དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཙཀྲ་སམྦ་ར་ཏནྟྲ་རཱ་ཛ་སུ་ཀ་ར་ཧ་ས་མུཙྪ་ནཱ་མ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘ · หน้า 80b
དབང་དུ་འདུས་འབྱུང་བ་བཞི་རླུང་མཱ་མ་ཀཱི་སོགས་ཕྲིན་ལས་ལ་དབང་བྱེད་པས་གསང་སྔགས་ལམ་དུ་བྱས། ཐིག་ལེ་བྱང་ཆུབ་སེམས་བདེ་བ་སྐྱེ་བའི་ཚུལ་དུ་ཀུན་འདར་དུ་བྱང་སེམས་དཀར་དམར་གཉིས་མེད་དུ་དབང་བྱས་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྒྲུབ་པ་པོའི་བཀའ་ཉན་ཅིང་
འདུན་པར་བྱེད་དོ། །དེར་རླུང་ལས་སུ་རུང་བས་ཕྱི་ནང་གི་རླུང་གཉིས་འདྲེས་ཏེ་དང་པོར་དྲོད་སྐྱེ། དེ་ལས་བདེ་བ། དེ་ལས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་སྟེ། ལུས་མགོ་ཞབས་ཐམས་ཅད་ཁྱབ་པར་བདེ་བ་མི་བཟོད་པ་འཆར། དེ་ཡང་ནང་གནས་གསུམ་གྱི་རྣལ་འབྱོར་མ་རྣམས་རྩའི་རྣམ་པར་
བཞུགས་པ་དང་། དཔའ་བོ་རྣམས་སོ་སོའི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྒྱས་ཤིང་འབར་བས། སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། །ཞེས་དེར་དྲོད་དང་བདེ་བ་མི་རྟོག་པའི་ཡེ་ཤེས་རྟེན་ཅིང་འབྲེལ་བར་འབྱུང་བ་འཆར་བ་ཡང་། རྣལ་འབྱོར་མ་དང་དཔའ་བོ་ཐབས་ཤེས་རབ་གཉིས་མེད་
ཀྱིས་རང་བྱིན་གྱིས་བརླབས་པ་སྟེ། ཕྱི་ནང་གི་རྟེན་འབྲེལ་རང་འགྲིག་ཏུ་འོང་སྟེ། བདེ་སྟོང་རོ་གཅིག་པའི་ཡེ་ཤེས་རྣལ་མ་དུས་དེ་ཙམ་ན་འབྱུང་། །སྤྱོད་པ་ཡང་འཇིག་རྟེན་ཆོས་བརྒྱད་ཟིལ་གྱིས་གནོན་པ་བུ་ཆུང་ལྟར་ཞེན་པ་མེད་པའི་ངང་ལས་རྣམ་པར་གྲོལ་བའི་འབྲས་བུ་རབ་ཏུ་ཐོབ་པ་ཉིད་ཀྱིས་
གཞན་གྱི་མ་དད་པ་ཟློག་ནུས། །སྔགས་ཀྱི་ནུས་པ་ཐོག་ལྟ་བུ་ཐོགས་པ་མེད་པར་འབྱུང་བའོ། །དེ་ལས་མངོན་པར་འདོད་པའི་དོན་འབྲས་བུ་བླ་ན་མེད་པ་ཀུན་སྒྲུབ་བྱེད་པའོ། །རིག་སྔགས་ཀྱི་སྙིང་པོ་ཉིད་ཡིན་ཏེ། རྩ་བའི་སྔགས་ནི་རྟག་ཏུ་ཟློས། །ཞེས་པས་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་ལ།
ཨོཾ་ཀ་ར་ཀ་ར་ལ་སོགས་པ་རྣམས་ཐུན་བཞི་ལ་སོགས་པར་བསྙེན་པ་བྱེད་པའོ། །དེ་ཡང་རྩ་བ་ཞེས་ཡོན་ཏན་མ་ལུས་པའི་འབྱུང་གནས་ཤེས་པས་སྐྱོབ་པ་དང་། ཡིད་སྐྱོབ་པར་བྱེད་པའི་དོན་ཏོ། །དེ་ཡང་ལྷའི་རྣལ་འབྱོར་དུས་ནི་ཁྱོགས་ལྟ་བུ་དང་། མགལ་མེའི་འཁོར་ལོ་ལྟར་དང་། མདའི་ཤུགས་
ལྟ་བུ་ལ་སོགས་པར་བཟླས་ལ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ལྟར་ན་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་ཤེས་རབ་ཀྱི་པདྨར་གནས་པའི་རྡོ་རྗེ་བུམ་པའི་ཆ་ལས་སྔགས་ཀྱི་རྣམ་པ་མུ་ཏིག་གི་རྣམ་པ་ལྟ་བུ་ལ་ཕྲེང་བ་ལྟར་དམིགས་པར་བྱ་བ་ཉིད་དོ། །བདུད་ཀུན་རབ་ཏུ་ཞི་བར་བྱེད། །ཅེས་པ་ནི་ལྷའི་བུའི་བདུད་
เล่ม ๑๘ · หน้า 81a
གཡང་བ་ལ་སྤྲོས་པ་མེད་པས་ཞི། ཕུང་པོའི་བདུད་སྒྱུ་མ་རྨི་ལམ་ལྟར་གྱུར་པས་ཞི། འཆི་བདག་གི་ཆོས་ཐམས་ཅད་སྐྱེ་འགག་མེད་པར་རྟོགས་པས་ཞི། ཉོན་མོངས་པ་ནི་ཐམས་ཅད་འོད་གསལ་བདེ་བ་ཆེན་པོར་གྱུར་པས་རབ་ཏུ་ཞི་བར་གྱུར་པ་སྟེ། ཤིན་ཏུ་རབ་ཏུ་ཞི་བར་གྱུར་པ་ཉིད་དོ། །རྒྱུ་དང་མི་རྒྱུ་ནི་
བརྟན་གཡོ་མ་ལུས་པ་གཞལ་ཡས་ཁང་དང་ལྷའི་དཀྱིལ་འཁོར་དུ་སྣང་བའི་འཇིག་རྟེན་སྲིད་པ་གསུམ་ཐམས་ཅད་ཀྱི་ཡོན་ཏན་ལ་དབང་ཕྱུག་ཏུ་གྱུར་བའོ། །དེ་དག་གི་ནུས་པ་བླ་ན་མེད་པ་ཐོབ་པའི་རྣལ་འབྱོར་རོལ་པས་ནི། ཕྱག་རྒྱ་ཆེན་པོ་གསང་བ་མི་འགྱུར་འབྲས་རབ་སྟེར་བ་ནི་གསང་ཆེན་གྲུབ་པ་
མངོན་དུ་འགྱུར་བའོ། །དངོས་གྲུབ་ཀུན་གྱི་འབྱུང་གནས་ནི་གསང་སྔགས་འདི་ལས་ཏེ། ལས་དང་དངོས་གྲུབ་མ་ལུས་པ་འབྱུང་འཇུག་གནས་པ་གང་ཟག་གི་རྒྱུད་ལ་འཆར་བ་ནུས་པ་མངོན་དུ་འབྱུང་བར་བསྟན་པ་ཡིན་ནོ། །ཕྱག་རྒྱའི་ཁྱད་པར་གྱི་སྒོ་ནས་ཡོན་ཏན་ཐོབ་པར་བསྟན་པའི་ཕྱིར། །སྔགས་དང་
ཕྱག་རྒྱར་ཡང་དག་ལྡན། །ཞེས་པ་ལས་ཀྱི་ཕྱག་རྒྱ་གསང་བའི་སྔགས་ཀྱི་བདེ་བ་དང་ཡང་དག་པར་ལྡན། །ཆོས་ཀྱི་ཕྱག་རྒྱ་རིག་སྔགས་ལྷའི་རྣལ་འབྱོར་སྣང་བ་རིགས་ཀྱི་དཀྱིལ་འཁོར་ལྡན། ཕྱག་རྒྱ་ཆེན་པོ་གཟུངས་སྔགས་འཛིན་ཅིང་སྡོམ་པའི་བདག་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཡང་དག་ལྡན།
དམ་ཚིག་ཕྱག་རྒྱ་དབྱེར་མེད་ཡེ་ཤེས་མི་འགྱུར་བ་སྔགས་ས་བོན་སྲོག་ལྟ་བུ་མི་ཕྱེད་པའི་དོན་དང་ཡང་དག་ལྡན་པའོ། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་པ་ནི། འཇུག་བསམ་བསྒོམ་བསམ་ལས་དབང་པོའི་ཁྱད་པར་གྱིས་གཟུགས་སྒྲ་ལ་སོགས་པ་ཡུལ་དང་དབང་པོ་ཐབས་ཤེས་རབ་གཉིས་མེད་
དུ་གནས་པས་འབད་པའོ། །ཡང་ལྡོག་པའི་སྒོ་ནས་ཕྱག་རྒྱ་བཞི་ལམ་དུ་བྱ་བ་མེད་ན་ཡོན་ཏན་མི་འབྱུང་བར་བསྟན་པའི་ཕྱིར། །ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ཞེས་པ་གོང་མའི་ཕྱག་རྒྱ་བཞིའི་སྔགས་དང་མི་ལྡན་ན་ཡོན་ཏན་ཐོབ་པ་ལ་རིང་དུ་འགྱུར་བའི་དོན་དུ། ལུས་ཅན་རྣམས་ལ་བྱིན་མི་རློབ། །
ཅེས་པ་དམ་ཚིག་ལ་གནས་པ་དང་། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཌཱ་ཀི་རྣམས་ཀྱིས་དངོས་གྲུབ་མི་སྟེར་བའོ། །ད་ནི་སྤྱོད་པ་བྱ་བའི་དུས་ངེས་པ་ཅན་དུ་བྱ་བ་ནི། ཇི་སྲིད་དྲོ་བའི་བྱ་བ་དག །ཤིན་ཏུ་སྦྱོར་བས་རྟོགས་པར་བྱ། །ཞེས་སྨོས་ཏེ་བསྐྱེད་པའི་རིམ་པའི་དུས་སུ་གཞན་དོན་གཙོར་དམིགས་ལ། རྣམ་
เล่ม ๑๘ · หน้า 81b
པ་སྙིང་རྗེས་ཡུལ་ཕྱི་རོལ་སྣང་བ་ལྟར་གསལ་བ། སྣང་བའི་ཡེ་ཤེས་དྲོད་ཐོབ་པ་དང་། །བདག་དོན་ལ་དམིགས་པ་བྱམས་པས་རང་གི་ལུས་ལྷར་གསལ་བ་ལས་སྣང་བ་མཆེད་པ་རྩེ་མོ་དང་། བདག་གཞན་གཉིས་ཀའི་དོན་ལ་དམིགས་ནས་རྣམ་པ་བྱང་ཆུབ་སེམས་ཀྱི་ཀུན་བསླང་སྟེ་བརྟན་གཡོ་ཐམས་ཅད་
ལྷ་དང་གཞལ་ཡས་ཁང་དུ་འཆར་བ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱིས་བཟོད་པ་ཐོབ་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་ལ་སྐྲག་པ་མི་སྐྱེ་བའོ། །དེ་དག་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རོ་མཉམ་པར་གྱུར་བས་དམིགས་པ་ཞི་གནས་ཀྱི་སེམས་ལས་རྣམ་པ་འཇིག་རྟེན་ཆོས་མཆོག་དང་གཞལ་
ཡས་ཁང་དབྱེར་མེད། སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྟོང་པ་ཉིད་ཉམས་སུ་མྱོང་བས་ཡུལ་དང་ཡུལ་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་རྣམ་པར་དག་པར་གྱུར་པས། རྣམ་ཤེས་ཀྱི་ལས་འགྲུབ་པས་རིག་པ་འཛིན་པའི་དངོས་གྲུབ་འགྲུབ་པའོ། །རྫོགས་པའི་རིམ་པར་བདག་འཛིན་གྱི་རྟོག་པ་
དག་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་སེམས་ཅན་ལ་དམིགས་པའི་སྙིང་རྗེས་དྲོད་སྣང་བ་གསལ་བའི་ཡེ་ཤེས་རྒྱུད་ལ་འཆར་བ་དང་། གཞན་འཛིན་གྱི་རྟོག་པ་དག་པས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཐོབ་པས་ཆོས་ལ་དམིགས་པའི་སྙིང་རྗེས་སྣང་བ་མཆེད་པ་རྩེ་མོའི་ཡེ་ཤེས་བདེ་བར་འཆར་
བ་དང་། བདག་གཞན་གཉིས་ཀར་འཛིན་པའི་རྟོག་པ་རྣམ་པར་དག་པས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཐོབ་པས་དམིགས་པ་མེད་པའི་སྙིང་རྗེ་དང་ལྡན་པས་སྣང་བ་ཐོབ་པའི་ཡེ་ཤེས་བཟོད་པ་མི་རྟོག་པའི་ཏིང་ངེ་འཛིན་དང་། ཡང་བདག་གཞན་ཐ་དད་པར་རྟོག་པ་རྣམ་པར་དག་པས་རྣམ་པར་ཐར་
པའི་སྒོ་མངོན་དུ་བྱ་བ་མེད་པའི་ངང་ལས་ཡེ་ཤེས་ཆེན་པོ་ཡང་དག་པའི་སྙིང་རྗེས་སྣང་བ་ཉེ་བར་ཐོབ་པ་སྟོང་པ་བཞི་ལ། བདེ་གསལ་མི་རྟོག་པ་ཚོགས་པ་གཅིག་པའི་ཞི་གནས་རྩེ་གཅིག་པའི་བསམ་གཏན་གྱིས་ཆོས་མཆོག་ཐམས་ཅད་སྟོང་པ་འོད་གསལ་འཆར་བས་ན་ཡེ་ཤེས་ཀྱི་ལས་ཁྱད་པར་དུ་
འགྲུབ་པའོ། །དེ་ལ་འདོད་པའི་ཡོན་ཏན་ལམ་དུ་ཁྱེར་བར་བསྟན་པའི་ཕྱིར། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །ཞེས་པའི་དོན་ལས་ཕྱི་རོལ་གཟུགས་སྒྲ་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུ་ལ། སྣ་ཚོགས་བདེ་བར་འཆར་བར་བསྟན་པ་ལ། འགའ་ཞིག་གིས་ཐུབ་པས་གསུངས་པ། འདོད་པ་
เล่ม ๑๘ · หน้า 82a
ནི་དུག་གི་ལོ་མ་ལྟ་བུ། །སྦྲུལ་གྱི་མགོ་དང་། མེ་ཏོག་ཀིམྤ་ལྟ་བུ་ལ་སོགས་པས་དགག་བྱར་བསྟེན་པ་མ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པས་ཀྱང་ཐམས་ཅད་སེམས་སྣང་རྨི་ལམ་ལྟར་རྟོགས་ལ། གསང་ཆེན་པོས་དུག་ལ་སྔགས་ཀྱིས་བཏབ་པ་ལྟར་རང་
བཞིན་མེད་པར་རྟོགས་པས་ཐམས་ཅད་བདེ་བར་འཆར་ཞིང་ཟུག་རྔུ་མེད་པས་ཡུལ་དང་དབང་པོ་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བས་ངེས་པར་འགྲུབ་པའི་དོན་ཏོ། །རྣལ་འབྱོར་ཆ་ནི་རིམ་པ་གཉིས་ལ་གོམས་པར་བྱེད་པའི་གང་ཟག་ལ་གང་ཞིག་སྡང་བ་ནི་ཆོས་དང་གང་ཟག་ལ་བརྙས་པར་བྱེད་
པ་གང་ཡིན་པ། བདེ་བར་གཤེགས་པས་ཤིན་ཏུ་རྣམ་གྲངས་དུ་མར་སྨད་ཅིང་ལམ་ལས་གོལ་བར་བསྟན་པ་ཡང་། ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་དོན་ཏོ། །གཞན་ཡང་ལམ་བརྟག་པ་ཉན་ཐོས་དང་རང་རྒྱལ་བ་ལ་སོགས་པའི་བརྟུལ་ཞུགས་
དཀའ་ཐུབ་དང་། ཡང་དུས་གསུམ་དུ་ཁྲུས་དང་གོས་བརྗེ་བ་ལ་སོགས་པ་ཡང་ལམ་དམན་པ་སྟེ། དཔེར་ན་ལ་ལ་མར་འདོད་པ་ལས་ལོག་པས་གནས་སྐབས་ཀྱི་ཕན་བདེ་ཕྲ་མོ་འབྱུང་བ་སྲིད་པ་ཙམ་མོ། །ཐེག་པ་ཆེན་པོའི་རྟགས་ཙམ་འཛིན་ཅིང་མཆོད་པར་བྱེད་པ་བདག་དང་ལྷ་ཐ་དད་དུ་ལྟ་བ་དག་ཀྱང་གནས་
སྐབས་ཀྱི་ཉེ་བར་མཁོ་བ་འཚོ་ཞིང་སྐྱོད་པར་བྱེད་པའི་ཐབས་དུ་མའི་སྒོ་ནས་ཐམས་ཅད་མཁྱེན་པའི་རྒྱུ་ཙམ་དུ་གྱུར་པས། ཕྱི་རོལ་དོན་རྣལ་འབྱོར་གཞན་ལ་བརྟེན་པ་ཞེས་ཕྱི་རོལ་གྱི་ལྷས་བདག་ལ་དངོས་གྲུབ་སྟེར་བར་འདོད་པ་དེ་དག་ཀྱང་ཐ་དད་དུ་གནས་པའི་ཕྱིར། དེ་བཞིན་དོན་མེད་འགྱུར་ཞེས་དགག་
བྱར་བསྟན་པའོ། །དེ་ལས་གསང་བ་མཆོག་ལ་གནས་པའི་གང་ཟག་གང་གིས་སྤྱོད་ཡུལ་གྱི་ཁྱད་པར་བྱིན་གྱིས་བརླབས་པས་ཁྱད་པར་དུ་བསྟན་པའི་ཕྱིར། རྣལ་འབྱོར་ཆུ་མཆོག་ནི་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་དང་ལྡན་པས་དཔའ་བོ་ཞེས་བྱའོ། །ཡུལ་ཕྱོགས་ནི་ཉེ་བར་སྤྱད་པ་བླ་ན་མེད་པ་སྟེ། གང་
ན་གནས་གྱུར་པ་ནི་སྐུ་བལྟམས་པ་དང་རོལ་པ་བསྟེན་པ་གང་དུ་བཞུགས་པ་ཐམས་ཅད་ཀུན་གྱིས་མཆོད་པའི་གནས་སུ་གྱུར་པ་ཉིད་དོ། །གང་དུ་རིགས་ངན་པ་དང་། ཀླ་ཀློའི་སྐྱེ་བོ་གནས་པའི་ས་ཡིན་ན་ཡང་། ཡུལ་དེ་ཡོངས་སུ་བརྟགས་པ་ཡིན། །ཞེས་ཡོན་ཏན་གྱི་འབྱུང་གནས་སུ་རིག་པར་བྱའོ། །
เล่ม ๑๘ · หน้า 82b
སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར། དེར་ནི་ང་ཡང་རྟག་པར་གནས། །ཞེས་དཔལ་ཧེ་རུ་ཀས་འགྲོ་བའི་དོན་དུ་སྐུ་གསུང་ཐུགས་རྡོ་རྗེ་འགྱུར་བ་མེད་པ་བདེ་བ་ཆེན་པོའི་ངང་དུ། གཙང་བ། རྟག་པ། བདེ་བ། ཡོན་ཏན་བླ་ན་མེད་པའི་ཕ་རོལ་དུ་སོན་པས་གནས་པའོ་ཞེས་པའི་དོན་ཏོ། །ལེའུ་ཉེར་དགུ་པའི་
རྣམ་པར་བཤད་པའོ།། །།ད་ནི་ཁྲོ་བོའི་རྒྱལ་པོ་ཧཱུཾ་མཛད་ཀྱི་བཀའི་འཁོར་ལོས་བར་ཆད་རྣམ་པར་བསྲུང་བའི་དོན་དུ་བསྟན་པ་ན། དཀྱིལ་འཁོར་རིག་བྱེད་མེ་ཡིས་གནས་པ་དག་ལ་གནས་དང་བྱ་བ་ཐབས་བཅས་བསྒྲུབ་པའི་ཆོ་ག་སྟེ། །དེ་ལས་ཁྱད་པར་གྱུར་པའི་ཆེ་མཆོག་ཧེ་རུ་ཀ་དཔལ་རིག་བྱེད་ཞལ་ཅན་
གཙོ་གྱུར་འཁོར་ལོ་བཀོད་པའམ། །རྡོ་རྗེ་ཧཱུཾ་མཛད་ཞལ་ནི་ཆུ་བོ་ཀླུ་ཡི་ཕྱག་ལྡན་དག་པ་ཕྱོགས་སྐྱོང་འདུལ་བར་མཛད་པ་ནི། །ཁྲོ་བོ་རྣམས་ནི་མེ་ཞལ་རོ་ལྡན་གདེངས་ཀ་ལས་ཀྱང་སྟེང་འོག་སྦྱོར་བ་ལས་བྱུང་ཡོངས་སུ་གནས། །གསང་སྔགས་དེ་ཉིད་འོད་ཟེར་བཅས་ལས་ཡི་གེ་ཁྲོ་མོ་རིག་བྱེད་མེ་སྟེ་ལུགས་འབྱུང་དག་གིས་བསྐོར་བ་ཡང་། །
རིག་བྱེད་མེ་ལྡན་དག་གིས་ཁྲོ་བོས་བདུད་འདུལ་བགེགས་ཚོགས་མ་ལུས་ཀུན་ལས་རྣམ་རྒྱལ་དྲི་མེད་སྙིང་པོ་ཐོབ། །འདིར་ནི་ལམ་གྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་སྦྱང་བར་བྱས་ནས་གསང་ཆེན་གྱི་ལམ་འདིར་ཁྱད་པར་གྱི་སྲུང་བ་བསྟན་པར་བྱ་བ་ནི། དེ་ནས་
གཞན་ཡང་བཤད་བྱ་བ་ནི་བདག་གཞན་ཐམས་ཅད་ཀྱི་དོན་དུའོ། །ཤིན་ཏུ་རྙེད་དཀའ་ནི་བྱ་བའི་རྒྱུད་ལ་སོགས་པར་མ་བསྟན་པའོ། །འགོད་པ་ནི་སྡེ་ཚན་རྣམས་གསལ་བར་བྲི་བའོ། །གང་ཞིག་ཤེས་པ་ཙམ་གྱིས་ནི་ཏིང་ངེ་འཛིན་དང་འཁྲུལ་འཁོར་གྱི་སྦྱོར་བ་ཉིད་དོ། །མྱུར་དུ་དངོས་གྲུབ་བྱེད་པ་ནི་
ལས་ཆེན་བཅུ་གཉིས་ལ་སོགས་པ་ལས་རབ་འབྱམས་དུ་མ་གྲུབ་པ་བླ་ན་མེད་པའོ། །དེས་མདོར་བསྟན་ནས། ད་ནི་རྒྱས་པར་བཤད་པ་ལ། དང་པོར་གནས་ཕུན་སུམ་ཚོགས་པ་བསྟན་པ་ནི། སའི་ཆ་མཉམ་ཡིད་འོང་མཎྜལ་ལེགས་པར་བྱས་པས་སྦྱང་བའོ། །དེར་བའི་གཅི་བ་ས་ལ་མ་ལྷུང་བ་དང་རྣམ་
ལྔ་སྟེ། ཙནྡན་གྱིས་ནི་ཉེ་བར་བསྐུ། །དྲི་བཟང་དྲི་ལྡན་ས་ལ་ནི། །ཞེས་པས་བྱུག་པ་ལག་པ་གཡོན་པས་བྱ་བའོ། །དེར་མཆོད་པའི་ཚོགས་བཤམ་པ་མེ་ཏོག་སིལ་མ་གཅལ་བཀྲམ་ཞིང་། སྤོས་ཀྱི་དྲིས་ནི་ཉམས་དགར་བྱ། །ཞེས་གཏོར་མ་དང་ཚོགས་ཀྱི་མཆོད་པ་དང་ལྡན་པས། བདག་གི་བྱ་བ་ནི་ལྷག་
เล่ม ๑๘ · หน้า 83a
པའི་ལྷའི་རྣལ་འབྱོར་སྒོ་གསུམ་དག་པའི་རྣལ་འབྱོར་ཁྱད་པར་ཀུན་བྱས་ཤིང་ནི་གོ་ཆ་བགོ་བ་ལ་སོགས་པའོ། །ཕྱོགས་བཅིང་བ་ནི་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་དང་བླ་རེ་དག་བསམ་ཞིང་། རྡོ་རྗེའི་ར་བ་ཕྱི་མའི་བར་དེར་ཉི་མའི་དཀྱིལ་འཁོར་བཅུའི་སྟེང་དུ་ཧཱུཾ་བཅུ་
འཕྲོས་པ་ལས་ཁྲོ་བོ་ཡབ་ཡུམ་བཅུ་གསལ་བར་བལྟ། དེ་ནས་བགེགས་བཀུག་པ་ལ་ཕུར་བུས་གདབ་ཅིང་བརྡུང་བ་ལ་སོགས་པ་བྱས་ནས་མཐར་མེ་འོད་འབར་བས་འཁྲིགས་པར་བལྟའོ། །དེ་ནས་ཡི་གེ་བསྡུ་བའི་གཞི་བསྟན་པ་རྫ་རྔ་བཅིང་བྱ་སྟེ་ནི་ཁ་བཞི་པའམ་ཁ་གཉིས་པའི་རྣམ་པ་བྱས་ལ།
རི་མོ་གསུམ་པ་ནི་ཝརྞ་བ་སྟེ་གསུམ་པའི་རི་མོ་གསུམ་གསུམ་དགུ་བྲི་བ་ཡོངས་སུ་ཟླུམ་པོར་བསྐོར་བ་ནི་ཐ་མའོ། །ཡི་གེ་ཕྱི་མོ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ། དེ་ལས་བྱུང་བའི་སྡེ་ནི་དབྱངས་དང་གསལ་བྱེད་རྣམས་ཏེ་དགོད་པར་བྱ་བ་ནི། ཐབས་ཤེས་རབ་ཀྱི་ཆ་ལྡན་ནོ། །དེར་གནས་པ་ལས་ནི་རེ་མིག་
བཞི་བཅུ་ཞེ་དགུའོ། །དཔའ་བོ་ནི་དཔལ་ཧེ་རུ་ཀས་སྔོན་བདུད་བཏུལ་བའི་དུས་སུ་ཞལ་བཞི་ནས་ཕྱུང་བའོ། །འདོད་པའི་དོན་ནི་ལས་དང་དངོས་གྲུབ་དེ་ཉིད་སྒྲུབ་བྱེད་བཏུ་བ་ནི་ཨཱ་ལི་ཀཱ་ལི་ལས་སོ། །རིམ་བཞིན་འབྱུང་ནི་ཨ་ནས་བགྲང་བའི་དོན། རིམ་མིན་པས་ནི་ཧ་ས་ནས་མས་བགྲང་བའོ། །དབྱངས་དང་
ནི་ཨཱ་ལི་བཅུ་དྲུག་ཡི་གེ་ནི་གསལ་བྱེད་སྒྲུབ་པ་པོས་ནི་མངོན་པར་རྟོགས་པ་ལྡན་པའོ། །ཐུབ་པས་དེ་ལྷའི་གྲངས་གྱུར་ལས། །ཞེས་ཀཱ་ལིའི་སྡེ་ཚན་བདུན་ནོ། །བཏུ་བ་དངོས་ལ། རེ་མིག་སུམ་ཅུ་གཉིས་པ་བླང་། །ཞེས་པ་ནས་མཐའ་རུ་སྦྱར་ཡན་ཆད་ཀྱིས་བཏུ་བ་རྒྱས་པར་བཤད་པའོ། །གསང་བ་ཉེ་
བར་གདམས་པ་ནི་རིགས་རྒྱལ་ནི་བདུད་ལས་སོ། །འཁོར་ལོས་སྒྱུར་བ་ཆེན་པོ་དྲུག་གི་སྙིང་པོ་གསང་བའི་སྔགས་འདིས་གྲུབ་པ་མཐར་འབྱིན་པ་ཉིད་དོ། །གསང་བ་བླ་ན་མེད་པའི་རྒྱུད་ཀུན་གྱི་སྲུང་བའི་འཁོར་ལོ་འདིར་སྟོན་པ་ཡང་། འདི་ནི་མ་བྱུང་འབྱུང་མི་འགྱུར་ནི་འདོད་ཁམས་ལྷ་མིའི་མངོན་
སུམ་དུའོ། །དེ་ཉིད་བ་སྦུས་ཞེས་པ་ལ་སོགས་པའོ། །ཁྲོ་བོ་བཞི་དང་ཡང་དག་ལྡན་ནི་ཕྱོགས་ཀྱི་སྒོ་བཞི་སྲུང་བའི་ཁྲོ་བོ། །ཨ་བྷི་དྷ་ན་ལས། རྡོ་རྗེ་དྲག་པོ་དཔལ་གཤིན་རྗེའི་གཤེད་དང་། རྡོ་རྗེ་ཉི་མ་ཤེས་རབ་མཐར་བྱེད་དང་། རྡོ་རྗེ་གཙུག་ཏོར་དེ་བཞིན་བཞེད་པ་དཔལ་རྟ་མགྲིན་དང་། རྡོ་རྗེ་ཐལ་སྦྱོར་
เล่ม ๑๘ · หน้า 83b
བདུད་རྩི་འཁྱིལ་པ་ཕྱོགས་བཞིར་རོ། །ཡང་མཚམས་སུ་ཁྲོ་བོ་བཞི་དང་ལྡན་པ། རྡོ་རྗེ་གནོད་སྦྱིན་ཤར་ལྷོར་མི་གཡོ་བ། རྡོ་རྗེ་ནག་པོ་ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ་དང་། ནུབ་བྱང་དུ་རྡོ་རྗེ་སྟོབས་དབྱུག་སྔོན་ཅན་དང་། བྱང་ཤར་དུ་རྡོ་རྗེ་རྒྱལ་པོ་སྟོབས་པོ་ཆེ་དང་། རྡོ་རྗེ་ས་འོག་སྟེ་གནོད་མཛེས་དང་། རྡོ་རྗེ་
གཙུག་ཏོར་ཅན་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། །དབུས་སུ་རྡོ་རྗེ་འཇིགས་པ་ཧཱུཾ་མཛད་ཞལ་བཞི་ཕྱག་བརྒྱད་པ་ཞབས་གཡས་བརྐྱང་བས་གནས་པའོ། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །ཞེས་པས་འདི་ལ་རྣམ་གྲངས་དུ་མར་འགྱུར་བ་དེ་བཞིན་གཤེགས་པའི་སྐུ་དང་མཆོད་རྟེན་དང་། ཞིང་
སྐྱོང་བརྒྱད་དང་། ཁྲོ་བོ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་མཆོག་བརྒྱད་དང་། རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ལ་སོགས་པའི་དོན་གྱིས་བསྟན་པའོ། །གསང་སྔགས་འདི་ནི་ནུས་པ་བརྟེན་པ་དཀྱིལ་འཁོར་སྲུང་བའི་དོན་དུ་ནི་བཀའི་འཁོར་ལོ་འདི་ཉིད་ལ་བསམ་གཏན་གྱི་རྣལ་འབྱོར་
གྱིས་འབད་ན་ངེས་པར་འགྲུབ་པར་འགྱུར་རོ། །འཇིག་རྟེན་པའི་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ངེས་པར་གནོན་པ་སྟེ་མ་རུངས་པ་འདུལ་བའོ། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་སྟེ་རྡོ་རྗེ་ཕུར་བུས་གདབ་པ་ལ་སོགས་པའི་སྦྱོར་བ་ཙམ་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་ན་བརྟག་མི་དགོས་
པར་འཆི་བར་འགྱུར་ཞེས་དང་པོར་ཚར་གཅོད་ཅིང་ཕྱིས་ལྡང་མི་ནུས་པའི་དོན་ཏོ། །སྔགས་རང་གི་ངོ་བོ་ཉིད་ནི། ཨོཾ་སུམྦྷ་བྷ་ཞེས་པ་ལ་སོགས་པས་སྔགས་མཚན་བཞི་པ་སྦས་པ་གསལ་བར་བསྟན་པའོ། །དེ་ཉིད་ཀྱི་འབྲས་བུ་གྲུབ་ཚུལ་ནི། རྣལ་འབྱོར་ཐུན་མོང་བརྗོད་པ་ནི། །ཞེས་རྒྱུ་ཐབས་འབྲས་བུའི་
དུས་ཐམས་ཅད་དུའོ། །དངོས་གྲུབ་ཀུན་གྱི་འབྲས་བུ་བསྐྱེད་པའོ། །ཞེས་གནས་སྐབས་སུ་གྲུབ་པ་བརྒྱད་ལ་སོགས་པ་དང་མཐར་ཐུག་མི་སློབ་པའི་ཟུང་འཇུག་དུས་སུ་ཡང་བྱང་ཆུབ་སེམས་རྡོ་རྗེས་གསུང་པ་ཉིད་དོ། །ད་ནི་ལེའུའི་མཚན་བསྟན་ཏེ། རྫ་རྔ་བཅིང་བའི་གསང་སྔགས་རེ་མིག་ལས་བཏུ་
བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །།འདིར་ཡང་ལེའུ་དང་པོ་ལས། ཞི་བའི་བཏུང་བ་བཞིན་མྱང་ན། རྟག་པར་དངོས་གྲུབ་ཐོབ་པར་འགྱུར་བའི་དོན་བསྟན་པ་སྟེ། དེ་ནས་ཤ་ཆེན་པོ་དེ་དག་ཀུན་ཞེས་པ་ལ་སོགས་པའི་དོན་ཏོ། །འདིར་ནི་སྒྲུབ་པོས་ཚོགས་ཐམས་ཅད་སྒྱུ་མ་
เล่ม ๑๘ · หน้า 84a
རྨི་ལམ་ལས་དབེན་འོད་གསལ་ཆེན་པོར་རྟོགས་པས་ལམ། །ཡང་ན་བདུད་རྩི་སྒྲུབ་བྱེད་རྫས་གྱུར་ཆེན་པོའི་ཤ་དང་ཁྱི་དང་བ་ལང་མཚོན་བྱེད་ཅིང་ཤེས་སྔོ་ཞིང་འཕྲུལ་དམར་གྱུར་པའི་རྟ། །མུ་ཏིག་འབྱུང་གནས་པ་ལང་ཤ་སྟེ་ཐོད་པ་སྣོད་གྱུར་དུང་དང་ཉ་ཕྱིས་ཐབས་དང་ཤེས་རབ་སྟེ། །
མི་འཆི་བཅུ་ཕྱེད་བཟའ་བྱ་སྦྱོར་བ་སྒྲོན་མེ་སྲེག་བླུགས་བ་ལར་བྱ་བས་རང་བཞིན་ཡོན་ཏན་དབང་། །བརྡ་ནི་ལྔ་ལས་ལྔར་གྱུར་ལག་གཡོན་གྱིས་ནི་མཆོད་པ་བྱས་ལ་མཐའ་ཡས་མཐུ་སྤྱོད་འགྱུར། །ཞེས་པའི་དོན་ཏོ། །དེ་ལ་མདོར་བསྟན་པའི་ཚུལ་གྱིས་ཉེ་བར་གདམས་པ་ལས། གསང་ཆེན་དུ་མཐུན་
པའི་ཕྱོགས་གྲུབ་བྱེད་ཀྱི་དངོས་པོ་ལམ་དུ་བྱ་བ། དམ་ཚིག་གི་རྫས་ཀྱི་ཡོན་ཏན་དང་། སྣོད་ཀྱི་ཁྱད་པར་བཟའ་བར་བྱ་ཞིང་སྤྱད་བྱ་ལག་མཆོད་ཀྱི་དོན་ལས་རྣམས་རྣལ་འབྱོར་པའི་ལག་གཡོན་ལྷའི་གནས་ཁྱད་པར་གྲུབ་ཅིང་གཡོན་པའི་ཀུན་སྤྱོད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཀོད་པ་ལས་སོར་
མོ་ལྟར་གྲུབ་པ། ལག་མཐིལ་དུ་དཔའ་མོ་བསམ་པ། ཕྱི་རྒྱབ་ཏུ་དཀྱིལ་འཁོར་བ་བསམ་པ་ལས། དེ་ཉིད་བླ་མེད་མཆོད་པར་བསྟན་པའོ། །ལེའུའི་མཚན་ནི་བཟའ་བ་དང་ནི་ཉམས་མྱོང་ཕྱི་ནང་དུ་སྦྱར་བ། སྦྱིན་སྲེག་ནི་ནང་གི་རྣལ་འབྱོར་དང་། གཏོར་མའི་བྱ་བ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་
མཆོད་པ་དང་། ལག་བརྡའི་ཆོ་ག་ནི་ལག་པ་བྱིན་བརླབ་ཀྱི་རིམ་པ་སྟེ། ལེའུ་སུམ་ཅུ་སོ་གཅིག་པའི་རྣམ་པར་བཤད་པའོ།། །།འདིར་ཐུན་མོང་མ་ཡིན་པའི་གྲུབ་པའི་གསང་ཆེན་བསྟན་པ་དང་པོ་མདོར་བསྟན་པ་དེ་ནས་ཞེས་པ་ལ་སོགས་པས་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་བསྟན་ཅིང་། དམ་
ཚིག་གི་རྫས་བསྟེན་པ་དང་། རོ་ལངས་ཀྱི་སྒྲུབ་པས་སྦྱིན་སྲེག་བྱ་བ་སྟེ། ཡང་དག་ཆོ་ག་ནི་ལྷའི་བསམ་གཏན་དང་། གསང་སྔགས་བཟླས་པའི་བྱིན་རླབས་ཀྱིས་བདུད་རྩིའི་རང་བཞིན་དུ་བསྒྱུར། །སྦྱང་ཞིང་སྤེལ་བས་ནུས་པ་ཐོབ་པར་འགྱུར་བའོ། །རྒྱས་པར་བཤད་པ་ལས། །བཟང་པོ་ནི་པ་ཤུ་པ་ལ་
སྟེ། ཕྱུགས་ཞེས་པས་གོང་དུ་བསྟན་པའི་སྐྱེ་བ་བདུན་པའི་རིགས་ཤེས་པས་དའི་ཤ་དགུག་བྱ་ཉིད་དོ། །དབེན་པར་དཀྱིལ་འཁོར་བཞེངས་ནས་སྤྱོད་པའི་ནུས་པ་དང་ལྡན་པའི་སྒྲུབ་པ་ཚོགས་ཀྱི་འཁོར་ལོ་བྱས་པས་སོ། །བཟང་པོ་དེ་བཞིན་ནི་སྐྱེ་བ་བདུན་པའི་ཤ་ལ་གཞན་ཡང་ལྔ་རྣམས་ཏེ། བདུད་རྩི་
เล่ม ๑๘ · หน้า 84b
ལྔ་དང་རུས་སྦལ་སོགས་ལ་སོ་སོའི་ནུས་པ་ཅུང་ཟད་ཡོད་པ་སྟེ། སོགས་ནི་ཅེ་སྤྱང་དང་ངོ་། །དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ནི་རིགས་དྲུག་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་རམ། འདི་ཉིད་ཀྱི་དཀྱིལ་འཁོར་དུ། ཁ་དོག་རིགས་ལས་རིགས་མཆོག་ཕྱུགས་ནི་དུད་འགྲོ་ཁྱུ་མཆོག་དང་། །གླང་
པོ་ལ་སོགས་པ་དུག་ལྔ་དག་བྱེད་ཀྱི་རྫས་སོ། །བྱ་རོག་ཁྭ་ཏ་ལ་སོགས་རྣམས་ཀྱི་བྱའི་རིགས་རྣམས་ཀྱི་ཤས་ཌཱ་ཀི་དབང་དུ་བྱེད་པའི་ཁྱད་པར་དབང་ཕྱུག་ཏུ་བསྒྱུར་བའི་དོན་ཏོ། །དེ་ནས་རོ་ལོངས་བསྒྲུབ་པ་ནི། དུར་ཁྲོད་ལ་སོགས་པར་འགེགས་ནས་ཤི་བའམ་གཞན་ཡང་རུང་སྟེ། རྨ་མེད་པ་རུལ་པ་
མ་ཡིན་པ་སོ་མ་ལ་ཨརྐ་ལ་སོགས་པའི་རྫས་ཀྱིས་བཀྲུ་ཞིང་དྲི་བཟང་པོའི་ཆུས་བྱུག། །སྲུང་བའི་འཁོར་ལོའི་སྔགས་ཀྱིས་བགེགས་མེད་པར་བྱས་ལ། མཆོད་གཏོར་དང་ཚོགས་ཀྱི་མཆོད་པ་དང་ལྡན་པས། རང་ཧེ་རུ་ཀར་འགྱུར་བའི་ས་བོན་ལས་འོད་སྤྲོས་དཀྱིལ་འཁོར་བསྐུལ་ཏེ་དེ་དག་ལས། ཐབ་
ཁུང་དུ་མེ་ལྷ་བསྐྱེད་བསྟིམ་བྱ་ཞིང་། དུར་ཁྲོད་ཀྱི་རོ་ལངས་ཆེན་པོ་བསྟིམ་ལ། དེའི་སྙིང་གར་དཀྱིལ་འཁོར་བ་བསམ་པ་ལ་སྲེག་རྫས་དབུལ་བ་སྟེ། ཀྲྀཥྞ་རའི་ཐུག་པ་ནི་ཁྱི་ནག་མོའམ་བ་ནག་མོའི་འོ་མ་ལས། མ་ཤ་འབྲས་དང་ཏིལ་ནག་པོ་ལ་སོགས་པ་དང་། སྔར་གྱི་རྫས་དེ་རྣམས་ཀྱི་ཉམ་ང་བག་
ཚ་མེད་པ་སྟེ། འཛེམ་པ་མེད་པས་རོའི་ཁར་བླུགས་ཏེ་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ་ཞེས་དཀྱིལ་འཁོར་གྱི་ལྷ་མཆོད་པར་བསམས་པས། གང་འདོད་པ་སྤེལ་ཚིག་དང་བཅས་པས་མཆོད་པར་གྱུར་ན་དེ་ནས་རོ་དེ་ལངས་ནས་ནི། ཅི་བགྱི་ཞེས་ནི་སྨྲ་འགྱུར་ཞིང་འཇིག་རྟེན་པའི་ལས་ཆེན་བཅུ་གཉིས་སམ་
ཡང་ན་གྲུབ་པ་བརྒྱད་ལ་སོགས་པ་གང་ཅི་འདོད་པའི་དོན་སྒྲུབ་པར་བྱེད་པ་སྟེ། གཞན་དུ་མིན་ཞེས་པ་ལྷ་རྣམས་གཤེགས། ཐལ་བ་སྟེང་དུ་བླུགས་པས་ནུས་མེད་དུ་འགྱུར་བའོ། །སྟེང་དང་ནི་མཁའ་སྤྱོད་དམ་གནོད་སྦྱིན་མོ་འགྲུབ་ལ་འོག་ཏུ་ཕོ་ཉ་འགྲུབ་པ་ས་བླའི་ཕོ་ཉ་མོ་ལ་སོགས་པ་འགྲུབ་པར་འགྱུར་
བའོ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །ཞེས་གསང་བ་བླ་ན་མེད་པ་མཆོག་འདིར། ཐབས་ཀྱི་ཁྱད་པར་གྱིས་གནས་སྐབས་སུ་ནུས་པའི་ཁྱད་པར་དུ་མ་ཐོབ་ཅིང་། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཤིན་ཏུ་མྱུར་བར་རིག་པ་འཛིན་པ་འཐོབ་པའོ། །དེ་ལ་དཔལ་བཅོམ་ལྡན་འདས་མངོན་
เล่ม ๑๘ · หน้า 85a
པར་རྟོགས་པའི་རིམ་པ་ནི། དང་པོར་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས་གནས་ཕུན་སུམ་ཚོགས་པར་བྱ་བའི་རིམ་པ་དང་ལྡན་པས། སྔོན་དུ་འགྲོ་བ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། ཚད་མེད་བཞི་བསྒོམས་ལ་བདག་ཉིད་ཀྱིས་སྐད་ཅིག་གིས་སྣ་ཚོགས་རྡོ་རྗེའི་ས་གཞིའི་སྟེང་དུ་རཾ་
དམར་སེར་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ། དེའི་སྟེང་དུ་ཧཱུཾ་མཐིང་ག་ལས་བྱུང་བའི་དཔལ་ཧེ་རུ་ཀ་ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། ཕྱག་གཡས་ན་རྡོ་རྗེ་དང་གཡོན་ན་དྲིལ་བུ། ཁ་ཊཱཾ་ག་མཚན་ཁུང་དུ་བཅུག་པ་རྒྱན་ཆ་ལུགས་རྫོགས་པར་བལྟའོ། །དེའི་ཐུགས་ཀ་རཾ་ལས་
ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་མཐིང་ག་འོད་འཕྲོ་བ་ཅིག་བསམས་ལ། དེའི་ཧཱུཾ་གི་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི་ལ་སོགས་པ་དང་། རྡོ་རྗེའི་གུར་དང་རྡོ་རྗེའི་ར་བ་ལ་སོགས་པ་སྲུང་བའི་འཁོར་ལོ་བསམ་པར་བྱའོ། །དེ་ནས་ཐུགས་ཀའི་ས་བོན་གྱིས་བླ་མ་དང་ལྷག་པའི་ལྷའི་འཁོར་
ལོ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་དང་བསྟོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་ཨོཾ་སྭ་བྷཱ་བ་དང་ཤཱུ་ནྱ་ཏཱས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་བྱ་བའོ། །ད་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་བསྟན་པ་སྟེ། བ་ལང་གནས་དང་སྟེང་ལྡིང་བ། །ལྷག་པ་སྐམ་རྩ་དེ་ནས་ནི། །
དུང་ཆེན་པོ་ཡི་རང་བཞིན་བྱ། །མི་ཕྱེད་པ་དང་རུས་སྦལ་ལོ། །ཞེས་པའི་དོན་ལ་རྩ་སྟོང་པའི་ནང་ནས་རླུང་རྒྱུ་བས་ན། རླུང་གི་དཀྱིལ་འཁོར་བསྟན། སྐམ་ཞེས་པ་མེ་ཡིན་ཏེ་མེས་རླན་ཐམས་ཅད་སྐེམས་པར་བྱེད་པའི་དོན་ཏོ། །ལྷག་མ་ནི་རླུང་ལ་བ་དན་གྱིས་དང་། མེ་ལ་འབར་བས་མཚན་པ། སྟེང་
ལྡིང་བ་ནི་ཆུའི་དཀྱིལ་འཁོར་དེ་ཡང་རྩྭའི་ཟིལ་པ་ཆགས་པ་ལྟ་བུ་ལ་བུམ་པའི་ཁ་ཁྱེར་ཅན་ནོ། །བ་ལང་འདུག་པའམ། སའི་ལྷ་མོ་འདོད་འཇོའི་བར་སྤྲུལ། དེ་དག་ས་ལ་ཉལ་བ་ལྟ་བུ་སྟེ། སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཅན་ནོ། །གནས་ཞེས་པ་སངས་རྒྱས་ཀྱི་ཞིང་
ཁམས་དག་པ་ཐམས་ཅད་ཀྱི་རྟེན་སའོ། །དེ་ནས་ནི་རིམ་པ་བཞིན་དུ་སྟེ། དུང་ཆེན་པོ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་ལ། གསོན་པོའི་དུས་སུའང་སྟོབས་དང་ལྡན་པའི་ཕྱིར་རོ། །རི་བོ་མཆོག་རབ་ཀྱང་རིན་པོ་ཆེ་ལས་གྲུབ་པས་བརྡས་མཚོན་པའོ། །དེའི་རང་བཞིན་ཡང་རི་ཐམས་ཅད་ཀྱི་རྒྱལ་པོ་ལྷུན་པོ་མི་
เล่ม ๑๘ · หน้า 85b
འགྱུར་བའོ། །མི་ཕྱེད་པ་ནི་རི་རབ་ཀྱི་བྱང་ཕྱོགས་གསེར་དུ་ཡོད་པ་སྟེ། མ་ཧཱ་གསེར་གྱི་རུས་སྦལ་དང་། ཁ་དོག་དང་ནུས་པ་ཅུང་ཟད་མཚུངས་པ་ལ་དགོངས་པའོ། །དེར་བྷྲཱུཾ་ཁ་དོག་སྣ་ཚོགས་མདོག་ཅན་ལས་གྲུབ་པའི་རིན་པོ་ཆེ་ནི་གཞལ་ཡས་ཁང་ཚད་མེད་པ་དུར་ཁྲོད་དང་བཅས་པ་བསམ་པའོ། །
སངས་རྒྱས་ཀྱི་ཕོ་བྲང་དཀྱིལ་འཁོར་རྟེན་ཡོངས་སུ་དག་པ་དེ་བསྒོམས་པས། མྱུར་དུ་དངོས་གྲུབ་སྦྱིན་འགྱུར་ཡིན། །ཞེས་ཡོན་ཏན་དུ་མ་རྒྱུད་ལ་བསྐྱེད་པའི་དོན་ཏོ། །དེ་ཉིད་གཞལ་ཡས་ཁང་གི་དབུས་སུ་ལྷ་ཚོགས་ཇི་ལྟར་བསྐྱེད་པའི་ཚུལ་ནི། ལེའུ་སུམ་ཅུ་རྩ་བཞི་པ་ལས། གོང་མ་ནི་ཡི་གེའོ། །ས་དང་
ནི་ག་བུར་ཟླ་བ། རུ་དྷིར་ནི་སེཧླ་ཉི་མ། བཅས་ནི་ཨཱ་ལི་བཅུ་དྲུག་ཉིས་འགྱུར་དང་། ཀཱ་ལི་སུམ་ཅུ་སོ་བཞི་ཡ་ལ་ད་དྷ་ཊ་ཌྷ་དྲུག་གིས་བཞི་བཅུ་ཉིས་འགྱུར་གྱི་དབུས་སུ། སོ་ལྔ་པ་ལས་ས་བོན་ཕྲེང་བ་ཞེས་པས་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ཕྲེང་བ་ལྟ་བུར་བཟུང་བ་སྟེ། ཧཱུཾ་ནི་ཐོག་མར་གནས་པ་ཡིན། །
ཞེས་པས་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་འོད་འཕྲོ་བ་ཅན་ནོ། །རྡོ་རྗེ་དབྱེ་བ་ཉིད་དང་ནི། །ཞེས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པའོ། །འབད་པས་བསྲེག་བྱ་ནི་འགྲོ་བའི་ཕུང་པོ་ལྔའམ་དུག་ལྔའི་རྟོག་པ་སྦྱོང་བ་སྟེ། མངོན་པར་བྱང་ཆུབ་པ་ལྔ་དག་བྱ། །ཞེས་པས་བསྟན། །ལྷའི་སྐུ་ཡོངས་སུ་རྫོགས་པར་
གྱུར་པ། །དཔའ་བོའི་དབང་པོ་ཞལ་བཞི་པ་ཞེས་པ་དང་། གོང་དུ་གསུངས་པ། ཞལ་གཅིག་ཕྱག་ནི་བཞི་པ་གསུམ། །ཞེས་ཕྱག་བཅུ་གཉིས་པའོ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་ཏེ་ཕྱག་བརྒྱད་ཅུ་པ་དང་བརྒྱ་དང་སྟོང་དང་ཁྲི་དང་འབུམ་གྱི་བར་དུ་སྡོམ་པ་ཆེན་པོ་ལ་སོགས་པ་དཀྱིལ་འཁོར་དུ་མ་
སྐུ་མདོག་བཞུགས་ཚུལ་རྣམ་པར་འགྱུར་བ་མི་འདྲ་བ་སྣ་ཚོགས་སུ་བསྟན་པ་གདུལ་བྱའི་དབང་དུ་བྱས་པའོ། །སྐུ་ནི་དཀར་པོ་ཁྲོ་བོ་ཆེ་ནི་རྒྱུའི་ཧེ་རུ་ཀ་སྐུ་མདོག་དཀར་བ་ཉིད་དོ། །རྡོ་རྗེ་ཕག་མོ་ལ་གཟིགས་པ། །ཞེས་རྗེ་བཙུན་མ་ཞལ་སྦྱོར་དུ་མཛད་པའོ། །དེའི་ཞེས་རྗེ་བཙུན་ཧེ་རུ་ཀ་ཇི་ལྟ་བར་སྐུ་ནི། དཀར་བའི་
ཁྲོ་བོ་མཚོན་ཆ་འཆང་། །ཞེས་ཡུམ་མེད་པའོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན་ནི་ཐོད་པ་སྐམ་པོ་དཀར་བ་ལྔས་དབུ་བརྒྱན་ལ། ཐོད་པ་རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་བའོ། །སྐུ་ལ་ཐལ་བའི་རྡུལ་གྱིས་ཉེ་བར་བྱུགས་པ་ནི། རྡོ་རྗེ་འཆང་རིགས་དྲུག་པའི་རྒྱས་གདབ་པ་ཉིད་དོ། །ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན་ནི་
เล่ม ๑๘ · หน้า 86a
རུས་པའི་རྒྱན་དབུ་རྒྱན། སྙན་ཆ། མགུལ་རྒྱན། ཕྱག་གདུབ་སྐ་རགས་འོག་པག་ལ་སོགས་པའོ། །མེ་ཏོག་ཅོད་པན་ནི་དབུ་སྐྲ་དང་སྐུ་ལ་དར་དཔྱངས་ཆུན་འཕྱང་གིས་སོ། །མདུང་དང་ལྡན་ནི་ཏྲི་ཤཱུ་ལ་རྩེ་གསུམ་པ་ཡབ་ཀྱི་ཕྱག་གཡས་ཀྱིས་འཛིན་པའོ། །དུས་མིན་འཆི་ལས་རྒྱལ་བ་ནི་
ཌ་མ་རུའི་ཆོས་ཀྱི་སྒྲས་སེམས་ངལ་སོས་པས་འཆི་བདག་གིས་མི་ཚུགས་པའོ། །ཡན་ལག་འཆིང་བྱེད་ནི་རྡོ་རྗེ་ཞགས་པ་སྟེ། ཁ་ཊྭཱཾ་ག་ནི་རྡོ་རྗེས་མཚན་པས་སྐུ་གསུམ་མཐར་ཕྱིན་པའོ། །ཐོད་པ་མཆོད་ཡོན་སྣོད་ནི་ཀ་པཱ་ལ་ཁྲག་བཀང་ཉིད་དོ། །ཞལ་དུ་མཚོན་ཆ་ནི་ཚངས་པའི་མགོ་བོ་སྟེ། མཚོན་ཆ་
སྦྱར་ནི་དགྲ་སྟ་བསྣམས་པའོ། །རྡོ་རྗེ་དྲིལ་བུ་སྙིང་རྗེ་དང་སྟོང་པ་ཉིད་ཀྱི་རང་སྒྲའོ། །ཞལ་གྱི་མཆེ་བ་ནི་བཞད་པའི་ཞལ་དེ་ལས་ཅུང་ཟད་གཙིགས་པ་བདུད་བསྒྲལ་བར་མཛད་པའོ། །འབྱུང་པོ་ཆེན་པོ་ནི་ཞབས་གཡོན་པའི་འོག་ཏུ་འཇིགས་བྱེད་དང་དུས་མཚན་མོ་གཉིས་གདན་དུ་བྱས་པའོ། །དེ་དག་
གིས་ནི་གཙོ་བོ་ཡབ་ཡུམ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ་སྟེ། དེ་ནས་རྗེས་སུ་ཆགས་པ་ནི། ཁ་དོག་ཕོ་ཉ་སོགས་སྔགས་གང་ཞེས་པ་མཁའ་གསང་བྱིན་གྱིས་བརླབ་པ། མདའི་ཤུགས་ཀྱིས་ཡོངས་སུ་འཁོར་བ་ནི་སྔགས་རྣམས་ལས་འོད་ཟེར་སྐར་མདའ་ལྟ་བུར་འཕྲོ་བའོ། །ཕན་ཚུན་
འདུས་པའི་གསང་སྔགས་ནི་ཡབ་ཡུམ་གྱི་སྐུའི་ཐུགས་ཀ་ལྟེ་བ་མགྲིན་པ་དཔྲལ་བ་རྣམས་སུའོ། །དེར་ཟླ་བ་དང་ཉི་མ་ལ་གནས་པའི་ཡུལ་ཉིད་ཐབས་ཤེས་རབ་ཀྱིས་ཕྱེ་བའོ། །གསང་སྔགས་ནི་ལུས་ལ་བཀོད་ནས། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་
རྣམས་དང་བྱང་ཆུབ་སེམས་དཔའ་ལྷ་མོ་རིག་མ་དང་ཁྲོ་བོ་དུ་མ་ཐམས་ཅད་འོག་མིན་ནས་སྤྱན་དྲང་པ་ནི། ལྕགས་ཀྱུ་ཉིད་ཀྱིས་དགུག་པ་སྟེ། །ཞེས་སྨིན་མའི་བར་མཛོད་སྤུ་ནས་བསྟིམ་པས་དྲི་ཟ་ཉེ་བར་ཞུགས་པ་ལྟ་བུ་སྟེ་ཨ་ཝ་དྷཱུ་ཏཱིར་བརྒྱུད། རྡོ་རྗེ་བུམ་པ་ནས་ཡུམ་གྱི་ཆོས་འབྱུང་དུ་བདུད་རྩི་བབ་པས།
ཐིག་ལེ་ཆ་གསུམ་གྱི་དང་པོ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་གྱུར་ཏོ། །ཆ་གཉིས་པས་མངོན་པར་བྱང་ཆུབ་པ་ལྔས་དཀྱིལ་འཁོར་པ་རྣམས་བསྐྱེད་པ་ནི། འཁོར་ལོ་ལྔ་ལྡན་ལ་ཨཱ་ལི་ཟླ་བ་ཡབ་ལས་བྱུང་བ་དང་། ཀཱ་ལི་ཉི་མ་ཡུམ་རྗེ་བཙུན་མ་ལས་བྱུང་བ་དང་། ཧཱུཾ་
เล่ม ๑๘ · หน้า 86b
བཾ་ལས་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དང་གྲི་གུག་དང་བཅས་པ་ལ། དཔའ་བོའི་དབང་པོ་ཞལ་བཞི་པ་ཕྱག་བསྐྱོད་པར་བྱ་བའི་སྐུ་ཡོངས་སུ་རྫོགས་པར་བསམས་པའོ། །བདེ་བ་ཆེན་པོའི་ཌཱ་ཀི་བཞི་ནི། མཾ་ཏཾ་པཾ་ལཾ་བཞི་འདབ་མ་ལ་ཕོ་ཉ་མ་བཞི་ཡིན་ཞེས་པའོ། །ཧཱུཾ་པུ་ཛཱ་ཨོ་ཨ་གོ་རཱ་དེ་མ་རྣམས་ཀྱིས་
ཐུགས་ཀྱི་འཁོར་ལོ་རྡོ་རྗེ་བརྒྱད་ལྡན་དང་། ཨཱཿཀ་ཨོ་ཏྲི་ཀོ་ཀ་ལཾ་ཀ་ཧི། ཨོཾ་པྲེ་གྲི་སཽ་སུ་ན་སི་མ་ཀུ་ལས་འཁོར་ལོ་བརྒྱད་ལྡན་དང་བཅས་པའི་དཔའ་བོ་རྣལ་འབྱོར་གནས་དེ་བཞི་ནི་ཞེས་པ་དང་། དཔའ་བོ་ཀུན་དང་གཉིས་མེད་བདེ། །ཞེས་པའི་དོན་གྱིས་བསྟན། སྒོ་བཞིར་ཛཿཧཱུཾ་བཾ་ཧོཿལས་རྡོ་རྗེ་གྲི་གུག་དང་བཅས་
པ་ལས་ཁྭ་གདོང་ལ་སོགས་པ་དང་། ཀྵྞིཾ་བཞི་ལས་མཚམས་མ་བཞིའི་རྡོ་རྗེ་གྲི་གུག་ལས། དེ་དག་ཐམས་ཅད་ཀྱི་སྐུ་ཆུང་ལ་ཡན་ལག་རགས་པ་སྐུ་མདོག་ཕྱག་མཚན་ཤིན་ཏུ་གསལ་བར་གྱུར་པས་སྐུ་ཡོངས་སུ་རྫོགས་པའོ། །དེ་དག་བརྟན་པར་བྱེད་པ་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་
ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཐིག་ལེ་ཆ་གསུམ་པས་བདེ་བ་ཆེན་པོའི་མཆོད་པར་འགྱུར་བའོ། །དེ་ཡང་བྷ་གའི་དཀྱིལ་འཁོར་དུ་རྟེན་དང་བརྟེན་པར་བཅས་པ་རྫོགས་ནས། ཡུམ་གྱི་སྐུ་ལས་སྤྲོ་བར་བྱ་བ་ནི། ས་བོན་སྤྲོ་བ་དེ་ནས་བཟུང་། །ཞེས་པས་ཧཱུཾ་བཾ་ཨོཾ་ཨཱཿ་ཧཱུཾ་གི་མཐར་ནི་གནས་
པ་ཡིན། །ཞེས་པས་འབྲུ་གསུམ་སྒྲ་དང་བཅས་པས་དབྱུང་བར་བྱ་བ་ལ་དང་པོར་འབྱིན་པ་ནི། ཡུམ་རྡོ་རྗེ་རྣལ་འབྱོར་མའི་བྷ་ག་ནས་རྩ་དབུ་མ་བརྒྱུད་དེ་སྤྲོ་བ་ལ། རྣམ་དབྱེ་རང་དག་སྔགས་པས་ནི། །ཕྱིན་ཅི་ལོག་ཏུ་སྦྱོར་བྱ་ཞེས་པ་ནི། །ཡུམ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས་ཕྱིར་འཐོན་པས་གདུལ་བྱ་
འགྲོ་བ་ཐམས་ཅད་ཀྱི་དོན་བྱ་བ་སྟེ། ཚར་བཅད་པ་ལས་དང་ཉོན་མོངས་དག་པར་བྱ་བ་ནི། རྗེས་སུ་འཛིན་པས་སྨིན་གྲོལ་ལ་བཀོད་པའི་དོན་རྣམས་ལ་ལས་ཀྱི་དངོས་པོ་རྣམས་སྨིན་གྱི་ལུས་རྣམ་པར་དག་པ་སྟེ། དེ་ཉིད་ཀྱི་དབྱེ་བས་འགྲོ་བ་ཡང་དག་པའི་ལམ་ལ་དགོད་པ་དང་། ཕྱེ་ནས་ནི་ཞེས་དཀྱིལ་འཁོར་
འཁོར་ལོར་ཐམས་ཅད་བདེ་ཆེན་ཡེ་ཤེས་ཀྱི་གོ་འཕང་ལ་བཀོད་པའོ། །ཕྱེ་ནས་སླར་ལོག་པ་དང་རྩ་ལས་ལམ་དུ་སྦྱར་བ་སྟེ། བདག་ཉིད་མི་བསྐྱོད་བདེ་མཆོག་འཁོར་ལོ་ཉིད་སྔར་གྱི་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོའོ། །དེའི་ཐུགས་ཀར་ཐིམ་པ་དང་། བདག་ཉིད་སྔར་ལོངས་སྐུ་རྡོ་རྗེ་འཆང་དེ། སྤྲུལ་སྐུ་
เล่ม ๑๘ · หน้า 87a
ཞེ་སྡང་རྡོ་རྗེར་བསྒྱུར་བས་ན། །དྲག་ཤུལ་སྤྱོད་པའི་གཟུགས་འཆང་བ། །ཞེས་པས། ཁྲོ་ཆགས་འདྲེན་མ་སྟེ། རྗེ་བཙུན་མ་སྐུ་མདོག་མེ་ཏོག་བནྡྷ་རི་ཀ་ལྟ་བུར་གྱུར་པ་ནི་འབྲས་བུའི་ཧེ་རུ་ཀ་སྟེ། སྦྱོར་བ་དང་པོ་བསྟན་པའོ།། །།ད་ནི་དཀྱིལ་འཁོར་བ་ལྷ་ཚོགས་རྣམས་འབྱིན་པར་བྱ་བ་ནི།
སླར་ཡང་ཡབ་ཡུམ་རྗེས་སུ་ཆགས་པ་གསལ་བར་བསྟན་པ། །ཡང་། མཚན་མ་གཉིས་ལས་སྔགས་སྦྱར་ཏེ། །དཔའ་བོ་རྣལ་འབྱོར་མ་གཉིས་མེད། །སྙིང་པོ་རྣམས་ནི་དེ་བཞིན་དུ། །སྔགས་པས་མཁའ་འགྲོ་མ་ལ་སྦྱར། །ཞེས་ཡབ་ཡུམ་གཉིས་ཀའི་ལྟེ་བ་ཐུགས་ཀ་མགྲིན་པ་དཔྲལ་བ་རྣམས་སུ་སྔགས་རྣམས་ཉེ་
སྙིང་གསལ་བར་བཀོད་ནས། ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་བ་ལ་གནས་པར་བྱ་བ་སྟེ། བློ་ལྡན་རྣལ་འབྱོར་མ་བསྲུང་བྱ། །དག་པའི་ལུས་ནི་རང་འདོད་པ། །དཔའ་བོ་མཆོད་པ་རྣམས་བྱས་ནས། །ཕྲིན་ལས་འབད་པ་ཉིད་ཀྱིས་བྱ། །ཞེས་པས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་བ་ཨཱ་ཏྨ་
ཀོ྅ཧཾ། ཞེས་པས་ཡང་བྷ་གའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དབྱེར་མེད་པའི་ལྷ་ཚོགས་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པས་མཆོད་པ་དང་། ཡང་སྙོམས་པར་ཞུགས་པའི་ཧ་ཧ་སི་སིའི་སྒྲ་ལས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་དང་རིག་མ་ལྷ་མོ་དང་། ཁྲོ་བོའི་
ཚོགས་དང་བཅས་པ་ཐམས་ཅད་ནམ་མཁར་བྱོན་པ་ཡང་སོ་སོར་བདེ་བའི་ངང་དུ་ཞུགས་པས་འོད་དུ་ཞུ་ཞིང་སྨིན་མཚམས་མཛོད་སྤུ་ནས་ཞུགས། ཨ་བ་དྷཱུ་ཏཱིའི་གནས་ནས་ཡུམ་གྱི་ཆོས་འབྱུང་དུ་བབས་པས་འཁོར་ལོ་ལྔའི་ལྷ་ཚོགས་དེ་དག་ཐམས་ཅད་བདེ་བས་རྒྱས་པར་
གྱུར་ཏེ། རྗེ་བཙུན་མའི་པདྨ་ནས་གྱེན་དུ་བརྒྱུད་ཨ་བ་དྷཱུ་ཏཱི་ནས་ཐུགས་ཀ་ནས་ཕྱིར་འབྲུ་གསུམ་གྱིས་ཕྱུང་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ཆེན་པོའི་སོ་སོའི་གནས་དང་ཉེ་བའི་གནས་སོགས་སུ་འཁོད་པ་ཙམ་གྱི་སྐུ་ཤིན་ཏུ་རགས་པར་གྱུར་ཏེ། སྒོ་མཚམས་མའི་བར་དུ་རིམ་གྱིས་
ཕྱུང་བར་དཔལ་ཌོ་བི་ཧེ་རུ་ཀའི་བཞེད་པའོ། །དེ་ནས་དཀྱིལ་འཁོར་བ་རྣམས་རྫོགས་ནས་གནས་པས་ཐམས་ཅད་སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་ལ་གནས་པར་གྱུར་པར་བལྟའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཡང་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་
เล่ม ๑๘ · หน้า 87b
པས་བདེ་བ་ཆེན་པོའི་ངང་དུ་ཞུ་བར་གྱུར་པ་དང་། ཡབ་ཡུམ་གྱི་སྐུ་ཐིག་ལེ་བྱང་ཆུབ་སེམས་ཀྱི་གོང་བུ་འོད་སྣ་ཚོགས་འཕྲོ་བ་ཅན་དུ་གནས་པ་ལས། མཚམས་ཀྱི་ལྷ་མོ་གཤིན་རྗེ་བརྟན་མས་བྱམས་པ་ཚད་མེད་པས་བསྐུལ་བ། །ཁྱོད་ཀྱི་བདེར་གཤེགས་རྣལ་འབྱོར་དབུ་མར་བཀྲ་ཤིས་འགྲོ་
འོང་བྱང་སེམས་འཛག་པ་ཡང་དག་རོལ་མཛད་པ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་དྲྀ་ཤྱ་ཧོ། །ཞེས་ཀུན་ལ་སྦྱར་བའོ། །ལྷ་མོ་གཤིན་རྗེ་ཕོ་ཉ་མོས་སྙིང་རྗེ་ཚད་མེད་པས་བསྐུལ་བ་ནི། གང་གི་སེམས་ནི་ལྔ་ལས་སྲུང་བ་རྣལ་འབྱོར་རང་བཞིན་མ་ལུས་དབང་ཕྱུག་གིས་
གཅོད་མཛོད། །ལྷ་མོ་གཤིན་རྗེ་མཆེ་བ་ཅན་མས་དགའ་བ་ཚད་མེད་པས་བསྐུལ་བ་ནི། འགྲོ་བ་རྣམས་ལ་དབུགས་དབྱུང་བས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པས་འགྲོ་ལ་སྐྱབས་མཛོད་ཅིག །ཅེས་སོ། །ཡང་ལྷ་མོ་གཤིན་རྗེ་འཇོམས་མས་བཏང་སྙོམས་ཆེན་པོ་ཚད་མེད་པའི་ངང་ལས་
བསྐུལ་བ་ནི། ཕྲིན་ལས་སྟོན་པའི་འགྲོ་དང་འོང་བ་དྲི་མ་མེད་པ་མཆོག་ཏུ་དགའ་བའི་རང་བཞིན་ཅན་དུ་བཞེངས་ཤིག་པའོ་ཞེས་རབ་ཏུ་བསྐུལ་བར་བྱ་བའོ། །འདི་ཡིས་བསྐུལ་བ་ཙམ་གྱིས་ཀྱང་། །བཾ་ཧཱུཾ་གཉིས་ལས་རྡོ་རྗེ་ཅན། །ཁུ་བའི་གཟུགས་ཅན་ལས་བཞེངས་པ། །འཇིག་རྟེན་ཁམས་ལ་
བདེ་ཆེན་སྩོལ། །ཇི་ལྟར་སྐྱེ་བའི་རིམ་པ་ཡིས། །གཉུག་མའི་སྔགས་ལས་རང་འབྱུང་འགྱུར། །དེར་ནི་ཆོ་ག་གསུམ་གྱིས་བཞེངས་པར་གྱུར་པའོ། །དམ་ཚིག་ཡེ་ཤེས་ཡང་དག་སེམས། །འདིར་ནི་རྡོ་རྗེ་འཛིན་པར་གནས་པ་ནི་སེམས་དཔའ་སུམ་བརྩེགས་ཉིད་དོ། །སྙིང་གའི་ས་བོན་འོད་
སྤྲོས་པས། །སྤྱན་དྲངས་པ་ཡི་བདེ་གཤེགས་རྣམས། །དབང་བསྐུར་གོ་འཕང་བསམ་བྱ་བ། །ཕྱི་ནས་མཆོད་པ་ཡང་དག་བརྩམ། །རབ་དགའ་ཆེན་པོའི་དཀྱིལ་འཁོར་ལ། །རབ་སྦྱོར་དོན་དུ་བསྒྲུབ་པའོ། །དེས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟི་མ་ཞིང་། དབང་བསྐུར་ཞིང་
རྒྱས་གདབ་པར་བྱ་བའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་གསལ་བར་བྱ་བ་དང་། བྱང་ཆུབ་ཕྱོགས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ་བ་སྟེ་དཀྱིལ་འཁོར་རྒྱལ་མཆོག་གོ།། །།དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་གོ་ཆ་གཉིས་ཐབས་དཔའ་བོ་དང་། ཤེས་རབ་རྣལ་འབྱོར་མའི་
เล่ม ๑๘ · หน้า 88a
གོ་ཆ་བགོ་བར་བྱའོ། །དེ་ཁོ་ན་ཉིད་ཀྱི་བདེ་བ་ཆེན་པོའི་མཆོད་པའི་མཐར་གསང་སྔགས་ཀྱི་ཕྲེང་བ་བཟླས་པའི་རྣལ་འབྱོར་ལ་གནས་པས་སོ། །དེ་རྗེས་ལ་ཐུན་ཉེ་བར་བསྡུ་བས་འགྲོ་བ་སྦྱང་བའི་བསམ་གཏན་དང་ལྡན་པས་རིམ་གྱིས་དཀྱིལ་འཁོར་ཡོངས་སུ་བསྡུས་ཏེ། བདུད་
རྩི་མྱང་བ་དང་གཏོར་མ་དབུལ་བར་བྱ། དེས་ནི་མཉམ་གཞག་གི་རྣལ་འབྱོར་རོ། །མཉམ་ལངས་རྗེས་ཐོབ་ལ་ཐུན་མཚམས་ཀྱི་བྱ་བ་སྤྱོད་ལམ་ལ་འཇུག་པར་བྱའོ། །རྫོགས་པའི་རིམ་པ་ལམ་དུ་བྱ་བ་ནི། དེ་ནས་འབར་བའི་མེ་ལ་ནི། །སྲེག་བླུགས་དགུ་ནི་སྦྱིན་པར་བྱ། །འབར་ཕྲེང་རྒྱ་མཚོར་
བལྟ་བར་བྱ། །ཀུན་ནས་སྒོ་ཡི་འཁོར་ལོར་ངེས། །ཞེས་པ་དོན་གྱིས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་གནས་པས། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དོན་ལ་གནས་པས། དུས་དང་རྣམ་པ་ཐམས་ཅད་དུ་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་ང་རྒྱལ་དུ་གནས་པར་བྱ་བ་ཉིད་
དོ། །འདི་ནི་ཧེ་རུ་ཀ་མངལ་སྐྱེས་ཉམས་སུ་བླང་བའི་རིམ་པ་དཔལ་ཌོཾ་བི་ཧེ་རུ་ཀའི་དགོངས་པའོ། །དེ་ལ་དཔལ་ཧེ་རུ་ཀ་མངལ་སྐྱེས་ཀྱི་བསྐྱེད་པའི་རིམ་པའི་ཁྱད་པར་བསྟན་པའི་གཞུང་བསྡུ་བ་བསྟན་པ། དེ་ནས་རྟག་ཏུ་སྒྲུབ་པ་པོས་ཞེས་རྣལ་འབྱོར་པས་ཐུན་བཞི་ལ་སོགས་པར་ཉམས་སུ་བླང་
བའོ། །གསང་སྔགས་ནི་རྩ་བའི་དང་སྙིང་པོ་དང་ཉེ་སྙིང་ལ་སོགས་སོ། །ལྷ་ནི་ཤེས་ནས་སྒོམ་པ་བསྙེན་སྒྲུབ་བཞིས་སམ་སྦྱོར་བ་དང་པོ་ལ་སོགས་གསུམ་གྱིས་ཉམས་སུ་བླང་པ་མཉམ་རྗེས་འབྲེལ་པས་མ་ཡེངས་པར་བསམ་གཏན་ལ་གནས་པའོ། །དེ་ཉིད་ཡོན་ཏན་ནི་ཀུན་བརྟགས་འཁྲུལ་
བ་བཟློག་པ་བརྟན་གཡོ་གཞལ་ཡས་ཁང་དང་ལྷར་འཆར་བའོ། །གཞན་དབང་ལས་དང་ཉོན་མོངས་པ་རྣམ་པར་དག་པས་ཡེ་ཤེས་སུ་འཆར། ཡོངས་གྲུབ་འཁོར་འདས་ཀྱི་ཆོས་ཉིད་རོ་མཉམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བའི་ཁྱད་པར་གྱིས། ཞི་གནས་ལྷག་
མཐོང་དབྱེར་མེད་དུ་འགྱུར་བས་བྱང་ཆུབ་སེམས་བདེ་ཆེན་རྣམ་པར་མི་རྟོག་པ་སྒྲུབ་པ་པོས་ནི་འདོད་འགྲུབ་འགྱུར་ཞེས་དེ་བཞིན་གཤེགས་པའི་ཕྲིན་ལས་ལ་དབང་བསྒྱུར་བའོ། །ལེའུའི་མཚན་ནི་རོ་ལངས་སྒྲུབ་པ་ཞེས་དུར་ཁྲོད་ཀྱི་ཞིང་སྐྱོང་དང་ཤ་ཟ་སོགས་བསྟིམ་སྟེ་ལས་ཀྱི་ཕོ་ཉ་
เล่ม ๑๘ · หน้า 88b
མ་བསྐུལ་ཞིང་བསྒྲུབ་པའོ། །བསྐྱེད་པའི་རིམ་པ་ནི་སྐྱེ་གནས་ཀྱི་གཞིའི་གཉེན་པོས་སྦྱོར་བྱེད་མངོན་པར་བྱང་ཆུབ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་དཔལ་ལྡན་མཆོག་གི་སྤྱོད་པ་གསང་བར་བསྟན་པས་བསྙེན་དང་ཉེ་བསྙེན་སྒྲུབ་དང་སྒྲུབ་ཆེན་ལྡན། །
སྦྱིན་སྲེག་ཕོ་ཉ་ལེགས་བསྟན་མ་ཞེན་ཐབས་བཅས་བདེ་ཆེན་མཆོད་བྱ་ཕྲིན་ལས་འགྲུབ། །ད་ནི་ས་མ་ཡ་ན་ཡ་ག་ཎ་མུ་པཱུ་ཛ་ཞེས་པས་དམ་ཚིག་ཚུལ་ལ་ཚོགས་ཀྱི་མཆོད་པ་བསྟན། །དེ་ནས་སྒྲུབ་པ་པོ་རྣམས་ཀྱིས་ཞེས་སྨོས་ཏེ། རིམ་པ་གཉིས་ལ་གནས་པའི་གང་ཟག་དམ་ཚིག་དང་
སྡོམ་པ་ལྡན་ཞིང་སྤྱོད་པ་ཨ་ཝ་དྷཱུ་ཏཱི་པ་སྦས་པ་ལ་སྤྱོད་པ་གསང་བ་ཅན་ནོ། །སྦྱོར་བ་ནི་རིགས་ལྡན་མ་ལྷར་བསྐྱེད་པས་བདེ་ཆེན་དུ་སྟེ། ཀུན་ལ་མེད་པ་བཤད་ནི་ཤིན་ཏུ་གསང་བ་སྟེ། བྷུ་སུ་ཀུའི་སྤྱོད་པ་ལྟར་བྱས་པས་རབ་ཏུ་དབེན་པའི་ཚུལ་གྱིས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་
ཚོགས་ཀྱི་འཁོར་ལོ་དང་འབྲེལ་བའོ། །སྦྱོར་བ་དེ་ཡང་ཁྱད་པར་དུ་ནི་འདི་ལྟ་སྟེ། གནས་ཕུན་སུམ་ཚོགས་པར་དུས་ཁྱད་པར་ཅན་ཚེས་བཅུ་ལ་སོགས་པ་ལ་ལྷ་གྲངས་དང་མཉམ་པའམ། དེ་མ་ཡིན་ཡང་དཀྱིལ་འཁོར་འཁོར་ལོའི་བསམ་གཏན་ལ་གནས་པ་ཚོགས་པ་བརྡ་བྱས་པས།
ཁྲོ་བོ་སྔོན་པོས་བགེགས་བསྐྲད་ཅིང་ཁྲུས་བྱས་ནས་ནང་དུ་འོངས་པ་ལ་རྣམ་པར་བཀོད་པའི་དཀྱིལ་འཁོར་རམ། ཚོགས་ཀྱི་སློབ་དཔོན་གྱིས་ལྷའི་འཁོར་ལོ་ལ་མཆོད་བསྟོད་བྱས་ནས། དེར་ལྷའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་དང་། རིགས་ལྡན་མ་ལ་སྐུ་གསུང་ཐུགས་བྱིན་གྱིས་
བརླབ་ཅིང་བཟླས་བརྗོད་བྱས་ལ། མཆོད་པ་ལ་བྱུག་པ་སྔོན་དུ་འགྲོ་བས། ཚོགས་རྫས་དང་གཏོར་མ་བྱིན་གྱིས་བརླབས། ལག་མཆོད་དང་འབྲེལ་བས་མཆོད་པ་ནི་རིག་མ་བཅུ་དྲུག་ལ་སོགས་པ་དབུལ། དེ་ནས་རྒྱན་ལ་སོགས་པ་དབུལ་ཏེ། ཨོཾ་བཛྲ་མུ་ཀུ་ཊ། ཨོཾ་ཀུཎྜ་ལི་པཱུ་ཛ། ཀཎྛཀ །
ཀེ་ཡཱུ་ར། ཨངྒུ་ལི། མེ་ཁ་ལ། ནཱུ་པུ་ར། ཧ་ར། མརྡྷ་ཧ་ར། པཱ་དཀ །པུཥྤ་མ་ལ་པཱུ་ཛ། ཨོཾ་ཙནྡྲ། སྲུརྱ། བི་ཏཱ་ན། དྷྭ་ཛ། པུཥྤ་ཀ་རི་ཎི། ཨོཾ་པུ་རི་ཏྭ་ར་ཎི། ཙ་མ་ར། དྷརྨ་ཏཱ་ཙཀྲ། ཚཏྟྲ། །ཨཱ་དཪྴ། པཀཅྖ། ཙཀྲ། ཙིནྟཱ་མ་ཎི། མནྡྲི། སི་ཀ་པུ་རུ་ཥ་རཏྣ། ཧ་སྟི་རཏྣ། ཨ་ཤྭ་རཏྣ། ཁཌྒ་རཏྣ། ཨོཾ་ཤཾ་ཁ་བྷཱ་
เล่ม ๑๘ · หน้า 89a
ཥ། ཙཀྲ། ཤྲཱི་བཏྶ། ཚནྟྲ་རཏྣ། མནྡཱ་ར། དྷྭ་ཛ། མཏྶ། ཀ་ལ་ཤ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཧཱུཾ་ཞེས་པ། མཆོད་པ་སྣ་ཚོགས་རོལ་མོའི་བྱེ་བྲག་ལོངས་སྤྱོད་ཀྱིས་མཆོད། དེ་ནས་ཐམས་ཅད་ཀྱང་ལྷའི་ང་རྒྱལ་དང་ལྡན་པས་ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ།
ཀྱེ་རྡོ་རྗེའི་སྦྱོར་བས་ནང་གི་སྦྱིན་སྲེག་ལམ་དུ་བྱ་བས་དང་པོ་བླ་མ་དང་ལྷའི་འཁོར་ལོ་མཁའ་འགྲོའི་ཚོགས་ལ་མཆོད་ཅིང་། སོ་སོར་རྟོག་པ་དྲལ་བའི་ཆོ་གས་ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱད་པར་བྱ་བའོ། །མཐར་གླུ་དང་གར་དང་ཕྱི་ནང་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་རྣལ་འབྱོར་གྱི་ཡེ་ཤེས་
གསང་བ་ལྷན་ཅིག་སྐྱེས་པའི་ཉམས་བསྐྱང་བས་ཀུན་ནས་དང་བས་ཅི་ནུས་པར་མཆོད་པར་བྱ་བ། ལྷག་གཏོར་ཕྱིར་གཏང་བར་བྱ་ཞིང་། མཐར་བསྔོ་ཞིང་སྨོན་ལམ་གདབ་པར་བྱ་བས་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །དེས་ནི་དངོས་གྲུབ་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་བ་སྟེ་ལེའུའི་
མཚན་ནི་གསང་བའི་མཆོད་པ་ལྷའི་ཚོགས་ཕྱི་ནང་ཀུན་དུ་བདེ་བ་ཆེན་པོས་སོ། །བསྙེན་བཀུར་གྱི་ཆོ་ག་ནི་ཚོགས་ཀྱི་འཁོར་ལོ་སྟེ་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།ཁྱད་པར་ཡང་དག་ཡེ་ཤེས་མཁའ་འགྲོ་དྲ་བ་སྡོམ་པ་རྒྱ་མཚོ་ཆེན་པོའི་འཁོར་ལོ་ཡི། །དཀྱིལ་འཁོར་རིམ་
པ་བསྡུས་ལས་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་ཡིས་གསང་སྔགས་རིགས་པ་རྒྱུ་སྐྱེས་ལྡན། །འདིར་ནི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཐམས་ཅད་མྱུར་དུ་སྒྲུབ་པར་བྱེད་པ་བསྟན་པ་ནི། དེ་ནས་ཞེས་སྨོས་ཏེ། མཁའ་འགྲོ་མ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་སྐུ་གསུང་ཐུགས་རྡོ་རྗེའི་དོན་
ཀུན་སྒྲུབ་པར་བྱེད་པའི་ཚོགས་ཀྱི་དྲ་བ་སྡོམ་པ་རྒྱ་མཚོའི་དགོངས་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་སྟེ་ཟབ་པ་དང་རྒྱ་ཆེ་བའོ། །ལས་གང་ལ་ནི་ཀུན་བརྗོད་པ་ནི་ཕྱི་ནང་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་སྦྱིན་སྲེག་ལས། ཞི་བ་དང་རྒྱས་པ་དབང་
དགུག་དང་མངོན་སྤྱོད་ལ་སོགས་པ་ལས་ཆེན་རྣམས་དང་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་པའོ་ཞེས་པས་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་པ་ཞི་མས་ཕྲིན་ལས་མྱུར་དུ་སྒྲུབ་པ་ཉིད་དོ། །དེ་ལ་འདིར་སྦྱིན་སྲེག་བསྟན་པ་ལས་ཕྱིའི་ཐབ་ཁུང་དང་རྫས་ལ་སོགས་པ་མེ་ལྷ་མཆོད་པ་ལ་སོགས་
เล่ม ๑๘ · หน้า 89b
པ་ཡང་གཟུང་ངོ་། །ཡང་ལྷའི་རྣལ་འབྱོར་དང་སྦྱོར་བ་ནི། མཁའ་འགྲོ་རྒྱ་མཚོ་ལས། དཔལ་ལྡན་དཔའ་བོ་ཧེ་རུ་ཀ །དེ་ཡི་ཡན་ལག་འཁོར་ལོར་གནས། །རྣལ་འབྱོར་མ་ནི་ས་གསུམ་སྤྱོད། །ཨ་ཧཾ་ཤེས་རབ་ཐབས་བདག་ཉིད། །ལྷ་ཡི་རྣལ་འབྱོར་སྙིང་ག་སྟེ། །གོང་མ་ག་བུར་སིཧླ་ལས། །
རོ་རྐྱང་རྩ་དང་པྷཱུ་ཏཱིར། སྲོག་རྩོལ་བཅས་པའི་སྦྱོར་བའོ། །བསམ་གཏན་གནས་པས་མངོན་བྱང་ཆུབ། །ས་བོན་རྡོ་རྗེ་ལྔ་བདག་ཉིད། །ཤེས་པ་དག་བྱེད་སྐུ་རྫོགས་བྱ། །ལྟེ་བ་སྤྲུལ་པར་པདྨ་ལ། །ཨཱ་ལི་ཀཱ་ལི་ངེས་པར་སྦྱར། །ཨ་ཝ་དྷཱུ་ཏཱིར་སེམས་དཔའ་ཆེ། །འབར་འཛག་བདུད་རྩི་
ཐིག་ལེ་ནི། །མཛོད་སྤུའི་གནས་ལས་ངེས་པར་གཞུག །དཔའ་བོ་ནུས་པ་བཟློག་གྱུར་པས། །ཞལ་གྱི་ཐིགས་པ་བྱས་ཆགས་འབར། །ཙཎྜ་ལཱི་ཡིས་བསྲེགས་དེ་ནས། །བདེ་བ་འབར་བ་མེ་ལས་ནི། །བསྲེག་བྱ་ཕུང་པོ་འབྱུང་བདུད་རྩི། །དྲག་འབར་ཐིག་ལེ་བཅུ་དྲུག་གི། །ཕྲེང་བ་ཡེ་ཤེས་རྒྱ་མཚོ་ཆེ། །འོད་འཕྲོ་ཀུན་
ནས་ལུས་ཀྱི་སྒོ། །མགལ་མེའི་འཁོར་ལོ་ལྟར་འཁོར་གྱུར། །དབང་ཕྱུག་དཔའ་བོ་དཔྱིད་རྒྱས་པས། །ཞལ་བཞི་དེ་ཉིད་ཕྱག་རྒྱ་ཆེ། །ཐིག་ལེས་མཉམ་གནས་དགའ་བ་ཆེ། །ལྷན་ཅིག་སྐྱེས་པ་མཚན་ཉིད་བྲལ། །སྐད་ཅིག་སྐུ་གསུང་ཐུགས་ཡེ་ཤེས། །རྡོ་རྗེ་སྙིང་པོ་རྩ་པདྨ། །འདབ་
གནས་ཡི་གེ་དཀར་དམར་གསལ། །འབྱུང་པོའི་ཕོ་ཉ་རྟགས་དགའ་བཞི། །གནས་འདུལ་དཔལ་ལྡན་འཁོར་ལོས་སྒྱུར། །དཔའ་བོ་རྣལ་འབྱོར་གཉིས་མེད་བདེ། །ཕྱི་རོལ་འཁྲུལ་འཁོར་ལས་རླུང་དགུག །ཁཎྜ་རོ་ཧས་སྐུལ་བྱེད་ཡིན། །ཡུལ་དང་དབང་པོ་མངོན་ཞེན་པ། །ཡེ་ཤེས་
རོ་མཉམ་རང་གི་ལུས། །ཀུན་འདར་འཁོར་ལོ་ཀུན་དབུས་སྐྱེས། །དུས་དང་ཆུ་བོའི་འཁོར་ལོ་ནི། །གསང་བ་རྣལ་འབྱོར་ལུས་གནས་ཡིན། །ཞེས་གསང་བ་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་བསྟན་པའོ། །ལེའུའི་མཚན་རྣམ་པར་བཤད་པ་ནི་ཕོ་ཉ་མོའི་སྦྱིན་སྲེག་ནི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་
བླ་ན་མེད་པའི་ཡེ་ཤེས་བསྟན་པའོ། །ཕྱི་དང་ནང་དུ་ཕྲིན་ལས་ཡེ་ཤེས་ཀྱི་ཁྱད་པར་དགུག་པའི་ཆོ་ག་སྟེ་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནམ་མཁའ་མཉམ་པའི་བདག་ཉིད་ཇི་ལྟ་བ་བཞིན་དུ་རིམ་པ་བཞི་ལྡན་ཏེ། འབར་བའི་ཕྲེང་བས་ཁམས་
เล่ม ๑๘ · หน้า 90a
གཞན་བདུད་རྩི་ལེན་པའི་དུས་རྟགས་ཕྱོགས་དང་ཡོན་ཏན་གདེངས་ཅན་མཐར། །སྐུ་གསུང་ཐུགས་ཀྱི་སྒོ་རྣམས་མངོན་འགྱུར་དུས་མིན་འཆི་བདག་འཇོམས་པར་འགྱུར་བས་དཔའ་དབང་བདེ་བ་ཐོབ། །དེ་ལ་ཕྱི་ནང་དེ་ཁོ་ན་ཉིད་གསང་བའི་དོན་བླ་ན་མེད་པ་བསྟན་པའི་ཕྱིར། དེ་ནས་
ལས་ཀྱི་མཆོག་རབ་ནི་དང་པོར་ལྷའི་རྣལ་འབྱོར་དང་ལྡན་པས་གསང་སྔགས་བཟླས་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་སྲོག་རྩོལ་ཙཎྜ་ལཱི་སྦར་བས། རིགས་ལྡན་ལས་ཐབས་ཤེས་རབ་གཉིས་མེད་བདེ་བ་བསྒྲུབ་ཅིང་། བརྟན་གཡོ་ཐམས་ཅད་རང་སེམས་སྟོང་པ་ཉིད་དུ་གནས་པ་སྣང་
སྟོང་དུ་ཤར་བའོ། །ཇི་བཞིན་རིམ་གྱིས་མཚོན་པ་སྟེ་ནི་ཕྲིན་ལས་ཐམས་ཅད་པའི་བྱེ་བྲག་དང་། གཏུམ་མོ་འབར་བ་ལས་ཐིག་ལེ་བཞུ་བཏུལ་དང་། སྙོམས་པར་འཇུག་པའི་བདེ་བ་ལྷན་ཅིག་སྐྱེས་པ་ཉིད་ལམ་དུ་བྱ་བ་སྣང་གྲགས་བདེ་སྟོང་དུ་འཆར་བའི་དོན་ཏོ། །མཆོད་པ་གཉིས་མེད་སྦྱོར་བདག་
ཉིད་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལམ་དུ་གྱུར་པ་དང་། རྩ་གསུམ་ལས་ཀུན་དུ་རིམ་གྱིས་འབར་བ་ལས། དགའ་བ་དང་། སྐད་ཅིག་ཉམས་སུ་མྱོང་བ་སྟེ། འཁོར་འདས་གསལ་སྟོང་གཉིས་མེད་དུ་འཆར་བའོ། །ལས་ནི་སོ་སོར་སྦྱར་བར་བྱ་བ་ནི། ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་
གཉིས་སུ་མེད་པ་རོ་མཉམ་དུ་སྟོན་པའོ། །ཁ་སྦྱར་བར་གྱུར་པ་དང་། རྡོ་རྗེ་ལུ་གུ་རྒྱུད་བཅིངས་པ། །ཞེས་པ་ལ་སོགས་པའི་དོན་ནི་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །རྩ་གཉིས་ཀུན་དུ་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་
བཅིངས་བརྗོད། །རྡོ་རྗེ་པདྨ་དབྱེ་བ་དང་། །སྒྲོ་ཆུན་སྦྲང་རྩི་དབྱེ་བར་བཤད། །བསྐོར་བ་གང་ཞིག་བསྐྱོད་པ་སྟེ། །བདེ་དེ་ཐབས་ཀྱིས་ཀུན་རིག་པའོ། །ཆགས་པ་ལྕགས་ཀྱུ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག །མི་འཁྲུགས་རྡོ་རྗེས་དཀྲུགས་པ་དང་། །དེ་ནི་བཟའ་བ་གསལ་
ཞིང་བརྗོད། །དེ་ནས་ཆགས་སོགས་ཉོན་མོངས་རྣམས། །དབུག་ལ་དུམ་བུ་མདའ་སྦྱར་བྱ། །ཤིན་ཏུ་རྒྱ་ཆེ་དམིགས་པ་སྟེ། །ཀུན་རྫོབ་བཏུང་བ་མཆོག་ཉིད་དང་། །དངོས་ཀུན་རྡོ་རྗེས་རྣམ་དག་བྱ། །རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །ཇི་ལྟར་རྒྱལ་བ་དེ་དབུས་སུ། །རྟག་ཏུ་འབྱིན་དང་སྡུད་
เล่ม ๑๘ · หน้า 90b
པའོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །མདའ་ཡི་ཤུགས་བཞིན་ཡོངས་སུ་འཁོར། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི་།སྡེ་ཚན་བརྒྱད་ཀྱིས་ཤིན་ཏུ་བསྐོར། །སྔགས་རྣམས་ཐམས་ཅད་འབྱུང་གནས་ཏེ། །ཕན་ཚུན་ཅི་ཡང་རུང་བ་བསྐྱེད། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ལུས་ཅན་
རྣམས་ཀྱི་སྙིང་ཁར་བྱེ། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ལོངས་སྤྱོད་འཁོར་ལོ་ཞེས་བྱ་བ། །ཡ་ར་ལ་ཝ་རྣམ་པར་བླུགས། རོ་རྣམས་ཀྱི་ནི་རྟེན་རང་བཞིན། །ཆ་རྣམས་བཞི་པོ་དག་གིས་ནི། །ཀུན་ནས་ཡོངས་སུ་བསྐོར་བའོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་སེམས་སུམ་ཅུ་རྩ་
གཉིས་ལྡན། །ཞེས་བྱ་བ་ཡང་དེ་ཉིད་དོ། །ས་བོན་ཕྲེང་བ་དེ་ནས་བསྒོམ། །ཧཱུཾ་གི་སྐུད་པས་བརྒྱུ་བར་བྱ། །བསྒྲུབ་བྱ་འགོག་པར་གྱུར་པ་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །འདི་ནི་ཤེས་རབ་ལྷན་སྐྱེས་ཏེ། །དེ་ཡི་གཟུགས་སུ་གྱུར་པས་ན། །ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་
དཀྱིལ་འཁོར་འོག་ནས་འབར། །ཁ་སྦྱར་སྒྱུ་མ་ཆེན་མོར་བཤད། །འཆི་བདག་ལས་རྒྱལ་རབ་བསྒྲུབ་པའོ། །སྐྲ་རྩེ་བརྒྱར་གྱུར་པ་ཡི་ཆ། །སྐད་ཅིག་གློག་གི་འོད་ཟེར་ཅན། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོས་ནས་ནི། །ལྷ་དང་ལྷ་
མིན་བསྡིགས་པར་བྱེད། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །བསྲེགས་ཏེ་ལོངས་སྤྱོད་འཁོར་ལོར་འཇུག །སྣ་བུག་གཡོས་ནས་བྱུང་ནས་ནི། །སླར་ཡང་ཞུགས་ཏེ་སྨིན་མཚམས་ཀྱི། །མཛོད་སྤུའི་ཁུང་ནས་ཕྱུང་ནས་སུ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱི། །ཤངས་སྒོ་གཡོན་དུ་ཞུགས་ནས་ནི། །སྤྱི་བོའི་འཁོར་ལོ་བསྲེགས་ནས་སུ། །བདུད་རྩི་ཡེ་ཤེས་བཅུད་བསྡུས་པ། །སྔོན་གྱི་ལམ་ནས་སླར་བྱུང་སྟེ། །སླར་ཡང་རྣལ་འབྱོར་སྤྱི་གཙུག་ཞུགས། །བསྲེག་པར་གྱུར་པའི་སངས་རྒྱས་རྣམས། །བདེ་ཆེན་རྒྱས་པའི་ལྟེ་བ་
ཡི། །དཀྱིལ་འཁོར་དུ་ནི་སོན་གྱུར་ནས། །སྔོན་བཞིན་དུ་ནི་གནས་པར་འགྱུར། །ཞེས་གསུངས་པའི་དོན་ཏོ། །རང་རང་ཕྱོགས་ཀྱིས་ཕྱེ་བ་ཡིན། །འཇུག་པ་ཡིས་ནི་དབྱེ་བ་ཉིད། །ཅེས་པའི་དོན་ལ། ཟླ་བ་དང་ནི་ཉི་མ་དག །འོག་དང་སྟེང་གི་སྒོ་གཉིས་ཏེ། །
เล่ม ๑๘ · หน้า 91a
གཞད་འབྱེད་པ་ནི་གསེར་སྒོ་སྟེ། །ཛཱ་ལནྡརར་གཏུགས་པས་བཟློག །ཕྱིར་འགྲོ་ནང་དུ་འོང་བས་སོ། །འགོག་པའི་དུས་དང་དཔྱིད་ཀྱི་དུས། །ཇི་སྲིད་གཡས་དང་གཡོན་པ་ཡི། །རླུང་དང་ཡི་གེ་ཐིག་ལེ་འགོག །ཀུན་འདར་འགྲམ་གྱི་རྩ་དང་རྩེ། །ཛཱ་ལནྡྷ་
རར་འགོག་འགྱུར་བའོ། །སྐྱེ་བ་རབ་ཏུ་འཕེལ་བའི་དུས། །སྡུད་པ་འགྲིབ་ཅིང་ལྡོག་པའི་དུས། །གནས་པ་མཉམ་པར་འགྱུར་བ་སྟེ། །རབ་ཏུ་ཐིམ་པས་སྟོང་པར་གྱུར། །ཚ་གྲང་འབྱུང་བའི་ཁྱད་པར་ཕྱེད། །ཉིན་མོ་འཕེལ་བ་བྱང་བགྲོད་དུས། །མཚན་མོ་འཕེལ་བ་ལྷོར་བགྲོད་དུས། །མཉམ་
པ་དུས་ལྡན་གནས་པའོ། །གཡས་ནས་འཕེལ་བ་གཡོན་རྩེར་ལྡོག །གཡོན་ནས་འཕེལ་བ་གཡས་རྩེར་ལྡོག །དྲོད་ཀྱང་ལུགས་འབྱུང་ལུགས་བཟློག་ལས། །བརྟན་པ་དང་ནི་གཡོ་བ་ལས། །དྲོད་ནི་འཕེལ་འགྲིབ་ཅན་ཡིན་ཏེ། །གྱེན་དུ་བསྙག་དང་ཐུར་དུ་འཇུག །འཆི་བདག་ལས་ནི་
རྣམ་རྒྱལ་བ། །སྒྲ་གཅན་མཆོད་ཡོན་ཡན་ལག་སྦྱར། །གསང་བ་གྲུབ་པ་རྟོགས་པར་བྱ། །ཞེས་པའི་དོན་ཏོ། །འཇུག་ཅིང་མགོ་ཟུག་པ། དབང་དུ་བྱས་པ། ལོངས་སྤྱོད་པ་ཡོངས་སུ་ཐིམ་པ་བསྟན་པས་ཉི་མ་དང་མཚུངས་པ་རྟོགས་པར་བྱ་བའོ། །ལེའུའི་མཚན་ནི་དུས་མ་ཡིན་པར་འཆི་
བ་སླུ་བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།གསང་བ་དེ་ཁོ་ན་ཉིད་མཆོད་པ་རིག་མ་དང་ནི་གཉིས་མེད་བདེ་བ་ལམ་དུ་བྱ་བ་ཉིད། །རིམ་དང་རིམ་པ་མེད་པས་དཔྱིད་དང་ཐིག་ལེ་སོས་དང་སྟོན་དུས་ཀྱིས་ཕྱེ་ཟླ་བ་ངོས་བཟུང་བའོ། །འདིར་དཔལ་འཁོར་ལོ་བདེ་མཆོག་གི་
རྣལ་འབྱོར་པས། ལུས་སེམས་སྣང་བ་བདེ་བ་ལམ་དུ་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། །ཞེས་སྨོས་ཏེ། འདི་ཉིད་ལས། ལེའུ་དང་པོ་ལས། བསྲུབ་བྱ་སྲུབ་བྱེད་ཡང་དག་སྦྱོར། །ཞེས་པ་དང་། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཞེས་པ་རྒྱས་པར་བཤད་པ། འདི་ནི་དཀྱིལ་འཁོར་འཁོར་
ལོའི་ལམ་བླ་ན་མེད་པ་བསྟན་པ་ཉིད་དོ། །དེ་ལ་རྣལ་འབྱོར་རིགས་ལྡན་དང་། །ཐུན་མོང་སྔགས་ཀྱི་དགོད་པ་མཆོག །གོ་ཆ་ཆེན་པོ་བགོ་བ་དང་། །སྙིང་པོ་ཉེ་སྙིང་ལྟེ་བ་དང་། །སྙིང་ག་མགྲིན་པ་དཔྲལ་བར་ནི། །ཉི་ཟླ་གནས་ལ་གསལ་བ་བལྟ། །ཕྱག་རྒྱ་སྙིང་པོ་མཆོད་པ་འདིས། །བདེ་
เล่ม ๑๘ · หน้า 91b
ཆེན་གསང་བ་གྲུབ་པ་ཉིད། །མྱུར་འགྲུབ་ཡིན་པར་ཐེ་ཚོམ་མེད། །བློ་ལྡན་དཔའ་བོ་ལྷ་མཆོག་གིས། །རིགས་ལྡན་རྣལ་འབྱོར་མ་བསྲུབ་བྱ། །ལྷར་གསལ་བདེ་བར་སྙོམས་ཞུགས་པས། །ཧཾ་ལས་བདུད་རྩི་བྱང་ཆུབ་སེམས། །རབ་འབབ་བཅུ་དྲུག་ཆ་བཅས་པ། །དེ་ཉིད་ཀུན་འདར་
ལས་བརྒྱུད་དེ། །ཐམས་ཅད་བདེ་བ་ཉིད་འཆར་བ། །དགའ་བ་མཆོག་དགའ་ལུས་སེམས་ཏེ། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །འཁོར་ལོ་རྣམས་ལ་ཆ་ཤས་གནས། །གསང་བ་ནོར་བུའི་རྩེ་ལས་ནི། །ཐ་མལ་རྟོག་པ་རྣམ་དག་དང་། མ་རིག་ཐིག་ལེ་གཉིས་ཤོར་ཞིང་། །ཡེ་ཤེས་
བདེ་བ་གསང་བ་ཡི། །ཐིག་ལེ་སྙིང་པོ་གསང་བར་གནས། །གཉིས་ཤོར་གཉིས་མཉམ་དུས་སུ་ནི། །ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། །མཚན་ཉིད་བྲལ་བའི་སྐད་ཅིག་མ། །རབ་རྫོགས་དགའ་བྲལ་རྣམ་པར་ཉིད། །རོ་མཉམ་རྡོ་རྗེ་མི་འགྱུར་བའོ། །དེ་ཉིད་ཆགས་པ་རྣམ་དག་པ། །
དྲི་མེད་ལུས་ངག་སེམས་དག་ནི། །འདམ་སྐྱེས་པདྨ་ལྟར་གསལ་འགྱུར། །ཕྱག་རྒྱ་གྲུབ་པའི་ལུས་རྣམས་ནི། །བགྲོད་པས་འདོད་ཡོན་ལམ་དུ་འགྱུར། །ས་བོན་འོད་འབར་མཚོན་ཆ་དྲག །སྔགས་ལྡན་ལྷ་མོ་ལ་སྦྱར་བ། །སྙིང་པོ་གསང་བ་ཆོ་ག་ཉིད། །འབད་པ་རྒྱུ་འབྲས་རྒྱས་
གདབ་འགྱུར། །འབྲས་བུ་རྣམས་དབྱེ་སྐད་ཅིག་མ། །ཕྱིན་ཅི་མ་ལོག་གསང་བ་ལས། །ཐུགས་ཀ་ནས་ཕྱུང་ངེས་པར་སྤྲོ། །རྣམ་ཤེས་ཚར་བཅད་ཡེ་ཤེས་ཀྱིས། །ཕན་བྱེད་དངོས་འཛིན་ལས་དག་འགྱུར། །ཐབས་ཤེས་དབྱེ་བ་འཁོར་ལོ་ཡི། །རྩ་ཡི་ལམ་མཆོག་རྡོ་རྗེ་ཡིས། །
སྐྱིལ་ཀྲུང་གྱུར་བས་རབ་སྦྱོར་འགྲུབ། །ཅེས་པའི་དོན་གྱིས་རབ་ཏུ་བྱེད་པས་ཡེ་ཤེས་བདེ་བ་ཆེན་པོ་རབ་ཏུ་ཐོབ་པ་ཌཱ་ཀི་བཛྲ་རྒྱ་མཚོ་ལས་གསུངས་པའི་དོན་གྱིས་ལམ་མྱུར་དུ་གཅོད་པ་ཕྱག་རྒྱ་ཆེན་པོའི་སྙིང་པོ་བླ་ན་མེད་པ་བསྟན་པའོ། །ལེའུའི་མཚན་ནི། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། དགུག་
པའི་ཆོ་ག་ནི་བདེ་བ་ལམ་དུ་གྱུར་པ་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པའི་རིམ་པའི་སྐྱེ་ཚུལ། དེས་དབང་ཕྱུག་བརྒྱད་ལྡན་གྱི་གསང་བ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།བདེ་ཆེན་སྡོམ་པ་ལམ་དུ་བྱེད་པས་སྤྱོད་པ་གྲུབ་པས་རིགས་ལྡན་
เล่ม ๑๘ · หน้า 92a
ཐམས་ཅད་ས་གསུམ་པོར་ནི་དབང་དུ་བྱེད། །གང་དུ་དགུག་བྱེད་སྨིན་བསྲེག་སྦས་པའི་ལམ་ཉིད་དམ་ཚིག་ལྡན་པས་ངེས་འགྲུབ་འགྱུར། །འདིར་རིགས་ལྡན་གྱི་ཁྱད་པར་གྱི་མཚན་ཉིད་སྤྱོད་པ་ཡོངས་སུ་ཤེས་པས་དབང་དུ་བྱ་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པའི་
གསང་བ་བསྟན་པ་ལ། རྣལ་འབྱོར་པ་ལ་རྗེས་སུ་ཆགས་པར་འགྱུར་བ་མེད་པ་ནི། བརྟན་པར་བྱ་བ་ལ་དབང་ཐོབ་པར་མི་འགྱུར་བས། དེ་ཉིད་ངེས་པར་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ནི་ཕོ་ཉའི་ལམ་པས་ནི་རིགས་ལྡན་དབང་དུ་བྱ་བ་ལ་བརྟེན་འདོད་ཡོན་ལམ་དུ་ཁྱེར་བས་ཕྱག་རྒྱ་ཆེན་
པོ་འཐོབ་པ་དང་། རྣལ་འབྱོར་གྱི་ལམ་པས། དེ་ཁོ་ན་ཉིད་སྦས་པའི་དོན་གྱིས་རང་ལུས་ཐབས་ལམ་དུ་གྱུར་པས་ཡེ་ཤེས་གྲུབ་པ་བླ་ན་མེད་པ་བསྟན་པས། ཕྲིན་ལས་ཐམས་ཅད་ནང་གསང་བའི་རིགས་ལྡན་གྱིས་གྲུབ་པར་བསྟན་པའོ། །ཚར་བཅད་གྲུབ་པའི་ཆོ་ག་སྟེ། །ཞེས་པ། བདག་ལ་མངོན་
པར་མི་ཕྱོགས་པ་ལ། རྫས་དང་འཁྲུལ་འཁོར་གྱི་སྦྱོར་བ་དང་། སྔགས་དང་བསམ་གཏན་ནུས་པ་དྲག་ཏུ་དམིགས་པས་སོ། །རྗེས་སུ་འཛིན་པ་ནི་སྔགས་དང་རྫས་ཙམ་གྱིས་འགྲུབ་པའོ། །གྲོལ་ལམ་པས་ཆོ་ག་ནི་དེ་ཁོ་ན་ཉིད་ལྔ་ལྡན་གྱི་རིམ་པ་སྟེ། བདག་གི་དེ་ཁོ་ན་ཉིད་ནི་རྣལ་འབྱོར་པའི་ལུས་
སྐུ་གསུམ་ལས་བྱུང་བའི་རྩ་ཡི་གེ་ཐིག་ལེ་རླུང་གི་ཕྲ་རགས་སྤྱི་དང་བྱེ་བྲག་རྟོགས་པའོ། །ལྷའི་དེ་ཁོ་ན་ཉིད་རང་ལུས་གདོད་མ་ནས་དཀྱིལ་འཁོར་ཡོངས་རྫོགས་སུ་ཤེས་པས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེའི་རྩ་བ་ཨེ་ཝཾ་ལས་གྲུབ་ཚུལ་བསྟན་པ་ཕྱི་མོ་བརྒྱད་དང་ཨཱ་ལི་ཀཱ་ལིའི་ཚུལ་ལོ། །
ཕྱག་རྒྱའི་དེ་ཁོ་ན་ཉིད་ནི་ཕྱག་རྒྱ་འཆིང་བ་དང་འགྲོལ་བ་བརྡའི་བྱེ་བྲག་གིས་རྟོགས་པར་གྱུར་པའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་གནས་ལུགས་དང་། རྟོགས་པ་ཐབས་ཀྱི་ཡེ་ཤེས་དང་། ཐོབ་པ་དབང་གི་ཡེ་ཤེས། གྲོལ་བ་རང་འབྱུང་ཡེ་ཤེས། འབྲས་བུ་ཆོས་ཉིད་ཡེ་ཤེས་སོ། །ཕན་ཚུན་སྦྱར་
བའི་གསང་སྔགས་ཏེ། །ཞེས་པས་སྟེང་འོག་ཕྱོགས་བཅུ་ཐམས་ཅད་དུ་རྩའི་འཁོར་ལོ་ལ་གནས་པའི་ལུས་ཀྱི་ནང་ཁོང་ནས་འབྱུང་བའི་རང་སྒྲ་ལམ་དུ་གྱུར་པའོ། །དཀྱིལ་འཁོར་པའི་འབྱུང་གནས་ཐམས་ཅད་ཀྱི་བདག་ཉིད་གྲུབ་པའི་དབང་ཕྱུག་ཏུ་བསྟན་པའི་ཕྱིར། སངས་རྒྱས་མཁའ་འགྲོ་མ་ནི་
เล่ม ๑๘ · หน้า 92b
དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་དེ་དེ་དང་གཅིག་ཏུ་སྦྱོར་བ་དཔལ་ཧེ་རུ་ཀ་སྟེ། ཡབ་ཡུམ་ཐབས་ཤེས་རབ་དབྱིངས་རིག་དབྱེར་མེད། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲོ་བ་དང་བསྡུ་བའི་དབང་ཕྱུག་ཕུན་སུམ་ཚོགས་པ་གསང་བ་མི་འགྱུར་བའོ། །དབང་དུ་བྱེད་པ་ལ་ཚོགས་ཀྱི་ཞལ་ཟས་སྦྱར་བའི་བྱེ་
བྲག་དང་། འདོད་འཇོའི་བའི་འོ་མའི་རྫས་ལ་བརྟེན་པ་དང་། ཁུར་བ་བོ་ལའི་སྦྱོར་བས་བྱ་བ་དང་། བྱུག་པའི་སྦྱོར་བས་བྱ་བ་དང་། སྦྱིན་སྲེག་གིས་དབང་དུ་བྱ་བ་དང་། དུས་ཐུང་དུས་གྲུབ་པ་དང་། ཤིན་ཏུ་གསང་བ་རྙེད་དཀའ་བར་གདམས་པ་དང་། གང་ཟག་དམན་པས་ཀྱང་གྲུབ་པར་བསྟན་པའོ། །ལེའུའི་
མཚན་ནི་ནང་གི་བདག་ཉིད་དབང་དུ་བྱ་བའི་ཁྱད་པར་དུ་བྱས་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལ་གང་དུ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་བསྟན་ནས་ད་ནི་དེ་ནས་ཞེས་སྨོས་ཏེ། ལེའུ་འདིས་ཁྱད་པར་དུ་རིགས་ལྡན་མཆོད་པ་སྔོན་དུ་འགྲོ་བས་སྤྱོད་པ་གསང་བ་ཉིད་ལས། དམ་ཚིག་དང་འགལ་
བའི་ལས་སྤང་བྱ་མི་མཐུན་པའི་ཕྱོགས་དགག་པ་སྟོན་པ་ཉིད་ལས། བརྡ་དང་མཁའ་འགྲོ་མའི་ཞེས་པ་ཕོ་ཉའི་བྱེ་བྲག་གོ། །རིགས་ལྡན་ངོས་གཟུང་བའི་ཁྱད་པར་ལུས་ཀྱི་མཚན་ཉིད་དང་ངག་བརྡ་དང་ཡན་ལག་གི་བརྡ་བྱ་བས་དཔའ་བོའི་ཡན་ལག་གི་གསང་སྤྱོད་ཀྱི་དབྱེ་བ་ནི། ཨ་ཝ་དྷཱུ་ཏཱི་པ་དང་། བྷུ་སུ་ཀུ་
ལྟར་དང་། སྨྱོན་པ་ལྟ་བུར་སྤྱོད་པ་ལས། དེ་བཞིན་དུ་ནི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དུས་དང་འབྲེལ་བ་ཅན་གྱིས་འགྲུབ་པར་འགྱུར་བ་སྟེ། མཆོག་བསྒྲུབ་པའི་དོན་དུ་བསྟན་པའོ། །དེ་ལ་བསྲུང་བའི་དམ་ཚིག་ལས་འཕྲོས་པ་ཅན་ཏེ། གསང་བ་ཉེ་བར་གདམས་པ། མ་བསྲུངས་པའི་ཉེས་
པ་དགག་པར་བྱ་བ་ལ། དཔའ་བོའི་དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ། དེའི་དོན་ནི། །གསང་བའི་བརྡ་དང་སྤྱད་པའི་ཁྱད་པར་དག་པ་ལས། དམ་ཚིག་སྡོམ་པ་ཡང་དག་གྲུབ་སྟེ་དཔལ་ལྡན་མཁའ་འགྲོ་ཡི། །དགག་དང་སྒྲུབ་ཕྱོགས་གནས་བཅས་ཕན་ཡོན་མཐོང་ཞིང་རྣམ་དག་གནས་སུ་རྣལ་འབྱོར་
རོལ་པ་ཉིད་ཐོབ་འགྱུར། །དེ་དག་ལྷན་སྐྱེས་ལེགས་སྐྱེས་པ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་པས་དཔལ་འཁོར་ལོ་སྡོམ་པའི་ལམ་འདིའི་གསང་བ་བདེ་བ་ཆེན་པོ་མཆོག་གི་ལམ་ཉམས་སུ་ལེན་པ་དེ་དག་ལམ་ཐམས་ཅད་མྱུར་དུ་ཆོད་པར་འགྱུར་བའི་དོན་ཏོ། །ལེའུ་སུམ་ཅུ་རྩ་བརྒྱད་
เล่ม ๑๘ · หน้า 93a
པའི་རྣམ་པར་བཤད་པའོ།། །།འདིར་ནི་དངོས་གྲུབ་ཉེ་བའི་རྟགས་ཅུང་ཟད་འབྱུང་བ་ལ། ལེའུ་དང་པོ་ལས། མཆོག་དང་འབྲིང་དང་ཐ་མ་སྟེ། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །ཅེས་པའི་དོན་བསྟན་པའི་ཕྱིར། དེ་ནས་སྒྲུབ་པོས་རྣལ་འབྱོར་ཆེ། །ཞེས་སྨོས་ཏེ། རྣལ་འབྱོར་ཏེ་
ཚོགས་ལམ་ཆུང་ངུ་དང་། རྗེས་སུ་རྣལ་འབྱོར་ཏེ་ཡང་དག་སྤོང་བ་ཤིན་ཏུ་རྣལ་འབྱོར་རྫུ་འཕྲུལ་རྐང་པའི་ནུས་པ་འཕེལ་བས། རྣལ་འབྱོར་ཆེན་པོ་སྦྱོར་ལམ་དུ་ལྷག་པའི་དཀྱིལ་འཁོར་དུ་ཕོ་ཉ་ལྷན་ཅིག་སྐྱེས་པའམ། ཞིང་སྐྱེས་ཀྱི་ལྷ་ཚོགས་ཀྱི་དངོས་གྲུབ་སྟེར་བའི་རྟགས་འཆར་བ་ལ་ཚོགས་ཀྱི་དཀྱིལ་འཁོར་
ལ་མཆོད་པ་ཆེན་པོ་བྱ་བ་སྟེ། དེའི་དུས་སུ་དང་པོ་དྲི་ཡིད་དུ་མི་འོང་བ་དང་ཡིད་དུ་འོང་བ་དུ་མ་འབྱུང་བ་དང་། དེ་ནས་སྒྲའི་ཚོགས་སྣ་ཚོགས་པ་དུ་མ་གྲག་ཅིང་མཐར་གཟུགས་སྡུག་པ་དང་མི་སྡུག་པ་སྣ་ཚོགས་འབྱུང་བའི་ཚེ། པདྨ་གར་བསྐོར་ཕྱག་རྒྱ་དང་། གསང་སྔགས་ཡིད་ཀྱིས་བརྗོད་པ་ཏིང་ངེ་འཛིན་
མི་འགྱུར་བའི་ངང་ལས་ལྷའི་འཁོར་ལོ་གསལ་བའི་སྔགས་ཀྱིས་རྣམ་པ་བརྒྱད་དུ་བཀོད་པ་ཡེ་ཤེས་ཀྱི་གང་མོ་ཟིལ་ནོན་རྡོ་རྗེ་རྐང་པ་བརྒྱད་པ་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་ལྡན་པས་བལྟ་བར་བྱའོ། །བཞད་པ་རྣམ་པ་བཞི་པོས་དགོད་ནི་རང་ཧེ་རུ་ཀ་ཞལ་བཞི་པའི་ཉམས་ཀྱི་སྔགས་དང་ལྟ་སྟངས་ཀྱིས་སད་པའོ། །
དེའི་དུས་སུ་ཡང་གཟུགས་མི་སྣང་བའི་སྒྲ་སྒྲོགས་པ་གལ་ཏེ་བྱུང་བར་འགྱུར་བ་ནི་འཇིགས་པའི་སྒྲ་ནི་རྣམ་པ་མང་པོ་ནི་ཕྱི་དང་ནང་གི་ལས། རྩ་གནས་ཀྱི་ཡི་གེ་དང་རླུང་ཕྲད་པ་ལས་འབྱུང་བ་བཞིའི་ཚ་གྲང་ལས་གྱུར་པ་དང་། ཉམས་ཉུལ་བའི་ཌཱ་ཀིའི་བྱེད་པའི་ཁྱད་པར་རྟོགས་པར་བྱའོ། །ཡང་
རྣལ་འབྱོར་མའི་ཚོགས་མི་ཟད་པའི་མཁའ་འགྲོ་མ་རྣམས་ཀྱིས་འཇིགས་བྱེད་ཅུང་ཟད་བསྡིགས་པར་བྱེད་པ་ལ་རྗེ་བཙུན་མའི་ང་རྒྱལ་གྱིས་རྐང་པ་བརྒྱད་པ་རྩ་བའི་སྔགས་བརྗོད་པར་བྱའོ། །དེར་ལྷག་པའི་ལྷའི་སྐུ་མཐོང་བས་བདུད་ཀྱི་བར་ཆད་ཀྱིས་གླགས་མི་རྙེད་ལ། རྣལ་འབྱོར་པ་ཉིད་གལ་ཏེ་སྐྲག་ན་མི་
སྣང་བར་འགྱུར་བའོ། །དེ་ནས་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་འདིའི་དུས་ཁྱད་པར་ཅན་ལ་ཡང་དག་པ་མཐོང་བས་དེ་ཉིད་དུ་དངོས་གྲུབ་མཆོག་གསོལ་བར་གདོན་མི་ཟ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་བའོ། །ཡང་ན་རིགས་ལྡན་པདྨ་ཅན་མ་ལྟ་བུ་དེ་ཁོ་ན་ཉིད་ཀྱི་
เล่ม ๑๘ · หน้า 93b
སྤྱོད་པ་གསང་བ་ཐབས་ཤེས་རབ་ལྷའི་ང་རྒྱལ་གྱིས་སྙོམ་པར་འཇུག་པའི་ཚེ། བཞད་པ་བཞི་ནི་དགའ་བ་བཞི་ཉམས་སུ་མྱོང་བ་ལས། བྱང་སེམས་གྱེན་དུ་བཟློག་པ་ལུས་ཀྱི་འཁྲུལ་འཁོར་རླུང་གནད་སྔགས་ཀྱི་རྣམ་པ་འདྲེན་པའི་ཡི་གེ་རྩ་གནས་སུ་དགྲམ་པར་བྱ་བ་བརྒྱད་དུ་དགོད་ཅེས་པ་
ཡན་ལག་དང་སྤྱི་བོར་ཧཾ་ལ་བསྟིམ་པའོ། །དེ་ཡང་དགའ་བ་བཞི་དུས་སྐད་ཅིག་མ་བཞི་དང་ལྡན་པས་ཀྱང་བརྒྱད་ཉིད་དོ། །ཐིག་ལེ་བཅུ་དྲུག་ལས། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའོ། །དེ་ཡང་ཐབས་ཤེས་རབ་གཉིས་ཀ་ལ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་དུས་སུ་ཐིག་
ལེ་གནས་ནས་ཅུང་ཟད་གཡོ་བས་འཇིགས་པ་མི་བཟད་པའི་སྐྲ་མི་བཟོད་ཅིང་། རྔམ་ཞིང་དབུགས་རྒོད་པ་ལ་སོགས་པ་རྣམས་འགྱུར་འབྱུང་ལ་གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་མའི་དུས་སུ་བདེ་བ་ཆེར་འཕེལ་བ་ནི་ལུས་ཀྱི་གནས་ཉི་ཤུ་རྩ་བཞིའི་ཐིག་ལེ་དབུ་མར་འདུ་བ་ལས་དངོས་གྲུབ་ཡེ་ཤེས་
རྩོལ་བར་འགྱུར་བ་ལ། ཐིག་ལེ་རྡོ་རྗེ་བུམ་པ་ནས་གཉིས་ཤོར་གཉིས་གནས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བདེ་སྟོང་གཉིས་མེད་ཐོབ་པར་གདོན་མི་ཟ་བ་ཉིད་དོ། །དེ་ལ་ཐ་མལ་པའི་རྟོག་པ་ཐམས་ཅད་སྐྲག་ཅིང་རྣམ་པར་བྱེ་བར་གྱུར་པ་རྣམ་པར་ཉེད་པའི་སྐད་ཅིག་མ་དགའ་བྲལ་དུ་གྱུར་པའོ། །རང་གི་གནས་
ནི་རྩ་ཀུན་འདར་དུ་ཀུན་རྫོབ་ཀུན་ད་ལས་དོན་དམ་བདེ་བ་ཅན་ཡེ་ཤེས་རང་བྱུང་མི་འགྱུར་བ་ཐོབ་པའི་དོན་གྱི་གསང་བའི་མཁའ་སྤྱོད་ཐོབ་པས་ཟུང་འཇུག་རབ་ཏུ་མི་གནས་པ་མངོན་དུ་གྱུར་པའོ། །ལེའུའི་མཚན་ནི་ཧ་ཧ་ཞེས་དགོད་པ་སྟོན་པ་ནི། །དབང་ཕྱུག་བརྒྱད་དང་ལྡན་པ་བདེ་ཆེན་གསང་བ་མཉམ་
པ་ཉིད་ཡེ་ཤེས་ཀྱི་གནས་བསྟན་པའི་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ཡང་གོང་དུ་ལེའུ་སུམ་ཅུ་སོ་བདུན་པར་རིགས་ལྡན་མ་དབང་དུ་བྱ་བ་བསྟན་ཅིང་། འདི་ནས་འཇིག་རྟེན་གྱི་ཡུལ་དང་སའི་བདག་པོ་ལ་སོགས་པ་དབང་དུ་བྱས་པ་བསྟན་པ་ལ། དེ་ནས་ཞེས་སྨོས་ཏེ། གང་
དག་བསྟན་པ་རྒྱས་ཤིང་བསྐྱང་བར་བྱ་བའི་ཐབས་ད་ནི་བཤད་བྱ་བ་ནི། རྣལ་འབྱོར་ཆོ་གར་གནས་པས་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ཆུ་བོ་མེ་ཡིས་ཕྱེ་བའི་ལྷ་ཚོགས་ཀྱིས། །ཐམས་ཅད་དབང་བྱེད་འཁོར་ལོ་སྦྱིན་སྲེག་ཕྱི་ནང་དག་གི་སྐལ་ལྡན་ཡོན་ཏན་དབང་ཕྱུག་འགྱུར་བ་ཉིད། །ཅེས་པའི་དོན་
เล่ม ๑๘ · หน้า 94a
ཏེ་གང་གི་མི་རྣམས་དབང་དུ་འགྱུར་བ་ཕྱི་ནང་དེ་ཉིད་བྱ་བ་ལས་ཚོགས་རབ་འབྱམས་རྫས་དང་སྔགས་དང་འཁྲུལ་འཁོར་ཐབས་ཀྱི་དབྱེ་བས། ཐབ་ཁུང་དང་། ཡམ་ཤིང་། བསམ་གཏན་གྱི་ཁྱད་པར། དགང་གཟར་བླུགས་གཟར་གྱི་བྱེ་བྲག་དང་། མེ་ལྷ་ཇི་ལྟར་མཆོད་པས་འཇིག་
རྟེན་པའི་ལྷ་མཉེས་པར་བྱ་ཞིང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་པ་མཆོད་པའི་ཚུལ་གྱིས་དེ་དག་གི་ཕན་ཡོན་འབྱུང་བ་རྟོགས་པར་བྱ་བའོ། །རྣལ་འབྱོར་སྔགས་ཀྱི་ཆོ་གར་གནས་པ་ནི། རིམ་པ་གཉིས་ལ་གནས་པའི་ནུས་པ་བརྟག་པ་ལས། ལྷའི་རྣལ་འབྱོར་གྱི་དུས་དང་། གྲངས་དང་
མཚན་མ་མཐོང་ཞིང་། དེ་ཁོ་ན་ཉིད་དུ་རླུང་ལས་རྣམ་པར་རྒྱལ་བ་ཐོབ་པས། བསམ་གཏན་ལ་དབང་བསྒྱུར་བས། ཆོས་ཅན་དང་ཆོས་ཉིད་ཐ་དད་པའི་གཉིས་འཛིན་རྣམ་པར་དག་པ་ཉིད་ཀྱིས་ཡུལ་སྣང་དབང་དུ་བྱེད་པ་འགྲོ་ལྡོག་ནུས་པའི་བྱེད་པ་ལ་རག་ལས་པ་ཉིད་དོ། །འཇིག་རྟེན་གྱི་དབང་ཕྱུག་ཉིད་
དང་འཇིག་རྟེན་ལས་འདས་པའི་ས་ལ་གནས་པ་གང་ཡིན་པ་ནི་འགྲོ་བ་དང་། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཕྲིན་ལས་སོ། །དཔའ་བོ་ཟླ་བས་ཞེས་ཐུན་མོང་དུ་རྩ་སྔགས་སྙིང་པོ་ཉེ་སྙིང་གིས་གྲུབ་པའོ། །ཁྱད་པར་དུ་ནི་རྣལ་འབྱོར་གྱི་ལམ་པས་ཟླ་བ་བྱང་སེམས་ཡོངས་སུ་འཕེལ་བ་ལས་ཡོན་ཏན་དུ་མ་
འགྲུབ་པར་འགྱུར་བ་ཉིད་བསྟན་པའོ། །ཐབས་དང་ལྡན་པས་སྲེག་རྫས་ཀྱི། དུས་ཀྱི་ཁྱད་པར་འགྲོ་བ་དང་གང་གི་རིགས་ལ་གྲངས་ཀྱི་རིམ་པ་ལས། རྣམ་ཤེས་ཡེ་ཤེས་ལས་ཀྱི་གྲུབ་པ་བསྟན་པའོ། །ལེའུའི་མཚན་ལས་རིགས་ལྔ་པོ་དབང་དུ་བྱ་བ་ནི། བྲམ་ཟེ། རྒྱལ་རིགས། རྗེའུ་རིགས། བློན་པོ།
རྒྱལ་ཕྲན། དམངས་རིགས་རྣམས་སོ། །ཕྱག་རྒྱ་ཆེན་པོ་བསྟན་པ་ནི། འགྲོ་བ་གདུལ་བྱ་དེ་དག་ལ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པའོ། །ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གྲུབ་པའི་ཁྱད་པར་རྣམ་ཤེས་ལས་དང་ཡེ་ཤེས་དག་གི་ལས་ཏེ། གསང་བ་འཇིག་རྟེན་
བདེན་པ་མངོན་བྱས་ཡེ་ཤེས་ལས་ཏེ་དཔག་མེད་ནུས་པ་རྫུ་འཕྲུལ་ཚད་མེད་རྣམ་འབྱུང་ཞིང་། །རྣམ་ཤེས་ཆོ་འཕྲུལ་བཀོད་པ་ཉི་ཚེ་བ་ཡིན་རབ་འབྱམས་ཟད་པར་ཟིལ་གནོན་དེ་ལས་དབེན་པར་གྱུར་པ་ཉིད། །ལས་ཆེན་བཅུ་གཉིས་འདི་དག་རེ་རེ་ལ་ཡང་ལག་པ་ཟླ་བ་དག་གིས་ཀླུ་དང་རིགས་བྱེད་དུ་འགྱུར་
เล่ม ๑๘ · หน้า 94b
འཁྲུལ་འཁོར་གསང་བའོ། །གྲུབ་བྱེད་གཉིས་དང་ལྷན་ཅིག་སྤྱོད་པའི་རིགས་ལྡན་ཕོ་ཉ་རིག་མའི་སྐྱེས་བུ་མངོན་གྲུབ་བྱེད། །ཅེས་པའི་དོན་གྱིས། དེ་ཡང་གནས་སྐབས་དང་མཐར་ཐུག་གི་ཕྱི་ལ་མཆོག་ཏུ་གཞོལ་བ་དང་། ནང་ལ་མཆོག་ཏུ་གཞོལ་བས་རབ་མཆོག་ནི་ལས་རབ་འབྱམས་དུ་མ་བསྡུས་
པའོ། །སྒྲུབ་པ་པོ་གང་གིས་ཐབས་དང་ཐབས་ལས་འབྱུང་བའི་རིམ་པ་ཤེས་ནས་རྣལ་འབྱོར་མ་ཡིས་གྲུབ་པ་རབ་ཏུ་སྟེར་བས་ངེས་པ་ཉིད་འགྲུབ་པར་འགྱུར་བའོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པ་ལ། དབང་ནི་རྒྱལ་པོ་བློན་པོ་བྲམ་ཟེ་ལ་སོགས་པའོ། །དགུག་པ་ནི་ཕོ་ཉ་རིགས་
ལྡན་ནོ། །དབྱེ་ནི་མཛའ་སྡེ་འབྱེད་པའོ། །གསད་པ་བླ་མ་ལ་སྡང་བ་དང་རྡོ་རྗེ་ཐེག་པ་ལ་སྨོད་པ་རྣམས་ལའོ། །བསྐྲད་པ་ནི་ཡུལ་ཕྱོགས་གཞན་དུའོ། །ལ་སོགས་པ་ནི་ཞི་བ་དང་རྒྱས་པ་བསྡུས་པས་སོ། །རྨུགས་པ་ནི་མི་ཤེས་པར་གྱུར་པའོ། །རེངས་པར་བྱེད་པ་ནི་ལུས་ཤིང་ལྟར་གྱུར་པ། རྨོངས་པ་ནི་མ་རིག་
པའི་ངང་དུ་བརྒྱལ་བར་གྱུར་པ་སྟེ། ཕུར་བུས་གདབ་པ་ནི་དེ་དག་ཀུན་ལ་ཡང་ཁྱབ་ཅིང་ཡང་ན་དཔུང་ནོན་པར་བྱ་བའོ། །རྩོད་པར་སྨྲ་བ་ནི་ཚིག་འཕྲོག་པ་ངག་གི་ནུས་པ་མནན་པས་ནི་ལྐུགས་པར་གྱུར་པ་ཕ་རོལ་པའི་ངག་གི་བདེན་པའི་སྟོབས་ཉམས་པར་བྱེད་པའོ། །འོན་དང་ནི་རྣ་བའི་སྒྲ་འགོག་པའོ། །
དེ་བཞིན་མིག་ཉམས་པར་བྱེད་པ་མཐོང་བ་འགོག་པའོ། །མ་ནིང་ཉིད་དུ་བྱ་བ་ནི་ལུས་ཀྱི་ཆ་ཤས་ཉམས་པར་བྱེད་པ་ཅན་ནོ། །གཟུགས་ནི་ཡོངས་སུ་གྱུར་པ་རྐང་བཞི་དང་རྐང་གཉིས་སུ་འགྱུར་བ་དང་། འདབ་ཆགས་དུ་མར་བྱ་བ་ལ་སོགས་པའོ། །ལས་ཆེན་བཅུ་གཉིས་འདི་དག་ནི་སྔར་གོང་དུ་བསྟན་
པའི་ཕྲིན་ལས་བསྡུས་པ་ཉིད་དོ། །དངོས་གྲུབ་སྒྲུབ་པ་པོ་ལ་ནི། །ཞེས་བསམ་གཏན་གྱི་བྱེད་པས་མྱུར་དུ་མངོན་དུ་བྱེད་པ་སྟེ། བསྐྱེད་པའི་རིམ་པ་ལ་བརྟེན་པ་ཐོབ་ཅིང་རྫོགས་པའི་རིམ་པ་ལ་རྟགས་འགའ་ཐོན་པས་ནི་དྲན་པས་འགྲུབ་འགྱུར་གདོན་མི་ཟ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་སྐད་ཅིག་
རེ་རེ་གྲུབ་པའི་དོན་ལ་ཐེ་ཚོམ་མེད་པར་འགྲུབ་པར་བྱེད་པའོ། །ད་ནི་རིགས་ལྡན་གྱི་རྣལ་འབྱོར་མ་དག་གིས་རྣལ་འབྱོར་པ་ལ་གསང་བ་འགྲུབ་པ་སྟོན་པར་བྱེད་པ་ནི། ཞིང་སྐྱེས་ཀྱི་མཁའ་འགྲོ་ཀུན་དུ་སྤྱོད་པས་གནས་པ་ནི། མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཅེས་པ་སྐུ་གསུང་ཐུགས་ཡོན་
เล่ม ๑๘ · หน้า 95a
ཏན་ཕྲིན་ལས་དམ་ཚིག་ཡེ་ཤེས་ལ་གནས་པས་ཕྱོགས་བཅུ་ཀུན་དུ་རོལ་པར་མཛད་པའོ། །གང་ཟག་སྐལ་པར་ལྡན་པ་ལ་བྱིན་གྱིས་བརླབ་པར་འགྱུར་བ་ནི། ཤར་དང་བྱང་གི་གནས་ལ་སོགས་ཞེས་པ་དཀྱིལ་འཁོར་གྱི་གནས་རྣམ་པར་གནས་པའི་ཕྱི་ནང་ཀུན་དུ་སྟེ། གང་དུ་
སྤྱོད་པའི་དུས་ལ་བབ་པའི་ཚེ་ཡེ་ཤེས་ལྡན་པའི་རང་སྐྱེས་གནས་ནི་བསོད་ནམས་དང་ཡེ་ཤེས་ལས་གྲུབ་པ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་བྲམ་ཟེ་ལ་སོགས་པའི་ཚུལ་ལ་གནས་ནས་ཀུན་དུ་སྤྱོད་པའོ། །ཡུལ་དང་ནི་ཞིང་སྐྱེས་མ་རྣམས་སོ། །ཡུལ་དུ་ནི་ཡུལ་དབུས་ལ་སོགས་པར་སྔགས་སྐྱེས་
མ་དུས་ཚིགས་ཁྱད་པར་ཅན་ལ་སྐྱེས་པ་རིགས་ཀྱི་རྟགས་མཚན་མངོན་པར་འཆར་བ་ཅན་ནོ། །དེ་ཡང་དཔལ་ཧེ་རུ་ཀའི་གནས་བཅུ་བསྡུས་པ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་བཞུགས་ལ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དུ་ནི་དམ་ཚིག་གི་མཁའ་འགྲོ་རྣམས་བཞུགས་པ་ངེས་པའོ། །སངས་རྒྱས་
ཐམས་ཅད་ཀྱི་ཕྲིན་ལས་ལས་གྲུབ་པའི་རྡོ་རྗེ་སྟོབས་ལྡན་མི་ཤིགས་པའི་གནས་ཉིད་རྡོ་རྗེའི་དཀྱིལ་འཁོར་ནི་འཁོར་ལོ་ལྔ་ལྡན་དཀྱིལ་འཁོར་སྒོ་བཞི་རྟ་བབས་ལ་སོགས་པ་དང་ལྡན་པའོ། །དེའི་དབུས་ཀྱི་དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི་གཙོ་མོས་རྡོ་རྗེ་རྣལ་འབྱོར་མ་ཡིན་ཞེས་འཁོར་བཞི་དང་བཅས་པ་
ཉིད་དོ། །ད་ནི་མཁའ་འགྲོ་མ་རུ་བཤད། །ཅེས་ལྷའི་རྣལ་འབྱོར་དུ་ལུས་ཀྱི་དཀྱིལ་འཁོར་དུ་དེ་ཁོ་ན་ཉིད་དང་ནང་གི་མཆོད་པས་སོ། །རྫོགས་པར་རྩ་དང་ཡི་གེ་བྱང་སེམས་ལས་བྱང་ཆུབ་ཕྱོགས་ཀྱི་དཀྱིལ་འཁོར་དུ་ཐབས་ཤེས་རབ་གཉིས་མེད་བདེ་ཆེན་ཡེ་ཤེས་ཀྱིས་མཆོད་པར་བྱ་བའོ། །ད་ནི་ཕྱི་དང་
ནང་གི་ཡུལ་ཉི་ཤུ་རྩ་བཞི་ངོས་གཟུང་བ་རིམ་པ་མ་ཡིན་པར་བསྟན་པའི་ཕྱིར། སྐུའི་འཁོར་ལོ་ནས་བརྩམས་ཏེ་བསྟན་པ་ཀུ་ལུ་ཏཱ་དང་ཞེས་སྨོས་ཏེ། དགོན་པ་ནི་མ་རུ་སྟེ་མྱ་ངམ་གྱི་ཐང་ངོ་། །དེས་དུར་ཁྲོད་དོ། །སིནྡྷུའི་ཡུལ་དང་གྲོང་ཁྱེར་ནི། ན་ག་ར་སྟེ་དུར་ཁྲོད་ཅེས་བྱའོ། །གསེར་གྱི་གླིང་ནི་སུ་
ཝརྞ་དྭཱི་སྟེ། སཽ་རཱཥྚ་ནི་ཉེ་བའི་འདུ་བའོ། །དེ་བཞིན་ལྷའི་ཁྱིམ་ནི་གྲྀ་ཧ་དེ་བ་ཏའོ། །འབྱུང་པོའི་གྲོང་ནི་དུས་ཞེས་བྱ་བའོ། །གསུང་གི་འཁོར་ལོ་བསྟན་པ་ནི། །ཁ་བའི་གནས་ནི་ཧི་མཱ་ལ་ཡ། ཀཱཉྩི་ནི་ཉེ་བའི་ཚནྡོ་ཧ། ལམྦཱ་ཀ་ནི་ཡུལ་དང་། ཀ་ལིངྒ་ནི་ཚནྡོ་ཧའོ། །ཀོ་ས་ལ་དང་ཏྲི་ཤ་ཀུ་ནེ་ནི་ཉེ་བའི་ཞིང་།
เล่ม ๑๘ · หน้า 95b
ཨོ་ཊེ་དང་ཀ་མ་རཱུ་པ་ནི་ཞིང་ཞེས་བྱའོ། །ཐུགས་ཀྱི་འཁོར་ལོ་བསྟན་པ་ནི། མཱ་ལ་བ་དང་ལྷ་མོའི་མཁར་ནི་དེ་བཱི་ཀོ་ཊི་སྟེ། རཱ་མེ་ཤྭ་རི་ནི་དབང་ཕྱུག། གོ་དཱ་བ་རི་ནི་ཉེ་བའི་གནས་ཞེས་བྱའོ། །ཨརྦུ་ད་དང་། ཨུ་ཌྱ་ན་ཛཱ་ལནྡྷ་ར་ནི་དང་། པུལླི་ར་མ་ལ་ཡ་ནི་གནས་ཞེས་བྱ་བའོ། །དེ་ལ་སོགས་ཁོངས་སུ་བསྡུ་བ་ནི། །
མཱུ་ལ་ཐཱ་དང་པི་ལ་ཐཱ་སྟེ་གནས་བརྒྱད་དུ་དམ་ཚིག་གི་ལྷ་མོ་རྣམས་བཞུགས་པ་སྟེ། ཡུལ་སུམ་ཅུ་སོ་གཉིས་པོ་ཀུན་དུ་རོལ་པ་སྟོན་པའོ། །དེ་དག་ལ་རྒྱས་འདེབས་པའི་རྣལ་འབྱོར་མ་རྣམས་གང་ཞེ་ན། གཟུགས་ཅན་འོད་བྱེད་ལཱ་མ་དང་། །ཡོངས་བསྒྱུར་མ་དང་བྱིས་བཅས་མོ། །ཕྱིར་མི་ལྡོག་པ་ཨེ་
ཧི་ཀ །རྡོ་རྗེ་མ་ཉིད་བརྒྱད་དུ་དྲན། །དང་པོ་རྒྱས་འདེབས་ཕྱག་རྒྱ་སྟེ། །གཉིས་པ་སྙིང་ནས་འགུགས་བྱེད་མ། །གསུམ་པ་རྨོངས་བྱེད་ཕོ་ཉ་མོ། །བཞི་པ་དེ་ཉིད་སློང་བྱེད་མ། །ལྔ་པ་བཞད་པའི་ཕྱག་རྒྱ་སྟེ། །དེ་ཉིད་རིགས་ལྡན་མ་ཡིན་ཏེ། །དྲུག་པ་གསོད་བྱེད་མ་རུ་འགྱུར། །བདུན་པ་ཟ་བྱེད་
དཔའ་མོ་ཆེ། །བརྒྱད་པ་ངེས་པར་སྡུད་བྱེད་མའོ། །གཤིན་རྗེ་སྐྲག་བྱེད་དྲག་མོ་དང་། །གཏུམ་མོ་དང་ནི་ཚེ་ཟན་མ། །བྷ་སུ་ར་དང་ཀ་མ་ནི། །བསྡུས་མ་ཕག་མོ་བརྒྱད་དུ་འདོད། །ཅེས་རྣལ་འབྱོར་མ་བཞི་རྒྱུད་ལས་གསུངས་པའི་དོན་ཏོ། །དེ་ཡང་ཁྱད་པར་དུ་མིའི་འགྲོ་བའི་སྐྱེ་གནས་འཛིན་པར་
མཛད་པའི་ཚུལ་སྟོན་པ་ནི། ཡུལ་འདི་རྣམས་ཀྱི་བུ་མོ་གང་ཞེས་སྤྱི་དང་བྱེ་བྲག་ཏུ་འགྲོ་བའི་དོན་དུ་བཞུགས་པས་དངོས་གྲུབ་སྩོལ་བར་བྱེད་པའོ། །དཔའ་བོ་ཁཎྜ་ཀ་པཱ་ལ་ལ་སོགས་པ་དང་གཉིས་མེད་རྣལ་འབྱོར་མ་ཞེས་རང་བཞིན་གྱིས་བྱང་ཆུབ་སེམས་ཀྱི་ངང་ལས་ཐུགས་རྗེས་དུས་རྒྱུན་དུ་
གཟིགས་པར་མཛད་པའོ། །དེ་ཀུན་ནི་ལྷན་ཅིག་སྐྱེས་མ་རྣམས་སོ། །འདོད་པའི་ཁམས་ཀྱི་ལྷ་དང་མིའི་གཟུགས་ཅན་ཡིན་ཏེ། ཞེན་པ་མེད་ཀྱང་གཟུགས་སྒྲ་ལ་སོགས་པ་ལ་སྤྱོད་པ་ལྟར་སྣང་བ་ཡིན་ནོ། །ངོ་བོ་ཆོས་ཉིད་སྐྱེ་བ་མེད་པ་ཡེ་ཤེས་ཀྱི་སྐུ་ཡིན་ཡང་ཐུགས་བརྩེ་བ་ཆེན་པོས་འགྲོ་བའི་
དོན་ལ་འཇུག་པའི་ཕྱིར་ཡིད་ཀྱིས་འཇུག་པ་ཡིན་ཞེས་གློག་འགྱུ་བ་ལྟར་ཐོགས་པ་མེད་པ་གདུལ་བྱའི་བསམ་པའི་དབང་གིས་འཇུག་ཀྱང་། རང་བཞིན་རྣམ་པར་མི་རྟོག་པའི་དང་ལས་གཡོ་བ་མེད་ཅེས་པའི་དོན་ཏོ། །ད་ནི་སྐུའི་འཁོར་ལོ་ས་འོག་སྤྱོད་དང་། གསུང་གི་འཁོར་ལོ་ས་སྤྱོད་དང་།
เล่ม ๑๘ · หน้า 96a
ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་རྣམས་ནི་མཁའ་འགྲོ་དྲུག་གིས་ཡོངས་སུ་བསྡུས་ཤིང་རྒྱས་བཏབ་པ་ནི། རྣལ་འབྱོར་མ་དྲུག་ནི་ལཱ་མ་དང་། གཟུགས་ཅན་མ་དང་། བྱིས་བཅས་མ་དང་། ཡོངས་སུ་བསྒྱུར་མ་དང་། ཨེ་ཧི་ཀ་དང་། མི་ལྡོག་མ་རྣམས་སོ། །དེ་ཡང་བྱེ་བྲག་སོ་
སོར་བསྟན་པ་ལ། ཀུ་ལུ་ཏཱ་དེ་ཉིད་ན་ལྷ་མོ་མ་ཧཱ་བཱིརྱ་བཞུགས་པའོ། །མྱ་ངམ་ཡུལ་ན་མ་རོ་སྟེ་དེར་མ་མོ་རྣམས་ནི་དེ་ཉིད་རླུང་གི་ཕྱོགས་ཀྱི་ཙཀྲ་ཝརྨི་ནིའོ། །སིནྡྷུའི་ཡུལ་ན་དེ་ཉིད་བདེན་བྲལ་ཕྱོགས་ཀྱི་ལྷ་མོ་མ་ཧཱ་བ་ལ་སྟེ། རིགས་ཀྱི་གཙོ་མོ་ནི་ཐུགས་རྗེའི་བདག་ཉིད་ཅན། །ན་ག་རར་དེ་ཉིད་དུ་
ལྷ་མོ་ཤིན་ཏུ་དཔའ་མོ་མེའི་ཕྱོགས་སོ། །ལཱ་མ་སྟེ་ཞེས་དེ་ཉིད་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་འཁོར་ལོའི་མཚམས་མ་རྣམས་ལཱ་མ་ནགས་ཚལ་མས་བསྡུས་ཞེས་པའོ། །ལམྦཱ་ཀ་ནི་སུ་ཝརྞ་དྭཱི་པ་སྟེ། དེ་ཉིད་འཆི་བདག་གི་ཕྱོགས་ཀྱི་ལྷ་མོ་ཙཀྲ་ཝརྨི་ནིའོ། །སཽ་རཱཥྚྲ་ནི་དེར་ཆུ་བདག་ཕྱོགས་ཀྱི་
ལྷ་མོ་ཤཽཎྜི་ནཱིའོ། །རིགས་ཀྱི་ལྷ་མོ་རྣམས་ཡིན་ནོ། །ཀདྱ་ཆེ་ནི་གྲྀ་ཧ་དེ་བ་ཏ་སྟེ་དེར་ལྷ་མོ་ཁཎྜ་རོ་ཧི་མ་གནོད་སྦྱིན་ཕྱོགས་ནའོ། །འབྱུང་པོའི་གྲོང་ནི་པྲེ་ཏ་པུ་རི་སྟེ་དེར་དབང་པོའི་ཕྱོགས་ཀྱི་ལྷ་མོ་ཙཀྲ་བེ་གེ་གནས་པ་སྟེ། མཁའ་འགྲོ་གཟུགས་ཅན་མ་དུང་བཅས་ནི་སྐུ་རྡོ་རྗེའི་རིགས་ཀྱི་ཕྱོགས་ཀྱི་
ལྷ་མོ་དེ་རྣམས་རཱུ་པ་ཀ་རུ་སྟེ། གཟུགས་ཅན་མས་བསྡུས་པ་ཉིད་དོ། །ད་ནི་གསུང་རྡོ་རྗེའི་འོད་དཔག་མེད་ཀྱི་རིགས་ལས། ཧི་མཱ་ལ་ཡ་རི་བོ་ནི་འབྱུང་པོའི་ཕྱོགས་དེར་ལྷ་མོ་ཁ་ག་ན་ནེ་ཉིད་དོ། །ཀཱཉྩ་བྷ་ལི་ནི་ཀཱཉྩི་སྟེ་དེར་རིག་འཛིན་ཕྱོགས་སུ་ལྷ་མོ་ཧ་ཡ་ཀརྞེ་ཉིད་དོ། །པཉྩ་ལའི་ཡུལ་དག་ནི་
དེར་བདེན་བྲལ་ཕྱོགས་སུ་ལྷ་མོ་སུ་བྷ་དྲེ་གནས་པའོ། །ཀ་ལིངྒ་ནི་མེའི་ཕྱོགས་དེར་ལྷ་མོ་ཤྱ་མ་དེ་ཝི་གནས་པ་ལས། བརྟུལ་ཞུགས་འཛིན་པ་ཁྱིམ་ལྷ་མོ་སྟེ་སྤྱོད་པ་བླ་ན་མེད་པ་ཅན་ནོ། །གསུང་གི་ཙཀྲའི་མཚམས་མ་བཞི་ནི་ལྷ་མོ་བྱིས་བཅས་མས་བསྡུ་བར་གྱུར་པས་ཏེ་དེ་ཉིད་ཁོ་ནའོ། །ཀོ་ས་
ལ་ནི་ཡུལ་དེར་གཤིན་རྗེའི་ཕྱོགས་སུ་ལྷ་མོ་སུ་ར་བྷཀྵི་གནས་པའོ། །ཤ་ཟན་མ་ནི་སྐྱེ་བ་བདུན་པའི་ཤ་ལ་ལོངས་སྤྱོད་པར་བྱེད་པ་ཉིད་དོ། །གྲུལ་བུམ་གྲོང་ནི་ཨོཊའོ། །ཤ་ཆེན་མ་ནི་ལུས་ཡོངས་སུ་རྒྱས་པའོ། །རྡོ་རྗེ་མཁའ་འགྲོ་ནི་དེ་དག་ན་གནས་པའི་གནོད་སྦྱིན་གྱི་ཕྱོགས་ཀྱི་ལྷ་མོ་
เล่ม ๑๘ · หน้า 96b
མ་ཧཱ་བྷཻ་ར་བཱི་ཡིའོ། །སྤོམ་དབང་ཕྱུག་ནི་ཡེ་ཤེས་ལ་དབང་བསྒྱུར་བའོ། །ཀཱ་མ་རཱུ་པར་ཏེ་དེ་ནི་བརྒྱ་བྱིན་ཕྱོགས་ཀྱི་ལྷ་མོ་ཨེ་རཱ་བ་ཏིའོ། །ཏྲི་ཤ་ཀུ་ནེ་ནི་ཆུ་ལྷའི་ཕྱོགས་ཏེ་དེར་ལྷ་མོ་བཱ་ཡུ་བེ་གེ་གནས་པ་སྟེ། ཁཎྜ་རོ་ཧི་ནི་ཡོངས་བསྒྱུར་མ་སྟེ་གསུང་གི་འཁོར་ལོའི་ཕྱོགས་ཀྱི་ལྷ་མོ་དག་བསྡུས་པ་
སྟེ་འོད་དཔག་མེད་ཀྱིས་རྒྱས་གདབ་པ་ཉིད་དོ། །དེ་དག་ནི་རིམ་པ་ཅན་མ་ཡིན་པའི་སྒོ་ནས་མས་རིམ་གྱིས་བསྟན་ནས། ད་ནི་ཐུགས་ཀྱི་འཁོར་ལོའི་བསྡུ་བྱ་སྡུད་བྱེད་དུ་བསྟན་པ་སྟེ། པུལླི་ར་མ་ལ་ཡ་ནི་དེ་བཞིན་ཉིད་བརྒྱ་བྱིན་ཕྱོགས་སུ་ལྷ་མོ་པྲ་ཙཎྜིའོ། །དེ་བཞིན་དུ་ནི་ཨུ་ཌྱ་ན་དུ་ནི་ཆུ་བདག་
ཕྱོགས་ཏེ་ལྷ་མོ་པྲ་བྷ་བ་ཏཱི་ཡེ་དང་ཨ་རྦུ་ད་ནི་དེ་ཉིད་གཤིན་རྗེའི་ཕྱོགས་ཏེ་ལྷ་མོ་མ་ཧཱ་ནཱ་སེའོ། །གསེར་རིར་ནི་ཛཱ་ལནྡྷ་ར་སྟེ་གནོད་སྦྱིན་ཕྱོགས་ཀྱི་ལྷ་མོ་ཙཎྜ་ཨཀྵི་མའོ། །སྨེ་ཤ་ཅན་རིགས་སྐྱེས་ནི་ལྷ་མོ་ཨི་ཧི་ཀ་སྐྲག་བྱེད་མ་སྟེ་ཐུགས་རྡོ་རྗེའི་འཁོར་ལོའི་ཕྱོགས་མ་བཞི་པོ་བསྡུས་པའོ། །ལྷ་མོ་སྟོང་ཕྲག་
ཉི་ཤུ་བཞི་ནི་དཔའ་མོ་གཙོ་མོ་རྣམས་ལ་འཁོར་གྲངས་ཅན་དང་གྲངས་མེད་དུ་བསྐོར་བ་དུ་མ་རྣམས་སོ། །ལྷག་མ་གཞན་དག་ཇི་སྙེད་པ་ནི་ཐུགས་ཀྱི་འཁོར་ལོའི་འབྱུང་པོའི་ཕྱོགས་ཀྱི་ལྷ་མོ་དྲུ་མཙྪ་ཡེ་དང་། དེ་ཝའི་ཀོ་ཊིའི་རླུང་གི་ཕྱོགས་ཀྱི་ལྷ་མོ་ལཾ་ཀེ་ཤྭ་རཱི་མ་དང་། རཱ་མེ་ཤྭ་རཱ་བདེན་བྲལ་ཕྱོགས་ཀྱི་ལྷ་མོ་ཁརྦ་
རཱི་ཡི་དང་། གོ་དྷ་བ་རིར་མེའི་ཕྱོགས་ཀྱི་ལྷ་མོ་བཱི་ར་མ་ཏི་དང་ལྷ་མོ་དེ་རྣམས་མི་ལྡོག་མ་ཞེས་བྱ་བར་བསྡུས་པར་ཤེས་པར་བྱའོ། །དམ་ཚིག་འཁོར་ལོ་ནི་ཙུམྦི་ཀི་ཞེས་ཡི་མ་ནིས་བསྡུས་པར་ནི་དཔལ་ཛཱ་ལནྡྷ་ར་བས་བཞེད་པ། བདེ་ཆེན་གྱི་ལྷ་མོ་ནི་རྡོ་རྗེ་རྣལ་འབྱོར་མ་སྟེ་སྡུད་བྱེད་མར་གྲགས་
པའོ། །དེ་དག་ཐམས་ཅད་ཐབས་ཤེས་རབ་དབྱེར་མེད་པའི་སྡོམ་པར་བསྡུས་པ་ནི་དཔལ་ལྡན་ཧེ་རུ་ཀ་ཡིན་ཞེས་ཡབ་སྙིང་རྗེ་ཆེན་པོ་མི་འགྱུར་བ་དང་། དཔལ་རྡོ་རྗེ་རྣལ་འབྱོར་མ་ཤེས་རབ་སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་འཁོར་ལོའི་ལྷ་ཚོགས་རྣམས་བྱང་ཆུབ་སེམས་སུ་སྡོམ་པའོ། །
དཔལ་ཧེ་རུ་ཀའི་སྒྲུབ་པ་ཆེན་པོ་ནི་རྗེ་བཙུན་ཉིད་ཀྱི་དབང་བསྒྱུར་བ་སྟེ། དེའི་དཀྱིལ་འཁོར་གཙོ་མོ་ཡིན་ནི། རྣལ་འབྱོར་མའི་རྒྱུད་དུ་ཡུམ་གཙོ་ཆེ་བ་ཉིད་བྱིན་རླབས་ཕུལ་དུ་བྱུང་བ་སྙིང་པོར་བསྟན་པའོ། །ད་ནི་ཌཱ་ཀི་སོ་བདུན་པོ་ཀུན་གྱི་ཁྱད་པར་བསྟན་པ་ནི། མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས་
เล่ม ๑๘ · หน้า 97a
ཞེས་པ་གསུམ་ཀུན་དུ་སྤྱོད་པས་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་དང་རྒྱུ་བ་བཅུད་ཀྱི་འགྲོ་བ་མ་ལུས་པ་ལ་ཁྱབ་པར་མཛད་པའོ། །ཌཱ་ཀི་འདིའི་དམ་ཚིག་གི་དཀྱིལ་འཁོར་དུ་སྤྲུལ་པའི་དཀྱིལ་འཁོར་བསྒོམ་པ་ཉིད་ཡིན་ན་ཡང་ལུས་ཀྱི་དཀྱིལ་འཁོར་ལོའོ། །བསམ་གཏན་ནི་བྱང་
ཆུབ་ཕྱོགས་ཀྱི་དཀྱིལ་འཁོར་ཉིད་དོ། །ལ་སོགས་གང་ཅི་ཡང་རུང་ནི་ལས་དངོས་གྲུབ་ལས། ལས་ཚོགས་རབ་འབྱམས་རྒྱ་མཚོ་ལ་མངའ་བརྙེས་པར་སྤྱོད་པའོ། །རྣལ་འབྱོར་བས་ས་སྟེང་ན་ནི་སྤྱོད་པ་རྫོགས་ནི་ལམ་མཐར་ཕྱིན་པས་རྡོ་རྗེ་འཆང་ཚེ་འདིར་འཐོབ་པའོ། །བསམ་གཏན་གྱིས་
སྦྱོར་བས་གྲུབ་པ་ནི་སྔགས་པས་དུས་རྟག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་གསང་བའི་སྤྱོད་པ་བྱ་བ་མཚན་མོ་ནམ་མཁའི་གོས་ཅན་ནི་ཤྲཱི་ཧེ་རུ་ཀ་དང་རྣལ་འབྱོར་མར་རོ། །སྐྱེས་པའམ་ནི་རྡོ་རྗེ་འཛིན་པའོ། །གཡོན་པ་ནི་ལྷ་མོ་བཅུ་གཉིས་ཏེ། ཀུན་ནི་དཀྱིལ་འཁོར་ཡོངས་རྫོགས་སོ། །
རྣལ་འབྱོར་མ་ནི་རིགས་བདུན་ནོ། །དཔའ་བོ་གཉིས་ནི་ཐབས་ཤེས་རབ་གཉིས་མེད་བདེ་བ་ཆེན་པོ་གྲུབ་པའོ། །གཞུང་བསྡུ་བ་ནི་རིགས་ལྡན་མཆོད་པས་ཡེ་ཤེས་གྲུབ་པར་ཁྱད་པར་ཐོབ་པའོ། །ལེའུའི་མཚན་ནི་ཡི་གེ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་དགོད་པའི་ཆོ་ག་ནི། རྒྱུད་འདིའི་བརྗོད་བྱ་གསང་
ཆེན་གྱི་དགོངས་པ་ཐུན་མོང་མ་ཡིན་པའི་སྙིང་པོ་ཕྱི་ནང་གི་རིགས་ལྡན་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་གདམས་པ་སྟེ་ལེའུ་བཞི་བཅུ་ཞེ་གཅིག་པའི་རྣམ་པར་བཤད་པའོ།། །།ཆོས་རྣམས་སྒྱུ་མའི་སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་རིག་པ་ཆེན་པོའི་སྐྱེས་བུ་རྒྱུ་དང་འབྲས་བུ་དག །ཡོངས་སུ་དག་པ་
ཀུན་དུ་བསྒྱུར་བ་ཧེ་རུ་ཀ་ཡི་བརྟུལ་ཞུགས་མཆོག་གནས་དབང་ཕྱུག་བརྒྱད་ལྡན་གསང་བ་ཉིད། །ཕྱག་རྒྱ་དྲུག་གིས་རབ་སྤྲས་སྔགས་ཀྱིས་བརྒྱན་པའི་ལུས་ནི་ཡི་གེ་གདེངས་ཅན་ལས་ནི་དག་པར་བྱ། །དེ་ལ་འདིར་ནི་གསང་བ་བླ་ན་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་བསྒྲུབ་པར་བྱ་བ་སྟེ། ལེའུ་སུམ་
ཅུ་རྩ་དགུ་པའི་གྲུབ་པ་ཉེ་བའི་ལྟས་བརྟག་པའི་ཐབས་རྒྱས་པར་བཤད་ཅིང་དོན་ངེས་པར་བསྟན་པའི་ཕྱིར། དེ་ནས་ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོས་ཞེས་པ་རྣལ་འབྱོར་པ་ལྷའི་བསམ་གཏན་དང་ལྡན་པས་གནས་ཤིན་ཏུ་དབེན་པར་ལོངས་སྤྱོད་ཐབས་ཤེས་རབ་ཀྱི་རྫས་དང་ལྡན་པས་
เล่ม ๑๘ · หน้า 97b
ཤེས་རབ་ཕུན་སུམ་ཚོགས་པ་ནི། བདེ་གཤེགས་ཀུན་གྱི་ཕོ་བྲང་མཆོག །ཆོས་འབྱུང་པདྨ་འདི་སྤངས་ནས། །སྐྱེ་དང་བཞུགས་གནས་ཡོད་མ་ཡིན། །ཞེས་པས་སོ། །མཚན་མོ་རྟག་ཏུ་རོ་མཆོག་སྤྱོད་པ་ནི་སྟོབས་དང་མྱོས་བྱེད་ཤ་ལྔ་བདུད་རྩི་ལྔ་བསྟེན་པའོ། །ཡང་ན་ཉམས་སུ་མྱོང་བ་བདེ་
བའི་ཟས་ལ་སྤྱོད་པའོ། །ལུས་ངག་ཡིད་ཀྱི་སྒོ་དག་པར་བྱ་བ་ཆོས་ཉིད་རྣམ་པར་དག་པས་སྤྱོད་པ་སྔོན་དུ་འགྲོ་བས་སྔགས་གསུམ་དག་བྱ་འདི་ཉིད་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་གོ་ཆ་གསུམ་བགོ་བ་ཉིད་ལས་ཚོགས་རྫས་བྱིན་གྱིས་བརླབ་པར་ཡང་འབྲེལ་བ། གསུམ་གྱིས་རྒྱས་བཏབ་
གཉིས་ལྡན་གང་། །ཟུང་འཇུག་དོན་དུ་གྲོལ་བར་འགྱུར། །མྱོང་བའི་དོན་ནི་གང་ཡིན་པ། །དབེན་པའི་ཚུལ་དུ་བསྒོམ་པར་བྱའོ། །དེར་འདོད་པའི་ཡོན་ཏན་གཟུགས་ལ་བལྟ་བ་ལ་སོགས་པས་བདུད་རྩི་ཆུའི་རྣམ་པ་ལྟ་བུའི་བདེ་བ་མྱུར་དུ་ཐོབ་པར་འགྱུར་བ་སྟེ། ལུས་ཟུངས་འཕེལ་ཞིང་བདེ་
བ་བརྟན་པར་བྱ་བ་ལ་བསླབ་པའོ། །རིམ་གྱིས་པ་གཟུགས་སྒྲ་ནས་རེག་བྱ་དང་གི་བར་དུ་བརྟེན་པ་ལྷན་ཅིག་ཏུ་གནས་པར་བྱ་བ་གཙོ་མོ་ཆེ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྐུ་དང་དཔལ་ཧེ་རུ་ཀར་གསལ་བའོ། །དེ་ཉིད་རབ་ཏུ་སྤྱོད་ཤེས་ནས། །རྣལ་འབྱོར་ཡེ་ཤེས་ཚོགས་ལ་འཇུག །ཏིང་
འཛིན་གསལ་ལྡན་ཡུན་ཐུང་ཡང་། །ཐུན་བཞི་དག་དང་རྒྱས་པར་རོ། །བདེན་པས་ཚངས་པར་སྤྱོད་པར་གནས་པ་སྟེ་ལྷ་སྐུ་མཁའ་གསང་བྱིན་རླབས་དང་། བསམ་གཏན་གྱི་འཁྲུལ་འཁོར་དང་ཐབས་ཤེས་རབ་ཁྱད་པར་ཅན་ཏེ་ཚུལ་བཞིན་མ་ཡིན་པས་མི་དགོས་ཏེ། སྙིང་རྗེ་བྱང་སེམས་ལྡན་
པ་ལ། །བཀག་པ་རྣམས་ཀྱང་དེ་ལ་གནང་། །རྣལ་འབྱོར་ཀུན་གྱིས་ལོངས་སྤྱོད་ཀྱི། །ཇི་ལྟར་བདེ་བ་སྟེན་བྱེད་ཅིང་། །རང་གིས་ལྷག་པའི་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་མཆོད་པར་བྱ། །བལྟ་བ་དང་ནི་དགོད་པ་དང་། །འཁྱུད་པ་བསྒྲུབ་པ་སྙོམས་འཇུག་པ། །དེ་ནས་དཔའ་བོས་
མེ་ཏོག་ཆུ། །འཐུངས་ནས་ཞེས་པ་ཡི་དོན་ལ། །ལྷ་སྦྱིན་གྱིས་ནི་བལྟ་བྱས་ལ། །ཀླུ་ཡི་སྒོ་བཞི་དབྱེ་བར་བྱ། །གཞུང་རྒྱས་ཀྱིས་ནི་འདོད་པ་གཟུང་། རྩངས་པ་མཆོག་རྩ་བཙལ་བ་སྟེ། །རུས་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། །འགོག་པར་བྱེད་ཅིང་དབུགས་དབྱུང་དང་། །སྐེ་
เล่ม ๑๘ · หน้า 98a
རགས་ཧིག་གིས་གནས་སུ་བསྐྱལ། །སྔགས་ནི་རྗེས་དྲན་བྱ་ནི་ཧ་ཧ་ཧེ་ཧེ་ཧྲི་ཧྲི་ཧྲི་ཧྲིཾ་ཧི་ཧི་ཧུ་ཧུ་ཧཱུཾ་ཧཱུཾ་ཧཾ་ཧ་ཞེས་པས། གཟུང་ཞིང་བསྐྱིལ། དྲང་ཞིང་བཟློག་སྤེལ་དང་ཁྱབ་པར་བྱ་བ། ནད་དབྱུང་ཞིང་ཡེ་ཤེས་ཆེན་པོར་འཆར་བ་རྟོགས་པར་བྱ་བ་སྟེ། དམ་པའི་དབུགས་གཉིས་རབ་
ཕྱུང་སྟེ། །ཆགས་པ་ཆེན་པོའི་སྙོམས་འཇུག་གིས། །རབ་ཏུ་སྦྱར་ཞིང་བསྲུབས་པ་ལས། །ནོར་བུའི་མགྲིན་དང་རྩེར་ཁྱབ་པ། །གཉིས་འདས་ནས་ནི་གཉིས་མཉམ་སྟེ། །ལྷག་མ་འདས་ནས་དགའ་བྲལ་ལོ། །དགའ་བ་འཛིན་པ་དང་བཅས་པ། །མཆོག་དགའ་དེ་ལས་ལྷག་གྱུར་ཉིད། །
རྣམ་མེད་གཟུང་འཛིན་རྟོག་པ་དག །ལྷན་ཅིག་སྐྱེས་པ་གསུམ་མི་དམིགས། །བཟློག་པས་ཡོན་ཏན་དེར་ཤེས་བྱ། །བྲལ་ལ་བཏང་སྙོམས་གསུམ་མི་དམིགས། །དབང་པོ་སྒོ་ཡི་ཉི་ཤར་བ། །འདི་ནི་བློ་སྤངས་ཆོས་ཀྱི་དབྱིངས། །འཐུངས་དང་རྡོ་རྗེ་ཆུ་འཐུངས་ནི། །ངང་པས་བདུད་རྩི་ལེན་
པ་ལྟར་རོ། །དེ་བཞིན་སྦྱིན་པ་ནི་རང་ལུས་ཀྱི་གནས་དང་ཉེ་བའི་གནས་སུ་ཁྱབ་པར་བྱའོ། །འཁོར་ལོ་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོར་རོ། །སུམ་འགྱུར་ནི་རྩ་རོ་མ་རྐྱང་མ་ཀུན་འདར་མས་དཀྲིས་པ་ལྗོན་ཤིང་ལ་འཁྲིལ་བ་ལྟར་དེ་བཞིན་དུ་ནི་རླུང་གི་འབྱུང་འཇུག་གནས་པ་ལ་སྦྱངས་པའི་ནུས་པ་ཐིག་ལེ་
ལ་དབང་ཐོབ་པར་འགྱུར་བའོ། །བཞད་པའི་ཕྱག་རྒྱ་ནི་སྔགས་ཀྱི་སྦྱོར་བ་རླུང་དབུ་མ་ནས་ཐབས་ཤེས་རབ་ཀྱི་རྩ་དྷཱུ་ཏཱིར་ཚུད་པའོ། །བསྒྲུབ་བྱ་བ་ནི་བདེ་བ་གོང་ནས་གོང་དུ་སྤེལ་བའོ། །ཐོག་མར་དགའ་བ། ཐ་མར་དགའ་བྲལ། བཞད་པའི་ཕྱག་རྒྱ་ཡིན་ནི་སྐད་ཅིག་མ་བཞི་ལམ་དུ་སློང་བ་ནི།
འདིར་འབབ་པ་ཡི་ཡེ་ཤེས་ནི། །རྡོ་རྗེ་འཆང་ཆེན་ཉིད་ཡིན་ཏེ། །ཐོག་མཐར་དབུས་རབ་ཞི་བ་ཆེ། །སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །ཨེ་ཝཾ་སྦྱོར་བ་ཐབས་གསང་བ། །བདེ་བ་རྡོ་རྗེ་ཅན་གྱི་གནས། །དགའ་བ་རྣམ་པ་སྣ་ཚོགས་ཉིད། །མཆོག་དགའ་རྣམ་པར་སྨིན་པ་སྟེ། །
བྲལ་བ་རྣམ་པར་ཉེད་ཅེས་བྱ། །མཚན་ཉིད་བྲལ་བ་ལྷན་ཅིག་སྐྱེས། །ཡེ་ཤེས་རྡོ་རྗེ་དེ་ན་བཞུགས། །བལྟ་བའི་བསྙེམས་པ་ནི་ལྟ་སྟངས་གྱེན་དུ་བཟློག་པ་ཁྲོ་བོའི་ཚུལ་ལས་གྲགས་ལྡན་པ་སྔགས་ང་རོ་ཅན་ནོ། །མཚན་མོའམ་ནི་རྟོག་པ་འགག་པའི་དུས། །དེ་བཞིན་ཉིན་མོ་ནི་སྣང་
เล่ม ๑๘ · หน้า 98b
བ་ཡུལ་ལ་སྤྱོད་པ་སྟེ། འདིས་ནི་བཞད་པ་དག་ཏུ་ནི་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཉམས་དེས་སྣང་གྲགས་ལ་རྒྱས་གདབ་པར་བྱ་བ་སྟེ། རྒྱུ་ལ་འབྲས་བུས་རྒྱས་བཏབ་པས། །རིག་བྱེད་མཐའ་ཡི་འདོད་པ་བཀག །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །གསང་བར་སྨྲ་བའི་འདོད་པ་
བཀག །གཉིས་ལ་གཉིས་མེད་རྒྱས་གདབ་པས། །ལ་བ་ཅན་གྱི་འདོད་པ་བཀག །རྣལ་འབྱོར་སྤྱོད་དང་དབུ་མ་དང་། །དབུ་མ་ཆེན་པོ་ལ་སོགས་པ། །རབ་ཏུ་མི་གནས་པས་བཀག་ཅེས། །འདི་ནི་བདེ་བ་ཆེན་པོ་སྟེ། །ཤེས་རབ་བཅུ་དྲུག་ཐིག་ལེ་ཅན། །དང་པོ་བརྒྱད་དང་བཞི་
ལས་ཀྱང་། །འཇིག་ཚོགས་འཁོར་བ་དག་པ་ཡི། །དུས་ཀྱི་ཤུགས་ཀྱིས་སྤྲོས་པའོ། །གཟུགས་ཀྱི་གསང་བ་ཕྱག་རྒྱ་བཞི་ལམ་དུ་བྱེད་ལ། ལས་ཀྱི་གསང་བ་ནི་འདོད་ཡོན་ལྔ་ལམ་དུ་བྱ་བས་བར་མི་མངོན་པར་གྱུར་པ་ཉིད་དོ། །ཇི་ལྟར་གནས་པ་ཀུན་རྫོབ་ཀུན་ད་བྱང་སེམས་ལ་དོན་
དམ་པ་བདེ་སྟོང་གཉིས་མེད་དུའོ། །དཔའ་བོ་ཉོན་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་གདམས་པའོ། །གང་ཟག་དེ་ཡང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཉིད་དེ། །རྟག་ཏུ་དེ་ཡི་མཆི་མ་འབྱུང་། །དད་པས་དེ་ཡི་སྤུ་ཡང་ལྡང་། །ཞེས་ལྷག་པར་བྱམས་པ་དང་བྱང་ཆུབ་སེམས་ཁྱད་པར་གྱུར་
པའོ། །རང་ལས་བྱུང་བའི་ཟས་དེ་བཞིན། །ཞེས་པ་ཁམས་གོང་ནས་གོང་དུ་འཕེལ་བས་ལུས་ཟག་མེད་བདེ་བ། སེམས་བདེ་སྟོང་མཆོག་གིས་རྒྱས་པར་འགྱུར་བའོ། །རྡོ་རྗེ་ལས་ནི་འགོང་མི་བྱེད་ནི་དགའ་བྲལ་ལ་མི་གནས་པར་ལྷན་སྐྱེས་ཉིད་མཉམ་རྗེས་གཉིས་མེད་དུ་བྱ་བའོ། །
འདོད་ཆགས་ཉིད་བྲལ་གནོད་པ་མེད། །ཐུན་བརྒྱད་པ་ལ་ཕྱེད་དབྲི་ཞིང་། །བཅུ་ཆ་རྣམ་པ་བཅུ་དྲུག་སྟེ། །ཆུ་ཚོད་དག་དང་དབྱུག་གུར་སྣང་། །ལུས་ཀྱི་རྩེ་མོ་རྡོ་རྗེ་ཆུར། །བཅུག་ནས་ངག་རྩེར་བདུད་རྩི་གཞག །ཡིད་ཀྱི་རྩེ་མོར་ཡེ་ཤེས་སྦྱིན། །ཀུན་གྱི་རྩེ་མོར་བསམ་མི་ཁྱབ། །དེ་བཞིན་
ཕྱོགས་གོས་གྱུར་པས་མཆོད་པ་ནི། །བདེ་སྟོང་ཡེ་ཤེས་ཀྱི་ཁྱད་པར་སྟོན་ཏེ། །རྗེ་བཙུན་བྲམ་ཟེ་ས་ར་ཧ་པས། སྟེང་དང་འོག་ཏུ་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོས་ངེས་བལྟས་འཁྲུལ་བ་ཆད། །ད་ནི་སུ་ལའང་འདྲི་བར་མི་བྱའོ། །ཞེས་པའི་དོན་ཏོ། །
เล่ม ๑๘ · หน้า 99a
གཡོན་པའི་དབང་ཕྱུག་ཐམས་ཅད་ཀྱི། །ཞེས་ཤེས་རབ་སྟོང་ཉིད་སྙིང་རྗེ་དང་འདུ་འབྲལ་མེད་པ་དཔལ་རྡོ་རྗེ་རྣལ་འབྱོར་མ་དཔལ་ཧེ་རུ་ཀ་དང་ཡབ་ཡུམ་བདེ་ཆེན་དུ་སྡོམ་པ་ལས་དཀྱིལ་འཁོར་དུ་མའི་འབྱུང་གནས་སུ་གྱུར་པ་སྙིང་པོ་གསང་བ་མི་འགྱུར་བའོ། །འདི་ནི་ཕྱག་
རྒྱའི་ཚོགས་ནི་བཞི་ལྡན་ཏེ། ལས་ཀྱི་ཕྱག་རྒྱ་རིགས་ལྡན་གསང་བའོ། །ཆོས་ནི་ལུས་སེམས་བདེ་སྟོང་ངོ་། །རྒྱལ་ཆེན་ནི་ཞི་གནས་ལྷག་མཐོང་དབྱེར་མེད་དོ། །དམ་ཚིག་ཕྱག་རྒྱ་ནི་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་ཐ་མལ་པའི་རྟོག་པ་དག་པས་རིམ་པ་ནི་བཞི་ལྡན་ཉམས་སུ་བླངས་པའོ། །ལས་
ཀྱི་ཕྱག་རྒྱ་ལ་བརྟེན་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེ་ཉིད་བདེ་སྟོང་ཕྱག་རྒྱ་ཆེ། །མི་འགྱུར་དམ་ཚིག་ཕྱག་རྒྱའོ། །རྒྱུད་རིམ་རྩ་དང་ཡི་གེ་རླུང་། །གསང་བ་ཙཎྜ་ལཱི་སྦར་བསྔགས། །ཡེ་ཤེས་འབྱུང་བ་རྡོ་རྗེ་དབྱིངས། །གསང་བ་སྐུ་བཞི་རབ་རྫོགས་འགྱུར། །ཞེས་པའི་དོན་ཏོ། །དེ་ལ་
ལྷག་པའི་ལྷས་རྗེས་སུ་འཛིན་པར་འགྱུར་བ་ནི། རྣལ་འབྱོར་པས་གར་གྱི་རོས་སད་པ་བསྟན་པ་ལ། དབུགས་འབྱིན་ནི་ཞི་བ་སྙིང་རྗེ་སྡུད་དང་ནི་ཚམ་རྔམ་ཅན་དབང་དུ་བྱེད་པ། དགོད་པ་ནི་ཧ་ཧ་ཞེས་བཞད་པ། སྒེག་དང་ནི་ཐབས་ཤེས་རབ་གཉིས་མེད་དུ་རོལ་པ་དཔའ་བ་ནི་རབ་དྲེགས་གཙིགས་པ་
ཅན་གྱི་རྣམ་པར་འགྱུར་བ། ངོ་མཚར་ནི་བདེ་སྟོང་སྤྲོས་མེད་རོ་གཅིག་གིས་རྒྱུད་རྒྱས་པའོ། །དགའ་བ་བཞི་ལས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་པོར་བྱས་ནས་ནི་ཞེས་དགའ་བའི་ཡེ་ཤེས་བདེ་བ་བསྒྲུབ་པའི་དོན་ལས་གལ་ཏེ་སྟོང་ཉམས་ལ་འབྱམས་པ་ལ། ཕྱག་རྒྱ་ནི་རུས་པའི་རྒྱན་
ནོ། །སྔགས་ནི་རྒྱན་བྱིན་གྱིས་རློབ་པས་སྔགས་ཉིད་རྒྱན་དུ་བྱས་པའོ། །རྗེས་དྲན་བྱ་བ་ནི་ལྷ་དང་བླ་མ་ལ་མོས་གུས་སོ། །དབང་ཕྱུག་བརྒྱད་ཀྱི་རྒྱུ་མཐུན་གྱི་ཉམས་བརྟན་པར་བྱ་བ་ལ། །ཧ་ཧ་ཧེ་ཧེ་རྣམ་པ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་ཐོབ་པའི་གསང་བ་བླ་ན་མེད་པ་མཆོག་གི་དོན་ཏོ། །
ལྷག་པའི་ལྷའི་དཀྱིལ་འཁོར་པས་བྱིན་གྱིས་བརླབ་པ་ལ། ཧ་ཧའི་རྣམ་པས་ཉེས་པར་བརྟག །ཅེས་སྔགས་ཀྱི་བྱེད་པས་སྐུ་གསུང་ཐུགས་ཀྱི་ཉམས་ལའོ། །དུ་བར་བྱེད་པས་ནི་འགྲོ་བ་སྡུག་བསྔལ་ཐམས་ཅད་མཐོང་བས་སོ། །རྟག་ཏུ་བསྔགས་ནི་བྱང་ཆུབ་སེམས་དང་ལྡན་པས་མཆོད་པ་
เล่ม ๑๘ · หน้า 99b
དང་བསྟོད་པར་བྱ་བའོ། །ལྷག་པའི་ལྷ་དང་རིགས་ལྡན་ལས་དངོས་གྲུབ་ཇི་ལྟར་འཐོབ་པར་བྱ་བ་ཡང་དགོད་དང་ནི་གཟུགས་དང་སྒྲའི་བྱེད་པ། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ལས་བདེ་བ་ཉམས་སུ་མྱོང་བས་དཔའ་མཆོག་དགའ་ཞེས་རྣམ་པར་སྨིན་པའི་དགའ་བ་ཅན་ལས། དེ་ཉིད་ཀྱི་དེ་ལྷན་
ཅིག་སྐྱེས་པའི་དགའ་བར་འགྱུར་ཞིང་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་འཆར་བའི་རྗེས་ཐོབ་དགའ་བྲལ་ཉིད་དོ། །གཞན་ཕན་ཕྱིར་ནི་ལས་རྣམས་གང་། །སྙིང་རྗེ་ཅན་གྱིས་གང་བྱས་རྣམས། །དེ་ཀུན་བསོད་ནམས་ཕུང་པོ་ཞེས། །འགྲོ་བའི་བསམ་པ་རྫོགས་མཛད་གསུངས། །འདི་ཉིད་
ཀྱི་དོན་བསྡུས་པ་བསྟན་པ་ནི། །སྔགས་དང་ནི་ཨཱ་ལི་ཀཱ་ལི་རྩ་བ་དང་སྙིང་པོ་སོགས་སོ། །ཕྱག་རྒྱ་ནི་ཡེ་ཤེས་ཀྱི་རིགས་དང་ལྡན་པ་མ་ལ་སོགས་པའི་བྱེ་བྲག་གོ། །།ལེགས་པར་སྦྱོར་བ་ནི་ཐབས་ཤེས་རབ་ལ། འཇིག་རྟེན་པའི་དགའ་བ་གསུམ་ཞི་གནས་ལས། ལྷན་ཅིག་སྐྱེས་པའི་དགའ་
བ་ལྷག་མཐོང་འཇིག་རྟེན་ལས་འདས་པ་ཉིད་ཀྱི་བར་ཆད་མེད་པའི་ལམ་མོ། གཙོ་བོ་རྣམས་ནི་རིགས་ལྔ་ཧེ་རུ་ཀ་ཡང་ན་གཙོ་མོ་རྣམས་ནི་རིགས་བདུན་གྱི་ཁྱད་པར་དུ་གྱུར་པ་དཔའ་བོ་ཞེས་ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཀྱིལ་འཁོར་མཐོང་བ་ནི། ལུས་ཀྱི་བ་སྤུ་ལྡང་ཞིང་བདེ་བ་རྒྱས་པའི་
ཉམས་ལྷན་ཅིག་འབྱུང་བ་ཏིང་ངེ་འཛིན་འགྲིབ་པ་མེད་པ་འཆར་བའོ། །རྡོ་རྗེ་འགོང་བར་མི་བྱ་བ་ནི་ཡེ་ཤེས་སྒྲིབ་པ་ཐམས་ཅད་དག་པའི་དོན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མི་འདའ་བ་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བོ། །གཡོན་པས་ཡོངས་སུ་བརྟག་པ་ནི་ལུས་སེམས་རབ་ཏུ་དངས་
པར་འགྱུར་བས་བདེ་བ་དང་སྟོང་པ་ཟུང་འཇུག་ཐོབ་པའི་དོན་ཏོ། །དེ་ལ་འདི་ནི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཏེ། སྐུར་གནས་ཡེ་ཤེས་འདིར་རིགས་པས། །དེ་བས་སྐུ་ནི་ཀུན་མཁྱེན་ཡིན། །སྐུ་ལས་ཐ་དད་ཐ་དད་མིན། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །སྐུ་ལ་ཡང་དག་ལྡན་
ཞེ་ན། །མྱ་ངན་འདས་ན་དེ་ཡང་འཇིག །སྐུ་ནི་འཇིག་པའི་ཆོས་ཅན་པས། །ཡེ་ཤེས་ཀྱང་ནི་འཇིག་པར་འགྱུར། །དེ་བས་སངས་རྒྱས་ཡེ་ཤེས་སྐུ། །འཇིག་པར་རིགས་པ་མ་ཡིན་ནོ། །ཡེ་ཤེས་ལུས་ལ་གནས་གྱུར་ན། །སྐུ་མེད་པས་ན་ཀུན་མཁྱེན་མིན། །རྟེན་འབྲེལ་ལས་བྱུང་ཡེ་ཤེས་
เล่ม ๑๘ · หน้า 100a
དེ། །དེ་བས་འཇིག་པ་ཉིད་དུ་འགྱུར། །རྟོག་མེད་ཡེ་ཤེས་སྐུ་རྣམས་ནི། །ཐམས་ཅད་མཁྱེན་པ་ཉིད་མི་རིགས། །དེ་ལས་སངས་རྒྱས་སྐུ་དག་ནི། །ཐམས་ཅད་མཁྱེན་པར་བྱ་བ་ཡིན། །ཡེ་ཤེས་ལས་གཞན་ཕྱོགས་ལ་ཡང་། །སངས་རྒྱས་སྐུར་ནི་ཇི་ལྟར་འགྱུར། །འདི་
ལྟར་སངས་རྒྱས་གཟུགས་བརྙན་དུ། །དེ་ལྟར་རྣལ་འབྱོར་སྨྲ་བར་རིགས། །སངས་རྒྱས་ཡེ་ཤེས་ལྷུན་གྲུབ་པས། །དེ་བས་མི་རྟོག་པར་གནས་ཏེ། །བསམ་པའི་བྱེད་པ་ཡོད་མིན་ཏེ། །སེམས་མེད་གྱུར་པ་མ་ཡིན་ནོ། །ལེའུའི་མཚན་ནི་མཁའ་འགྲོ་མའི་གཟུགས་ཀྱི་དགོད་པའི་ཆོ་
གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལ་འདིར་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོའི་འཁྲུལ་འཁོར་ཕྲིན་ལས་དང་བཅས་པ་བསྟན་པ་ནི། དེ་ནས་བལྟ་བ་བཤད་བྱ་སྟེ། །ཞེས་ལྷའི་སྐུ་དང་ཡེ་ཤེས་ཀྱི་དོན་ལ་རྣམ་པར་དམིགས་པའོ། །དཔའ་
བོ་དང་ནི་གཉིས་མེད་ནི་དཔལ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་བ་དང་། ཡུམ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་པ་དང་བདེ་ཆེན་དུ་སྦྱོར་བས་སོ། །འཁོར་གྱི་ལྷ་མོའི་གནས་ཀྱི་དབྱེ་བ་ནི། རྩིབས་དྲུག་པའི་འཁོར་ལོ་ལ་རྡོ་རྗེ་ཌཱ་ཀི་མ་དང་། རྡོ་རྗེ་དྲག་མོ་དང་། རྡོ་རྗེ་ཉི་མ། རྡོ་རྗེ་གཏུམ་པ་མ། རྡོ་རྗེ་འཇིགས་པ་མ།
རྡོ་རྗེ་ཁྲག་འཐུང་མ་རྣམས་སོ། །ཆོ་ག་ཤེས་ནི་ཡན་ལག་དྲུག་ལྡན་དུ་རྫོགས་པར་བྱེད་པ་ལས། སྒོམ་ལ་རྟག་ཏུ་མངོན་དགའ་བ་ནི་མཉམ་རྗེས་ལ་ཡང་རྫོགས་པའི་རིམ་པ་བདེ་ཆེན་ལམ་དུ་བྱ་བའོ། །འདིའི་དོན་ནི། །སྒྲུབ་པོས་དང་པོར་འཚམ་པའི་གནས། །དུར་ཁྲོད་
སོགས་པར་སྦྱར་བར་བྱ། །ཉམས་དགའི་ཕྱོགས་སུ་ཡེ་ཤེས་ཀྱི། །བདུད་རྩི་ལེགས་པར་བྱུགས་པ་ལ། །ལེགས་འབྲས་དང་མཚུངས་མེ་ཏོག་དགྲམ། །དེ་ནས་ཕྱག་རྒྱའི་གནས་འདུག་སྟེ། །སྒྲུབ་པོས་དང་བོར་རང་སྙིང་གར། །གསལ་པར་གྱུར་པའི་ཉི་མ་ལ། །ཧཱུཾ་བཀོད་འོད་ཟེར་གསལ་སྣང་
ལས། །སྔོན་གྲུབ་པ་ཡིས་བདེ་གཤེགས་དང་། །ལྷ་མོ་ཁྲོ་བོ་ཌཱ་ཀི་མ། །སེམས་དཔའ་ཆེ་དང་བླ་མ་རྣམས། །ནམ་མཁར་ཏིལ་གྱིས་གང་ལྟར་དམིགས། །རང་གི་ཡི་གེ་ས་བོན་ལས། །སྤྲོས་ཏེ་ཁྲོ་ཚོགས་མཁའ་འགྲོ་མ། །རིགས་དྲུག་འགྲོ་བ་ཐམས་ཅད་ཀྱང་། །བདེ་གཤེགས་
เล่ม ๑๘ · หน้า 100b
གནས་སུ་དགོད་པར་བྱ། །དེ་ནས་བདུན་པོ་རྣམ་དག་ཉིད། །བྱང་ཆུབ་སེམས་མཆོག་བརྟན་བྱེད་ལ། །སྔགས་ཀྱི་ལུས་སུ་གྱུར་པ་ཡིས། །འདི་སྐད་སྨོན་ལམ་གདབ་པར་བྱ། །ཧེ་རུ་ཀ་དཔལ་བདག་གྱུར་ན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཧེ་རུ་ཀ་དཔལ་གོ་འཕང་མཆོག །ཐོབ་ནས་སེམས་
ཅན་མ་ལུས་པ། །འདི་ལ་འཇོག་ཅིང་འགོད་པར་ཤོག །དེ་ནས་ཚངས་པའི་གནས་བཞི་ནི། །ཚད་མེད་སེམས་ཅན་ཀུན་དམིགས་བསྒོམ། །དེ་ནས་ཕུང་པོ་སྐྱེ་མཆེད་རྣམས། །ཁམས་ཀྱི་རྣམ་པར་དག་པ་རྣམས། །ཨོཾ་སོགས་སྔགས་ཀྱིས་གསལ་བར་བལྟ། །རང་གི་སྙིང་གའི་འོད་ཟེར་
ལས། །མདུན་དུ་སྤྲུལ་ལས་ས་གཞི་ཀུན། །དྲ་བ་བླ་རེ་མདའ་དྲ་བ། །རྡོ་རྗེ་ལས་བྱུང་ཐམས་ཅད་ནི། །ཤར་བཛྲ་སྔགས་ཀྱིས་གྲུབ། །དེ་རྗེས་སྨིག་རྒྱུ་ལྟ་བུ་ཡི། །རང་སེམས་གཟུང་འཛིན་བྲལ་བའི་སྔགས། །སྭ་བྷཱ་དག་པ་གསང་བའི་དང་། །ཤྱཱུ་ནྱ་ཏཱ་ཡི་སྔགས་བརྗོད་དེ། །དེ་ནས་ཡཾ་སོགས་
གྱུར་པ་ལས། །རླུང་སོགས་བ་དན་སོགས་མཚན་རྫོགས། །རི་རྒྱལ་རིན་ཆེན་བཞི་རང་བཞིན། །བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ཁང་། །དཀྱིལ་འཁོར་ཕོ་བྲང་ལྟེ་བ་ལ། །ཡི་གེ་ཧཱུཾ་ལས་ཡང་དག་བྱུང་། །རྡོ་རྗེ་མཁའ་འགྲོ་བདེ་བ་མཆོག །ཞལ་སྤྱན་གསུམ་པ་ཕྱག་དྲུག་ལྡན། །མཚན་
རྣམས་ཐམས་ཅད་ཀྱིས་མཚན་ཅིང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །ཨཱ་ལི་ཀཱ་ལི་ལས་བྱུང་གཙོ། །རྡོ་རྗེ་རྣལ་འབྱོར་མ་མཉམ་སྦྱོར། །སྟོང་ཉིད་ཐུགས་རྗེས་ཁྱབ་པ་སྟེ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །ན་རའི་པགས་པ་གོས་སུ་མནབས། །ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། །གཉིས་
པའི་ཕྱག་གཡས་མདུང་རྩེ་གསུམ། །འདོད་པའི་འབྲས་བུ་ཐམས་ཅད་སྩོལ། །ཐོད་པའི་ཕྲེང་ལྡན་དབུ་རྒྱན་ཅན། །སྣ་ཚོགས་རྡོ་རྗེ་རལ་པ་བཅིངས། །ཟླ་ཕྱེད་ནོར་བུ་གཙུག་ཏོར་འཛིན། །ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། །དུས་མཚན་འཇིགས་བྱེད་བཅས་པ་དག །གཡས་བརྐྱང་པ་ཡི་
ཞབས་ཀྱིས་མནན། །སྣ་ཚོགས་པདྨ་ཉི་དབུས་བཞུགས། །འཁོར་ལོ་དྲུག་གི་དབུས་སུ་འགྱིང་། །རྣལ་འབྱོར་མ་དྲུག་མཉམ་པར་སྦྱོར། །མྱུར་དུ་དངོས་གྲུབ་གསོལ་བྱེད་ཡིན། །དང་པོར་ཁྲག་འཐུང་ལྷ་མོ་སྟེ། །གཉིས་པ་རྡོ་རྗེ་འཇིགས་མ་ཉིད། །གསུམ་པར་དྲག་གཏུམ་མ་ཡིན་ཏེ། །ཞི་བར་རྡོ་རྗེ་
เล่ม ๑๘ · หน้า 101a
སྣང་བྱེད་མ། །ལྔ་པ་རྡོ་རྗེ་དྲག་འབར་མ། །དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །གཡོན་གྱི་ཕྱོགས་ནས་དགོད་པར་བྱ། །ལྷ་མོ་དེ་དག་ཆེར་གཏུམ་ཞིང་། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །ཕྱོགས་ཀྱི་གོས་མཆོག་འཛིན་པ་ཡིན། །ཐམས་ཅད་རོ་སྟེང་ཉི་མར་གནས། །མཐིང་ཤུན་སེར་དང་
ལྗང་བ་དང་། །དམར་དང་དུད་ཁ་དུང་མདོག་ལ། །གྲི་གུག་དང་ནི་ཐོད་པ་དང་། །ཌ་མ་རུ་དང་ཁ་ཊྭཱཾ་དྲིལ། །ཀུན་ཀྱང་ན་རའི་པགས་པ་འཛིན། །ཐོད་པའི་ཕྲེང་བའི་ནོར་བུའི་རྒྱན། །གཡས་གཡོན་བརྐྱང་བསྐུམ་ཚུལ་གྱིས་གནས། །ཡི་གེ་དྲུག་ལས་ཡང་དག་བྱུང་། །ལྷ་མོ་གཟིགས་པ་མཚན་
པ་སྟེ། །མཐིང་མདོག་གསེར་དང་མརྒཏ་དེ། །སྟག་གི་པགས་པ་འཕྱང་བ་མནབས། །ལྷ་མོ་བྱིན་པ་མཉམ་པར་འཁྲིལ། །མཆོག་ཏུ་དགའ་བས་རྣམ་པར་རྒྱལ། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། །ས་བོན་གནས་ལ་ཌཱ་ཀི་མ། །ཡན་ལག་དྲུག་ལྡན་རྣམ་པར་བསྒོམ། །བྱང་ཆུབ་ཡན་ལག་བདུན་དག་
པ། །ཇི་ལྟའི་རིམ་པས་སྦྱར་ཞིང་བསམ། །གསང་སྔགས་གཞལ་དུ་མེད་པ་བཟླས། །ཁྲོ་བོ་ཀུན་གྱི་གནས་མཆོག་སྟེ། །བསོད་ནམས་ཆུང་བའི་སྒྲུབ་པོས་ཀྱང་། །ཟླ་བ་ཕྱེད་ན་དངོས་གྲུབ་སྟེར། །རྟག་ཏུ་ཉིན་རེ་བསྒོམ་པ་ནི། །ཞག་བདུན་གྱིས་ནི་ཐེ་ཚོམ་མེད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་ནི། །སྐུ་
གསུམ་གྲུབ་བྱེད་ཕོ་ཉ་ལས། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །བསམ་གཏན་ཉིན་མཚན་འབད་བྱས་པས། །ཐོ་རངས་ཁྲག་འཐུང་དང་མཉམ་འགྱུར། །ངེས་པར་བརྗོད་པའི་ལེའུ་ལྔ་བཅུ་པ་ལས་གསུངས་པའི་མངོན་པར་རྟོགས་པའོ། །ཐབས་དང་ཤེས་རབ་དབྱེར་མེད་བདེ་ཆེན་གསང་བ་དྲི་མེད་
མཆོག་ཏུ་རྟག་ཅིང་འགྱུར་མེད་ཕ་རོལ་སོན། །ཡན་ལག་བཞི་ལྡན་ལས་ལ་བརྟག་བརྡ་ནུས་པ་ཐོབ་ནས་རིམ་པ་རྩ་བའི་ལྷ་དང་གཞན་དག་ལས་སྦྱར་བ། །ལས་རྣམས་སྣ་ཚོགས་རབ་འབྱམས་འགྲུབ་དང་དེ་ཡི་ངེས་པ་གསང་བ་ཕྲིན་ལས་རྣམ་པ་དུ་མར་འཆར། །ལུས་དང་སེམས་ཀྱི་སྤྱོད་པས་རྫས་ལྡན་ལྷན་ཅིག་
ངག་གི་དབང་ཕྱུག་དེ་ཡིས་ཡེ་ཤེས་འགྲུབ་པར་འགྱུར། །དེ་ལ་རྣལ་འབྱོར་པས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་བྱ་བ། །སྒྱུ་མའམ་རྨི་ལམ་དུ་ནི་བྱ་བ་ཀུན། །ཞེས་པ་ལ་སོགས་པས་དངོས་པོར་སྣང་བ་ཐམས་ཅད་རང་བཞིན་བདེན་པས་སྟོང་པའི་ཀུན་རྫོབ་ལམ་དུ་བྱ་བ། ཐམས་ཅད་སྣང་ལ་
เล่ม ๑๘ · หน้า 101b
རང་བཞིན་མེད་པ། རྨི་ལམ་ལྟར་སྣང་། རྨི་ལམ་ལས་བྱུང་བ། རྨི་ལམ་ལྟར་སྤྱོད། རྨི་ལམ་གྱིས་གནས། ཐམས་ཅད་བདག་མེད་པ། བྱ་བ་དང་བྱེད་པ་པོ་རྣམ་པར་དག་པས་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་རབ་ཏུ་མི་གནས་པའི་དེ་ཁོ་ན་ཉིད་དུ་རྟོགས་པར་བྱའོ། །འདིའི་དོན་ལ་སློབ་དཔོན་སམནྟ་བཛྲ་
པས་ཁྱད་པར་མན་ངག་ཏུ་བསྟན་པ། རིམ་པ་ནི་འདི་ཡིན་ཏེ། དུས་ཚེས་བརྒྱད་ཀྱི་དགོངས་ཀའི་དུས་སུ་ཁྱེའུ་འམ་བུ་མོ་སྐྱེ་གནས་མ་ཉམས་པ་བོས་ནས་དབབ་པ་བསྟན་པ་ནི། དེ་ནས་ལྷ་དབབ་པའི་རྣམ་དཔྱད་སྟོན་པ་ལ། སྔགས་བཟླས་ནི་དེ་དག་གི་མིག་ལ་ཡི་གེ་བདུན་པ་ལན་ཉེར་གཅིག་བརྗོད་པ་
བཏབ་ཅིང་ལུས་ཀྱི་སྦྱར་བས་ལག་པ་གཡོན་པས་རེག་ནས། རྩྭ་ཀུ་ཤའི་སྟན་ལས་ཕྱོགས་གཙང་མར་གནས་པར་བྱས་ལ། ནང་པར་ཐོ་རངས་ཤོག་ཅིག་ཅེས་བརྗོད་ལ་བཏང་ངོ་། །དེའི་ནུབ་མོ་སྔགས་པས་ལྷའི་རྣལ་འབྱོར་ལ་གོམས་པས། །བའི་རྣམ་ལྔས་བྱུགས་པའི་མཎྜལ་ལ་དྲི་བཟང་པོའི་ཐིག་ལེ་
བྱས་ལ། ལྷ་གྲངས་གང་ཡང་རུང་བའི་མེ་ཏོག་ཚོམ་བུ་བཀོད་ཅིང་། །ལྷ་གསལ་བར་དམིགས་ལ་མཆོད་གཏོར་བཟང་བོ་བཤམས་ཏེ། བུམ་པ་ལ་བཟླས་པ་དང་བྱིན་གྱིས་བརླབ་པ་བྱའོ། །རྫས་ནི་ཡུངས་ཀར་ཉི་མ་ལ་བརྡུངས་ནས་བཙིར་བའི་འབྲུ་མར་ལ་གཞན་དུ་བསྟན་པའི་མིག་སྨན་ལ་སྔགས་
བདག་ཉིད་བརྟན། རྣལ་འབྱོར་པ་ཞེས་ལྷའི་ང་རྒྱལ་བརྟན་པས་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ནང་པར་ཐོ་རངས་དེ་དག་ཀུན་ལ་བུམ་ཆུས་བཀྲུས་ཏེ་གོས་ཁ་དོག་དམར་བ་བསྐོན་ལ་མིག་ལ་མིག་སྨན་བྱུགས་ཏེ། རལ་གྲི་གཙང་མའམ་མེ་ལོང་ལ་བུམ་པའི་ཆུས་བསང་གཏོར་བྱ་སྟེ། དེ་ལ་བསྟན་
ན་དེའི་ནང་དུ་གང་ཡིན་པའི་གཟུགས་བརྙན་མཐོང་ནས་སྨྲ་བར་བྱེད་དོ། །ཡང་ན་རྣལ་འབྱོར་པས་རང་གི་གཡོན་པའི་མཐེ་བོང་ལ་རྒྱ་སྐྱེགས་ཀྱི་ཁུ་བའམ་ཙི་ཏྲ་ཀས་བྱུགས་ལ་ཡང་ཡུངས་མར་གྱིས་ཀྱང་བྱུགས་པ་དེ་བསྟན་ཅིང་གང་མཐོང་ཞིང་སྣང་བ་གང་ཡིན་པ་དེ། སྨྲོས་ཤིག་ཅེས་བརྗོད་པས། །པྲ་སེ་
ན་ནི་འབེབས་པར་བྱེད། །ཅེས་གསལ་སྣང་དུ་འཆར་བར་འགྱུར་བའོ། །ཡང་མ་ཕེབས་ན་བསྐྱར་བ་ནི། སྔགས་པས་ལྷ་གསལ་བར་བསྒོམས་ནས་སྔགས་ལན་བདུན་བཟླས་ཤིང་བརྗོད་པས་ལྟས་བཟང་ངན་གང་ཡིན་པ་དགེ་བ་དང་མི་དགེ་བ་འགྲུབ་པ་དང་མི་འགྲུབ་པའི་མཚན་མ་རལ་གྲི་དང་མེ་ལོང་དང་རྡོ་རྗེ་
เล่ม ๑๘ · หน้า 102a
དང་རྒྱལ་མཚན་དང་ནོར་བུ་ལ་སོགས་པ་བདེ་ལེགས་འབྱུང་བ་སྟོན་པར་འགྱུར་བ་དང་། ཡང་མི་དགེ་བ་སྟོན་པ་ནི་མདུང་ཐུང་དང་གསལ་ཤིང་ལ་སོགས་པ་མཐོང་ནས་སྨྲ་བར་བྱེད་པས། རྣལ་འབྱོར་པས་རྟོགས་པར་བྱའོ། །དེས་ལེའུའི་མཚན་གཞུང་བསྟན་ནས། ད་ནི་ལེའུའི་མཚན་ནི་
ཉེ་བའི་སྙིང་པོའི་ལས་བསྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།གང་དུ་མཁའ་འགྲོ་མ་དྲུག་འཁོར་ལོའི་སྦྱོར་བས་ལས་ཀྱི་གསང་བ་སྲེག་བླུགས་རབ་དབྱེ་བསྟན། །ཚར་བཅད་རྗེས་འཛིན་ལས་ཀྱི་ཞི་རྒྱས་དབང་བྱེད་ནུས་པ་གྲུབ་པའི་གསང་བ་རྗེས་སུ་བསྟན་
དེ་ནས་ཕོ་ཉ་རྣམས་ཀྱི་ནི། །ཡི་གེ་བདུན་པར་ལྡན་བསྒྲུབ་པ། །ཞེས་ལེའུ་འདིས་དཔལ་ཧེ་རུ་ཀ་ལ་གོ་ཆའི་དཔའ་བོ་དྲུག་གིས་བསྐོར་བའམ། ཡང་ན་ཕོ་བྲང་པདྨ་འདབ་མ་ལྔ་པའི་དབུས་སུ་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་འཁོར་ལྷ་མོ་ལྔས་བསྐོར་བ་སྟེ། དཔའ་བོ་འཆོལ་བར་བྱས་མྱུར་འགྲུབ་པ་སྟེ།
མངོན་པར་རྟོགས་པ་ནི། སྔོན་དུ་འགྲོ་བ་བྱང་ཆུབ་སེམས་བསྐྱེད་པ་ནས། ཚད་མེད་པ་དང་། ཚོགས་གཉིས་དང་། སྟོང་པའི་ངང་ལས་འབྱུང་བའི་རིམ་པ་རི་རབ་ཀྱི་སྟེང་དུ། དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་ལྔ་པའི་ལྟེ་བར། ཉི་ཟླ་པདྨ་ས་བོན་བཾ་དང་རྡོ་རྗེ་གྲི་གུག་ལས་འོད་སྤྲོས། བསྡུས་པ་ལས།
རྡོ་རྗེ་རྣལ་འབྱོར་མ་ཉི་མ་ལ་ཞབས་གཡས་བརྐྱང་པས་གནས་པ། ཞལ་གསུམ་པ། ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་མངའ་བ། སྐུ་མདོག་མེ་ཏོག་བནྡུ་རཱི་ཀ་ལྟ་བུ་ལ། གཡས་གསེར་འོད། གཡོན་མ་རྒད་ལྟ་བུ། ཕྱག་དྲུག་པའི་དང་པོ་གཉིས་གྲི་གུག་ཐོད་པ། བར་མ་གཉིས་ཚངས་མགོ་དང་ཁ་ཊཱི་
ག །ཐ་མ་གཉིས་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ། རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའོ། །མདུན་ཕྱོགས་ནས། ཡ་མི་ནི་མཐིང་ག །རྨོངས་བྱེད་མ་དཀར་བ། སྐྱོད་བྱེད་མ་སེར་ག་སྐྲག་བྱེད་མ་ལྗང་གུ། ཙཎྜཱིཀ་དུད་ཀ་སྟེ་ཀུན་ཀྱང་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་གུག་དང་ཐོད་པ། འོག་
མ་ཁ་ཊྭཱཾ་དང་ཌ་མ་རུ་སྒྲོགས་པ། རྒྱན་ཆ་ལུགས་རྫོགས་པར་བལྟའོ། །དེ་དག་ཆོ་ག་ཡན་ལག་རྫོགས་པར་བྱས་ལ་བཟླས་པའི་རྣལ་འབྱོར་བྱའོ། །དེའི་འཁྲུལ་འཁོར་ནི་དབུས་ཀྱི་པདྨའི་ལྟེ་བ་ལ་ཨོཾ་བཾ་དབང་དུ་བྱེད་པ་མིང་བསྐུལ་ཚིག་དང་བཅས་པའོ། །འདབ་མ་ལྔ་པོ་ལ་ཧཾ་ཨོཾ་ལ་སོགས་པ་རིམ་པས་སོ། །
เล่ม ๑๘ · หน้า 102b
མུ་ཁྱུད་ནང་མ་ལ་ཨཱི་ལི་དང་། དེའི་ཕྱིར་འཁོར་ལོ་རྩིབས་དྲུག་པ་ལ་ཤར་དུ་ཨོཾ་ཧྲཱིཿདང་འབྲུ་རེ་རེ་རིམ་པ་བཞིན་དུའོ། །ཕྱིའི་མུ་ཁྱུད་ལ་ཀཱ་ལི་དང་རྡོ་རྗེ་ཕྲེང་བ་དང་མེ་འོད་ཀྱིས་འཁོར་བའོ། །ཐམས་ཅད་ཤར་ནས་བྱང་དུ་བསྐོར་བར་བཀོད་པ་ཉིད་ཀྱིས་ཙནྡན་དང་རྒྱ་སྐྱེགས་ཀྱིས་བྲི་བར་བྱའོ། །འཁྲུལ་
འཁོར་དེ་ཉིད་ལ་གཡོན་པའི་འཁོར་ལོ་བསྐུལ་དང་ལྡན། ཞེས་པ་ལ། ལྟེ་བ་གེ་སར་ལྡན་པ་ཡི། །པདྨ་འདབ་མ་དྲུག་པ་བྲི། །ཟླ་བ་བཟང་པོ་ཉེར་བྲིས་བརྒྱན། །རྡོ་རྗེའི་ཕྲེང་བས་རྣམ་པར་བསྐོར། །དེ་ཡི་ཕྱི་རོལ་འཁོར་ལོ་སྟེ། །སྟོན་ཀའི་ཟླ་ལྟར་དྲི་མ་མེད། །ཡི་གེ་མཆོག་ནི་རྣམ་པ་བདུན། །ལྷ་མོ་
མཆོག་གི་རྣམ་པ་སྟོན། །ཞེས་པའི་དོན་ཏོ། །དེས་ལེའུའི་མཚན་གཞུང་བསྟན་ནས་ད་ནི་ལེའུའི་མཚན་བསྟན་པ་ནི། རྣལ་འབྱོར་མ་དྲུག་གི་ཡི་གེ་བདུན་གྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།ལྷ་མོ་རོ་ལྡན་ལས་ཀྱི་འཁྲུལ་འཁོར་རིག་པ་ལས་ནི་གྲུབ་པ་ཕྲིན་
ལས་ཐུན་མོང་ཁྱད་པར་མཆོག་ཏུ་བརྟགས་པས་བྱ། །དེ་ཉིད་རྩོད་དུས་ཕྱི་མར་བདུན་འགྱུར་རྣམ་ཤེས་ཡེ་ཤེས་ལས་ནི་རིམ་དང་ཅིག་ཅར་གྲུབ་པར་འགྱུར། །དེ་ལ་དཔལ་རྡོ་རྗེ་རྣལ་འབྱོར་མའི་དཔའ་མོ་གོ་ཆའི་ཕྲིན་ལས་སྟོན་པ་ནི། དེ་ནས་ལས་ཀྱི་རབ་མཆོག་ནི་དག་གི་དངོས་གྲུབ་བྱེད་པའོ། །ཞེས་པ་
ལ་སོགས་པ་ཕྱི་དང་ནང་གི་བྱེ་བྲག་གིས་རྣལ་འབྱོར་པས་ལྷའི་རྣལ་འབྱོར་དང་། དེ་ཁོ་ན་ཉིད་ཀྱི་བསམ་གཏན་དང་ལྡན་པས་སྤྱོད་པའི་ཚུལ་མཉམ་གཞག་ཆེན་པོའི་གསང་སྤྱོད་གྲུབ་པའི་དབང་ཕྱུག་ཏུ་གྱུར་པས། ངག་གི་དབང་ཕྱུག་ཆེན་པོ་ཐོགས་པ་མེད་པར་སོ་སོ་ཡང་དག་པར་རིག་པ་ཐོབ་པར་བྱ་བ་སྟེ།
དེ་ཉིད་ལ་པུ་ཤའི་སྦྱོར་བ་ཁྱད་པར་དུ་རྡུལ་ཕྲ་རབ་ཏུ་བྱ་བས་མེ་ཏོག་ལ་བརྟེན་པས་སོ། །པུ་ཤའི་སྦྱོར་བ་ནི་ནུས་པ་མཆོག་ཏུ་དང་། རླུང་དང་རྣམ་ཤེས་གཉིས་མེད། ལྷ་དང་སྔགས་ཐ་མི་དད་པས་རྫས་དང་ལུས་ངག་གི་བྱེད་པས་མྱུར་དུ་གྲུབ་པར་བྱེད་པའོ། །དགུག་པའི་སྦྱོར་བའི་ལས་གཟུགས་བརྙན་གྱིས་
བྱེད་པས་ལྷའི་ཚོགས་བསྐུལ་བ། ཙནྡན་མེ་ལ་གདུང་བའི་བྱེད་པས་རྒྱལ་པོ་བསྐུལ་བ་དང་། སྤྲ་ཚིལ་ལས་བྱས་པའི་བྱེད་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགུག་པས། སྦྱིན་སྲེག་གི་ཁྱད་པར་གྱིས་གང་དང་གང་ལ་དམིགས་པ་དབང་དུ་བྱ་བ་དང་། གསང་བའི་སྦྱོར་བས་ཕོ་ཉ་བསྐུལ་བ། །གང་
เล่ม ๑๘ · หน้า 103a
ལ་དམིགས་པ་དང་དབང་དུ་བྱ་བས་མྱུར་དུ་གྲུབ་པའོ། །མངོན་འགྱུར་ནི་ཡོངས་སུ་གྲུབ་པ་སྟེ་བདེ་བ་ཆེན་པོའོ། །ཐ་མལ་པའི་སེམས་ལྡོག་པས་ནི་ཀུན་བརྟགས་རབ་ཏུ་ཞི་བའོ། །གཞན་དབང་ཡན་ལག་ནི་མི་གཡོ་བས་སྐྱེ་བའི་ངོ་བོ་ཉིད་མེད་པའོ། །གཉིས་མེད་ཡེ་ཤེས་རྣལ་
འབྱོར་ལྡན་ནི་ཐབས་ཤེས་རབ་དབྱེར་མེད་མི་གནས་པའི་དོན་ཏོ། །དབང་དུ་བྱེད་པ་སྐད་ཅིག་གིས་ནི་ཧེ་རུ་ཀ་རྣམ་ཐར་སྒོ་རྣམ་དག་ཡེ་ཤེས་གྲུབ་པ་ཉིད་དོ། །དེ་ལ་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་རབ་ཏུ་བསྟོད་པར་གྱུར་པ་ནི། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོ་བྱེ་བའི་གཙོ་མོ་སྟེ། །ཉི་མ་
འབུམ་གྱི་འོད་མཉམ་གྱིས། །རྡོ་རྗེ་གཡས་པའི་ཕྱག་རྣམས་བརྒྱན། །ཁཏྭཱཾ་མགོ་བོ་ཐོད་ཁྲག་ནི། །གཡོན་པས་བདེ་སྟེར་རབ་ཏུ་གྲགས། །དུས་མཚན་དྲག་པོ་མཉམ་མནན་ཞིང་། །གར་ཐབས་རོ་ཡིས་ཉེ་བར་བརྒྱན། །མཆེ་བཞི་གཙིགས་པས་བདུད་འཇོམས་ཤིང་། །བནྡུ་རཱི་ཀའི་མེ་ཏོག་འབར་
གཤིན་རྗེ་མ་ཚོགས་རྣལ་འབྱོར་མ། །པདྨའི་འདབ་མར་གནས་པས་བརྒྱན། །ལྟེ་བའི་དབུས་ནས་འབྱུང་ཞིང་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །མཁའ་འགྲོ་ཐམས་ཅད་དབང་སྡུད་མཛད། །གཏུམ་མོ་དེ་ལ་ཕྱག་འཚལ་ལོ། །སྲིད་ཞི་མྱ་ངན་
འདའ་མི་གནས། །འབར་བྱེད་ལུས་ལས་དཀྱིལ་འཁོར་སྤྲོ། །ཉི་ཤུ་རྩ་བཞི་ལུས་ཅན་སྐུ། །རྡོ་རྗེ་ཕྲེང་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་རྣམ་བརྒྱན་ཅིང་། །ལྷ་རྫས་བདེ་བས་མྱོང་བ་ཡི། །འཇིག་རྟེན་སྐྱོང་རྣམས་ཕྱག་འཚལ་འདུད། །གང་གཞན་ཕོ་ཉ་ལྷ་མོའི་ཚོགས། །ཐལ་མོ་སྦྱར་
བས་གུས་འདུད་ཅིང་། །སངས་རྒྱས་ཀུན་གྱི་ཡུལ་འདི་ནི། །རྫུ་འཕྲུལ་དངོས་གྲུབ་མཆོག་རྣམས་སྩོལ། །ལྷ་མི་ཐར་བའི་དོན་དུ་ནི། །ཁྱོད་ཉིད་ལ་ནི་སྐྱབས་སུ་མཆི། །སྙིང་རྗེས་ཞུ་བའི་སེམས་ཀྱིས་ནི། །ལྷ་ཡི་སྤྱན་གྱིས་རྣམ་གཟིགས་ནས། །དེ་ལ་མཆོད་ཅིང་གསོལ་དོན་དུ། །ཕྱོགས་བཅུ་དག་
ཏུ་རྣམ་བཞུགས་ཤིང་། །བློ་ཆེན་ལྡན་པའི་སྒྲུབ་པ་པོ། །དངོས་གྲུབ་མཆོག་ནི་སུ་གནས་ཤེས། །མཁའ་འགྲོ་མ་ཚོགས་ལྷན་ཅིག་ཏུ། །ཕྱག་རྒྱའི་དངོས་གྲུབ་སྩོལ་མཛད་པའི། །རྡོ་རྗེ་རྣལ་འབྱོར་མ་ཕྱག་འཚལ། །ཞེས་པ་རྡོ་རྗེ་ཕག་མོ་ལ་མཚན་བརྒྱ་རྩ་བརྒྱད་པ་དྲ་བ་སྡོམ་པ་ལས་བྱུང་བའི་
เล่ม ๑๘ · หน้า 103b
བསྟོད་པའོ། །ད་ནི་ལེའུའི་མཚན་ནི། རྣལ་འབྱོར་མ་དྲུག་གི་ཚིག་གི་དངོས་གྲུབ་ལུང་བསྟན་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པ་རྣམ་པར་བཤད་པའོ།། །།གསང་བ་ཧ་ལྔ་མཁའ་འགྲོ་ལྔ་ཡི་འཁོར་ལོ་ཕྱི་ནང་ལྡན་པས་ལས་ཀྱི་རབ་དབྱེ་སྤྱི་བྱེ་བྲག །གང་དུའང་རྟེན་འབྲེལ་ལུས་ངག་
ནུས་པའི་ཏིང་འཛིན་ལྡན་པས་རླུང་གི་སྦྱོར་བས་མངོན་དུ་འགྱུར། །འདི་ནི་ལེའུ་དང་པོར་སྔགས་བཟླས་ཀྱི་དོན་དེ་བཞིན་གཤེགས་པའི་རིགས་ལྔའི་བདག་ཉིད་ཅན་གྱི་ཕྲིན་ལས་སྟོན་པ་ལ། དེ་ནས་ཡི་གེ་ལྷ་ལྔ་ཡི། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །ཞེས་སྨོས་ཏེ་རྣལ་འབྱོར་བས་རྡོ་རྗེའི་
ལུས་ཀྱི་རྩ་འཁོར་ལོ་ལྔར། །དུག་ལྔའི་རྟོག་པ་སྤྱོད་པ་སྟེ། །ཧཾ་སྤྱི་བོར་འཁོར་ལོ་དཀར་པོ། །ཧོ་མགྲིན་པར་པདྨ་འབར་བ། ཧེ་སྙིང་གར་རྡོ་རྗེ་སྔོ་བ། ཧཱུཾ་ལྟེ་བར་རིན་པོ་ཆེ། ཧཿགསང་བར་རལ་གྲི་ལྗང་བ་འོད་སྤྲོ་བསྡུ་ཅན་ནོ། །འཁྲུལ་འཁོར་ནི་དཔའ་བོ་གཡུལ་ངོར་དེད་ཕྱོགས་སུ་གསད་པའི་ཐོད་པ་ལ།
དེ་ཉིད་ཀྱི་ཁྲག་གིས་འཁོར་ལོ་བྲི་བ་ནི། དབུས་སུ་པདྨ་འདབ་མ་ལྔ་ལ་ཧ་ལྔ་བཀོད། དེའི་ལྟེ་བ་ལ་གང་ལ་དམིགས་པའི་བསྐུལ་ཚིག་དང་བཅས་པ་བྲི། མུ་ཁྱུད་ནང་མ་ལ་ཨཱ་ལི་བྲི། དེའི་ཕྱིར་འཁོར་ལོ་རྩིབས་དྲུག་ལ་དཔའ་བོའི་གོ་ཆ་དྲུག་བྲི། མུ་ཁྱུད་ལ་ཀཱ་ལི་གཡོན་སྐོར་དུ་བྲི་བས་
མཐར་འོད་ཕྲེང་ཅན་ནོ། །རྣལ་འབྱོར་མ་གཙོ་བོར་བྱེད་པས་ནི། ལུས་ཀྱི་གནས་ལྔ་པོ་ལ་སངས་རྒྱས་ཌཱ་ཀི །པདྨ་ཌཱ་ཀི །རྡོ་རྗེ་ཌཱ་ཀི། རིན་ཆེན་ཌཱ་ཀི། སྣ་ཚོགས་ཌཱ་ཀི་ལས་འོད་སྤྲོ་བསྡུ་བྱས་པས་གང་ལ་དམིགས་པ་ལ་དགུག་བསྟིམ་བྱ་བ་ལན་སྟོང་གིས་ངེས་པར་འགྲུབ་པ་སྟེ། ལག་པའི་
འཁོར་ལོ་ཡང་དེ་ཉིད་ཀྱིས་སོ། །དེའི་དུས་སུ་མཆོད་པ་དང་གཏོར་མ། ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བས་མཁའ་འགྲོ་ལྔ་འཁོར་དང་བཅས་པ་མྱུར་དུ་འགྲུབ་པའི་དབང་ཕྱུག་ཐོབ་པ་ནི། ཕྱི་དང་ནང་དུ་ཁྱད་པར་དུ་དམིགས་པ་རླུང་གི་སྦྱོར་བ་དང་ལྡན་པས་ངེས་པར་འགྲུབ་པ་ནི་དཔལ་
ཀ་ཙ་ཏའི་བཞེད་པའོ། །ལེའུའི་མཚན་ནི་ཡི་གེ་ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་ཡི་སྙིང་པོ་ཉེ་སྙིང་དང་བཅས་གསང་བའི་སྔགས་ཀྱི་འཁོར་ལོ་རྒྱས་པ་བརྗོད་པ་སྦས་པ་ཡི། །རྩ་བའི་གསང་སྔགས་མཁའ་
เล่ม ๑๘ · หน้า 104a
འགྲོ་རིག་པ་ས་ཡ་ཕྲག་ནི་ཉེར་བཞི་བྱེ་བ་ལས་ནི་དུང་ཕྱུར་ནས། །ལས་རྣམས་དྲ་བ་སྡོམ་པ་རྒྱ་མཚོའི་གསང་བ་མ་ལུས་འདིར་ནི་དམ་ཚིག་ལྡན་པས་སྤྱོད་པ་གང་། །འབྱུང་འཇུག་གནས་པ་གཅིག་གྱུར་རྡོ་རྗེའི་གནས་ལས་ཐམས་ཅད་ས་གསུམ་པར་གྲུབ་འགྱུར། །འདིར་ལེའུ་དང་
པོ་ལས་ཀྱང་། མཁའ་འགྲོ་དྲོ་བའི་སྡོམ་པ་ཡིན། །ཞེས་པའི་དོན་རྒྱས་པར་བསྟན་པ་ལས། སྔགས་བཟླས་བསམ་གཏན་ལ་སོགས་ལྡན་པ་ཉིད་དཔལ་རྡོ་རྗེ་རྣལ་འབྱོར་མའི་མངོན་པར་རྟོགས་པ་བསྟན་པའི་ཕྱིར། དེ་ནས་ཡང་དག་བཤད་བྱ་བ། །ཞེས་སྨོས་ཏེ་རྗེ་བཙུན་མའི་དཀྱིལ་འཁོར་བྱེ་བྲག་
ཏུ་གསལ་བར་རོ། །མཁའ་འགྲོ་ཀུན་ནི་གནས་གསུམ་གྱིས་བསྡུས་པའི་རིགས་ལྔའམ། བདུན་གྱིས་བསྡུས་པའི་རྣལ་འབྱོར་མ་ཐམས་ཅད་དོ། །སྙིང་པོ་ཉིད་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དམ་ཚིག་ལ་གནས་པ་མྱུར་དུ་སྐུལ་བར་བྱེད་པ། འདི་ནི་བརྗོད་པ་ཙམ་གྱིས་ཀྱང་ཤེས། ཤིན་
དུ་མྱུར་བ་ཉིད་དུ་ཐུགས་རྗེ་ཆེན་པོས་བརྩེ་བར་དགོངས་པས་རྟག་ཏུ་བྱིན་གྱིས་རློབ་པའོ། །འདིར་ནི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཐམས་ཅད་སྐྱེད་བྱེད་ཡིན་པ་ནི་ནམ་མཁའ་སྤྱོད་དང་ས་སྤྱོད་དང་ས་འོག་སྤྱོད་པ་མ་ལུས་པའི་སྙིང་པོ་རྩ་བའི་གསང་སྔགས་ཕུལ་དུ་བྱུང་བ་སྟོན་པའོ། །དེ་
ཡང་དཀྱིལ་འཁོར་གྱི་རིམ་པ་ནི། རྗེ་བཙུན་མ་ལ་ལྷ་མོ་སུམ་ཅུ་རྩ་བདུན་པོས་ཡོངས་སུ་བསྐོར་བའམ། ཡང་ན་ལྷ་ཚོགས་བཅུ་དགུ་པའི་དཀྱིལ་འཁོར་ལས། མངལ་སྐྱེས་ཀྱི་སྒོ་ནས་སམ། ཡང་ན་རྫུ་ས་སྐྱེས་རིམ་པས་སྙིང་པོའི་རྣལ་འབྱོར་མ་བཞི་དང་། འཁོར་ལོ་རྩིབས་དྲུག་ལས་ལྷ་མོ་དྲུག་དང་།
སྒོ་མཚམས་མ་བརྒྱད་དེ། དེ་ཉིད་བསྒོམ་པ་བསྟན་ལ། ཡང་ན་ནི་ཐུགས་ཀྱི་འཁོར་ལོའི་བརྒྱད་དམ། ཡང་ན་གསུང་གི་བརྒྱད་ཀྱིས་སམ། ཡང་ན་སྐུའི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཡང་རུང་བའོ། །དེ་ཡང་རྣལ་འབྱོར་པས་སེམས་བསྐྱེད་ཅིང་སྒོ་གསུམ་སྦྱངས། ཚོགས་གཉིས་སྔོན་དུ་འགྲོ་
བས་སྲུང་བའི་འཁོར་ལོ་ཆེན་པོའི་ནང་དུ་འབྱུང་བ་རྣམས་ཀྱི་རིམ་པ་ལས། རིའི་རྒྱལ་པོ་རི་བོ་མཆོག་རབ་ཀྱི་གནས་ཀྱི་སྟེང་དུ། སྣ་ཚོགས་པདྨའི་ལྟེ་བར་ཉི་མ་ལ་གནས་པའི་མངོན་པར་བྱང་ཆུབ་ལྔ་ལས། རྡོ་རྗེ་ཕག་མོ་མངོན་འབྱུང་ལྟར་ཞལ་བཞི་མ་བསྐྱེད་པའམ། ཡང་ན་ཞལ་གསུམ་ཕྱག་དྲུག་
เล่ม ๑๘ · หน้า 104b
མའམ། ཞལ་གཉིས་མའམ། ཞལ་གཅིག་ཕྱག་བཞི་མའི་སྐུ་བསྐྱེད་ཅིང་། བདེ་ཆེན་ཌཱ་ཀི་བཞི་དང་། རྣལ་འབྱོར་མ་དྲུག་པོ་ནི་གཡོན་ནས་བསྐོར་བ་སྟེ། ཧེ་ལ་ཀི་མཐིང་ག་དང་། རྡོ་རྗེ་འཇིགས་མ་གསེར་མདོག་དང་། རྡོ་རྗེ་གཏུམ་མོ་བནྡུ་རཱི་ཀ་ལྟ་བུ་དང་། རྡོ་རྗེ་ཉི་མ་ལྗང་བ་དང་། རྡོ་རྗེ་དྲག་
མོ་དུད་ཀ་དང་། རྡོ་རྗེ་མཁའ་འགྲོ་དུང་མདོག་ཅན་ནོ། །རྣལ་འབྱོར་སྒོ་མཚམས་མ་བརྒྱད་དང་ལྡན་པ་སྐྱེད་ཅིང་། ཆོ་ག་ཡན་ལག་རྫོགས་པར་བྱེད་པ་སྤྱི་དང་མཐུན་པ་ཤེས་པར་བྱས་ལ། རྫོགས་རིམ་བསྒོམ་པས་མཉམ་ལངས་དུས་སུ་ལས་རབ་འབྱམས་ལ་དམིགས་པ་སོ་སོར་བྱས་པས་
འཁྲུལ་འཁོར་སྔགས་དང་ལྡན་པས་འགྲུབ་ལ། དེ་ལ་ཁྱད་པར་དུ་རྩ་བའི་རིག་པ་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་པཱ་རཱ་ཧི་བཾ།ཨཱརྱ་པ་རཱ་ཛི་ཏེ། ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རཱི། སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ། བཛྲ་ཨཱ་ས་ནེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། བ་ཤྱངྒཱ་རི་ཎི་ནེ་ཏྲ་བྷྲ་མ་ཎེ། ཤོ་ཥ་ཎི། རོ་ཥ་ཎི་
ཀྲོ་དྷ་ཀ་རཱ་ལི་ནི། སཾ་ཏྲ་ས་ནི། མ་ར་ཎི་སུ་པྲ་བྷེ་ད་ནི། པ་ར་ཛྲ་ཡེ་བི་ཛཱ་ཡ། ཛམྦྷ་ནི། སྟམྦྷ་ནི། མོ་ཧ་ནི། བཛྲ་བཱ་རཱ་ཧི། མ་ཧཱ་ཡོ་གི་ནླི། ཧེ་ཀ་མེ་ཤྭ་རཱི། ཁ་གེཤྩ། ཏརྱ་ཐཱ། ཨོཾ་ཤྲཱི་པྲོ་ཏངྒེ། ཧ་ན་ཧ་ན་པྲ་ཎཱཾ། ཀཱིཾ་ཀི་ནི། ཁིཾ་ཁི་ནི། དྷུ་ན་དྷུ་ན། བཛྲ་ཧ་སྟེ། ཤོ་ཥ་ཡ། ཤོ་ཥ་ཡ། བཛྲཱ་ཀ་
པཱ་ལ། ཁ་ཊཱི་ག་དྷ་རི་ཎི་མ་ཧཱ་བི་ཤི་ཏོ། །མཱཾ་ས་ར་ཤ་ནི་མ་ནུ་ཥྱནྟ་པྲ་བྲྀཏྟི། སནྣ་དྷྱན་ར་ཤི་རོ་མཱ་ལ་གྲེནྠི་ཏ་དྷ་ར་ཎི་སུམྦྷ་ན་སུམྦྷེ། ཧ་ན་ཧ་ན་བྲཱ་ཎཱཾ། སརྦ་པཱ་པཾ་ས་ཏ་ནཱཾ།སརྦ་པ་ཤཱུ་ནཱཾ། མ་ཧཱ་མཱཾ་ས་ཙྪེ་ད་ནི། སྨྲྀ་ཏཱི་ཀྲོ་དྷ་མཱུརྟེ། དཾཥྠ་ཀ་རཱ་ལི་ནི། མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱ། ཨ་གྲ་མ་ཧི་ཥི། ས་ཧ་
སྲ་ཤི་རེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲ། ཨཱ་ན་ནེ་ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལ་མུ་ཁེ། པིཾ་ག་ལ་ལོ་ཙ་ནེ། བཛྲ་ཨཱ་ས་ནེ། བཛྲ་ཤ་རཱི་རེ། མི་ལི་ཏ། ཙི་ལི་ཏ། ཧེ་ཧེ་ཧཿཧཿཧཱུཾ་ཧཱུཾ། ཁ་ཁ་དྷུ་དྷུ་རུ་རུ་དྷུ་རུ་དྷུ་རུ། མུ་རུ་མུ་རུ། མུཉྩ་མུཉྩ། ཨ་དྭེ་ཏེ། ཨ་དྷ་རི་ཎི་ཤེ་བྷ་མ་ཎ། མ་ཧཱ་ཡོ་གི་ནཱི་
པ་ཐི་ཏ་སིདྷེ། དྲེཾ་དྷཾ་དྲོཾ་དྷཾ། ཧེ་གྲཾ་གྲཾ་ཧེ་ཧེ་ཧཿཧཿ བྷཱི་མེ། ཧ་ས་ཧ་ས་བཱི་རེ། ཧཱ་ཧཱ་ཧོཿཧོཿཧཱུཾ་ཧཱུཾ། ཏྲཻ་ལོཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་བ་རི་ཝཱ་རེ་ཧཱུཾ་ཧཱུཾ་ཕཊ། སི་ཧ་རུ་བེ་ཁཿ ག་ཛ་རཱུ་བེ་ག། །ཏྲཻ་ལོ་ཀྱོ་ད་རེ་ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བཱི་རཱ་དྭེ་ཏེ་ཧཱུཾ་ཧཱུཾ་ཕཊ། ཧཿཧཿ་
เล่ม ๑๘ · หน้า 105a
མ་ཧཱ་པ་ཤུ་མོ་ཧ་ནི། མ་ཧཱ་པ་ཤུ་མོ་ཧ་ནི། བཛྲ་ཌཱ་ཀི་ནཱི། སརྦ་ལོ་ཀཱ་ནཱཾ། བནྡྷ་ནི་ས་རྱ། པྲ་ཏྱ་ཡ་ཀ་ཎི་ཧཱུཾ་ཧཱུཾ་ཕཊ་བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ། པར་མ་སིདྷི། ཡོ་གི་ཤྭ་རཱི་ཕཊ། ཧཱུཾ་ཧཱུཾ་ཕཊ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ད་ནི་ལེའུའི་མཚན་ནི། སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་
ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།གང་ཞིག་དེ་ནི་གསང་བ་རྣལ་འབྱོར་ཙམ་གྱིས་བདེ་ཆེན་ཕྱི་ནང་འཇིག་རྟེན་གསུམ་པོ་ཏིང་ངེ་འཛིན་གྱིས་གཡོ་བར་བྱེད། །ལྷ་དང་སྔགས་ཀྱི་དེ་ཉིད་རྗེས་སུ་དྲན་པ་ཙམ་གྱིས་ཀྱང་ནི་ཡང་དག་ལྟ་བ་མཆོག་འགྱུར་འཐོབ། །སངས་
རྒྱས་མཁའ་འགྲོ་རྡོ་རྗེ་དང་ནི་དེ་བཞིན་གཤེགས་པས་རྒྱས་བཏབ་བྲམ་ཟེ་རྒྱལ་རིགས་དག་ལ་སྟེ། །རྟོག་བཅས་དག་པས་ཕག་ཞལ་རྡོ་རྗེའི་ཞལ་མངའ་རིགས་ཀྱི་བདག་མོ་དེ་ལས་དུ་མ་རྣམ་པར་བསྟན། །འབྲས་བུ་དང་ནི་ཐབས་ལས་མཆོག་སྟེ་རང་བཞིན་རྒྱུད་འདི་རྒྱལ་བ་རྒྱ་མཚོ་ཀུན་གྱི་གནས་
གྱུར་པ། །བརྗོད་བྱ་དོན་རྒྱས་བསྡུས་པ་ཚིག་གི་རྗོད་བྱེད་རབ་འབྱམས་ཉུང་དུ་སྤྲོ་བསྡུའི་དབྱེ་བས་ཟབ་དང་རྒྱ་ཆེ་ཉིད། །དེ་ནས་ཞེས་བྱ་བ་སྨོས་ཏེ། འདི་ཉིད་ཀྱིས་བཅོམ་ལྡན་འདས་མའི་སྙིང་པོ་ཉིད་ཉེ་བའི་སྙིང་པོ་ཕྲིན་ལས་བསྟན་ཅིང་། དཀྱིལ་འཁོར་རིགས་ཀྱི་སྙིང་པོ་དང་རིགས་བསྡུས་ཀྱི་འཁོར་
ལོ་དང་། དེ་དག་ཡེ་ཤེས་བདེ་ཆེན་གྱི་འབྱུང་གནས་སུ་བསྟན་པ་ལ། གཞན་ཡང་བཤད་བྱ་བ་ནི་མངོན་པར་རྟོགས་པ་རྡོ་རྗེ་གསང་བ་འགྲུབ་པ་བསྟན་པའོ། །མཁའ་འགྲོ་ཀུན་གྱི་བླ་ན་མེད་པའི་ཡེ་ཤེས་མཆོག་དགེ་བའི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའོ། །སྙིང་པོ་འདི་ནི་དབྱིངས་ཀྱི་
དང་ལ་གནས་པའི་སྐུ་གསུང་ཐུགས་བསྐུལ་བ་རྣལ་འབྱོར་མ་རྣམས་ཀྱི་གཙོ་མོར་གྱུར་པ་རྡོ་རྗེ་རྣལ་འབྱོར་མ་སྟོང་པ་ཉིད་སྙིང་རྗེའི་བདག་ཉིད་ཅན་ནོ། །དེ་ལ་གུས་པའི་རྣལ་འབྱོར་པའི་འདོད་དོན་ཐམས་ཅད་སྒྲུབ་བྱེད་པ་ནི། ལས་དངོས་གྲུབ་རྒྱ་མཚོ་མྱུར་དུ་ཐོབ་པར་བྱེད་པའི་དོན་ཏོ། །ཁམས་གསུམ་
གྱི་དབང་ཕྱུག་ཏུ་གྱུར་པར་བསྟན་པའི་ཕྱིར། གང་ཞིག་དྲན་པ་ཙམ་གྱིས་ནི་རྣལ་འབྱོར་པས་ལྷ་དང་སྔགས་ཀྱི་གསང་བ་ཉིད་དོ། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང་ནི་ས་འོག་ས་སྟེང་ས་བླའི་ལྷ་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་སྟེ། རྗེས་སུ་དྲན་པ་ཙམ་གྱིས་ཀྱང་ནི་
เล่ม ๑๘ · หน้า 105b
གསང་བའི་སྤྱོད་པའི་ཁྱད་པར་གྱིས་ཏེ། དབང་པོ་རབ་འབྲིང་རྣམས་ལ་སྟེ་བསྐྱེད་པའི་རིམ་པར་ལྷ་ལ་གནང་བ་ཐོབ་ཅིང་། རྫོགས་པར་རྟགས་འགའ་ཐོན་པས་སོ། །ལས་ཆེན་ཐམས་ཅད་དང་གྲུབ་པ་བརྒྱད་ལ་སོགས་པའི་ཡང་དག་པའི་ཡེ་ཤེས་ཀྱི་དོན་དངོས་གྲུབ་རྣམས་རིམ་བཞིན་སྟེར་བར་
འགྱུར་བ་ནི། ཕྱག་རྒྱ་ཆེན་པོའི་མཆོག་འགྲུབ་པའོ། །ལྷའི་རྣལ་འབྱོར་དང་ལྡན་པའི་ངང་ལས་གསང་སྔགས་གོ་བཟློག་ཏུ་བསྟན་པ་ནི་ཧཱ་སྭཱ་ནས་ཨོཾ་གྱི་བར་དུ་བསྟན་པ་སྙིང་པོ་གསང་བ་བསྟན་པའོ། །ནུས་པའི་ཁྱད་པར་ནི། སྔགས་འདི་བཀླགས་པས་འགྲུབ་པ་སྟེ་ཞེས་རྡོ་རྗེ་ལྟར་ཐོགས་པ་
མེད་པའོ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །ཞེས་ཐོག་མཐའ་བར་དུ་མི་འགྱུར་བའོ། །འདིའི་འཁྲུལ་འཁོར་གྱི་སྦྱོར་བ་ནི། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་དཀྱིལ་འཁོར་གྱི་རྣམ་པ་ལས་སྒོ་བཞི་དང་བཅས་པའི་དུར་ཁྲོད་ལ་རྡོ་རྗེ་ར་བ་དང་། མེ་འོད་ཕྲེང་བས་བསྐོར་བ་བྱ། ལྟེ་བ་ལ་པདྨ་འདབ་
མ་བཅུ་པ་ལ་སྔགས་དགོད་པ་སྟེ། དབུས་སུ་ཨོཾ་བཾ་ཧཱུཾ། ཤར་ནས་གཡོན་བསྐོར་དུ་འདབ་མ་རེ་ལ་ཡིག་འབྲུ་གཉིས་གཉིས་དགོད་པར་བྱ་བ་སྟེ། དབུས་སུ་ཕྲིན་ལས་གང་བསྒྲུབ་པའི་མིང་སྤེལ་བསྐུལ་ཚིག་དང་བཅས་པ་དགོད་པར་བྱ། དེ་ལ་ལྷ་མོ་རྣམས་ཀྱི་འཁོར་ལོའི་དམ་ཚིག་པ་བསྐྱེད།
ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་ཡིག་འབྲུ་ལྷ་མོ་ཐམས་ཅད་བསྟིམ་པས་འོད་འབར་བར་བལྟའོ། །རྡོ་རྗེ་རྣལ་འབྱོར་མ་འཁོར་དང་བཅས་པའི་ཕྲིན་ལས་འདིར་བསྡུ་བར་བསྟན་པའི་ཕྱིར། མཁའ་འགྲོ་རྣལ་འབྱོར་མ་རྣམས་
དང་ནི་རིགས་བདུན་གྱིས་བསྡུས་པ་དེ་དག་གོ། །དུམ་སྐྱེས་ལཱ་མ་ལ་སོགས་པ་ནི་སྙིང་པོའི་བདེ་ཆེན་གྱི་ཌཱ་ཀི་དག་གོ། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །ཞེས་རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་ཐམས་ཅད་བསྡུས་པའི་ས་བོན་གྱི་སྔགས་ནི་འདི་ཉིད་ཡིན་པར་གྲགས་པ་བླ་ན་མེད་པ་ངེས་པར་
མྱུར་དུ་གྲུབ་བྱེད་ཀྱི་སྙིང་པོ་ཉིད་དོ། །ས་འོག་གི་སྐུའི་ཌཱ་ཀི་རྣམས་ཀྱི་ཀླུ་ལ་སོགས་པས་ཕྲིན་ལས་བསྒྲུབ་པ། ཡང་ན་མཐོ་རིས་སམ་ནི་མཁའ་སྤྱོད་ཐུགས་ཀྱི་ཌཱ་ཀི་རྣམས་ཀྱི་ལྷའི་ཕོ་ཉས་སོ། །དེ་བཞིན་མི་ཡུལ་དག་ཏུ་ཡང་། །ཞེས་ས་སྤྱོད་གསུང་གི་ཌཱ་ཀི་རྣམས་ཀྱི་གནོད་
เล่ม ๑๘ · หน้า 106a
སྦྱིན་དང་སྲིན་པོ་ལ་སོགས་པ་བྲན་དུ་བཀོལ་བའི་ཕོ་ཉས་ཕྲིན་ལས་སྣ་ཚོགས་བྱེད་པའོ། །ལས་ནི་གང་དག་ཡོད་པ་རྣམས་ཞེས་པ་ལས་ཆེན་བཅུ་གཉིས་དང་། བསྡུས་པ་ཕྲིན་ལས་བཞི་པ་ལ་སོགས་པ་གྲུབ་པར་བྱེད་པའོ། །སྔགས་ཀྱིས་དེ་དག་ཐམས་
ཅད་འགྲུབ་པར་འགྱུར་བ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གསང་བའི་འཁོར་ལོ་བསྟན་པ་སྟེ། དེ་ཡང་སྙིང་པོའི་རྣལ་འབྱོར་མ་བཞི་གོ་ཆའི་ལྷ་མོ་དྲུག །མཚམས་མ་བརྒྱད་དེ་རྣལ་འབྱོར་མ་བཅུ་དགུའི་དཀྱིལ་འཁོར་སྒོ་བཞི་རྟ་བབས་དང་ལྡན་པ་དུར་ཁྲོད་ཀྱིས་ཡོངས་སུ་
བསྐོར་བ་སྟེ། དེའི་ཆོ་ག་ཡོངས་སུ་རྫོགས་པར་མཉམ་རྗེས་ལམ་དུ་བྱ་བ་བསྟན་པའོ། །འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་གང་ནི། །ཡེ་ཤེས་ཟག་པ་མེད་པའི་མཁྱེན་པ་དང་། །བདེ་བ་ཆེན་པོ་མི་འགྱུར་བའི་གསང་བ་བསྟན་པའོ། །འཇིག་རྟེན་གསུམ་ནི་ཕྱིའི་ལྷ་ཀླུ་གནོད་སྦྱིན་ལ་
སོགས་པའི་ནུས་པ་ཡང་འདིར་འདུས་ལ། ནང་གི་ནི་དུག་གསུམ་དག་པའི་ཉམས་སྣང་ཉིད་ལས་ཕྱི་རོལ་ན་ཅི་ཡང་མེད་པར་སྒྲོ་འདོགས་ཆོད་པའོ། །གསང་ཆེན་བདེ་བ་མཆོག་གི་དངོས་གྲུབ་གྲུབ་པ་གང་ཕྱིར་འདི་ནི་བླ་ན་མེད་དེ་ཞེས་ཐབས་ཤེས་རབ་ཐ་མི་དད་པའི་སྙིང་པོའོ། །ལས་རྣམས་
མ་ལུས་གྲུབ་བྱེད་ཡིན། །ཞེས་ལས་དང་དངོས་གྲུབ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དཔང་ཕྱུག་ཕུན་སུམ་ཚོགས་པ་བསྟན་པའོ། །ད་ནི་རིགས་དྲུག་འཁོར་ལོས་སྒྱུར་བ་བཀའི་དཀྱིལ་འཁོར་གསང་བ་རིགས་བསྡུས་པ་བསྟན་པ་ནི། དཔལ་རྡོ་རྗེ་རྣལ་འབྱོར་མཁའ་འགྲོ་ནི་རིགས་
ཀྱི་བདག་པོ་སྟེ། རིགས་ལྔ་པོ་ཀུན་གྱི་འབྱུང་གནས་དཔལ་རྡོ་རྗེ་འཆང་བདེ་མཆོག་འཁོར་ལོའི་རྟེན་དང་བརྟེན་པའི་འཁོར་ལོ་ལས། མདོར་བཤད་རྒྱས་པར་མ་ཡིན་ནོ། །དོན་ཡོངས་སུ་བསྡུས་པར་བསྟན་ལ་ཚིག་རྒྱ་ཆེར་མ་བསྟན་པའོ། །འདིར་མངོན་པར་རྟོགས་པ་ལྟར་ན། དང་པོར་རང་
ཉིད་སྐད་ཅིག་གིས་ཉི་མ་ལ་གནས་པའི་ཧེ་རུ་ཀ་ཞལ་གཅིག་གིས་ཉི་མ་ལ་གནས་པར་བལྟས་ལ། སེམས་བསྐྱེད་སྔོན་དུ་འགྲོ་བས་གནས་དང་བདག་དང་རྣལ་འབྱོར་སྲུང་བ་བྱས་ལ། ཚོགས་གཉིས་སོགས་པར་བྱ་བ་དང་། སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་ཀྱི་སྟེང་དུ།
เล่ม ๑๘ · หน้า 106b
བྷཱུཾ་ལས་བྱུང་བའི་རི་བོ་བཟང་པོ་ནི། ལྷུན་པོ་རི་བོ་མཆོག་རབ་སྟེ། བྲི་བར་བྱ་ཞིང་ནི་ཡིད་ཀྱི་ཡུལ་དུ་བློས་བསམ་པའོ། །མེ་ཏོག་ནི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་སོ་གཉིས་པའོ། །འབྲས་བུ་ནི་ལྟེ་བ་ལ་གེ་སར་དང་ལྡན་པ་སྣ་ཚོགས་ཀྱིས་ནི་རྡོ་རྗེ་རྒྱ་གྲམ་ཁ་དོག་བཞི་ལྡན་
ནོ། །ཡང་བཟང་པོ་བྲི་བྱ་ཞིང་ནི་དཀྱིལ་འཁོར་ཕོ་བྲང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་སངས་རྒྱས་ཀྱི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་བསམ་པའོ། །དེའི་སྟེང་དུ་རྟག་ཏུ་བསྒོམ་པ་ནི་བརྟེན་པ་ལྷའི་འཁོར་ལོ་བསྟན་པ་ལ། དཔའ་བོ་རྣམས་ནི་ཉི་ཤུ་རྩ་བཞི་པོ་
ཐམས་ཅད་དོ། །དེ་དག་གི་དཔའ་བོ་ཆེན་པོ་ཉིད་ནི་རྒྱལ་བ་རིགས་ལྔ་རྡོ་རྗེ་འཆང་དང་། དྲུག་པའི་བདག་ཉིད་ལས། རྡོ་རྗེའི་མུ་ཁྱུད་ཀྱིས་བསྐོར་བའི་འཁོར་ལོ་ཕོ་བྲང་ཆེན་པོར་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་མཁའ་འགྲོ་མ་དང་། རྣམ་པར་སྣང་མཛད་དང་གཉིས་སུ་མེད་པའི་གཟུགས་
ཅན་མ་དང་དོན་ཡོད་རྒྱལ་པོ་དང་སྦྱོར་བའི་ལཱ་མ་དང་། འོད་དཔག་མེད་དང་། སྦྱོར་བའི་དུམ་སྐྱེས་མ་དང་། རིན་ཆེན་འབྱུང་ལྡན་དང་། གཉིས་སུ་མེད་པའི་རིན་ཆེན་རིགས་ཀྱི་ལཱ་མ་དང་། དབུས་སུ་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་རྣལ་འབྱོར་མ་སྟེ་ཆོས་ཀྱི་དབྱིངས་
སྟོང་པ་ཉིད་ཀྱི་རང་བཞིན་ཅན་ནོ། །ཧ་ཧ་ཧེ་ཧེ་ཞེས་བྱ་བ་ནི། རིན་པོ་ཆེ་ཀེ་ཀེ་རུ་དང་། མརྒཏ་ལྗང་བ་དང་། བཻ་ཌཱུརྱ་དང་། པདྨ་རཱ་གའི་བུམ་པའི་ཤིང་ལོའི་ཁ་རྒྱན་སྟེང་ན་ཐོད་པ་བཞི་དང་བཅས་པ་བདུད་རྩིས་གང་བ་ལ་རབ་ཏུ་བཞད་ཅིང་དགྱེས་པར་རོལ་པའོ། །རིགས་དྲུག་འཁོར་
ལོས་སྒྱུར་བའི་འཁོར་དུ་བཀོད་པ་ནི། དཔའ་བོ་ཉི་ཤུ་རྩ་བཞི་ཞེས་རིགས་རེ་རེ་ལ་དཔའ་བོ་ཡབ་ཡུམ་ཅན་བཞི་བཞིས་ཡོངས་སུ་བསྐོར་བ་སྟེ། སོ་སོའི་འཁོར་ལོ་ལ་རྡོ་རྗེ་དང་འཁོར་ལོ་དང་རྡོ་རྗེ་རྒྱ་གྲམ་དང་པདྨ་དང་རིན་པོ་ཆེས་ཡོངས་སུ་བསྐོར་བའོ། །གཙོ་བོ་ལ་རྡོ་རྗེ་གྲི་གུག་གི་ཕྲེང་བས་
བསྐོར་བ་མཚམས་སུ་བུམ་པ་བདུད་རྩི་ཅན་ཀ་པཱ་ལ་དང་བཅས་པ་ཉིད་དོ། །དེར་ནི་དཔའ་བོ་རྣམས་ནི་ཁཎྜ་ཀ་པཱ་ལ་ལ་སོགས་པ་སྟེ། རྒྱན་ཆ་ལུགས་དང་ལྡན་པའོ། །མཁའ་འགྲོ་ཉིད་ནི་མཚམས་མ་བརྒྱད་དམ་ཚིག་འཁོར་ལོ་བཀོད་པའོ། །དཔའ་བོ་དཔའ་མོ་རྣམས་ཀྱིས་འགྲོ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด