རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙ · หน้า 136b
པདྨར་བརྟེན་པའི་ཡི་གེ་ཧཱུྃ་གི་འོད་རླུང་གིས་བསྐྱོད་པའི་གཏུམ་མོའི་འོད་དང་ལྷན་ཅིག་ཏུ་གྱུར་ནས་ཕྱིར་བྱུང་བ་དེ་དང་དེ་འདྲེས་པའོ། །ཞུགས་བསམས་ན་ཞེས་བྱ་བ་ནི་འོད་དེ་དག་དང་འདྲེས་པའི་སྒྲའི་ཚོགས་མེ་ལྕེའི་ཕུང་པོ་ལྟ་བུ་དེ་སླར་ཡང་རང་གི་སྙིང་གར་བརྟེན་པའི་པདྨའི་གནས་སུ་གཞུག་པར་བྱ་ཞེས་བྱ་བའི་
དོན་ཏོ། །འདི་ནི་ཡན་ལག་གི་དོན་ཡིན་ནོ། །འདི་དག་གི་བསྡུས་པའི་དོན་ནི་སྔར་བསྟན་པ་ལྟར་ལྟེ་བའི་ནང་དུ་ཆུད་པའི་སྤྲུལ་པའི་འཁོར་ལོ་བསྒོམས་ཏེ། རླུང་གིས་མེ་སྦར་བ་བལྟས་ལ་དེར་གནས་པའི་ས་བོན་གྱི་འོད་ཟེར་གྱིས་སྙིང་གའི་ཆོས་ཀྱི་འཁོར་ལོར་ཆུད་པའི་ཧཱུྃ་ལ་བསྐུལ་ནས་དེའི་འོད་དང་ལྷན་ཅིག་
ཏུ་གྱུར་ནས་སྣ་སྒོ་གཡས་པ་ནས་བྱུང་སྟེ། འཇིག་རྟེན་གསུམ་ན་གནས་པའི་སྒྲའི་ཚོགས་དང་འདྲེས་ནས་ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་ཕུང་པོར་གྱུར་ཏེ། གང་འདོད་པའི་རྣ་བའི་ལམ་ནས་བཅུག་ལ་སྙིང་གའི་པདྨར་ཐིམ་པར་བསྒོམ་པ་འདི་ཡིན་ནོ། །བསྒོམ་པའི་སྦྱོར་བ་འདི་ཡིས་ནི། །ཞེས་བྱ་བ་ནི་
འདས་མ་ཐག་པའི་སྦྱོར་བ་དེ་ཡིས་ཏེ། བྱེ་བྲག་ཏུ་ནི་གཟུགས་ཐམས་ཅད་དང་འདྲེས་ནས་མིག་གི་ལམ་ནས་གཞུག་པར་བྱ་བའོ། །སྐད་ཅིག་གིས་ཞེས་བྱ་བ་ནི་ད་ལྟར་གནས་པ་བཞིན་དུའམ་ཐོགས་པ་མེད་པར་འགྱུར་རོ། །གསལ་བར་མཐོང་ཞེས་བྱ་བ་ནི་ལག་མཐིལ་ན་གནས་པའི་དངོས་པོ་ལྟར་མཐོང་བའོ། །
དེ་བཞིན་དུ་གཞན་གྱི་སེམས་ཤེས་པ་དང་། ལུས་ཀྱི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དེ་དག་ཀྱང་ཆོ་གའི་སྦྱོར་བ་དེ་ཉིད་ཀྱིས་རྗེས་སུ་དཔག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བསྟན་དང་མ་བསྟན་གང་ཅི་འང་རུང་། །ཞེས་བྱ་བ་ལ་སོགས་པ་སྟེ། མ་བསྟན་པ་ནི་ལེའུ་འདིར་མ་བསྟན་པའི་མངོན་པར་ཤེས་
པ་ལྷག་མ་རྣམས་སོ། །བསྟན་པ་ནི་དེ་ཉིད་ལེའུ་གཞན་དང་རྒྱུད་གཞན་དག་ཏུ་བསྟན་པའོ། །དེ་ཀུན་ང་ཡིས་ཡང་དག་བཤད། །ཅེས་བྱ་བ་ནི་ཆོ་གའི་སྦྱོར་བ་འདིར་བསྟན་པ་གཉིས་ལ་ལྟོས་པའི་ཕྱིར་བསྟན་པ་དང་འདྲའོ་སྙམ་དུ་དགོངས་པ་ཡིན་ནོ། །ད་ནི་འཕོ་བའི་སྒོ་རྣམས་ཀྱི་སྐྱོན་ཡོན་གསུངས་པ།
ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །ཞེས་བྱ་བ་ལ་སོགས་པ་སྒྱུ་མ་ཆེ་ནི་བོད་པའོ། །དགེ་བའི་སྒོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བ་དང་སྦྱར་རོ། །ཐར་པའི་དངོས་གྲུབ་རབ་སྟེར་བ། །ཞེས་བྱ་བ་ནི་ཐར་པ་དང་མཐུན་པའི་ལྷའི་ལུས་ཏེ། གསེར་གྱི་སྒོ་ནས་འགྲོ་བ་དང་སྦྱར་རོ། །དེ་ཉིད་
เล่ม ๑๙ · หน้า 137a
ཀྱིས་ནི་མཆོག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོག་ནི་ཐར་པ་དང་མཐུན་པའི་རིག་འཛིན་གྱི་ལུས་སོ། །ཐ་མ་ནི་ངན་སོང་གསུམ་གྱི་ལུས་སོ། །དོན་གྱིས་ནི་བར་པ་ཡང་གཟུང་བར་བྱ་སྟེ། ལྷ་དང་མིའི་ལུས་སོ། །དེ་དག་གིས་ནི་འགྲོ་བའི་བྱེ་བྲག་གི་སྒོ་རབ་འབྲིང་གསུམ་དུ་བསྟན་
པ་ཡིན་ནོ། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཞེས་བྱ་བ་ནི་གང་གི་རྣམ་པར་ཤེས་པ་ལྟེ་བའི་སྒོ་ནས་འགྲོ་བ་དེ་ནི་འདོད་པའི་ཁམས་ཀྱི་ལྷར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐིག་ལེའི་གཟུགས་ཅན་མཐོ་རིས་ཏེ། །ཞེས་བྱ་བ་ནི་སྨིན་མའི་དབུས་ཀྱི་སྒོ་ནས་འགྲོ་བ་གང་ཡིན་པ་དེ་གཟུགས་ཀྱི་
ཁམས་ཀྱི་ལྷར་སྐྱེ་བའོ། །སྟེང་ནས་འགྲོ་བ་ཞེས་བྱ་བ་ནི་གསེར་གྱི་སྒོ་ནས་འགྲོ་བའོ། །མྱུར་དུ་འགྲོ་བ་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་འཕོ་བ་སྟེ་སྟེང་གི་འགྲོ་བ་ཞེས་བྱ་བ་ཐར་པའི་ལམ་དང་མཐུན་པའི་ཡིད་ལས་བྱུང་བ་ནི་ལྷའི་ལུས་ཏེ་འགྲོ་བ་ཐམས་ཅད་ཀྱི་བླ་མར་གྱུར་པའི་ཕྱིར་རོ། །ཡང་ན་མྱུར་བར་བདེ་འགྲོ་
ཁྱད་པར་ཅན་ཐོབ་པའོ། །སྲིད་པའི་སྒོ་ཞེས་བྱ་བ་ནི་ཁའོ། །ཆུ་ཞེས་བྱ་བ་ནི་གཅི་བའི་ལམ་མོ། །ཆུ་མིན་ཞེས་བྱ་བ་ནི་བཤང་བའི་ལམ་མོ། །ཐར་པའི་ལམ་ནས་གཞན་དུ་འགྲོ །ཞེས་བྱ་བ་ནི་སྒོ་དེ་དག་ཐར་པ་དང་མི་མཐུན་པའོ། །ཁ་ཅིག་ན་རེ་ཐར་པའི་ལམ་ནི་གསེར་གྱི་སྒོ་ཡིན་ལ། གཞན་དུ་
འགྲོ་ཞེས་བྱ་བ་ནི་གང་དུ་འདོད་པར་འཕོ་བའོ་ཞེས་ཟེར་རོ། །གཞན་དག་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ལྷའི་ཏིང་ངེ་འཛིན་གྱིས་ནི་ཐར་པར་འགྱུར་ལ། གཞན་དུ་སྟེ་བདག་མེད་པའི་ཤེས་རབ་དང་བྲལ་ན་འགྲོ་བ་སྟེ་འཁོར་བར་འགྱུར་རོ། །དེ་ཡང་གསུངས་པ། ཡང་དག་ཇི་བཞིན་ཡོངས་
ཤེས་ནས། །མཐར་ནི་ཡང་སྲིད་མེད་པར་འགྱུར། །ཞེས་བྱ་བར་འདོད་དོ། །གོང་དུ་འཕོ་བ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། སྔོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་བུམ་པ་བརྩམས་པ་ཡིས། །ཞེས་བྱ་བ་ནི་སྒོ་སྦྱང་བའི་དུས་སུ་བུམ་པ་ཅན་བསྟན་པ་ལྟར་འཕོ་བའི་དུས་སུ་ཡང་
བུམ་པ་ཅན་བྱ་སྟེ། སྒོ་ཐམས་ཅད་དུ་ས་བོན་རྣམས་བཀོད་པས་བསྡམས་ཤིང་བཙིར་བ་ལ་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ས་བོན་རྣམས་དགོད་པ་གསུངས་པ། རྒྱས་པ་ལྔ་ཡིས་ཞེས་བྱ་བ་ལ་སོགས་པ། རྒྱས་པ་ལྔའི་མཆོད་རྟེན་ནི་མགོའོ། །དེའི་སྒོའི་བུ་ག་ནི་གསེར་གྱི་སྒོའོ། །བསྒོམ་
เล่ม ๑๙ · หน้า 137b
པར་བྱ་བ་ནི་དེར་ཧཱུྃ་དཀར་པོ་དགོད་པར་བྱའོ། །ཡང་ན་རྒྱས་པ་ལྔའི་མཆོད་རྟེན་ནི་ཡི་གེ་ཧཱུྃ་ངོ་། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །འོག་གི་སྒོ་ཞེས་བྱ་བ་ནི་དེའི་འོག་ཏུ་སྟེ་མགྲིན་པའི་ནང་དུའོ། །ཅི་ཞིག་ཅེ་ན། ཆུ་ཡི་ས་བོན་དཀར་པོ་བསམ། །ཞེས་བྱ་བ་སྟེ་ཡི་གེ་སྨྼྻུྃ་ངོ་། །དེ་ལ་ཕྲག་པ་གཉིས་སུ་ནི་
ཧྨྼྻུྃ་ངོ་། །སྙིང་གར་ནི་ཀྵྨྼྻུྃ་ངོ་། །ལྟེ་བར་ནི་ཀྵྨྼྻུྃ་ངོ་། །ཆུ་དང་ཆུ་མིན་གྱི་སྒོ་ནི་བཤད་ཟིན་ཏོ། །མེའི་ས་བོན་འབར་བ་ནི་སྒོ་དེ་གཉིས་སུ་ཡང་མེའི་མདོག་ཅན་གྱི་ཀྵྨྼྻུྃ་དགོད་པའོ། །ཡང་ན་གསེར་གྱི་སྒོར་ས་བོན་ཀྵུཾ་སེར་པོའོ། །མིག་གཉིས་སུ་ནི་ཧཱུྃ་སྔོན་པོའོ། །རྣ་བ་གཉིས་དང་སྣ་གཉིས་དག་ཏུ་ནི་ཡུཾ་
དམར་པོའོ། །ཁར་ནི་ས་བོན་སུྃ་སྟེ་དེ་དག་གིས་བུམ་པ་ཅན་དུ་བྱས་ནས་འཇུག་པ་དང་འབྱུང་བའི་བཟླས་པ་ལ་གོམས་པར་བྱའོ་ཞེས་པའི་དོན་ཏེ་དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ལ་ཤིན་ཏུ་མཉམ་གཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ། །ཞེས་སོ། །དེ་ལྟར་སྔོན་དུ་
བརྩམས་ནས། ད་ནི་དངོས་སུ་འཕོ་བ་བསྟན་པའི་ཕྱིར། ལུས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ནི་རླུང་གི་མདོག་ཏུ་སྟེ། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་སྙིང་གར་རླུང་གི་དཀྱིལ་འཁོར་བསྒོམས་ལ་དེའི་དབུས་སུ་ལུས་ནི་སྟེ་ཧཱུྃ་གི་ལུས་རླུང་གི་མདོག་ཏུ་སྟེ་རླུང་ལྟར་
སྔོ་བ་བསྒོམ་པ་སྟེ་བསམ་པར་བྱའོ། །འདིར་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བར་བལྟ་སྟེ། དྲུག་པ་དང་དབུས་ཀྱི་སྒྲ་མི་མངོན་པ་ཡིན་ནོ། །རླུང་གི་ས་བོན་རྩ་བར་ཏེ། །ཞེས་བྱ་བ་ལ་རླུང་གི་ས་བོན་ནི་ཡའོ། །ས་བོན་དེ་ཐིག་ལེའི་སྒྲ་དང་ལྡན་པ་སྟེ་བསྡུས་པས་ཡཾ་ཞེས་བྱ་བར་འགྱུར་རོ། །རྩ་བ་ནི་
རླུང་གི་རྩ་བར་ཏེ་བསྒོམས་ཞེས་བྱ་བ་དང་འབྲེལ་ཏོ། །རླུང་གི་མཐའ་ནི་རྩ་བ་ཅན། །ཞེས་བྱ་བ་ལ་རླུང་གི་མཐའ་ནི་རླུང་གི་སྟེང་ངོ་། །རྩ་བ་ནི་རླུང་གི་ས་བོན་ཡཾ་སྟེ་དེ་དང་ལྡན་པར་བྱའོ། །རྩ་བའི་ས་བོན་ནི་ས་བོན་ཧི་དང་། ས་བོན་ཀཾ་ངོ་། །དྲང་བ་ནི་ཡན་མན་བཟློག་ཅིང་བསྣུན་པའོ། །དེ་དག་གིས་ནི་འདི་
སྐད་དུ་སྙིང་གར་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ས་བོན་ཧཱུྃ་བསྒོམས་ལ། རླུང་གི་སྟེང་དང་འོག་ཏུ་ཡང་ས་བོན་ཡཾ་གཉིས་བཀོད་ལ། དེ་གཉིས་ཀྱི་དབུས་སུ་རྩ་བའི་ས་བོན་ཧི་ཀ་བསམས་ལ། གང་གི་ཚེ་རླུང་སྟེང་དུ་ལྡང་བའི་ཚེ་ཡཾ་གི་ས་བོན་ནི་སྟེང་དུ་ཧི་ནི་འོག་ཏུ་བསམ་ཞིང་དེ་བཞིན་དུ་ཀའི་ས་བོན་ནི་
เล่ม ๑๙ · หน้า 138a
སྟེང་དུ་བསམ་ཞིང་ཡཾ་གི་ས་བོན་ནི་འོག་ཏུ་བསམ་མོ། །གང་གི་ཚེ་རླུང་འོག་ཏུ་འབར་བའི་ཚེ་ནི་དེ་ལས་བཟློག་པར་བལྟ་བར་བྱའོ། །འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས། །སྒྲ་དང་སྒྲ་ཡིས་འཕུལ་བར་བྱེད། །ཅེས་བྱ་བ་ལ་འོག་ཏུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་སྟེང་དང་འོག་ཏུའོ། །འཕུལ་
ཞེས་བྱ་བ་ནི་ཡན་མན་རླུང་གི་དཀྱིལ་འཁོར་འདྲེན་པའོ། །གང་གིས་ཤེ་ན། སྒྲ་དང་སྒྲ་ཡིས་ཏེ་ཧི་ཀའི་སྔགས་ཡང་དང་ཡང་དུ་བཟླས་པས་ཡན་མན་དུ་དྲངས་ཏེ་གོམས་པར་བྱས་ལ་མཐར་དེ་ཉིད་ཀྱིས་འདོད་པའི་ལམ་ནས་གཏང་བར་བྱའོ། །གོམས་པ་དེ་ཡང་ཉི་ཤུ་རྩ་གཅིག་ཙམ་དུ་སྦྱང་བར་བྱའོ། །
གང་དུ་འཕོ་བའི་དུས་ཤེས་པར་བྱ་བ་བཟླས་ཏེ་བསྟན་པའི་ཕྱིར་དུས་ལ་བབ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆི་ལྟས་ཀྱིས་འཆི་བའི་དུས་ལ་བབ་ན་བྱའི་གཞན་དུ་ནི་མ་ཡིན་ནོ། །གཞན་དུ་ན་ཉེས་པ་ཅིར་འགྱུར་ཞེ་ན། དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་བྱ་བ་སྟེ་རང་གི་ཕུང་པོ་
ལ་སོགས་པའི་ལུས་ཉིད་ལྷ་རྣམས་ཀྱི་རང་བཞིན་ཏེ། དེ་རྣམས་གསོད་པ་པོར་འགྱུར་རོ། །དེས་ཀྱང་ཅིར་འགྱུར་ཞེ་ན། ལྷ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སྐྲ་དཀར་བཅིངས་པ་གསུངས་པ། རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་སྔར་བསྟན་པ་ཞེས་བྱ་བ་ནི་མགོ་བོར་བདེ་བ་
ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་བསྟན་ཏོ། །སྔོ་ཞེས་བྱ་བ་ནི་དེར་ཡི་གེ་ཧཾ་སྔོན་པོ་བདུད་རྩིའི་ཆུ་རྒྱུན་འབབ་པ་སྟེ། བསྒོམ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བདེ་བ་ཕུན་སུམ་ཚོགས་ཞེས་བྱ་བ་ནི་རྣལ་འབྱོར་པ་ལ་བདེ་བ་སྟེར་བའི་གནས་ཏེ་ཚེ་དང་ནད་མེད་པ་ལ་སོགས་པའི་བདེ་བ་སྟེར་བའི་ཕྱིར་
རོ། །སྟེང་གི་རྩ་བ་བཟའ་བར་བྱ། །ཞེས་བྱ་བ་ལ། སྟེང་གི་རྩ་བ་ནི་པདྨ་དེ་ཉིད་ཀྱི་ཁྱད་པར་ཏེ། རྩ་བ་སྟེང་དུ་ཟུག་པའི་ཕྱིར་རོ། །བཟའ་བར་བྱ་བ་ནི་དེའི་བདུད་རྩི་ལ་ལོངས་སྤྱོད་པའོ། །རྣམ་པ་གཞན་གསུངས་པ། ཆུ་དང་སྐྱ་རེངས་ལྡན་པ་དག །ཅེས་བྱ་བ་ལ་སོགས་པ་ལ། ཆུ་ཞེས་བྱ་བ་ནི་
བྱང་ཆུབ་ཀྱི་སེམས་སོ། །སྐྱ་རེངས་ཞེས་བྱ་བ་ནི་ལུད་པའོ། །གཡོན་པའི་བདུད་རྩི་ཞེས་བྱ་བ་ནི་མེ་ཏོག་གོ། །སྦྱར་བྱས་ལ་ཞེས་བྱ་བ་ནི་རྫས་གསུམ་པོ་དེ་དག་ཆ་མཉམ་སྟེ་སྦྱར་ནས་ཐོ་རངས་ཀྱི་དུས་སུ་རྒྱུན་དུ་བཟའ་བར་བྱའོ། །ཁ་ཅིག་ནི་སྟེང་གི་རྩ་བ་ཞེས་བྱ་བ་ནི་ཟླ་བ་བརྒྱད་པའི་ལྟོ་སྐྱེས་ཀྱི་
เล่ม ๑๙ · หน้า 138b
ཤ་སྟེ། དེ་དང་མེ་ཏོག་ལ་སོགས་པའི་རྫས་སུ་བསྲེས་ཏེ་བཟའ་འོ་ཞེས་ཟེར་རོ། །ཟོས་ན་ཞི་དང་རྒྱས་པ་སྟེ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་ཞི་བ་ལ་སོགས་པའི་ལས་འགྲུབ་པའོ། །ཡང་ན་ནད་ལ་སོགས་པ་ཞི་བ་དང་། ཚེ་དང་ན་སོ་ལ་སོགས་པ་འཕེལ་བའོ། །སྦྱོར་བ་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་ནོ། །
རྙིངས་དང་སྨིན་མ་འཇོམས་པར་བྱེད། །ཅེས་བྱ་བ་ལ། རྙིངས་པ་ནི་གཉེར་མ་ལ་སོགས་པའོ། །སྨིན་མ་ནི་སྐྲ་དཀར་རོ། །ནམ་མཁར་འཕུར་བའི་བསྒྲུབ་པ་གསུངས་པ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་སླར་ཡར་བཟློག་པ་ཡིས་ཞེས་བྱ་བ་ནི་རྣམ་པ་གཞན་སྟོན་པར་བྱེད་པའི་ཚིག་ཕྲད་དོ། །རླུང་
དང་མེ་ཡི་བྱེ་བྲག་གིས། །ཞེས་བྱ་བ་ལ། རླུང་ནི་རླུང་གི་དཀྱིལ་འཁོར་རོ། །མེ་ནི་མེའི་དཀྱིལ་འཁོར་ཏེ། དབྱིབས་གཞུ་ལྟ་བུ་དང་། གྲུ་གསུམ་གྱི་ཚུལ་དུ་སོ་སོར་བསྒོམ་པ་ནི་བྱེ་བྲག་གོ། །རྐང་པའི་འཁོར་ལོར་དྲན་པར་བྱ། །ཞེས་བྱ་བ་ལ། རྐང་པ་ནི་རྐང་པའི་འོག་ཏུའོ། །དྲན་པ་ནི་བསྒོམ་
པའོ། །ཡིད་ཀྱིས་རབ་ཏུ་ཞིར་སྦྱར་ནས། །ཞེས་བྱ་བ་ནི་རང་གི་ལུས་འོད་ཙམ་གྱིས་ལུས་ལ་བདག་མེད་ཅིང་མིག་ཡོར་ལྟ་བུར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁར་འཕུར་བའི་འབྲས་བུ་གསུངས་པ། མཁའ་འགྲོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ནང་གི་ངག་གི་དངོས་
གྲུབ་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ་ལུགས་ལས་བཟློག་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །ཁ་དོག་དཀར་པོའི་པདྨ་བསམ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་གར་པདྨ་དཀར་པོ་བསམས་ལ། དེའི་སྟེང་དུ་རྣམ་པར་ཤེས་པའི་ཧཱུྃ་བཀོད་དེ་སྔར་བཤད་པ་
བཞིན་ཙཎྜ་ལཱིའི་ས་བོན་གྱི་རང་གི་སྙིང་གར་ཡང་དེ་བཞིན་དུ་ཧཱུྃ་གི་ས་བོན་བཀོད་པ་བསྐུལ་ལ། དེའི་འོད་ཟེར་གྱིས་བསྒྲུབ་པར་བྱ་བའི་རྣམ་པར་ཤེས་པ་འཕྲོགས་ནས་རང་གི་སྙིང་གར་གཞུག་པ་དང་། རང་རང་གི་རྣམ་པར་ཤེས་པ་ཡང་བསྒྲུབ་བྱའི་སྙིང་གར་གཞུག་པར་བྱའོ། །དེའི་ཕྱིར།
བསྒྲུབ་བྱའི་དབུས་སུ་སྦྱར་ནས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟག་ཏུ་ངག་གིས་དངོས་གྲུབ་བྱེད། །ཅེས་བྱ་བ་ནི་ངག་ཙམ་གྱིས་དངོས་གྲུབ་བྱེད་པ་སྟེ། ཚེགས་མེད་པར་གྲུབ་པའི་དོན་ཏོ། །རླུང་གི་དཀྱིལ་འཁོར་འཁྲུག་པ་བལྟ། །ཞེས་བྱ་བ་ནི་རང་གི་རྣམ་པར་ཤེས་པ་
เล่ม ๑๙ · หน้า 139a
བསྒྲུབ་བྱའི་སྙིང་གར་གཞུག་པ་སྟོན་པ་ཡིན་ཏེ། རང་གི་རྣམ་པར་ཤེས་པ་རླུང་གི་དཀྱིལ་འཁོར་འཁྲུག་པ་ལ་ཞོན་ནས་རང་གི་ཁ་ནས་བྱུང་སྟེ། བསྒྲུབ་བྱའི་ཁར་ཞུགས་ནས་སྙིང་གའི་པདྨར་ཐིམ་པར་བསྒོམ་པར་བྱའོ། །བསྒྲུབ་པར་བྱ་བའི་རྣམ་ཤེས་དགུག་པ་ལ་ཡང་དེ་ལྟར་བལྟ་
བར་བྱའོ། །རླུང་གི་ལམ་ནས་བསྒྲུབ་བྱའི་ལུས་ལ་ཐིམ་པར་གྱུར་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པའི་ནང་གི་བདག་ཉིད་ཀྱི་ཚར་བཅད་པའི་ཉེ་བར་བསྡུ་བ་བསྟན་པ་ཡིན་ཏེ་གོ་སླའོ། །ཚིགས་དགུ་ལས་ནི་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་འཕོ་བ་ཉེ་བར་བསྡུ་བ་གསུངས་པ་ཡིན་ཏེ།
སྟེང་ཞེས་བྱ་བ་ནི་སྟེང་གི་སྒོ་ནས་སོ། །མོད་ལ་ཞེས་བྱ་བ་ནི་འཕྲལ་དུའོ། །མཆོག་ཅེས་བྱ་བ་ནི་དམ་པའོ། །སྟེང་དུ་འཕོ་བའི་སྔགས་པ་གསུངས་པ། ལྷ་དང་བྲམ་ཟེ་གསོད་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་མ་གསོད་པ་དང་ཕ་གསོད་པ་
དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་འབྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་རྣམས་ཏེ། དེ་དག་བྱེད་པའོ། །རྐུ་འཕྲོག་འདོད་ལ་སྤྱོད་པ་ཡང་། །ཞེས་བྱ་བ་ལ་རྐུ་འཕྲོག་ནི་མ་བྱིན་པར་ལེན་པའོ། །འདོད་པ་ལ་སྤྱོད་པ་ནི་འདོད་པ་ལ་ལོག་པར་གཡེམ་
པ་ལ་སྤྱོད་པའོ། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །ཞེས་བྱ་བ་ནི་གོང་དུ་འཕོ་བའི་ལམ་འདིས་སྡིག་པ་ཆེན་པོ་བྱེད་པ་དེ་དག་ཀྱང་དག་ཅིང་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ལས་ནི། ཉིན་རེ་བྲམ་ཟེ་གསོད་པ་དང་། །ཞེས་འབྱུང་སྟེ། རྒྱུན་དུ་བྲམ་ཟེ་གསོད་པའི་སྡིག་བྱེད་པའོ། །སྲིད་པའི་སྐྱོན་
ལས་རིང་དུ་འགྲོ། །ཞེས་བྱ་བ་ལ། སྡང་ཞིང་སུན་འབྱིན་པར་བྱེད་པས་ནི་སྲིད་པའི་སྐྱོན་ཏེ་ཉོན་མོངས་པའི་སྡིག་དང་ངན་འགྲོའི་སྐྱེ་བའོ། །རྣམ་པར་དག་པའི་དཔེ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལུས་ཀྱི་འདམ་ལས་ནི་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་སྡིག་ལས་སྐྱེས་པའི་ལུས་
སོ། །ཡེ་ཤེས་སྐུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་འཇམ་དཔལ་དང་འདྲ་བར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་འདོད་བཞིན་འགྲོ་ཞེས་བྱ་བ་གསུངས་ཏེ། རང་གི་འདོད་པ་བཞིན་རྒྱུ་ཞིང་སྤྱོད་པའོ། །གོང་དུ་འཕོ་བ་ཞེས་བྱ་བ་ལ། གོང་དུ་འཕོ་བའི་བསམ་གཏན་ནི་བདག་ཉིད་ཚར་གཅོད་པའི་ཏིང་ངེ་འཛིན་
เล่ม ๑๙ · หน้า 139b
གྱི་བདག་གོ། །སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་ནི་གོ་སླའོ། །སྦྱོར་བ་ནི་གཞན་གྱི་རྣམ་པར་ཤེས་པ་དབྲོག་པ་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །འབྱུང་བ་ནི་བསྟན་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་
ལས་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།བརྡ་མ་རྟོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཐ་སྙད་ལ་འཇུག་པར་མི་འགྱུར་བས་གོང་དུ་འཕོ་བ་ལ་སོགས་པ་བསྟན་པའི་འོག་ཏུ་ལག་པའི་བརྡ་དང་ངག་གི་བརྡ་གསུངས་པ། ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །ཞེས་བྱ་བ་ལ་
སོགས་པ་ལ། ངག་ཅེས་བྱ་བ་ནི་ངག་གི་ཕྱག་རྒྱའོ། །འདིས་རྣལ་འབྱོར་པ་དང་རྣལ་འབྱོར་མར་མཚོན་པར་བྱེད་པས་ན་མཚན་ཉིད་དེ་དག་དང་ཕྱག་རྒྱའི་མཚན་ཉིད་དོ། །གཡས་ཀྱི་ཆ་རུ་རྣལ་འབྱོར་པ། །ཞེས་བྱ་བ་ནི་རྣལ་འབྱོར་པས་གཡས་ཀྱི་ཆ་གཙོ་བོར་བྱས་ནས་ཕྱག་རྒྱ་བསྟན་པར་བྱའོ། །དེ་
བཞིན་དུ་རྣལ་འབྱོར་མས་ནི་གཡོན་གྱི་ཆ་གཙོ་བོར་བྱས་ནས་བསྟན་པའོ། །གོ་ཀུ་ཞེས་བྱ་བ་ནི་རྣལ་འབྱོར་མས་ལག་པའི་ཕྱག་རྒྱ་བསྟན་པའི་འོག་ཏུ་རྣལ་འབྱོར་མས་གོ་ཀུ་ཞེས་བྱ་བའི་ངག་གི་ཕྱག་རྒྱ་བརྗོད་པར་བྱའོ། །མཐེ་བོང་འཚིར་བར་བྱེད་པ་ཞེས་བྱ་བ་ནི་མཐེ་བོང་ཆེན་པོ་གཉིས་འཇིབ་ཅིང་བཏུང་བར་བྱེད་
པའོ། །ལག་པ་རྣ་བར་རྡེབ་པ་ནི། །ཞེས་བྱ་བ་ནི་ལག་པ་གཡོན་པ་རྣ་བའི་རྩར་རྡེབ་པའོ། །བློ་ལྡན་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། དེས་འཕྲོག་བྱེད་མའི་རྟགས་སུ་ཤེས་པར་བྱ་བ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དཥྚ་ཞེས་བྱ་བ་ནི་ལྕེ་རྩ་ཅན་གྱི་ཤ་ཏའི་སྟན་ལ་གནས་པ་ཡིན་ནོ། །ཤ་བའི་
མགོ་ལྟར་སྟོན་བྱེད་པ། །ཞེས་བྱ་བ་ནི་སོར་མོ་བཅུ་མགོར་འཇོག་པའོ། །རྣལ་འབྱོར་ནན་ཏན་བྱེད་པར་མཚོན། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱིས་རྣལ་འབྱོར་ལ་འབད་པར་སྟོན་པའོ། །ང་ཡིས་སྙིང་སྡུག་གྲོགས་པོའོ། །ཞེས་བྱ་བ་ནི་ཆེ་གེ་མོ་ཡིད་དུ་འོང་བའི་མཛའ་བོར་སྟོན་པའོ། །བཀྵེ་
མ་ཡོ་ཞེས་བྱ་བ་ནི་མའི་གནས་སུ་ཡོ་བྲིས་པ་སྟེ། དོར་ཐབས་ཀྱིས་བརྗོད་པའོ། །ལག་པ་རྩ་ལ་འཇུག་བྱེད་ན། །ཞེས་བྱ་བ་ནི་རྩའི་འདབ་མ་ལ་སོགས་པར་རེག་པའོ། །ཁྱོད་ཀྱི་ཁྱིམ་དུ་ངས་ཕྱིན་པ། །ཞེས་བྱ་བ་ནི། ཁྱོད་ཀྱི་ཁྱིམ་དུ་ངས་ཕྱིན་ཏེ་སླར་ཡང་འོངས་པའོ་ཞེས་བྱ་བའི་དོན་ཏོ། །མེད་དོ་
เล่ม ๑๙ · หน้า 140a
ཞེས་བྱ་བ་སྟོན་པ་ནི་ཅི་ཡང་མེད་དོ་ཞེས་བྱ་བར་སྟོན་པ་སྟེ། དེ་ལ་ཤཱུ་ནྱ་ཏཱ་ཞེས་བརྗོད་པར་བྱའོ། །ལག་པ་བརྐྱང་སྟེ་ཞེས་བྱ་བ་ནི་གྲུ་མོ་བསྲང་སྟེའོ། །ཕུན་སུམ་ལྡན་པར་ཡོད་ཅེས་པའོ། །ཞེས་བྱ་བ་ནི་ཅི་འདོད་པ་ཐམས་ཅད་བདོག་གོ་ཞེས་སྟོན་པ་སྟེ། དེར་ཏྲི་ཀ་ས་ཧ་ཞེས་བརྗོད་
པར་བྱའོ། །ཁ་ཟས་ཟ་བར་འདོད་པའོ། །ཞེས་བྱ་བ་ནི་བཀྲེས་པར་སྟོན་པའོ། །ཞེ་གནག་གཏུམ་ལ་དྲག་པོའོ། །ཞེས་བྱ་བ་ནི་ང་ནི་ཤིན་ཏུ་ཞེ་གནག་ལ་གཏུམ་པའོ་ཞེས་སྟོན་པར་བྱེད་པའོ། །འདིར་འདོད་པ་ནི་ད་ལྟ་སྟོན། །ཞེས་བྱ་བ་ནི་ངའི་འདོད་པ་སྟོན་ཅིག་པ་སྟེ་དེར་ཨ་ནང་གྷ་ཡུ་ཏ་ཞེས་བརྗོད་
པར་བྱ་སྟེ་ཁས་ལེན་པའི་ཚིག་གོ། ལྕེ་འདྲིལ་བར་བྱེད་པ་ནི་ལྕེ་ཕྱིར་ཕྱུང་སྟེ་བསྐྱོད་པའོ། །ད་ལྟ་ཞེས་བྱ་བ་ནི་དི་རིང་ངོ་། །འཆི་བ་ནི་སྲོག་དང་འབྲལ་བའོ། །ཚེས་གྲངས་ཤེས་པར་འདོད་པའོ། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་འཚོགས་པའི་ཉི་མ་ཤེས་པར་འདོད་པའོ། །མཐེ་བོས་རི་མོ་བྲི་བར་བྱ། །ཞེས་
བྱ་བ་ནི་མཐེ་བོས་སོར་མོ་བཞིའི་ཚིགས་གསུམ་གསུམ་བཅོ་ལྔའི་གནས་སུ་རེག་པས་ཚེས་གྲངས་བསྟན་པའོ། །ཡི་གེ་ལ་སོགས་པ་ཞེས་བྱ་བ་ནི་ཡང་ན་ཚེས་གྲངས་ཏེ་ཡི་གེ་ཨ་ལ་སོགས་པ་བརྗོད་པས་བསྟན་པའོ། །སྔར་བསྟན་ཞེས་བྱ་བ་ནི་སྔར་བསྟན་པ་དྲན་པའོ། །ཉིན་ཕྱེད་དགའ་བས་རོལ་
པའོ། །ཞེས་བྱ་བ་ནི། ཉི་མ་ཕྱེད་དང་མཚན་ཕྱེད་ལ་འཚོགས་ཏེ་རོལ་པར་བྱའོ་ཞེས་སྟོན་པའོ། །རྒྱ་མཚོ་ལྟ་བུར་སྟོན་བྱེད་པ། །ཞེས་བྱ་བ་ནི་ལག་པའི་སོར་མོ་སྦྲེལ་ནས་ཕྱོགས་ཀུན་དུ་རྒྱ་མཚོའི་ཆུ་རླབས་ལྟར་སྤྲུགས་པའོ། །ད་ལྟར་འགྲོགས་ལ་འདོད་ཞེས་བྱ་བ་ནི་གནས་ཆེ་གེ་མོར་ད་ལྟ་ལྷན་ཅིག་ཏུ་
འདོང་ཤིག་ཅེས་སྟོན་པའོ། །མཐེ་བོ་ཡིས་ནི་སྲིན་ལག་ལ་རེག་པ། །ཞེས་བྱ་བ་ནི་མཐེ་བོང་དང་སྲིན་ལག་གི་སེན་མོ་ལ་ཕན་ཚུན་རེག་པའོ། །འཆི་བར་མི་འགྱུར་བ་ཞེས་བྱ་བ་ནི་བདུད་རྩི་སྟེ་ཆང་ཡོད་དོ་བར་སྟོན་པའོ། །བཟའ་ལ་སོགས་ཞེས་བྱ་བ་ནི་བཟའ་བ་ལ་སོགས་པའི་ཁ་ཟས་ཡོད་པར་སྟོན་
པའོ། །རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་ལྡན་པ་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཏེ་དེ་རྣམས་རོལ་པའི་ཕྱིར་ངག་དང་ཕྱག་རྒྱའི་བརྡར་བྱས་པའི་ཆོ་ག་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་
เล่ม ๑๙ · หน้า 140b
མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་དེ་ཁོ་ན་ཉིད་རྟོགས་པའི་གླུ་དང་དབྱངས་ལ་སོགས་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་མོས་གླུ་འདི་ཡིས་ནི་མཉེས་པར་བྱས། །ཞེས་བྱ་བར་སྦྱར་ཏེ།
བཅོམ་ལྡན་འདས་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། གར་མཛད་དེ་ཞེས་བྱ་བ་སྟེ། གར་སྔོན་དུ་འགྲོ་བའི་གླུས་མཉེས་པར་བྱས་ནས་གསོལ་བ་བཏབ་པ་ཡིན་ཏེ། མཉེས་པ་དེ་ཡང་ལུས་དང་ངག་གི་བྱ་བར་གྱུར་པའི་གར་དང་གླུའི་མཆོད་པས་ཡང་དག་པར་མཆོད་པའོ། །གླུ་
དེ་ཉིད་གསུངས་པ། ཨེ་ཝཾ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་ཞེས་བྱ་བ་ནི་ལྟེ་བའི་ཆོས་འབྱུང་བའོ། །ཝཾ་ཞེས་བྱ་བ་ནི་བཅིང་བ་སྟེ་མདུད་པའི་གནས་ཞེས་བྱ་བའི་དོན་ཏོ། །སི་ཏ་ཨ་ནུ་ར་ན་ནི་བྷ་ཞེས་བྱ་བ་ལ་དེར་སི་ཏ་ནི་བྱང་ཆུབ་ཀྱི་སེམས་སོ། །ཨ་ནུ་ར་ན་མེ་ཏོག་གོ། །ནི་བྷ་ནི་རྟེན་ཏེ་དེ་གཉིས་འབྱུང་
བའི་ལྟེ་བའི་དབུས་ཀྱི་རྩ་བའོ། །ཡང་ན་ནི་བྷ་ནི་འོད་དེ་ལྟེ་བའི་དཀྱིལ་འཁོར་ནས་འབྱུང་བའི་མེ་དང་བཅས་པའི་རླུང་གི་འགྲོ་བའོ། །དེ་ཉིད་གསུངས་པ། ཛ་ནི་ཏ་མ་དམ་ག་མ་ཨ་ག་མ་ཞེས་བྱ་བ་ལ། མ་དྷ་མ་ནི་ལྟེ་བའི་དབུས་ཏེ་རྐེད་པ་ཡིན་ལ་དེར་རླུང་གི་གཟུགས་ཀྱིས་འགྲོ་བ་དང་འོང་བར་རོལ་
པ་དེ་ལ་དེ་སྐད་ཅེས་བྱའོ། །དྷ་དྷ་ཤ་རི་ར་ཞེས་བྱ་བ་ལ་དྷ་ཞེས་བྱ་བ་ནི་འཛིན་པའོ། །ཅི་ཞིག་ཅེ་ན། དབྱངས་ཀྱི་ཡི་གེའི་ལུས་ཏེ་ཤ་རི་རའོ། །ཡང་ན་རྣམ་པར་འཁོར་བས་ན་དྷའོ། །མ་ཡ་ཞེས་བྱ་བ་ནི་ཨཾ་ཞེས་བྱ་བའི་མའི་ཕྱེད་ཚལ་ཡིན་ཏེ། སྟོང་པ་ཉིད་རྟོགས་པར་བྱེད་པའི་ཐིག་ལེ་དེའི་སྟེང་དུ་
བཞག་པའོ། །ནི་ས་ཞེས་བྱ་བ་ནི། ནི་ནི་རང་བཞིན་མེད་པའོ། །ས་ནི་ཞི་བ་སྟེ་ཆོས་ཐམས་ཅད་རང་བཞིན་མེད་པར་ཞི་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིར་ཚེག་དྲག་མི་མངོན་པ་ཡིན་ནོ། །ས་ས་ཞེས་བྱ་བ་ནི། རང་བཞིན་མེད་པའི་གཏུམ་མོའི་རྣལ་འབྱོར་དེ་ཉིད་ཀྱིས་རྟོགས་པ་ཐམས་ཅད་དྲངས་ནས་འཇོམས་པར་
བྱེད་པ་སྟེ། དེས་ན་ས་གཉིས་སྨོས་པ་ཡིན་ནོ། །ནི་ག་མ་ས་ས་ཞེས་བྱ་བ་ལ་ནི་འགྲོ་བ་སྟེ། འཁོར་བ་ཡིན་ལ་ཨ་ག་མ་ནི་དེ་ལས་དྲངས་ཤིང་དགུག་པའོ། །ངེས་པའི་ཚིག་དང་ལྡན་པ་དང་སྡིག་པའི་ལས་ཐམས་ཅད་འདྲེན་པས་ན་ས་སའོ། །རི་ག་མོ་བྷུ་ཡ་དེ་ཞེས་བྱ་བ་ནི་བོད་པ་སྟེ་དེ་ལ་རི་ག་ནི་བདག་མེད་རྣལ་
เล่ม ๑๙ · หน้า 141a
འབྱོར་མ་ཉིད་དོ། །མ་ཞེས་བྱ་བ་ནི་མཉམ་པར་གྱུར་པ་སྟེ། སུ་ཞིག་ཅེ་ན། བྷུ་ཡ་ཏེ་ཞེས་བྱ་བ་རབ་ཏུ་དགའ་བ་ལ་སོགས་པའི་སའི་བདག་པོ་སྟེ། བཅོམ་ལྡན་འདས་ཡིན་ལ་དེའི་འོ། །ཅི་ཞིག་ཅེ་ན། ས་རི་ར་ཞེས་བྱ་བ་ལ་སོགས་པ་ལ་ས་རི་ར་ནི་ལུས་ཏེ་ཅི་ཞིག་ཅེ་ན། ས་ཞེས་བྱ་བ་ནི་རྩའོ། །ས་ར་རི་
ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ་དེར་ཆུད་པའི་རྣལ་འབྱོར་རོ། །ཡང་ཅི་འདྲ་ཞེ་ན་ནི་ཤ་ཞེས་བྱ་བ་ལ་ནི་ནི་མ་ལུས་པའོ། །ཤ་ནི་འདོད་པ་སྟེ་རྣལ་འབྱོར་མ་མ་ལུས་པའི་འདོད་པའོ། །ཡང་ན་ཨཱི་ཤ་ནི་དབང་ཕྱུག་སྟེ། དབང་ཕྱུག་ཐམས་ཅད་ཐོབ་པར་བྱེད་པའོ། །མ་དྷ་མ་ཨ་དྷ་མ་ཞེས་བྱ་བ་ནི་དབུས་དང་འོག་ཏུའོ། །ཡང་
ན་འབར་བར་བྱེད་པའོ། །ས་ས་ཞེས་བྱ་བ་ལ་ས་ནི་དེ་སྟེ་ཨའོ། །ཡང་ས་ཞེས་བྱ་བ་ནི་བཅས་པ་སྟེ་ཐིག་ལེ་ལ་སོགས་པ་དང་བཅས་པར་འཇུག་བའོ། །ཤྲུ་ཏ་ནི་ས་ས་ཞེས་བྱ་བ་ལ་ཤྲུ་ཏ་ནི་འདོད་པའི་དོན་ཤེས་པའོ། །ནི་ནི་འདྲེན་པ་སྟེ་ཡིད་ཀྱི་རྣམ་པར་ཤེས་པའོ། །ས་ནི་ཡང་དག་པར་འགྲོ་བ་སྟེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་
ཏུ་འགྲོ་བ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །ཅི་ཞིག་ཅེ་ན། ས་ས་ཞེས་བྱ་བ་ལ། ལྷན་ཅིག་ཏུ་འཇུག་པས་ན་ས་སྟེ་ཡི་གེ་ཨའོ། །ཡང་ས་ཞེས་བྱ་བ་ནི་ཡིག་འབྲུ་ཐམས་ཅད་ཀྱི་མཆོག་གོ། །ས་ནི་ས་རི་ཏ་ཞེས་བྱ་བ་ལ། ས་ཞེས་བྱ་བ་ནི་ཨ་དེ་དང་ལྷན་ཅིག་ཏུ་འཇུག་པ་སྟེ་ཐིག་ལེའི་སྟེང་ན་གནས་པའི་སྒྲའོ། །ནི་ཞེས་
བྱ་བ་ནི་མ་ལུས་པའི་སྐྱེ་བོ་ཐམས་ཅད་བདེ་བར་གཤེགས་པའི་གནས་སུ་འདྲེན་པའོ། །ས་རི་ཏ་ནི་གནས་ཏེ་རྩའོ། །འདི་དག་ནི་ཅི་བྱེད་ཅེ་ན། བྷ་གཾ་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པའི་ཕྱིར་སྐལ་བ་དང་ལྡན་པར་བྱེད་པའོ། །ཡང་ན་བྷ་ག་ནི་བཅོམ་ལྡན་འདས་སོ། །མ་ནི་
བདག་སྟེ་བདག་དང་ཁྱོད་དབྱེར་མེད་པར་ཞེས་བྱ་བའི་བར་དུའོ། །མ་ག་མ་ཞེས་བྱ་བ་ནི་སླར་ཡང་རྩའི་ཁྱད་པར་བསྟན་པ་ཡིན་ཏེ། དེ་ལ་མ་ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་ཁྱབ་པར་གནས་པས་ན་མ་སྟེ་རྩ་རྣམས་སོ། །དེ་རྣམས་ནས་ཁྲག་དང་ཆུ་སེར་ལ་སོགས་པ་རྒྱུ་ཞིང་འགྲོ་བས་ན་ཨ་ག་
མའོ། །ཡང་ཅི་འདྲ་ཞེ་ན། ཨ་དྷ་མ་དྷ་མ་ས་ས་ཞེས་བྱ་བ་ལ། ཨ་དྷ་མ་ནི་མ་ལུས་པའོ། །དྷ་མ་ནི་གོ་སྐབས་འབྱེད་པ་སྟེ་ནམ་མཁའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན་དྷ་མ་ནི་བདུད་འདུལ་བ་སྟེ་མ་ལུས་པའི་བདུད་འདུལ་བའོ། །ས་ས་ཞེས་བྱ་བ་ནི་བདུད་རྣམས་འཆིང་བ་དང་འཇོམས་པར་བྱེད་པའི་
เล่ม ๑๙ · หน้า 141b
ཕྱིར་གཉིས་སྨོས་སོ། །པཱ་པ་མ་ཡ་པཱ་པ་དྷ་ན་མ་ཞེས་བྱ་བ་ལ། པཱ་པ་མ་ཡ་ཞེས་བྱ་བ་ནི་ནད་ཐམས་ཅད་ཀྱི་སྡིག་འཐུང་བར་བྱེད་པས་ན་པཱ་པ་མ་ཡ་སྟེ་བཅོམ་ལྡན་འདས་ལ་བོད་པའོ། །ཡང་ན་རྩའི་ཁྱད་པར་རོ། །ཨ་པཱ་པ་དེ་ཞེས་བྱ་བ་ལ། ཨ་པཱ་པ་ནི་དཀར་པོའི་ལས་སོ། །དེ་ཞེས་བྱ་བ་ནི་སྟེར་ཞིང་སྦྱིན་པ་
སྟེ་དཀར་པོའི་ལས་སྟེར་བའོ། །ཡང་ན་ཨ་ནི་ཉེ་བར་བསྒྱུར་བའོ། །པཱ་པ་ནི་ནག་པོའི་ལས་སོ། །ད་ནི་འདུལ་བའོ། །ན་མཿནི་ཕྱག་འཚལ་བའོ། །ཀྱེ་བཅོམ་ལྡན་འདས་སྡིག་གི་རང་བཞིན་སྡིག་མེད་པ་སྩོལ་བ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་ཞེས་བྱ་བའི་ཚིག་གི་དོན་སླར་ཡང་
བཤད་པར་བྱ་སྟེ། དེ་ལ་ཨེ་ཝཾ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་བར་དུ་རྒྱུན་ཆགས་པར་འཇུག་པའི་འགྲོ་བ་རྣམས་སོ། །དེ་ཡང་ཅི་འདྲ་ཞེ་ན། ཤྲུཾ་ཏཾ་ཞེས་བྱ་སྟེ་རྣ་བའི་རྣམ་པར་ཤེས་པས་སྤྱོད་ཡུལ་དུ་བྱས་པའོ། །འདི་ནི་ཉེ་བར་མཚོན་པ་སྟེ་མཐོང་བ་དང་རེག་པ་དང་བསྣམས་པ་དང་
མྱོང་བ་དང་བསམ་པ་ཞེས་བྱ་བ་ཐམས་ཅད་སོ་སོར་སྦྱར་བར་བྱའོ། །ཅི་ཞིག་ཅེ་ན། མ་ཡཱ་ཞེས་བྱ་བ་སྟེ་བདག་གིས་ཐོས་པ་ལ་སོགས་པ་རྣམས་བདག་སྟེ་རང་གི་སེམས་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འདི་ལྟར་མ་ཡཱ་སྟེ་སེམས་ཤེལ་ལྟར་རང་བཞིན་གྱིས་རྣམ་པར་དག་པ་རང་རིག་པ་ཙམ་ཡིན་པས།
སྐད་ཅིག་ལ་རྣམ་པར་རྟོག་པའི་ཚོན་གྱིས་ཁ་བསྒྱུར་བས་དེ་དང་དེར་སྣང་དུ་ཟིན་ཀྱང་གང་གིས་མཐོང་བ་དང་ཐོས་པ་ལ་སོགས་པའི་དོན་རྣམས་འཇིག་པར་བྱེད་པ་དེ་ནི་དཔེར་ན་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་སྣང་བ་ལྟར་ལེགས་པར་བྱས་པ་དང་། ཉེས་པར་བྱས་པ་དང་། བདེ་བ་དང་། སྡུག་
བསྔལ་བ་དང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ནི་གཟུང་བ་དང་འཛིན་པའི་གློ་བུར་གྱི་དྲི་མ་དང་བྲལ་ནས་རང་གི་སེམས་ཀྱི་སྣང་བ་ཙམ་དུ་རྟོགས་པར་གྱུར་པར་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་པ། ཆོས་རྣམས་འདི་ཀུན་སྟོང་པ་སྟེ། །རྟེན་ཅིང་འབྲེལ་འབྱུང་སྟོན་པ་ཡིན། །ཞེས་གསུངས་
སོ། །ཡང་ན་བདག་གིས་ཐོས་པ་དང་མཐོང་བ་ལ་སོགས་པ་འདི་དག་དང་། དབང་པོ་དྲུག་ནི་ཡུལ་དང་ཡུལ་ཅན་མ་ཡིན་ལ། དེ་དག་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་ལྟར་བརྫུན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཨེ་ཝཾ་སྟེ་དེ་དག་ཐམས་ཅད་རང་གིས་བྱས་ཤིང་བཅོས་པས་ན་རང་བཞིན་གྱིས་རྣམ་པར་དག་
เล่ม ๑๙ · หน้า 142a
པའོ། །དེ་ལྟར་མཆོད་པར་བྱས་ཀྱི་འོག་ཏུ་གསོལ་བ་བཏབ་པར་བལྟ་བར་བྱའོ། །དེ་ལྟར་གསོལ་བ་བཏབ་ཀྱི་འོག་ཏུ་གཟའི་འཁོར་ལོ་དང་རཱ་སའི་འཁོར་ལོ་ལ་སྤྱོད་པའི་འཁོར་ལོ་གསུངས་པ། ཤར་དུ་མེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྔར་བསྟན་པ་བཞིན་དུ་ཕན་ཚུན་
དུ་ཐིག་བཞི་བཏབ་ལ་ཡང་མཚམས་བཞི་བྲིས་ནས་ཐ་མ་བསྐོར་བ་དང་ལྡན་པས་རྩིབས་བཅུ་གཉིས་པའི་འཁོར་ལོར་འགྱུར་རོ། །དེའི་ཤར་ཕྱོགས་ཀྱི་རྩིབས་སུ་ནི་ཡི་གེ་མེ་བྲིའོ། །གཤིན་རྗེར་ནི་བྷྲེ་ཞེས་བྱ་བ་ནི་ལྷོའི་རྩིབས་ལ་ཡི་གེ་བྷྲེ་བྲི་བའོ། །ནུབ་ཏུ་མེ་ཞེས་བྱ་བ་ནི་ནུབ་ཕྱོགས་སུ་ཡི་གེ་མེ་བྲི་
བའོ། །བྱང་དུ་དེ་བཞིན་དུ་ཀུ་ཞེས་བྱ་བ་ཡང་དེ་བཞིན་ཏེ། དེ་དག་གིས་ནི་ལུག་དང་ཁྱུ་མཆོག་དང་འཁྲིག་པ་དང་ཀརྐ་ཊ་ཞེས་བྱ་བའི་རཱ་སི་བཞིའི་མིང་བསྟན་པ་ཡིན་ཏེ། དཔེར་ན་སྣམ་བུའི་གྲྭ་ནས་སྣམ་བུ་རངས་པ་འདྲེན་པ་ལྟར་མིང་གི་ཡི་གེ་དང་པོ་ཙམ་གྱིས་ཀྱང་མིང་རངས་པ་བསྟན་པར་འགྱུར་རོ། །རཱ་སི་ཞེས་
བྱ་བ་ནི་ཡི་གེ་རཱ་སི་བྲི་བའོ། །དེ་བཞིན་དུ་མ་ག་དང་། ཏུ་ཀུ་དང་བི་མ་རྣམས་ཀྱང་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་གཞུ་དང་། སེང་གེ་དང་། ཆུ་སྲིན་དང་། གཞོན་ནུ་མ་དང་། སྲང་དང་། བུམ་པ་དང་། སྡིག་པ་དང་། ཉ་ཞེས་བྱ་བའི་བར་གྱི་རཱ་སི་བརྒྱད་རིམ་བཞིན་དུ་སོ་སོར་བསྟན་པ་ཡིན་ནོ། །ད་ནི་གཟའ་རྣམ་པ་
ལྔ་དང་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་ལྔ་སྦྱར་བ་བསྟན་པའི་ཕྱིར་ཨ་ནི་སྒུར་པོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒུར་པོ་ཞེས་བྱ་བ་ནི་མིག་དམར་རོ། །ཨི་ནི་ཟླ་བ་ལས་སྐྱེས་པའོ་ཞེས་བྱ་བ་ལས་ཟླ་སྐྱེས་ནི་གཟའ་ལྷག་སྟེ་ཟླ་བའི་བུ་ཞེས་གྲགས་པའི་ཕྱིར་རོ། །ཨུ་ནི་ལྷའི་བླ་མའོ་ཞེས་བྱ་བ་ལ་ལྷའི་བླ་མ་ནི་ལྷ་
རྣམས་ཀྱི་སྟོན་པ་སྟེ་གཟའ་ཕུར་བུའོ། །ཉི་མའི་བུ་ཞེས་བྱ་བ་ནི་སྤེན་པའོ། །འོ་ཞེས་བྱ་བ་ནི་ལྟ་འོག་ཀུན་དུ་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་ཉི་མ་གསུངས་པ། གཟའ་རྣམས་ཀྱི་ནི་ཆོ་ག་ལ། །ཞེས་བྱ་བ་ལ། ཆོ་ག་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ། གཟའ་རྣམས་ཀྱི་ནང་ནས་ཟླ་བ་དང་ཉི་
མས་བསྐྱེད་པར་བྱ་བའི་གཟའ་ལྷག་པ་དང་སྤེན་པ་གཉིས་ཀྱི་ནང་དུ་ཟླ་བ་དང་ཉི་མ་གཉིས་བསྡུ་བར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་རཱ་སི་བཅུ་གཉིས་བྲིས་པའི་འཁོར་ལོ་ལ། གཟའ་རྣམས་ཀྱི་ཡི་གེ་བྲིས་ནས་སོ་སོར་སྦྱར་བ་བསྟན་པའི་ཕྱིར། ཟླ་བ་ཀརྐ་ཊ་ལ་དབང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
เล่ม ๑๙ · หน้า 142b
ཀརྐ་ཊའི་རེའུ་མིག་ལ་ཟླ་བའི་ཡི་གེ་བཀོད་ནས་དེས་དེ་ལ་ལོངས་སྤྱོད་ཅིང་མཐུན་པར་བརྩི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉི་མ་དྲང་སྲོང་གདོང་ལྔ་ལ། །ཞེས་བྱ་བ་ལ། དྲང་སྲོང་གདོང་ལྔ་ནི་སེང་གེ་སྟེ། སེང་གེའི་རེའུ་ཆ་ལ་བྲིའོ། །གཟའ་རྣམས་ལྷག་མ་ཇི་སྙེད་པ། །ཞེས་བྱ་བ་ནི། མིག་དམར་ལ་སོགས་པའི་
གཟའ་ལྷག་མ་ལྔའོ། །རཱ་སི་གཉིས་གཉིས་ལ་ནི་སྤྱོད། །ཅེས་བྱ་བ་ནི་ལུག་ལ་སོགས་པའི་རཱ་སི་ལྷག་མ་བཅུའི་རེའུ་ཆར་རིམ་བཞིན་དུ་རཱ་སི་གཉིས་གཉིས་ཀྱི་གནས་སུ་གཟའ་རེ་རེ་བྲི་བའོ། །སྤྱོད་ཅེས་བྱ་བ་ནི་སྐྱོང་ཞིང་གསོ་བ་སྟེ། འདི་ལྟར་འདྲི་བའི་ཕོ་ཉ་མེ་ཏོག་དོར་བ་དང་ལག་པས་རེག་ཀྱང་རུང་སྟེ། གཟའ་
དང་དེའི་རེའུ་ཆ་རྣམས་ཀྱི་མཐུན་པ་དང་མི་མཐུན་པར་རཱ་སི་ལས་ཤེས་པར་བྱའོ། །རཱ་སི་རྣམས་ཀྱང་སྔར་བསྟན་པའི་ཚུལ་གྱིས་འཕེལ་བ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། དེའི་སྐྱོན་དང་ཡོན་ཏན་ཤེས་པར་བྱའོ། །དེ་བཞིན་དུ་རཱ་སི་གང་ལས་སྐྱེས་པའི་མིའི་མཚན་ཉིད་ཀྱང་འཕེལ་བ་ལ་སོགས་པ་ལས་ཤེས་
པར་བྱའོ། །ད་ནི་སྒང་གཤོང་གི་འཁོར་ལོ་ཞུ་བ་གསུངས་པ། སྒང་གཤོང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། སྒང་གཤོང་ཞེས་བྱ་བ་ནི་རཱ་སི་རྣམས་སོ། །ཁྱོད་ཀྱིས་བཤད་ཅེས་བྱ་བ་ནི་སྔར་གསུངས་པའོ། །སྔར་གསུངས་མོད་ཀྱི་འོན་ཀྱང་སྐར་མ་དུས་དང་ཞེས་བྱ་བ་ལ་སོགས་པས་ཁྱད་པར་
ལ་རྨོངས་པ་སྟོན་པ་ཡིན་ཏེ། སྐར་མ་ཞེས་བྱ་བ་ནི་རྒྱུ་སྐར་རོ། །དུས་ཞེས་བྱ་བ་ནི་ཟླ་བའོ། །ཉི་མ་ཞེས་བྱ་བ་ནི་ཚེས་གྲངས་ཏེ། གཟའ་རྣམས་ཀྱང་གཟུང་བར་བྱའོ། །བྱེ་བྲག་ནི་དེ་རྣམས་ཀྱི་ཁྱད་པར་རོ། །ལུག་དང་རོ་ཧི་ཏ་ལ་སོགས་པའི་སྒྲ་ནི་གཉིས་ཀར་སྦྱོར་ཏེ། ལུག་ལ་སོགས་པའི་རཱ་སི་དང་། རོ་ཧི་ཏ་
ལ་སོགས་པའི་སའི་དབང་ཕྱུག་རྣམས་ཀྱིའོ། །གང་གི་འཆི་བ་བཤད་ཀྱིས་ཉོན། །ཞེས་བྱ་བ་གང་གི་ཞེས་བྱ་བ་ནི་ལུག་ལ་སོགས་པ་རཱ་སི་གང་ལས་སྐྱེས་པའི་མིའི་སྟེ་དེའི་འཆི་བ་ངེས་པ་ཉོན་ཅིག་པའོ། །ངེས་པ་དེ་ཡང་གསུངས་པ། ཟླ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། དུས་ཞེས་བྱ་བ་ནི་དགོངས་མོ་ལ་
སོགས་པའོ། །གདོན་ཞེས་བྱ་བ་ནི་མགུལ་ནད་ལ་སོགས་པའོ། །ནད་ཅེས་བྱ་བ་ནི་སྨྱོ་བ་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །སྒང་གཤོང་ཞེས་བྱ་བ་ནི་སྒང་གཤོང་གི་འཁོར་ལོའོ། །ཚད་མ་ཞེས་བྱ་བ་ནི་ངེས་པའོ། །གང་ཞིག་ལས་ནི་སྐྱེས་པ་ཞེས་བྱ་བ་ནི་རཱ་སི་གང་ལས་སྐྱེས་པའོ། །བརྗོད་ཅེས་
เล่ม ๑๙ · หน้า 143a
བྱ་བ་ནི་ཐུབ་པ་རྣམས་ཀྱིས་བརྗོད་ཅིང་གསལ་བར་མཛད་པ་སྟེ། དེ་འདིར་བཤད་ཀྱི་ཉོན་ཞེས་བྱ་བ་དང་སྦྱར་རོ། །ད་ནི་རཱ་སི་གང་ལས་སྐྱེས་པའི་མི་འཆི་བའི་དུས་ཀྱི་ཟླ་བ་དང་སྐར་མ་དང་གཟའ་དང་དུས་ལ་སོགས་པ་རིམ་པ་བཞིན་དུ་སྦྱར་ཏེ་གསུངས་པ། བྷ་དྲ་ཡི་ནི་ཉི་མ་ལ། །ཞེས་བྱ་བ་ལ་སོགས་
པ་སྟེ། བྷ་དྲའི་ཉི་མ་ནི་ལུག་གི་ཉི་མ་ལ་སྐྱེས་པའི་མིའོ། །དགུན་ཟླ་ར་བའི་ཞེས་བྱ་བ་ནི་དགུན་ཟླ་ར་བ་དེའི་ཚེས་གསུམ་དང་སྦྱར་རོ། །དགུན་ཟླ་ར་བ་དེའི་གཟའ་མིག་དམར་དང་རྒྱུ་སྐར་སྨིན་དྲུག་ལྡན་པ་སྟེ་འཛོམ་པར་གྱུར་ན་དེ་ནི་དེའི་འཆི་བའི་དུས་ལ་བབ་པ་ཡིན་ནོ། །ལུག་གི་མི་འཆི་བའི་དུས་བསྟན་ནས། ཁྱུ་
མཆོག་གི་དུས་བསྟན་པའི་ཕྱིར། ཁྱུ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་མཚན་མ་ལ་སོགས་པ་ཞེས་བྱ་བ་ཉིད་སྨྱོ་ཞིང་མགུལ་བའི་ནད་ཅེས་བྱ་བ་ཡིན་ཏེ། དེ་ལ་མགུལ་བའི་ནད་ནི་ལྐོག་འགགས་ཀྱི་ནད་དེ་གདོན་ལས་གྱུར་པ་ཡིན་ལ། དེ་ནི་ལུས་ཀྱི་མཚན་མ་ཡིན་ནོ། །སྨྱོ་བ་ནི་སེམས་
དྲན་པ་མེད་པར་གྱུར་པ་སྟེ། སེམས་ཀྱི་མཚན་མའོ། །དེ་ཡང་དེ་གཉིས་གཅིག་གིས་འཆི་བར་ཤེས་པར་བྱའོ། །ནམ་ཞེ་ན་དགུན་ཟླ་འབྲིང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགུན་ཟླ་འབྲིང་པོའི་ཚེས་བཞི་ལ་གལ་ཏེ་གཟའ་ལྷག་དང་སྣར་མ་འཛོམ་པར་གྱུར་ན་དགོངས་མོའི་དུས་སུ་འཆི་བར་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །སྣར་མ་ཞེས་བྱ་བ་ནི་པདྨ་ལས་བྱུང་བའི་ཕྱིར་རོ། །འཁྲིག་པ་ལས་སྐྱེས་པའི་མིའི་དུས་གསུངས་པ། དགུན་ཟླ་ཐ་ཆུངས་ཞེས་བྱ་བ་ལ་སོགས་པ་ལ་མགོ་ཞེས་བྱ་བ་ནི་རི་དགས་ཀྱི་མགོ་སྟེ། རི་དགས་ཀྱི་མགོ་ཞེས་བྱ་བར་གྲགས་པའོ། །འཁྲིག་པའི་མི་ཞེས་བྱ་བ་ནི་འཁྲིག་པ་
ལས་སྐྱེས་པའི་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཀརྐ་ཊ་ལས་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་ར་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཀརྐ་ཊ་ཞེས་བྱ་བ་ནི་ཀརྐ་ཊ་ལས་སྐྱེས་པའི་མིའོ། །ལྷག་མ་ནི་གོ་སླའོ། །སེང་གེ་ལས་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་འབྲིང་པོའི་གཉིས་ལྔ་ལ། །ཞེས་
བྱ་བ་ལ་སོགས་པ་ལ་གཉིས་ལྔ་ནི་བཅུ་སྟེ་དེའི་ཚེས་བཅུ་ལ་འཆི་བར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །གཞོན་ནུ་མ་ལས་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་ཐ་ཆུངས་ཞེས་བྱ་བ་ལ་སོགས་པ་སྟེ། བཅུ་གཉིས་ཞེས་བྱ་བ་ནི་ཚེས་བཅུ་གཉིས་ལའོ། །སྲང་ལས་སྐྱེས་པའི་དུས་གསུངས་པ། དབྱར་ཟླ་ར་
เล่ม ๑๙ · หน้า 143b
བའི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་བཅུ་བཞི་ཞེས་བྱ་བ་ནི་ཚེས་ཡིན་ནོ། །གཞན་དག་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །དབྱར་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་ནི་སྡིག་པ་ལས་སྐྱེས་པའི་མིའི་དུས་བསྟན་པ་ཡིན་ནོ། །དབྱར་ཟླ་ཐ་ཆུངས་ཞེས་བྱ་བ་ལ་སོགས་པ་ནི་གཞུ་ལས་སྐྱེས་པའི་དུས་བསྟན་
པ་ཡིན་ཏེ། དེ་དག་ནི་གོ་སླའོ། །དེ་དག་ངེས་པར་ལྡན་གྱུར་ན། །ཞེས་བྱ་བ་ནི་ཟླ་བ་དང་གཟའ་དང་སྐར་མ་རྣམས་ཏེ། དེ་རྣམས་ཇི་སྐད་སྨོས་པ་བཞིན་ལྡན་པར་གྱུར་ནའོ། །སྟོན་ཟླ་ར་བ་ཞེས་བྱ་བ་ལ་སོགས་པས་ནི་ཆུ་སྲིན་ལས་སྐྱེས་པའི་དུས་བསྟན་ཏོ། །སྟོན་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པས་ནི་
བུམ་པ་ལས་སྐྱེས་པའི་དུས་བསྟན་པ་ཡིན་ཏེ། དེ་ལ་ཟད་པ་ཞེས་བྱ་བ་ནི་ཟད་པར་བྱེད་པ་སྟེ་གཤིན་རྗེའོ། །འགྲོ་བ་ནི་དེའི་གྲོང་ཁྱེར་དུ་འགྲོ་བའོ། །ཡང་ན་ཟད་པ་ནི་ཚེ་ཟད་པའོ། །འགྲོ་བ་ནི་འཆི་བའི་དེ་ཁོ་ན་ཉིད་དུ་འགྲོ་བའོ། །སྟོན་ཟླ་ཐ་ཆུངས་ཞེས་བྱ་བ་ལ་སོགས་པས་ནི་ཉི་ལས་སྐྱེས་པའི་དུས་
བསྟན་པ་ཡིན་ཏེ། དེ་དག་ཀྱང་གོ་སླའོ། །སྔོན་དུ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་དུས་ཞེས་བྱ་བ་ནི་ལུག་ལ་སོགས་པ་ལས་སྐྱེས་པའོ། །ཞི་དང་དྲག་པོ་དཔྱད་པར་བྱ། །ཞེས་བྱ་བ་ནི་སྔོན་དུ་ཞེས་བྱ་བ་དང་སྦྱར་ཏེ། སྔོན་དུ་གཟའ་ལ་སོགས་པ་འཇམ་པ་དང་རྩུབ་པའི་ཤེས་པར་བྱའོ། །ཚེ་དང་འཆི་དུས་
ལ་སོགས་པ། །ཞེས་བྱ་བ་ནི་ཇི་སྲིད་གཅིག་གནས་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ནི་ལེགས་པར་ཤེས་ནས་སོ། །དེ་དག་གིས་ནི་འདི་སྐད་དུ་མེ་ཏོག་བོར་བ་ལ་སོགས་པའི་ཆོ་ག་ཙམ་གྱིས་ཀྱང་འཇམ་པ་དང་རྩུབ་པའི་གཟའ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱས་ལ། རོ་ཧི་ཏ་ལ་སོགས་པ་ལས་སྐྱེས་
པའི་བྱིས་པ་འདིས་ནི་འདི་སྲིད་ཅིག་འཚོ་བར་འགྱུར་རོ་ཞེས་རིམ་པ་བཞིན་ལུང་བསྟན་པར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ངེས་པར་འཆི་བར་ཚར་གཅོད་པའི་དབང་དུ་བྱས་པ་བསྟན་པའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ངེས་པར་འཆི་བ་ནི་སྲོག་འདོར་བའོ། །ཚར་གཅད་པ་ནི་བདག་གི་དབང་
དུ་བྱ་བ་སྟེ། ཐིག་ལེ་དང་སྒྲའི་རྣལ་འབྱོར་རོ། །གཞུང་གང་དུ་དེ་ལྷག་པར་སྟོན་པ་དེ་ནི་ངེས་པར་འཆི་བར་ཚར་གཅད་པའི་དབང་དུ་བྱས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།
เล่ม ๑๙ · หน้า 144a
ད་ནི་ལྟས་ལ་སོགས་པའི་སྒོ་ནས་སྐྱེ་བོ་རྣམས་གཞུག་པར་བཞེད་ནས། རྩིས་ཀྱི་ལེའུ་གསུངས་པ། ལྟས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་ཨ་ལ་སོགས་པའི་ཡི་གེའོ། །ཀཱ་ལི་ནི་ཀ་ལ་སོགས་པའི་ཡི་གེའོ། །མཉམ་བྱས་ནི་མཚུངས་པར་བྱ་
བ་སྟེ། ཇི་ལྟར་མཚུངས་པར་བྱ་ཞེ་ན། སྡེ་ཚན་དུ་ནི་བསྡེབ་པར་བྱ། །ཞེས་བྱ་བ་ལ་སྡེ་ཚན་ནི་སྡེ་ཚན་བརྒྱད་དོ། །བསྡེབ་པ་ནི་སྡེ་ཚན་སོ་སོར་རེ་རེ་ཞིང་དང་པོ་དང་འོག་མ་ལ་སོགས་པ་མཐུན་པ་དགུ་དགུར་བསྡེབ་པའོ། །དེས་ཅི་ཞིག་ཅེ་ན། དབྱངས་དང་གསལ་བྱེད་དང་པོ་སྟེ། །ཞེས་བྱ་བ་ལ་དབྱངས་ནི་ཨ་ལ་
སོགས་པའོ། །གསལ་བྱེད་ནི་ཀ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྡེ་ཚན་ལྔ་པོའི་ཡི་གེ་གང་དག་གི་མིང་གི་དང་པོར་གནས་པ་དེ་དག་ཕན་ཚུན་དུ་མཐུན་ཞིང་འཕྲོད་པར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆ་ཤས་ལྡན་ལ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་ཆ་ཤས་ལ་གནས་པ་རྣམས་སོ། །སྙིང་
སྟོབས་ཅན་ཞེས་བྱ་བ་ནི། འབད་ཅིང་བརྩོན་འགྲུས་བརྩམ་པར་བྱ་བ་སྟེ་མཐུན་པའི་ཕྱིར་རོ། །དེ་ཉིད་གསུངས་པ། དེའི་རིགས་སུ་ཤེས་པར་བྱ། །ཞེས་བྱ་བ་སྟེ། སེམས་ཅན་དེ་དང་དེའི་མིང་གི་ཡི་གེ་མཐུན་པས་རིགས་གཅིག་པ་ཉིད་ཡིན་པ་དང་། དེ་བཞིན་དུ་ལྷ་དང་དེའི་སྒྲུབ་པ་པོ་དག་ཀྱང་སྡེ་ཚན་
རྣམ་པར་དག་ཅིང་མཐུན་པར་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་པོ་ཉིད་དུ་འོས་པར་དེའི་རིགས་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་རིགས་མཐུན་པ་དེ་ཉིད་གསུངས་པ། མཐའ་ཡས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་དག་ཅེས་བྱ་བ་ནི་སྡེ་ཚན་དེ་དག་གོ། །ཡི་གེ་
བཅུ་གཉིས་སྒྱུ་མ་ཆེ། །ཞེས་བྱ་བ་ལ་སོགས་པས་ནི་རཱ་སི་ལ་སོགས་པའི་རྩིས་བསྟན་པ་ཡིན་ཏེ། ཡི་གེ་བཅུ་གཉིས་ནི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ། །འཚོ་དང་དུས་ཀྱི་རང་བཞིན་བརྗོད། །ཅེས་བྱ་བ་ལ་འཚོ་བ་ནི་སྲོག་གོ། །དུས་ནི་འཆི་བའོ། །དེ་དག་རཱ་སི་ཞེས་བྱ་བ་སྟེ། །ཞེས་བྱ་བ་
ནི། ཡི་གེ་དེ་དག་ཉིད་རཱ་སིའི་གཟུགས་སུ་བརྩི་བའོ། །སྐར་མ་ཀུན་དང་ཡང་དག་ལྡན། །ཞེས་བྱ་བ་ནི་དབྱངས་དེ་རྣམས་ཉིད་རྒྱུ་སྐར་རྣམས་ལ་ལོངས་སྤྱོད་པ་ནང་གི་སྦྱོར་བས་བརྩི་བར་བྱའོ། །ཟླ་བ་ཉི་མའི་བྱེ་བྲག་གིས། །དེ་བཞིན་འོག་དང་སྟེང་དུ་བལྟས། །ཞེས་བྱ་བ་ལ་ཟླ་བ་དང་ཉི་མའི་བྱེ་
เล่ม ๑๙ · หน้า 144b
བྲག་ནི། ཟླ་བ་དང་ཉི་མ་རྒྱུ་བའི་ལྷག་པར་བྱས་པ་སྟེ། ཟླ་བ་ཡར་ངོ་དང་མར་ངོའོ། །འོག་དང་སྟེང་དུ་བལྟ་བ་ནི་དབྱངས་དང་རཱ་སི་རྣམས་ཀྱིས་རྒྱུ་བ་སྟེ། ཡར་ངོ་ལ་ནི་འོག་ཏུ་བལྟས་ལ། མར་ངོ་ལ་ནི་བཟློག་སྟེ་བརྩི་བར་བྱའོ། །ནང་གི་ལ་ཡང་དབུགས་འཇུག་པ་ནི་འོག་ཏུ་བལྟ་བ་ཡིན་ལ་འབྱུང་བ་ནི་སྟེང་
དུ་བལྟ་བའོ། །བརྟན་པ་ཉིད་དང་གཡོ་བ་ཉིད། །ཅེས་བྱ་བ་ལ་བརྟན་པ་དང་གཡོ་བ་ནི་སེམས་རྣམ་པར་གཡོ་བ་དང་བརྟན་པ་སྟེ། བརྟན་པ་ལས་ནི་དགེ་བའི་མཚན་མ་ཤེས་པར་བྱས་ལ། གཡོ་བ་ལས་ནི་སྡིག་པའི་མཚན་མར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཉིས་པོ་གཉིས་སུ་བརྗོད་པ་
ཡིན། །ཞེས་སོ། །རྐྱང་པ་དང་ནི་སྦྱར་བ་སྟེ། །ཞེས་བྱ་བ་ལ་རྐྱང་པ་ནི་ཐུང་ངུ་ངོ་། །སྦྱར་བ་ནི་རིང་པོ་སྟེ་དེ་ཉིད་ནི་ཡང་བ་དང་ལྕི་བ་ཞེས་ཀྱང་བྱའོ། །རྒྱལ་དང་ཕམ་ཞེས་བྱ་བ་ནི། ཤིས་པ་དང་མི་ཤིས་པ་སྟེ། ཐུང་ངུ་ནི་ཤིས་ལ། རིང་པོ་ནི་མི་ཤིས་པའོ། །དེ་དག་གིས་བསྡུས་པའི་དོན་ནི་
ཨ་ལ་སོགས་པའི་ཡི་གེ་བཅུ་གཉིས་དང་ལྡན་པའི་རེའུ་མིག་བཅུ་གཉིས་པའི་འཁོར་ལོ་ལ་མེ་ཏོག་ལ་སོགས་པ་བོར་བ་ལས་ཐུང་ངུ་རྣམས་ནི་ཤིས་ལ་རིང་པོ་རྣམས་ནི་མི་ཤིས་པའོ་ཞེས་བྱ་བ་ནི་འདི་ཡིན་ནོ། །ཁྱད་པར་རྣམས་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཉིས་པོ་
སྟེང་ནི་རྒྱལ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་སྟེང་ནི་ཐུང་ངུའོ། །འོག་ནི་རིང་བའོ། །འཆི་བ་ནི་ཉེ་བར་མཚོན་པའོ། །ཡང་རཱ་སི་ལ་སོགས་པ་རྣམས་ཉི་མ་དང་ཟླ་བའི་བྱེ་བྲག་གིས་རྒྱུ་བའི་དབྱེ་བ་བསྟན་པའི་ཕྱིར། ཉི་མའི་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མའི་རྒྱུ་བ་
ནི་ཉི་མའི་འགྲོ་བའོ། །ཉི་མ་ལ་ནི་གནས་ཏེ་འཆར། །ཞེས་བྱ་བ་ནི་ཉི་མའི་རྒྱུ་བས་གཟའ་ལ་སོགས་པའི་རྒྱུ་བ་དབང་དུ་བྱས་པའོ། །རཱ་སི་རྒྱུ་བ་གསུམ་དུ་འདོད། །ཅེས་བྱ་བ་ལ་གསུམ་ནི་གཟའ་དང་སྐར་མ་དང་སྦྱར་བ་སྟེ། དེ་དག་རྒྱུ་བ་རཱ་སི་དབུགས་ཀྱི་རྒྱུ་བ་དང་རིམ་པ་བཞིན་དུ་སྦྱར་
བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དབུགས་རྒྱུ་བ་དང་ཡང་དག་ལྡན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དབུགས་རྒྱུ་བ་ནི་སྣ་སྒོའི་དབུགས་ཕྱི་ནང་དུ་གཏུལ་བའོ། །ཐམས་ཅད་ཅེས་བྱ་བ་ནི་གཟའ་དང་སྐར་མ་དང་སྦྱོར་བ་རྣམས་ཀྱི་དབུགས་རྒྱུ་བའོ། །རཱ་སི་ཤེས་པར་བྱ་བ་ཞེས་བྱ་
เล่ม ๑๙ · หน้า 145a
བ་ནི། རཱ་སི་དབུགས་ཀྱི་ངོ་བོར་ཤེས་པར་བྱའོ། །ཟླ་བའི་རྒྱུ་བ་ལ་རཱ་སི་རྒྱུ་བ་གསུངས་པ། ཀརྐ་ཊ་ཞེས་བྱ་བ་ལ་སོགས་པ་ལ་གླང་པོའི་དགྲ་ཞེས་བྱ་བ་ནི་སེང་གེའོ། །ཆ་ཤས་དྲུག་ཅེས་བྱ་བ་ནི་ཟླ་བའི་ཆ་ཤས་དྲུག་གོ། །གཟའ་ཡིས་བསྐུལ་ནས་འཆར་བར་འགྱུར། །ཞེས་བྱ་བ་
ནི། གཟའ་ཟླ་བ་དང་ཡང་དག་པར་ལྡན་པའོ། །ཆུ་སྐྱེས་ཞེས་བྱ་བ་ནི་ཆུ་སྲིན་ནོ། །ཟུང་དུ་སྤྲོད་པ་ཞེས་བྱ་བ་ནི་འཁྲིག་པའོ། །ཆ་ཤས་ལྔ་དང་བཞི་ཞེས་བྱ་བ་ཡང་ཟླ་བ་ཡིན་ཏེ། དེ་ལྟར་ན་ཟླ་བའི་རི་མོ་གསལ་བ་ཆ་ཤས་བཅོ་ལྔ་དང་། རཱ་སི་བཅུ་གཉིས་རྒྱུ་བ་སྦྱར་བ་ཡིན་ནོ། །དེ་ལ་ཉི་མའི་རྒྱུ་བ་
ནི་ཟླ་བ་མར་ངོའོ། །ཟླ་བའི་རྒྱུ་བ་ནི་ཡར་ངོའོ། །དེ་བཞིན་དུ་དབུགས་ཕྱིར་རྒྱུ་བ་ནི་ཉི་མའི་རྒྱུ་བའོ། །ནང་དུ་འཇུག་པ་ནི་ཟླ་བའི་རྒྱུ་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔ་མ་བཞིན་དུ་འཆར་བར་འགྱུར། །ཞེས་སོ། །ད་ནི་གཟའ་ལ་སོགས་པ་འཆར་བའི་བལྟས་བརྩི་བ་གསུངས་པ་སླར་ཡང་
ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུའི་མིང་དང་ལྡན་པར་བྱ། །ཞེས་བྱ་བ་ནི། འབྲས་བུའམ་མེ་ཏོག་གི་མིང་གདོན་ཞིང་གཟུང་བར་བྱ་སྟེ། འབྲས་བུ་དང་མེ་ཏོག་གི་མིང་གི་ཡི་གེ་དང་། བསྒྲུབ་པར་བྱ་བ་དང་། སྒྲུབ་པ་པོའི་མིང་གི་ཡི་གེ་རྣམས་གལ་ཏེ་སྡེ་ཚན་གཅིག་ཏུ་གྱུར་ན།
དེའི་ཚེ་མཚན་མ་དགེ་བ་ཡིན་ལ། གཞན་དུ་ན་དེ་ལས་བཟློག་པར་བལྟ་བར་བྱའོ། །ཡང་རྣམ་པ་གཞན་གསུངས་པ། ལྟས་ཆེན་འབྱུང་བ་མཉན་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། ནག་མོ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉི་ཤུ་རྩ་བཞི་ཞེས་བྱ་བ་ནི་སྔར་བསྟན་པ་ལྟར་ཟླ་བ་གཅིག་
ལ་ཚེས་ཉི་ཤུ་རྩ་བཞིར་ཕྱེ་བའི་མིང་གིས་ལྷ་མོ་ཉི་ཤུ་རྩ་བཞིའི་མིང་གཟུང་ཞིང་བརྩི་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཉིས་འགྱུར་དུ་ནི་བྱས་ནས་སུ། །ཞེས་བྱ་བ་ལ་སོགས་པ་སྟེ། ཉིས་འགྱུར་ནི་གཉིས་སུ་བསྒྱུར་ཏེ་བརྩི་བའོ། །ཅི་ཞིག་ཅེ་ན། དབང་པོའི་ཆ་སྟེ་དབང་པོ་དྲུག་གཉིས་སུ་བསྒྱུར་
བས་བཅུ་གཉིས་ཡིན་ནོ། །དེ་དག་གིས་ནི་ཟླ་བ་ཡར་ངོ་མར་ངོ་ལ་ཉི་མ་བཅུ་གཉིས་བཅུ་གཉིས་སུ་སྟོན་པ་ཡིན་ནོ། །ལྟས་ནི་ལྷག་མ་བཟུང་ནས་སུ། །ཞེས་བྱ་བ་ནི་རི་མོ་ཐ་མ་མ་མོ་གང་གི་མིང་ཡིན་པ་དེས་བརྩི་བ་སྟེ། དེ་དག་གི་དོན་ནི་འདི་ལྟར་ཐོད་ལེ་ཀོར་ལ་རྐང་པ་བརྒྱད་པ་ལ་སོགས་
เล่ม ๑๙ · หน้า 145b
པའི་སྔགས་མངོན་པར་བཟླས་ནས་དེར་སྔར་བསྟན་པ་ལྟར་གླང་གི་གཅིན་རྗེས་ལྟ་བུའི་རི་མོ་ཅི་ཙམ་སེམས་ཀྱིས་འདོད་པར་བྲིས་ལ། དེའི་རི་མོ་ཐ་མ་ནས་བརྩམས་ཏེ། རི་མོ་འབུར་བ་རྣམས་ནི་རི་མོ་དང་པོའི་བར་དུ་ཕྱོགས་གཅིག་བརྩི་བར་བྱ་སྟེ། རྩིས་ཀྱི་ཐ་མ་ནི་རི་མོའི་དང་པོ་རྣལ་འབྱོར་མ་གང་ལ་
འབབ་པ་དེའི་སྐྱོན་དང་ཡོན་ཏན་དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ལུས་ལ་གནས་པའི་དབུགས་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ནོ། །འདི་དག་གིས་ནི་མེ་ཏོག་དང་། འབྲས་བུ་དང་དབྱངས་ལ་སོགས་པའི་མིང་གཟུང་བའི་རྩིས་ཀྱི་སོ་སོའི་འབྲས་
བུ་རྟོགས་པ་བརྟན་པ་ཡིན་ནོ། །གཟའ་རྣམས་དང་ལྟས་ཀྱི་རྒྱུ་བ་དང་མིང་དང་སྡེ་ཚན་གྱི་ཆོ་གའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ། རཱ་སིའི་རྒྱུ་བ་གང་གིས་གཟའ་དང་ལྟས་རྣམས་རྒྱུ་བ་དེ་ནི་གཟའ་དང་ལྟས་ཀྱི་རྒྱུ་བའོ། །མིང་ཞེས་བྱ་བ་ནི་གསལ་བར་བྱས་པའོ། །དེ་ཅི་ཞིག་ཅེ་ན་སྡེ་ཚན་གྱི་ཆོ་ག་
སྟེ། དགུ་སྟེ་རྣམ་པ་ལྔར་བྱས་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།ད་ནི་རྒྱུ་སྐར་དང་གཟའ་རྣམས་འཆར་བའི་ལེའུ་གསུངས་
པ། ད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་རྒྱུ་བ་ཞེས་བྱ་བ་ནི་གཟའ་ཉི་མ་རྒྱུ་བའོ། །ཉིན་མོ་ནི་ཞེས་བྱ་བ་ནི་ཚེས་རྣམས་ལའོ། །ཐུན་ཕྱེད་ལྔ་དང་བདུན་པ་ལ། །ཞེས་བྱ་བ་ནི། ཉིན་མོ་དང་མཚན་མོའི་ཐུན་ཕྱེད་པ་བརྒྱད་བརྒྱད་དུ་གནས་པ་ལས། ཐུན་ཕྱེད་པ་ལྔ་པ་དང་བདུན་པ་ལ་གཟའ་ཉི་མ་རྒྱུ་བ་
དེའི་དུས་སུ་བྱ་བ་ཅི་ཡང་མི་འགྲུབ་པོ་ཞེས་བྱ་བར་སྦྱར་ཏེ། བྱ་བ་མི་འགྲུབ་ཅིང་འཇོམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྔ་ཞེས་བྱ་བ་ནི་ལྔ་པ་སྟེ། པའི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ། །རྩིས་འདིས་ཀུན་ལ་བསྒྲེ་བར་བྱའོ། །ཟླ་བ་ཡི་ནི་བཞི་དང་དྲུག །ཅེས་བྱ་བ་ནི་ཐུན་ཕྱེད་པ་བཞི་
པ་དང་དྲུག་པ་སྟེ། གཟའ་ཟླ་བའི་རྒྱུ་བ་དེ་ལ་གདོན་མི་ཟ་བར་འཇོམས་པར་འགྱུར་ཞེས་བྱ་བ་དང་སྦྱར་ཏེ། དུས་ཀྱི་རང་བཞིན་ཅན་ཞེས་བྱ་བའི་བར་དུའོ། །གསུམ་པ་དང་ལྔ་པ་ནི་མིག་དམར་གྱིའོ། །གཉིས་པ་དང་བཞི་པ་ནི་གཟའ་ལྷག་གིའོ། །བླ་མ་ཞེས་བྱ་བ་ནི་ཕུར་བུ་སྟེ། དེའི་ནི་དང་པོ་
เล่ม ๑๙ · หน้า 146a
དང་གསུམ་པའོ། །ངན་སྤང་ཞེས་བྱ་བ་ནི་པ་བ་སངས་སོ། །དེའི་ནི་གཉིས་པ་དང་བདུན་པ་སྟེ། ཤེས་པར་བྱ་ཞེས་བྱ་བ་དང་འཆི་བ་ཉིད་དུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དང་པོ་དང་དྲུག་པ་ནི་ངལ་བའི་སྟེ་ངལ་བ་ནི་སྤེན་པའོ། །དེ་དག་ལས་བཟློག་པའི་ཐུན་ཕྱེད་པ་རྣམས་ནི་བྱ་བ་རྣམས་ལ་ནི་ཤིས་པ་
ཡིན་ནོ། །ཁ་ཅིག་ནི་སྐྱེ་བའི་དུས་སུ་གཟའ་དེ་རྣམས་ལ་སྐྱེས་པ་དེ་རྣམས་ཀྱི་འཆི་བའི་དུས་བསྟན་པ་ཡིན་ནོ། །ཞེས་ཟེར་རོ། །རིགས་འཆར་བ་ཞེས་བྱ་བ་ནི་འཆི་བའི་དུས་ལ་བབ་པའོ། །དེ་དག་གི་དུས་ནི་ཡོངས་སུ་འཆད་པར་བསྟན་ཞེས་བྱ་བ་ལ་དེ་དག་ནི་གཟའ་དེ་རྣམས་ཏེ། དེ་རྣམས་
ཀྱི་འཆར་བའི་དུས་ཀྱི་ཡོངས་སུ་འཆད་པ་སྟེ། ངེས་པ་བསྟན་པ་ཡིན་ནོ། །དེ་དག་ཐུན་མོང་མཚན་ཉིད་དེ། །ཞེས་བྱ་བ་ནི། འཆི་བའི་དུས་ལ་སོགས་པ་སྔར་བསྟན་པ་དེ་དག་རྣལ་འབྱོར་པ་རྣམས་དང་། སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་ཀྱི་ཐུན་མོང་བ་ཡིན་ནོ། །རྣལ་འབྱོར་པ་ཡི་གཞན་བཤད་
ཉོན། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་འཆི་བའི་དུས་ཀྱི་མཚན་མའོ། །དེ་ཉིད་གསུངས་པ། ལྔ་ནས་ཉི་ཤུ་ལྔའི་བར་འདི་དག་གི་བརྗོད་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ལྔ་ནས་ཞེས་བྱ་བ་ལ་སོགས་པ་འདིའི་དོན་སྔར་ལེའུ་ཉི་ཤུ་པར་ཉི་མ་དྲུག་ལ་སོགས་པའི་རླུང་ཕྱིན་
ཅི་ལོག་ཏུ་རྒྱུ་བའི་དུས་བསྟན་པའི་ལྷག་མར་གྱུར་པ་ལྔ་པ་དང་བཅུ་པ་དང་བཅོ་ལྔ་པ་དང་ཉི་ཤུ་པ་དང་ཉི་ཤུ་ལྔའི་བར་དུ་རྣམ་པ་ལྔར་སྤེལ་བའི་དུས་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྔ་ཞེས་བྱ་བ་ལ་སོགས་པ་འདི་དག་ཀྱང་། པའི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ། །དེ་ལས་བཅུ་གསུམ་
གསུམ་གྱི་བར་དུ་རེ་རེ་ཞིང་སྤེལ་བར་བྱ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔའི་ལས་གོང་དུ་གྱུར་པའོ། །བཅུ་གསུམ་ཞེས་བྱ་བ་ནི་བཅུ་ཕྲག་གསུམ་སྟེ་སུམ་ཅུའོ། །གསུམ་ཞེས་བྱ་བ་ནི་གྲངས་ལྷག་པ་གསུམ་མོ། །རེ་རེ་སྤེལ་ཞེས་བྱ་བ་ནི་ཉི་མ་ཉི་ཤུ་རྩ་དྲུག་ནས་སུམ་ཅུ་རྩ་གསུམ་གྱི་
བར་དུ་རེ་རེ་ཞིང་སྤེལ་བར་བྱའི། སྔ་མ་ལྟར་ནི་མ་ཡིན་ནོ། །དེ་ལྟར་ན་ཉི་མ་དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཅུ་དྲུག་པ་དང་། བཅུ་བདུན་པ་དང་། བཅོ་བརྒྱད་
เล่ม ๑๙ · หน้า 146b
པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། རྩ་གཉིས་པ་དང་། རྩ་གསུམ་པ་དང་། རྩ་བཞི་པ་སྟེ། བར་བར་གྱི་ཉི་མ་རྣམས་མ་གཏོགས་པ་ལྔ་ནས་ཉི་ཤུ་ལྔའི་བར་དུ་ལྔ་ལྔར་སྤེལ་བའི་ཚིག་རྣམས་དང་ཉི་ཤུ་རྩ་དྲུག་ལ་སོགས་པར་སྤེལ་ནས་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །དགུན་ཟླ་ཐ་
ཆུངས་ཉི་མ་ལ། མཚུངས་གསུམ་མིག་གི་ཟླ་བ་དྲུག །ཅེས་བྱ་བ་ལ། དགུན་ཟླ་ཐ་ཆུངས་ཉི་མ་ལ། །ཞེས་བྱ་བ་ནི། སྔ་དྲོའི་ཆུ་ཚོད་གསུམ་ལ་སྟེ། འཕེལ་བའི་ཆ་ཤས་ཞེས་བྱ་བའི་དོན་ཏོ། །མཚུངས་ཞེས་བྱ་བ་ནི་སྔར་ཉི་མ་དྲུག་ལ་སོགས་པ་བོར་བ་ལ་འཕེལ་བའི་དུས་སུ་བརྩི་བ་ལྟར་འདིར་ཡང་
བརྩི་བར་བྱ། ཁ་ཅིག་ནི་མཚུངས་ཞེས་བྱ་བ་ནི་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བའི་བྱེ་བྲག་གིས་ལོ་ལ་སོགས་པ་བྲི་བ་སྟེ། མཐུན་པར་སྤེལ་ཞིང་དབྲི་བར་བྱའོ་ཞེས་ཟེར་རོ། །མིག་ཅེས་བྱ་བ་ནི་གཉིས་སོ། །ཟླ་བ་ཞེས་བྱ་བ་ནི་གཅིག་སྟེ། དེ་ལྟར་ན་ཉི་མ་ལྔ་དང་བཅུ་དང་བཅོ་ལྔའི་རླུང་བཟློག་སྟེ་རྒྱུ་བ་ན་ལོ་གསུམ་དང་
གཉིས་དང་གཅིག་ཏུ་འཚོ་བའོ་ཞེས་བྱ་བར་སྦྱར་རོ། །གསུམ་ཟུང་ཟླ་སྟེ་ཟླ་ལྷག་ཆེས་ཕྱོགས་མདའ་ཡོན་ཏན་ཐིག་ལེ་ཞེས་བྱ་བ་ལ་ཟུང་ནི་གཉིས་སོ། །ཟླ་བ་ནི་གཅིག་སྟེ་ཅི་ཞིག་ཅེ་ན། ཟླ་བའི་གྲངས་སོ། །དེས་ན་ཞག་ཉི་ཤུ་པ་དང་། ཉི་ཤུ་ལྔ་པ་དང་། དྲུག་པ་དང་། བདུན་པའི་བར་དུ་ཕྱིན་ཅི་ལོག་ཏུ་རྒྱུ་བ་
ན་ཟླ་བ་དྲུག་དང་། གསུམ་དང་། གཉིས་དང་། གཅིག་ཏུ་འཚོ་བའོ། །ལྷག་ཅེས་བྱ་བ་ནི་ལྷག་མ་སྟེ་ལྷག་མ་ནི་ཞག་གྲངས་སོ། །ཡང་ན་ཉི་མ་ཉི་ཤུ་བརྒྱད་པ་ལ་སོགས་པར་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བ་ནི་ལྷག་མ་སྟེ་དེ་དག་གི་འཚོ་བའི་དུས་ནི་ཚེས་ལ་སོགས་པའོ། །ཚེས་ནི་ཞག་བཅོ་ལྔའོ། །ཕྱོགས་ནི་
བཅུའོ། །མདའ་ནི་ལྔའོ། །ཡོན་ཏན་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ་གསུམ་མོ། །ཐིག་ལེ་ནི་ཉི་མ་གཉིས་དང་ཡང་གཅིག་གོ། །བར་བར་གྱི་ཉི་མ་མདོ་ཙམ་དུ་བསྟན་པའི་ཕྱིར་ལྔ་ལས་བཅུའི་བར་དང་། དེ་བཞིན་དུ་བཅུ་ལས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་ནས་བཅུའི་བར་ཞེས་བྱ་བ་ནི་
སྦྱར་བར་བྱ་ཞེས་བྱ་བ་དང་སྦྱར་ཏེ། སྔར་བཤད་པ་བཞིན་དུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དེ་ལ་ལྔ་ནས་བཅུའི་བར་ཞེས་བྱ་བ་ནི་ཉི་མ་དྲུག་པ་དང་བདུན་པ་དང་། བརྒྱད་པ་དང་དགུ་པ་རྣམས་སོ། །བཅུ་ནས་བཅོ་ལྔའི་བར་ཞེས་བྱ་བ་ནི་དེ་བཞིན་དུ་བཅུ་གཅིག་པ་དང་བཅུ་གཉིས་པ་དང་། བཅུ་གསུམ་པ་དང་། བཅུ་
เล่ม ๑๙ · หน้า 147a
བཞི་པ་རྣམས་ཏེ་དེ་ལྟར་ལྷག་མ་རྣམས་ཀྱང་སྦྱར་བར་བྱའོ། །ཟླ་བའི་གནས་སྐབས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་སྒྲུབ་པ་པོས་ཤེས་པར་བྱ་བའི་ཕྱིར། བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །ཅི་ཞིག་ཅེ་ན། གནས་སྐབས་ཐམས་ཅད་དུ་འགྱུར་བ་སྟེ། ཟླ་བའི་ཞེས་བྱ་བ་འོག་
ནས་འབྱུང་བ་དང་སྦྱར་རོ། །དང་པོ་སྐར་མ་བགྲང་བར་བྱ། །ཞེས་བྱ་བ་ལ། དང་པོ་ཞེས་བྱ་བ་ནི་སྐྱེ་བའི་དུས་ཀྱིའོ། །སྐར་མ་བགྲང་བར་བྱ་ཞེས་བྱ་བ་ནི། དེའི་དུས་ཀྱི་སྐར་མ་གང་ལ་ཟླ་བ་གནས་པའི་རྩིས་བྱས་ལ། ཟླ་བ་དེའི་ཆུ་ཚོད་དག་གི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་རི་མོ་བྲི་བའོ། །ཉི་མ་ཡི་ནི་ཆུ་ཚོད་དག །
ཅེས་བྱ་བ་ནི་ཞག་གང་ལས་སྐྱེས་པའི་དུས་ནས་བཟུང་སྟེ། ཞག་གི་དང་པོའི་བར་དུ་ཆུ་ཚོད་ཇི་སྙེད་འདས་པ་དེ་སྙེད་ཀྱི་མཚན་མ་བྲི་བའོ། །ཟླ་བའི་གནས་སྐབས་རྒྱུ་ཡི་ཕྱིར། །ཞེས་བྱ་བ་ནི་ཟླ་བའི་གནས་སྐབས་ཀྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་དང་པོར་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་སྟེ་
ཐོག་མ་ཉིད་དུ་ཟླ་བའི་ཆུ་ཚོད་བྲིས་ལ། དེའི་འོག་ཏུ་ཉི་མ་ཇི་སྙེད་འདས་པའི་ཆུ་ཚོད་ཀྱི་རི་མོ་བྲི་བའོ། །དེ་ནི་དྲུག་ཅུར་བསྒྱུར་བར་བྱ། །ཞེས་བྱ་བ་ནི་མཚན་མ་གཉིས་ཀྱི་གྲངས་ཇི་སྙེད་པ་དེ་དྲུག་ཅུར་འགྱུར་དུ་སྤེལ་བའོ། །སླར་ཡང་ཉི་ཚོད་ཟླ་བ་བསྣན། །ཞེས་བྱ་བ་ལ་ཉི་ཚོད་དང་ཟླ་བ་ནི་རྩིས་བྱེད་པའི་དུས་ཀྱི་
ཟླ་བ་ལ་ཆུ་ཚོད་ཇི་སྙེད་ཡོད་པ་དང་དེའི་ཉིན་མོ་ཞག་གི་དང་པོའི་བར་དུ་ཆུ་ཚོད་ཇི་སྙེད་ཅིག་འདས་པའི་མཚན་མ་དེ་གཉིས་བསྣན་པར་བྱའོ། །དྲུག་ཅུ་རུ་ནི་བསྒྱུར་བྱས་ལ། །ཞེས་བྱ་བ་ནི་དེ་དག་ཐམས་ཅད་གཅིག་ཏུ་བཟླུམས་ནས་སླར་ཡང་དྲུག་ཅུ་འགྱུར་དུ་སྤེལ་བའོ། །མདའ་དང་སྲེད་བྱེད་རོ་ཡི་ནི། །དབང་པོར་
བཅས་པའི་དེ་བཞིན་བཅད། །ཅེས་བྱ་བ་ནི་དེའི་འོག་ཏུ་སླར་དབྲི་བ་སྟོན་པ་ཡིན་ནོ། །དེ་ལ་མདའ་ཞེས་བྱ་བ་ནི་ལྔའོ། །སྲེག་བྱེད་ནི་གསུམ་མོ། །རོའི་དབང་པོ་ནི་གཅིག་སྟེ། དེ་ལྟར་ན་དང་པོ་གྲངས་དགུ་དགུར་དབྲི་བའོ། །བཅུ་གཉིས་དག་གི་ནང་ནས་ནི། །ཞེས་བྱ་བ་ནི་དེའི་འོག་ཏུ་ཡང་བཅུ་གཉིས་བཅུ་
གཉིས་དབྲི་བའོ། །ལྷག་མའི་ཆ་ཤས་གཟུང་བར་བྱ། །ཞེས་བྱ་བ་ནི་དེ་ལྟར་བྲི་བ་ལས་ཀྱང་། གང་ཞིག་ལྷག་པར་གྱུར་པའི་ཆ་ཤས་ཐ་མ་གཅིག་ནས་བརྩམས་ཏེ། བཅུ་གཉིས་ཀྱི་བར་དུ་ལྷག་མ་གང་ཡིན་པ་དེ་བཟུང་ལ་བརྟག་པར་བྱའོ། །ཉིན་དང་མཚན་གྱི་སྦྱོར་བ་ཞེས་བྱ་བ་ནི་ཉིན་མཚན་གྱི་ཆུ་ཚོད་
เล่ม ๑๙ · หน้า 147b
ཇི་སྙེད་པ་རྣམས་ཀྱིའོ། །དང་པོ་ཟླ་བ་རབ་གནས་པ། །ཞེས་བྱ་བ་ནི་ཟླ་བའི་ཆུ་ཚོད་དེ་དག་ལས་ལྷག་མའི་ཆ་ཤས་གལ་ཏེ་གྲངས་གཅིག་ལུས་པར་གྱུར་པ་དེ་ནི་དང་པོའི་ཟླ་བའོ། །དེ་ཡི་བྱ་བ་ཉམས་པར་འགྱུར། །ཞེས་བྱ་བ་ནི་ཟླ་བའི་ཆུ་ཚོད་དེའི་བྱ་བ་རྣམས་ཉམས་ཤིང་མི་འགྲུབ་ལ་གནས་སྐབས་ངན་པར་བགྲང་
བའོ། །གཉིས་པ་བཀྲ་ཤིས་པ་སྟེ་ཞེས་བྱ་བ་ལ་གཉིས་པ་ནི་ལྷག་མར་གྱུར་པའི་ཆ་ཤས་ཀྱི་རི་མོའོ། །གཉིས་ཤིག་ལུས་པ་སྟེ། དེ་ནི་སྒྲུབ་པ་པོ་ལ་ཤིས་པར་བྱེད་པའི་ཕྱིར་བཀྲ་ཤིས་ཡིན་ནོ། །གསུམ་པ་འཆི་སྟེ་གསོད་པར་འགྱུར། །ཞེས་བྱ་བ་ལ། ལྷག་མ་ནི་ཆ་ཤས་གསུམ་ལུས་པ་སྒྲུབ་པ་པོ་
གསོད་ཅིང་འཆི་བར་འགྱུར་བ་ཡིན་ནོ། །བཞི་པ་དགོད་དེ་ཚིམ་པར་བྱེད། །ཅེས་བྱ་བ་ལ་ཆུ་ཚོད་བཞིའི་རི་མོ་ལྷག་མས་ནི་བཞི་པ་སྟོན་ཏོ། །དེས་ན་དགོད་པ་དང་བཅས་ཤིང་ཚིམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རབ་གནས་པ་ཞེས་བྱ་བ་དང་། བཀྲ་ཤིས་ཞེས་བྱ་བ་དང་། འཆི་བྱེད་ཅེས་བྱ་
བ་དང་། དགོད་པ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ཟླ་བ་བཅུ་གཉིས་ཀྱི་མིང་ཡིན་ཏེ། །ཟླ་བ་དེ་དག་ཉིད་ཆུ་ཚོད་ཀྱི་རི་མོ་གཅིག་དང་། གཉིས་དང་། གསུམ་དང་། བཞི་ལ་སོགས་པའི་ལྷག་མ་མ་ལུས་པ་ལས་སྐྱིད་སྡུག་གི་གནས་སྐབས་སྟོན་པ་ཡིན་ནོ། །ལུག་ལ་སོགས་པ་བསྟན་པ་ཡིས། །ཟླ་བ་རིམ་པ་བཞིན་དུ་
རྒྱུ། །ཞེས་བྱ་བ་ནི་ཟླ་བ་དེ་དག་གི་ཆུ་ཚོད་ཀྱི་གྲངས་ནི་ལུག་ལ་སོགས་པའི་རཱ་སི་ཆུ་ཚོད་ཀྱི་གྲངས་ཀྱིས་ཤེས་པར་བྱའོ། །ཐམས་ཅད་རྒྱུ་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ཐམས་ཅད་ནི་གཟའ་དང་ཟླ་བ་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱུ་བ་ནི་འབྱུང་བའོ། །གཞུང་གང་ལས་ཐམས་ཅད་ཀྱི་འབྱུང་བ་སྟོན་པ་
དེ་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།ད་ནི་དུས་རྣམས་ཀྱི་རང་བཞིན་གསལ་བར་བྱ་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། མཆོད་ཅིང་ཞེས་བྱ་བ་ནི་
གར་ལ་སོགས་པའི་མཆོད་པའོ། །སྒང་གཤོང་འཁོར་ལོ་ཞེས་བྱ་བ་ནི་དབུགས་ཀྱི་འཁོར་ལོའོ། །དེ་རྣམས་ཞེས་བྱ་བ་ནི་དབུགས་རྣམས་ཀྱིའོ། །དུས་ཀྱི་གྲངས་ནི་ཇི་བཞིན་གསུངས། །ཞེས་བྱ་བ་ལ། དུས་ནི་མིག་བཙུམས་པ་ལ་སོགས་པའོ། །རྒྱུ་བ་ཡི་ནི་ཁྱད་པར་དག །ཅེས་བྱ་བ་ནི་དུས་
เล่ม ๑๙ · หน้า 148a
རྣམས་འཆར་བའི་བྱེ་བྲག་གོ། །དུས་ཀྱི་བགྲང་བ་ལུས་མེད་ཅིང་། །ཞེས་བྱ་བ་ལ་དུས་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་གནས་སྐབས་སོ། །བགྲང་བ་ཞེས་བྱ་བ་ནི་གནས་སྐབས་ཀྱི་ཁྱད་པར་ཏེ། སྐྱེ་བ་དང་གནས་པ་དང་འཆི་བའོ། །ལུས་མེད་པ་ཞེས་བྱ་བ་ནི་དེ་དག་ལུས་ཅན་ལས་གུད་དུ་མིག་
ལ་སོགས་པས་མི་དམིགས་པའི་ཕྱིར་རོ། །ཡང་ན་བགྲང་བ་ནི་དངོས་པོ་རྣམས་ཀྱི་གནས་སྐབས་ཡིན་ལ། དུས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཡིན་ཏེ་འཆི་བར་འགྱུར་བའོ། །དེ་ལྟར་ཡང་གསུངས་པ། མདའ་ནི་བརྒྱ་སྙེད་བསྣུན་གྱུར་ཀྱང་། དུས་ལ་མ་བབ་འཆི་མི་འགྱུར། །རྩྭ་རྩེ་རེག་པ་ཙམ་གྱིས་ཀྱང་། །
དུས་ལ་བབ་ན་འཆི་བར་འགྱུར། །ཞེས་སོ། །དུས་ལ་བབ་པ་དེ་ཡང་གནས་པའི་མཐུན་པའི་རྐྱེན་ཟད་པ་དང་། འགལ་བའི་རྐྱེན་ཉེ་བར་གནས་པ་ལས་སོ། །འགལ་བའི་རྐྱེན་ཉེ་བར་གནས་པས་ཀྱང་མཐུན་པའི་རྒྱུ་ལ་གནོད་པར་བྱེད་པ་ཡིན་ཏེ། ཡང་དག་པར་ན་རྒྱུ་ཟད་པ་ཉིད་ཀྱིས་འཆི་བར་ཤེས་
པར་བྱའོ། །དེ་ཡང་གསུངས་པ། རྒྱུ་ཟད་པ་ཡིས་ཤི་བ་ནི། །ཟད་ཅེས་བྱ་བར་བརྗོད་པ་སྟེ། རང་བཞིན་གྱིས་ནི་གང་མ་ཟད། །དེ་ཡི་ཟད་པ་ཇི་ལྟར་བརྗོད། །ཅེས་སོ། །དེ་ལ་མཐུན་པའི་རྒྱུ་ནི་མཐུན་པའི་ཁ་ཟས་ལ་སོགས་པའོ། །མི་མཐུན་པའི་རྐྱེན་ཉེ་བར་གནས་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་
དང་། འདུ་བ་ལ་སོགས་པའི་ཕྱི་ནང་གི་ནད་གཞི་འཁྲུགས་པ་དང་། བདག་དང་གཞན་གྱི་སྲོག་འཇོམས་པར་བྱེད་པའི་རྩོལ་བར་བྱེད་པའོ། །དེ་ལ་རང་གི་རྩོལ་བ་ནི་འགེགས་པ་དང་། མེ་དང་ཆུར་མཆོང་བ་དང་དུག་ཟ་བ་ལ་སོགས་པའོ། །གཞན་གྱི་རྩོལ་བ་ནི་སྟག་དང་སྦྲུལ་ལ་སོགས་པའི་སེམས་
ཅན་གྱི་གནོད་པ་དང་། ཕྱི་རོལ་གྱི་མཚོན་ཆ་ལ་སོགས་པས་བཅོམ་པའོ། །དེ་དག་གིས་འཚོ་བའི་ཉེ་བར་ལེན་པའི་རྒྱུ་ལ་གནོད་པར་བྱས་པ་མར་ཟད་པའི་མར་མེ་བཞིན་དུ་འཆི་བར་ཤེས་པར་བྱའོ། །དེ་ཡང་འཆི་བ་ཞེས་བྱ་བ་ནི་སྲོག་ཆགས་རྣམས་ཀྱི་རྒྱུན་མི་རྟག་པ་བསྟན་པ་ཡིན་ཏེ། གཞན་དུ་
འདུས་བྱས་ཐམས་ཅད་ལ་ཁྱབ་པར་བསྟན་པའི་ཕྱིར། ཐམས་ཅད་དུ་ནི་ཐམས་ཅད་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཁྱབ་པ་ཐམས་ཅད་དུ་དུས་ཀུན་དུ་གནས་པའོ། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ཞེས་བྱ་བ་ནི་རྫས་ཐམས་ཅད་ལ་ཁྱབ་པ་སྟེ། འདི་ལྟར་ཤིང་བུ་
เล่ม ๑๙ · หน้า 148b
དང་བུམ་པ་ལ་སོགས་པ་རྣམས་ལ་ནི་བྱུང་ཞིང་། བྱུང་ནས་ཀྱང་རྒྱུན་མི་རྟག་ཅིང་འཇིག་པར་མངོན་སུམ་དུ་མཐོང་བ་ཡིན་ལ། ཉི་མ་དང་ཟླ་བ་ལ་སོགས་པ་ཐོག་མ་དང་ཐ་མ་མངོན་སུམ་དུ་མ་མཐོང་བ་རྣམས་ལ་ཡང་འཆར་བ་དང་ནུབ་པ་ལ་སོགས་པའི་གཏན་ཚིགས་ཀྱི་ཁྱད་པར་ལས་མི་རྟག་པ་ཉིད་དུ་འགྱུར་
བར་རྗེས་སུ་དཔག་པར་བྱའོ། །འོ་ན་རྡོ་རྗེའི་སྐུ་དང་ལྡན་པ་རྣམས་ཀྱི་ཇི་ལྟ་བུ་ཞེ་ན། དེ་ནི་འཇིག་རྟེན་ན་མ་གྲགས་པའི་ཕྱིར་ཆོས་ཅན་མ་ཡིན་ནོ། །ཡང་ན་སྐད་ཅིག་མ་ཉིད་ཀྱིས་མི་རྟག་པས་རྡོ་རྗེ་ལྟ་བུའི་སྐུ་ལ་ཡང་ཁྱབ་པས་དངོས་པོ་ཐམས་ཅད་དུས་ལས་འདའ་བར་དཀའ་བ་ཡིན་ནོ། །དེས་ན་
བཅོམ་ལྡན་འདས་དུས་ཀྱི་འདུལ་བ་རྣམས་ལ་དངོས་པོ་ཐམས་ཅད་དུས་ལས་མི་འདའ་བར་སྟོན་པར་མཛད་དེ། དེ་ཡང་ཇི་སྐད་དུ། དུས་ཀྱི་འབྱུང་བ་སྨིན་པར་འགྱུར། །སྐྱེ་དགུ་དུས་ཀྱིས་བསྡུས་པ་སྟེ། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བའོ། །ཞེས་སོ། །ཇི་སྟེ་ཕ་རོལ་པོའི་
གཞུང་ལས་འབྱུང་ངོ་ཞེ་ན། དེའི་ཚེ་ཡང་ཉེས་པ་མེད་དེ་ཕྱི་རོལ་པ་རྣམས་ཀྱིས་དུས་ཅན་ལས་ཐ་དད་པ་དང་། རྟག་པ་ལ་སོགས་པའི་མཚན་ཉིད་དུ་བཟུང་བས་ཉམས་པ་ཡིན་གྱི། དུས་ཙམ་དུ་སྨྲ་བ་ནི་མ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། དངོས་ལ་ཞེན་པས་འཛིན་པ་དང་། དག་པ་ཡིད་
ཀྱི་འཛིན་པ་དག །ཆུང་མ་ཆགས་པས་འཁྱུད་པ་དང་། བུ་མོ་བྱམས་པས་འཁྱུད་པ་འདྲ། །ཞེས་སོ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་ལུས་ཅན་རྣམས་ལ་ཁྱབ་ཀྱང་དོན་དམ་པར་གློ་བུར་བ་ཉིད་ཡིན་པའི་ཕྱིར་ལུས་དེ་ངོ་བོ་ཉིད་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར།
དུས་ཉིད་དུས་ནི་མེད་པ་དང་། །འཇིག་རྟེན་ཉིད་ནི་འཇིག་རྟེན་མིན། །ཞེས་བྱ་བ་གསུངས་སྟེ། དེ་ལ་དུས་ནི་བསྟན་པའོ། །འཇིག་རྟེན་ནི་བཤད་པ་སྟེ། འཇིག་པ་ནི་སྐྱེ་བ་ལ་སོགས་པ་མི་རྟག་པ་ཉིད་ཀྱི་མཐར་ཐུག་པའོ། །རྟེན་པ་ནི་རྐྱེན་ལ་ལྟོས་པ་སྟེ། དེ་དག་རྣམ་པར་དཔྱད་ན་ངོ་བོ་
ཉིད་མེད་པའི་ཕྱིར། ཆུའི་ཟླ་བ་ལྟར་གཅིག་ཏུ་བདེན་པ་དང་གཅིག་ཏུ་བརྫུན་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །ལྷ་ཁྱོད་ཀྱིས་ནི་སྔར་བཤད་པའི། །བསམ་གྱིས་མི་ཁྱབ་དུས་མཚན་ཉིད། །ཅེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མ་རྣམས་ཀྱི་ནང་གི་དབུགས་བགྲང་བ་ལས་
เล่ม ๑๙ · หน้า 149a
སྐད་ཅིག་ལ་སོགས་པའི་དུས་མ་ལུས་པར་ཤེས་པའི་མཚན་ཉིད་བསྟན་པ་ཡིན་ཏེ། གང་དང་གང་ལྷ་ཁྱོད་ཀྱིས་སྔར་བསྟན་པའི་དབུགས་བགྲང་བའི་དོན་དམ་པའི་དུས་བསྟན་པ་དེ་དང་དེ་ནི་ལུས་ལས་འདས་ཤིང་དྲི་མ་མེད་པ་ཡིན་པའི་ཕྱིར་རྣལ་འབྱོར་པ་ཉག་གཅིག་གི་སྤྱོད་ཡུལ་
ཡིན་ཞིང་ཤིན་ཏུ་རྙེད་པར་དཀའ་བ་སྟེ། སྐྱེ་བོ་ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་གསུངས་སོ། །དེའི་ཕྱིར། སྐྱེ་བོ་ཀུན་ལ་སྨན་སླད་དུ། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ཕལ་པ་རྣམས་ལ་སྨན་སླད་དུའོ། །དབུགས་ཀྱི་ངེས་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་གྲངས་ཀྱིས་གཏན་ལ་ཕབ་པའི་
སྐད་ཅིག་ལ་སོགས་པའི་དུས་རྣམས་བཤད་པར་གསོལ་བའོ། །ནད་མེད་ཅེས་བྱ་བ་ལ་སོགས་པ་ལ། རླུང་དང་བྲལ་བ་ཞེས་བྱ་བ་ནི་ནད་མེད་པའི་ཁྱད་པར་རོ། །ཁམས་ནི་སྙོམས་པར་གནས་པ་དང་། །ཞེས་བྱ་བ་ལ་ཁམས་ཀྱི་སྒྲ་ནི་དབང་པོ་རྣམས་ལ་བྱ་སྟེ། དབང་པོ་རྣམས་ནད་ཀྱིས་མ་གཟིར་ཞིང་ངལ་བ་
ལ་སོགས་པས་མ་གདུངས་པ་ནི་སྙོམས་པའོ། །རན་པར་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རན་པ་ནི་འཚམ་པར་ཏེ། ཁ་ཟས་འགྲངས་དྲགས་པ་དང་། ཧ་ཅང་ལྟོགས་པ་དང་། ཧ་ཅང་སྐྱ་བ་དང་། ཧ་ཅང་སྣུམ་པ་དང་། ཧ་ཅང་ཡང་བ་དང་། ཧ་ཅང་ལྕི་བ་རྣམས་སྤངས་ཏེ། རླུང་ལུགས་སུ་རྒྱུ་བ་
དང་། བཤང་བ་སྣུམ་ལ་མི་སྲི་ཞིང་། །ལྟོ་བར་བདེ་བར་ཟ་བའོ། །ཚུལ་བཞིན་རྒྱུ་ཞེས་བྱ་བ་ནི་ཤིན་ཏུ་ངལ་དུབ་དང་། དྲག་ཤུལ་ལ་སོགས་པ་སྤངས་ནས་གནས་པ་སྟེ། སྐྱེས་བུ་ཐ་མལ་པ་དེའི་མིག་བཙུམས་གཟུང་བར་བྱའོ། །མིག་བཙུམས་དྲུག་ལ་ཡུད་ཙམ་ནི། །ཅིག་ཅེས་བྱ་བར་
བརྗོད་པ་ཡིན། །ཞེས་བྱ་བ་ནི། སྐྱེས་བུ་ཐ་མལ་པ་དེའི་མིག་ཤིན་ཏུ་མྱུར་བ་དང་དལ་བ་མ་ཡིན་པར་ཐ་མལ་པར་ཕྱེ་བ་དང་། །བཙུམས་པ་དྲུག་ལ་ཡུད་ཙམ་ཞིག །ཅེས་བྱ་བར་ཤེས་པར་བྱའོ། །དུས་ཀྱི་གོ་རིམས་བྱ་བ་འདིས་ཞེས་བྱ་བ་ནི། །དེ་ལྟར་མིག་བཙུམས་པ་ལ་སོགས་པ་ནས་ཅུང་ཟད་ཀྱི་བར་དུ་བརྩི་བ་
འདིས་སོ། །སུམ་ཅུ་ཐམ་པར་བསྒྱུར་བ་ལ། །ཞེས་བྱ་བ་ནི་ཅུང་ཟད་སུམ་ཅུ་ཐམ་པར་སྤེལ་བའོ། །ཡི་གེ་ལྕི་བའི་དུས་ཞེས་བརྗོད། །ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་གང་ལ་ཡི་གེ་ལྕི་བ་ཞེས་བྱ་བའི་མིང་དུ་གྲགས་པ་སྟེ། ཡི་གེ་ལྕི་བའི་དུས་གཅིག་ཏུ་བརྗོད་པར་བྱའོ། །སྲོག་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་གང་ལ་
เล่ม ๑๙ · หน้า 149b
སྲོག་དང་འཚོ་བ་ཞེས་བྱ་བར་བརྗོད་པའོ། །དེ་ནི་ཞེས་བྱ་བའི་སྲོག་གི་དུས་དེའོ། །བཅུ་གསུམ་བསྒྱུར་ཞེས་བྱ་བ་ནི་སུམ་ཅུར་སྤེལ་བའོ། །དེ་ཡང་གཉིས་སུ་བསྒྱུར་བ་ནི། །ཞེས་བྱ་བ་ནི་སྲོག་གི་དུས་ཏེ་སུམ་ཅུ་པ་ཕྲག་གཉིས་སུ་སྤེལ་བ་སྟེ་དྲུག་ཅུར་སྤེལ་བའོ། །ལྷག་མ་ནི་གོ་སླའོ། །དེ་བརྒྱད་ཅེས་བྱ་བ་ནི་ཆུ་ཚོད་
བརྒྱད་ལའོ། །དེ་བཞི་ལ་ཞེས་བྱ་བ་ནི་ཐུན་བཞི་ལའོ། །དེ་ལྟར་ཉིན་མོའི་ཐུན་བཤད་ནས་མཚན་མོའི་བསྟན་པའི་ཕྱིར། མཚན་མོའང་དེ་དང་མཉམ་པར་བཤད། །ཅེས་བྱ་བ་གསུངས་ཏེ། ནམ་ཞེ་ན། ཉིན་མཚན་དུས་ནི་མཉམ་པ་ལ་སྟེ་བི་ཤུའི་དུས་སོ། །ད་ནི་ཉིན་མཚན་འཕེལ་འབྲི་བསྟན་པའི་ཕྱིར། །
ཆུ་སྲིན་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགུན་ཟླ་ཐ་ཆུངས་ཀྱི་མཇུག་ནས་དབྱར་ཟླ་ཐ་ཆུངས་ཀྱི་མགོའི་བར་དུ་ཟླ་བ་དྲུག་པོ་འདི་ལ་ནི་ཉིན་མོའི་ཆུ་ཚོད་རྣམས་ཉིན་རེ་ཞིང་སྲོང་གསུམ་གསུམ་དུ་སྤེལ་བར་བྱ་ལ། དེ་བཞིན་དུ་མཚན་མོ་ནི་དབྲི་བར་བྱའོ། །ཆུ་སྲིན་ལས་ནི་འདས་ནས་སུ། །ཞེས་བྱ་བ་
ནི་ཆུ་སྲིན་ནས་སྦལ་པའི་བར་གྱི་ཟླ་བ་དྲུག་པོ་དེ་དག་འདས་ནས། ཟླ་བ་ལྷག་མ་དྲུག་ལ་མཚན་མོ་སྲང་གསུམ་གསུམ་དེ་བཞིན་དུ་སྤེལ་བར་བྱའོ། །གཞུང་ཁ་ཅིག་ལས་མཚན་མོ་སྲང་ནི་གསུམ་གསུམ་དབྲི། །ཞེས་འབྱུང་སྟེ། དེའི་ཚེ་ཆུ་སྲིན་ལས་འདས་པ་ཞེས་བྱ་བ་ནི་དགུན་ཟླ་ཐ་ཆུངས་ཀྱི་ཟླ་བ་འདས་ཀྱི་
འོག་ཏུའོ། །ཚད་མ་དེ་དག་བསྟན་པའི་ཕྱིར། །ཞེས་བྱ་བ་ནི། སྐྱེ་བོ་ཕལ་པ་རྣམས་ལ་དུས་ཀྱི་ཚད་དེ་བསྟན་པའི་ཕྱིར། བརྡུང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏེ། ཅི་ལས་ཅི་ཞིག་ཇི་ལྟ་ཞེ་ན་ཟངས་མ་ཞེས་བྱ་བ་ལ། ཟངས་མ་སྲང་བཅུ་གཉིས་ནི་ཇི་ལྟར་གྲགས་པའི་ཟངས་མ་སྲང་བཅུ་གཉིས་ཏེ། དེ་ལས་ཆུའི་སྣོད་
བརྡུང་བའོ། །ཇི་ལྟར་ཞེ་ན། དཔངས་སུ་སོར་བརྒྱད་དང་རྒྱ་རུ་སོར་བཅུ་གཉིས་པ་སྟེ། རྔམས་སུ་སོར་བརྒྱད་ཡོད་ཅིང་ཁའི་རྒྱར་སོར་བཅུ་གཉིས་ཀུན་ནས་ཡོད་པར་བརྡུང་བར་བྱའོ། །ལེགས་པ་ཞེས་བྱ་བ་ནི་མཐོ་དམན་དང་མཐུག་སྲབ་ལ་སོགས་པ་སྙོམས་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། གསེར་
ནི་འོ་སེ་སུམ་ཅུ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གྲགས་པའི་མན་ཆ་གསུམ་གྱི་གསེར་ལས་ཐུར་མར་བྱའོ། །ཅི་འདྲ་ཞེ་ན། སོར་དྲུག་པའི་ཚད་ཙམ་དུ་ཞེས་བྱ་བ་སྨོས་ཏེ། རིང་ཐུང་སོར་དྲུག་གི་ཚད་དུ་བྱའོ། །ལེགས་པར་བྱ་བ་ནི་སྦོམ་ཕྲ་མེད་པར་རོ། །དེ་དག་གིས་ནི་རྫས་
เล่ม ๑๙ · หน้า 150a
དང་ཚད་ལ་སོགས་པའི་ཁྱད་པར་ངེས་པ་བསྟན་པ་ཡིན་ནོ། །ཐུར་མ་དེ་ཡིས་བུ་ག་ནི། །ཟངས་མའི་སྣོད་ལ་མཁས་པས་དབུག །ཅེས་བྱ་བ་ལ། མཁས་པ་ནི་བཟོ་བ་སྟེ། ཡོ་བ་དང་རལ་བ་ལ་སོགས་པ་མེད་པར་དབུག་པའོ། །ཆུ་ནི་རྙོག་མ་མེད་པ་ལས། །ཞེས་བྱ་བ་ནི་ཤིན་ཏུ་དང་བའི་ཆུའི་
སྟེང་དུ་བཞག་པ་སྟེ། གཞན་དུ་ན་མྱུར་དུ་གང་བར་མི་འགྱུར་བ་དང་། མ་གང་བ་འོག་ཏུ་འབྱིང་བ་ལ་སོགས་པའི་སྐྱོན་དུ་འགྱུར་རོ། །སྲང་ནི་དྲུག་ཅུའི་ཚད་དུ་འགྱུར། །ཞེས་བྱ་བ་ནི། སྔར་བསྟན་པའི་སྲང་དྲུག་ཅུའི་ཚད་དེ་དེ་ནི་ཆུ་ཚོད་དེ་འགྱུར་བ་ཡིན་ནོ། །སྐྱེ་བོ་རྣམས་ལ་ཕན་ཕྱིར་བཤད། །ཅེས་བྱ་
བ་ནི། ཐ་མལ་པའི་སྐྱེ་བོ་རྣམས་ལ་ཆུ་ཚོད་ཀྱི་ཚད་ཚེགས་མེད་པར་བྱ་བའི་ཕྱིར་བཤད་དོ་ཞེས་བྱ་བའོ། །ཆུ་ཚོད་དེ་ནི་ཡུད་ཙམ་སྟེ། །ཞེས་བྱ་བ་ནི་ཆུ་ཚོད་ཉིད་ཡུད་ཙམ་དུ་བཤད་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུན་ཕྱེད་ཅེས་བྱ་བ་ནི་ཆུ་ཚོད་བཞི་ལའོ། །ཐུན་གཅིག་ཅེས་བྱ་བ་ནི་གོ་སླའོ། །
ཟླ་བ་གཉིས་ནི་དུས་ཡིན་ཏེ། །ཞེས་བྱ་བ་ནི་ཟླ་བ་གཉིས་གཉིས་ཤིང་དཔྱིད་ལ་སོགས་པའི་དུས་དྲུག་པོ་རེ་རེར་བསྟན་པའོ། །དུས་གསུམ་ཉི་མ་འགྲོ་ལྡོག་བརྗོད། །ཅེས་བྱ་བ་ནི། དགུན་དང་དཔྱིད་ལ་སོགས་པའི་དུས་གསུམ་གསུམ་དུ་ཉི་མ་ལྷོ་བྱང་དུ་འགྲོ་བའོ། །ཡང་ན་ཡུད་ཙམ་ཞེས་བྱ་བ་ནི་
འཇིག་རྟེན་ཕལ་པ་ཁ་ཅིག་ལ་གྲགས་པས་བསྟན་པ་ཡང་ཡིན་ཏེ། དེ་དག་གི་ལྟར་ན་སྔར་བསྟན་པའི་མིག་བཙུམས་བཅོ་བརྒྱད་ལ་ནི་སྐད་ཅིག་གཅིག་གོ། །དེ་སུམ་ཅུ་ལ་ནི་ཐང་ཅིག་གོ། །དེ་སུམ་ཅུར་བསྒྱུར་བ་ལ་ནི་ཅུང་ཟད་ཅིག་གོ། །ཅུང་ཟད་བཅུ་གཉིས་ལ་ནི་ཡུད་ཙམ་གཅིག་སྟེ། དེས་བརྩི་
བར་བྱའོ་ཞེས་ཟེར་ཏེ། ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །དུས་འབྱུང་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་གཞུང་གང་ལ་མིག་བཙུམས་པ་ལ་སོགས་པའི་དུས་རྣམས་ཀྱི་འབྱུང་བ་སྟེ། བསྟན་པ་ཡོད་པར་དེ་ལ་དུས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་
ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།ད་ནི་རྒྱུ་སྐར་རྣམས་ཀྱི་རིགས་ངེས་པར་ཤེས་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དུས་འབྱུང་བ་བསྟན་གྱི་འོག་ཏུའོ། །སྐར་
เล่ม ๑๙ · หน้า 150b
མའི་རིགས་གང་ཡིན་ཞེས་བྱ་བ་ནི་སྐར་མ་གང་ལས་སྐྱེས་པའི་ཐུན་མོང་དང་ཁྱད་པར་གྱི་རིགས་ལྷ་ལ་སོགས་པ་དང་། ར་ལ་སོགས་པ་གང་ཡིན་པ་སྟེ། དེ་དག་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །མདོར་བསྡུས་ཞེས་བྱ་བ་ནི་གཞུང་ཉུང་བ་དང་ཚེགས་མེད་པར་རོ། །ཐ་སྐར་དང་ནི་ཞེས་བྱ་བ་ལ་
སོགས་པ་ལ། སྐར་མ་དགུ་དགུ་ཞིང་ལྷ་ལ་སོགས་པའི་རིགས་རྣམ་པ་གསུམ་དུ་བསྟན་པ་འདིས་ནི་གཉེན་སྦྱོར་ལ་སོགས་པའི་སྟོབས་བརྩི་བ་བསྟན་པ་ཡིན་ནོ། །སྨིན་དྲུག་རྒྱལ་ནི་ར་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་འདིས་ནི་སྐར་མ་གཉིས་གཉིས་ཤིང་རིགས་རེ་རེ་བསྟན་པ་ཡིན་ཏེ། ཁྱད་པར་གྱི་
རིགས་བཅུ་བཞིར་བསྟན་པ་ཡིན་ནོ། །སྟོབས་འདོད་པས་ནི་ཤེས་པར་བྱ། །ཞེས་བྱ་བ་ནི། ཁྱུ་མཆོག་གི་རིགས་གང་ཡིན་པ་དེ་སྟག་གི་རིགས་ཀྱི་སྟོབས་ཀྱིས་འཇོམས་པར་བྱེད་པས་ན། ཁྱུ་མཆོག་གི་མིའི་སྟག་གི་རིགས་ཀྱི་བུ་མོ་བག་མར་མི་བླང་ཞིང་སྤང་བར་བྱའོ་ཞེས་པར་དགོངས་སོ། །དེ་ལྟར་
ལྟ་འོག་ཏུ་སྦྱར་བར་བྱའོ། །རང་གི་སྐྱེ་བའི་སྐར་མ་ནི། །ཤེས་ནས་བཟུང་ན་དཔྱད་མི་དགོས། །ཞེས་བྱ་བ་ལ། བཟུང་ན་ཞེས་བྱ་བ་ནི་བག་མར་བླངས་པ་སྟེ། དེ་ལ་རང་གི་སྐྱེ་སྐར་སྟོབས་ཆེ་བར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །སྐར་མའི་ཆ་ནི་བཟློག་པ་དག །བཟུང་ན་ངེས་པར་འཆི་བར་འགྱུར། །
ཞེས་བྱ་བ་ནི་བུ་མོའི་སྐར་མ་སྟོབས་དང་ལྡན་པར་བཟུང་སྟེ། བག་མར་བླངས་ན་ངེས་པར་བྱ་སྟེ། གདོན་མི་ཟ་བར་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། སྐར་མ་མི་ཡི་སྲོག་ཡིན་ཏེ། །གཞན་དུ་ངས་ནི་མ་བཤད་དོ། །ཞེས་གསུངས་སོ། །ལུག་དང་སྲང་དང་ཞེས་བྱ་བ་ལ་སོགས་
པས་ཀྱང་རཱ་སི་བཞི་བཞི་ཞིང་བསྟན་པ་དང་གཡོ་བའི་མཚན་ཉིད་རེ་རེར་བསྟན་ཏེ། དེ་དག་ཤེས་ནས་བྱ་བ་རྣམས་དང་སྦྱར་བར་བྱའོ། །ལྷག་མ་ནི་གོ་སླའོ། །སྐར་མ་རྣམས་ཀྱི་སྟོབས་ཀྱི་དབང་དུ་བྱས་པའི་ཆོ་གའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ཆོ་ག་ནི་བསྟན་པའོ། །དེས་ན་གཞུང་གང་གི་སྐར་མའི་
སྟོབས་ཀྱི་དབང་དུ་བྱས་ནས་བསྟན་པ་དེ་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།ད་ནི་གཟའ་དང་ཚེས་དང་རྒྱུ་སྐར་རྣམས་ལ་མགྲོན་དུ་འགྲོ་བ་ལ་སོགས་པའི་
เล่ม ๑๙ · หน้า 151a
ཁྱད་པར་ཤིས་པ་དང་མི་ཤིས་པ་བསྟན་པའི་ཕྱིར། ཚེས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེས་དང་སྐར་མ་གཟའ་འཆར་བ། །ཞེས་བྱ་བ་ནི་ཚེས་ལ་སོགས་པ་དེ་དག་གི་སྦྱོར་བ་ལ་འཆར་བ་སྟེ་མགྲོན་ལ་སོགས་པའི་བྱ་བ་ཤིས་པ་དང་མི་ཤིས་པ་ཡིན་ནོ། །རོ་ཧི་ཏ་ཞེས་བྱ་བ་ལ་
སོགས་པ་ནི་འདིར་ཚེས་གཅིག་ལ་སོགས་པ་གཟུང་བར་བྱའོ། །རོ་ཧི་ཏའི་ཚེས་ཞེས་བྱ་བ་ནི་ཚེས་གཅིག་གོ། །མགྲོན་པོ་ལམ་དུ་འཇུག་པར་བཟང་། །ཞེས་བྱ་བ་ནི་ཚེས་གཅིག་གི་ཉིན་པར་གང་གི་ཚེ་རྒྱུ་སྐར་སྨིན་དྲུག་དང་གཟའ་མིག་དམར་འཛོམ་པ་དེའི་ཚེ་ལམ་དུ་ཞུགས་ན་རྙེད་པ་ཐོབ་པར་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། མ་ཀ་ར་ཡི་ཉི་མ་ལ། །ཞེས་བྱ་བ་ནི་ཚེས་གཉིས་ལའོ། །དེ་ལྟར་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །སྟོབས་ལྡན་གྱི་བློན་པོ་ཞེས་བྱ་བ་ནི་པ་བ་སངས་སོ། །འབྱུང་པོའི་ཉི་མ་ཞེས་བྱ་བ་ནི་མར་ངོའི་བཅུ་བཞིའོ། །ལྷག་མ་ནི་ཤིན་ཏུ་གསལ་བས་མ་ཕྱེའོ། །
མེའི་མཚམས་སུ་ཞེས་བྱ་བ་ལ་སོགས་པས་ནི། སྒྲ་གཅན་འཛིན་རྒྱུ་བའི་འཁོར་ལོ་བསྟན་ཏེ། འདིར་ཕན་ཚུན་དུ་ཐིག་གཉིས་གཉིས་བཏབ་ལ་ཕྱི་རོལ་བསྐོར་བས་རེའུ་མིག་དགུར་བྱས་ལ། དེ་མེའི་མཚམས་སུ་མ་ཀ་ར་བྲིས་ཏེ་ཚེས་བརྒྱད་དོ། །གཤིན་རྗེའི་ཕྱོགས་སུ་ནི་ར་དྷ་སྟེ་ཚེས་བདུན་ནོ། །
སྲིན་པོར་ནི་ཀུར་མ་སྟེ་ཚེས་བཅོ་ལྔའོ། །ཆུའི་ཕྱོགས་ནི་ཁྱུ་མཆོག་སྟེ་ཚེས་བཞིའོ། །འཇིགས་བྱེད་ནི་རླུང་སྟེ་དེའི་མཚམས་སུ་ནི་བྱ་ཀུ་ལ་སྟེ་ཚེས་བཅུའོ། །གཏེར་ནི་གནོད་སྦྱིན་ཏེ་དེའི་ཕྱོགས་སུ་སྭ་པ་ན་སྟེ་ཚེས་བཅུ་གཅིག་གོ། །མེ་གསུམ་ནི་དབང་ལྡན་ཏེ། དེའི་ཕྱོགས་སུ་བཟང་པོ་སྟེ་ཚེས་གསུམ་མོ། །
ཡང་ཁྱུ་མཆོག་ནི་ཚེས་བཅུ་བཞིའོ། །ཟླ་བ་ཉི་མའི་བྱེ་བྲག་གིས། །ཞེས་བྱ་བ་ནི་ཟླ་བ་ཡར་ངོ་མར་ངོའི་བྱེ་བྲག་གིས་སོ། །རྒྱུ་བ་ཞེས་བྱ་བ་ནི་སྒྲ་གཅན་འཛིན་རྒྱུ་བའོ། །བྷ་ཏྲ་ནས་ནི་ར་འདར་ཏེ། །ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་སུ་གནས་ནས་ར་འདའ་སྟེ། གཤིན་རྗེའི་ཕྱོགས་སུ་རྒྱུ་བའོ། །བྱ་
ཀུ་ལི་ཞེས་བྱ་བ་ནི་ལྷོ་ཕྱོགས་ནས་བྱང་ནུབ་ཏུ་རྒྱུ་བའོ། །པྲེ་ཤ་པ་ཞེས་བྱ་བ་ནི་བྱང་ནུབ་ནས་ཤར་ཕྱོགས་སུ་རྒྱུ་བ་སྟེ། རྟའི་འགྲོས་ཀྱིས་རྒྱུ་བའོ། །འདི་དག་ཉི་མའི་རྒྱུ་བ་ནི། །རིགས་མཆོག་མ་ནི་ཁྱོད་ལ་བཤད། །ཅེས་བྱ་བ་ནི་ཟླ་བ་མར་ངོའི་ཚེས་རྣམས་དང་། ཕྱོགས་ཀྱི་རྒྱུ་བ་བཤད་པ་སྟེ། དེ་དག་
เล่ม ๑๙ · หน้า 151b
ནི་གཡས་སྐོར་ཡིན་ནོ། །དེ་ལ་གང་གི་ཚེ་སྒྲ་གཅན་འཛིན་བཟང་པོའི་ཚེས་ལ། དབང་ལྡན་གྱི་མཚམས་ན་གནས་པའི་ཚེ་དབང་ལྡན་ནས་ལྷོ་ཕྱོགས་སུ་འགྲོ་བ་དང་། གང་གི་ཚེ་སྒྲ་གཅན་འཛིན་ར་འདར་འགྲོ་བའི་ཚེས་བཟང་པོ་ནས་བྱ་ཀུ་ལིའི་ཕྱོགས་སུ་འགྲོ་བ་དང་། གང་གི་ཚེ་བྱ་ཀུ་ལིའི་ཕྱོགས་
སུ་སོང་བའི་ཚེ་ཁྱུ་མཆོག་གི་ཕྱོགས་སུ་འགྲོ་བ་རྣམས་ནི་གནོད་པ་མེད་ཅིང་སྐྱོན་མེད་པ་ཡིན་ནོ། །དེ་བཞིན་དུ་ཁྱུ་མཆོག་གི་ཕྱོགས་སུ་སོང་བའི་ཚེ་རླུང་གི་ཕྱོགས་སུ་འགྲོ་བ་ཡང་ཉེས་པ་སྐྱེད་པར་མི་འགྱུར་རོ། །ཁྱུ་མཆོག་དང་ནི་ཞེས་བྱ་བ་ལ་སོགས་པས་ནི། ཟླ་བ་མར་ངོའི་རྒྱུ་བ་བཤད་པ་ཡིན་ཏེ།
ཡང་རང་གི་གནས་དབང་ལྡན་གྱི་གནས་སུ་གནས་ནས་ཁྱུ་མཆོག་ལ་སོགས་པའི་གནས་རྣམས་སུ་གཡོན་སྐོར་དུ་རྟའི་འགྲོས་ཀྱིས་རྒྱུ་བར་གསུངས་སོ། །གང་གི་ཚེ་དབང་ལྡན་གྱི་གནས་ན་གནས་པ་དེའི་ཚེ། སྐྱེས་བུས་ཁྱུ་མཆོག་གི་ཕྱོགས་སུ་འགྲོ་བར་བྱའོ། །གང་གི་ཚེ་ཁྱུ་མཆོག་
ཏུ་འགྲོ་བ་དེའི་ཚེ་མ་ཀ་རར་དོན་དུ་གཉེར་ན་འགྲུབ་པར་འགྱུར་རོ། །གང་གི་ཚེ་མ་ཀ་རར་སོང་བ་དེའི་ཚེ་ཁྱུ་མཆོག་གི་ཕྱོགས་སུ་དོན་གཉེར་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་གཞན་དག་ཀྱང་རྗེས་སུ་དཔག་པར་བྱའོ། །ཉ་ལ་མེ་མཚམས་གནས་པ་སྟེ། །སྟོང་ལ་རླུང་གི་ཕྱོགས་སུ་
གནས། །ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཉའི་ཉི་མར་སྒྲ་གཅན་འཛིན་མེ་མཚམས་སུ་གནས་ནས། མེ་དང་རླུང་མཚམས་གཉི་གར་བལྟ་བས་བལྟ་བའི་ཆད་པ་འབྱུང་བའི་ཕྱིར་སྐྱེས་བུས་ཕྱོགས་དེ་གཉིས་སུ་འགྲོ་བ་སྤང་བར་བྱའོ། །དེ་བཞིན་དུ་སྟོང་གི་ཉིན་པར་
རླུང་མཚམས་སུ་གནས་ཏེ། རླུང་དང་མེ་མཚམས་གཉི་གར་བལྟ་བས་སྐྱེས་བུ་ཕྱོགས་དེ་གཉིས་སུ་འགྲོ་བ་སྤང་བར་བྱའོ། །ཁ་ཅིག་ནི་ཚེས་དེ་གཉི་ག་ལ་དབུས་སུ་གནས་ནས། མཚམས་དེ་གཉི་གར་བལྟ་བ་ཡིན་ཏེ། གནས་པའི་སྒྲས་ནི་བལྟ་བ་ལ་བྱའོ་ཞེས་ཟེར་རོ། །བློ་ལྡན་
འབད་དེ་ཤེས་པར་བྱ། །ཞེས་བྱ་བ་ནི་རྣལ་འབྱོར་པ་མཁས་པ་རྣམས་ཀྱིས་ནི་ཚེས་རྣམས་ཀྱི་ཆུ་ཚོད་ཀྱི་སྒྲ་གཅན་འཛིན་གྱི་གནས་སུ་རྒྱུ་བ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཚེས་གྲངས་སྐར་མའི་ངེས་པ་ཞེས་བྱ་བ་ལ། གཞུང་གང་དུ་ཚེས་གྲངས་དང་སྐར་མ་གཏན་ལ་ཕབ་པ་དེ་ལ་ཚེས་གྲངས་
เล่ม ๑๙ · หน้า 152a
དང་སྐར་མ་ངེས་པའི་རིམ་པར་ཕྱེ་བ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་མཚན་མའི་ལེའུ་བསྟན་པར་
བཞེད་ནས། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ཆེ་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ། །སྒྱུ་མ་ཀུན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆའོ། །རྣམ་པར་རོལ་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དེ་དག་གིས་སེམས་ཅན་གྱི་དོན་གྱི་ཕྱིར། རྣམ་པ་སྣ་ཚོགས་སུ་སྤྲུལ་པའོ། །དེ་དག་ནི་ལྷ་མོ་ལ་བོད་
པའོ། །ལུས་ཅན་ཐམས་ཅད་རྣམ་ཤེས་ཏེ། །ཞེས་བྱ་བ་ལ་ལུས་ཅན་ཐམས་ཅད་ནི་གཟུང་བ་དང་འཛིན་པར་སྣང་བའི་ཚོགས་སོ། །རྣམ་ཤེས་ནི་རྣམ་པར་རིག་པ་ཙམ་ཉིད་དེ་རང་རིག་པའི་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་བདེ་བ་དང་། འོད་གསལ་བའི་ངོ་བོ་ཉིད་ཅེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་
གསུངས་པ། ལུས་ལས་འདས་ཤིང་དྲི་མ་མེད། །ཅེས་བྱ་བ་གསུངས་ཏེ། དྲི་མ་མེད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་རྣམ་པ་སྟེ། དེ་དག་ཀྱང་རང་རིག་པའི་མཐར་ཐུག་པའོ། །ལུས་དང་ལུས་ཅན་རྣམས་འོད་གསལ་བར་འགྱུར་བ་དེ་ཉིད་གསུངས་པ། ལྷུན་པོ་དང་ནི་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། འབིགས་བྱེད་སོགས་ཞེས་བྱ་བ་ལ་སོགས་ཀྱིས་ནི་གངས་ཅན་ལ་སོགས་པ་ལྕགས་རིའི་མཐར་ཐུག་པ་གཟུང་ངོ་། །དེ་དག་གིས་ནི་རི་རྣམས་བསྟན་ཏོ། །ཤར་གྱི་ལུས་འཕགས་ཞེས་བྱ་བ་ལ་སོགས་པ་ལ། བཅས་ཞེས་བྱ་བ་ནི་གླིང་ཕྲན་རྣམས་ཏེ། འདི་དག་གིས་ནི་གླིང་
རྣམས་བསྟན་ཏོ། །ལན་ཚྭ་ཅན་ཞེས་བྱ་བ་ལ་སོགས་པ་ལ་ལན་ཚྭ་ཅན་ནི་རྒྱ་མཚོ་ཞེས་བྱ་བར་སྦྱར་རོ། །སོགས་ཀྱིས་ནི་ངན་སྐྱུགས་ཀྱི་རྒྱ་མཚོ་ལ་སོགས་པ་གཟུང་ངོ་། །འོག་ཅེས་བྱ་བ་ནི་ས་འོག་གོ། །སྟེང་ཞེས་བྱ་བ་ནི་མཐོ་རིས་སོ། །ཁམས་གསུམ་མ་ལུས་ཟད་པར་བྱ། །ཞེས་པ་ནི་དེ་ལྟར་
རི་ལ་སོགས་པའི་ཁམས་གསུམ་པོར་གཏོགས་པའི་དངོས་པོ་རྣམས་ཤེས་རབ་ཀྱི་མཚོན་ཆས་རྡུལ་ཕྲ་རབ་ཏུ་གཏུབས་ཤིང་བཤིག་ལ་ཟད་ཅིང་མི་སྣང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱི་རོལ་གྱི་དངོས་པོ་རྣམས་སྟོང་པ་ཉིད་དུ་བསྟན་ནས། རང་གི་ལུས་ཀྱང་སྟོང་པ་ཉིད་དུ་བསྟན་པའི་ཕྱིར།
เล่ม ๑๙ · หน้า 152b
གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་ཀྱིས་ནི་ཚོར་བ་ལ་སོགས་པ་གཟུང་ངོ་། །སྐྱེ་མཆེད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཁམས་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཁམས་རྣམས་ཏེ། ནང་གི་སྐྱེ་མཆེད་ཉིད་ཡིན་ནོ། །འབྱུང་བ་ཞེས་བྱ་བ་ལ་སོགས་པས་ནི་ཉེ་
བར་བསྡུ་བ་བསྟན་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཀུན་དང་བཅས་པ་ཡི། །བདག་ཉིད་ཀྱང་ནི་ཟད་པར་བསྒོམ་པར་བྱ། །ཞེས་བྱ་བ་དང་སྦྱར་རོ། །སྟོང་པ་དེ་ཡང་ཅི་འདྲ་ཞེ་ན། དངོས་དང་དངོས་མེད་འདྲེས་པ་སྟེ། །ཞེས་བྱ་བ་གསུངས་ཏེ། དངོས་དང་དངོས་པོ་མེད་པ་གཉི་ག་རང་བཞིན་མེད་
པ་གང་དུ་རོ་གཅིག་ཅིང་མཉམ་པར་འདྲེས་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཡེ་ཤེས་ཀྱི་མཚན་མ་བསྟན་པར་བྱ་བའི་ཕྱིར། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་རང་བཞིན་རྣམས་སྟོང་པ་ཉིད་དུ་མཉམ་པར་བསམས་ལ། དེར་ནི་མཚན་མ་བརྟག་པར་བྱ། །ཞེས་
བྱ་བ་དང་འབྲེལ་ཏོ། །ཐམས་ཅད་ནམ་མཁར་ཐིམ་པ་ཡིས། །བ་ལང་རྨིག་པར་གྲོང་ཁྱེར་བསྒོམ། །ཞེས་བྱ་བ་ལ་གྲོང་ཁྱེར་ཏེ། སྐྱེ་མཆེད་ལ་སོགས་པའི་ཚོགས་རྣམས་བ་ལང་རྨིག་པ་སྟེ་སྟོང་པ་ཉིད་དུ་བསྡུ་བས་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། ཐམས་ཅད་ནམ་མཁར་ཐིམ་པ་སྟེ་བཤད་
ཟིན་ཏོ། །སེམས་ནི་མར་མེ་ལྟ་བུར་བསྒོམ། །ཞེས་བྱ་བ་ལ་སེམས་ནི་སྟེ་རྣམ་པར་རིག་པ་ཙམ་ཉིད་མར་མེ་ལྟ་བུ་སྟེ་འོད་གསལ་བར་བསྒོམ་པའོ། །དེ་དབུས་ཡིད་ཀྱིས་བལྟས་ནས་སུ། །ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་དོ། །དབུས་ཞེས་བྱ་བ་ནི་སྟོང་པ་ཉིད་དོ། །བལྟ་ཞེས་བྱ་བ་དམིགས་
པའོ། །དེར་ནི་མཚན་མ་བརྟག་པར་བྱ། །ཞེས་བྱ་བ་ལ་དེར་ནི་ཞེས་བྱ་བ་ནི་འོད་གསལ་བ་དེར་རོ། །མཚན་མ་ཞེས་བྱ་བ་ནི་བྱ་བའི་ལྟས་སོ། །དེ་ཉིད་གསུངས་པ། མར་མེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྟོང་པ་ཉིད་དུ་ཐམས་ཅད་ཐིམ་ཞིང་འོད་གསལ་བས་མི་གཡོ་བར་གནས་པ་དེའི་ཚེ་
ཏིང་ངེ་འཛིན་གྱི་མཐར་འོད་ཟེར་མར་མེ་ལྟ་བུ་སྣང་བར་གྱུར་ན། དེའི་ཚེ་ཞི་བའི་ལས་འགྲུབ་པར་གྱུར་པ་དེའི་མཚན་མ་ཡིན་ནོ། །ཆགས་པ་ལ་སོགས་པ་ཞེས་བྱ་བ་ནི་ཆགས་པ་ནི་དབང་དུ་བྱ་བའོ། །སོགས་ཀྱིས་ན་དགུག་པ་དང་གཟུང་བར་བྱ་བ་ཡིན་ནོ། །འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ། འོད་
เล่ม ๑๙ · หน้า 153a
ཟེར་དཀར་པོ་ལོང་ལོང་པོས། །བཀྲ་ཤིས་ཀྱིས་ནི་ལམ་སྟོན་ཡིན། །ཞེས་བྱ་བར་སྦྱར་ཏེ། བཀྲ་ཤིས་ཀྱི་ལམ་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་དུས་ཀྱི་ཆའོ། །དེ་བཞིན་དུ་སྔགས་ཀྱི་དངོས་གྲུབ་འགྲུབ་ཅེས་བྱ་བ་ལ་ཡང་འོད་ཟེར་དཀར་པོ་ལོང་ལོང་པོ་སྣང་བ་དང་སྦྱར་བར་བྱའོ། །
ཆོ་ག་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱ་ཞེས་བྱ་བར་སྟོན་ཏོ། །ཆོ་ག་འདིས་ནི་ཞེས་བྱ་བ་ལ་འདིས་ནི་སྟོང་པ་ཉིད་དུ་བསྒོམ་པའི་ཆོ་ག་འདིས་སོ། །ཅི་ཞིག་སྟོང་པར་བྱ་ཞེ་ན། གཞན་གསལ་དང་ཞེས་བྱ་བ་ལ་སོགས་པ་ལ་གཞན་ཞེས་
བྱ་བ་ནི་རི་བོ་ལྷུན་པོ་ལ་སོགས་པའོ། །གསལ་ཞེས་བྱ་བ་ནི་མཐོ་རིས་ཀྱི་འཇིག་རྟེན་ནོ། །གཞན་གྱི་གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ལ་སོགས་པའོ། །དབུ་མ་རྣམས་ཞེས་བྱ་བ་ནི་བར་ལ་གནས་པ་རྣམས་སོ། །དེ་འོག་རྣལ་འབྱོར་བསྐྱེད་པར་བྱ། །ཞེས་བྱ་བ་ནི། དེ་ལྟར་འགྲོ་བ་
ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཀྱི་འོག་ཏུ་ལྷའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལྟར་སྟོང་པ་ཉིད་བསྒོམས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡེ་ཤེས་ལ་སོགས་སེམས་ཀྱིས་ནི། །སེམས་ནི་མྱུར་དུ་ཐར་པར་འགྱུར། །ཞེས་བྱ་བ་དང་སྦྱར་རོ། །དེ་
ལ་ཡེ་ཤེས་ལ་སོགས་སེམས་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་རོ། །གང་ཞིག་ཅེས་བྱ་བ་ནི་སྒྲུབ་པ་པོ་གང་ཞིག་གིས་སོ། །ཐར་པར་འགྱུར་ཞེས་བྱ་བ་ནི་ཐ་མལ་པའི་འཆིང་བ་ལས་གྲོལ་བ་སྟེ། མཐོ་རིས་དང་ཐར་པའི་དངོས་གྲུབ་བོ། །དེ་དག་གིས་ནི་འདི་སྐད་དུ་རྣལ་འབྱོར་པ་གང་ཞིག་གིས་
སྟོང་པ་ཉིད་མངོན་སུམ་དུ་བྱས་ན་ལྷའི་ཏིང་ངེ་འཛིན་གྱིས་མྱུར་དུ་མཐོ་རིས་དང་ཐར་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཞེས་བྱ་བ་ལ། ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་
འཛིན་ཏོ། །ཤེས་བྱ་ནི་ལྷའི་ཏིང་ངེ་འཛིན་ཏོ། །བརྟག་པ་ནི་མཉམ་པར་སྦྱར་བའོ། །འགྲོ་བ་ནི་དངོས་གྲུབ་ཀྱི་གོ་འཕང་ངོ་། །བརྟག་པ་ནི་བསྐྱེད་པའོ། །སྔར་བསྟན་པའི་བསྡུས་པའི་དོན་ཉེ་བར་བསྡུ་བ་གསུངས་པ། ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། ཕ་ཞེས་བྱ་བ་ལ་
เล่ม ๑๙ · หน้า 153b
སོགས་པ་ནི་ང་རྒྱལ་ལོ། །མ་ནི་སྲེད་པའོ། །བྲམ་ཟེ་གཙང་མ་གཉིས་ནི་འདོད་ཆགས་དང་ཞེ་སྡང་ངོ་། །རྒྱལ་པོ་ནི་མ་རིག་པའོ། །ཡུལ་འཁོར་ནི་ལུས་སོ། །བཅས་པ་ནི་དབང་པོ་རྣམས་ཏེ། དེ་དང་ལྷན་ཅིག་ཏུ་འཇུག་པའི་ཕྱིར་རོ། །བཅོམ་པ་ནི་རྣམ་པར་རྟོག་པ་རྣམས་བཤིགས་ཏེ་སྣང་བ་མེད་པར་བྱས་
པའོ། །ཡེ་ཤེས་ཞེས་བྱ་བ་ནི་མཚན་མའི་ཡེ་ཤེས་སོ། །རང་བཞིན་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ། །སུ་ཞིག་ཅེ་ན། ཀུན་དང་སྦྱོར་བ་ཞེས་བྱ་བ་སྟེ། མཁའ་འགྲོ་མ་ཀུན་དང་སྦྱོར་བའི་རྡོ་རྗེ་མཁའ་འགྲོའོ། །ཡེ་ཤེས་འབྱུང་བ་ཞེས་བྱ་བ་ལ་ཡེ་ཤེས་ནི་མཚན་མའི་ཡེ་ཤེས་སོ། །འབྱུང་བ་ནི་བསྟན་
པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་སོ། །ཉི་ཤུ་རྩ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་འཆི་བའི་དུས་ཀྱི་བློའི་ཁྱད་པར་བཞིན་དུ་སྐྱེ་བ་ལེན་པར་བསྟན་པའི་ཕྱིར་ཡེ་ཤེས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། །ཁྱད་པར་ནི་བློའི་ཁྱད་པར་གང་དང་གང་གིས་འགྲོ་བ་ཁྱད་པར་ཅན་ཐོབ་པར་བྱེད་པའི་ཁྱད་པར་རོ། །དེ་ཡང་ཅི་འདྲ་ཞེ་ན། ཡེ་ཤེས་ཐུན་མོང་བྱིན་བརླབས་པ། །ཞེས་བྱ་བ་སྟེ། ཐུན་མོང་ནི་ལྷན་ཅིག་སྐྱེས་
པའོ། །བྱིན་བརླབས་པ་ནི་ཐོག་མ་མེད་པའི་དུས་ནས་ཁྱད་པར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའོ། །ཁ་ཅིག་ན་རེ་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ཐ་མལ་པའི་རྣམ་པར་ཤེས་པ་ནི་ཐུན་མོང་མ་ཡིན་ལ། བྱིན་གྱིས་བརླབས་པ་ནི་རང་གྲུབ་པའོ་ཞེས་ཟེར་རོ། །བྱེ་བྲག་གཞན་ནི་ཇི་ལྟ་བུ་
ཞེས་བྱ་བ་ནི་བྱེ་བྲག་མ་རྟོགས་པར་རྣམ་པར་ཤེས་པ་བསྟན་པར་མི་ནུས་པས་བྱེ་བྲག་གི་ཁྱད་པར་ཉིད་གསོལ་བ་བཏབ་པ་ཡིན་ནོ། །སྔར་བསྟན་པ་བཞིན་དུ་ཡང་ཅིའི་ཕྱིར་གསོལ་བར་བྱེད་ཅེ་ན། འདི་ལ་སྔར་ནི་ཐོས་པ་ཙམ་དུ་ཟད་ཀྱི། ཁྱད་པར་ངེས་པར་མ་གཟུང་ངོ་ཞེས་བྱ་བར་དགོངས་སོ། །ཡེ་
ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་གསུངས་པ། ལྕི་བར་གྱུར་པ་སུམ་ཅུ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕི་བར་གྱུར་པ་ནི་དུས་ཀྱི་ཁྱད་པར་གྱི་མིང་ངོ་། །ཇི་སྙེད་ཅིག་ཅེ་ན། སུམ་ཅུ་ཡིས་ཏེ་དབུགས་རྒྱུ་བའི་གྲངས་སུམ་ཅུ་རྒྱུ་བའོ། །དགེ་དང་སྡིག་པའི་འབྲས་འབྱུང་བ། །ཞེས་
เล่ม ๑๙ · หน้า 154a
བྱ་བ་ནི་མཐོ་རིས་དང་ངན་འགྲོའི་ལུས་སོ། །གང་གིས་ཤེ་ན། ང་རྒྱལ་གྱིས་ནི་བྱིན་བརླབས་པའི། །སེམས་ཀྱིས་བྱས་པའི་ལས་ཚོགས་ཀྱིས། །ཞེས་བྱ་བ་སྟེ། དགེ་བ་དང་སྡིག་པའི་བདག་ཉིད་ཀྱི་ལས་ཀྱི་ཚོགས་སེམས་ཀྱིས་བྱས་པ་ནི་དམིགས་པའི་ཁྱད་པར་རོ། །དེ་ཅི་འདྲ་ཞེ་ན། ང་རྒྱལ་
གྱིས་ནི་བྱིན་བརླབས་པ། །ཞེས་བྱ་བ་སྟེ། བློའི་བདག་ཉིད་ཀྱིས་ཞེས་བྱ་བའི་བར་དུའོ། །དེ་དག་གིས་ནི་འདི་སྐད་དུ་གང་གི་ཚེ་འཆི་བའི་དུས་ལ་བབ་པ་ན། ལྕི་བའི་དུས་སུ་དབུགས་རྒྱུ་བ་སུམ་ཅུ་སྙེད་ཙམ་དུ་འོག་ནས་འབྱུང་བའི་བློར་ཁྱད་པར་རྩེ་གཅིག་ཏུ་དམིགས་པར་འགྱུར་ན། བློའི་ཁྱད་པར་བཞིན་དུ་
ལྷ་ལ་སོགས་པའི་འགྲོ་བ་དེ་དང་དེར་སྐྱེ་བར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བསྒོམས་པར་གྱུར་པའི་རང་རིག་པའི། །སེམས་ནི་འགྲོ་བ་དེ་རུ་འགྲོ། །ཞེས་བྱ་བ་ལ་བསྒོམས་པར་གྱུར་པ་ཞེས་པ་ནི། ཉོན་མོངས་པའི་རྐྱེན་ཅན་གྱི་དམིགས་པའི་ཁྱད་པར་གྱི་ལས་ཀྱིས་བསྒོས་
པའོ། །རང་རིག་ཅེས་བྱ་བ་ནི་རང་གི་བསམ་པས་འགྲོ་བའོ། །འགྲོ་བ་དེ་རུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་ཁྱད་པར་ཅན་དུའོ། །གལ་ཏེ་རང་རིག་པའི་རང་དགས་འགྲོ་བ་ཡིན་ན། ངན་འགྲོའི་འགྲོ་བ་མེད་པ་ལ་སོགས་པ་ཤིན་ཏུ་ཐལ་ཆེས་པར་འགྱུར་རོ་ཞེ་ན། སྲིད་པའི་ཞགས་པས་རྟག་འཇིག་
པས། །དེ་ཡི་འགྲོ་བ་མི་མཐོང་ངོ་། །ཞེས་བྱ་བ་གསུངས་ཏེ། སྲིད་པའི་ཞགས་པ་ཞེས་བྱ་བ་ནི་ལྕགས་སྒྲོག་ལྟ་བུའི་རྣམ་པ་ལྕི་བའི་དུས་ཀྱི་འོག་ཏུ་ནམ་མཁའ་ལས་འཕྱང་བར་སྣང་བར་འགྱུར་རོ་ཞེས་མན་ངག་ལས་ཤེས་པར་བྱའོ། །རྟག་འཇིག་པ་ཞེས་བྱ་བ་ནི་དེས་བློ་དམན་པ་རྣམས་ཀྱི་རྣམ་ཤེས་
དཀྲུགས་ཤིང་བརྒྱལ་བར་གྱུར་པས་སོ། །དེ་ཡི་འགྲོ་བ་མི་མཐོང་ངོ་། །ཞེས་བྱ་བ་ནི་བདེ་འགྲོ་ལ་སོགས་པའི་དམིགས་པ་མི་དྲན་ཅིང་མཚམས་སྦྱོར་བར་མི་ནུས་པའོ། །ཡང་ན་མན་ངག་དང་བྲལ་བ་ནི་མི་མཐོང་བའོ། །དེ་དག་གི་དོན་ནི་འདི་ཡིན་ཏེ། ཉེ་བའི་སྐྱེ་བའི་ལས་ཀྱི་བག་ཆགས་ཀྱིས་མཚམས་སྦྱོར་བ་
ནི་འཆི་ཀ་མའི་སེམས་ཀྱི་ཁྱད་པར་ཡིན་ལ། དེ་ཡང་སྲིད་པའི་ཞགས་པ་མཐོང་བས་སེམས་དཀྲུགས་ཤིང་མྱོས་ན། རང་དགའ་བ་དེ་བློ་དམན་པ་ཁ་ཅིག་ལ་ཇི་ལྟར་སྐྱེ་བར་འགྱུར། རང་བཞིན་གྱིས་བློ་བརྟན་པ་ཁ་ཅིག་ལ་སྐྱེ་རུ་རུང་ཡང་བླ་མའི་གདམས་ངག་དང་བྲལ་བ་ཡིན་ནོ། །འདུ་ཤེས་རྣམ་པ་ལྔ་ཞེས་
เล่ม ๑๙ · หน้า 154b
བྱ་བ་ནི་ལྷའི་ལུས་ལ་སོགས་པར་དམིགས་པའོ། །ལྟ་བ་ལྔ་ཡིས་ཕ་རོལ་འགྲོ། །ཞེས་བྱ་བ་ལ་ལྟ་བ་ནི་བསོད་ནམས་ལ་སོགས་པའི་བློའི་ཁྱད་པར་ཏེ་ང་རྒྱལ་ལོ། །དེ་ཉིད་གསུངས་པ། ལྷའི་ཡེ་ཤེས་གསང་བར་སྟོན། །ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ནི་བསོད་ནམས་ཀྱི་བློའོ། །སྟོན་པ་ནི་ལྟ་བའོ། །
ལྷ་ནི་དེས་ལྷར་སྐྱེ་བ་སྟེ། གང་གི་འཆི་ཀའི་སེམས་བསོད་ནམས་ཀྱི་རང་བཞིན་གྱི་བློའི་ང་རྒྱལ་གྱིས་གནས་པ་དེ་ལྟར་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་དེ་ལྟར་བལྟ་བར་བྱའོ། །ཁྲོ་བ་ཞེས་བྱ་བ་ནི་ཁྲོ་བའི་ང་རྒྱལ་ལོ། །གཞན་པ་ཞེས་བྱ་བ་ནི་ཞུམ་ཞིང་སེར་སྣའི་ང་རྒྱལ་ལོ། །འཇིགས་པས་
གནོན་ཞེས་བྱ་བ་ནི་ཁྲོ་བ་དང་སྐྲག་པའི་ང་རྒྱལ་ལོ། །བླུན་པ་ཞེས་བྱ་བ་ནི་རྨོངས་ཤིང་དམན་པའི་ང་རྒྱལ་ལོ། །སེམས་མེད་པ་ཞེས་བྱ་བ་ནི་ཤིན་ཏུ་ཡང་བླུན་པའོ། །བརྟན་པ་ཞེས་བྱ་བ་ནི་མི་གཡོ་བ་སྟེ། ཆུ་དང་མེ་ལ་སོགས་པའི་སྲོག་ཆགས་ཤིན་ཏུ་ཕྲ་ཞིང་གཟུང་དུ་མེད་པས་སྐྱེ་བའོ། །རྒྱུའི་ཡེ་ཤེས་
རྣམ་པ་ལྔ། །ཞེས་བྱ་བ་ནི། བརྟན་པ་མ་གཏོགས་པ་སྔར་བཤད་པ་རྣམ་པ་ལྔའོ། །ད་ནི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། གླེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླེན་པ་ཞེས་བྱ་བ་ནི་བློ་དམན་པའོ། །བསྒྲིབས་པས་ཞེས་བྱ་བ་ནི་སྨན་ལ་སོགས་པས་ཤེས་པ་ཉམས་པའོ། །ལྐུགས་པ་ནི་སྨྲ་
བར་མི་ནུས་པའོ། །བྱིས་པ་ནི་ཤེད་མ་ཕྱེད་པའོ། །ཤེས་འདོད་ཤེས་པ་ཅན་ཞེས་བྱ་བ་ནི་ལོག་པའི་ང་རྒྱལ་ཅན་རྣམས་སོ། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཞེས་བྱ་བ་ནི་བསོད་ནམས་དང་སྡིག་པའི་རང་བཞིན་མི་ཤེས་པའོ། །བླ་མའི་ལམ་ནི་སུན་འབྱིན་པ། །ཞེས་བྱ་བ་ནི་བདེ་བར་
གཤེགས་པའི་གསུང་རབ་ལ་ཞེ་སྡང་བའོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་ལམ་ལ་སྨོད་པའོ། །དེ་དག་ཀུན་གྱིས་མི་ཤེས་ཏེ། །ཞེས་བྱ་བ་ནི། དེ་དག་ནི་རྨོངས་པ་སྟེ་བསྟན་པ་ལྟར་ཡང་དག་པའི་སེམས་མེད་པའི་ཕྱིར་རོ། །ཅི་ཞིག་མི་ཤེས་ཤེ་ན། གསང་ཆེན་སངས་རྒྱས་སྤྱོད་ཡུལ་ཏེ།
ཉན་ཐོས་ལ་སོགས་པའི་ཡུལ་ལས་ཤིན་ཏུ་རིང་བར་སོང་བའི་ཕྱིར་རོ། །དེ་ཉིད་མི་ཤེས་ནས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ཞུས་པ་ཡིན་ནོ། །ཡེ་ཤེས་དེ་ཉིད་བྱེ་བྲག་དག །ཅེས་བྱ་བ་ནི་ལན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །འོ་ན་ཅིའི་ཕྱིར་
เล่ม ๑๙ · หน้า 155a
འཁོར་ཞེ་ན། ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ཡིན་ཡང་རྨོངས་པ་ཟིལ་གྱིས་མནན་ནས་གཉིས་སུ་མངོན་པར་ཞེན་པར་བྱས་པའི་ལས་ཀྱིས་སྤྲུལ་ཞིང་བསྐྱེད་པའི་ཕྱིར་རོ། །གང་ལས་ཤེ་ན། ཡེ་ཤེས་བྱེ་བྲག་ལས་ཏེ་ལྷན་ཅིག་སྐྱེས་པ་ལས་སོ། །དམན་དང་རབ་
དམན་དམན་པ་ཅན། །ཞེས་བྱ་བ་ལ་སོགས་པས་ནི། ལས་ཀྱི་སྤྲུལ་པའི་ཁྱད་པར་ཏེ། དམན་པ་ནི་ཡི་དགས་བཀྲེན་པའོ། །རབ་ཏུ་དམན་པ་ནི་འདྲེ་རྣམས་སོ། །དམན་པ་ཅན་ནི་ན་ངར་སྣབས་ཟ་བ་ལ་སོགས་པའོ། །གྲུབ་པ་པོ་ཞེས་བྱ་བ་ནི་ལྷ་རྣམས་སོ། །གསང་བ་ཞེས་བྱ་བ་ནི་མི་སྣང་བར་རྒྱུ་བའི་
གནོད་སྦྱིན་གྱི་ཁྱད་པར་རོ། །ཡི་དགས་ཞེས་བྱ་བ་ནི་ཡི་དགས་ཁྱད་པར་ཅན་ནོ། །གསལ་བའི་གཟུགས་སུ་མངོན་བརྗོད་པ། །ཞེས་བྱ་བ་ནི་གཟུགས་ན་སྤྱོད་པ་ལ་སོགས་པའོ། །ཕྲ་མོ་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་སྐྱེ་བོ་ཕྲ་མོ་རྣམས་སོ། །སྒོ་ང་ལས་བྱུང་བ་ནི་སྒོ་ང་ལས་སྐྱེས་པའོ། །ཆུ་དང་ཞེས་བྱ་བ་
ནས་བྲག་ལ་སོགས་པ་ཞེས་བྱ་བའི་བར་དུ་བརྟན་པ་རྣམས་ནི་ཆུ་ལ་སོགས་པའི་རང་བཞིན་གྱི་སྐྱེ་བོ་ཕྲ་མོ་གཟུང་བར་མི་ནུས་པ་རྣམས་སོ། །ཐམས་ཅད་ཡེ་ཤེས་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་གཉིས་སུ་མངོན་པར་ཞེན་པའི་ལས་ཀྱི་དབང་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལས་སྐྱེས་ཤིང་སྤྲུལ་
པའོ། །སྣང་བ་ཐམས་ཅད་དེ་ཉིད་ཀྱི། །ཡེ་ཤེས་མེད་ན་སྐྱེ་མི་འགྱུར། །ཞེས་བྱ་བ་ནི་སྐྱེ་བ་གནས་བཞིས་བསྡུས་པའི་སྐྱེ་བོ་ཐམས་ཅད་རང་རང་གི་རང་རིག་པའི་ཡེ་ཤེས་མྱོང་བ་ལ་སྐྱེས་པའོ། །ཡང་ན་བརྟན་པ་དང་གཡོ་བའི་འགྲོ་བ་ཐམས་ཅད་རང་གི་ཡེ་ཤེས་ཙམ་གྱི་སྣང་བ་ཡིན་ཏེ། གཞན་དུ་ན་སྣང་
བར་མི་འགྱུར་སྙམ་དུ་དགོངས་པ་ཡིན་ནོ། །དེས་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསལ་བར་མཛད་པ་ཡིན་ནོ། །དེ་ལྟར་འཁོར་བ་ལས་འདྲེན་པར་བྱེད་པ་ནི་གསང་སྔགས་ཀྱི་ཐེག་པ་ཉིད་ཡིན་པར་བསྟན་པའི་ཕྱིར། སྐྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་
བ་ནི་གསང་སྔགས་ཀྱི་ཐེག་པའི་ལམ་མོ། །ཡང་ན་གསང་སྔགས་ཀྱི་ཐེག་པ་ལ་དད་པ་ནི་སྐྱེ་བ་མང་པོར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་དགེ་བའི་རྩ་བ་སྨིན་པ་ལ་སྐྱེའི་གཞན་དུ་ནི་མ་ཡིན་ནོ་ཞེས་རྙེད་པར་དཀའ་བ་སྟོན་ཏོ། །རྣལ་འབྱོར་བསྟན་བཅོས་མཚན་མ་ཡིས། །ཞེས་བྱ་བ་ནི་
เล่ม ๑๙ · หน้า 155b
གསང་སྔགས་ཀྱི་ཚུལ་ལ་མོས་པས་སོ། །ཕྱི་རོལ་བསྟན་བཅོས་སྒྲ་སུན་དབྱུང་། །ཞེས་བྱ་བ་ནི་སྒྲ་ལ་སོགས་པ་ལ་ལྟོས་པའི་ཕྱི་རོལ་གྱི་བསྟན་བཅོས་སྤངས་པའོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་མི་ཕྱེད་པའི་ཤེས་པའོ། །རྣམ་
པར་འཕྲུལ་པ་ནི་དེ་ལས་འགྲོ་བ་སྣ་ཚོགས་སུ་སྣང་བའོ། །འབྱུང་བ་ནི་བསྟན་པའོ། །རིམ་པར་ཕྱེ་བ་ནི་དོན་དེའི་གཞུང་གི་ཚོགས་ཏེ་སུམ་ཅུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔའ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །།ད་ནི་གཉིས་སུ་མེད་
པའི་ཡེ་ཤེས་ཀྱི་རང་བཞིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་རྣལ་འབྱོར་པས་གཟུང་བར་བྱ་བའི་ཕྱིར་དེའི་ཚད་དང་མཚན་ཉིད་སྟོན་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་
བསྟན་པའི་འོག་ཏུའོ། །རྡོ་རྗེ་སེམས་སོགས་ལྷ་རྣམས་སུ། །ཞེས་བྱ་བ་ནི། རྩེ་མོ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷའི་རྣམ་པར་དག་པ་སོ་སོའི་ངེས་པའོ། །རྡོ་རྗེ་དག་ནི་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་དང་འབྲེལ་བའི་རྡོ་རྗེའི་ཁྱད་པར་རྣམས་སོ། །
ལེགས་པར་བརྡུང་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པར་རོ། །ཀུན་གྱིས་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི་ཆུ་སྲིན་གྱི་ཁ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཡང་ན་ཤིང་ལ་སོགས་པ་ལས་བྱས་པ་ཡིན་ན། ཚོན་རྩིས་ཁ་བསྒྱུར་བའོ། །ཆ་གསུམ་དུ་ནི་བཟུང་ནས་སུ། །ཞེས་བྱ་བ་ནི་ར་
གཉིས་དང་ལྟེ་བའི་སྲིད་ཀྱི་ཆ་གསུམ་མཉམ་པོར་བྱ་བའོ། །ཆ་བརྒྱད་སྐེ་རགས་ཀྱིས་ནི་བརྒྱན། །ཞེས་བྱ་བ་ལ་ཆ་བརྒྱད་ནི་ཡན་ལག་འབྱེས་པའོ། །སྐ་རགས་ཞེས་བྱ་བ་ནི་རྩེ་མོའི་འོག་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐ་རགས་ཀྱིས་བསྐོར་བར་བྱ་སྟེ། ཁ་ཁྱེར་ཞེས་བྱ་བར་གྲགས་པའོ། །ཡང་ན་
ཆ་གསུམ་ཞེས་བྱ་བ་ཆ་གསུམ་པ་སྟེ་དབུས་ཀྱི་ལྟེ་བའོ། །སྐ་རགས་ནི་དེ་ལ་རི་མོ་གཉིས་ཀྱིས་བསྐོར་བ་སྟེ། འདིར་གསུམ་པའི་སྒྲ་མི་མངོན་པ་ཡིན་ནོ། །ཕྱོགས་ལ་སོགས་པ་ཇི་བཞིན་དུ། །ཞེས་བྱ་བ་ལ་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི་རང་རང་གི་ཕྱོགས་ཇི་བཞིན་དུའོ། །
เล่ม ๑๙ · หน้า 156a
དབུ་མ་ཉིད་དང་སངས་རྒྱས་དགུ། །ཞེས་བྱ་བ་ནི། དབུས་ཀྱི་རྡོ་རྗེ་འཛིན་པ་དང་ལྷ་དགུ་སྟེ། དེ་རྣམས་ཀྱི་སོ་སོར་རྩེ་མོ་དགུ་པ་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་།
འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་དང་། འཇམ་དཔལ་དང་། བྱམས་པ་རྣམས་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྩེ་མོ་དགུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་མོ་དགུ་ལ་ལྷ་དགུས་སོ་སོར་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་
ཏོ། །ཆུ་སྲིན་ལས་ནི་འབྱུང་བ་ཡི། །རྩེ་མོ་པདྨ་ཟླ་བར་གནས། །ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་རྩེ་མོ་རྣམས་ཆུ་སྲིན་ཁ་ནས་དབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྩེ་དགུ་ཞེས་བྱ་བ་ནི་ངོས་རེ་རེ་ཞིང་ངོ་། །དབུ་མ་རིང་པོ་ཉིད་ཀྱིས་སུ། །ཆ་གསུམ་གྱི་
ནི་ཚད་དག་བྱ། །ཞེས་བྱ་བ་ནི། སྔར། ཆ་གསུམ་དུ་ནི་གཟུང་བར་བྱ། །ཞེས་བྱ་བའི་བཤད་པ་ཡིན་ཏེ། རྡོ་རྗེའི་ར་དབུ་མ་ར་གཞན་ལས་ཅུང་ཟད་རིང་བ་དེའི་ཚད་ཀྱི་ཆ་གསུམ་ཡིན་གྱི། ར་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཐུན་མོང་ཚད་ཡིན་ནོ། །ཞེས་བྱ་བ་ནི་ཆ་མཉམ་པོ་གསུམ་
དུ་བགོ་བ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་ཚད་ཡིན་གྱི། རྩེ་དགུ་པ་འབའ་ཞིག་གི་མ་ཡིན་པའོ། །ཡང་རྡོ་རྗེ་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་གསུངས་པ། ཀུན་གྱི་རྩེ་མོ་དབུ་མ་ཟླུམ། །ཞེས་བྱ་བ་ལ་སོགས་པ་ལ། རྩེ་དགུ་པ་ལ་སོགས་པ་ཀུན་གྱི་རྩེ་མོ་སྟེ་ར་དབུ་མ་ཟླུམ་པོར་བྱའོ། །ཐ་མའི་ར་
རྣམས་ནི་མན་ངག་ལས་གྲུ་བཞི་པར་ཤེས་པར་བྱའོ། །ཕྱོགས་སོགས་རྩེ་མོ་འདུད་པས་གནས། །ཞེས་བྱ་བ་ཕྱོགས་ལ་སོགས་པའི་ར་རྣམས་ཀྱི་རྩེ་མོ་བཀུག་ནས་ར་དབུ་མ་ལ་འདུད་པར་བྱའོ། །དབུས་ནི་ཟུར་བརྒྱད་དག་ཏུ་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབུ་མའི་ཆ་ལྟེ་བ་གང་ཡིན་པ་དེ་ནི་ཆ་བརྒྱད་པར་
བྱ་བའོ། །ཆ་བརྒྱད་པ་དེ་ཅི་འདྲ་ཞེ་ན། རིན་ཆེན་མ་ར་ཀ་ཏ་ལྟར། །དེ་ནི་ཅུང་ཟད་ཟུར་བརྒྱད་བྱ། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །ཁ་ཅིག་ནི་ཚིག་རྐང་ཐ་མ་དེ་གཉིས། ཀུན་གྱི་རྩེ་མོ་དབུས་མ་ཟླུམ། །ཞེས་བྱ་བའི་བཤད་པ་ཡིན་པར་འདོད་དོ། །སྟེང་དང་འོག་དང་དབུས་དག་ནི། །སོ་སོར་ཆ་ནི་གསུམ་
เล่ม ๑๙ · หน้า 156b
གསུམ་འདོད། །ཅེས་བྱ་བ་ལ། སྟེང་དང་འོག་དང་དབུས་ཞེས་བྱ་བ་ནི་སྔར་ཆ་གསུམ་དུ་གཟུང་ཞིང་བཤད་པའོ། །སོ་སོར་ཆ་ནི་གསུམ་གསུམ་འདོད། །ཅེས་བྱ་བ་ནི་དེ་རེ་རེ་ཞིང་ཡང་ཆ་གསུམ་གསུམ་དུ་བགོས་ལ། དབུ་མའི་དབུ་མ་ཟུར་བརྒྱད་པར་བྱ་བའི་ཆ་གཉིས་པོ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན། དབུས་
ཀྱི་ཆ་ཡི་ཚད་ལྡན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ར་གཉིས་ཀྱི་ཡང་སོ་སོར་དབུ་མ་ཅུང་ཟད་སྦོམ་པར་བྱས་ལ། ཐ་མ་ཆ་གཉིས་གཉིས་ནི་ཕྲ་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཡང་ནི་སོ་སོར་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པའི་དབྱེ་བ་ཀུན་ལ་སོ་སོར་རོ། །ལྷག་མ་ནི་སྔར་
བཤད་པ་བཞིན་སྦྱར་བར་བྱའོ། །སྟེང་གི་པདྨ་ཟླ་བ་ནི། །དྲུག་ཆ་ཀུན་ནས་ཟླུམ་པོར་བྱ། །ཞེས་བྱ་བ་དྲུག་ཆ་ཞེས་བྱ་བ་ནི་འོག་ནས་བཤད་པར་བྱའོ། །ཀུན་ནས་ཟླུམ་པོར་བྱ་ཞེས་བྱ་བ་ནི། །ཟླ་བའི་སྟེང་གི་ཁ་ཁྱེར་ཏེ་དེའི་ཚད་དྲུག་ཆར་བྱ་བའོ། །དེ་དག་ལ་ནི་སེང་གེའི་སྣ། །ནས་ཕྱེད་ཙམ་དུ་
མཐོ་བར་བྱ། །ཞེས་བྱ་བ་ལ་དེ་དག་ལ་ཞེས་བྱ་བ་ནི་ཟླ་བ་ལས་བྱུང་སྐྱེས་པའོ། །སེང་གེའི་སྣ་ཞེས་བྱ་བ་ནི་ཆུ་སྲིན་གྱི་སྣའོ། །དེ་ནས་ཕྱེད་ཙམ་ཞེས་བྱ་བ་ནི་རྡོ་རྗེའི་ར་ལས་ཕྱིར་འཕགས་པའི་ཚད་དོ། །ད་ནི་སྔར་ཐལ་བའི་དྲུག་ཆ་བསྟན་པའི་ཕྱིར། མཆེ་བ་ཡི་ནི་མཐར་གནས་པ། །དེ་ཡི་དྲུག་
ཆ་ཞེས་བྱར་གྲགས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་རའི་ཆ་གང་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མཐའ་ནང་དུ་ཞུམ་པ་དེའི་དྲུག་ཆར་ཤེས་པར་བྱའོ། །དེ་དག་ནི་ཐུན་མོང་གི་ཚད་དང་མཚན་ཉིད་དོ། །ད་ནི་རྩེ་དགུ་པའི་ཚད་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ཆ་ནི་ཉི་ཤུ་རྩ་བདུན་ལ། །སོ་སོ་རུ་ནི་དགུ་དགུར་
འདོད། །ཅེས་བྱ་བ་གསུངས་ཏེ་དེ་ལ། ཆ་ནི་ཉི་ཤུ་རྩ་བདུན་ལ། །ཞེས་བྱ་བ་ནི། སྔར་ཆ་དགུ་དགུར་བགོས་པ་དེ་རེ་རེ་ཞིང་ཡང་གསུམ་གསུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱ་ཞེ་ན། ར་སོ་སོའི་ཆ་དྲུག་དྲུག་བོར་བ་རྩེ་མོའི་ཆ་གསུམ་གསུམ་པོ་རིམ་གྱིས་ཕྲ་བར་བྱའོ་ཞེས་བྱ་བ་ནི་མན་ངག་
གོ། །སོ་སོ་རུ་ནི་དགུ་དགུར་འདོད། །ཅེས་བྱ་བ་ནི། ངོས་གཉི་ཀའི་རྩེ་མོ་དགུ་དགུ་བཅོ་བརྒྱད་དུ་བྱ་བའོ། །ཆ་གསུམ་བླ་མའི་ཐ་མ་ནི། །ཞེས་བྱ་བ་འདི་ནི་ཡང་ཐུན་མོང་གི་མཚན་ཉིད་སྟོན་པ་ཡིན་ཏེ། རྩེ་མོ་རེ་རེ་ཞིང་ཡང་ཆ་དགུ་དགུར་བགོས་པའི་རྩེ་མོའི་ངོས་ཀྱི་ཆ་གསུམ་ནི་བླ་མའི་མཐའ་མ་སྟེ།
เล่ม ๑๙ · หน้า 157a
རིམ་གྱིས་ཕྲ་བར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྟེང་གི་ཆ་གཉིས་སྤངས་ནས་ནི། །ཞེས་བྱ་བ་གསུངས་ཏེ། སྟེང་གི་ར་རྣམས་སོ། །ཆ་གཉིས་ནི་ལྟེ་བ་དང་འབྲེལ་བའི་ཆ་དྲུག་དྲུག་གོ། །དབུས་ཀྱི་མཐའ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི། ར་དབུ་མ་ཟླུམ་པའི་རྩེ་མོ་
ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །འདབ་མ་ལ་ནི་གང་གནས་པའི། །ཆུ་སྲིན་ཆ་གཅིག་ཉིད་ཡིན་ཏེ། །ཞེས་བྱ་བ་ལ། འདབ་མ་ལ་ནི་གང་གནས་པ། །ཞེས་བྱ་བ་ནི། པདྨའི་སྟེང་གི་ཟླ་བ་ལས་བྱུང་བའི་ཕྱི་རོལ་གྱི་ར་རྣམས་ཏེ་འདབ་མའི་ཆ་ལ་གནས་པའི་ཕྱིར་རོ། །ཆུ་སྲིན་ཆ་གཅིག་ཉིད་
ཡིན་ཏེ། །ཞེས་བྱ་བ་ནི། ཆུ་སྲིན་གྱི་དཔངས་ར་དེའི་རྩ་བའི་བཞི་ཆར་བྱའོ། །དེ་ཡི་ཕྱེད་དུ་སྐ་རགས་འདོད། །ཅེས་བྱ་བ་ནི་ལྟེ་བའི་སྐ་རགས་སོ། །རྡོ་རྗེ་ཀུན་ལ་བློ་ལྡན་པས། །ཆུ་དང་ཞེང་ནི་མཉམ་པོར་བྱ། །ཞེས་བྱ་བ་ལ་རྡོ་རྗེ་ཀུན་ནི་རྡོ་རྗེ་ཐམས་ཅད་ཀྱི་ཐུན་མོང་དུ་བྱའོ། །ཞེང་ཞེས་བྱ་བ་ནི་ར་
གཉིས་ཀྱི་ཆ་ཀུན་ནས་བསྐོར་བ་སྟེ། དེ་དང་ཆུར་མཉམ་པོར་བྱ་བའོ། །བློ་ལྡན་ནི་ཤེས་རབ་དང་ལྡན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆ་ལ་སོགས་པ་སྔོན་དུ་ནི། །ཇི་ལྟར་བསྟན་བཞིན་ལྡན་པར་བྱ། །ཞེས་བྱ་བ་ནི་རྒྱུད་འདི་ཉིད་ཀྱི་སྔར་བསྟན་པ་དང་གཞན་དག་ཏུ་བསྟན་པ་ཡང་བསྡུ་བར་བྱའོ། །དེ་
ལ་རྡོ་རྗེ་ཀུན་གྱི་ཚད་ནི་འདིར་གསལ་པོར་མ་གསུངས་ཏེ། འོག་ནས་དྲིལ་བུའི་ཚད་སོར་དྲུག་ནས་སོར་ཉི་ཤུའི་བར་དུ་བསྟན་པ་ཉིད་ཀྱིས་རྡོ་རྗེའི་ཚད་ཀྱང་ཤེས་པར་བྱའོ། །ཁ་ཅིག་ནི་ཇི་ལྟར་འདོད་པ་བཞིན་དུ་བྱའོ་ཞེས་ཟེར་རོ། །དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་དམ་ཚིག་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་
དང་གྲངས་མཉམ་པའི་ར་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་གྱི་དབུས་སུ་རྣམ་སྣང་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། སྟེང་གི་ཆའི་ར་རྣམ་པ་ལྔ་དེ་བཞིན་གཤེགས་པ་ལྔས་སྦྱང་བ་བསྟན་པ་ཡིན་ཏེ་གོ་སླའོ། །འོག་གི་ཆའི་ར་ལྔ་ནི་འོག་ནས་བཤད་པར་
བྱའོ། །ར་དགུ་པ་ལ་ཡང་ཡེ་ཤེས་ལྔ་རྣམ་པར་དག་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་དོན་གྱིས་ཤེས་པར་བྱའོ། །པདྨ་ཞེས་བྱ་བ་ལ་སོགས་པ་ལ། ས་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བརྒྱད་དོ། །གནོད་སྦྱིན་བདག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །ལྷག་མ་ནི་གོ་སླའོ། །
เล่ม ๑๙ · หน้า 157b
དབུས་སུ་ཞེས་བྱ་བ་ནི་ལྟེ་བ་ལའོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འོ། །བཅུ་གསུམ་ཞེས་བྱ་བ་ནི་སུམ་ཅུ་པའི་ལྷ་རྣམས་ཏེ། དེ་དག་ཀྱང་འདིར་ཐིམ་པར་བསྒོམ་པར་བྱའོ། །གཞན་ཡང་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི། འོག་གི་ཆའི་པདྨའི་འདབ་མ་དང་རྡོ་རྗེའི་རྩེ་མོ་
རྣམས་སྦྱང་བ་སྟོན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྩེ་མོ་རྣམས་ཀྱི་གསུངས་པ། རྩེ་མོ་དག་ནི་རྣམ་པ་ལྔ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་དོན་ཡང་གསལ་ལོ། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །ཞེས་བྱ་བ་
ནི། ར་དབུས་མ་ཡེ་ཤེས་མཁའ་འགྲོ་མས་བྱིན་གྱིས་བརླབས་པའོ། །རྩེ་དགུ་པའི་ཕྱོགས་ལ་ཡང་འོག་གི་ར་རྣམས་ཕུང་པོ་ལྔ་དག་པའི་རང་བཞིན་དུ་སྦྱར་བར་བྱའོ། །དམ་ཚིག་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བ་ལ། མི་འདའ་བའི་དོན་གྱིས་ན་དམ་ཚིག་སྟེ། ཅི་ཞིག་ཅེ་ན། རྡོ་རྗེ་
སྟེ་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ། །བསྒོམ་པ་ནི་དེར་ལྷག་པར་མོས་པར་བྱའོ། །རྣམ་པ་གཞན་དུ་གསུངས་པ། འདུག་པ་རྡོ་རྗེ་རྩེ་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལྷག་མ་ངེས་པར་འདུལ་བྱེད་པ། །ཞེས་བྱ་བ་ལྷག་མ་ཞེས་བྱ་བ་ནི་ཡང་རྩེ་གསུམ་པའི་རྡོ་རྗེའོ། །
ངེས་པར་འདུལ་བ་ཞེས་བྱ་བ་ནི་ལྷ་མ་ཡིན་འཇོམས་པ་སྟེ་དེ་ནི་དེའི་ཕྱིར་བྱ་བའོ། །ཞི་ལ་ཞི་བའི་ལྷ་ཉིད་དེ། །ཞེས་བྱ་བ་ལ་ཞི་བ་ནི་དྲག་པོའི་རྡོ་རྗེ་གདེངས་པོ་ལ་ལྟོས་ནས་ཁ་ཟུམ་པའི་རྡོ་རྗེའོ། །ཞི་བའི་ལྷ་ཉིད་ཅེས་བྱ་བ་ནི་ཞི་བའི་ལྷའི་བསྒྲུབ་པའོ། །རིགས་ཀྱི་རིམ་པའི་ཆོ་གས་དབྱེ། །ཞེས་
བྱ་བ་ནི། ཞི་བ་དང་ཁྲོ་བོ་ལ་སོགས་པའི་ལྷའི་དབྱེ་བས་རྡོ་རྗེའི་ཁྱད་པར་གྱིས་སོ་སོར་བསྒྲུབས་ན། བྱ་བ་ཐམས་ཅད་ཅེས་བྱ་བ་ཞི་བ་ལ་སོགས་པའི་ལས་བྱེད་པ་སྟེ། འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་རྒྱན་གྱི་མཚན་ཉིད་ཀྱི་རྡོ་རྗེ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཞེས་
བྱ་བ་ནི་སོར་མོའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེའོ། །དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་དྲིལ་བུའི་མཚན་ཉིད་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དབུས་ཀྱི་ཁོག་པ་ཞེས་བྱ་བ་ནི་ནང་གི་བུ་ག་སྟེ་ཡངས་པར་བྱ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། ཟབ་
เล่ม ๑๙ · หน้า 158a
པ་ཞེས་བྱ་བ་གསུངས་ཏེ། སྒྲ་སྙན་ཅིང་ཟབ་ལ་རིང་བར་འགྱུར་བའོ། །ཐམས་ཅད་དགའ་བྱེད་བཅུད་ཀྱིས་གནས། །ཞེས་བྱ་བ་ནི། ཐམས་ཅད་དུ་དགའ་བ་བསྐྱེད་པར་བྱ་བའོ། །གཞུང་ཁ་ཅིག་ལས། ཐམས་ཅད་དུ་ནི་དགའ་བའི་མཆོག །ཅེས་འབྱུང་སྟེ། དེའི་དོན་ཡང་འདི་ཉིད་ཡིན་པར་
བལྟ་བར་བྱའོ། །པདྨ་ཞེས་བྱ་བ་ལ་སོགས་པས་ནི་རྩེ་མོ་དགུ་པའི་དྲིལ་བུའི་མཚན་ཉིད་བསྟན་པ་ཡིན་ཏེ། དྲིལ་བུའི་ཁོག་པའི་སྟེང་ན་ཤེས་རབ་ཀྱི་ཞལ་གནས་པའི་འོག་གི་ཉེ་འཁོར་དུ་པདྨ་འདབ་མ་བརྒྱད་པ་བྱས་ལ། དེར་ལྷ་མོ་བརྒྱད་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་སྟེང་དུ་ཞེས་བྱ་བ་ནི་
པདྨ་འདབ་མ་བརྒྱད་པའི་སྟེང་དུའོ། །ལྷ་མོ་ཞེས་བྱ་བ་ནི་བསམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ལས་ཤེ་ན། ས་བོན་བརྒྱད་ལས་ཏེ་ཏཾ་ལ་སོགས་པའི་ས་བོན་བརྒྱད་བཀོད་པ་ལས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། མདོག་མཛེས་ཞེས་བྱ་བ་ནི་ལྷ་
མོ་ནོར་རྒྱུན་མའོ། །སྦྲང་རྩི་ཞེས་བྱ་བ་ནི་སྐུལ་བྱེད་མའོ། །ཡིད་འོང་མ་ཞེས་བྱ་བ་ནི་ཁྲོ་གཉེར་མའོ། །རིན་ཆེན་འཁྱིལ་མ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་གྱི་མིང་ངོ་། །ནམ་མཁའི་ཕྱོགས་ཞེས་བྱ་བ་ནི་སྙིང་པོ་ལ་བྱའི་ནམ་མཁའ་ཉིད་ནི་མ་ཡིན་ནོ། །གཟུགས་རྫོགས་བསྐོར་བས་ཡང་དག་
གནས། །ཞེས་བྱ་བ་ནི་ཡེ་ཤེས་བདུད་རྩིའི་བུམ་པའི་རྩ་བར་རི་མོ་གསུམ་གྱིས་བསྐོར་བའོ། །པདྨ་རྒྱས་པ་ལྟ་བུའི་དབྱིབས། །ཞེས་བྱ་བ་ནི་ཁོག་པའི་དབྱིབས་སོ། །གཟུགས་མེད་སྲིད་པའི་ཕྱོགས་སུ་ནི། །ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་དང་རི་མོ་གསུམ་གྱི་སྟེང་གི་དབྱིག་པའི་རྩ་བའི་
ཆའོ། །དེ་ཅི་འདྲ་ཞེ་ན། ཡེ་ཤེས་བདུད་རྩིའི་བུམ་པ་འདྲ། །ཞེས་བྱ་བ་སྟེ། བདུད་རྩིའི་བུམ་པའི་དབྱིབས་ལྟ་བུའོ། །ཤེས་རབ་བདུད་རྩིའི་གནས་ཡིན་ཏེ། །ཞེས་བྱ་བ་ལ་ཤེས་རབ་དང་ཡེ་ཤེས་ཉིད་བདུད་རྩི་སྟེ་དེའི་གནས་དང་རྟེན་དུ་གྱུར་པའོ། །དེས་ན་བུམ་པའི་སྟེང་དུ་ཤེས་རབ་ཀྱི་ཞལ་
དབྱུང་ངོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེའི་དབུས་ཀྱི་སྟན་ལ་ནི། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཞལ་བྲིའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ནི་འོག་ནས་སྟོན་མོད་ཀྱི་འདིར་སྨོས་པ་ནི་ཚེགས་མེད་པར་བྱ་བའི་ཕྱིར་རོ། །དབུས་ཀྱི་དབྱུག་པ་ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་
เล่ม ๑๙ · หน้า 158b
སྟེང་གི་དབྱུག་པ་གཉི་ག་བཟུང་བར་བྱ་བའོ། །ཡེ་ཤེས་ཏེ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྲགས་པའོ། །ཨོཾ་ལྟར་མཆོག་ནི་སྩོལ་བར་གྲུབ། །ཞེས་བྱ་བ་ནི། དེ་ལྟ་བུའི་དྲིལ་བུ་དེ་ཨོཾ་ལྟར་བཀྲ་ཤིས་པར་བྱེད་པའི་ཕྱིར་རོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །
དེ་བཞིན་ནོ་ཞེས་བྱ་བ་ནི་རྩེ་མོ་དགུ་པའི་དྲིལ་བུ་ནི་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཛིན་མ་ཞེས་བྱ་བའི་བར་དུའོ། །བདུད་རྩིའི་གནས་ཀྱི་དབུས་སུ་ནི། །ལྷ་མོ་ཡི་ནི་ཞལ་གཅིག་བྲི། །ཤེས་རབ་ཕ་རོལ་ཕྱིན་མའོ། །ཞེས་བྱ་བ་ལ། བདུད་རྩེའི་གནས་ནི་བུམ་པའོ། །གཅིག་ནི་གཉིས་སུ་མེད་པ་སྟེ། འདིས་ནི་
ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལས་བྱུང་ཞེས་བྱ་བར་སྟོན་ཏོ། །གཟུགས་མཛེས་བསྐོར་བས་ཡང་དག་གནས། །ཞེས་བྱ་བ་ནི། སྔ་མ་ལྟར་ཤེས་རབ་ཀྱི་སྟེང་དུ་སྐ་རགས་ཀྱིས་བསྐོར་བས་མཛེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྟེང་གི་པདྨ་རྡོ་རྗེ་ནི། །ཞེས་བྱ་བ་ནི་དེའི་སྟེང་དུ་པདྨ་
དང་ཟླ་བ་དང་རྡོ་རྗེ་རྩེ་མོ་རྣམས་སྔ་མ་ལྟར་བྱ་བའོ། །སྔ་མ་བཞིན་དུ་བསམ་པར་བྱ། །ཞེས་བྱ་བ་ནི་དེ་དག་ལྷ་རྣམས་ཀྱིས་སྦྱང་བ་སྔར་བསྟན་པ་བཞིན་དུ་བྱ་བའོ། །དབུས་ཀྱི་ཡེ་ཤེས་དབྱུག་པ་སྟེ། །ཆ་བརྒྱད་ཀྱིས་ནི་མཛེས་པར་བྱ། །ཞེས་བྱ་བ་ནི། རྩེ་མོ་དགུ་པར་བྱ་བའོ། །ཡང་ན་དབུས་ཀྱི་རྩེ་
མོ་ཟླུམ་པོ་ཆ་བརྒྱད་དུ་བྱ་བའོ། །ད་ནི་རྡོ་རྗེ་མཁའ་འགྲོའི་དྲིལ་བུ་གསུངས་ཏེ། དེ་ནས་དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ད་ནི་དེ་བཞིན་གཤེགས་པའི་དྲིལ་བུའི་མཚན་ཉིད་བཤད་པར་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་བདག་ཉིད་ཅན་གྱི་དྲིལ་བུའོ། །འཁོར་
བ་ལས་བྱུང་ཞེས་བྱ་བ་ནི་ཐུན་མོང་དུ་བལྟ་བར་བྱའོ། །དེ་ཉིད་ཀྱིས། ཀུན་ལ་འཁར་བའམ་ཡང་ན། །ལྕགས་གསུམ་ལས་བྱུང་དྲིལ་བུ་སྟེ། །ཞེས་བྱ་བ་སྨོས་སོ། །ད་ནི་དྲིལ་བུའི་ཚད་གསུངས་པ་སོར་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། སོར་ལྔ་མན་ཆད་སྤང་བར་བྱ། །ཞེས་བྱ་བ་ནི་སོར་དྲུག་ལས་
ཆུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཡང་ཆོ་གའི་རིམ་པ་བཞིན། །ཞེས་བྱ་བ་ནི་དཀྱུས་དང་ཞེང་གི་ཚད་རྗེས་སུ་མཐུན་པར་བྱ་བའོ། །དེ་ཉིད་ཀྱིས་ནི་རྡོ་རྗེའི་ཚད་དག་ཀྱང་ཤེས་པར་བྱའོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ་
เล่ม ๑๙ · หน้า 159a
མཚན་ཉིད་ནི་པདྨ་དང་ཟླ་བ་ལ་སོགས་པ་དང་ལྡན་པའོ། །ཚད་ནི་ཆ་གསུམ་དང་སོར་ཉི་ཤུ་ལ་སོགས་པ་དང་ལྡན་པའོ། །ཆོ་ག་ནི་གསལ་བར་བྱས་པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་
བཤད་པ་ལས། ལེའུ་སུམ་ཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟ་བུའི་རྡོ་རྗེ་དང་དྲིལ་བུ་རྡོ་རྗེ་སློབ་དཔོན་གྱིས་གཟུང་བར་བྱ་བ་ཡིན་པས་དེའི་མཚན་ཉིད་སྟོན་པར་བྱེད་པའི་ལེའུ་གསུངས་པ། རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི་
གཉིས་སུ་མེད་པའི་ཡེ་ཤེས་ཏེ་མི་ཕྱེད་པའི་ཕྱིར་རོ། །དེར་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུས་སྤྱོད་པས་ནི་སློབ་དཔོན་ནོ། །མཚན་ཉིད་ནི་སློབ་དཔོན་དུ་འོས་པའི་རང་བཞིན་ནོ། །དེ་གང་ཞེ་ན། དུལ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དུལ་བ་ཞེས་བྱ་བ་ནི་དབང་པོ་
དུལ་བའོ། །ཆ་ལུགས་མཛེས་པ་ཞེས་བྱ་བ་ནི་རྗེས་སུ་འཚམ་པའི་སྤྱོད་པ་དང་ལྡན་པ་སྟེ། གནས་སྐབས་གང་དུ་གང་གིས་འདུལ་བར་འགྱུར་བའི་སྤྱོད་པ་རྗེས་སུ་འཇུག་པའོ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཞེས་བྱ་བ་ནི་བྱམས་པ་སྒོམ་པར་བྱེད་པའོ། །སྔགས་དང་རྒྱུད་ཀྱི་སྦྱོར་བ་
ཤེས། །ཞེས་བྱ་བ་ལ་སྔགས་ནི་རྐང་པ་བརྒྱད་པ་ལ་སོགས་པའོ། །རྒྱུད་ནི་སྨན་རྣམས་སོ། །སྦྱོར་བ་ནི་བྱ་བའོ། །ཤེས་པ་ནི་མཁས་པའོ། །རྣལ་འབྱོར་བཟོ་ཡི་ཆ་ལ་མཁས། །ཞེས་བྱ་བ་ནི་དཀྱིལ་འཁོར་བྲི་བ་ལ་སོགས་པའི་བྱ་བ་ལ་བཟོ་བའོ། །ཐམས་ཅད་དུ་ནི་འཇམ་པོར་སྨྲ། །
ཞེས་བྱ་བ་ནི། དགྲ་དང་ཟིན་དང་བར་མ་རྣམས་ལ་འཇམ་པ་སྟེ་སྙན་པར་སྨྲ་བའོ། །སེམས་ཅན་ཀུན་ལ་བུ་བཞིན་བལྟ། །ཞེས་བྱ་བ་ནི། ཇི་ལྟར་བུ་རྣམས་ལ་ཕ་རིམ་གྲོ་བྱེད་པ་ལྟར་སེམས་ཅན་ཐམས་ཅད་ལ་རིམ་གྲོ་བྱེད་པའམ། ཡང་ན་སེམས་ཅན་ཐམས་ཅད་ལ་བུ་ལྟར་སྡུག་པར་བལྟ་
བའོ། །བསམ་གཏན་སྦྱོར་ལ་མངོན་པར་བརྩོན། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཉེ་བར་སྦྱོར་བའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་ནན་ཏན་བྱེད་པའོ། །རྟག་ཏུ་མཉམ་པའི་སེམས་བསྐྱེད་པ། །ཞེས་བྱ་བ་ནི་བཏང་སྙོམས་ཚད་མེད་པ་དང་ལྡན་པར་སྟོན་པའོ། །སེམས་ཅན་རྣམས་
เล่ม ๑๙ · หน้า 159b
ཀྱི་མགོན་སྐྱབས་ཏེ། །ཞེས་བྱ་བ་ནི་སྡུག་བསྔལ་ལས་འདྲེན་པའི་ལམ་སྟོན་པའི་ཕྱིར་རོ། །སེམས་ཅན་བསམ་པའི་བྱེ་བྲག་མཁས། །ཞེས་བྱ་བ་ནི་བྱ་བ་ཅུང་ཟད་ཙམ་གྱིས་སོ་སོའི་བསམ་པའི་ཁྱད་པར་རྟོགས་པར་ནུས་པ་སྟེ་བག་རྣོ་བའོ། །མགོན་མེད་རྣམས་ལ་གཉེན་ལྟར་བརྩེ། །ཞེས་བྱ་བ་ནི་
སེམས་ཅན་དམན་ཞིང་སྡུག་བསྔལ་གྱིས་གཙེས་པ་རྣམས་ལ་ལྷག་པར་ཡང་བརྩེ་བའོ། །དེ་ལྟར་ཡང་གསུངས་པ། བུ་ནི་ནད་པ་གང་ཡིན་ལ། །མ་ནི་ལྷག་པར་གདུང་བར་འགྱུར། །དེ་བཞིན་སེམས་ཅན་དམན་པ་ལ། །བྱང་ཆུབ་སེམས་དཔའ་ལྷག་པར་བརྩེ། །ཞེས་སོ། །མཛའ་སྡུག་
གིས་ནི་ལེགས་པར་བལྟ། །ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་ཕན་འདོགས་པའི་བསམ་པས་མཐུན་ཞིང་འཇམ་པར་བལྟ་བ་དེ་ནི་མཛའ་སྡུག་གིས་བལྟ་བ་སྟེ། དེ་ཉིད་ལེགས་པ་སྟེ་དགེ་བ་ཡིན་ནོ། །སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས། །ཞེས་བྱ་བ་ནི་གསང་སྔགས་ཀྱི་ལམ་གྱི་མན་
ངག་རྣམས་ལ་ཐོགས་པ་མེད་པའོ། །དམ་ཚིག་སྤྱོད་ལ་རབ་ཏུ་གུས། །ཞེས་བྱ་བ་ནི་སྦ་བར་བྱ་བ་རྣམས་སྦེད་པའོ། །ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ། །མི་ཕྱེད་གནས་ཞེས་བྱ་བ་ནི། ཕྱེད་པ་ནི་དམན་པའོ། །དེ་ལས་བཟློག་པ་ནི་མི་ཕྱེད་གནས་ཏེ་དགེ་བའི་ལམ་ལ་མངོན་པར་སྤྲོ་བའོ། །
གཉིས་མེད་ཅེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའོ། །སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས། །ཞེས་བྱ་བ་ལ། སྔགས་ཀྱི་འཁོར་ལོ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའོ། །སྤྱོད་པ་ནི་སྤྲུལ་པའོ། །གུས་པ་ནི་གོ་རིམས་ལ་མཁས་པའོ། །དབང་བསྐུར་དོན་གྱིས་ཡོན་ཏན་འབྱུང་། །ཞེས་བྱ་བ་ལ།
དབང་བསྐུར་བ་ཉིད་གོམས་པར་བྱས་ན་ཡོན་ཏན་ཏེ། དོན་ནི་དེའི་དོན་དུ་གཉེར་ཞིང་ལེན་པའོ། །འབྱུང་བ་ནི་གནས་ཏེ་བླ་མ་བརྒྱུད་པའི་རིམ་གྱིས་དབང་བསྐུར་བའོ། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །ཞེས་བྱ་བ་ལ། དེ་ཉིད་བཅུ་ནི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། ཀ་ར་
ན་དང་། འདུག་སྟངས་དང་། བཟླས་པ་དང་། སྦྱིན་སྲེག་དང་། མཆོད་པ་དང་། ལས་ཀྱི་སྦྱོར་བ་དང་། ཉེ་བར་བསྡུ་བ་སྟེ་བྱ་བ་དེ་དག་ལ་མཁས་པའོ། །དེ་ལྟར་གྱུར་པའི་སློབ་དཔོན་གྱི་སྐུ་ལ་སོགས་པ་ལ་ཇི་ལྟར་བལྟ་བར་བྱ་བ་དེ་བསྟན་པའི་ཕྱིར་གསོལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་
เล่ม ๑๙ · หน้า 160a
ཏེ་སངས་རྒྱས་ཀུན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །ཞེས་བྱ་བ་ནི་མིག་དང་ལག་པ་ལ་སོགས་པའི་ཡན་ལག་རྣམས་སྙིང་པོ་ལ་སོགས་པར་བལྟའོ། །དགྲ་བཅོམ་ཞེས་བྱ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་སོ། །རིགས་ལྔ་ནི་
རྣམ་པར་སྣང་མཛད་ལ་སོགས་པའོ། །འཇིག་རྟེན་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ། །སློབ་དཔོན་གྱི་ལུས་ལ་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་གྱི་སྐུར་བལྟ་བར་བྱ་བའི་ཕྱིར། དེ་ལྟར་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་མཚན་ཉིད་ཤེས་པར་བྱས་ལ། ཡེ་ཤེས་
དོན་དུ་གཉེར་བའི་རྣལ་འབྱོར་པས་རྟག་ཏུ་བསྟེན་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟའི་མཚན་ཉིད་དང་ལྡན་པར། །ཡེ་ཤེས་ཅན་གྱིས་མཚན་ཤེས་ནས། །དེ་ལྟའི་བླ་མ་འབད་དེ་བསྟེན། །ཞེས་གསུངས་སོ། །བླ་མར་མི་རུང་བའི་མཚན་ཉིད་གསུངས་པ། གང་ཡང་ཞེས་བྱ་བ་ལ་
སོགས་པ་ལ་ཁྲོ་བ་ཞེས་བྱ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་སེམས་ཀྱིས་ཀུན་ནས་མནར་སེམས་པའོ། །སྒྱུ་ཞེས་བྱ་བ་ནི་སྡིག་པ་མཁྱུད་པའོ། །ངག་ནི་ཤིན་ཏུ་རྩུབ་པ་དང་། །ཞེས་བྱ་བ་ནི་གཞན་ལ་གནོད་པར་འགྱུར་བའི་ཚིག་དང་ལྡན་པའོ། །ཡོན་ཏན་དག་གིས་ཆོག་ཤེས་
པ། །ཞེས་བྱ་བ་ནི་རིགས་དང་ནོར་ལ་སོགས་པས་དྲེགས་ནས་དམན་པའི་གནས་ལས་ཡོན་ཏན་མཐོང་ཡང་མི་ལེན་པའོ། །ད་ནི་སློབ་མའི་མཚན་ཉིད་གསུངས་པ་ལ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་དང་བཅས་ཞེས་བྱ་བ་ནི་སྤྲོ་ཐུང་བ་དང་གནོད་པར་སེམས་པ་སྟེ་བྱས་པ་དྲིན་
དུ་མི་གཟོ་བའོ། །རྟོག་གེར་གུས་ཞེས་བྱ་བ་ནི་ཚད་མའི་བསྟན་བཅོས་ལ་གུས་པའམ། འཇིག་རྟེན་པའི་བསྟན་བཅོས་དོན་དུ་གཉེར་བའོ། །ན་སོ་དག་ནི་ཡོལ་བ་དང་། །ཞེས་བྱ་བ་ནི་ལུས་རྙིང་པ་སྟེ་ཁུ་བ་འབྱིན་མི་ནུས་པའོ། །ཞེན་དང་ཆགས་པས་བཅིངས་པ་ལ། །ཞེས་བྱ་བ་ནི་
ཞེན་པ་ནི་སེར་སྣ་ཆེ་བའོ། །ཆགས་པས་བཅིངས་པ་ནི་མ་ནིང་སྟེ་དེ་དག་ལ་བསྟན་པར་མི་བྱ་བའོ། །ཅི་ཞིག་ཅེ་ན། རིན་ཐང་མེད་པའི་རིན་ཆེན་ཏེ། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་གང་ལ་རིན་གྱི་ཚད་གཟུང་དུ་མེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གསང་བའི་དབང་བསྐུར་བ་ལ་སོགས་པ་མི་སྦྱིན་ནོ་ཞེས་
เล่ม ๑๙ · หน้า 160b
བྱ་བའི་དོན་ཏོ། །འོ་ན་སུ་ལ་སྦྱིན་པར་བྱ་ཞེ་ན། སྣོད་གསུངས་པ། གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ང་རྒྱལ་ཞེས་བྱ་བ་ནི་དྲེགས་པ་སྟེ། དེ་གང་ལ་མེད་པ་དེ་ནི་ང་རྒྱལ་མེད་པའོ། །སྒྱུ་མེད་པ་ནི་སྒྱུ་སྤངས་པའོ། །བདག་ཏུ་འཛིན་པ་ནི་བདག་དང་བདག་གིས་སེམས་རློམ་པའོ། །གང་ལ་དེ་
མེད་པ་དེ་ནི་བདག་ཏུ་མི་འཛིན་པའོ། །དེ་བཞིན་ཆོས་ལ་མངོན་པར་དད། །ཅེས་བྱ་བ་ལ། ཆོས་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དད་པ་ནི་མངོན་པར་དགའ་བའོ། །ཡང་ན་ཆོས་ནི་བདེ་བར་གཤེགས་པའི་གསུང་རབ་བོ། །དེ་ལ་མན་ངག་སྦྱིན་པར་བྱ། །ཞེས་བྱ་
བ་ནི་ཁྲོ་བ་ལ་སོགས་པ་ལས་བཟློག་ཅིང་། ང་རྒྱལ་ལ་སོགས་པ་མེད་པའི་ཡོན་ཏན་ཅན་དེ་དག་ལ་གསང་བའི་དབང་བསྐུར་བ་ལ་སོགས་པའི་མན་ངག་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ནི་ལྟུང་བར་འགྱུར། །ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པ་ལས་བཟློག་ཅིང་། ང་རྒྱལ་
མེད་པ་ལ་སོགས་པའི་ཡོན་ཏན་ཅན་ལ་ཡང་སེར་སྣས་དཔེ་མཁྱུད་བྱས་ན་ལྟུང་བའི་སྡིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་སྨོད་པ་ལ་སོགས་པ་ཉེས་པ་ཆེན་པོར་བསྟན་པའི་ཕྱིར། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་གྱི་གསང་བ་ཞེས་བྱ་བ་ནི་སྐུ་ལ་
སོགས་པ་ཐམས་ཅད་དོ། །དམ་ཚིག་སྤྱོད་པ་ཞེས་པ་ནི་ཇི་ལྟར་འདོད་པའི་དམ་ཚིག་ཉམས་སུ་ལེན་པའོ། །ལྷག་མ་ནི་གོ་སླའོ། །བླ་མའི་མལ་སྟན་བརྫིས་པ་ལ་སོགས་པའི་སྐྱོན་བསྟན་པའི་ཕྱིར། སློབ་དཔོན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མལ་སྟན་ཞེས་བྱ་བ་ལ་མལ་
དང་སྟན་ནི་མལ་སྟན་ཏེ། སྟན་ནི་ཁྲིའུ་ལ་སོགས་པ་འདུག་པ་གནས་སོ། །གྲིབ་མ་ལ་འགོང་བ་ནི་གྲིབ་མ་ལ་རྐང་པས་བརྫི་བའོ། །ཅོ་འདྲི་བ་ནི་བཞད་གད་ལ་སོགས་པས་སློང་བའོ། །དེ་ནི་ཀུན་དུ་གཟིར་འགྱུར་ཞིང་། །ཞེས་བྱ་བའི་བཤད་པ་ནི། དོན་ཉམས་པ་ལས་རིང་དུ་འགྱུར། །
ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་ཉམས་པ་ལས་རིང་དུ་འགྱུར། །ཞེས་བྱ་བ་ནི་བདེ་བ་ཐོབ་པ་དང་བྲལ་བ་དང་། འདོད་པ་དང་མི་ཕྲད་པའོ། །གྲིབ་མ་ཞེས་བྱ་བ་ནི་བླ་མའི་གྲིབ་མའོ། །ལྷག་མ་ནི་གོ་སླའོ། །དངོས་པོ་རང་བཞིན་མེད་པར་ནི། །མཐོང་བར་བྱང་ཆུབ་རིམ་པ་སྟེ། །
เล่ม ๑๙ · หน้า 161a
ཞེས་བྱ་བ་ལ། དངོས་པོ་ནི་ཕུང་པོ་ལ་སོགས་པའོ། །རང་བཞིན་མེད་པ་ནི་ངོ་བོ་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་རིམ་པ་ནི་བྱང་ཆུབ་པར་བྱེད་པའི་ལམ་མོ། །རང་བཞིན་དག་པའི་ཆོས་རྣམས་ནི། །ངོ་བོ་མེད་ལས་དངོས་མཐོང་བས། །ཞེས་བྱ་བ་
ནི་རང་གི་སེམས་ཀྱི་སྣང་བ་ཙམ་ལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བློས་བསླད་པ་སྟེ། དེས་ཅིར་འགྱུར་ཞེ་ན། དེའི་ཚེ། དཀར་པོ་ཡིས་ནི་དཀར་འགྱུར་ལ། །ནག་པོས་དེ་བཞིན་འབྲས་ནག་འབྱིན། །ཞེས་བྱ་བ་དང་འབྲེལ་ཏོ། །གཞུང་ཁ་ཅིག་ལས། རང་བཞིན་མེད་པའི་རང་
བཞིན་ཅན། །ཞེས་བྱ་བ་འབྱུང་སྟེ། དངོས་པོ་རང་བཞིན་དང་བྲལ་ཞིང་འོད་གསལ་བ་ཉིད་དངོས་པོ་རྣམས་ཀྱི་ཡང་དག་པའི་རང་བཞིན་ཡིན་ཞིང་། དཀར་པོའི་ལས་ཀྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དཀར་པོའི་ཞེས་བྱ་བ་ནི་དགེ་བའི་ལས་ཀྱི་ལམ་མོ། །དཀར་འགྱུར་ལ་ཞེས་བྱ་བ་ནི་བདེ་
འགྲོ་དང་བྱང་གྲོལ་གྱི་གནས་སོ། །ནག་པོས་དེ་བཞིན་འབྲས་ནག་འབྱིན། །ཞེས་བྱ་བ་ནི་དེ་ལས་བཟློག་པའོ། །དེས་ན་དེ་དག་སྤང་བར་བྱ་སྟེ། ནག་པོའི་ལས་སྤང་བའོ། །ཡང་ན་ལས་དང་འབྲས་བུའི་རྣམ་པར་རྟོག་པ་སྤང་བའོ། །ལྷག་མ་ནི་གོ་སླའོ། །བཟའ་བ་ལ་སོགས་པའི་དམ་ཚིག་ལ་
སྤྱོད་པ་དང་། གཏོར་མ་ལ་སོགས་པ་བྱ་བའི་དུས་སུ་ལེགས་པར་བསྡམས་པ་བསྟན་པའི་ཕྱིར། དགའ་བ་དག་ལ་སྤྱོད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོད་ཟིན་ཞེས་བྱ་བ་ནི་གསང་བ་བསྲུང་ཞིང་ཁ་ན་མ་ཐོ་བ་མེད་པས་ལེགས་པར་བསྡམས་པའོ། །དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་
དངོས་གྲུབ་འདོད་པ་རྣམས། །སེམས་ཅན་མགུ་ལས་དངོས་གྲུབ་འབྱུང་། །ཞེས་གསུངས་ཏེ། འདིས་ནི་སྐྱེ་བོ་ཁ་ན་མ་ཐོ་བ་དང་བཅས་པས་དངོས་གྲུབ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །སྔར་བསྟན་པའི་མཚན་ཉིད་ཅན་གྱི་སློབ་དཔོན་གྱིས་སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་
པས་གཟུང་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དང་པོ་བླ་མའི་དམ་ཚིག་ནི། །འཐོབ་པ་རྒྱུ་དང་འབྲས་བུ་འབྱུང་། །ཞེས་བྱ་བ་ལ། བླ་མ་ལས་དམ་ཚིག་ཐོབ་པ་ནི་བླ་མའི་དམ་ཚིག་ཐོབ་པ་སྟེ། འདིར་ལྔ་པ་མི་མངོན་པ་ཡིན་ནོ། །དེ་ཉིད་ནི་རྒྱུ་སྟེ་དངོས་
เล่ม ๑๙ · หน้า 161b
གྲུབ་ཀྱི་འབྲས་བུ་འབྱུང་བའི་རྒྱུའོ། །དེ་ཉིད་གསུངས་པ་བསྟན་དང་ཞེས་བྱ་བ་ལ་སོགས་པ་ལ། ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཉེ་བར་ཟད་པ་སྟེ། དེ་དག་ནི་བསྟན་པ་དང་ངེས་པར་བསྟན་པའི་བརྡས་བཤད་དོ། །སྔགས་
རྣམས་ཀྱི་ནི་མན་ངག་གིས། །ཞེས་བྱ་བ་ལ་སྔགས་ནི་སྔགས་སྦྱིན་པའོ། །མན་ངག་ནི་ཏིང་ངེ་འཛིན་སྦྱིན་པ་སྟེ། གཉིས་པོ་དེའི་གནས་སུ་བྱ་བ་ལ། མིང་སོགས་ཆོ་ག་བཞིན་དབང་བསྐུར། །ཞེས་བྱ་བ་འདི་དང་སྦྱར་ཏེ། ཆུའི་དབང་བསྐུར་བ་ནས་མིང་གི་དབང་བསྐུར་བའི་མཐར་ཐུག་པ་བསྐུར་ནས།
དེའི་འོག་ཏུ་སློབ་དཔོན་གྱི་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་བྱ་བར་དགོངས་སོ། །དངོས་པོར་བསྒོམས་ནས་སུ་ཞེས་བྱ་བ་ནི་ལྷའི་སྐུར་བསྒོམས་པ་སྟེ་ལོངས་སྤྱོད་པ་དང་སྦྱར་རོ། །མྱ་ངན་འདས་པ་བསྟན་པར་བྱ། །ཞེས་བྱ་བ་ནི་དེ་ཉིད་བདག་མེད་པ་དང་སྦྱོར་བ་སྟེ། ངེས་པར་བསྟན་པ་དང་
སྦྱར་རོ། །ལྷག་མ་ནི་གོ་སླའོ། །བདག་ཉིད་ལུས་དང་གཞན་གྱི་ལུས། །བདག་ཉིད་བདེ་མཆོག་བྱང་གྲོལ་ཏེ། །ཞེས་བྱ་བ་ནི། བདག་གི་ལུས་དང་གཞན་གྱི་ལུས་བརྗེ་བར་སྟོན་པ་ཡིན་ཏེ། བདག་ལྟར་གཞན་ལ་ལྟ་བ་དང་། །གཞན་ལྟར་བདག་ལ་ལྟ་བས་མཉམ་པ་ཉིད་དུ་བལྟའོ། །བདག་
ཉིད་བདེ་མཆོག་བྱང་གྲོལ་ཏེ། །ཞེས་བྱ་བ་ནི་རང་གི་སེམས་ཡོངས་སུ་རྟོག་པ་ཉིད་བྱང་གྲོལ་ཏེ་བྱང་ཆུབ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། སེམས་རྟོགས་པ་ཡིས་འཚང་རྒྱ་བས། །སེམས་ཉིད་རྫོགས་པའི་བྱང་ཆུབ་ཡིན། །ཞེས་སོ། །བདེ་བ་ཁོ་ན་བསྒྲུབ་པར་བྱ་བ་
ཡིན་ནོ་ཞེས་བསྟན་པའི་ཕྱིར་བདེ་མཆོག་ཅེས་བྱ་བ་གསུངས་ཏེ། ཕུལ་དུ་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་གི་ལུས་ལ་མ་ཆགས་ཤིང་། །ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཟུགས་བརྙན་སོགས་
འདྲའི་ལྷ་རུ་བརྟག །ཅེས་བྱ་བ་སྟེ། ཁྱོད་ཀྱིས་ཞེས་བྱ་བ་ནས་ལྷ་རུ་བརྟག་ཅེས་བྱ་བ་འདི་ནི་དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་སློབ་མ་ལ་སྨྲ་བར་བྱའོ། །བླ་མའི་ཞལ་ཞེས་བྱ་བ་ལ་སོགས་པ་གཞུང་གང་གིས་བླ་མའི་བསྙེན་བཀུར་དང་དམ་ཚིག་དང་སྡོམ་པའི་ཆོ་ག་སྟོན་པར་བྱེད་པ་དེ་
เล่ม ๑๙ · หน้า 162a
ནི་བླ་མའི་བསྙེན་བཀུར་དང་དམ་ཚིག་དང་སྡོམ་པ་སྟོན་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།གསང་བའི་དབང་བསྐུར་བའི་
འོག་ཏུ་སྔགས་སྦྱིན་པ་བསྟན་པའི་ཕྱིར་སྔགས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་བླ་མའི་བསྙེན་བཀུར་བྱས་པའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྔགས་མ་བྱིན་པར་གསང་བའི་དབང་མ་བསྐུར་ཡང་དགོས་
པ་མེད་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །འདི་ནི་བཅོམ་ལྡན་ལྷ་དེ་ཉིད། །ཅེས་བྱ་བ་ནི་ཨཱ་ལི་ཀཱ་ལིའི་སྔགས་ཏེ། དེ་ཉིད་ལྷ་རྣམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གནས་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ས་བོན་གྱི་ངོ་བོ་ཉིད་དོ། །སྔགས་རྣམས་ཐམས་ཅད་སྐྱེད་བྱེད་པ། །ཞེས་བྱ་བ་ནི་སྔགས་
ཐམས་ཅད་ཨཱ་ལི་ཀཱ་ལི་ལས་བཏུས་པའི་ཕྱིར་རོ། །རྒྱུད་ཅེས་བྱ་བ་ནི་སྒྲའི་བདག་ཉིད་ཀྱི་རྒྱུད་དོ། །སྔགས་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་ཆོ་ག་ནི་སྔགས་རྣམས་བསྟན་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ། སུམ་ཅུ་རྩ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་
པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།གསང་བའི་དབང་བསྐུར་བའི་འོག་ཏུ་ཤེས་རབ་དང་བཞི་པ་སྦྱིན་པའི་ཕྱིར་དེ་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་ཚོགས་བསྟན་པའི་འོག་ཏུའོ། །དེ་ལ་
ཞེས་བྱ་བ་ནི། གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གསང་བའི་དབང་བསྐུར་བའི་འོག་ཏུ་ཤེས་རབ་ལ་སོགས་པའི་དབང་བསྐུར་བར་བྱ་བ་ཡིན་པའི་ཕྱིར་རོ། །རྒྱུད་དུ་སྦས་པ་ངེས་པར་བྱ། །ཞེས་བྱ་བ་ལ། ངེས་པར་བྱ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྟེ། མ་ལུས་པར་བསྡུས་ནས་
ཐོབ་པའི་ཕྱིར་རོ། །ཡང་ན་ལྷན་ཅིག་སྐྱེས་པ་འདིས་བཞི་པ་གཏན་ལ་ཕབ་པའི་ཕྱིར་ངེས་པར་བྱ་བ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །རྒྱུད་དུ་སྦས་ཞེས་བྱ་བ་ནི་རྒྱུད་ཐམས་ཅད་དུ་གབ་པའོ། །དེ་ཉིད་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལས། དེ་ནས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด