་འཁོར་ལོའི་རང་བཞིན་སྔགས་དང་ཕྱག་རྒྱ་ལྷ་དང་ཐ་མི་དད་པའི་སྙིང་

པོའི་སྔགས་ནི་དེ་སྐད་ཅེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པ་ནི་སྔགས་ཀྱི་རྒྱལ་པོ་འདི་རིམ་པ་གསུམ་དུ་རྣམ་པར་གཞག་སྟེ། ཕག་མོ་ལ་སོགས་པ་དང་ལྷན་ཅིག་ཏུ་མཁའ་འགྲོ་མའི་ཚོགས་རྣམས་གཅིག་ཏུ་ཡི་གེ་ཇི་ལྟ་བ་བཞིན་དུ་བསྡམས་ཤིང་སྐྱེད་པར་བྱེད་པས་མཁའ་འགྲོ་མའི་དྲ་བ་

སྡོམ་ཞེས་བྱའོ། །འདི་ཡང་དང་པོའི་དོན་གྱི་གཉིས་པའོ། །དེ་ལྟ་བས་ན་གསུངས་པ། བདག་དཔལ་ཧེ་རུ་ཀའི་བདག་ཉིད་ཅེས་བྱ་བའི་འཁོར་ལོ་གསུམ་ན་རྣམ་པར་གནས་པ་ཞེས་པ་ནི་མན་ངག་གི་རིམ་པ་གསུམ་པའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་

ཞེས་པ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་དང་། མཁའ་འགྲོ་མ་སོ་སོའི་ས་བོན་གྱི་ཡི་གེ་ལས་བྱུང་བའི་སྔགས་སྤྱིར་སྔགས་དང་ལྷ་དག་དེའི་བདག་ཉིད་ཀུན་དུ་འགྲོ་མའི་རང་བཞིན་ནོ་ཞེས་དགོངས་པའོ། །མན་ངག་གི་རིམ་པ་ནི་འདི་ཡིན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་དཔལ་འཁོར་ལོ་སྡོམ་པའི་སྐུ་ཡོངས་སུ་

གྱུར་པ་དེའི་བདག་ཉིད་ཀྱི་སྙིང་གར་སྐད་ཅིག་གིས་གཞལ་ཡས་ཁང་རྣམ་པར་གཞག་པར་བྱའོ། །དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའོ། །དེའི་ལྟེ་བ་ལ་སྣ་ཚོགས་པདྨ་བསྒོམ་པར་བྱའོ། །དེ་ནས་དེའི་ལྟེ་བ་ལ་ཟླ་བ་དང་ཉི་མའི་དཀྱིལ་དུ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཞལ་བརྒྱད་པ་

ཕྱག་བཅུ་དྲུག་པའོ། །དེ་ལ་གནས་པའི་ཡི་གེ་ཧྲཱིཿཧཱུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་ཕག་མོ་ལས་བྱུང་བ་སྐུ་མདོག་སྔོན་པོ་ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་པའི་སྐུ་ཕྱག་རྒྱ་དྲུག་དང་ལྡན་པའོ། །སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ་རལ་པའི་ཅོད་པན་ལ་གནས་པའི་ཟླ་བ་ཕྱེད་པས་མཛེས་

པ། གཡས་བརྐྱང་བས་འཇིགས་པར་བྱེད་པ་དང་། དུས་མཚན་མནན་པ། དྲག་པོ་ཆེན་པོ་གཡས་དང་གཡོན་པའི་ཕྱག་གི་གཙོ་བོ་དག་གིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པ་དཔལ་བདེ་མཆོག་འཁོར་ལོའི་ཐུགས་ཀར་བྱུང་བའི་བཅོམ་ལྡན་འདས་ཀྱི་ཞལ་དང་པོ་

เล่ม ๑๗ · หน้า 221a

སྔོན་པོ། །གཡོན་དམར་བ། གཡས་དཀར་བོའོ། །དེ་བཞིན་དུ་གཡོན་སྐོར་གྱིས་སེར་པོ་དང་ལྗང་གུ་དང་། དུ་བ་དང་སྔོ་བསངས་དང་། ཐལ་སྐྱ་སྟེ་ཞལ་གཞན་རྣམས་སོ། །གཡོན་དང་གཡས་པའི་ཕྱག་གཉིས་ཀྱིས་ཚངས་པའི་པགས་པ་བཤུས་ནས་རྒྱབ་ཏུ་ཕྱར་ཏེ་བསྣམས་པའོ། །

རྩེ་གསུམ་པ་དང་། དགྲ་སྟ་དང་། རལ་གྲི་དང་། ཅང་ཏེའུ་དང་། གྲི་གུག་དང་། ལྕགས་ཀྱུ་རྣམས་གཡས་ཀྱི་ཕྱག་དྲུག་ན་བསྣམས་པའོ། །དེ་བཞིན་དུ་གཡོན་གྱི་ཕྱག་དྲུག་ན་རིམ་པ་ཇི་ལྟ་བར། ཐོད་པ་དང་། ཁ་ཊྭཱཾ་ག་དང་། མགོ་བོ་དང་། ཞགས་པ་དང་། ཐོ་བ་དང་། སྡིགས་མཛུབ་རྣམས་བསྣམས་པར་

བསྒོམ་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ནི་སྐྲ་གྲོལ་བ་མདོག་དམར་པོ་བསྒོམ་པར་བྱའོ། །འོན་ཀྱང་ཞལ་གྱི་གཙོ་བོ་དམར་པོ་གཡས་སྔོ་བ་གཡོན་དཀར་པོ་ཞལ་གཞན་མ་ལྔ་པོ་བཅོམ་ལྡན་འདས་ཀྱི་ཞལ་དང་མཚུངས་པའོ། །ལྷ་མོས་མདའ་དང་གཞུ་བསྣམས་པ། ཚངས་པའི་པགས་པ་

རྣམ་པར་སྤངས་པའོ། །ཕྱག་གཞན་རྣམས་ན་བཅོམ་ལྡན་འདས་ཀྱི་མཚོན་ཆ་བསྣམས་པའོ། །དུམ་བུས་བརྒྱན་པའི་སྐེ་རགས་ཅན་གཅེར་བུ་ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་པ། པུས་མོ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྱུད་པ་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའོ། །དེ་བཞིན་དུ་རེ་

ཞིག་བཅོམ་ལྡན་འདས་མ་དང་བཅོམ་ལྡན་འདས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་དགོད་དོ། །དེའི་ཤར་གྱི་འདབ་མ་ལ་ནི་ཡི་གེ་ཨོཾ་ལས་བྱུང་བའི་རབ་ཏུ་བསྔགས་པའི་ཞེས་བྱ་བའི་མཁའ་འགྲོ་མ་སེར་མོ་ཞལ་གསུམ་པ། ཞལ་གྱི་གཙོ་བོ་ཡིད་ཙམ་སེར་བ། གཡས་སྔོ་བ། གཡོན་ལྗང་

གུའོ། །བྱང་གི་འདབ་མ་ལ་ཡི་གེ་བ་ལས་རྟ་རྒོད་མའི་ཞལ་ཅན། ལྗང་གུ་ཞལ་གསུམ་པ་ཞལ་གྱི་གཙོ་བོ་ལྗང་གུ་གཡོན་དམར་བ། གཡས་དཀར་བའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ། ཡི་གེ་ཛ་ལས་སྐྱེས་པའི་སིན་དྷཱུར་གྲགས་པ་ཞེས་བྱ་བའི་མཁའ་འགྲོ་མ་དཀར་མོ་ཞལ་གསུམ་པ། ཞལ་གྱི་གཙོ་

བོ་དཀར་པོའོ། །གཡས་ཀྱི་ཞལ་སྔོ་བ། གཡོན་ལྗང་གུའོ། །ལྷོའི་འདབ་མ་ལ་ཡི་གེ་ཧེ་ལས་གདངས་ལྟ་བུ་ཞེས་བྱ་བའི་མཁའ་འགྲོ་མ་དམར་མོ་ཞལ་གསུམ་པ་ཞལ་གྱི་གཙོ་བོ་དམར་བ། གཡས་སྔོ་བ། གཡོན་ལྗང་གུའོ། །འདི་ཐམས་ཅད་སྤྱན་གསུམ་པ། ཕྱག་རྒྱ་རྣམ་པ་ལྔས་བརྒྱན་པ། གཅེར་

เล่ม ๑๗ · หน้า 221b

བུ་སྐྲ་གྲོལ་བ། རོའི་སྟེང་དུ་གཡས་བརྐྱང་བས་བཞུགས་པ་ཕྱག་དྲུག་མའོ། །གཡས་ཀྱི་ཕྱག་གསུམ་ན་མདའ་དང་ལྕགས་ཀྱུ་དང་ཅང་ཏེའུ་བསྣམས་པའོ། །དེ་བཞིན་དུ་གཡོན་གྱི་ཕྱག་གསུམ་ན་གཞུ་དང་ཞགས་པ་དང་ཁ་ཊྭཱཾ་ག་དང་ལྷན་ཅིག་པར་ཐོད་པ་བསྣམས་པའོ། །པདྨ་ལྟར་དག་པ། གཡས་ངོས་

སུ་སྤྱན་ཟུར་གྱིས་གཟིགས་པ་བསྒོམ་པར་བྱའོ། །མཚམས་བཞིར་གནས་པའི་སྣོད་བཞི་པོ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་ཞིང་བུམ་པའི་སྟེང་གི་ཐོད་པའོ་ཞེས་བྱ་བ་ནི་ནང་གི་རིམ་པའོ། །དེའི་རྗེས་ཐོགས་སུ་རིམ་པ་བར་མའི་ཤར་དུ་ཡི་གེ་ཧེ་ལས་ཧེ་ལཱ་སྱེ་ཀའོ། །བྱང་ཕྱོགས་སུ་ཡི་གེ་རུ་ལས་

གདུ་བུ་ཅན་ནོ། །ནུབ་ཕྱོགས་སུ་ཡི་གེ་རུ་ལས་དུང་གི་ཕྲེང་བའོ། །ལྷོ་ཕྱོགས་སུ་ཡི་གེ་ཀཾ་ལས་ཀེང་རུས་མའོ། །མེའི་མཚམས་སུ་ཡི་གེ་ཧཱུཾ་ལས་ཧཱུཾ་མཛད་མའོ། །བདེན་བྲལ་དུ་ཡི་གེ་ཕཊ་ལས་ཕཊ་ཡིག་མའོ། །རླུང་གི་ཕྱོགས་སུ་ཡི་གེ་ཌཱ་ལས་མཁའ་འགྲོ་མའོ། །དབང་ལྡན་དུ་ཡི་གེ་ཀི་ལས་

ག་ཞའི་སྒྲ་མའོ། །བརྒྱད་པོ་འདི་རྣམས་ནི་སྐུ་མདོག་སྔོན་མོ་ཞལ་གཅིག་པ་ཕྱག་བཞི་པ་གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པའོ། །གཡས་ན་ཅང་ཏེའུ་དང་གྲི་གུག་བསྣམས་པ་སྤྱན་གསུམ་པ། སྐྲ་གྲོལ་བ་རོའི་སྟེང་དུ་གཡས་བརྐྱང་བས་བཞུགས་པ་བསྒོམ་པའོ་ཞེས་པ་ནི་རིམ་པ་བར་

མའི་ལྷ་རྣམས་དགོད་པའོ། །དེ་ནས་ཕྱི་རོལ་གྱི་རིམ་པ་ལ། ཡི་གེ་ནཱི་ལས་དབང་ལྡན་གྱི་མཚམས་སུ་སྔོན་མོ་ཡང་དག་འབྱུང་ཞེས་པ་ནི་སེར་མོའོ། །རླུང་དུ་ཡི་གེ་ཛ་ལས་དྲ་བའི་མཆོག་མ་ལྗང་གུའོ། །བདེན་བྲལ་དུ་ཡི་གེ་ལ་ལས་སྟོབས་འཕྱང་མ་སྔོན་མོའོ། །མེར་ཡི་གེ་སཾ་ལས་བདེ་

མཆོག་མ་དམར་མོའོ། །འདི་ཐམས་ཅད་ཞལ་གཅིག་པ་ཕྱག་བཞི་པ་གཡོན་གཉིས་ན་རྡོ་རྗེ་ལྕགས་ཀྱུ་དང་ཐོད་པ་ལྷན་ཅིག་པའི་ཁ་ཊྭཱཾ་ག་བསྣམས་པའོ། །གཡས་ཀྱི་ཕྱག་གཉིས་ན་ཅང་ཏེའུ་དང་གྲི་གུག་བསྣམས་པ། གཅེར་བུ་རོའི་གདན་ལ་གཡས་བརྐྱང་བས་བཞུགས་པ་ཕྱག་རྒྱ་ལྔ་འཆང་བ་

ཐོད་པའི་ཕྲེང་བ་ཅན་སྤྱན་གསུམ་པ་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར་གྱི་སྒོར་ཡི་གེ་བ་ལས་བར་ལོ་གྲ་སྔོན་མོ། །ཞལ་གསུམ་པ། ཞལ་དང་པོ་སྔོན་པོ། གཡོན་དམར་བ། གཡས་དཀར་བ། ཕྱག་དྲུག་པ། གཡོན་གྱི་ཕྱག་གསུམ་ན་ཐོད་པ་དང་ཁ་ཊྭཱཾ་ག་དང་མགོ་བོ་དང་སྡིགས་མཛུབ་

เล่ม ๑๗ · หน้า 222a

བསྣམས་པ། དེ་བཞིན་དུ་གཡས་ཀྱི་ཕྱག་གསུམ་ན་ལྕགས་ཀྱུ་དང་གྲི་གུག་དང་ཅང་ཏེའུ་བསྣམས་པའོ། །ལྷོའི་སྒོར་ནི་ཡི་གེ་རཾ་ལས་དགེ་བྱེད་དྲག་ཤུལ་མའི་མཁའ་འགྲོ་མ་དཀར་མོ་ཞལ་གསུམ་མ་ཞལ་གྱི་གཙོ་བོ་དཀར་བ། གཡས་དམར་བ། གཡོན་ལྗང་གུ་ཕྱག་དྲུག་པ།

གཡོན་གྱི་ཕྱག་གསུམ་ན་ཐོད་པ་དང་ལྷན་ཅིག་ཏུ་ཁ་ཊྭཱཾ་ག་དང་། གྲི་གུག་དང་ལྷན་ཅིག་ཏུ་སྡིགས་མཛུབ་དང་། ཚངས་པའི་མགོ་བོ་བསྣམས་པའོ། །གཡས་ཀྱི་ཕྱག་གསུམ་ན་ཞགས་པ་དང་། ལྕགས་ཀྱུ་དང་། ཅང་ཏེའུ་བསྣམས་པའོ། །ནུབ་ཀྱི་སྒོར་ན་ཡི་གེ་སྭཱ་ལས། རང་ལྟ་བུའི་དྲ་བ་དམ་པ་མ་དམར་མོ་

ཞལ་གསུམ་པ། ཞལ་གྱི་གཙོ་བོ་ཡིད་ཙམ་དམར་བ། ཞལ་གཡོན་ནས་རིམ་པ་ཇི་ལྟ་བར་སྔོ་བ་དང་ལྗང་གུའོ། །ཕྱག་དྲུག་ན་ལྕགས་སྒྲོག་དང་གྲི་གུག་བསྣམས་པ་སྟེ། གཡས་ཀྱི་ཕྱག་གསུམ་ནའོ། །གཡོན་གྱི་ཕྱག་གསུམ་ན་ཐོད་པ་དང་ཁ་ཊྭཱཾ་ག་དང་མགོ་བོ་དང་སྡིགས་མཛུབ་བསྣམས་པའོ། །བྱང་དུ་ཡི་གེ་ཧཱཾ་

ལས་དོ་ཤལ་རྣམ་རྒྱལ་དམ་པ་མ་ལྗང་གུ་ཞལ་གསུམ་པ། གཙོ་བོའི་ཞལ་དང་། གཡས་དང་ཅིག་ཤོས་ཀྱི་ཞལ་རྣམས་ནི་རིམ་པ་ཇི་ལྟ་བུར་ལྗང་གུ་དང་སེར་མོ་དང་དམར་མོའི་མདོག་གོ། །ཕྱག་དྲུག་པ་གཡས་ཀྱི་གསུམ་ན་དྲིལ་བུ་དང་ཅང་ཏེའུ་གྲི་གུག་གོ། །དེ་བཞིན་དུ་གཡོན་གྱི་ཕྱག་གསུམ་ན་སྡིགས་

མཛུབ་དང་མགོ་བོ་དང་། ཐོད་པ་དང་ཁ་ཊྭཱཾ་གའོ། །བརྒྱད་པོ་འདི་རྣམས་སྐྲ་གྲོལ་བ། ཕྱག་རྒྱ་ལྔ་འཛིན་མ། རོའི་སྟེང་དུ་གཡས་བརྐྱང་བས་བཞུགས་པ། ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་གོས་ཅན་བསྒོམ་པར་བྱའོ། །ཐམས་ཅད་རིམ་པ་གསུམ་ན་བཞུགས་པ། མི་བསྐྱོད་

པའི་ཅོད་པན་ཅན་ཉི་མ་ལ་བཞུགས་པ། ཉི་མའི་དཀྱིལ་འཁོར་གྱི་རྒྱབ་ཡོལ་ཅན་ནོ། །ཡི་གེ་བཾ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དྲུག་པའི་དོན་ནི་བདུན་པ་སྟེ། ཨོཾ་བཾ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །ཨོཾ་བཾ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཡིན་ཏེ། ཡན་ལག་ཐམས་ཅད་ལ་མཚོན་ཆའི་གཟུགས་ཀྱིས་

ཞེས་བྱ་བ་ལ་སོགས་པ་ཡན་ཆད་ནས་ཇི་ལྟ་བར་རྡོ་རྗེ་ཕག་མོ་ལ་སོགས་པའི་རང་བཞིན་གྱི་སྔགས་རྣམས་དམར་པོ་དང་། སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། ལྗང་གུ་དང་། དུ་བ་སྔོ་ནག་གི་ཁ་དོག་རྣམས་དགོད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་དང་དེའི་སྔགས་རྫོགས་པའི་ལྷ་

เล่ม ๑๗ · หน้า 222b

མོ་དགོད་པ་ནི་གང་ཡང་སྒྲུབ་པ་པོའི་མོས་པ་དང་སྦྱར་ཏེ་བསྟན་པར་བྱའོ་ཞེས་རྟོགས་པར་བྱའོ། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་གཅིག་པུའམ། རང་གི་འཁོར་ལོའི་གཙོ་བོའི་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཡིད་བརྟན་པར་བསྒོམས་ནས་ཞེས་བྱ་བ་ནི་དེའི་ལྟེ་བ་ལ་ཨོཾ་བཾ་གྱི་སྔགས་ལས་སྐྱེས་

པའི་མདོག་དམར་པོ་དང་། སྔོན་པོ་དང་། ལྗང་གུའི་ཞལ་ཅན་ནོ། །གཡོན་ན་ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཞགས་པ་བསྣམས་པའོ། །གཡས་ན་ལྕགས་ཀྱུ་དང་། ཚངས་པའི་མགོ་བོ་དང་། གྲི་གུག་བསྣམས་པ་ཉི་མ་ལ་བཞུགས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་རིམ་པ་ཇི་ལྟ་བར་

སྙིང་ག་དང་། ཁ་དང་། མགོ་བོ་དང་། སྤྱི་གཙུག་དང་། ཡན་ལག་ཐམས་ཅད་ལ་གཤིན་རྗེ་མ་དང་། རྨོངས་བྱེད་མ་དང་། སྐྱོད་བྱེད་མ་དང་། སྐྲག་བྱེད་མ་དང་། ལྟུང་བྱེད་མ་རྣམས་ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཡོངས་སུ་གྱུར་པ་ལས་སྔོན་པོ་དང་། དཀར་པོ་དང་སེར་པོ་དང་།

ལྗང་གུ་དང་། དུ་བ་དང་། སྔོ་ནག་གི་མདོག་ཅན། ཞལ་གཅིག་པ། སྐྲ་གྲོལ་བ། སྤྱན་གསུམ་པ། ཕྱག་བཞི་པ་གཡོན་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་དྲིལ་བུ་གཡས་ན་ཅང་ཏེའུ་དང་གྲི་གུག་བསྣམས་པ། རྨོངས་བྱེད་མ་མ་གཏོགས་པ་རྣམས་ཉི་མ་ལ་བཞུགས་པ་ཉི་མའི་དཀྱིལ་

འཁོར་གྱི་རྒྱབ་ཡོལ་དང་ལྡན་པའོ། །རྨོངས་བྱེད་མ་ནི་ཟླ་བ་ལ་བཞུགས་པ་ཟླ་བའི་དཀྱིལ་འཁོར་གྱི་རྒྱབ་ཡོལ་དང་ལྡན་པ་བསྒོམ་པར་བྱའོ། །རྣལ་འབྱོར་མ་དྲུག་གི་སྙིང་པོ་ཞེས་བྱ་བ་ནི་ཨོཾ་བཾ་ཞེས་པ་ལ་སོགས་པའི་སྔགས་དྲུག་སྟེ། རྡོ་རྗེ་ཕག་མོ་ལ་སོགས་པ་གོ་ཆ་དྲུག་གི་སྔགས་ཡོངས་

སུ་གྱུར་པ་ལ་ལས་ས་བོན་གྱི་ཡི་གེའོ་ཞེས་དགོངས་པའོ། །ས་སྟེངས་ཞེས་བྱ་བ་ལ་སོགས་པ་ནི་ས་སྟེངས་སུ་འཇིག་རྟེན་པ་ལ་རབ་ཏུ་གྲགས་པའི་གླང་པོ་དང་། རྟ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་ཞེས་བྱ་བའི་དོན་ཏོ། །འདིར་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་ཞེས་བྱ་

བ་ལ་སོགས་པ་ནི་འདིར་ཐུན་མོང་ཉིད་དུ་ཕྲེང་བའི་སྔགས་ལ་སོགས་པ་བཟུང་ནས་བསྟན་པར་འགྱུར་རོ། །དོན་དམ་པར་ནི་སྔགས་བརྒྱད་ཡོད། །ཅེས་པ་སྟེ། དེ་ལ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་དང་ལྷན་ཅིག་པའི་རྐང་པ་བརྒྱད་པའི་སྔགས་ཉིད་བཏུ་བ་བཅོམ་ལྡན་འདས་ཀྱི་ཕྲེང་བའི་

เล่ม ๑๗ · หน้า 223a

སྔགས་སོ། །བཅོམ་ལྡན་འདས་མ་ནི། ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧཱི་བཾ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པའོ། །འདི་ཡང་བཤད་པའི་རྒྱུད་དུ་བལྟ་བར་བྱའོ། །ཨོཾ་ཤྲཱི་བཛྲ་ཞེས་བྱ་བ་ལ་སོགས་པ་བསྟན་མ་ཐག་པ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའོ། །བཅོམ་ལྡན་འདས་

མའི་ནི་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཞེས་བྱ་བ་ལ་སོགས་པའོ། །ཨོཾ་ཧྲཱིཿཧ་ཧ་ཞེས་བྱ་བ་ལ་སོགས་པ་ནི་རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་མའི་ཉེ་བའི་སྙིང་པོའོ། །ཨོཾ་ཧ་ན་མཿཧི་ལ་སོགས་པའི་

གོ་ཆ་ནི་བཅོམ་ལྡན་འདས་ཀྱིའོ། །བཅོམ་ལྡན་འདས་མའི་བསྟན་མ་ཐག་པ་ཉིད་ཀྱིས་སྔགས་ཨོཾ་བཾ་ཞེས་བྱ་བ་ལ་སོགས་པའི་གོ་ཆ་ཞེས་པ་ནི། སྔགས་བཞི་པོ་ཐུན་མོང་དུ་རིན་ཆེན་བཞི་ཞེས་པའི་དགོངས་པའོ། །རིན་ཆེན་བཞི་པོ་འདི་ལས་ཕྲེང་བའི་སྔགས་དམ་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་

འདས་མ་ལ་རྡོ་རྗེ་ཕག་མོ་རིག་པ་ཆེན་མོ་ཞེས་བྱ་བའི་མིང་གཞན་ནོ། །བཅོམ་ལྡན་འདས་ཀྱང་ཧེ་རུ་ཀའི་རིག་པའི་རྒྱལ་པོ་མིང་གི་དམ་པ་ཞེས་བྱ་བར་རིག་པར་བྱའོ། །རིན་ཆེན་བཞི་ཅན་ཞེས་བརྗོད་པར་རོ། །རིན་ཆེན་བཞི་པོ་ཞེས་གང་ལས་ཤ་ན། གསུངས་པ། རྒྱུད་ལས་སེམས་ཅན་རྣམས་རྣམ་

པར་རྨོངས་པར་བྱ་བའི་དོན་ལ་སོགས་པར་རྣམ་པར་ཕྱེ་སྟེ་ངེས་པར་བསྟན་པ་ཉེ་བར་མཚོན་པའོ། །རྟགས་ངེས་པར་བསྟན་པས་ཀྱང་ཞེས་བྱ་བའི་དོན་ཏོ། །འདི་གཉིས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་ཞེས་བྱ་བའི་སྔགས་བཞི་རིན་ཆེན་བཞི་ཞེས་བསྟན་པར་བྱའོ། །ཕྱོགས་འདིར་སྔགས་འདིའི་རིན་པོ་

ཆེའི་སྒྲའི་ཚིག་གང་དང་གང་ཞིག་གཞན་གྱི་ཕྲེང་བའི་སྔགས་ས་སྟེངས་ན་དམ་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་དང་། བཅོམ་ལྡན་འདས་དམ་པའོ་ཞེས་སྦྱར་རོ། །འདི་ནི་རིམ་པར་ཕྱེ་བ་བརྒྱད་པའོ།། །།རྩ་བའི་སྔགས་ཞེས་པ་ནི། རིགས་ཞེས་པའི་སྔགས་གཞན་ལས་གསུངས་

པ། ཇི་སྲིད་དུ་རྩ་བའི་སྔགས་ཞེས་པའི་བརྗོད་པ་དེ་སྲིད་དུ་ཡང་ཕྲེང་བའི་སྔགས་ཉིད་དུ་དགོངས་སོ་ཞེས་པའི་དོན་ཏོ། །འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ་ཞེས་པ་ནི་སྔགས་འདི་འདོད་པའི་དོན་ཏོ། །ལས་རྣམས་ཐམས་ཅད་བྱེད་པའོ། །ཞེས་པ་ནི་མདོར་བསྟན་པའོ། །

เล่ม ๑๗ · หน้า 223b

འདིའི་རྒྱས་པར་བཤད་པ་ནི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པའོ། །འདིའི་ཡང་ཤིན་ཏུ་རྒྱས་པར་བཤད་པ་ནི་ཀླུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས། གསོད་པར་བྱེད་དོ་ཞེས་པ་ཡན་ཆད་ཀྱི་བར་དུའོ། །ལྷ་ཐམས་ཅད་ཀྱི་སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་ནི་ཀླུ་ཐམས་ཅད་ལ་སོགས་པའི་

ཡང་ལྷ་ཐམས་ཅད་ཀྱི་སྐྱེ་གནས་སྨོས་པས་ཀྱང་འགྲུབ་པོ། །ལྷ་ཐམས་ཅད་ཀྱི་སྐྱེ་གནས་ཞེས་སླར་བརྗོད་པ་ནི་ཤིན་ཏུ་གསལ་བར་བྱ་བའི་དོན་དུ་ཞེས་པའི་དགོངས་པའོ། །དང་པོའི་སྒྲ་ཇི་བཞིན་དུ་གཟུང་བར་བྱའོ་ཞེས་པ་ནི་འདིའི་མན་ངག་ནི་འདི་ཡིན་ཏེ། སྐད་ཅིག་གིས་པདྨ་

འདབ་མ་བརྒྱད་པ་བལྟས་ལ་དེའི་ལྟེ་བ་ལ་རྗེ་བཙུན་རྡོ་རྗེ་ཁྱུང་ཞེས་བྱ་བ་སྐུ་མདོག་ནག་པོ་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ། ཞལ་བཞི་ཕྱག་བརྒྱད་པ། ཁྲོ་བོ་ལོ་བཅུ་དྲུག་ལོན་པའི་རྣམ་པར་བསྒོམ་པར་བྱའོ། །དེའི་ཞལ་དང་པོ་མཐིང་ནག། གཡས་དུ་བའི་མདོག།།གཡོན་

ལྗང་གུ། སྟེང་གི་ནམ་མཁའ་ལྡིང་གི་ཞལ་དམར་བ་ཉི་མ་བཅུ་གཉིས་སམ་ཟླ་བའི་འོད་ཟེར་ལྟ་བུའི་ཞལ་རེ་རེ་ལ་སྤྱན་གསུམ་པ། གཡས་ཀྱི་ཕྱག་ན་རྡོ་རྗེ་གསོར་བ། གཞན་གཡོན་ན་ཞགས་པ་དང་སྡིགས་མཛུབ་བསྣམས་པ། གཡས་དང་གཡོན་ན་གཞན་དག་གིས་དབང་པོའི་པགས་པ་

མནབས་པའི་ཚུལ་དུ་བསྣམས་པ་དེ་བཞིན་དུ་རིམ་པ་ཇི་ལྟ་བར་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པའོ། །དེ་བཞིན་དུ་ལྕགས་ཀྱུ་དང་ཅང་ཏེའུ་བསྣམས་པའོ། །རལ་པའི་ཅོད་པན་ཅན། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་ཅོད་པན་ལ་ཉེ་བར་མཛེས་པ། ཕྱག་རྒྱ་དྲུག་དང་ལྡན་པའི་མགོ་བོའི་

ཕྲེང་བ་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན་ཡ་སོས་མ་མཆུ་མནན་པ། ཞབས་གཡས་བརྐྱང་བས་ཆུ་བདག་མདོག་དཀར་པོ་མནན་པར་བསྒོམ་པར་བྱའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མཐའ་ཡས་དང་། ནོར་རྒྱས་ཀྱི་བུ་དང་། འཇོག་

པོ་དང་། པདྨ་རྣམས་ལ་ནི་དཀར་པོ་དང་། སྔོན་པོ་དང་། དམར་པོ་དང་། ལྗང་གུའོ། །དེ་བཞིན་དུ་དབང་ལྡན་དང་། མེ་དང་། བདེན་བྲལ་དང་། རླུང་གི་མཚམས་རྣམས་སུ་པདྨ་ཆེན་པོ་དང་། དུང་སྐྱོང་དང་། སྟོབས་ཀྱི་རྒྱུ་དང་། མ་དྲོས་པ་རྣམས་སེར་པོ་དང་། དུ་བ་དང་། ལྗང་གུ་དང་། ཅུང་

เล่ม ๑๗ · หน้า 224a

ཟད་སྐེམ་པ་སེར་པོ་བསྒོམ་པར་བྱའོ། །ཀླུ་འདི་རྣམས་ཐམས་ཅད་གདེངས་ཀ་དམར་པོ་བསྒྲེང་བ། ཐལ་མོ་སྦྱར་བ་བྱས་པ། བཅོམ་ལྡན་འདས་ལ་བཀའ་བསྒོ་ཞུ་བར་གྱུར་པ་འཇིགས་ཤིང་སྐྲག་པར་བསྒོམ་མོ། །དེ་ནས་ཆུ་བདག་ལ་སོགས་པ་དགུའི་སྙིང་གར་སོ་སོར་

ཧཱུཾ་ནཱཾ་ཧཱུཾ་ཞེས་པ་བསྒོམས་ལ། ཤར་དུ་ཕྱོགས་པའི་སྔགས་པས་རས་རིས་ཀྱི་མདུན་དུ་ཕྲེང་བའི་སྔགས་འབུམ་ཕྲག་གཅིག་བཟླས་པར་བྱའོ། །དེ་ཡང་སྔགས་འདིས་འགྲུབ་པར་འགྱུར་ཏེ། དངོས་གྲུབ་ཀྱི་ཁྲོ་བོ་ཆེན་པོ་བསྒོམ་པ་དང་ལྡན་པའི་ཚངས་པར་སྤྱོད་པ་ཟས་ཐུབ་པས་འོ་མ་དང་

དཀར་བའི་ཟས་བཟའ་ཞིང་ཀླུ་རྣམས་འོ་མས་ཁྲུས་གསོལ་ནས་འོ་མའི་བཟའ་བ་དབུལ་བར་བྱའོ། །ཐུན་རེ་རེ་ཞིང་ཡང་ཤིང་འོ་མ་ཅན་གྱི་ནགས་ཚལ་དུ་འོ་མའི་སྦྱིན་སྲེག་བྱ་ཞིང་ཆུ་བདག་དང་ཀླུ་རྣམས་ཀྱི་སོ་སོའི་སྔགས་ཁྲི་ཕྲག་རེ་རེ་བཟླས་པར་བྱའོ། །དེ་ལ་འདི་རྣམས་ཀྱི་སྔགས་ནི། ཨོཾ་

ཨཾ་ཨ་ནནྡཱ་ཡ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ཨོཾ་བཾ་བ་སུ་ཀ་ཡེ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ཨོཾ་ཏཾ་ཏཀྵ་ཀཱ་ཡ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ཨོཾ་བཾ་པདྨཱ་ཡ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ཨཾ་སཾ་སཾ་ཁ་པཱ་ལཱ་ཡ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ཨོཾ་ཀཾ་ཀརྐོ་ཊཱ་ཡ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ཨོཾ་ཨཾ་ཨ་ན་བ་ཏབྷཱ་ཡ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ཨོཾ་ཝཾ་ཝ་རུ་ཎཱ་

ཡ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ། ནཱ་གཱ་དྷི་པ་ཏ་ཡེ་ནཱ་ག་ན་བཪྵ་ཧཱུཾ་ནཱཾ་ཧཱུཾ་བཪྵ་ཡ་སྭཱ་ཧཱ་ཞེས་པའོ། །ཞག་བདུན་གྱི་ནང་ཚུན་ཆད་དུ་ཀླུ་ཐམས་ཅད་ཆར་འབེབས་པར་འགྱུར་རོ། །ཟློག་པར་བྱེད་དོ་ཞེས་པ་ནི་ཆར་ཆེས་པའི་ཚེ་གུ་གུལ་དང་། སྲ་རྩི་པོག་དང་། སྒོག་སྐྱ་བསྲེགས་པའི་བདུག་པས་ཀླུའི་རས་རིས་

ལ་བདུག་པར་བྱ་ཞིང་། བཪྵ་ནི་བཪྵ་ཡ་ཞེས་བྱ་བའི་ཚིག་བཅུག་སྟེ། ཕྲེང་བའི་སྔགས་བཟླས་པས་ཆར་ཆེས་པ་ཟློག་པར་བྱེད་པར་འགྱུར་རོ། །ཡང་ན་རྡོ་རྗེ་འཛིན་པའི་སྤྲུལ་པས་བཟུང་ལ་ཕྲེང་བའི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པར་བྱས་ལ། དེ་ཡང་ནམ་མཁའི་སྤྲིན་བདུགས་

པས་ཆར་བཟློག་པར་འགྱུར་རོ། །རྒྱ་མཚོ་སྐེམས་པར་བྱེད་དོ་ཞེས་པ་ནི་ཁྲོས་པས་ཕྲེང་བའི་སྔགས་འབུམ་བཟླས་པས་རྒྱ་མཚོའི་ནང་དུ་ཐིམས་ཏེ་སྐེམས་པས་འདི་ཐེ་ཚོམ་མེད་དོ། །ཆུ་བོ་ཞེས་བྱ་བ་ལ་སོགས་པ་ནི་ཕྲེང་བའི་སྔགས་བདུན་བཟླས་པ་སྟེ་ཁ་ཊྭཱཾ་ག་བསྣུན་པས་ཆུ་བོ་རྒྱུན་ལས་བཟློག་

เล่ม ๑๗ · หน้า 224b

པར་འགྱུར་རོ། །དབང་པོ་ཟློག་པར་བྱེད་དོ་ཞེས་པ་ནི་ཁྲོས་པས་སྡིགས་མཛུབ་བསྒྲེང་སྟེ་ཕྲེང་བའི་སྔགས་འབུམ་བཟླས་པར་བྱའོ། །ས་གཡོ་བར་བྱེད་པ་དང་ཞེས་པ་ནི་འབུམ་བཟླས་ལ་རྡོ་རྗེ་རྐང་པས་གར་བྱའོ། །ཤིང་ལས་འཛེགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འབུམ་ཕྲག་བཟླས་པའི་སྔགས་

ཀྱི་དངོས་གྲུབ་ཀྱི་མཐུ་སྟོབས་ཀྱིས་སོ། །ཤིང་ལས་འཛེགས་པ་དེ་བཞིན་དུ་གནས་དང་ཉེ་བའི་གནས་ལ་སོགས་པ་སྟེ། སླར་འོངས་ནས་འདུ་བར་འགྱུར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་འདི་རྣམས་ཀྱིས་སྔགས་གཞན་གྱི་མཐུ་སྟོབས་འཕྲོག་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་

ཅེས་བྱ་བ་ལ་སོགས་པས་ནི་དེ་བཞིན་དུ་སྒྲུབ་པ་པོ་གཞན་རྣམས་ཀྱི་ཞི་བ་ལ་སོགས་པའི་དངོས་གྲུབ་འཕྲོག་པར་བྱེད་དོ། །ཁྲག་ཅེས་བྱ་བ་ལ་སོགས་པས་ནི་བསྟན་པ་ལ་གནོད་པ་སླར་མི་བྱེད་པའི་རྒྱུར་ཁྲག་འགུགས་པར་བྱེད་དོ། །སླར་གཏོང་བར་བྱེད་དོ་ཞེས་པ་ནི་བཀུག་པ་ལྟར་དེ་བཞིན་དུ་རབ་ཏུ་

འཇོག་པར་བྱེད་དོ། །གཟུགས་བརྒྱ་སྟོང་ཕྲག་ལ་སོགས་པ་ནི་དཀའ་འགྲེལ་ལས་བཤད་པའི་ཕྱིར་རོ་ཞེས་བྱ་བ་ནི་གོ་སླའོ། །ཆོ་ག་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ནུས་པས་ལས་ཐམས་ཅད་ནུས་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་བཞིན་དུ་བསྟན་མ་ཐག་པའི་རིམ་པས་ཕྲེང་བའི་སྔགས་ཀྱིས་

བཟླས་པའི་ཆོ་ག་དང་ཡང་དག་པར་ལྡན་པའི་སྒྲུབ་པ་པོས་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་གསུངས་པ། དྲན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་གི་ཞེས་བྱ་བ་ལ་སོགས་པས་ནི་བསྒྲུབ་བྱ་གང་གི་མིང་རྟེན་ལ་ཕྲེང་བའི་སྔགས་ལན་ཅིག་

བཟླས་པས་དེ་དང་དེའི་མོད་ལ་འཆི་བར་འགྱུར་རོ་ཞེས་པའི་དོན་ཏོ། །རྒྱུད་གཞན་རྣམས་ལས་འདི་ཕུལ་དུ་བྱུང་བར་བསྟན་པའི་ཕྱིར་གསུངས་པ། འདི་ལ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་ཞེས་པ་ནི་ཕྲེང་བའི་སྔགས་སོ། །བཅོམ་ལྡན་འདས་ཞེས་པ་ནི་བདེ་མཆོག་འཁོར་ལོའི་

བདག་ཉིད་དེ། སྔགས་དང་ལྷ་དག་ཐ་མི་དད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་མི་སྦྱར་རོ། །བརྟུལ་ཞུགས་མེད་པ་ལ་སོགས་པས་ནི་འདོད་པས་ཞེས་དགོངས་པའོ། །དེ་ལྟ་ན་གསུངས་པ། འདི་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པའི་ཆོ་གས་འདིས་ཞེས་པ་ནི་ཕྲེང་བའི་སྔགས་

เล่ม ๑๗ · หน้า 225a

བཟླས་པས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་ཕྲེང་བའི་སྔགས་གང་ཞིག་ཤེས་པར་གྱུར་ནས་ཉམས་སུ་ལེན་པའི་སྒྲུབ་པ་པོ་ལ་སྔགས་དང་ཕྱག་རྒྱ་བསྟན་མ་ཐག་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་དངོས་གྲུབ་གཞན་སྒྲུབ་པ་པོ་ལ་སྟེར་བར་འགྱུར་རོ། །སྔགས་

དང་ཕྱག་རྒྱ་དྲུག་པའི་དོན་གྱི་དང་པོར་རིག་པར་བྱའོ། །རིམ་པར་ཕྱེ་བ་དགུ་པའོ།། །།སྐུ་གསུམ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་བཤད་པ་ཡིན་པ་དེ་རྣམས་གསུངས་པ། ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པས་ནི་དཔལ་བདེ་མཆོག་འཁོར་ལོ་དང་

ཐ་མི་དད་པར་ཞེས་བྱ་བའི་དོན་ཏོ། །ཆོས་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་ཐབས་ནས་བཤད་པའི་རིམ་པས་གང་གི་ཚེ་ཆོས་ཀྱི་སྐུ་བསྒོམ་པ་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་བསྒོམ་པ་དང་སྤྲུལ་པའི་སྐུ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དོན་འདི་ཉིད་ཀྱི་རིམ་པས་དཀའ་འགྲེལ་ལས་

གསལ་བར་བྱས་པའོ། །གཅིག་ཅེས་བྱ་བ་ལ་སོགས་པ་ནི་ཞེས་པ་འདིས་ཅི་སྐུ་གསུམ་བསྒོམ་པར་བྱའོ་ཞེ་ན། གསུངས་པ། ཡེ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་

ཧེ་རུ་ཀ་བདག་ཉིད་ཀྱི་གཟུགས་སུ་སྒྲུབ་པ་པོས་འགྲུབ་པར་འགྱུར་རོ་ཞེས་དགོངས་པའོ། །ཚིག་འཕྲོག་ཅེས་པ་ནི་བསྟན་པ་ལ་གནོད་པ་གང་ལ་ལ་ཞིག་དེ་ནི་ངན་སོང་དུ་ལྟུང་བར་འགྱུར་བས་སྙིང་རྗེས་བཅིངས་པའི་སེམས་ཀྱི་རྒྱུད་ཀྱིས་དེ་ལས་བཟློག་པར་བྱ་བའི་ཕྱིར་རིམ་པར་ཕྱེ་བ་

བརྒྱད་པ་ལས་གསུངས་པའི་སྙིང་པོའི་སྔགས་ཉོན་མོངས་པར་བྱས་པའི་སྔགས་ལས་སྔགས་བཟློག་པ་ཙམ་གྱིས་ཚིག་ལ་སོགས་པའི་འདོད་པས་འཇིག་པར་བྱེད་དོ། །དེའི་བཟློག་པ་འདི་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་སོ་སོར་འགུགས་པར་བྱེད་དོ་ཞེས་གོ་བར་བྱའོ་ཞེས་པ་

ནི་རིམ་པར་ཕྱེ་བ་བཅུ་པའོ།། །།དེའི་སྣ་ཉིད་དང་ཞེས་པ་ནི་དེའི་དྲི་ཞིམ་པོ་ཅན་གྱི་དྲིའི་སྒོ་ནས་སྣའི་རྣམ་པར་ཤེས་པ་ཡོངས་སུ་གཅོད་པའོ། །འདིས་ཀྱང་ཉེ་བར་མཚོན་པའི་ཚིག་གིས་གཞན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་ཡོངས་སུ་གཅོད་པའོ་ཞེས་སོ་སོར་བྱའོ།།

เล่ม ๑๗ · หน้า 225b

རིམ་པར་ཕྱེ་བ་བཞི་བཅུ་རྩ་དགུ་ལས་གསུངས་པ། དེ་ནི་རིམ་པར་ཕྱེ་བ་འདི་ལས་གསུངས་པ་ཡང་མིག་མི་འཛུམས་པ་ལ་སོགས་པའི་མཚན་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་སོ། །རིམ་པར་ཕྱེ་བ་བཅུ་གཅིག་པའོ།། །།དཔའ་བོ་ཤི་བའི་ཆུ་ཞེས་

བྱ་བ་ནི་དཔལ་བདེ་མཆོག་གི་འཁོར་ལོ་སྒོམ་པར་བྱེད་པ་ཡོན་ཏན་ལྷག་པ་ཅན་ཤི་བ་དེ་ནི་དཔའ་བོ་ཤི་བའོ། །མིའི་ཁྲག་ཅེས་པ་ནི་ཇི་སྙེད་པས་སོ། །བཏགས་ལ་ནང་དུ་ལིག་བུ་མིག་བཅུག་ལ་ཞེས་པ་ནི་ལིག་བུ་མིག་ནི་རྡོའི་བྱེ་བྲག་གོ། །གཞུག་པ་ནི་དེ་ཡིས་རི་ལུ་བྱས་ཏེ་ཞེས་པའི་དོན་ཏོ། །

ལྕགས་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གསེར་དང་དངུལ་དང་ཟངས་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མན་ཆ་གསུམ་དང་ཕྱེད་དང་བརྒྱད། དེ་བཞིན་བཞི་དང་ཕྱེད་དང་བརྒྱད་དང་གསུམ། །མན་ཆ་གསུམ་དང་ར་ཏི་ལྔས། །རི་ལུ་ངེས་པར་བཅིང་བར་བྱ། །ཞེས་པའི་གཞུང་གི་སྒོ་ནས་ཚད་

ངེས་པས་བྱང་བུ་གསུམ་གྱིས་རིམ་པས་རི་ལུ་གཏུམ་པར་བྱའོ་ཞེས་དགོངས་པའོ། །ཡང་ལྷག་པར་གནས་པར་བྱས་ལ་ཞེས་པ་ནི་བསྟན་མ་ཐག་པའི་ལྕགས་གསུམ་དུ་གཏུམས་པའི་རི་ལུ་ལྷག་པར་གནས་པ་ལ་སོགས་པ་སྔོན་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རབ་གནས་བྱའོ་ཞེས་

དགོངས་པའོ། །སྐར་མ་རྒྱལ་ལ་བབ་ན་ཞེས་པ་ནི་སྐར་མ་རྒྱལ་ལའོ། །འམ་གྱི་སྒྲས་འདིར་དགེ་བའི་རྒྱུ་སྐར་ཐམས་ཅད་ལ་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བ་ནི་དཔལ་བདེ་མཆོག་འཁོར་ལོའི་རྣལ་འབྱོར་དང་ལྡན་པའི་བདག་ཉིད་ཅེས་དགོངས་

པའོ། །རྡོ་རྗེ་དྲག་པོའི་སྦྱོར་བ་དང་ལྡན་པ་ལ་ཞེས་བྱ་བ་ནི་དཔལ་བདེ་མཆོག་འཁོར་ལོའི་རྣལ་འབྱོར་པའོ། །གནས་ལྔ་ཞེས་པ་ནི་མགོ་དང་མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་གནས་རྣམས་སོ། །ཡི་གེ་རེ་རེ་ཞིང་ཡང་བཟླས་བརྗོད་འབུམ་ཞེས་བྱ་བ་ནི་ཉེ་བའི་སྙིང་པོའི་སྔགས་

ཞེས་དགོངས་པའོ། །ཆོ་ག་དང་རྗེས་སུ་མཐུན་པ་ཞེས་པ་ནི་འཆད་པར་འགྱུར་བའི་རིམ་པར་ཕྱེ་བ་སུམ་ཅུ་རྩ་ལྔ་པ་ལས་གསུངས་པའི་རིམ་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གང་རྗེས་སུ་དྲན་པ་ཞེས་བྱ་ནི་སྲོག་ཆགས་གང་གི་གཟུགས་སུ་བྱེད་པར་འདོད་པས་བལྟ་ཞིང་དེར་རྣམ་པར་བསམ་མོ་

เล่ม ๑๗ · หน้า 226a

ཞེས་པའོ། །ཐོད་པའི་ཕྱག་རྒྱ་ཞེས་པ་ནི་ལྷའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ཉི་མ་ཕྱེད་ཀྱི་དུས་ཚོད་ལ་ལག་པ་གཡོན་པས་ཐོད་པའི་རྣམ་པའི་ཕྱག་རྒྱ་བཅིངས་པ། གཡས་པས་རྡོ་རྗེའི་རྣམ་པའི་ཕྱག་རྒྱ་ཁ་སྦྱོར་དུ་སྙིང་གར་བྱས་ཏེ། སྤྱི་གཙུག་གྲོལ་བ། གཡོན་བརྐྱང་བས་ཀུན་

དུ་བཟླས་པ་བྱའོ་ཞེས་པ་ནི་མན་ངག་གོ། །འདི་དག་ནི་རིམ་པར་ཕྱེ་བ་བཅུ་གཉིས་པའོ།། །།ད་ནི་གོ་ཆའི་སྔགས་ཀྱིས་ཀྱང་ལས་བྱ་བར་འདོད་པས་རིམ་པར་ཕྱེ་བ་བཅུ་གསུམ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །གོ་ཆ་ཞེས་པ་ནི་གོ་ཆའི་སྔགས་གཉིས་ཁྱད་པར་མེད་པའོ། །མི་སྣང་བར་

འགྱུར་རོ་ཞེས་པ་ནི་སྒྲུབ་པ་པོ་དེ་ཆོམ་རྐུན་ལ་སོགས་པས་མི་མཐོང་བར་འགྱུར་རོ་ཞེས་པའི་དོན་ཏེ། དེ་བཞིན་དུ་གཞན་ཡང་སྐྱོབ་བོ། །རས་བྱས་ཞེས་པ་ལ་སོགས་པ་ནི་རྒྱུད་གཞན་ལས་གསུངས་པའི་རིམ་པ་ཞེས་པ་ལྷག་མའོ། །ལས་འདི་དག་ཐམས་ཅད་ཇི་ལྟར་བྱ་བ་ལ་སོགས་པ་དེ་ནས་

གསུངས་པ། གང་དང་གང་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་སྔར་བསྟན་པའི་ལས་རྣམས་དབང་པོའི་སྤྱོད་ཡུལ་དུ་འགྲོ་སྟེ། ཡིད་ཀྱི་དབང་པོའི་ཡུལ་དུ་དེ་འགྲོ་བས་མངོན་པར་འདོད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ཞེས་པ་ནི་དེ་དང་དེར་འདི་ཐམས་ཅད་བྱའོ་ཞེས་པ་ལྷག་མའོ། །

མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཞེས་པ་ནི་ཤིན་ཏུ་མཉམ་པར་གཞག་པའི་ཡིད་ཀྱི་རང་བཞིན་ཉིད་ཡིན་ནོ། །སངས་རྒྱས་ཀུན་གྱི་རང་བཞིན་གྱུར་པ་ནི་དོན་དམ་པར་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དཔལ་བདེ་མཆོག་ཐོབ་པར་འདོད་པས་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་

ལས་ཐམས་ཅད་བྱ་བ་ཡིན་པར་དགོངས་པའོ། །འདི་དག་ནི་རིམ་པར་ཕྱེ་བ་བཅུ་གསུམ་པའོ།། །།དེ་ནས་སྒྲུབ་ཐབས་ཞེས་བྱ་བ་ལ་སོགས་པ་འདིས་འགྲུབ་པར་བྱེད་པས་ན་སྒྲུབ་ཐབས་སོ། །དེའི་སྒྲུབ་ཐབས་ཅི་ཞེ་ན། གསུངས་པ། བོང་བུ་ཞེས་བྱ་བ་ལ་སོགས་པའོ། །ཅིའི་

དོན་དུ་རྣལ་འབྱོར་འདི་བྱ་ཞེ་ན། གསུངས་པ། ཡིད་ཀྱི་ཤུགས་ཀྱིས་ནི་བཟློག་པར་བྱ་བའི་ཕྱིར་བོང་བུའི་རྣམ་པའི་རྣལ་འབྱོར་གྱི་ཤུགས་ཀྱིས་བཟློག་སྟེ། འཁོར་བ་ལས་བཟློག་ནས་སངས་རྒྱས་ཀྱི་མཚན་དེའི་དོན་དུ་ཞེས་པའི་དོན་ཏོ། །ཅི་བཅོམ་ལྡན་འདས་གཅིག་པུ་བོང་བུའི་

เล่ม ๑๗ · หน้า 226b

རྣམ་པར་བྱའམ། འོན་ཏེ་གཞན་ཡང་བྱ་ཞེ་ན། གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི། རྣལ་འབྱོར་མ་རྡོ་རྗེ་ཕག་མོའོ། །དེ་བཞིན་ཞེས་པ་ནི་ཇི་ལྟར་བོང་བུའི་ཞལ་ཅན་ཡིན་པ་དེ་བཞིན་དུ་རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་ལྔ་ཡང་ཞེས་པའི་དོན་ཏོ། །ཅིའི་ཕྱིར་འདི་རྣམས་དེ་

ལྟ་བུའི་ཞལ་དུ་བྱ་ཞེ་ན། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་འདོད་པའི་དབང་གིས་གཟུགས་གཞན་དུ་བྱ་བ་དེའི་ཕྱིར་ཞེས་དགོངས་པའོ། །མཁའ་འགྲོ་མ་སོ་སོའི་བྱེ་བྲག་གསུངས་པ། བོང་བུའི་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་

དང་རྣལ་འབྱོར་མ་ལྔ་པོ་ཐམས་ཅད་ཉིད་ཀྱི་ཕྱག་དང་མདོག་དང་དབྱིབས་ལ་སོགས་པ་དེ་ལྟར་གནས་སོ། །ཞལ་ཙམ་གཞན་དུའོ། །མཁའ་འགྲོ་མའི་གྲི་གུག་ཡོངས་སུ་དོར་ཏེ་རྩེ་གསུམ་པའི་མཚན་མས་མཚན་པ་ནི་ཁྱད་པར་རོ་ཞེས་པའོ། །ཡང་གཞན་ལྷ་འདི་རྣམས་ཀྱི་ཞལ་ནི་མན་ངག་ལས་

ཤེས་པར་བྱའོ། །དེ་ལ་འདིའི་མན་ངག་ནི་འདི་ཡིན་ཏེ། ཐུགས་ཀྱི་འཁོར་ལོར་ནི་ནམ་མཁའ་ལྡིང་གི་ཞལ་ལོ། །གསུང་གི་འཁོར་ལོར་གནས་པ་ནི་རྨ་བྱའི་ཞལ་ཅན་ནོ། །སྐུའི་འཁོར་ལོར་གནས་པ་ནི་སེང་གེའི་ཞལ་ལོ། །ཁྭ་གདོང་མ་ལ་སོགས་པ་བཞི་ནི་རིམ་པ་ཇི་ལྟ་བར་ཁྱི་དང་ཕག་དང་། འུག་

པ་དང་། ཁྭའི་ཞལ་ལོ། །གཤིན་རྗེ་བརྟན་མ་ནས་བཟུང་བའི་མཚམས་ཀྱི་ལྷ་མོ་བཞི་ནི་མ་ཧེའི་ཞལ་ཡིན་ནོ། །ད་ནི་དགོངས་པ་ལ་གཞན་བསྟན་པའི་ཕྱིར་གསུངས་པ། གྲུབ་ཅེས་བྱ་བ་ལ་སོགས་པ་སྟེ། འདིར་ནི་ཞེས་པ་གཞན་དང་སྦྱར་རོ། །འདིར་བོང་བུའི་རྣམ་པའི་རྣལ་འབྱོར་བསྒྲུབ་པ་བསྟན་

པར་གྱུར་ནས་ཚེ་ཟད་པ་དང་། ཚེ་རིང་བ་རྣམས་མཐོང་བར་འགྱུར་ཏེ། འདི་ནི་ཚེ་ཐུང་བའོ། །འདི་ནི་ཚེ་རིང་བའོ་ཞེས་ཤེས་པར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་བོང་བུ་དེ་བཞིན་དུ་གླང་པོ་ཡང་ཤེས་པར་འགྱུར་རོ། །ཇི་ལྟར་ཤེས་ཤེ་ན། གསུངས་པ། མངོན་དུ་ཞེས་བྱ་བ་ལ་

སོགས་པ་ནི་མངོན་དུ་གྱུར་པའི་བོང་བུ་དང་གླང་པོ་ཆེ་ཡིན་པར་ངོ་ཤེས་པར་འགྱུར་རོ། །གླང་པོ་ཆེའི་གཟུགས་ཀྱིས་ཉེ་བར་མཚོན་པའི་བོང་བུ་ཡང་རིག་པར་བྱའོ། །མང་པོས་ཅི་ཞིག་བྱ་སྟེ། མདོར་ན་རིགས་ཐམས་ཅད་ཉིད་ཤེས་པར་བསྟན་པའི་ཕྱིར་གསུངས་པ། གང་དང་གང་གི་ཚེ་ཞེས་བྱ་བ་ལ་

เล่ม ๑๗ · หน้า 227a

སོགས་པ་སྟེ། འདིར་ཞེས་པ་ནི་སྔོན་དུ་འབྱུང་བའོ། །རྣལ་འབྱོར་པས་ནི་རྣལ་འབྱོར་པའོ། །མན་ངག་ཀྱང་དཀའ་འགྲེལ་མཛད་པས་གསལ་བར་མཛད་པ་ཉིད་དོ། །སྔོན་གྱི་གཟུགས་ཡོངས་སུ་ཤེས་པ་འདིས་ཅི་ཞིག་བྱ་ཞེ་ན། གསུངས་པ། གྱུར་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་བདུན་

པ་ཞེས་པ་ནི་དང་པོའི་དོན་གྱི་བདུན་པའོ། །སླར་ཡང་དགོས་པ་གཞན་བསྟན་པ་ནི། འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་སྔགས་མཆོག་ཅེས་པ་ནི་བོང་བུའི་རྣལ་འབྱོར་གྱི་རྩ་བའི་སྔགས་ལ་སོགས་པ་གཞན་ལས་དམ་པའི་སྔགས་མཆོག་གོ། །དམ་པ་ནི་མཐུ་སྟོབས་ཆེ་བའོ། །གང་

ལས་ཤེ་ན། གསུངས་པ། མཁའ་འགྲོ་མ་ལ་སོགས་པ་སྟེ། མཁའ་འགྲོ་མ་ནི་རྡོ་རྗེ་རྣལ་འབྱོར་མའོ། །དེ་རྣམས་དང་ལྷན་ཅིག་ཏུ་སྦྱོར་ཞིང་འདུ་བ་དང་། གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུ་རྣལ་འབྱོར་གྱི་སྒྲུབ་པ་པོ་གང་གི་ཞེས་པའི་དོན་ཏོ། །བསྟན་པ་དེ་ཉིད་གསལ་བར་བྱ་བའི་

ཕྱིར་གསུངས་པ། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་སྟེ། འགྲུབ་པར་འགྱུར་ཞེས་པ་ནི་རྣལ་འབྱོར་མ་མཉེས་པར་འགྱུར་རོ། །འདི་གཉིས་ཤིན་ཏུ་ཡང་གསང་བར་འོས་པ་ཡིན་ནམ་ཞེ་ན། གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོང་བུའི་རྣལ་འབྱོར་དང་སྔགས་འདི་

གཉིས་མཆོག་གོ། །གསང་བ་པ་ཞེས་སྦས་པའོ། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ། རྒྱུད་ཅེས་བྱ་བ་ལ་སོགས་པ་ནི་བོང་བུའི་རྣལ་འབྱོར་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་འཁོར་ལོ་ཞེས་པའི་མིང་ངོ་། །སྙིང་པོ་ནི་ཉིང་ཁུ་སྟེ། རྩ་བའི་སྔགས་ལ་སོགས་པ་སྔགས་རྣམས་ཀྱི་རྒྱལ་པོ་འདི་སྔགས་གཞན་

ལས་སྙིང་པོ་ཞེས་དགོངས་པའོ། །གསུངས་པ་ནི་ས་གཞི་རིན་ཆེན་བཞི་ལ་སོགས་པའོ། །ཕན་ཡོན་གསུངས་པ། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། གཞན་དེ་ཉིད་ཤེས་པ་ནི་རྣལ་འབྱོར་སྔགས་ཀྱི་རྒྱལ་པོའོ། །མཇུག་བསྡུ་བ་གསུངས་པ། འདི་རྣམས་ཞེས་བྱ་བ་ལ་སོགས་

པ་སྟེ། དེ་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་སོ། །འདི་དག་ནི་འདི་གཉིས་སོ། །ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་བཅས་པར་བསྟན་ཏོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པ་ནི་དཔལ་བདེ་མཆོག་གི་སྐུ་ལས་ཀྱང་གཞན་མ་ཡིན་ནོ། །རིམ་པར་ཕྱེ་བ་བཅུ་བཞི་པའོ།། །།སྡོམ་པ་

เล่ม ๑๗ · หน้า 227b

ཐམས་ཅད་ཅེས་བྱ་བ་ནི་མཁའ་འགྲོ་མ་དང་། མངོན་འབྱུང་དང་། ཀུན་དུ་སྤྱོད་པ་དང་། ཁ་སྦྱོར་བཤད་པ་རྣམས་སུ་ཤེས་པར་བྱའོ། །གང་ཞིག་བརྡ་ནི་རྣལ་འབྱོར་མའི་བརྡ་སྟེ། དེའི་རྒྱུད་འདིར་བསྟན་པར་བྱ་ཞེས་པ་ཚིག་གི་ལྷག་མ་ཞེས་དགོངས་པའོ། །ཌཱ་ཞེས་པ་ནི་རྣལ་འབྱོར་མའོ། །དྲན་པ་

ཞེས་པ་ནི་རྡོ་རྗེ་ཕག་མོ་བསྟན་པའོ། །དཔའ་བོ་སྲིང་མོའི་བརྡ་ཞེས་པ་ནི་རྣལ་འབྱོར་མའི་བརྡའི་དོན་ཏོ། །རིམ་པར་ཕྱེ་བ་བཅོ་ལྔ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོའི་དམ་ཚིག་གི་རྫས་བསྟན་པ་ཡིན་ཏེ། བཟའ་བ་ནི་བཟའ་བ་དང་ཚོད་མའོ། །མི་བཟའ་བ་ནི་འཇིག་རྟེན་གྱི་བསམས་

པས་བཟའ་བར་བྱ་བ་མ་ཡིན་ཏེ། གོ་ཀུ་ད་ཧ་ན་ལ་སོགས་པའོ། །སྒྲུབ་པ་པོ་ཞེས་པ་ནི་སྒྲུབ་པ་པོའི་འོ། །འདིར་ཡང་གང་རྙེད་ཅེ་ན། མཆོག་ཅེས་བྱ་བ་ལ་སོགས་པ་སྟེ། མཆོག་ནི་མཆོག་ཏུ་འབྱུང་བའོ། །དམ་ཚིག་ནི་རྣལ་འབྱོར་མ་བདུན་ནོ། །གང་གི་གྲུབ་པའི་མཐའ་དེ་མཆོག་གི་

དམ་ཚིག་སྟེ། རང་གི་གྲུབ་པའི་མཐའ་ཞེས་པའི་དོན་ཏོ། །འདིའི་དོན་ནི་རང་གི་དམ་ཚིག་གི་མཚན་ཉིད་ཅེས་པ་འདིས་དཀའ་འགྲེལ་ལས་བཤད་དོ། །དེ་ལ་མཆོག་གི་དམ་ཚིག་གནས་ཏེ་བཟའ་བའོ། །འདི་གཉིས་ཀྱང་བདུད་རྩི་མྱོང་བའི་ཆོ་གས་རྫོགས་པའི་སྐབས་སུའོ། །རྙེད་

པར་བྱ་ཞེས་པ་ནི་དམ་ཚིག་གི་ལྷག་མའོ། །དམ་ཚིག་གི་རྫས་འདི་ཐམས་ཅད་ཀྱིས་མི་རྙེད་པར་གསུངས་པ། གུས་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མ་རྣམས་ཞེས་ཁ་བསྐང་བའོ། །དེའི་ཕྱིར་དེས་གུས་པར་བྱའོ་ཞེས་དགོངས་པའོ། །ཡང་འདི་ཇི་ལྟར་ཤེས་པར་འགྱུར་ཞེ་

ན།གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་རྣལ་འབྱོར་གཉིས་མེད་པ། །ཞེས་པ་ནི་དཔའ་བོ་དང་རྣལ་འབྱོར་མ་བདུན་རིགས་དྲུག་ཏུ་འགྱུར་བ་ཡིན་ནོ། །རིགས་ནི་རིགས་སུ་བྱུང་བ་ནི་རྒྱལ་རིགས་མ་སྟེ་རྡོ་རྗེ་སེམས་དཔའ་འོ། །དཔའ་བོའི་རྗེས་ཆགས་ནི་གདོལ་བ་མོ་སྟེ། རིན་

པོ་ཆེའོ། །དཔའ་བོ་དྲུག་རྗེས་འགྲོ་ནི་གཡུང་མོ་སྟེ་དོན་ཡོད་ཀྱིའོ། །དཔའ་བོའི་བློ་མ་ནི་གཡུང་མོ་སྟེ་མི་བསྐྱོད་པའོ། །རྡོ་རྗེའི་རིགས་འབྱུང་བ་ནི་གར་མ་སྟེ། མགོན་པོ་དཔག་ཏུ་མེད་པའོ། །རྣམ་པར་སྣང་མཛད་ཀྱི་རིགས་རྗེས་འགྲོ་ནི་བྲམ་ཟེ་མ་སྟེ། རྣམ་པར་སྣང་མཛད་ཀྱི་ཞེས་པ་སྟེ། རྣམ་པ་དྲུག་དུ་འགྱུར་རོ་ཞེས་པའི་དོན་ཏོ། །འཆིང་

เล่ม ๑๗ · หน้า 228a

བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་བསྡུས་ཏེ། སྤྱིའི་མཚན་ཉིད་དུ་གསུངས་པ། རང་གི་ཕྱག་རྒྱ་ཞེས་པ་ནི་འཆད་པར་འགྱུར་བའི་མཚན་ཉིད་དོ། །རང་གི་རིགས་ལས་བྱུང་བ་ནི་རང་གི་རིགས་དང་རྗེས་སུ་མཐུན་པའོ། །མཚན་ཉིད་སྔོན་དུ་འགྲོ་བས་སྒྲུབ་པ་པོའི་སླར་དེའི་

རང་གི་རིགས་གསུངས་པ། གཡོན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་དང་ལྡན་པ་ཞེས་པ་ནི་དམ་ཚིག་མའོ། །རིགས་ཀྱི་ས་བོན་ཞེས་པ་ནི་རིགས་ཀྱི་ས་བོན་རྗོད་པར་བྱེད་པའི་ཚིག་གོ། །སྒྲུབ་པ་པོས་མཉེས་པར་བྱ་བ་གསུངས་པ། ཕྱག་འཚལ་བ་ཞེས་པ་ལ་སོགས་པ་སྟེ། དམ་ཚིག་དང་

ལྡན་པ་ལ་ཕྱག་འཚལ་བ་ནི་ཐལ་མོ་སྦྱར་ཏེ་འཆིང་བའོ། །འདི་དག་ནི་རིམ་པར་ཕྱེ་བ་བཅུ་དྲུག་པའོ།། །།དཀྱིལ་འཁོར་གཞན་ན་དགོད་པའི་རྣལ་འབྱོར་མ་བཅུ་བཞིའི་མཚན་ཉིད་དང་མིང་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་བདུན་ཞེས་པ་ནི་རྣལ་འབྱོར་

མ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ཀྱི་གཟུགས་དང་རྣམ་པ་ཞེས་དགོངས་པའོ། །དེ་ལ་འདིར་མན་ངག་ནི་བརྩོན་འགྲུས་ཆེན་མོ་དང་། འཁོར་ལོས་སྒྱུར་མ་དང་། སྟོབས་ཆེན་མོ་དང་། ཤིན་ཏུ་དཔའ་མོ་ཞེས་པ་སྟེ། རྣལ་འབྱོར་མ་བཞི་ནི་གཤིན་རྗེ་མའོ། །དེ་བཞིན་དུ་འཁོར་ལོའི་གོ་ཆ་མ་དང་། ཆང་འཚོང་

མ་དང་། དུམ་སྐྱེས་མ་དང་། འཁོར་ལོའི་ཤུགས་ཅན་མ་རྣམས་ནི་སྐྲག་བྱེད་མའོ། །ཁྭ་གདོང་མ་དང་། རྟ་རྣ་མ་དང་། ཤིན་ཏུ་བཟང་མོ་དང་། ལྷ་མོ་སྔོ་བསངས་མ་རྣམས་ནི་ཤིན་ཏུ་འོད་ལྡན་མའོ། །ཆང་འཐུང་མ་དང་། རླུང་གི་ཤུགས་ཅན་མ་དང་། འཇིགས་བྱེད་ཆེན་མོ་དང་། ས་སྲུང་མ་

རྣམས་ནི་འཇིགས་སུ་རུང་བའོ། །ཤིང་གྲིབ་མ་དང་། ལང་ཀའི་དབང་ཕྱུག་མ་དང་། མིའུ་ཐུང་མ་དང་། དཔའ་བོའི་བློ་ཅན་མ་རྣམས་ནི་སྐྱེད་བྱེད་མ་རྣམས་སོ། །སྣ་ཆེན་མ་དང་། འོད་ལྡན་མ་དང་། གཏུམ་པའི་མིག་ཅན་མ་དང་། རབ་ཏུ་གཏུམ་མོ་ཞེས་པ་བཞི་པོ་རྣམས་ནི་བྷཱི་སུ་རའོ། །

ཡང་དཔའ་བོའི་བློ་ཅན་མ་ནི། དཱི་པ་མ་དང་། ཚེ་ཟ་མ་ཞེས་པ་ཡིན་ནོ། །འདིས་ཀྱང་རཱུ་པི་ཀ་ལ་སོགས་པའི་བར་བྱའོ། །རང་གི་མཚན་ཉིད་འདིར་བཤད་བྱ། །ཞེས་པ་ནི་དམ་བཅའ་བ་ཙམ་སྟེ། དེ་དེ་ལྟར་ན་དཀའ་འགྲེལ་ལས་བཤད་དོ། །མཚན་ཉིད་ཅུང་ཟད་འཆོལ་བར་བཤད་པ་ཞེས་པ་ནི་

เล่ม ๑๗ · หน้า 228b

ཡང་བཤད་པའི་རྒྱུད་ལས་ཤེས་པར་བྱའོ། །ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་གསུངས་པ་ཡང་། དང་པོ་རྒྱས་གདབ་ཕྱག་རྒྱ་ཅན། གཉིས་པ་སྙིང་གར་འདུག་པ་སྟེ། གསུམ་པ་རྨོངས་པའི་ཕྱག་རྒྱ་ཅན། །བཞི་པ་ལ་བ་ཅན་དེ་བཞིན། །ལྔ་པ་གར་གྱི་ཕྱག་རྒྱ་ཅན། །དྲུག་པ་དེ་བཞིན་གསོད་མའོ། །

བདུན་པ་ཟླ་བའི་ཕྱག་རྒྱ་ཅན། །ཞེས་པའོ། །དཔའ་བོ་གཉིས་མེད་བསྟན་པར་བྱ། །ཞེས་པ་ནི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པས་གཉིས་སུ་མེད་པའི་རྣམ་པར་བྱ་ཞེས་པའི་དོན་ཏོ། །ཁཎྜ་རོ་ཧཱ་ཞེས་པ་ནི་བྱིས་བཅས་མོ་ཞེས་པ་མིང་གཞན་ནོ། །འདི་རྣམས་ཀྱི་མཚན་ཉིད་

ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་གསུངས་པ་ལས་ཁོང་དུ་ཆུད་པར་བྱའོ། །སྐུ་ཐུང་བ་དང་། ཕྱག་ཐུང་བ་དང་། ཆགས་པའི་སྤྱན་དང་། ཚེམས་དཀར་བ་དང་། སྐྲ་ལ་སོགས་པ་ཤེས་པའོ། །མཆོད་པའི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་འདི་ཐམས་ཅད་ཉིད་ལྷ་མོ་བཅུ་བཞི་པ་ལས་

ཇི་ལྟར་འདོད་པར་རྟོགས་པར་བྱའོ། །ཕྱག་རྒྱ་བརྒྱད་དུ་བརྗོད་པ་ཡིན་ནོ། །རིམ་པར་ཕྱེ་བ་བཅུ་བདུན་པའོ།། །།མཆོག་གི་གོ་འཕང་ཞེས་པ་ནི་སྒྲུབ་པ་པོའི་དངོས་གྲུབ་ཀྱི་རྒྱུར་གྱུར་པའོ། །མཁའ་འགྲོ་མ་ཡི་དམ་ཚིག་ལ། །ཞེས་པ་ནི་དམ་ཚིག་འདི་དག་དང་གཞན་མཚན་ཉིད་

གང་གིས་ཤེས་པར་འགྱུར་བ་ཞེས་པའི་དོན་ཏོ། །བསྒོམ་པ་དང་ཞེས་པ་ནི་བསྒོམ་པ་དང་ལྡན་པའོ། །སྟོབས་ཀྱི་དྲེགས་པ་ཞེས་པ་ནི་ནུས་པ་ཐོབ་པའོ། །སེམས་སྟོབས་ཞེས་པ་ནི་སེམས་པ་དང་ལྡན་པས་འཇིགས་པ་མེད་དོ་ཞེས་པའི་དོན་ཏོ། །སྟོང་ཕྲག་བཅོ་ལྔ་དང་ལྡན་པ་ཡིན་

ཞེས་པ་ནི། སྟོང་ཕྲག་བཅོ་ལྔ་ཡིན་ཞེས་དགོངས་པའོ། །བ་སྤུ་མ་ཞེས་པ་ནི་ལུས་ལ་བ་སྤུ་དང་ལྡན་པའོ། །ཐིག་ལེ་ནི་མདུང་གི་རྣམ་པའོ། །རྣམ་པར་འདྲེན་པའི་རིགས་འབྱུང་བ། །ཞེས་པ་ནི་དཔལ་བདེ་མཆོག་གི་རིགས་ལས་འབྱུང་བའོ། །མཁའ་འགྲོ་མ་ཚོགས་ཞེས་པ་ནི་མཁའ་འགྲོ་

མའོ། །ཤྲཱི་ཧེ་རུ་ཀའི་རིགས་བྱུང་ཡིན། །ཞེས་པ་ནི་དངོས་སུ་འམ་བརྒྱུད་པའོ། །འདི་དག་ནི་རིམ་པར་ཕྱེ་བ་བཅོ་བརྒྱད་པའོ།། །།མི་གཡོ་ཞེས་པ་ནི་བརྟན་པ་དང་ལྡན་པའོ། །པདྨའི་ཕྱག་རྒྱ་ཞེས་པ་ནི་ལག་པ་གཉིས་ཁ་སྦྱར་དུ་བྱས་ཏེ། མཐེ་བོང་གཉིས་བཀུག་ལ་སོར་

เล่ม ๑๗ · หน้า 229a

མོ་གཞན་རྣམས་ཅུང་ཟད་བཀུག་སྟེ་རྩེ་མོས་རྩེ་མོར་རེག་པའོ། །ལག་པ་གཉིས་བརྐྱང་བ་དེའི་སྟེང་དུ་ལག་པ་ཡ་གཅིག་རུས་སྦལ་ལྟར་བཞག་པ་ནི་རུས་སྦལ་གྱི་ཕྱག་རྒྱའོ། །སྒྲུབ་པ་པོས་ཕྱག་རྒྱ་འདི་གཉིས་བསྟན་པར་བྱ་སྟེ། ལག་པ་གཡོན་པ་བསྐུམ་སྟེ། གོས་

ཀྱི་མཐའ་མ་འཛིན་པ་ལྟ་བུ་ནི་རྒྱལ་བའི་ཕྱག་རྒྱའོ། །གཡོན་པའི་ལག་པ་ཡིད་ཙམ་དཔྱངས་ཏེ་སྤྱི་བླུགས་འཛིན་པ་ལྟ་བུ་བྱས་པ་ནི་སྤྱི་བླུགས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །ཞེས་པ་ནི་རྣལ་འབྱོར་མས་ཕྱག་རྒྱའི་ལན་དུ་འདི་གཉིས་སྦྱིན་པར་བྱའོ། །བུད་མེད་ཅེས་བྱ་བ་ལ་སོགས་

པ་ནི་ལཱ་མའི་རིགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་འདི་ཡིན་ནོ་ཞེས་དགོངས་པའོ། །དེ་ལྟར་ན་དཀའ་འགྲེལ་ལས་གསུངས་པ་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། རིང་བ་གཙིགས་ཞེས་པ་ནི་མཆེ་བ་དག་གོ། །མདུང་གི་ཕྱག་རྒྱ་ཞེས་པ་ནི་མཐེ་བོས་མཐེའུ་ཆུང་གི་ཚིགས་བར་པ་

མནན་ལ་སོར་མོ་གཞན་དེ་རྣམས་གྱེན་དུ་བསྒྲེང་བའོ། །ཡོངས་སུ་བཟློག་པ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོས་ལག་པ་གཡས་པས་མདུང་གི་ཕྱག་རྒྱ་བྱས་ནས་རྣལ་འབྱོར་མས་གོ་བཟློག་སྟེ་ལག་པ་གཡོན་པས་ཕྱག་རྒྱའི་ལན་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྒྲུབ་པ་པོས་ཀྱང་

ལན་ལ་གཡོན་པ་ཉིད་ཀྱི་ཕྱག་རྒྱ་བསྟན་པར་བྱ་སྟེ། བཟློག་པ་ནི་ཡང་གཡོན་པ་དེ་ཉིད་རྣལ་འབྱོར་མས་བཟློག་པ་ཡིན་པ་དེ་བཞིན་དུ་འདིར་ཡང་ཞེས་པའོ། །འཇིག་རྟེན་དབང་ཕྱུག་ཅེས་པ་ནི་དཔལ་བདེ་མཆོག་གི་རིགས་ཡིན་ནོ། །ཁུང་བུ་ཞེས་པ་ནི་ཅུང་ཟད་དམའ་བའོ། །མདུང་གི་ཕྱག་རྒྱ་ཞེས་

པ་ནི་མཐེ་བོས་སོར་མོ་ཐམས་ཅད་མནན་ཏེ། སྡིགས་མཛུབ་གྱེན་དུ་བསྒྲེངས་ནས་སྦྱར་བའོ། །དྲིལ་བུའི་ཕྱག་རྒྱ་ནི་དྲིལ་བུ་འཛིན་པ་ལྟ་བུའོ། །གདོང་གི་ཕྱག་རྒྱ་ཞེས་པ་ནི་ལག་པ་ཁ་སྦྱར་ཏེ་མཐེ་བོང་གཉིས་དང་མཛུབ་མོ་དག་དང་གུང་མོ་གཉིས་ཟུང་དུ་སྦྱར་ཏེ་བརྐྱང་ནས་མིག་དག་མ་

གཏོགས་པའི་གདོང་པ་རྣམས་ལ་ལག་པས་དགབ་པར་བྱའོ། །དུང་གི་ཕྱག་རྒྱ་ཞེས་པ་ནི་གུང་མོ་དང་མིང་མེད་དང་། མཐེ་བོང་ལ་མཛུབ་མོ་བརྐྱང་སྟེ་དུང་ལྟ་བུར་བྱའོ། །ཤྲཱི་ཧེ་རུ་ཀ་ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོའི་མཚན་ཞེས་དགོངས་པའོ། །ལག་པ་གཉིས་ཀྱིས་གདེངས་

เล่ม ๑๗ · หน้า 229b

ཀ་འཛིན་པ་ལྟ་བུར་བྱས་པ་ནི་ཀླུའི་ཕྱག་རྒྱའོ། །མདུང་གི་ཕྱག་རྒྱ་བཤད་པ་ཡིན་ནོ། །འདི་དག་ནི་རིམ་པར་ཕྱེ་བ་བཅུ་དགུ་པའོ།། །།སྤུན་དང་ཞེས་པ་ནི་དཔལ་བདེ་མཆོག་འཁོར་ལོའི་དམ་ཚིག་ཅན་གྱི་རྣལ་འབྱོར་པའོ། །སྲིང་མོ་ནི་དེའི་ཡོན་ཏན་དང་ལྡན་པའི་དམ་ཚིག་མའོ། །གཞན་མ་རྣམས་ནི་

གོ་སླའོ། །གང་ཞིག་ཅེས་པ་ནི་བརྡ་གཞན་ཡང་ཕྲེང་བའི་ལག་པས་ཕྲེང་བ་མངོན་པར་གཏོང་བ་ལ་སོགས་པ་སྒྲུབ་པ་པོས་བྱ་ཞེས་པའི་དོན་ཏོ། །ཡང་ན་རྣལ་འབྱོར་མ་གང་ལ་ལ་ཞིག་གིས་བསྟན་པ་དང་མ་བསྟན་པ་དེ་ཐམས་ཅད་འདིའི་བརྡ་ཡིས་བྱའོ། །བསྟན་པ་གཅིག་པོ་དེ་བསྟན་

པ་ཙམ་གྱིས་དགོངས་པ་ལ་བརྡ་ཞེས་བྱེད་པ་དང་། གང་སུ་དག་གིས་དགོངས་པའི་རིགས་གཞན་དག་ཏུ་འགྱུར་བ་དེ་རྣམས་རྣམ་པར་རྟོག་པའི་བཟོ་བོས་སྤྲུལ་པའོ། །འདིར་ཡང་ཕྱག་རྒྱ་ཡང་གོ་བར་བྱའོ། །འདི་དག་ནི་རིམ་པར་ཕྱེ་བ་ཉི་ཤུ་པའོ།། །།ལྟ་སྟངས་བསྟན་པ་གསང་བ་

ཆེན་པོ་ནི་འཆད་པར་འགྱུར་བའི་ཡན་ལག་དང་ཉིང་ལག་སྟེ་དེའི་ཕྱག་རྒྱ་ཡང་གསང་བ་ཆེན་པོ་དང་ཐབས་ཐ་མི་དད་པའི་ཕྱིར་དེ་ཡང་རྣལ་འབྱོར་མ་བསྟན་པའི་ཕྱིར་རྒྱུར་བརྗོད་དོ་ཞེས་པའི་དོན་ཏོ། །ལག་པས་ཆུའི་རྣམ་པར་རི་མོ་བསྟན་པ་ནི་ཆུ་བོའི་ཕྱག་རྒྱའོ། །ལག་པ་མཐའ་དག་

གིས་རླབས་གཡོ་བའི་ཚུལ་དུ་ཉེ་བར་བསྟན་པ་དེ་ནི་རྒྱ་མཚོའི་ཕྱག་རྒྱའོ། །འདི་དག་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་གཅིག་པའོ།། །།རྣལ་འབྱོར་མ་ཀུན་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་དོ། །མིག་གི་ཕྱག་རྒྱ་ཞེས་པ་ནི་གུང་མོ་དང་མིང་མེད་དང་། མཐེ་ཆུང་རྣམས་བརྐྱང་སྟེ།

མཐེ་བོང་དང་མཛུབ་མོ་རྣམས་བཀུག་ནས་རེག་པར་མངོན་པའི་ཚུལ་དུ་བསྟན་པའོ། །མདུང་གི་ཕྱག་རྒྱ་ནི་བཤད་ཟིན་པ་ཉིད་དོ། །རྣལ་འབྱོར་མ་ཀུན་ཞེས་པ་ནི་བོད་པ་འམ་དྲུག་པའི་དང་པོའོ། །གསང་བ་ཞེས་པ་ནི་རྡོ་རྗེ་རྣལ་འབྱོར་མའོ། །འདི་དག་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་

གཉིས་པའོ།། །།དཔའ་བོ་ཞེས་པ་ནི་སྒྲུབ་པ་པོས་སོ། །དཔའ་བོའི་སྲིང་མོ་ནི་རྣལ་འབྱོར་མའོ། །མཚན་ཉིད་གསུངས་པ། འདི་རྣམས་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་འཆད་པར་འགྱུར་ཏེ། རྣལ་འབྱོར་མའི་མཚན་ཉིད་ཡིན་ནོ་ཞེས་དགོངས་པའོ། །དེ་ཅིའི་

เล่ม ๑๗ · หน้า 230a

ཕྱིར་ཞེ་ན། གསུངས་པ་ལྟ་ཞེས་བྱ་བ་ལ་སོགས་པ་སྟེ། གོ་བཟློག་ཅེས་པ་ནི་གཡོན་གྱིས་སོ། །རྟག་ཏུ་བདེ་བའི་ཞེས་པ་ནི་ཕྱི་དང་ནང་གི་བདེ་བ་ཆེན་པོ་གསལ་བའི་དེ་ཁོ་ན་ཉིད་དོ། །སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་སྔར་གྱི་དང་འབྲེལ་ཏོ། །རྣམ་པ་སྣ་ཚོགས་དུ་མར་ལྟ་བ་ལ་

སོགས་པའི་མཚན་ཉིད་དུ་ཤེས་པར་བྱ་ཞེས་དགོངས་པའོ། །དེ་བཞིན་མཁའ་འགྲོ་མ་ལས་བྱུང་བའོ་ཞེས་པའོ། །སྒྲུབ་པ་པོ་མཐོང་ན་ནན་གྱིས་ཁྱིམ་ནས་དབྱུང་ངོ་ཞེས་པ་ནི་སྒྲུབ་པ་པོས་མཐོང་ན་ནན་གྱིས་ཁྱིམ་ནས་དབྱུང་ཞིང་། རྣམ་བསྒྱུར་བསྐོར་བར་ཤེས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་བསྐོར་ཞིང་རྣམ་

པར་བསྒྱུར་བའི་ཚུལ་གྱིས་དཔྲལ་བའི་རི་མོ་གསུམ་ཡོད་པ་སྟེ། མཛོད་སྤུའི་གནས་སུ་ཞེས་པ་ནི་ཁྱད་པར་གྱི་དོན་ཏོ། །གློ་བུར་དུ་ཞེས་པ་ལ་སོགས་པ་ནི་དགོས་པ་མེད་དུ་ཟིན་ཀྱང་ཅུང་ཟད་ཅིག་ཙམ་སོང་ནས་ལྡོག་པའོ། །སྔར་ཞེས་པ་ནི་དང་པོ་ལས་སུ་མཚོན་པའི་རྗེས་ཐོགས་སུའོ། །ཚིག་གི་གཏོང་

བར་འགྱུར་བ་ཞེས་པ་ནི་མཆུ་ཤོ་རེའོ། །རྡོ་རྗེ་ལྟ་བུ་ཞེས་པ་ནི་འདིས་མཆུ་ཤོ་རེའོ། །གང་གི་ངོ་བོ་གསུངས་པའོ། །སྒྲ་ཞེས་པ་ལ་སོགས་པ་ནི་རྟོགས་པའི་དོན་ཏོ། །རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་ནི་དཀའ་འགྲེལ་ལས་གསལ་བར་མཛད་དོ། །མཚན་མར་བྱས་པའི་གསལ་ཤེས་བྱ། །

ཞེས་བྱ་བ་ནི་བསྟན་པའི་ཚུལ་གྱི་མཚན་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །འདི་དག་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་གསུམ་པའོ།། །།ལག་པས་གོས་ཀྱི་མཐའ་མ་ནས་བཟུང་སྟེ་བསྟན་ལ་པྲོ་ཏཾ་གཱི་ནི་བསྟན་པ་ལ་པྲོ་ཏཾ་གི་ཞེས་བརྗོད་དོ། །གོས་ཀྱི་མཐའ་མ་ནས་བཟུང་སྟེ། སྤྲུག་ཅིང་བསྟན་པ་ནི་པྲ་ཏི་པྲོ་ཏཾ་

གཱིའོ། །འདི་དག་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་བཞི་པའོ།། །།རིམ་པར་ཕྱེ་བ་ལྔ་པ་དང་བདུན་པ་ལས་བཏུས་པའི་སྔགས་ཤིན་ཏུ་གསལ་བར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ནི་སེམས་ཅན་འདི་རྣམས་སོ། །དོན་ནི་སངས་རྒྱས་ཉིད་དུ་ངེས་པར་སྦྱོར་བ་དེར་

རོ། །འདོད་པ་ནི་མངོན་པར་འདོད་པ་གང་ཡིན་པ་བཅོམ་ལྡན་འདས་ལ་དེ་སྐད་ཅེས་བྱའོ། །དེའི་ཕྲེང་བའི་སྔགས་གསལ་བར་མཛད་དོ་ཞེས་པ་ནི་ལྷག་མའོ། །ཅིར་འགྱུར་ནས་དེར་རིག་པར་བྱ་ཞེ་ན། གསུངས་པ། སྦས་ཞེས་པ་ནི་གང་དུ་བཏུས་པའི་སྐབས་སུ་སྦས་པའོ། །བརྒྱད་མཐར་

เล่ม ๑๗ · หน้า 230b

སྦྱར་ཞེས་པ་ནི་རྐང་པ་བརྒྱད་ཀྱི་སྔགས་ཀྱི་མཐར་ཀ་ར་ཀ་ར་ལ་སོགས་པ་སྦྱར་བར་བྱའོ། །གང་དང་གང་ཞིག་ཡང་སྔགས་དུ་མ་འདི་རྣམས་དེ་བཞིན་དུ་ཡང་རྐང་པ་བརྒྱད་པའི་སྔགས་ཀྱི་མཐར་སྦྱར་བས་རྩ་བའི་སྔགས་ཞེས་བྱ་བའི་དོན་ཏོ། །མང་པོའི་ཚིག་ཀྱང་དེ་ལ་ལྟོས་ནས་ཞེས་པའི་དོན་ཏོ། །

ཅིའི་དོན་དུ་སྦས་ཤེ་ན། གསུངས་པ། དམན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། མཁས་སྙམ་སེམས་པ་དམ་ཚིག་མེད་པ་གང་ཞིག་དམན་པ་ལ་མོས་པ་གང་ཞིག་མི་ཤེས་ཤིང་རྨོངས་པར་བྱ་བའི་ཕྱིར་རོ། །རྨོངས་པའི་མཚན་ཉིད་ནི་མི་ཤེས་པའི་བློ་ཅན་ནོ་ཞེས་དགོངས་པའོ། །དེ་ལ་ཞེས་

པ་ནི་རིམ་པ་གཉིས་པ་དེ་ལའོ། །གསལ་བར་ཞེས་པ་ནི་སྦས་སུ་ཟིན་ཀྱང་གསལ་བར་བྱས་པའོ། །དཔའ་བོ་རྣལ་འབྱོར་མ་ཞེས་པ་ནི་བོད་པའམ་དྲུག་པ་སྟོན་ཏོ། །གསུངས་པ་ནི་བཀའ་སྩལ་པ་སྟེ། རིམ་པར་ཕྱེ་བ་འདིར་སླར་ཡང་གསུངས་ཤིང་གཅིག་ཏུ་ངེས་པར་གསལ་བར་མཛད་

དོ་ཞེས་དགོངས་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །འདི་དག་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་ལྔ་པའོ།། །།བསྟན་པའི་སྔགས་ཀྱིས་ཕྱེ་བའི་བདག་ཉིད་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ནི་སྔགས་འདིའི་ཕྱིར་རོ། །གཞན་ཡོད་མིན་ཞེས་པ་ནི་

གཞན་མཆོག་ཏུ་གྱུར་པའི་སྔགས་མེད་པའོ། །རིག་པ་ཞེས་པ་ནི་མངོན་སུམ་དུ་སྟེ། དེའི་རྒྱུ་དེའི་ཕྱིར་ན་ཞེས་པ་ནི་ཚིག་གི་ལྷག་མའོ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པའི་དོན་ཏོ། །རིམ་པར་ཕྱེ་བ་བཞི་པ་ལས་རིམ་པར་བཟློག་ནས་གསུངས་པའི་རྣལ་འབྱོར་མ་རྣམས་དགོད་པ་རིགས་

སུ་བསྟན་པའི་ཕྱིར་གསུངས་པ། ལུགས་ལས་བཟློག་ཅེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་དཀའ་འགྲེལ་ལས་བཤད་པ་ཉིད་དོ། །འདིར་ནི་ཚིག་ཉུང་བར་ཅི་རིགས་པར་ཕྱེ་སྟེ། དེ་ཡང་དཀའ་འགྲེལ་ནས་འབྲེལ་བར་གནས་པའོ། །བདག་གི་ཕོ་ཉ་ཀུན་དུ་འགྲོ། །ཞེས་པ་ནི་ཕོ་

ཉ་རྣམས་འཁོར་ལོ་གསུམ་ལ་ཀུན་དུ་འགྲོ་བར་རྣམ་པར་གཞག་གོ། །བདག་གིས་ཞེས་པ་ནི་རང་རང་གི་གཟུགས་ཀྱིས་དགོད་པར་བྱའོ་ཞེས་དགོངས་པའོ། །འདོད་པའི་དངོས་གྲུབ་སྟེར་ཞེས་པ་ནི་གང་ཞིག་རྣལ་འབྱོར་མ་ལ་གཡོན་ནས་བསྐོར་ཏེ་འགྲོ་བ་དེས་དེའི་མངོན་པར་འདོད་པའི་

เล่ม ๑๗ · หน้า 231a

དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཀཱ་ཀཱ་ལ་སོགས་པ་ཞེས་པ་ནི་ཇི་ལྟར་ཀཱ་ཀཱ་སྱེ་ལ་སོགས་པའི་མ་མོ་བརྒྱད་མཆོད་པ་དེ་བཞིན་དུ་སྒྲུབ་པ་པོས་ཞེས་པའི་དོན་ཏོ། །བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་རྗེས་ཐོགས་སུ་འོག་ནས་འཆད་པར་འགྱུར་བའོ། །གུས་

པས་དད་པ་འཕེལ་བྱེད་པ། །ཞེས་པ་ནི་གུས་པ་དང་དད་པ་དག་ལས་ཡིད་བྱིན་གྱིས་རློབ་པ་ཡིན་ནོ། །མཐེ་ཆུང་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་མཆོད་པའི་དུས་སུ་ལྕེའི་ཐུར་མ་འམ་ལག་པ་གཡོན་པའི་མིང་མེད་ཀྱིས་གཡོན་པའི་རྩ་བསྐྱོད་པར་བྱ་ཞེས་པའི་དོན་ཏོ། །འདི་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་

དྲུག་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྤྱོད་པ་ནི་སྤྱོད་པ་སྟེ། གནས་དང་ཉེ་བའི་གནས་ལ་སོགས་པའི་རྣལ་འབྱོར་མ་འཚོལ་བའོ། །དེ་ཉིད་དཀའ་ཐུབ་དཀའ་བའི་བརྟུལ་ཞུགས་ལྟ་བུ་ཡིན་པས་བརྟུལ་ཞུགས་སོ། །དེ་བཤད་པར་བྱ་ཞེས་པ་ནི་ལྷག་མའོ། །དེ་ཅི་འདྲ་བ་གཞག་ཅེ་ན་

གསུངས་པ་དཔའ་བོའི་ཞེས་བྱ་བ་ལ་སོགས་པ་སྟེ། བརྟུལ་ཞུགས་གང་གིས་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་སུ་སྒྲུབ་པ་པོ་འགྱུར་རོ་ཞེས་པའི་དོན་ཏོ། །ཇི་ལྟར་ཞེ་ན། གསུངས་པ། ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མ་བསྟན་པའི་མཚན་ཉིད་ཀྱི་ཁྱད་པར་རྣམས་བུད་མེད་

གཞན་སྤྱི་ལས་ཐུན་མོང་མ་ཡིན་པར་རྟོགས་པར་བྱའོ་ཞེས་དགོངས་པའོ། །ཅི་ལྟ་བུ་ཞེ་ན། གསུངས་པ། ཡུལ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དཀའ་འགྲེལ་ལས་གསལ་ལོ། །ལེགས་འདྲེས་པ་ཞེས་བྱ་བ་ལ་སོགས་པ་ལ། ལེགས་འདྲེས་ནི་སྙོམས་པར་འཇུག་པས་མཉེས་པར་རོ། །

ཕོ་ཉ་ནི་ཕོ་ཉ་མའོ། །དེ་བཞིན་ཞེས་པ་ནི་རྟག་ཏུའོ། །བཟླས་བརྗོད་བསམ་གཏན་མཆོད་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་པ་ནི་མི་འཁོར་བར་སྐྱེ་བ་འདི་ལ་ཞེས་པའི་དོན་ཏོ། །བཟླས་པ་ཞེས་པའི་དོན་ནི་གསང་སྔགས་བཟླས་པའོ། །བསམ་གཏན་ཞེས་པ་ནི་དཀྱིལ་འཁོར་

གྱི་འཁོར་ལོ་ལ་སོགས་པ་བསྒོམ་པའོ། །མཆོད་པ་ནི་ཡོ་བྱད་རྣམ་པ་ལྔས་ལྷ་ལ་སོགས་པ་མཆོད་པའོ། །འདི་རྣམས་ཀྱིས་རེ་ཞིག་སངས་རྒྱས་ཐམས་ཅད་འགྲུབ་པར་བསྟན་ཏེ། ཕོ་ཉ་མོ་དང་ལེགས་པར་འདྲེས་པར་འགྱུར་བ་དང་བྲལ་ཡང་སྒྲུབ་པ་པོས་འགྲུབ་པར་འགྱུར་རོ་ཞེས་དགོངས་པའོ། །

เล่ม ๑๗ · หน้า 231b

འོ་ན་མཆོད་པས་ཇི་ལྟར་འབྲས་བུ་སྟེར་ཞེ་ན། མཆོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲུབ་པ་པོས་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །གང་ལས་ཤེ་ན། གསུངས་པ། འདི་ལས་ཞེས་བྱ་བ་ལ་སོགས་པས་ནི་ཕོ་ཉ་མོ་དང་ཡང་དག་པར་འདྲེས་པར་གཞན་ལ་མཆོད་པས་ལྷ་མཉེས་པའི་བདག་ཉིད་དུ་རིག་པར་བྱ་བ་ཉིད་

ཡིན་ནོ། །བསྟན་བཅོས་ནི་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་སྣ་ཚོགས་སུ་ངེས་པ་ཡིན་ནོ། །ཙཱ་རུ་བཟའ་བ་རྟག་ཏུ་བྱ། །ཞེས་པ་ནི་བདུད་རྩི་ལ་སོགས་པའི་ཙཱ་རུ་བདུད་རྩི་མྱང་བའི་ཆོ་གས་རྫོགས་པར་བྱ་སྟེ་བཟའ་བར་བྱའོ། །ཕོ་ཉ་མོ་རྣམས་དང་ལྷན་ཅིག་ཏུ་འམ་

གཅིག་ཏུ་བཟའ་བར་བྱའོ། །རྟག་ཏུ་ཞེས་པ་ནི་ཉི་མ་རེ་རེའོ། །ལེགས་པར་མཉམ་པ་ཞེས་པ་ནི་བདག་མེད་ཅིང་མཉམ་པར་མ་གཞག་པའི་རྣལ་འབྱོར་པས་བརྒྱ་ལའང་མི་འགྲུབ་བོ་ཞེས་དགོངས་པའོ། །རིགས་རྣམས་ཀུན་ལས་ཉེ་བར་སྤྱད་བྱ་ཞིང་། །ཞེས་པ་ནི་རིགས་ཐམས་ཅད་ནི་མི་

བསྐྱོད་པ་ལ་སོགས་པའི་རིགས་སུ་གྱུར་པ་རྣམས་དང་ལྷན་ཅིག་ཏུ་ཙཱ་རུ་བཟའ་བ་ཞེས་པའི་དོན་ཏོ། །བཟའ་བ་མིན་པར་ནི་མི་བརྟག་གོ་ཞེས་པ་ནི་བཟའ་བ་དང་བཟའ་བར་བྱ་བ་མ་ཡིན་པར་དཔྱད་པར་བྱ་བ་མ་ཡིན་ནོ། །དབྱེར་མེད་པ་ཞེས་པ་ལ་སོགས་པ་ནི་དེའི་དམ་ཚིག་བསྟེན་པའི་སྒྲུབ་པ་པོ་དང་།

ཕོ་ཉ་དག་དབྱེར་མེད་ཅིང་བསྐྱོད་དུ་མེད་པར་ཕན་གདགས་པར་འདོད་པར་འགྱུར་རོ་ཞེས་པའི་དོན་ཏོ། །གཉིས་ཞེས་བྱ་བ་ནི་འབྲེལ་བ་ལས་བཤད་ཟིན་ཏོ། །གང་ལས་ཤེ་ན་གསུངས་པ། དངོས་གྲུབ་ཆོ་ག་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་གྲུབ་གཉིས་ཀྱི་རྒྱུར་སྤྱད་པ་ལས་རྡོ་རྗེ་རྣལ་

འབྱོར་མ་དང་། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་གང་གི་ཕྱིར་ཞེས་པའོ། །རྣལ་འབྱོར་མའི་ཆེ་བའི་བདག་ཉིད་གསུངས་པ། ཕོ་ཉ་ཡང་དག་བསྟན་པ་ཡིན། །ཞེས་པ་ནི་རྣལ་འབྱོར་མ་རྣམས་བསྔགས་པ་ཡིན་ནོ། །འདིའི་དོན་ནི་དཀའ་འགྲེལ་ལས་གོ་བར་བྱའོ། །ཉིང་ལག་གི་མཚོན་ཆ་ནི་ཤིན་

ཏུ་རྣོ་བ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་དཔལ་བདེ་མཆོག་འཁོར་ལོ་བདག་ཉིད་ཀྱི་རང་བཞིན་ངོ་བོའི་དོན་ཏེ་ཞེས་པའི་དོན་ཏོ། །དེ་ལ་འདི་དེའི་བདག་ཉིད་དོན་དུ་གཉེར་བའི་རྣལ་འབྱོར་པ་གང་དང་གང་ཞིག་མཉམ་པར་གཞག་པའི་གནས་སྐབས་དེ་བཞིན་དུ་ཡང་ཐུན་མཚམས་

เล่ม ๑๗ · หน้า 232a

རེ་རེ་ལ་ཡང་ད་དོན་དུ་གཉེར་བར་བྱ་སྟེ། དེ་ཉིད་ཀྱི་དོན་དུ་བཅོམ་ལྡན་འདས་ཀྱི་སྐུ་བསྒོམ་པར་བྱ་བ་ཡིན་ནོ། །འདིའི་དོན་ནི་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་དཀའ་འགྲེལ་ལས་བསྟན་པ་ཡིན་ནོ། །ཟླ་བ་ནི་བྱང་ཆུབ་སེམས་སོ། །ཙཱ་རུ་གཅིག་པུ་ཟ་བ་ཉིད། །ཅེས་པ་ནི་རྣལ་འབྱོར་

མ་རྣམས་དང་ལྷན་ཅིག་གཅིག་ཏུ་འདུག་སྟེ་ཙཱ་རུ་བཟའོ། །རྒྱུད་མང་པོ་དུ་མའི་ནང་ནས་གནས་པའི་གཙང་སྦྲ་བསྟན་པའི་ཕྱིར་གསུངས་པ། དེ་ཉིད་བསྡུས་པ་དང་ཞེས་བྱ་བ་ལ་སོགས་པའོ། །བཟླས་དང་བརྟུལ་ཞུགས་ལ་ཞེས་པ་ནི་སོགས་པའི་སྒྲ་ཡིས་གཙང་སྦྲ་བསྡུས་སོ། །འདུས་བྱས་

པ་ལ་ལྟོས་ནས་འབྲས་བུ་སྟེར་བར་གསུངས་པ། དེ་འདིར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་འདིར་བདེ་མཆོག་ནི་གཙང་སྦྲ་རྣལ་འབྱོར་མས་བསྒྲུབ་པ་དེ་སྐད་ཅིག་ཅེས་པ་དང་འབྲེལ་ཏོ། །ཇི་ལྟར་འགྲུབ་ཅེ་ན། གསུངས་པ་བསམ་གཏན་ཙམ་མམ། ཕོ་ཉའི་མཚན་ཉིད་ཀྱི་གཙང་སྦྲས་བཅོམ་

ལྡན་འདས་མའི་སྐུ་བསྒོམ་པ་ན་ཟླ་བའི་ཙཱ་རུ་བདུད་རྩི་མྱང་བའི་ཆོ་ག་བསྒོམས་པ་ཙམ་གྱིས་ཞེས་བྱ་བའི་དོན་ཏོ། །གཙང་སྦྲ་འདི་དག་སྤྱད་པར་བཤད། །ཅེས་པ་ནི་གཙང་སྦྲ་འདི་ཡང་སྤྱད་པར་བསྟན་ཏོ། །ཕན་ཡོན་གསུངས་པ། གཙང་སྦྲ་ཞེས་བྱ་བ་ལ་སོགས་པ་སྟེ། དགྲ་བཅོམ་པ་ཞེས་

པ་ནི་སངས་རྒྱས་ཀྱིས་སོ། །སྒྲུབ་པ་པོ་ཞེས་བསྒྲུབ་པ་པོའོ། །ཁ་ཅིག་ཅེས་པ་ནི་ཁ་ཅིག་གིས་སོ། །སྟོང་ཕྲག་གཅིག་པའི་ཁར་གྱུར་པ་འམ་ནི། ཁ་སྟོང་ཕྲག་གཅིག་ཏུ་གྱུར་པས་ཀྱང་དེའི་གལ་ཏེ་བསོད་ནམས་ཀྱི་ཚད་བརྗོད་པར་མི་ནུས་སོ་ཞེས་དགོངས་པའོ། །རྒྱུད་སོ་སོའི་བསོད་ནམས་

མང་པོ་གསུངས་པ། དཔལ་ལྡན་ཁྲག་འཐུང་ཞེས་བྱ་བ་ལ་སོགས་པ་སྟེ། གྱུར་ཅིག་ཅེས་བྱ་བ་ལྷག་མའོ། །གཉིས་མེད་ཟ་བའི་རྣལ་འབྱོར་གྱིས། །ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ཟ་བའོ། །སྡིག་པ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་སྡིག་པ་

ཐམས་ཅད་ལས་རྣམ་པར་གྲོལ་ནས་དག་པའི་སྐུ་སྐྱོན་མེད་པར་འགྱུར་ཏེ། དེའི་ཕྱིར་མཉམ་པར་སྤྱད་པར་བྱ་སྟེ། གཙང་སྦྲའི་སྤྱོད་པ་བྱ་བ་ལ་སོགས་པ་ཕྱི་བ་ཡིན་པར་དགོངས་སོ། །སྡིག་པ་ཐམས་ཅད་རྣམ་པར་དག་པས་དགོས་པ་ཅི་ཡོད་ཅེ་ན། གསུངས་པ། སྡིག་པ་ཀུན་ཞེས་བྱ་

เล่ม ๑๗ · หน้า 232b

བ་ལ་སོགས་པ་སྟེ། གོ་སླའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་མཇུག་ཐོགས་སུ་བསྟན་མ་ཐག་པའི་རིམ་པས་མཆོད་པ་དང་། ཙཱ་རུའི་བཟའ་བ་ལ་སོགས་པས་མཉེས་པར་བྱ་སྟེ། གཏོར་མ་སྦྱིན་ནོ་ཞེས་པའི་དོན་ཏོ། །འདིར་ཇི་ལྟར་སྦྱིན་ཞེ་ན། གསུངས་པ། སྦྱིན་པར་བྱ་ཞེས་པ་ལ་སོགས་པ་སྟེ།

རང་འདོད་ཅེས་པ་ནི་རང་འདོད་པ་སྟེ། ཡིད་ལ་འདོད་པར་གྱུར་པ་ཞེས་པའི་ཐ་ཚིག་གོ། །ལས་རྣམས་ལ་ཆོ་ག་ཇི་ལྟ་བ་བཞིན་ཞེས་པ་ནི་ཕྱིན་ཅི་མ་ལོག་པའི་ཆོ་གས་གཏོར་མ་སྦྱིན་པར་བྱའོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་པའོ། །ཚེས་གསུངས་པ། མར་ངོ་ཞེས་བྱ་བ་ལ་སོགས་པའོ། །ཧེ་རུ་ཀ་

དཔལ་མངོན་དགའ་བའི། །ཞེས་པ་ནི་དཔལ་བདེ་མཆོག་གི་རྣལ་འབྱོར་པའོ། །བྱ་བ་གསུངས་པ། མཚན་མོ་ཞེས་བྱ་བ་ལ་སོགས་པ་ནི་གཏོར་མའི་ཆོ་གས་སླར་ཡང་མ་ལུས་པར་ཁྱད་པར་དུ་བྱ་བ་སྟེ། གཏོར་མ་སོ་སོར་དབུལ་བར་བྱའོ། །འདི་ནི་རིམ་པར་ཕྱེ་བ་ཉི་ཤུ་རྩ་བདུན་པའོ།། །།མྱ་ངན་འདས་

འབྱུང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མཆོག་གི་གཟུགས་ཅན་བདེ་བ་ཆེན་པོ་ནི་མྱ་ངན་ལས་འདས་པའོ། །དེར་དམིགས་པའི་བྱང་ཆུབ་ཀྱི་སེམས་གང་ཞིག་འབྱུང་བ་ཡིན་པ་དེའི་ཚེ་ནི་དེ་ཡིས་དཔའ་བོའི་གཟུགས་བདག་ཉིད་མཆོད་པར་བྱ་སྟེ། དེ་བཟའ་བར་བྱ་ཞིང་དེ་བཞིན་དུ་ཕྱིའི་མཆོད་པ་རྣམས་

ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱང་དཀའ་འགྲེལ་ལས་གསུངས་པ། མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའོ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །ཞེས་པ་ནི་དཔལ་བདེ་མཆོག་འཁོར་ལོའི་བདག་ཉིད་ལ་ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་

ན་དཔའ་བོ་དང་དཔའ་མོའི་ཚོགས་རྣམས་ཀྱང་མཆོད་པར་འགྱུར་རོ་ཞེས་དགོངས་པའོ། །ཟླ་བའི་འདུས་པ་ལེགས་གནས་པའི། །ཞེས་པ་ནི་ཟླ་བ་ནི་བྱང་ཆུབ་རྫོགས་པ་ལ་སོགས་པའི་བྱང་ཆུབ་སེམས་སོ། །དེའི་དོན་དུ་འདུས་པ་ནི་འདུས་པ་དེས་སོ། །ལེགས་པར་གནས་པ་ནི་གཅིག་པུ་གནས་པ་སྟེ་སྤུན་

ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དཀའ་འགྲེལ་ལས་ཀྱང་འདི་ཉིད་ཀྱི་དོན་གོ་བར་བྱའོ་ཞེས་པའོ། །བདེ་དང་སྡུག་བསྔལ་ཡང་དག་འབྱུང་། །ཞེས་པ་ནི་སྒྲུབ་པ་པོའི་བདེ་བ་དང་། སྡུག་བསྔལ་བར་འགྱུར་བ་ཡིན་ཏེ། སྲོག་ཆགས་སྤྱི་ཡང་སྤུན་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདེ་བ་ནི་

เล่ม ๑๗ · หน้า 233a

མྱ་ངན་ལས་འདས་པའོ། །སྡུག་བསྔལ་ནི་འཁོར་བའི་རྣམ་པའི་ཁྱད་པར་ཏེ། དེ་དག་འབྱུང་བ་ནི་འབྱུང་བ་གང་ལ་དེ་དེ་བཞིན་དུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཡེ་ཤེས་ཞེས་དགོངས་སོ། །གཞན་དག་ལས་ཞེས་བྱ་བ་ནི་ཐ་མལ་པའོ། །བརྟུལ་ཞུགས་མ་ཉམས་

ཞེས་བྱ་བ་ནི་གཡོན་པ་ལས་སྤྱོད་པའི་མཚན་ཉིད་ཀྱི་བརྟུལ་ཞུགས་མ་ཉམས་པའོ། །དེ་དེ་ལྟར་ན་བརྟུལ་ཞུགས་པའོ། །རིགས་ལྔ་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་མི་བསྐྱོད་པའི་རིགས་ཀྱི་ཁོངས་སུ་བསྡུས་ཏེ་རྣམ་པ་བཞི་རུ་བྱའོ། །སླར་ཡང་རྣམ་པར་ཤེས་པ་ཙམ་ཡིན་

པས་དེ་ལ་ཡང་གསུམ་པོ་མི་བསྐྱོད་པའི་རིགས་ཀྱི་ཁོངས་སུ་བསྡུས་པའོ། །ཐམས་ཅད་བདག་ཉིད་གཅིག་ཅེས་བྱ་བ་ནི་རིགས་གཅིག་ལ་སྤྱོད་པ་ནི་རིགས་གཅིག་ཏུ་མ་ཉམས་པར་སྤྱོད་པའོ། །རྣལ་འབྱོར་གྲུབ་པ་པོ་ནི་རྣལ་འབྱོར་མ་རྣམས་རབ་ཏུ་མཆོད་ཅིང་རབ་ཏུ་བསྔགས་སོ་ཞེས་བྱ་བའི་

དོན་ཏོ། །གྲུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་ནིམ་པ་དང་ས་གཞི་ཚ་སྒོ་ཅན་ནག་པོ་གས་པར་སྟེང་དུ་སོར་ཉི་ཤུ་ནང་དུ་སོར་མོ་བཅུ་ཐམ་པ་མགོ་བྱང་དུ་བསྟན་པ་ཟུར་གསུམ་ལ་སྣ་ཚོགས་རྡོ་རྗེ་དང་རྩེ་གསུམ་པ་དང་རྡོ་རྗེ་ཐོ་བས་བསྐོར་བ་ནང་དུ་མདུང་རྩེ་མོ་གྱེན་དུ་བསྟན་པའོ། །སོར་མོ་གསུམ་བསྐོར་

བ་ན་ཁ་རན་གྱིས་བསྐོར་བར་བྱའོ། །ནིམ་པ་དང་སེང་ལྡེང་དང་། སྐེ་ཚེ་དང་། བ་ལ་ཏ་ཀིའི་ཤིང་རྣམས་ལ་བརྩིགས་ཏེ་སོར་བཅུ་ཐམ་པའི་ཚད་དང་། དུག་དང་། ཁྲག་དང་མར་ཁུ་བྱུགས་ལ་དེ་བཞིན་དུ་ཡུངས་མར་དང་། ཁ་ར་དང་། ཁྲག་དང་། ལན་ཚྭ་དང་། སྐེ་ཚེ་དང་། ནིམ་པའི་འདབ་མ་

དང་། ཐལ་བ་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་། བོང་བུ་དང་། རྔ་མོའི་རྟུག་པ་དང་། སྐྲ་དང་། ཞག་དང་། ཁྭ་དང་། འུག་པའི་སྒྲོ་དང་། བྲུན་དང་། ཆུ་དང་། མིའི་རུས་པ་ཕྱེ་མར་བྱས་ཏེ་མེ་སྦར་ལ་བ་ལང་གི་ཤ་ལ་སོགས་པ་རྣམས་ཀྱིས་སོ་སོར་དུག་དང་ཁྲག་དང་མྱོས་བྱེད་ཀྱི་འདབ་མ་ལ་ཁུ་

བས་བྱུགས་ཏེ། སྦྱིན་སྲེག་བྱའོ། །ཁྱད་པར་གྱི་གདམས་ངག་དཀའ་འགྲེལ་ཉིད་ལས་གསལ་བ་ཡིན་ནོ། །ཉེར་སྤྱོད་ཀྱི་གུས་པ་དང་བཅས་པའོ། །བསྟན་བཅོས་ཀུན་མ་སྤངས་ཞེས་པ་ནི་འདི་ཐམས་ཅད་བཤད་པ་ལ་སོགས་པ་བསྟན་བཅོས་ལས་ཡོངས་སུ་མ་སྤངས་པ་དེ་འཆང་ཞིང་ཉེ་བར་

เล่ม ๑๗ · หน้า 233b

སྦྱོར་བའོ། །ལས་རྣམས་དག་ནི་ཐམས་ཅད་ཅེས་པ་ནི་ཐམས་ཅད་འདིར་བྱའོ། །ཇི་བཞིན་འགྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །འདིར་ནི་ལས་ལ་བརྩོན་པར་བྱེད། །ཅེས་པ་ནི། ཇི་ལྟར་ལས་ལ་ཤེས་པ་དེ་བཞིན་དུ་བྱའོ་ཞེས་དགོངས་པའོ། །འདི་ནི་རིམ་པར་ཕྱེ་བ་ཉི་

ཤུ་རྩ་བརྒྱད་པའོ།། །།སྤུ་ནི་དམར་སེར་ཡིན་ཞེས་པ་ནི་སྐྲ་སེར་སྐྱའོ། །དྲན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོ་ཁྱད་པར་དུ་བྱེད་པ་སྟེ། དཀའ་འགྲེལ་ལས་རྣམ་པར་བཤད་དོ། །རྣལ་འབྱོར་རོལ་པས་འབྲས་རབ་སྟེར། །ཞེས་པ་ནི་ཤེས་རབ་དང་མཉམ་པར་

སྦྱོར་བ་ཞེས་པས་བླ་ན་མེད་པའི་བདེ་བའི་བྱ་བ་དང་ལྡན་པའོ། །རོལ་མོའི་སྒྲས་བརྗོད་པ་ནི་དཔལ་བདེ་མཆོག་འཁོར་ལོའི་བདག་ཉིད་དོ། །འདི་ཉིད་གསུངས་པ་གློ་བུར་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཞེས་པ་ནི་སྔགས་ཀྱི་མཐུས་སོ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །

ཞེས་པ་ནི་བཟླས་བརྗོད་པའི་རིག་པའི་སྔགས་པས་འཇིག་རྟེན་གསུམ་ལ་ལོངས་སྤྱོད་པར་འགྱུར་རོ། །ཡང་ན་འཇིག་རྟེན་གསུམ་གྱི་རང་བཞིན་དུ་རྣལ་འབྱོར་པས་འགྱུར་བ་ཡིན་ནོ། །སྔགས་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་འདི་ཉིད་ཀྱི་ཕྱིར་ན་སྒྲུབ་པ་པོས་སྔགས་དང་ཕྱག་རྒྱ་

དང་ཡང་དག་པར་འགྲུབ་པས་བྱའོ་ཞེས་དགོངས་པའོ། །སྔགས་ཙམ་གྱིས་ཆོག་མོད་ཕྱག་རྒྱ་ཤེས་རབ་མ་ཅི་ཞིག་བྱ་ཞེ་ན། གསུངས་པ། ཕྱག་རྒྱ་དམན་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་བྱ་བ་དང་། ཕྱག་རྒྱ་དམན་པ་དང་། ལྷན་ཅིག་དངོས་གྲུབ་ཉེ་བར་སྦྱོར་བས་མི་འབྱུང་ངོ་

ཞེས་པའི་དོན་ཏོ། །སྔགས་དང་ཕྱག་རྒྱ་ཙམ་ཁོ་ན་བླང་བར་བྱ་བ་ཡིན་གྱི། རྣལ་འབྱོར་པ་ལ་ལྷས་ཅི་ཞིག་བྱ་ཞེ་ན། གསུངས་པ། ཤིན་ཏུ་སྦྱོར་བ་ཞེས་པ་ལ་སོགས་པ་དཀའ་འགྲེལ་ལས་གསལ་བར་བྱས་སོ། །དེ་དེ་ལྟར་ན་གང་ཞིག་སྡང་བ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཆེ་

ཞེས་པ་ནི་དཔལ་བདེ་མཆོག་གི་རྣལ་འབྱོར་རོ། །གཞན་ལ་ཞེས་པ་ནི་རྣལ་འབྱོར་གཞན་ལའོ། །གཞན་དུ་ཞེས་པ་ནི་འབྲས་བུ་དང་བྲལ་བའོ། །བཟང་པོ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ཞེས་འབོད་པའོ། །དེ་ཉིད་གསུངས་པ། འཚོ་བའི་ཞེས་བྱ་བ་ལ་སོགས་པའོ། །གདོལ་བའི་ཀླ་

เล่ม ๑๗ · หน้า 234a

ཀློ་ཞེས་པ་ནི་དེ་རེ་ཞིག་གཞན་ཞེས་བྱ་བའི་དོན་ཏོ། །ཚིག་གིས་ཡོངས་སུ་དགེ་བར་བྱེད། །ཅེས་པ་ནི་ཚིག་ཙམ་གྱིས་ཀྱང་ཕྱག་འཚལ་བ་ལ་སོགས་པ་ཡིན་ནོ་ཞེས་པ་དགོངས་པ་ཡིན་ནོ། །དེའི་ཞེས་པ་ནི་སྙིང་གར་རོ། །འདི་ནི་རིམ་པར་བྱེ་བ་ཉི་ཤུ་རྩ་དགུ་པའོ།། །།ཀུན་བྱས་ཞེས་པ་ནི་ལྷ་

རྣམས་ཀྱིས་ཡང་དག་པར་རྫོགས་པར་བྱའོ། །ཕྱོགས་བཅིངས་པ་ཞེས་པ་ནི་རྡོ་རྗེ་ར་བ་ལ་སོགས་པ་རྣམས་ཀྱིས་ཕྱོགས་བཅིངས་པའོ། །རི་མོ་དགུ་ཞེས་པ་ནི་དགུའི་སྒྲ་ཡིས་བརྒྱད་དུ་བྱ་བའི་ཚོགས་ལེགས་པར་བསྐོར་བ་སྟེ། རི་མོ་བརྒྱད་ཅེས་པའི་དོན་ཏོ། །དཔའ་བོ་ནི་ཞེས་པ་ནི་སྔགས་བཞི་པའོ། །ཇི་ལྟར་

བཏུ་བར་བྱ་ཞེ་ན། གསུངས་པ། རིམ་པ་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ་དང་རིམ་པ་ལས་འདས་པར་ཞེས་པའི་དོན་ཏོ། །གྲངས་ནི་འདིའི་ནང་བསྡུ་བྱ། །ཞེས་པ་ནི་བཞི་བཅུ་རྩ་དགུ་པའི་གྲངས་འདི་རྣམས་རེའུ་མིག་དེ་རྣམས་ཀྱི་ནང་དུ་ཆུད་པར་འགྱུར་བ་དེ་ལྟར་བྱས་པ་ཡིན་ནོ། །ཐུབ་པ་

ཞེས་པ་ནི་ཐུབ་པ་སྡེ་ཚན་བདུན་གྱི་བདག་ཉིད་དོ། །སྐུ་བརྒྱད་ཀྱིས་ནི་ཡང་དག་བརྒྱན། །ཞེས་པ་ནི་ཁྭ་གདོང་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་པའི་བར་ལ་ཐུག་པའི་སྐུ་བརྒྱད་དོ། །སྐུ་སྤྲོ་བའི་བདག་ཉིད་དེས་ན་བརྒྱད་པའོ། །ཡང་ན། ས་དང་། ཆུ་དང་། མེ་དང་། རླུང་དང་། ཟླ་བ་དང་། ཉི་མ་དང་།

གཤིན་རྗེ་དང་། ནོར་སྦྱིན་ནོ། །གཟུགས་བརྒྱད་ཅེས་པ་དཀའ་འགྲེལ་ལས་གོ་བར་བྱའོ། །རྣལ་འབྱོར་ཐུན་མོང་ཞེས་པ་ནི་དཔལ་བདེ་མཆོག་གི་རྣལ་འབྱོར་བྱས་ནས་སོ། །བརྗོད་པ་ནི་བརྗོད་པ་དང་ལྡན་པའོ། །དངོས་གྲུབ་ཀུན་གྱི་འབྲས་སྟེར་བ་ནི་དེ་ལ་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་འབྱུང་བར་འགྱུར་

རོ། །འདི་ནི་རིམ་པར་ཕྱེ་བ་སུམ་ཅུ་པའོ།། །།འདི་ཀུན་ཞེས་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པར་བྱེད་པ་ཅན་ནོ། །རྡོ་རྗེ་སྐྱེས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ། བདེ་མཆོག་ཅེས་པ་མིང་གཞན་ནོ། །དེ་བསྒོམ་པ་སྔོན་དུ་འགྲོ་བས་སྦྱིན་སྲེག་གིས་འཇིགས་པར་འགྱུར་རོ་ཞེས་པའི་

དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདིར་དྲུག་པའི་གཉིས་པ་ལ་གསུམ་པའི་དོན་ཏོ། །ཁྱི་ཤ་ལ་སོགས་པ་ཞེས་དགོངས་སོ། །བཟའ་བ་ཞེས་བྱ་བ་ལ་སོགས་པ་ནི་བྱ་བའི་སྒྲ་ནི་སོ་སོར་འབྲེལ་ཏོ། །དེ་བཞིན་དུ་བྱས་པས་ཅིར་འགྱུར་ཞེ་ན། འགྲུབ་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། མ་ལུས་

เล่ม ๑๗ · หน้า 234b

ལུས་པ་མེད་པ་ནི། །ཞེས་བྱ་བ་ནི་ཁམས་གསུམ་མ་ལུས་པ་སངས་རྒྱས་ཀྱི་རང་བཞིན་ནོ། །རྒྱལ་སྲིད་ཐམས་ཅད་ནི་མངོན་སུམ་དུ་དབང་ཆེན་གྱི་དཀྱིལ་འཁོར་མཐའ་དག་གི་བདག་པོར་འགྱུར་རོ། །བཅོམ་ལྡན་འདས་ཐོད་པ་བསྣམས་པ་ཤིན་ཏུ་ཕུལ་དུ་བྱུང་བར་ཡང་དག་པར་བསྟན་པར་

བྱ་བའི་དོན་དུ་གསུངས་པ། དུང་དང་ཞེས་བྱ་བ་ལ་སོགས་པ་སྟེ། གསུམ་ཆར་རྒྱུ་ལས་བྱུང་ཡིན་ན། །ཞེས་པ་ནི་སྲོག་ཆགས་གསུམ་གྱི་རྒྱུ་ལས་བྱུང་བ་མ་དག་པར་གྱུར་པ་དག་པའི་བསམ་པས་དུང་ལ་སོགས་པ་ཡིན་པར་དགོངས་སོ། །ཆོས་ཀྱི་སྐུའི་ལུས་ཅན་གྱི་ཞེས་པ་ནི་དོན་

དམ་པར་ཆོས་ཀྱི་སྐུ་ཉིད་ཀྱི་ལུས་མིའི་ཐོད་པ་འདི་ལ་རྒྱུ་མཚན་ཅིས་སུན་འབྱིན་ཏེ། ཤིན་ཏུ་དག་པ་ཐོད་པ་འདི་སུན་འབྱིན་པར་མ་བྱེད་ཅེས་པའི་དོན་ཏོ། །འདི་ཉིད་ལས་གསུངས་པ་ཐོད་པའི་ཕྲེང་བ་ལ་སོགས་པ་སྟེ། བཤད་པ་འདིས་ཁ་བསྐང་ཞེས་དཀའ་འགྲེལ་ལས་བཤད་པར་

གོ་བར་བྱའོ། །འདི་བཅོམ་ལྡན་འདས་འབའ་ཞིག་ལ་མ་ཡིན་ཏེ། འོན་ཀྱང་དཀྱིལ་འཁོར་བ་ཐམས་ཅད་ལ་ཡིན་པར་གསུངས་པ། དེ་ལྟར་ཆོ་ག་ཞེས་བྱ་བ་ལ་སོགས་པ་སྟེ། དག་བྱེད་ཀྱི་ཐོད་པ་དེ་འདི་འདྲ་བ་ཉིད་དཔའ་བོ་རྣམས་ལ་ཉེ་བར་མཚོན་པ་སྟེ། དཔའ་མོ་ལ་ཡང་ངོ་། །དཔའ་འབྱུང་ཞེས་

པ་ནི་ཆོས་ཀྱི་སྐུའི་ལུས་ཅན་དཔའ་བོ་དང་འདྲ་བར་མགོ་བོ་ལས་འབྱུང་བར་ཞེས་བྱ་བའི་དོན་ཏོ། །ཙུམྦི་ཀ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའོ། །ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་དེ་ཉིད་ཁྱད་པར་བྱེད་དོ། །དབུས་སུ་ཞེས་པ་ནི་དེ་ཉིད་སྟོང་པ་ཉིད་དོ། །དཔའ་བོ་ཀུན་གྱི་གནས་ཞེས་

བྱ་བ་ནི་སྟོང་པ་ཉིད་ཀྱི་ཚུལ་འདིས་དཔའ་བོའི་གནས་ཞེས་བྱ་བའི་དོན་ཏོ། །རྒྱབ་ཏུ་གཤེགས་སུ་གསོལ་ཞེས་བྱ་བ་ནི་རྒྱབ་ཏུ་ཤིན་ཏུ་ངེས་པར་བྱེད་པ་སྟེ་ཞེས་བྱ་བ་ངེས་པར་བསྟན་ནོ། །གཤེགས་སུ་གསོལ་ཞེས་པ་ནི་ཁྱད་པར་དུ་གཤེགས་སུ་གསོལ་བ་ཡིན་ནོ། །འདི་ནི་རིམ་

པར་བྱ་བ་སུམ་ཅུ་སོ་གཅིག་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་བཟའ་བ་དང་བཅའ་བ་བསྡུ་བ་ཞེས་པ་ནི་བཟའ་བར་གྱུར་པའི་ལུས་སུ་གྱུར་པའི་ཕྱུགས་དེ་རྣམས་བཟའ་ཞིང་བཅའ་བའོ། །དེའི་དོན་དུ་བསྡུ་བ་ནི་ཕྱུགས་ཉིད་བླང་བའོ། །ཅི་སྟེ་དེ་ཡིས་ཅིར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด