དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཌཱ་ཀཱརྞྞ་བ་མཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་སྱ་བོ་ཧི་ཏ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐ · หน้า 272a
པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་འཆི་བའི་མཚན་མ་བརྟག་པ་དང་དུས་སུ་འཆི་བའི་དུས་ཀྱི་སླུ་བ་དང་། ཨའི་ཡི་གེ་ལ་སོགས་པས་དགེ་བ་དང་མི་དགེ་བ་ཡོངས་སུ་བརྟག་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པས་སྐྱེ་བ་དང་འཆི་བ་
བརྟག་པ་རྒྱས་པར་བསྟན་པ་སྟེ་ཐམས་ཅད་གསང་བའི་ལེའུའི་རབ་ཏུ་བྱེད་པ་ཐོག་མའི་བཤད་པ་རྫོགས་སོ།། །།ཀེང་རུས་ཆེན་པོའི་སྦྱོར་སྐྱེས་པ། །ཡན་ལག་ཀུན་འབྱུང་ཕྱག་བྱས་ནས། །བོང་བུའི་རྣམ་པའི་སྦྱོར་བ་རུ། །བདག་བྱིན་བརླབ་པ་འཐོབ་འགྱུར་བ། །
ནད་ཐམས་ཅད་ལས་ངེས་དགྲོལ་བ། །སྲིད་པའི་དབུས་སུ་ཡང་དག་ཞུགས། །གཉིས་སུ་མེད་པའི་ཐུགས་ཀྱིས་ནི། །བཞུགས་པ་ཡང་ནི་སྒྱུ་མའི་ལྷ། །ད་ནི་ཀེང་རུས་ཆེན་པོའི་མིང་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་སྦྱོར་བ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ།
ཀེང་རུས་ཆེན་པོའི་ཡི་གེ་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །བོང་འདྲའི་རྣལ་འབྱོར་བདག་ཉིད་ཅན། །ཞེས་བྱ་བ་ནི་ངེས་པར་བརྗོད་པ་ལ་སོགས་པ་དང་དེ་བཞིན་དུ་རྡོ་རྗེ་མཁའ་འགྲོ་ལ་སོགས་པར་རི་བོའི་མགོ་ལ་སོགས་པར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་
སོགས་པ་བྱ་བ་སྟེ། འདི་རྣམས་དོན་ཇི་ལྟ་བ་བཞིན་ནོ། །འདི་ནི་མཚམས་སྦྱོར་གྱི་སྐད་ཀྱི་ནང་གི་བདག་ཉིད་ཀྱི་སྦྱོར་བ་བཤད་དོ། །འོན་ཀྱང་ཐོག་མ་ཉིད་དུ་ངེས་པར་བརྗོད་པ་ལ་སོགས་པ་གསུངས་པའི་རིམ་པས་ཕྱི་རོལ་འདོད་པ་རྣམས་ཀྱིས་ལྷ་རྣམས་ལ་མཆོད་པར་
བྱའོ། །དེའི་རྗེས་སུ་འདིར་གསུངས་པའི་རིམ་པས་དམིགས་པར་བྱ་བའི་ཕྱིར་དེ་གསུངས་པ། ཡིད་ཀྱི་ཤུགས་འཇུག་པ་མེད་པར་བྱའོ་ཞེས་བྱ་བ་སྟེ། ཡིད་ཀྱི་ཤུགས་ནི་ཡིད་ཀྱི་ཤུགས་ཏེ། དུས་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་ཞེན་པ་ལས་གང་དེའི་རྣལ་འབྱོར་
གྱིས་འཇུག་པ་མེད་ཅིང་འཇུག་པ་མེད་པར་བྱའོ། །མགོ་བོའི་གནས་སུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ་རྩེ་མོའོ། །འོན་ཀྱང་རྩེ་མོའི་སྒྲས་མར་མེ་རྩེ་མོ་རབ་ཏུ་འཆིང་བ་རྣམས་སུ་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་བསྒོམ་པ་བྱས་པའི་བར་དུ་ཁམས་ཐམས་
เล่ม ๒๐ · หน้า 272b
ཅད་མཉམ་པར་འགྱུར་རོ། །ཡེ་ཤེས་ཀྱི་རྣམ་པ་རྣམས་ཀྱང་ཅུང་ཟད་ཡེ་ཤེས་ལ་ཡིད་ཆེས་པ་རིག་གི་བར་དུའོ། །དེའི་ཕྱིར་ཁ་འོག་ཏུ་བལྟས་པའི་པདྨའི་སྐུད་པ་གནས་དེར་བསྒོམ་པར་བྱའོ་ཞེས་བྱ་བ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱི་དབུས་ན་གཙོ་བོ་ནི་རྩ་གཅིག་སྟེ།
པདྨའི་སྣལ་མའི་སྐུད་པ་ལྟ་བུར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བདེ་བ་ཐམས་ཅད་དང་ལྡན་པའོ། །རྩ་དེ་ཉིད་མྱུར་དུ་ཀུན་དུ་འགྲོ་བ་ཞེས་བྱ་བ་སྟེ་དོན་གཉིས་ཏེ། གཅིག་ནི་མྱུར་བ་ཉིད་དུ་རང་གིས་རིག་པའི་དབང་གིས་ཁམས་གསུམ་དུ་འགྲོ་བས་ན་འགྲོ་བ་མའོ། །གཉིས་
པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སུ་བདུད་རྩིའི་གཟུགས་སུ་འགྲོ་བའོ། །དེ་ལྟར། དེ་ཡི་དབུས་སུ་དཔའ་བོ་ཆེ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རང་གིས་རིག་པའི་དབུས་སུ་དཔལ་ཧེ་རུ་ཀའི་རྣམ་པ་ཀེང་རུས་ཆེན་པོ་བསྒོམ་པར་བྱ་བ་སྟེ་རྗེས་སུ་གནས་པར་
བྱའོ། །བོང་བུའི་རྣམ་པ་ཅན་ནོ། །དེའི་ཕྱིར་གསུངས་པ། འགྲོ་བར་འདོད་པ་ཡི་ནི་སེམས། །བཟུང་བར་འགྱུར་བའི་བདག་ཉིད་ཀྱིས། །དེ་རྣམས་མཐོང་བའི་སྐད་ཅིག་ལ། །སྡིག་པ་ཐམས་ཅད་རྣམ་པར་འཇོམས། །བསྒོམ་པ་བྱས་པས་ཕྱི་ནས་ནི། །སྲིད་པ་མེད་
པར་འགྲོ་བ་སྟེ། །གཉིས་ཀ་བོང་བུར་བཤད་པ་ཡི། །འཁོར་བའི་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་སོ། །ད་ནི་འདིའི་རྣལ་འབྱོར་གྱི་དཀྱིལ་འཁོར་མདོར་བསྟན་པས་མིང་གི་ཡི་གེའི་ངེས་པའི་ཚིག་གི་རང་བཞིན་གྱི་རྣལ་འབྱོར་བསྟན་པ་གསུངས་པ། དཀྱིལ་འཁོར་
ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བཤད་པའི་རིམ་པས་ཀུན་དུ་སྤྱོད་པ་ལ་སོགས་པའི་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་བསམ་པར་བྱའོ། །ཀུན་རྫོབ་ཆེན་པོའི་གཟུགས་ཅན་དུའོ། །གཉིས་པ་དོན་དམ་པ་དང་ལྷན་ཅིག་ནང་དུ་དབྱེ་བ་མེད་
པ་ཉིད་ཀྱིས་ཏེ། དོན་དམ་པ་ཆེན་པོ་དང་ཀུན་རྫོབ་ཆེན་པོ་གཉིས་སུ་མེད་པའི་གཟུགས་ཞེས་བྱ་བར་དགོངས་སོ། །དེའི་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་དབུས་སུ་བསྒོམ་པར་བྱའོ། །དཔའ་བོ་ཆེན་པོ་ཞེས་བྱ་བ་ནི་ཉོན་མོངས་པའི་གཡུལ་ལས་རྒྱལ་བ་ཉིད་
เล่ม ๒๐ · หน้า 273a
ཀྱིས་ཏེ། ཡེ་ཤེས་དང་རྣམ་པར་ཤེས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། ཀེང་རུས་ཆེན་པོའི་སྦྱོར་བས་ཞེས་བྱ་བ་སྟེ། ཡི་གེ་རེ་རེའི་ཡིན་ནམ་ཞེ་ན། དེ་ཉིད་ཀྱང་གསུངས་པ། སྲུབ་ཅེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་སྲོག་དང་ཐུར་དུ་
སེལ་བ་དག་གིས་བསྲུབ་པ་དང་སྲུབ་པ་སྟེ་དེའི་སྦྱོར་བའི་བདག་ཉིད་དེའི་ཚེ་སེམས་ཐབས་ཀྱི་ས་གཞིའོ། །དེའི་སྐུད་པ་ཤེས་རབ་ཙནྜཱ་ལཱིའོ། །དེ་རྣམས་ཀྱི་དབུས་སུ་ནི་ཐབ་ལྟ་བུའི་དབུས་སུ་ཡེ་ཤེས་ཀྱི་མེ་དེའི་དབུས་སུ་འདི་གསུངས་པ། ཧ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ།
ཧའི་ཡི་གེའི་དོན་ཏེ་སྔོན་དུ་བཤད་པའི་མའི་ཡི་གེའི་ཡང་ངོ་། །འདིར་ཧའི་ཡི་གེ་རྣམ་པའི་གཟུགས། །ཞེས་བྱ་བ་ནི་ཐོད་པའི་དབྱིབས་ཀྱིས་གཟུགས་འཕྱང་བ་མགོ་བོའི་དབུས་ནས་སྣལ་མ་གཅིག་པུ་དེ་ནས་ལངས་ནས་རྡོ་རྗེ་ནོར་བུའི་བར་དུ་སོན་པ། དེ་ཡང་སླར་ཐོད་པ་ཞེས་
བྱ་བ་ལ་སོགས་པས་ཀའི་ཡི་གེའི་དོན་གྱིས་ཏེ་ཐོད་པའི་དབུས་སུ་ཞེས་བྱ་བ་ནི་རྐན་གྱི་དབུས་སུ་མེ་ཏོག་གི་ཕྲེང་བའི་སྐུད་པ་ལྟ་བུ་ཆད་པ་མེད་པར་རྡོ་རྗེའི་ནོར་བུའི་དབུས་སུ་རྣམ་པར་བསྟེན་པ་དེ་ཉིད་དེའི་ཚེ་རོ་མཉམ་པའི་དུས་སུ། མེ་ལོང་གི་རྣམ་པའི་སེམས་ཀྱིས་ཞེས་བྱ་བ་ནི་
རང་བཞིན་གྱིས་འོད་གསལ་བའི་དུས་ཀྱི་སེམས་ཀྱིས་ཉེ་བར་མཚོན་པར་བྱ་བ་སྟེ། འདིས་འཆད་པར་འགྱུར་བའི་རང་གི་མཚན་ཉིད་མཐོང་བར་འགྱུར་བ་སྟེ། འདིའི་དེ་ལྟར་རིགས་པས་གསུངས་པ་བུམ་པ་ཞེས་བྱ་བ་ལ་སོགས་པས་ཏེ་ཀའི་ཡི་གེའི་དོན་གྱིས་སོ། །དེ་ལྟར་
བུམ་པའི་བདུད་རྩིའི་རྒྱུན་རྣམས་ཀྱིས། །ཞེས་བྱ་བ་ནི་སླར་ཡང་རྡོ་རྗེ་ནོར་བུ་ལས་འོངས་ནས་ཐོད་པའི་བར་དུ་སྟེ། མཚམས་སྦྱོར་གྱི་སྐད་ཀྱི་བྱེ་བྲག་གིས་རྡོ་རྗེ་ནི་བུམ་པ་ཉིད་དོ། །ཇི་ལྟར་བུམ་པ་ལས་ཆུའི་རྒྱུན་འབབ་པོ། །དེ་བཞིན་དུ་རྡོ་རྗེའི་བུམ་པ་ལས་བདུད་རྩིའི་རྒྱུན་
ངེས་པར་འཐོན་ནོ། །ཁུང་བུའི་དབུས་སུ་ཞེས་བྱ་བ་ནི་ཐོད་པའི་དབུས་སུ་ཡང་འབབ་ཏེ། རང་གིས་རིག་པའི་ཡེ་ཤེས་ཀྱིས་བཀང་བ་སྟེ། ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་བཞིན་ནོ། །ཡང་གི་སྒྲ་ནི་སྔོན་དུ་བཤད་པའི་དོན་ཏེ་བཤད་པའོ། །དེ་ཡང་གཞན་གྱི་དོན་གྱིས་གསུངས་
เล่ม ๒๐ · หน้า 273b
པ། ཐིམ་ཞེས་བྱ་བ་ལ་སོགས་པ་སྟེ་ཁའི་ཡི་གེའི་དོན་གྱིས་ཏེ་ཐིམ་དང་ལོངས་སྤྱོད་སོགས་དངོས་རྣམས་ཞེས་བྱ་བ་ནི་གཅིག་ཏུ་ན་མགོ་བོའི་དབུས་སུ་འབབ་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་བདུད་རྩི་དེའི་ཚེ་རྩ་ཐམས་ཅད་དུ་སྟེ། མགོ་བོའི་སྤྱི་བོ་ལ་སོགས་པའི་དབུས་ནས་
རྐང་པའི་མཐེ་བོའི་བར་དུ་རྩ་རྣམས་སུ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་བྱེད་པ་དང་གཙོ་བོ་ཉིད་དེ་སྔོན་དུ་བཤད་པའི་རིམ་པས་སོ། །དེ་ལྟར་དེ་རྣམས་ཀྱི་གནས་རྣམས་སུ་གང་དང་གང་དུ་སེམས་ཀྱི་བགྲོད་པ་འོད་གསལ་བ་ཉིད་ཀྱིས་བསྟེན་པར་བྱའོ། །དེ་ལྟར་དེ་
ཁུང་བུ་བོང་བུའི་སྦྱོར་བ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་རྩ་བའི་གནས་སུ་འགྲོ་བ་དང་འོང་བ་ཉིད་ཀྱིས་ཤེས་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །སྔགས་ཐམས་ཅད་དང་བཅས་པ་ནི་རྩ་བའི་སྔགས་ལ་སོགས་པས་སོ། །འདིར་སྐྱེ་བ་བདུན་མཐོང་བ་སྟེ། མའི་ཞེས་བྱ་བ་ལ་
སོགས་པ་ཁམས་བདུན་གྱི་རྫས་རྣམས་ཀྱིས་རྣལ་འབྱོར་བསྒོམ་པ་གསལ་བར་བྱས་པས་དྲི་མ་མེད་པ་ཉིད་པས་མཐོང་བའོ། །ལྷག་མ་ཅི་ལྟར་གསུངས་པ་བཞིན་ནོ། །འོན་ཀྱང་ལཱ་མ་ལ་སོགས་པ་བསྒོམས་པས་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་ལཱ་མ་དུམ་སྐྱེས་མ་དང་གཟུགས་
ཅན་མ་དང་མཁའ་འགྲོ་མ་དང་བཞི་རྣམས་ཀྱི་རང་བཞིན་སྲོག་གི་སྔགས་གཏང་བ་ནི་རྩ་རྣམས་ཀྱི་ཁུང་བུའི་དབུས་སུ་བོང་བུའི་རྣམ་པར་བཤད་པ་སྟེ། ཁྲག་གི་ཞལ་ཅན་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་མེ་སྟོན་པར་འགྱུར་རོ། །རྩེ་གསུམ་ཅན་ལ་ཞེས་བྱ་བ་ནི་རྩེ་
གསུམ་པའི་རྣམ་པར་ཏེ་ཁམས་གསུམ་གནོན་པར་ཉེ་བར་བསྟན་པའོ། །འདིའི་རབ་ཏུ་སྦྱོར་བས་ཚེ་སོན་པ་ཡང་ཞེས་བྱ་བ་ནི་ཐ་མལ་པའི་བག་ཆགས་སྤངས་པ་དེ་འགྲོ་བར་རབ་ཏུ་ཞུགས་པས་ཚེ་སོན་པའི་རྣམ་པར་ཤེས་པ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཚེ་རིང་བ་སྟེ།
གཡོ་བ་མེད་པ་ནམ་མཁའི་རྣམ་པར་མཐོང་བ་སྟེ་ཉམས་སུ་མྱོང་བའོ། །ཅི་ཉམས་སུ་མྱོང་བ་གསུངས་པ། གླང་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། རྐང་བཞི་པ་ལ་སོགས་པ་རྣམས་སོ། །སྔོན་མའི་གཟུགས་ཞེས་བྱ་བ་ནི་སྐྱེ་བའི་ནང་དུ་མ་རྣམས་སུ་གང་མཐོང་བ་དང་
เล่ม ๒๐ · หน้า 274a
མཉན་པ་དང་། ཡོངས་སུ་བསྒོམས་པས་དེ་ཐམས་ཅད་སྐྱེ་བ་འདི་ལ་དཔའ་བ་ཉིད་དོ། །རྣམ་པར་བཀོད་པ་ཐམས་ཅད་བུམ་པ་དང་སྣམ་བུ་ལ་སོགས་པས་སྐྱེས་པའི་སྲོག་ལྟར་ཆོས་ཀྱི་སྐུད་པའོ། །དེའི་བདག་ཉིད་ཀྱིས་བདག་ཉིད་དུ་ཆོས་ཐམས་ཅད་ཀྱི་རང་
བཞིན་མཐོང་བའོ། །དགོངས་པ་འདིའི་དེ་ལྟར་བྱེད་པ་ཉེ་བར་སྤྱོད་པ་གསུངས་པ། ཀེང་རུས་ཞེས་བྱ་བ་ལ་སོགས་པ་སྟེ་འདིར་ཀེང་རུས་ཀྱི་སྒྲས་གཏང་བར་ཤེས་པར་བྱ་སྟེ། དེ་ཡང་སྲོག་དེས་འགྲོ་ཞེས་བྱ་བ་ནི་དེའི་དུས་སུ་འདྲ་བར་འགྱུར་བར་བྱས་ནས་གང་གི་ཚེ་ཀེང་རུས་
ཕྲ་མོའི་སྦྱོར་བས་རྣམ་པར་གཟུང་བ་ཞེས་བྱ་བར་དགོངས་སོ། །སླར་ཡང་ཆེན་པོའི་རྩ་ཐམས་ཅད། །ཅེས་བྱ་བ་ནི་བུམ་པ་ཅན་གྱི་ནང་དུ་རབ་ཏུ་གཏོང་བའོ། །དེ་བོང་བུ་གཡོ་ཞེས་བྱ་བ་ནི་དེར་གནས་པའི་ཡང་སྲོག་གི་ལྷན་ཅིག་རྣམ་པར་ཤེས་པ་བགྲོད་པའི་དབང་གིས་རང་ཉིད་
ཀྱི་སྣ་ཚོགས་པའི་སྐྱེ་བའི་ཁྱད་པར་མཐོང་བ་སྟེ་རང་བཞིན་གྱི་ཞེས་བྱ་བ་ནི་ངེས་པའོ། །སཱ་ལི་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ད་ནི་འཆི་བ་ལ་སོགས་པས་དང་ནད་ཆེན་པོ་རྣམས་གསུངས་པ། དེ་རྣམས་ཀྱིས་ནད་ཅེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བའི་བྱེ་བྲག་གིས་ནད་
ཀྱི་བྱེ་བྲག་ཏུ་འགྱུར་རོ། །དེ་ཡང་འཕོ་བར་གྱུར་པ་རྣམས་སུ་སྤྱོད་པར་འགྱུར་བ་རྣམས་ཀྱི་སྐྱེ་བའོ། །མ་རིག་པ་ལ་སོགས་པ་དང་། རྒྱལ་གྱི་ཚེས་གཅིག་ལ་སོགས་པ་ནས་ཉི་མ་བཅུ་གཉིས་རྣམས་ཀྱིས་ཏེ་གསུམ་པ་ནི་བཅུ་གསུམ་པའིའོ། །བཞི་པ་ནི་བཅུ་བཞི་པའི་འོ། །ལྔ་
པ་ནི་བཅོ་ལྔ་པའི་ཞེས་བྱའོ། །འཕོ་བ་བཅོ་ལྔ་རྣམས་སུ་རྣམ་པར་གནས་པ་སྟེ། དེ་ལྟར་ཆུ་ཚོད་དང་སྲོག་དང་དབུགས་དང་ཟླ་བ་ཕྱེད་དང་ཟླ་བ་དང་ལོ་དང་དུས་ཚོད་དང་དུས་གསུམ་སྟེ་དབུས་སུ་དེ་དེ་བཞིན་ནོ། །དེ་གཉིས་གསུངས་པ། གསལ་བར་བྱེད་པ་ལ་ནད་
རེ་རེ་ལ་རྣལ་འབྱོར་པ་རྣམས་ཀྱིས་སོ་སོའི་བྱ་བའི་མཚན་ཉིད་རྣམས་ཀྱིས་གྲོལ་བར་བྱེད་པའོ། །མཚམས་སྦྱོར་གྱི་སྐད་ཀྱི་བྱེ་བྲག་གིས་གང་ནང་དུ་ཡང་དག་པར་བཤད་པ་དེ་ཐམས་ཅད་དེ་ཉིད་ཀྱི་དུས་སུ་རང་བཞིན་དུ་འགྱུར་རོ། །དེ་ཡིས་གྲོལ་བར་གྱུར་པ་མ་རིག་པ་ལ་
เล่ม ๒๐ · หน้า 274b
སོགས་པའི་ནད་རྣམས་ཀྱིས་གྲོལ་བར་འགྱུར་རོ། །དེ་ལྟར་དེར་མ་རིག་པ་ལ་སོགས་པའི་ཉི་མར་ནད་ཅེས་བྱ་བ་ནི་ཕྱི་རོལ་དུ་ཇི་ལྟ་བའི་དོན་ཏེ་འཆི་བ་ཞེས་བྱ་བ་ནི་འཆི་བའོ། །ཡང་ན་ལས་དགེ་བས་ཡང་བ་ཉིད་དུ་ནད་རྣམས་ལས་གྲོལ་བར་འགྱུར་རོ། །མི་དགེ་བ་ཞེས་བྱ་བ་ནི་དུས་
ཡུན་རིང་མོར་རོ། །དེ་ལྟར་ཐ་མལ་པའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་བདག་ཉིད་ཆེན་པོས་སོ། །དོན་དམ་པར་སྟོང་པ་ཉིད་བསྒོམ་པར་གྱུར་པས། དངོས་པོ་ཐམས་ཅད་ཀྱི་རང་གི་མཚན་ཉིད་རང་བཞིན་གྱིས་སྟོང་པར་རིག་པ་སྟེ། དེ་ཉིད་ཐོག་མ་དང་ཐ་མ་མེད་
པར་སྟོང་པ་ཉིད་དོ། །ནང་གི་བདག་ཉིད་སྟོང་པ་ཉིད་དང་འདྲེས་པར་གྱུར་པས་ཕྱི་སྟོང་པ་ཉིད་དེ་རྣམ་པ་ཐམས་ཅད་དུ་མཆོག་དང་ལྡན་པའོ། །སྟོང་པ་ཉིད་དེ་ཉིད་སྟོང་པ་ཉིད་དེ་རང་གི་མཚན་ཉིད་ལ་སོགས་པ་ཤེས་པའོ། །ལྷག་མ་རྟོགས་སླའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་
ལོ་བསྒོམ་པ་གསུངས་པ། སུམ་ཅུ་རྩ་བདུན་བདག་ཉིད་ཅན། །ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་དུ་བཤད་པའི་རིམ་པས་ཐམས་ཅད་བསྒོམ་པར་བྱའོ། །འདི་ནི་ཀེང་རུས་ཆེན་པོའི་བསྒོམ་པའི་མཚན་ཉིད་རང་གི་མིང་གི་ཡི་གེའི་དོན་གྱིས་བོང་བུའི་རྣམ་པའི་ནང་གི་བདག་
ཉིད་ཀྱི་སྦྱོར་བའི་མཚན་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། ནད་ལ་སོགས་པའི་རིགས་པས་འཆི་བ་བསླུ་བ་དང་བཅས་པའི་མཚན་ཉིད་ཀྱི་ཆོ་གའི་མན་ངག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།། །།དཔའ་བོ་མགོན་པོ་འགྲོ་བ་
ཆེ། །ཀེང་རུས་ཅན་ལ་རྒྱུན་ཕྱག་འཚལ། །རྣལ་འབྱོར་མ་ནི་ཡུལ་ཡུལ་དུ། །ཀུན་དུ་འགྲོ་བའི་གཙོ་མོའོ། །ད་ནི་ཕྱི་དང་ནང་གི་བདག་ཉིད་ཀྱིས་ཀེང་རུས་ཀྱི་སྦྱོར་བ་གསུངས་པ། དེ་ནས་ཀེང་རུས་ཞེས་བྱ་བ་ལ་སོགས་པ་སྟེ། ཀེང་རུས་ཀྱི་སྦྱོར་བས་ཞེས་བྱ་བ་ནི་འཆད་པར་
འགྱུར་བའི་མིང་གི་ཡི་གེ་སོ་སོའི་ངེས་པའི་ཚུལ་རྣམས་ཀྱི་སྦྱོར་བས་སོ། །དེས་ཡུལ་དང་ཡུལ་དུ་རང་གི་སྐྱེ་གནས་ལས་སྐྱེས་པ་ཞེས་བྱ་བ་ནི་ཡུལ་ཐམས་ཅད་དུ་སྟེ་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུ་ཕྱི་དང་ནང་གི་བདག་ཉིད་དུ་རང་རང་གི་རིགས་ཀྱི་སྐྱེ་གནས་སུ་
เล่ม ๒๐ · หน้า 275a
སྐྱེའོ། །འོན་ཀྱང་སྔོན་གྱི་བག་ཆགས་ཀྱིས་ཡེ་ཤེས་དང་ལྡན་པའི་ལུས་ཀེང་རུས་ཀྱི་རང་གི་དངོས་གྲུབ་སྣ་ཚོགས་པ་ལས་གོམས་པ་ཡེ་ཤེས་ཀྱི་རྣམ་པའི་བདག་ཉིད་དེ་དང་ལྡན་པར་ཤེས་པར་བྱ་བ་སྟེ། དཔའ་བོའི་གཙོ་མོ་ནི་རྣལ་འབྱོར་མ་རྣམས་མཉམ་པའི་དུས་
སུའོ། །འོན་ཀྱང་ཡུལ་དང་ཡུལ་རྣམས་སུ་བརྡ་བྱེད་པའི་གཟུགས་ཀྱི་རང་བྱིན་གྱིས་རློབ་པ་སྟེ། ནང་གི་བདག་ཉིད་རྩ་དང་ཁམས་ཤིང་དང་ཞིང་སྐྱོང་དུ་གནས་སོ། །དེ་ལྟར་ཨཊྚ་ཧཱ་ས་ཞེས་བྱ་བ་ལ་སོགས་པས་གསུངས་པ། རྡུལ་གྱི་ལྷ་མོ་ཞེས་བྱ་བ་ནི་རྡུལ་ལས་སྐྱེས་པས་
ན་རྡུལ་གྱི་ལྷ་མོ་སྟེ་སྙིང་རྗེ་དང་ཆགས་པ་གཉིས་ལས་བྱུང་བ་གང་གི་ཚེ་དེ་གཙོ་མོ་སྟེ་རང་གི་ཞིང་དུ་སྐྱེས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱིའོ། །དཱ་བ་ཀི་ཞེས་བྱ་བར་དགོངས་སོ། །དེ་ལ་རྒྱུན་དུ་ཞེས་བྱ་བ་ལ་སོགས་པ་ཕྱི་རོལ་དུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་དཔའ་བོ་དང་རྣལ་
འབྱོར་མ་རྣམས་སྟོན་པའོ། །དེ་ལྟར་ནང་གི་བདག་ཉིད་དུ་ཀེང་རུས་ཀྱི་བདེ་བའི་སྒྱུ་མ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། འཆད་པར་འགྱུར་བ་རྣམས་ཀྱིས་ལུས་ཀེང་རུས་ཀྱི་མིང་གི་ཡི་གེ་རྣམས་སུ་རང་གི་རིག་པའི་བདེ་བར་འགྲོ་བ་སྟེ་དེ་ཉིད་དུ་སླར་ཡང་འབྱུང་བར་འགྱུར་ཏེ་རྣལ་
འབྱོར་པ་རྣམས་ཀྱི་བདག་ཉིད་ཆེ་བར་སངས་རྒྱས་རྣམས་ཀྱི་གཟུགས་ཞེས་བྱའོ། །དེ་རྣམས་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྒྱས་འདེབས་པ་སྟེ་ཀེང་རུས་བདེ་བའི་གཟུགས་ཅན་རྣལ་འབྱོར་མའི་རང་བཞིན་དུའོ། །དེ་ལྟར་བདེ་བ་ཅི་བྱས་པས་བསྐྱེད་པ་
དེ་གསུངས་པ། ཨོ་ཌྱན་བུ་ག་ལས་བྱུང་བ་ཞེས་བྱ་བ་སྟེ། སྦྱོར་བ་འདི་ཐམས་ཅད་ཀྱི་གཙོ་བོར་གྱུར་སའི་གནས་ཨོ་ཌྱན་གྱི་བུ་ག་སྟེ། ལྟེ་བའི་སྟེང་ངོས་གཡོན་པ་ནས་དཔྲལ་བར་འོངས་ནས་དེར་བརྟེན་ནོ། །འོན་ཀྱང་རང་གི་ཁམས་ལས་ལངས། །ཞེས་བྱ་བ་ནི་སོ་དང་
སེན་མོ་ལ་སོགས་པའི་ཁམས་རྣམས་ཀྱི་རང་རང་གི་འཕོ་བའི་དུས་སུ་རྣམ་པར་ཤེས་པ་བདེ་བའི་རང་བཞིན་ཏེ། དེའི་ཡེ་ཤེས་ཀྱིས་རྣམ་པར་ཤེས་པ་དེ་རིམ་གྱིས་ཡུལ་ཐམས་ཅད་དུ་འགྲོ་བ་སྟེ། ཡུལ་པུལླཱི་ར་ལ་སོགས་པ་དང་ཨཊྚ་ཧཱ་ས་ལ་སོགས་པར་རྣལ་འབྱོར་
เล่ม ๒๐ · หน้า 275b
མ་དང་དཔའ་བོ་རྣམས་ཀྱི་གཟུགས་སུ་འབྱུང་བའོ། །དེ་ལྟར་ཀོ་ལ་གི་རི་ཞེས་བྱ་བ་ལ་སོགས་པ་ནས་གནས་ཉི་ཤུ་རྩ་བཞིའི་ཞེས་བྱ་བའི་བར་རྣམས་སུ་མདོར་ན་གནས་ཀྱི་སྡེ་ཚན་ནོ། །དེ་བཞིན་དུ་རིའི་རྩེ་མོ་ཞེས་བྱ་བ་ལ་སོགས་པ་ནས་ཡང་དག་བརྟེན་ཞེས་བྱ་བའི་བར་དུ་
བརྟེན་པའི་སྡེ་ཚན་ནོ། །སླར་ཡང་རྡུལ་གྱི་སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་ནས། སླར་ཡང་དེ་ཉིད་ཚིག་དྲན་བྱ། །ཞེས་བྱ་བའི་བར་དུ་ཁམས་ཀྱི་རིགས་ལས་སྐྱེས་པའི་སྡེ་ཚན་ནོ། །དེ་བཞིན་དུ་དཔལ་ཆེན་མོ་མེའི་ཁ་ཅན་ཞེས་བྱ་བ་ལ་སོགས་པ་ནས། རང་གི་འདོད་པའི་
བདེ་བར་འགྲོ། །ཞེས་བྱ་བའི་བར་རྣམས་སུ་རྣལ་འབྱོར་མ་དང་ཞིང་སྐྱོང་གི་སྡེ་ཚན་ནོ། །དེ་ཡང་ཐམས་ཅད་ཀེང་རུས་རྣམས་ཀྱི་སྔོན་དུ་རང་གི་ཉམས་སུ་མྱོང་བ་སྟེ། དེ་ཐམས་ཅད་དེ་དེ་བཞིན་དུ་བཤད་དོ། །དེ་བཞིན་དུ་འདི་རྣམས་ཀྱི་མཚོན་ཆའི་སྡེ་ཚན་གསུངས་པ། རྡོ་རྗེ་ཞེས་
བྱ་བ་ལ་སོགས་པ་ནས་ཐོ་བ་ཞེས་བྱ་བའི་བར་རྣམས་ཀྱིས་སོ། །ད་ནི་ཞི་བ་ལ་སོགས་པ་ནས་འབྲས་བུ་དང་མཆོག་ལ་སོགས་པ་སྟེར་བ་པོ་ཉིད་དུ་བསྟན་པ་གསུངས་པ། ཞི་བའི་གདོང་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་ཐམས་ཅད་རིམ་པ་བཞིན། །ཞེས་བྱ་བའི་བར་
རྣམས་ཀྱིས་སོ། །དེ་བཞིན་དུ་ཡང་གདན་གྱི་སྡེ་ཚན་གསུངས་པ། ཨཊྚ་ཧཱ་སར་འཁོར་ལོར་གནས། །ཞེས་བྱ་བ་ལ་སོགས་པ་ནས། རོར་གནས་མཱ་ལ་བར་དེ་བཞིན། །ཞེས་བྱ་བའི་བར་དུའོ། །དེ་ལྟར་གནས་དང་བརྟེན་པ་དང་། །ཁམས་ཀྱི་རིགས་ལས་སྐྱེས་པ་དང་། །
རྣལ་འབྱོར་མ་དང་ཞིང་སྐྱོང་དང་། །མཚོན་ཆ་དང་ཞི་བ་ལ་སོགས་པའི་མཆོག་གི་འབྲས་བུ་དང་གདན་རྣམས་ཏེ་སྡེ་ཚན་བདུན་པོ་རྣམས་ཚིགས་བཅད་ཀྱིས་བཤད་པ། གཞན་དང་རྟེན་དང་ཁམས་འབྱུང་དང་། །རྣལ་འབྱོར་མ་དང་ཞིང་སྐྱོང་དང་། །མཚོན་ཆ་དང་ནི་
ཞི་སོགས་དང་། །གདན་རྣམས་དང་ནི་བདུན་པོ་སྟེ། །ཇི་ལྟའི་རིམ་པས་ཤེས་བྱ་ལ། །རེ་རེ་ལ་ཡང་རྣམ་བདུན་དུ། །ཀེང་རུས་བདེ་བ་བཟུང་བ་ཡིན། །འབྱུང་བར་འགྱུར་ཏེ་གཞན་དུ་མིན། །ད་ནི་ཀེང་རུས་ཀྱི་ཡི་གེར་རྣམ་པར་དཔྱོད་པ་གསུངས་པ། ཀེང་རུས་ཞེས་བྱ་
เล่ม ๒๐ · หน้า 276a
བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་ཀའི་ཡི་གེའི་དོན་གསུངས་པ། ཀེང་རུས་ཉམས་མྱོང་བདེ་བ་ནི། །ཞེས་བྱ་བ་ནི་ཨཾ་གི་ཡི་གེས་མཚན་པས་ཀེང་རུས་ཏེ་ཀ་རའི་སྒྲས་ལས་ཀྱི་ཕྱག་རྒྱ་མངོན་པར་བརྗོད་དེ་རྡོ་རྗེ་དང་པདྨའོ། །དེ་རྣམས་ཀྱི་ཉམས་སུ་མྱོང་བར་གྱུར་པའི་
ལུས་ཀྱི་བདེ་བ་ཆེན་པོས་རྩ་བའི་རྩ་ལས་ཡོངས་སུ་ལངས་པ་ཞེས་བྱ་བ་ནི་བདེ་བའི་ཀའི་གཟུགས་ཏེ་སྣལ་མ་ནམ་མཁའི་རྩ་དེ་ཉིད་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །ཡེ་ཤེས་ཁུ་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཞུ་བའི་རྣམ་པའི་ཁུ་བ་ཡེ་ཤེས་ཀྱི་བདེ་
བའི་རང་བཞིན་དེའི་གཟུགས་སུ་ཁམས་གསུམ་ཐམས་ཅད་དེ་ཉིད་རང་གིས་མཐོང་བའོ། །འདིས་ཅི་བཤད་པར་འགྱུར་ན་དངོས་པོ་ཐམས་ཅད་དཔའ་བོ་དཔའ་མོའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བར་དགོངས་པའི་དོན་ཏོ། །འདིའི་དེ་ལྟར་རབ་ཏུ་སྦྱར་བའི་བྱེ་བྲག་རྣམ་
པར་གཞག་པ་གཉིས་པའི་ཀའི་ཡི་གེ་གསུངས་པ། མགོ་མེད་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ་འདིར་མགོ་མེད་ཀྱི་སྒྲས་སྔོན་དུ་བཤད་པའི་བདེ་བའི་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར་ཏེ། དབྱངས་དང་གསལ་བྱེད་ཀྱང་མགོ་བོ་མེད་པར་འགྱུར་རོ། །
དེའི་ཕྱིར་བརྗོད་དུ་བྱར་མེད་པ་ལས་ཀྱང་བརྗོད་པ་སྐྱེ་བར་སྟོན་པའི་ཚིག་གི་སྦྱོར་བས། དེ་ཉིད་ཀྱིས་ནི་ཁམས་ཟའོ། །ཞེས་བྱ་བ་སྟེ། གང་བདེ་བའི་གཟུགས་ཉིད་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་གནས་སྐབས་རྣམ་པར་རྟོགས་པས་བསྒྲུབས་པའོ་ཞེས་བྱ་བའི་དོན་ཏོ། །
འདིར་གསུངས་པ། བསམ་དུ་མེད་པ་དངོས་པོའི་གཟུགས། །དངོས་པོ་ཡང་ནི་བསམ་མེད་པའོ། །ངག་གི་རྟོགས་བྱའི་དངོས་པོ་གང་། །དེ་བསམ་ཡོད་པའམ་བསམ་མེད་པའོ། །བསམ་མེད་རྟོགས་བྱ་བགྲོད་བཞིན་པ། །ཞི་བ་བསམ་མེད་སེམས་པ་མེད། །
རྣམ་གཉིས་དམན་པས་སྤྱོད་པའོ། །རིགས་པར་འགྱུར་བའི་དངོས་པོའང་མེད། །ཅེས་སོ། །དེ་ཕྱིར་དེས་ཞེས་བྱ་བ་ནི་འདི་དང་ལྡན་པས་དེ་བཞིན་དུ་བཤད་དོ། །དེ་ལྟར་འདི་རྣམས་ཞེས་བྱ་བ་ལ་སོགས་པས་ཡི་གེ་གཉིས་པའི་ཀུན་དུ་སྦྱོར་བའི་ཨཱའི་ཡི་གེའི་དོན་གྱིས་ཏེ་སྟོན་
เล่ม ๒๐ · หน้า 276b
བཞིན་ནོ། །དེ་བཞིན་དུ། ལ་ཡི་ཡི་གེའི་དོན་འཕྱང་བ། །ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་མའི་དོན་གྱི་གནས་ལ་སོགས་པའི་སྡེ་ཚན་བདུན་རྣམས་ཀྱི་རྒྱས་པར་བཤད་པ་ནང་གི་བདག་ཉིད་དུ་ཕྱིའི་ཁུངས་སུ་ཆད་པའོ། །དེའི་དོན་ནི་སླ་བར་གོའོ། །དེ་ལྟར་གལ་ཏེ་དེ་སྲིད་ཐམས་
ཅད་བསམ་དུ་མེད་པའི་གཟུགས་ཡིན་ན་ཇི་ལྟར་ཕྱི་དང་ནང་གི་བདག་ཉིད་ཀྱི་གནས་སྐབས་བསྟན་ཞེ་ན་གསུངས་པ། དེ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཐོག་མ་ཉིད་དུ་བུམ་པ་དེ་སྣམ་བུ་ལ་སོགས་པའི་དངོས་པོའི་གཟུགས་ཐམས་ཅད་རང་གི་འཁྲུལ་བ་སྒྱུ་མའི་རང་
བཞིན་རྣམས་གྲུབ་པས་དེ་རྣམས་སུ་སླར་ཡང་སྒྱུ་མ་ཆེན་པོར་སྟོན་པས་དེའི་ཕྱིར་མཆོད་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་སྟེ། །དེ་ཡང་ཕྱི་དང་ནང་དང་གསང་བ་ཞེས་བྱ་བ་སྟེ། འདིར་རང་རང་གི་ཁམས་ལས་བྱུང་བ་རྣམས་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཀྱི་སངས་རྒྱས་ལ་
སོགས་པའི་གཟུགས་སུ་བརྟག་པ་ཕྱིའི་མཆོད་པ་དང་། ཁམས་གསུམ་རང་གིས་རིག་པ་ཅན་གྱི་ནང་གི་བདག་ཉིད་ཀྱི་མཆོད་པ་དང་། དེ་ལྟར་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་རིག་པའི་ཆོས་ཀྱི་བདག་མེད་པའི་མཚན་ཉིད་ཀྱི་གསང་བའི་
མཆོད་པ་ཞེས་བྱའོ། །དེ་ལས་ཐམས་ཅད་འགྲུབ་ཅེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་མི་དགེ་བ་གང་བྱེད་པ་དེ་ཐམས་ཅད་གསུངས་པའི་སྦྱོར་བས་སངས་རྒྱས་ཉིད་དུ་འགྲུབ་སྟེ། མི་ཤེས་རི་བོ་གཅོད་པའོ། །ཞེས་བྱ་བའི་ཚིག་གིས་ཏེ་རྣལ་འབྱོར་མ་དང་
དཔའ་བོ་རྣམས་ཀྱི་རྣམ་པར་གཞག་པའི་ངེས་པའོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། སྔོན་གསུངས་ཞེས་བྱ་བ་ལ་སོགས་ཏེ་རྟོགས་སླའོ། །སླར་ཡང་ཕྱི་རོལ་དུ་འདུ་བའི་འཁོར་ལོ་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྒྱུར་བཟའ་བ་དང་
བཏུང་བ་ལ་སོགས་པ་གསུངས་པ། འདུ་བ་ཞེས་བྱ་བ་ལ་སོགས་པ་སྟེ། གཡས་སུ་ཁྲོ་བོ་བསྟན་པར་བྱ། །ཞེས་བྱ་བ་ནི་ནག་པོ་དྲག་པོ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མའི་དཀྱིལ་འཁོར་མཆོད་པར་བྱ་སྟེ། འོན་ཀྱང་གྲུ་གསུམ་པའི་དཀྱིལ་འཁོར་
เล่ม ๒๐ · หน้า 277a
གྱི་དབུས་སུ་དེ་རྣམས་ཚིམ་པ་ལ་སོགས་པར་བྱ་བ་སྟེ། ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །དེ་ཡང་། མཁའ་འགྲོ་ལྔ་ཡི་དེ་ཉིད་ཆེ། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། དྲག་མོ་མཁའ་འགྲོ་མ་དང་། རོ་
ལངས་མཁའ་འགྲོ་མ་དང་། གདོལ་པ་མཁའ་འགྲོ་མའོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་རང་གི་དབུགས་ཀྱིས་ཕྱུང་ནས་མཆོད་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་མོ་ཞེས་བྱ་བ་ནི་གདན་བཞི་པའི་རིམ་པས་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་དུ་རྒྱལ་མོ་གཙོ་
མོ་རྡོ་རྗེའི་དབང་ཕྱུག་མ་ཁྱབ་བདག་ཅེས་བྱ་བ་སྟེ། ཡེ་ཤེས་དབང་ཕྱུག་མ་ལ་སོགས་པ་རང་གི་དཀྱིལ་འཁོར་གྱི་བདག་པོ་དེ་བཞིན་གཤེགས་པའི་སྐུ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཆེན་པོ་ཆོས་ཀྱི་དབྱིངས་དེ་ལྟར་རྡུལ་མེད་ཅིང་དྲི་མ་མེད་པ་རྣམ་པར་རྟོག་
པའི་དྲི་མ་ཐམས་ཅད་ནུབ་པའི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཕྱོགས་བཅུར་བསྒོམ་པར་བྱའོ། །དེའི་ཕྱིར་རྣལ་འབྱོར་མ་ཐམས་ཅད་འདིར་ཞེས་བྱ་བ་ལ་སོགས་པས་སྤྱན་འདྲེན་པའི་སྔགས་ཀྱིས་རྡོ་རྗེ་དབང་ཕྱུག་མ་རྣམས་སྤྱན་དྲང་བར་བྱའོ། །དེ་ལྟར་ཨོཾ་ཀཀྐ་ཞེས་བྱ་བ་ལ་
སོགས་པས་དེ་བཞིན་གཤེགས་པའི་གཏོར་མའི་སྔགས་གསུངས་སོ། །ཨོཾ་བྷཀྵ་ཞེས་བྱ་བ་ལ་སོགས་པས་འདི་བྱས་པས་ཞི་བ་ལ་སོགས་པའི་ལས་རྣམས་ཡེ་ཤེས་ཀྱི་ལྕགས་ཀྱུས་བསྒྲུབ་པར་བྱའོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་ཀྱི་ལྕགས་ཀྱུས་རླུང་སྤྱན་དྲངས་ནས་དེས་རང་
གི་འདོད་པའི་ལྷ་ཚིམ་པར་བྱ་བ་སྟེ་རྩ་ཐམས་ཅད་དོ། །ཕྱི་རོལ་དུ་དེའི་རང་བཞིན་གྱི་ཏིང་ངེ་འཛིན་གྱིས་ཆང་ལ་སོགས་པས་ཚིམ་པར་བྱ་བ་སྟེ། འདིའི་རིམ་པས་གསུངས་པ། མཐེ་བོ་ས་གཞིར་སྦྱར་བྱས་ཏེ། །མིང་མེད་རི་རབ་ཀྱིས་རེག་བྱ། །བསྐོར་བ་ལན་གསུམ་བྱས་ནས་ནི། །
བདུད་རྩི་ལྔ་པོ་གསལ་བར་འགྱུར། །ཧཾ་ཡིག་གིས་ནི་ཁ་དོག་གཞོམ། །ཧོ་ཡི་ཡི་གེས་དྲི་གཞོམ་མོ། །ཧྲཱིཿཡི་ཡི་གེས་སྟོབས་གཞོམ་སྟེ། །རིམ་པ་འདི་རྣམས་རྣམ་པར་གཞོམ། །རོ་མྱང་དང་ནི་རྡོ་རྗེ་ཡི། །དབང་ཕྱུག་ཕྱག་ན་རྡོ་རྗེ་དང་། །ལྷ་གསུམ་རྣམས་ཀྱིས་བདུད་རྩི་རུ་ནི་འགྲོ་
เล่ม ๒๐ · หน้า 277b
བའོ། །གང་ཞིག་དེ་ཁོ་ནས་མྱངས་པ། །འཁོར་བ་ཡི་ནི་ཕ་རོལ་འགྲོ། །སྐྱོན་མེད་ཐམས་ཅད་ཡང་དག་བྱ། །ལྷ་ནི་འཇིགས་བྱེད་ཆེན་པོའོ། །ཚེས་བརྒྱད་དང་ནི་ཁྱད་པར་དུ། །བཅོ་ལྔ་དང་ནི་ཚེས་བཅུ་བཞི། །གྲུབ་འདོད་རྣལ་འབྱོར་རྣམས་ཀྱིས་ནི། །འབད་པས་གཏོར་མ་སྦྱིན་
པར་བྱ། །དེ་ལྟར་གནས་ལ་སོགས་གནས་སུ། །མདོར་ན་སྐྱེ་བོ་མེད་ཕྱོགས་སུ། །གཏོར་མའི་ཆོ་གས་ཡོངས་མཉེས་བྱ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་འདུ་བའི་ཚིག་སྟེ་གོ་སླའོ། །སྒྲུབ་པ་པོ་གཞན་ཞེས་བྱ་བ་ལ་སོགས་པས་ཨ་ཝ་དྷཱུ་ཏཱིའི་སྤྱོད་པའི་ཁྱད་པར་རོ། །དེར་ཞེས་
བྱ་བ་ནི་གནས་དང་ཉེ་བའི་གནས་ལ་སོགས་པར་སེམས་ཅན་གྱི་དོན་གྱི་དབང་གིས་བྲམ་ཟེ་ལ་སོགས་པའི་རོའི་གཟུགས་ཀྱིས་གནས་པའོ། །དེ་ལྟར་ཡོངས་སུ་བརྟག་ཅེས་བྱ་བ་ནི་འབྱུང་པོའི་ཉི་མ་ནག་པོའི་བཅུ་བཞི་ལ་ལྷ་རྫས་ཀྱི་ཆུས་ཞེས་བྱ་བ་ནི་རྩ་བའི་སྔགས་ཀྱིས་མངོན་པར་
བསྔགས་པའི་མི་བསྐྱོད་པས་སོ། །ཡང་ན་བདུད་རྩི་ལྔས་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་དོ། །བདུག་སྤོས་དེ་ཉིད་ཅེས་བྱ་བ་ནི་རོ་ལ་ཤ་ཆེན་པོའི་སྦྱིན་པར་བྱའོ། །གྲུ་བཞི་པ་གྲུ་གསུམ་པའི་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱའོ། །དེའི་གསད་དུ་གཞུག་པ་ཞེས་
བྱ་བ་ལ་སོགས་པས་གསད་པའི་སྦྱོར་བས་རྣམ་པར་ཤེས་པ་ཀུན་ནས་མི་བསྐྱོད་པའི་སར་བཏང་ནས་བཟའ་བར་བྱའོ། །ལྷག་མ་ཇི་ལྟ་བའོ། །ཐམས་ཅད་རྟོགས་པ་ལའོ། །འདི་ནི་དཔལ་ཐམས་ཅད་གསང་བའི་ལེའུར་ཀེང་རུས་ཀྱི་སྦྱོར་བའམ་པི་ཋ་ལ་སོགས་པའི་གནས་ལ་
སོགས་པ་སྡེ་ཚན་བདུན་གྱི་རང་བཞིན་ཅན་དང་ཀེང་རུས་ཀྱི་སྦྱོར་བའི་རིགས་པའི་འཕོ་བའི་དབུས་སུ་ཕྱི་དང་ནང་གི་བདག་ཉིད་ཀྱི་ནད་གཞོམ་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་གཏོར་མ་དབུལ་བ་དང་རོ་སྒྲུབ་པ་དང་གནས་ལ་སོགས་པར་གནས་པའི་ཆོ་གའི་མཚན་
ཉིད་ཀྱི་མན་ངག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།། །།རྣལ་འབྱོར་ཐམས་ཅད་འགེངས་པ་པོ། །མཆེ་བ་རྣམ་གཙིགས་ཕྱག་བྱས་ནས། །གཞུ་དང་མདའ་རུ་ཡོངས་ལྡན་པས། །བུམ་ཅན་འབེན་ལ་ལྟ་བ་པོ། །ཡི་གེ་རྣམས་ཀྱི་དོན་ཆེན་
เล่ม ๒๐ · หน้า 278a
རྣམས། །འབྱིན་ཅིང་སྡུད་པའི་རྒྱུ་ཡིས་སུ། །དཀྱིལ་འཁོར་འཁོར་ལོའི་གཟུགས་སུ་ནི། །མཁའ་འགྲོ་མ་ཀུན་སྐྱེས་པའོ། །ད་ནི་སྣ་ཚོགས་པའི་དགོངས་པ་མཆེ་བ་རྣམ་པར་གཙིགས་པའི་བཤད་པ་གསུངས་པ། དེ་ནས་བཤད་ཅེས་བྱ་བ་ལ་སོགས་
པ་སྟེ། མཆེ་བ་རྣམ་པར་གཙིགས་པ་ཡི། །ཞེས་བྱ་བ་ནི་དཔའ་བོ་དེའི་མིང་གི་ཡི་གེས་སོ། །ཏིང་འཛིན་སྦྱོར་བ་ལ་གནས་པ། །ཞེས་བྱ་བ་ནི་སྦྱོར་བ་ཡིས་གནས་པ་པོ་ཨ་ཝ་དྷཱུ་ཏཱིའི་དཀྱིལ་འཁོར་གྱི་དུས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སོ། །གཞུ་འགེངས་
པའི་རིམ་པས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་དེ་རྣལ་འབྱོར་པ་ཡིས་ཡོད་པར་བྱས་པ་སྟེ། རྡོ་རྗེ་ཞེས་བྱ་བ་ནི་དབྱེར་མེད་པའི་ཡེ་ཤེས་ཀྱི་གཟུགས་ཅན་ནོ། །དེ་ལྟར་གཞུ་དགང་བ་གསུངས་པ། སྲོག་གི་ཐིག་ལེར་སོན་པར་བསམ། །ཞེས་བྱ་བ་སྟེ། དབུས་མའི་ནང་དུ་སོན་པར་བྱས་
ཏེ། དེ་ཉིད་རྒྱུད་ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་གཅིག་པུའི་མཚན་ཉིད་ཅན་གྱི་གཞུའི་རྒྱུད་དོ། །མཚམས་ཀུན་དུ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་མཚམས་སུ་གནས་སོ། །སྒྲ་ཐམས་ཅད་དུ་ཞེས་བྱ་བ་ནི་ཀྵྨྲྻུཾ་ལ་སོགས་པ་ས་བོན་གྱི་ཡི་གེ་བཞི་བརྗོད་པས་སྐུ་འགོག་པར་
བྱའོ། །ལྷག་མ་རྟོགས་པར་སླའོ། །ད་ནི་རྣལ་འབྱོར་འདིའི་ཡན་ལག་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་མཆེ་བ་རྣམ་པར་གཙིགས་པས་བསྲུང་བའི་སྦྱོར་བ་གསུངས་པ། མཆེ་བ་རྣམ་པར་གཙིགས་ཞེས་བྱ་བ་ལ་སོགས་པ་སྟེ་ངེས་པར་འབྱུང་བ་ན་མྱ་ངན་ལས་འདས་
པའོ། །འཇུག་པའི་ཞེས་བྱ་བ་ལ་སོགས་པས་བིའི་ཡི་གེའི་དོན་ཏེ་ཟག་མེད་ཅེས་བྱ་བ་ནི་སྐྱེ་བ་སྣ་ཚོགས་པའི་ནང་དུ་མ་རིག་པ་ལ་སོགས་པས་སྡིག་པ་གང་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་འཇུག་པ་སྟེ་མྱ་ངན་ལས་འདས་པའི་སྐུ་བཟུང་བས་སོ། །རང་ལས་བྱུང་བའི་
སྐྱེ་བོ་རྣམས་གཞོམ་པར་བྱ་བ་སྟེ་དབུག་པར་བྱ་བའོ། །དེའི་ཕྱིར་གཞན་གྱིས་གྲོང་དུ་བྱེད། །ཅེས་བྱ་བ་ནི་གའི་ཡི་གེའི་དོན་གྱིས་ལས་མྱ་ངན་ལས་འདས་པའི་སྤྱོད་ཡུལ་ཅན་བྱེད་དུ་འཇུག་པའོ། །སླར་ཡང་སྦྱིན་པ་ཆེན་པོ་ལ་སོགས་པ་ཡང་དག་པར་འཇུག་པར་བྱེད་པའི་ལས་
เล่ม ๒๐ · หน้า 278b
བྱེད་དོ། །འཇོམས་ཞེས་བྱ་བ་ནི་ཊའི་ཡི་གེའི་དོན་གྱིས་ཏེ་དེ་དེ་བཞིན་དུ་བཤད་དོ། །སྟེར་ཞེས་བྱ་བ་ནི་རིའི་ཡི་གེའི་དོན་གྱིས་ཏེ། ཞི་བའི་གཟུགས་ཞེས་བྱ་བ་ནི་ཐར་པའི་གཟུགས་སོ། །རྣམ་པར་ཞུ་བའི་བདག་ཉིད་ཆེན་པོས་ཞེས་བྱ་བ་ནི་སྙིང་རྗེའི་རོས་སོ། །ཥྚྲི་ནི་ཞེས་བྱ་བ་ནི་
ཥྚྲའི་ཡི་གེའི་དོན་ཏོ། །དེ་ལྟར་ཨིའི་ཡི་གེ་རླུང་གི་བདག་ཉིད་ཅན་ནོ། །མགོ་བོ་ནི་ནམ་མཁའི་ངོ་བོ་ཉིད་དོ། །ཥའི་ཡི་གེ་ནི་འཛག་པའི་གཟུགས་ཀྱིས་དཔྲལ་བར་ཆུའི་གཟུགས་ཉིད་དོ། །ཊའི་ཡི་གེ་ནི་ལུས་ཐམས་ཅད་ལ་བདེ་བའི་ངོ་བོ་སའི་གཟུགས་ཉིད་དོ། །རའི་ཡི་གེ་ནི་རྐང་པ་
དག་ལ་མེའི་གཟུགས་ཀྱིས་འཕོ་བ་མེད་པ་ཉིད་དོ། །དེས་ན་གསུངས་པ། རྐང་པའི་བར་དུ་འགྲོ་བར་བྱ་བའི་བདེ་བ་ཆེན་པོ་ནོར་བུའི་སྐུད་པ་བཞིན་ནོ། །དེ་མིན་ཞེས་བྱ་བ་ལ་སོགས་པས་ནཱའི་ཡི་གེའི་དོན་གྱིས་གསུངས་པ། མཚམས་ཐམས་ཅད་ཀྱི་རྣམ་པར་ཤེས་པ་
དང་ཡེ་ཤེས་ཀྱི་རྣམ་པར་གནས་པ་ན་དོན་དམ་པར་རང་དང་གཞན་གྱི་ཆ་མེད་དོ། །འོན་ཀྱང་དེར་གནས་པ་ཡང་བསམ་དུ་མེད་པར་གྱུར་པའི་ས་གསུམ་ལ་ལྟ་ཞིང་འཇུག་པར་བྱེད་དེ་སེམས་ཅན་ལ་རབ་ཏུ་ཆགས་པས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་
སླའོ། །དེ་ལྟར་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པའི་རྣལ་འབྱོར་གྱིས་རྒྱས་པར་བཤད་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། སོགས་པ་ཞེས་བྱ་བ་ནི་མཆེ་བ་རྣམ་པར་གཙིགས་པ་ལ་
སོགས་པའི་དཔའ་བོ་ཐམས་ཅད་དོ། །བདེ་བའི་གཟུགས་ཞེས་བྱ་བ་ནི་རང་རང་གི་ཁམས་རྣམས་ཀྱི་བདེ་བ་བྱུང་བའི་དུས་རྣམས་སུ་རེ་རེ་གཙོ་བོ་ཞེས་བྱ་བ་སྟེ་དེ་བཞིན་དུ་བཤད་དོ། །མཁའ་འགྲོ་ཆེན་པོ་ཞེས་བྱ་བ་ནི་འོད་གསལ་བའི་གཟུགས་ཀྱི་བདག་ཉིད་ཅན་ཏེ་མཁའ་
འགྲོ་མ་དང་བཅས་ཞེས་བྱ་བ་ནི་རང་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ད་ནི་མདོར་བསྡུས་པའི་ཡི་གེ་ལྔ་བཅུ་རྣམས་ཀྱི་ཨའི་ཡི་གེ་ལ་སོགས་པའི་རིག་པ་སྟོན་པའི་གྲུ་གསུམ་པའི་དབུས་སུ་ཨཱ་ལི་ཀཱ་ལིའི་གཟུགས་ཅན་གཞག་སྟེ། དེ་བཞིན་དུ་དབྱངས་བཅུ་དྲུག་གི་ཁམས་
เล่ม ๒๐ · หน้า 279a
ཀྱི་གཟུགས་རྣམས་སུ་ལུས་ལ་སྟོང་པ་ཉིད་ཀྱི་རྣམ་པར་གཞག་པར་ཤེས་པར་བྱའོ། །དེ་བཞིན་དུ་དང་པོ་ཀའི་ཡི་གེ་ནས་མའི་ཡི་གེའི་བར་དུ་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ལས་ཀྱི་ཚོགས་རྣམས་དང་དབྱངས་རྣམས་ཀྱིས་ཀྱང་ངོ་། །ཡའི་ཡི་གེ་ལ་སོགས་པ་གསུང་རབ་ཡན་
ལག་དགུ་དབུ་མའི་ཆོས་ཀྱི་འབྱུང་གནས་སུ་ཡི་གེ་བཏུབ་གསུངས་པ། ཐམས་ཅད་ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཅེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་དབུས་སུ་ཨ་ཝ་དྷཱུ་ཏཱིའི་དེ་ཆོས་ཀྱི་འབྱུང་གནས་ཏེ་དེ་ནི་སྣ་ཚོགས་པ་ཁམས་གསུམ་གྱི་བདག་ཉིད་དོ། །རྣམ་པར་
ཤེས་པའི་གཟུགས་ཅན་གྱི་ལྟེ་བར་གཞོམ་དུ་མེད་པ་ཧཱུཾ་གི་ཡི་གེ་ཞི་བ་དགེ་བ་སྟེར་བ་པོའོ། །ཆོས་ཐམས་ཅད་གཅིག་ཏུ་སྡུད་པ་ནི་ཡི་གེ་ཨོཾ་མོ། །ལྷག་མ་དེ་དེ་བཞིན་ནོ། །དཔའ་བོ་ཞེས་བྱ་བ་ནི་ཡི་གེ་རེ་རེའོ། །འདོད་དོན་ཐམས་ཅད་སྒྲུབ་པ་པོ། །ཞེས་བྱ་བ་ནི་འདོད་པ་དེ་
ཐམས་ཅད་ནི་འདོད་པ་ཐམས་ཅད་དེ་ཨའི་ཡི་གེ་ལ་སོགས་པའི་ཡི་གེ་རྣམས་འཆད་པར་འགྱུར་བས་ཡི་གེ་རེ་རེའི་རང་རང་གི་རིག་པའི་བཤད་པས་སོ། །དོན་གྱི་སྒྲུབ་པ་བྱེད་པ་གསུངས་པ། ཡེ་ཤེས་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡེ་ཤེས་དང་ཆོས་དང་ལོངས་
སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་སོ། །འོག་དང་སྟེང་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གིས་ཀྵའི་ཡི་གེ་ལ་སོགས་པ་མགོ་ལ་ཨའི་ཡི་གེ་ལ་སོགས་པ་སྟེང་སྟེ། བདག་ཉིད་ཀྱི་ཨ་ཝ་དྷཱུ་ཏཱིའི་སྲོག་དང་ཐུར་སེལ་ཏེ་ཡན་ལག་ཐམས་ཅད་དང་འཁོར་ལོ་བཞི་ལ་སོགས་པར་རོ། །དེར་
གནས་པ་ལ་འགྲོ་བ་དང་འོང་བ་དག་གི་རྟག་ཏུ་རབ་ཏུ་བསྔགས་པས་སྒྲུབ་པ་པོ་རྣམས་ཀྱི་དངོས་གྲུབ་སྟེར་བའོ། །གང་གིས་དངོས་གྲུབ་སྟེར་བ་གསུངས་པ། ལྔ་བཅུ་ཞེས་བྱ་བ་ལ་སོགས་པ་སྟེ། དབྱངས་དང་གསལ་བྱེད་རྣམས་ཀྱིའོ། །དེས་དེ་ཉིད་མཁའ་འགྲོ་ཞེས་བྱ་བ་ནི་
རྡོ་རྗེ་མཁའ་འགྲོ་སྟེ་མཆོག་ཏུ་རྨད་དུ་བྱུང་བའོ། །སྒྲ་འདིས་དེ་ལྟར་རྒྱུད་དང་ལུང་དང་བསྟན་བཅོས་མང་པོ་རྣམས་ཀྱི་བརྗོད་བྱའོ། །སོགས་པའི་སྒྲས་མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་ཡི་གེ་རྣམས་ལ་སོགས་པ་ཡང་ཞེས་བྱ་བ་སྟེ་རྟོགས་པར་སླའོ། །འདིར་ཨའི་ཡི་གེ་ལ་
เล่ม ๒๐ · หน้า 279b
སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་རྣམས་ཀྱི་རྣམ་པར་འགྱུར་བའི་བསྒོམ་པ་གསུངས་པ། ཨ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཐིག་ལེ་བྲལ་ཞེས་བྱ་བ་ནི་ཐིག་ལེའི་སྒྲས་རྡོ་རྗེ་པདྨར་ཞུགས་པའི་དུས་སུ་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་བདེ་བ་སྟེ་དེའི་ཕྱིར་དམར་པོ་སྟེ། འདོད་ཆགས་ཆེན་པོ་བཤད་དོ། །
ཕྱི་མོ་རྣམ་པར་སྤངས་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བར་དགོངས་སོ། །འདི་ནི་སྟོང་པ་ཉིད་དང་པོའོ། །དེ་བཞིན་དུ་གཉིས་པ་གསུངས་པ། ཨ་ཡིག་ཐིག་ལེ་ཡང་དག་ལྡན། །ཞེས་བྱ་བ་སྟེ། སྟེང་ནས་རབ་ཏུ་འབབ་པའི་བྱང་ཆུབ་ཀྱི་ས་བོན་དང་ལྡན་པ་སྟེ་འདོད་ཆགས་ཆེན་པོའོ། །དེའི་ཕྱིར་
རིགས་མཚན་ཅན་ནོ། །དེ་ལྟར་ཨཱའི་ཡི་གེ་དང་ཨཱིའི་ཡི་གེ་ཁྲག་སྟེ། གང་གི་ཕྱིར་བདེ་བ་རབ་ཏུ་འབེབས་པའོ། །ལྔ་པ་ལྷ་རྫས་སུ་ཤེས་པར་བྱ་བ་ནི་གང་གི་ཕྱིར་བཞི་པ་འདས་པ་སྟེ། ཨུ་ཡིག་དབང་པོའི་གཞུ་དང་མཉམ། །ཞེས་བྱ་བ་ནི་འདིས་ལུས་འཇམ་པའི་རྡོ་རྗེར་བཤད་དོ། །ཁམས་ཐམས་ཅད་
གསལ་བ་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཨཱུའི་ཡི་གེ་དྲུག་པ་དེ་བཞིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་གཟུགས་སོ། །ཀློག་གཉིས་ཞེས་བྱ་བ་ནི་མེ་འཕྲོ་བ་བཞིན་ཏེ་གཉིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། འོན་ཀྱང་འཕྲོ་བ་དེ་དག་འདྲ་བར་ཆོས་ཐམས་ཅད་བདེ་བའི་གནས་སུ་སྤྲོ་བར་བྱའོ་ཞེས་
བྱའོ། །རེའི་ཡི་གེ་དུ་བའི་མདོག །ཅེས་བྱ་བ་ནི་སྤྲིན་དང་འདྲ་བ་དྲི་མ་མེད་པའི་ནམ་མཁའ་ལས་བྱུང་ངོ་། །དེ་ཉིད་ཐིམ་ནས་འགྲོ་བའོ། །དེ་ནས་ཕྲ་མོ་ལུས་སྤངས་པ། །ཞེས་བྱ་བ་ནི་ཚོགས་པ་ཉིད་དང་གཅིག་དང་དུ་མའི་ཉིད་ཀྱང་ངོ་། །ལུས་རྣམས་སངས་རྒྱས་རྣམས་ཀྱི་གཟུགས། །ཞེས་བྱ་བ་སྟེ། སེམས་
ཀྱི་བག་ཆགས་དང་བྲལ་བའོ་ཞེས་བྱ་བར་དགོངས་པའི་དོན་ཏོ། །རེའི་ཡི་གེ་མུན་པའི་གཟུགས། །ཞེས་བྱ་བ་ནི་ནམ་མཁའི་གཟུགས་ཅན་གྱི་སེམས་འོད་གསལ་བའི་རྣམ་པ་དེ་ཡིས་བསམ་དུ་མེད་པའི་གཟུགས་ཀྱི་སྟོང་པ་ཉིད་དོ། །ལྀ་ནི་བྱ་རོག་གཤོག་པ་འདྲ། །ཞེས་བྱ་བ་ནི་ཁ་དོག་ནག་པོ་ཆོས་ཀྱི་
སྐུའི་གཟུགས་སེམས་བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་ཞུགས་པའོ། །དེ་ལྟར་ལྀའི་ཡི་གེ་མཚལ་གྱི་མདོག་ནི་མངལ་དུ་རང་བྱུང་དུ་ལྷན་ཅིག་གཅིག་པུར་བྱུང་ངོ་། །ཨེ་ཡིག་དམར་ཞིང་དཀར་བ་ཞེས་བྱ་བ་ནི་མངལ་ལས་འཐོན་པའི་དུས་སུ་གང་བྱིས་པའི་སེམས་གསལ་བ་དང་མི་གསལ་བའི་སྟོང་པ་
เล่ม ๒๐ · หน้า 280a
ཉིད་དེ་དེ་ཉིད་དེ་སྐད་ཅེས་བྱའོ། །ཨཻ་སིན་དྷཱུ་ར་དམར་པོའི་མདོག །ཅེས་བྱ་བ་ནི་འདིས་རང་ཉིད་བླ་ན་མེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་དང་བདེ་བ་མཐོང་བའོ། །ཨོའི་ཡི་གེ་ཉི་མའི་གཟུགས། །ཞེས་བྱ་བ་ནི་རྡོ་རྗེ་ཉི་མའི་གཟུགས་དངོས་པོ་མ་ལུས་པ་དང་མ་རིག་པ་ལ་སོགས་པ་ཟ་བའོ། །
སྟོང་ཕྲག་འོད་ཟེར་འབར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་ཅན་ནོ། །ཨཽ་ཡི་ཡི་གེ་རྒྱུན་དུ་འབར། །ཞེས་བྱ་བ་ནི་དབང་པོ་ཐམས་ཅད་བདེ་བ་ལ་གནས་པའི་ཉི་མ་བྱེ་བའི་འོད་དང་མཉམ་པའོ། །འདིས་ལྷན་ཅིག་སྐྱེས་པའི་མཆོག་གི་མཐའ་གསུངས་སོ། །མདོར་བསྡུས་པས་ཨོཾ་གྱི་ཡི་གེའི་གསུངས་པ། ཟླ་བ་ཕྱེ་བ་
ཞེས་བྱ་བ་ནི་བཅུ་དྲུག་གི་ཆ་དཔྲལ་བའི་དབུས་སུ་ཡོངས་སུ་གནས་སོ། །ཐིག་ལེ་ཞེས་བྱ་བ་ནི་ལྟེ་བའི་དབུས་སུ་སྟེ་དེ་དག་གི་དབུས་སུ་ཡི་གེ་ཨ་སྔོན་དུ་བཤད་པའི་མཚན་ཉིད་ཅན་ཡེ་ཤེས་ཀྱི་སྣལ་མ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཟླ་བ་གཉིས་ནི་རའི་ཡི་གེ་གཉིས་ཏེ་གཡོན་པ་དང་གཡས་པ་དག་ཏུ་ཡང་
མགལ་མེའི་འཁོར་ལོ་བཞིན་ནོ། །དེའི་ཕྱིར་ན་ཚེག་དྲག་གོ། །མདོར་ན་ཨཿཡི་གེ་རྒྱལ་པོ་སྟེ་དེ་དེ་བཞིན་དུ་བཤད་དོ། །ལྷག་མ་ཇི་ལྟ་བ་བཞིན་ནོ། །ད་ནི་འདི་རྣམས་ཀྱི་ལས་རྣམས་ཀྱི་སྔོན་དུ་གསུངས་པའི་ཡི་གེ་རྣམས་ཀྱིས་ཕྱི་ནང་གི་བདག་ཉིད་ཀྱི་ལས་རྣམས་གསུངས་པ། མྱོས་ཞེས་བྱ་བ་ལ་
སོགས་པ་སྟེ། མྱོས་པ་ནི་མཆོག་ཏུ་བདེ་བས་སོ། །འཆལ་བ་ནི་རྡོ་རྗེ་དང་པདྨའི་བར་དུ་འགྲོ་བ་སྤངས་པའོ། །རྨོངས་པ་ནི་བརྗོད་པ་དང་རྗོད་པར་བྱེད་པ་པོ་དང་བྲལ་བའོ། །སེམས་དང་བྲལ་བ་ནི་རང་དང་གཞན་དུ་ཡོངས་སུ་རིག་པ་དང་བྲལ་བའོ། །ཐོག་མའི་སྟོང་པའོ་ཞེས་བྱ་བ་ནི་བཅུ་དྲུག་རྣམས་ཀྱི་
ཐོག་མའི་ཨའི་ཡི་གེའོ། །དེ་ལྟར་ཞེས་བྱ་བ་ནི་གཉིས་པ་ཨཱའི་ཡི་གེའི་གསུངས་པ། གཏི་མུག་ཅེས་བྱ་བ་ལ་སོགས་པ་སྟེ་སྟེང་དུ་འགྲོ་བར་འགྱུར་བས་མི་འདོར་བའོ། །བྲལ་བར་གནས་ཞེས་བྱ་བ་ནི་དཀར་པོའི་ཕྱོགས་ཀྱི་ཟླ་བ་འཕེལ་བ་བཞིན་དུ་སྟེ་ངེས་པའོ། །ཁྲོས་པ་ཞེས་བྱ་བ་ནི་ཆུའི་རླབས་
ལྟ་བུའི་བྱང་ཆུབ་ཀྱི་རླབས་སོ། །དབང་ཞེས་བྱ་བ་ནི་ཆད་པ་མེད་པའི་རྒྱུན་གྱི་སེམས་རྒྱ་མཚོ་དང་འདྲ་བའོ། །དེ་ལྟར་མྱུར་དུ་ཐམས་ཅད་སྟེར་བའོ། །ཕྱི་རོལ་དུ་ཡང་གང་བསམས་པ་དེ་དབང་དུ་བྱེད་དོ། །དེ་ལྟར་ཨཱའི་ཡི་གེའིའོ། །ཨཱིའི་ཡི་གེའི་གསུངས་པ། བསམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་
เล่ม ๒๐ · หน้า 280b
ཆགས་ཆེན་པོའི་ཡེ་ཤེས་ཀྱི་རྫས་ཀྱི་གོ་འཕང་ལ་བརྟེན་ན་དེའི་བསམ་པ་དང་བྲལ་བ་སྟེ། རང་བཞིན་གྱིས་རྣམ་པར་རྟོག་པ་མེད་པའོ། །མྱོས་པ་ཞེས་བྱ་བའི་དོན་ནི་སོང་ངོ་། །གསལ་བ་ཞེས་བྱ་བ་ནི་མངོན་སུམ་དུ་ཉམས་སུ་མྱོང་བར་གྱུར་པའོ། །བཞི་པ་ཨཱིའི་ཡི་གེ་གསུངས་པ། དེ་ཞེས་བྱ་བ་ལ་སོགས་པ་སྟེ།
རྨོངས་པའི་དོན་ནི་སོང་ཟིན་ནོ། །དབང་དུ་འགྲོ་བས་ནི་ཡེ་ཤེས་དུས་ཐམས་ཅད་དུའོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་ལས་བསྒོམས་པ་ཞེས་བྱ་བའི་ཚིག་གིས་སོ། །ཕྱི་རོལ་དུ་ཡང་དེ་ཉིད་དོ། །ལྔ་པ་ཨུའི་ཡི་གེའི་གསུངས་པ། དེ་ཞེས་བྱ་བ་ལ་སོགས་པ་སྟེ་ལུས་ཀྱི་བརླན་པ་དང་སེམས་དང་བྲལ་བ་ཞེས་བྱ་བ་ནི་
ཁམས་ཐམས་ཅད་ལ་བདུད་རྩིས་གཏོར་བས་བརླན་པ་ལྟ་བུའི་ལུས་ཀྱི་བདུད་རྩིའི་དྲིའོ། །བསམ་པ་དང་བྲལ་བའི་རང་བཞིན་གྱི་སེམས་རབ་ཏུ་གནས་ཏེ་ཆོས་ཉིད་ཀྱི་སེམས་སྡང་བ་དང་བྲལ་བའོ། །ཨུའི་ཡི་གེའི་གསུངས་པ། དབང་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་དབང་དུ་སོང་ངོ་། །ཤེས་བྱ་འགུགས་
པའོ། །བདུན་པ་རིའི་ཡི་གེ་གསུངས་པ། བསྐྲད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཞུ་བའི་ལས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལས་ཀྱིས་ཏེ། དེ་རྣམ་པ་བདུན་དུ་འདོད་དེ་པགས་པ་ལ་སོགས་པའི་ཁམས་བདུན་ཞུ་བས་སོ། །དེ་བཞིན་དུ་བརྒྱད་པའི་རིའི་ཡི་གེའི་གསུངས་པ། ས་ཞེས་བྱ་བ་ལ་
སོགས་པ་སྟེ། ས་ཡི་ཟིལ་གནོན་བཟུང་བར་འགྱུར། །ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ཁམས་བདུན་ཞུ་བ་དང་བྲལ་བ་རྣམས་ཀྱི་དང་རླུང་གི་རྣམ་པར་ཤེས་པའི་རང་བཞིན་གྱི་ལུས་རྟེན་གྱི་གཟུགས་སོ། །ས་གཞི་ཁ་དོག་དང་བྲལ་བའོ། །ཉམས་པའི་གཟུགས་ཞེས་བྱ་བའོ། །སླར་འགྲོ་བ་མེད་
པའོ། །ཕྱིར་མི་ལྡོག་པར་སྟོན་པའོ། །ནམ་ཡང་ཞེས་བྱ་བ་ནི་སྐྱེ་བའི་བྱེ་བྲག་གཞན་དུ་ཡང་ངོ་། །ལྀའི་ཡི་གེ་གསུངས་པ། སྡང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བའི་འཁོར་ལོ་ལ་གནས་པར་འགྱུར་བ་ལ་ཞེ་སྡང་བས་སྡང་བའོ། །འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་སྨོད་པ་སྟེ་སྤྲོས་པ་མེད་
པ་ཉིད་ཀྱིས་སོ། །ལཱིའི་ཡི་གེ་གསུངས་པ། མཐུན་པ་མེད་ཅེས་བྱ་བ་ལ་སོགས་པ་སྟེ་གཅིག་ཏུ་ན་བྱ་བ་ཐམས་ཅད་ལས་སྨོས་པ་སྤྲོས་པ་མེད་པ་ཉིད་མ་ཡིན་ཏེ་དེ་ལ་མཐུན་པ་མེད་དེ་བདག་དང་བདག་གི་བ་ལ་སོགས་པའི་འཇིག་རྟེན་གྱི་དངོས་པོ་ལས་སྐད་ཅིག་གནས་པ་སྤངས་པ་སྟེ་ཐོག་མ་ནས་སྐྱེ་བ་མེད་པས་
เล่ม ๒๐ · หน้า 281a
ཨེའི་ཡི་གེ་གསུངས་པ་ཡིད་ཅེས་བྱ་བ་ལ་སོགས་པ་སྟེ། ཡིད་ལས་བྱུང་བ་དེ་ཡིད་དགེ་བ་དང་མི་དགེ་བའི་ལས་མེད་དོ། །དེ་རྣམས་ལས་ཐམས་ཅད་ཀྱི་འཇིག་རྟེན་གསུམ་ན་གང་སྲིད་པའི་མི་ལ་སོགས་པར་སྐྱེ་བ་དེ་རྣམས་སུ་འཇིག་རྟེན་དུ་བདེ་བ་རང་གི་ཁ་ཡིས་དྲངས་ནས་རང་བྱིན་གྱིས་
བརླབས་པ་རང་བཞིན་མེད་པའི་གཟུགས་ཀྱི་སྦྱོར་བའི་བདག་ཉིད་ཀྱིས་སོ། །དེའི་མན་ངག་གསུངས་པ། དབུགས་མེད་རི་མོ་གཞན་ཡིད་དུ། །ཞེས་བྱ་བ་དབུགས་རྒྱུ་བ་མེད་པ་བུམ་པ་ཅན་གྱི་སྦྱོར་བས་སོ། །རི་མོ་ཨ་ཝ་དྷཱུ་ཏཱི་དེར་གཞན་དེའི་ཡི་གེ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་སྟེང་དུ་རབ་འབབ་པའོ། །
འདིས་མཆོག་ཏུ་ཟག་པ་མེད་པའི་སྟོང་པ་ཉིད་གསུངས་པའོ། །འདི་ཉིད་ཀྱི་དོན་ཨེའི་ཡི་གེས་གསལ་བར་བྱེད་པ་གསུངས་པའོ། །ཕྱི་མོ་ཞེས་བྱ་བ་ལ་སོགས་པས་དེའི་ཕྱི་མོ་ཞེས་བྱ་བ་ནི་ས་བོན་གྱི་ཡི་གེའོ། །དེ་ཉིད་ཡལ་ག་སྟེ་ཧཱུཾ་གི་ཡི་གེའི་བདག་ཉིད་ཅན་དེས་བྱ་བ་སྟེ་ཕྱི་མོའི་གནས་རང་གི་
སེམས་དམ་ཚིག་གི་དབང་ཕྱུག་གི་སྟོང་པ་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་ལ་སྙོམས་པར་ཞུགས་པའོ། །དེས་ཡང་རིང་པོ་ཨཻའི་ཡི་གེའོ། །མཉམ་པའི་རིགས་ལས་ཞེས་བྱ་བ་ནི་ངེས་པའོ། །སླར་ཡང་ཨོའི་ཡི་གེའི་གསུངས་པ། ཕྱག་རྒྱུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་ཀ་སྟོང་པ་
མཆོག་ཏུ་ཟག་པ་མེད་ཅེས་བྱ་བ་ནི་ཨེའི་ཡི་གེ་དང་ཨཻའི་ཡི་གེ་དེ་དག་གིས་བཤད་པའི་རང་བཞིན་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ་ཅེས་བྱ་བ་གཅིག་ཏུ་འགྲུབ་པའོ། །དེའི་ཕྱིར་གསུངས་པ། སངས་རྒྱས་རི་མོ་ཞེས་བྱ་བ་ལ་སོགས་པ་སྟེ། རྩའི་འཁོར་ལོ་ཐམས་ཅད་དུ་ཨ་ཝ་དྷཱུ་ཏཱི་ཐམས་ཅད་འགྲོ་བ་
འོག་དང་སྟེང་དུ་དེ་དེ་བཞིན་ནོ། །ཨཱ་ལི་ཞེས་བྱ་བ་ནི་འོག་ཏུ་འབབ་པའོ། །ཀཱ་ལི་ཞེས་བྱ་བ་ནི་སྟེང་དུ་འགྲོ་བའོ། །མདོར་བྱས་ཤིང་བསྡུས་པས་བཅུད་ལེན་སྒྲུབ་པ་སྟེ། ཁམས་རྣམ་པར་བཟུང་བས་ལུས་ཀྱི་ཁམས་ཀྱིས་ཐམས་ཅད་ཞུ་བའི་གཟུགས་ཀྱིས་བཅུད་ལེན་དུ་འགྱུར་རོ། །དེ་ལྟར་
བདུད་རྩི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ལ་ཐིག་ལེའི་གཟུགས་ཁམས་མེད་པ་སྟེ། ཚིམ་པར་བྱ་བ་སྟེ་ནམ་མཁའ་ལ་ཐིམ་པའི་དོན་ཏོ། །དེའི་འོག་ཅེས་བྱ་བ་ལ་སོགས་པས་ཨོའི་ཡི་གེའི་གསུངས་པ། དེའི་ཞེས་བྱ་བ་ནི་རྣལ་འབྱོར་པས་འོག་གི་གནས་པ་ལས་
เล่ม ๒๐ · หน้า 281b
གཞན་ནོ། །འདིར་འོག་གི་སྒྲས་སྔོན་གྱི་རང་བཞིན་གྱི་རང་གི་སེམས་ལས་བྱུང་བ་ནམ་མཁའི་བདག་ཉིད་ཅན་ཀྱང་ངོ་། །དེ་ཡང་གཞན་དུ་ཡི་གེ་ཐམས་ཅད་གཞུག་པར་བྱའོ་ཞེས་བྱ་བ་སྟེ་མཆོག་ཏུ་ཟག་པ་མེད་པའི་འོད་གསལ་བའི་ཁར་རབ་ཏུ་འཇུག་པ་ཡོད་པས་དེ་ལྟར་བསྐྲུན་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །
སྣང་བ་ཡང་དག་པར་འོང་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རང་བཞིན་འོད་གསལ་བ་ཉིད་འགྱུར་རོ། །སླར་ཡང་ཨཾ་གི་ཡི་གེ་གསུངས་པ། རྗེས་ཀྱི་དབྱངས་ཞེས་བྱ་བ་ལ་སོགས་པ་སྟེ། སླར་ཡང་འོད་གསལ་བ་ལས་ལངས་པའི་སེམས་རྗེས་ཀྱི་དབྱངས་ཀྱི་གཟུགས་སྟོང་པ་ཉིད་ཀྱི་ཐིག་ལེའི་རང་
བཞིན་དུ་ངེས་པའོ། །ཐམས་ཅད་དུ་ཉེ་བར་སྤྱོད་ཅིང་འབྱིན་ཅིང་སྡུད་པའོ། །ཨཿའི་ཡི་གེའི་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པ་སྟེ་འོག་དང་སྟེང་དུ་ཟླ་བ་གཉིས་ནི་རྡོ་རྗེའི་ནོར་བུ་དང་སྤྱི་གཙུག་ཏུ་སྟེ། ཇི་སྲིད་སེམས་ཀྱི་ཐིག་ལེ་གཉིས་གཅིག་ཏུ་གང་འཛོམ་པ་སྟེ་མཉམ་པའི་སྦྱོར་བ་དེས་
གསུངས་པའི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་ཟག་པ་མེད་པར་མངོན་པར་བརྗོད་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །ལས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་དུ་བྱའོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ཨའི་ཡི་གེ་ལ་སོགས་པ་དབྱངས་བཅུ་དྲུག་རྣམས་སྟོང་པ་ཉིད་ཀྱི་གཟུགས་
སུ་རྐང་པ་ལ་སོགས་པར་སྦྱར་ཞིང་དགོད་པ་གསུངས་སོ། །ལུས་ལ་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བས་གོ་བར་བྱ་སྟེ་ངེས་པའོ། །ད་ནི་ཀའི་ཡི་གེ་ལ་སོགས་པ་ནས་མའི་ཡི་གེའི་བར་དུ་ཉི་ཤུ་རྩ་ལྔའི་དེ་ཁོ་ན་ཉིད་ཀྱི་དབྱེ་བས་ལས་རྣམས་གསུངས་པ་སླར་ཡང་རེ་རེའི་ཞེས་བྱ་བ་ལ་སོགས་པ་སྟེ། ནང་
དུ་རྒྱུན་དུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་མགོ་བོ་པུལླཱི་ར་ལ་སོགས་པ་ནས་པུས་མོའི་བར་དུ་ཉི་ཤུ་རྩ་བཞི་དང་ཡན་ལག་ཐམས་ཅད་དེ་ཉི་ཤུ་རྩ་ལྔའོ། །སྟོང་པ་ཉིད་དེ་ཁོ་ན་ཉིད་རིག་བྱེད་པ་ཞེས་བྱ་བ་ནི་རང་གི་སེམས་ཀྱི་ཀུན་དུ་སྤྱོད་པར་མགོ་བོ་ལ་སོགས་པའི་དབུས་མར་རབ་ཏུ་ཞུགས་པར་སྟོང་པ་
ཉིད་མཁས་པ་རྣམས་ཀྱིས་མཚོན་པར་བྱའོ། །དེ་ལྟར་བྱས་པས་ཀའི་ཡི་གེ་ལ་སོགས་པ་དེ་བཞིན་དུ་བཤད་དོ། །དེ་ལྟར་དེ་རྣམས་ཀྱི་དེ་ཁོ་ན་ཉིད་གསུངས་པ། བདག་ཅེས་བྱ་བ་ལ་སོགས་པ་སྟེ། མགོ་བོར་ཀའི་ཡི་གེའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །ཁའི་ཡི་གེ་དཀྱིལ་འཁོར་
เล่ม ๒๐ · หน้า 282a
གྱི་དེ་ཁོ་ན་ཉིད་སྤྱི་གཙུག་ཏུའོ། །གའི་ཡི་གེ་ལུས་ཀྱི་དེ་ཁོ་ན་ཉིད་རྣ་བ་གཡས་པར་རོ། །གྷའི་ཡི་གེ་ལྷའི་དེ་ཁོ་ན་ཉིད་རྒྱབ་ཀྱི་རྒལ་ཚིགས་སུའོ། །ངའི་ཡི་གེ་བླ་མའི་དེ་ཁོ་ན་ཉིད་རྣ་བ་གཡོན་པར་རོ། །ཙའི་ཡི་གེ་སྔགས་ཀྱི་དེ་ཁོ་ན་ཉིད་མིག་ཏུའོ། །ཚའི་ཡི་གེ་རྣམ་པར་ཤེས་པའི་དེ་ཁོ་
ན་ཉིད་སྨིན་མའི་དབུས་སུའོ། །ཛའི་ཡི་གེ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དཔུང་པའི་རྩ་བར་རོ། །ཛྷའི་ཡི་གེ་དུས་ཀྱི་དེ་ཁོ་ན་ཉིད་མཆན་ཁུང་དག་ཏུའོ། །ཉའི་ཡི་གེ་རྒྱུའི་དེ་ཁོ་ན་ཉིད་མགྲིན་པར་རོ། །ཡི་གེ་ཊ་འབྲས་བུའི་དེ་ཁོ་ན་ཉིད་སྙིང་གར་རོ། །ཡི་གེ་ཐ་འབིགས་པ་པོའི་དེ་ཁོ་ན་ཉིད་ཁར་རོ། །ཡི་གེ་
ཌ་བཅུད་ལེན་གྱི་དེ་ཁོ་ན་ཉིད་སྣའི་རྩེ་མོར་རོ། །ཡི་གེ་ཌྷ་ཞི་བ་ལ་སོགས་པའི་ལས་ཀྱི་དེ་ཁོ་ན་ཉིད་ནུ་མ་ཟུང་ལའོ། །ཡི་གེ་ཎ་གཏོར་མའི་དེ་ཁོ་ན་ཉིད་ལྟེ་བར་རོ། །ཡི་གེ་ཏ་སྦྱིན་སྲེག་གི་དེ་ཁོ་ན་ཉིད་མདོམས་སུའོ། །ཡི་གེ་ཐ་ཕྱག་རྒྱའི་དེ་ཁོ་ན་ཉིད་མཚན་མ་ལའོ། །ཡི་གེ་ད་དབང་པོའི་དེ་ཁོ་ན་
ཉིད་བཤང་བར་རོ། །ཡི་གེ་དྷ་དབུ་མའི་དེ་ཁོ་ན་ཉིད་བརླ་དག་ལའོ། །ཡི་གེ་ན་སྒྱུ་མའི་དེ་ཁོ་ན་ཉིད་བྱིན་པ་དག་ལའོ། །ཡི་གེ་པ་ཆོས་ཐམས་ཅད་མངོན་པར་མཚམས་སྦྱོར་བའི་དེ་ཁོ་ན་ཉིད་རྐང་པའི་བོལ་དག་ལའོ། །ཡི་གེ་ཕ་རིགས་ཀྱི་རིམ་པ་ལ་སོགས་པའི་དེ་ཁོ་ན་ཉིད་སོར་མོ་རྣམས་ལའོ། །ཡི་གེ་
བ་རུས་ཀྱི་དེ་ཁོ་ན་ཉིད་མཐེ་བོ་དག་ལའོ། །ཡི་གེ་བྷ་ལུང་རྗེས་སུ་རིག་པའི་དེ་ཁོ་ན་ཉིད་པུས་མོ་གཉིས་དག་ལའོ། །ཡི་གེ་མ་མིག་འཕྲུལ་གྱི་དེ་ཁོ་ན་ཉིད་ལུས་ཐམས་ཅད་ལའོ། །དེ་ཁོ་ན་ཉི་ཤུ་རྩ་ལྔ་པོ་འདི་ཡང་ཕྱིན་ཅི་ལོག་ཏུ་ལཱ་མའི་མཚན་ཉིད་ཀྱི་ལེའུར་གསུངས་སོ། །དེ་ཡིས་དེ་ལྟར་དེ་ཁོ་
ན་ཉིད་ཤེས་རབ་ཆེན་པོས་ཤེས་པར་བྱ་བ་སྟེ། ལས་མཛེས་པ་ཞེས་བྱ་བ་ནི་བཤད་པ་རྣམས་སོ། །རང་བཞིན་བརྗོད་པའི་ལས་ཞེས་བྱ་བ་ནི། བཤད་པའི་གནས་རྣམས་སུ་བསྒྲུབ་པས་བརྗོད་པ་ཙམ་གྱིས་ལས་སྒྲུབ་པར་བྱེད་དོ། །ཡི་གེ་དེ་རྣམས་ཀྱི་ཁ་དོག་དུས་ཀྱི་མེ་ཞེས་བྱ་བ་ནི། བསྐལ་
པ་བསྲེག་པའི་དུས་ཀྱི་མེའི་ཁ་དོག་སྟེ། འདིར་ཡང་དེ་དེ་བཞིན་དུ་བཤད་དོ། །འདིར་ལས་རྣམས་གསུངས་པ། དབང་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ཏེ། ཞི་བ་དང་། རྒྱས་པ་དང་། རེངས་པ་དང་། གསད་པའོ། །ལྔ་ལྔ་ཞེས་བྱ་བ་ནི། ཇི་སྲིད་ཉི་ཤུ་རྩ་ལྔའི་བར་ཏེ་རེ་རེ་ལ་ལྔ་ལྔར་
เล่ม ๒๐ · หน้า 282b
འགྱུར་བས་སོ། །དེ་ཡང་དབང་པོ་ལྔ་དང་། ཕུང་པོ་དང་། ཁམས་ལྔ་དང་། ཡུལ་ལྔ་དང་། ལས་ཀྱི་དབང་པོ་ལྔ་རྣམས་སོ། །དེ་ལྟར་དམར་པོ་ཞེས་བྱ་བ་ནི། དབང་པོ་ལྔ་དབང་དུ་བྱེད་པའོ། །ནག་པོ་ཞེས་བྱ་བ་ནི་ཡུལ་ལྔ་གསོད་པའོ། །དཀར་པོ་ཞེས་བྱ་བ་ནི། ཕུང་པོ་ལྔ་རྣམས་ཀྱི་ཞི་བར་བྱེད་
པའོ། །སེར་པོ་ཞེས་བྱ་བ་ནི། ཁམས་ལྔ་རྣམས་ཀྱི་རྒྱས་པར་བྱེད་པའོ། །ལྗང་གུ་ཞེས་བྱ་བ་ནི། ལས་ཀྱི་དབང་པོ་ལྔ་རྣམས་ཀྱི་ལས་ཐམས་ཅད་ཉིད་བྱེད་དོ། །དེ་རྣམས་ཀྱི་ཡོན་ཏན་གྱིས་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་དུ་འགྲོ་བས་ན་དང་། ཁམས་ཀྱི་ལས་ཀྱི་ཡོན་ཏན་རྣམས་ཀྱིས་ཡོན་ཏན་ཉི་ཤུ་
རྩ་ལྔའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ནི་སྔོན་དུ་བཤད་པའོ། །དེས་སླར་ཡང་སྒྲུབ་པོའི་བསྒྲུབ་བྱ་འདོད་པ་ཞེས་བྱ་བ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་སྒྲུབ་པར་བྱེད་དོ་ཞེས་བྱ་བར་དགོངས་པའི་དོན་ཏོ། །ད་ནི་ཡའི་ཡི་གེ་ལ་སོགས་པ་དགུའི་ལས་རྒྱུད་ཐམས་
ཅད་དུ་བསྟན་པར་བཞེད་པ་གསུངས་པ། ཀ་ཡིག་ལ་སོགས་ཞེས་བྱ་བ་ལ་སོགས་པས་ཕུང་པོ་དང་ཁམས་ཀའི་ཡི་གེ་རྣམས་ཏེ། སྔོན་དུ་བཤད་པའི་ཡི་གེའི་རྣམ་འགྱུར་གྱིས་སོ། །ཡན་ལག་དགུ་བརྗོད་པ་པོ་ཞེས་བྱ་བའི་མདོ་དང་། དབྱངས་དང་། ལུང་བསྟན་པ་དང་། ཚིགས་སུ་
བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། སྐྱེས་པའི་རབས་དང་། སྡེབ་སྦྱོར་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་ཉེ་བར་སྟོན་པའོ། །དེ་ལྟར་དགུ་དགུ་ཞེས་བྱ་བ་ནི། ལས་བརྒྱད་ཅུ་རྩ་གཅིག་རྣམས་སོ། །དེ་ཡང་འདུས་པ་ལ་སོགས་པར་ཇི་ལྟར་རྗེས་སུ་གསལ་བར་
གོ་བར་བྱའོ། །ལེའུ་རྣམས་སུ་ཇི་ལྟའི་རིམ་པ་ཞེས་བྱ་བ་ནི། ཨའི་ཡི་གེ་ལ་སོགས་པ་ནས། ཡི་གེ་ཀྵའི་མཐའ་རྣམས་ཀྱི་སྦྱར་བར་བྱ་སྟེ། རེ་རེའི་ལེའུ་རེ་རེར་རོ། །ཇི་སྲིད་ལེའུ་ལྔ་བཅུའི་བར་དུའོ། །དེ་ལྟར་སླར་ཡང་རྒྱུད་ཐམས་ཅད་ཀྱི་ཡི་གེ་ལེའུ་གང་ལས་བྱུང་བ་དེ་གསུངས་པ།
སྦྱར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་དང་ལྡན་པ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་ཡོངས་སུ་བསྒོམ་པས་གཉིས་སུ་མེད་པའི་རྣམ་པ་དང་ལྡན་པའོ། །སྡོམ་པ་རྒྱ་མཚོ་མཁའ་འགྲོ་སྐྱེས། །ཞེས་བྱ་བ་ནི། དེ་ལྟར་ཏིང་ངེ་འཛིན་གཉིས་དམིགས་པ་དེའི་དབུས་ལས་འབྱུང་བ་
เล่ม ๒๐ · หน้า 283a
ཞེས་བྱ་བ་ནི་དེས་དེ་ལྟར་འདི་རྣམས་ཀྱི་སྒྲུབ་ཐབས་གསུངས་པ། ནམ་མཁའ་ལས་བྱུང་རྒྱུ་མཚན་ཅན། །བདུད་རྩི་སྐུ་ལ་ཕྱག་འཚལ་ལོ། །སྨན་རྣམས་རྒྱུན་དུ་ཡོད་པ་སྟེ། །དངོས་གྲུབ་ཡང་དག་རྒྱུན་དུ་བ། །མཁའ་འགྲོ་རྒྱ་མཚོའི་སྐུ་ཆེན་པོ། །སངས་རྒྱས་གཟུགས་ཀྱི་རྒྱུ་ཅན་
ཏེ། །བདེ་མཆོག་ལ་སོགས་པའི་མིང་ཅན། །དེ་དག་ལ་རྟག་བདག་ཕྱག་འཚལ། །ད་ནི་སྒྲུབ་ཐབས་ལ་འཇུག་པར་བྱའོ། །སྒྲུབ་ཐབས་ཞེས་བྱ་བ་ལ་སོགས་པས་སོ། །ནམ་མཁའ་དང་མཉམ་པའི་ནང་དུ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་དུ་ཇི་ལྟར་བཤད་པ་དེ་འདིར་ཡང་འཇུག་
པར་མཛད་པའོ། །འདིར་སྔོན་དུ་ལེའུ་བཅྭ་ལྔ་པར་བཤད་པའི་རིམ་པས་ཏིང་ངེ་འཛིན་དམིགས་ཏེ་ཁང་པ་བརྩེགས་པ་ལ་སོགས་པ་རྫོགས་པར་བྱས་ནས་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་ལ་དེའི་ལྟེ་བར་ཧཱུཾ་གི་ཡི་གེ་ཡེ་ཤེས་ཀྱི་ས་བོན་བསམས་ནས་དེས་ཀྱང་སངས་རྒྱས་ཀྱི་གཟུགས་
ཇི་ལྟར་གསལ་བ་སྟེ་རང་གི་བདག་ཉིད་ཕྱག་གཉིས་པ་ཞལ་གཅིག་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ལེགས་པར་བཞུགས་པ་དེའི་མདོག་ནི་དཀར་པོ་ལ་སོགས་པའི་གཟུགས་ཞི་བ་ལ་སོགས་པ་རང་གི་འདོད་པས་སོ། །དེའི་ཤར་གྱི་འདབ་མར་སྐུའི་རྒྱ་མཚོ་སྐུ་མདོག་དཀར་པོའོ། །བྱང་དུ་སེར་སྣ་
རྒྱ་མཚོ་སྐུ་མདོག་ལྗང་གུའོ། །ནུབ་ཏུ་འདོད་ཆགས་རྒྱ་མཚོ་སྐུ་མདོག་དམར་པོའོ། །ལྷོར་ཕྲག་དོག་རྒྱ་མཚོ་སྐུ་མདོག་སེར་པོ་སྟེ། ཕྱོགས་བཞིར་རྣམ་པར་བསྒོམས་ནས་འདིར་འཁྲུགས་པས་གྲྭ་བཞི་རྣམས་ཀྱི་པདྨའི་འདབ་མ་ལ་ཐོབ་པ་བཞི་སྟེ། རྒྱ་མཚོ་བཞིའི་གཟུགས་ཞེས་བྱ་བ་ནི་
བི་མུ་ཤུ་རའི་བདུད་རྩི་རྣམས་སོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི་བསམ་གཏན་གྱི་སྦྱོར་བས་དངོས་པོ་ཐམས་ཅད་ལུས་ཀྱི་ཁམས་རྣམས་ཀྱི་ནང་དུ་གྱུར་པར་བྱའོ། །འདི་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེའི་ཕྱི་རོལ་དུ་ཐུགས་ཀྱི་འཁོར་ལོ་གསུངས་པ། རྣལ་འབྱོར་པ་ཞེས་བྱ་བ་ལ་
སོགས་པ་སྟེ། དེའི་ཤར་གྱི་རྩིབས་ལ་རྡོ་རྗེ་རྒྱ་མཚོའོ། །བྱང་དུ་རིན་ཆེན་རྒྱ་མཚོའོ། །ནུབ་ཏུ་པདྨ་རྒྱ་མཚོའོ། །ལྷོར་སྣ་ཚོགས་རྒྱ་མཚོ་སྟེ་གཡོན་སྐོར་རོ། །སླར་ཡང་གྲྭ་བཞིར་གཡས་སྐོར་དུ་མེ་ལ་སོགས་པའི་གསུངས་པ་མེར་རྣལ་འབྱོར་རྒྱ་མཚོའོ། །བདེན་བྲལ་དུ་ཡེ་ཤེས་རྒྱ་
เล่ม ๒๐ · หน้า 283b
མཚོའོ། །དེ་ཁོ་ན་ཉིད་རྒྱ་མཚོ་རླུང་དུའོ། །དབང་ལྡན་དུ་ཐར་པ་རྒྱ་མཚོའོ། །དེ་ལྟར་གཟུགས་ལ་སོགས་པ་བརྒྱད་རིམ་པ་ཇི་ལྟར་ཤེས་པར་བྱ་སྟེ། །དེ་ཉིད་བཤད་པ་ཐུགས་ཀྱི་འཁོར་ལོའི་ཕྱི་རོལ་དུ་གསུང་གི་འཁོར་ལོ་རྩིབས་བརྒྱད་པའོ། །དེ་ལ་ཤར་གྱི་རྩིབས་སུ་གཟུགས་ཀྱི་རྒྱ་མཚོའོ། །བྱང་དུ་
སྒྲའི་རྒྱ་མཚོའོ། །ནུབ་ཏུ་དྲིའི་རྒྱ་མཚོའོ། །ལྷོར་རོའི་རྒྱ་མཚོའོ། །མེ་ལ་སོགས་པའི་གྲྭ་བཞི་གཡས་ཀྱི་རིམ་པ་ཇི་ལྟ་བ་བཞིན་རེག་བྱ་རྒྱ་མཚོ་དང་ཆོས་རྒྱ་མཚོ་དང་ཡིད་རྒྱ་མཚོ་དང་ཐུགས་རྒྱ་མཚོའོ། །སླར་ཡང་དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་རྩིབས་བརྒྱད་པ་དེའི་ཤར་གྱི་རྩིབས་ལ་ས་གཞི་
རྒྱ་མཚོའོ། །བྱང་དུ་ནམ་མཁའ་རྒྱ་མཚོའོ། །ནུབ་ཏུ་ལྕེ་རྒྱ་མཚོའོ། །ལྷོར་རྣ་བ་རྒྱ་མཚོའོ། །ནིའི་ཡི་གེས་ཡང་མེ་ལ་སོགས་པའི་གྲྭར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་རྒྱ་མཚོ་དང་། བཟང་པོ་རྒྱ་མཚོ་དང་། ཡེ་ཤེས་རྒྱ་མཚོ་དང་། ཤེས་བྱ་རྒྱ་མཚོ་རྣམས་སོ། །དེ་བཞིན་དུ་ཤར་
ལ་སོགས་པའི་སྒོ་རྣམས་སུ་གཡོན་སྐོར་གྱིས་གསུངས་པ་དེ་ལ་ཤར་གྱི་སྒོར་གླང་པོ་ཆེ་རྒྱ་མཚོ་དང་། བྱང་དུ་རྟ་རྒྱ་མཚོ་དང་། ནུབ་ཏུ་སེང་གེ་རྒྱ་མཚོ་དང་། ལྷོར་མ་ཧེ་རྒྱ་མཚོའོ། །སླར་ཡང་མེ་ལ་སོགས་པའི་གྲྭ་བཞི་རྣམས་སུ་སྒྱུ་མ་རྒྱ་མཚོ་དང་། བདེན་བྲལ་དུ་རྨི་ལམ་རྒྱ་མཚོ་
དང་། རླུང་དུ་གསལ་སྣང་རྒྱ་མཚོ་དང་། དབང་ལྡན་དུ་སྣང་བ་རྒྱ་མཚོའོ། །དེ་ལྟར་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་ཀྱི་ཁ་དོག་འཁོར་ལོ་གསུམ་ཇི་ལྟ་བ་ཞེས་བྱ་བ་སྟེ་གནག་པ་དང་དམར་བ་དང་དཀར་བའི་མདོག་ཅན་མ་ཐུགས་ཀྱི་འཁོར་ལོ་ལ་སོགས་པའོ། །ཡང་ན་
དེ་བཞིན་གཤེགས་པ་རྣམས་ཀྱི་ཁ་དོག་སྟེ། སྤྱན་མ་ལ་སོགས་པའམ་གཟུགས་རྡོ་རྗེ་མ་ལ་སོགས་པའི་འོ། །སྒོ་སྐྱོང་མ་རྣམས་སྐུ་རྒྱ་མཚོ་ལ་སོགས་པ་བཞིན་ནོ། །གྲྭ་ལ་གནས་མ་རྣམས་ཁ་དོག་གཉིས་གཉིས་མ་རྣམས་སོ། །དཀྱིལ་འཁོར་དེ་ཡིར་ཤིས་པར་བྱ་བ་ནི་སྔོན་དུ་
བཤད་པའི་མཚན་ཉིད་རྣམས་དང་ལྡན་པའོ། །སངས་རྒྱས་གཟུགས་ནི་ཞལ་ནས་ཞེས་བྱ་བ་ནི་སྙིང་ག་ནས་འོངས་ནས་ཁའི་སྒོ་ནས་ངེས་པར་འཐོན་པ་ཡེ་ཤེས་ཀྱི་བདག་ཉིད་ལས་སྐྱེས་པའོ། །པདྨའི་ཡུ་བ་ཞེས་བྱ་བ་ནི་འོད་ཀྱི་རང་བཞིན་ནོ། །དེའི་ཕྱིར་ཞི་བ་ལ་སོགས་པ་རྣམས་
เล่ม ๒๐ · หน้า 284a
ཀྱིས་དཀར་པོ་ལ་སོགས་པའོ། །འབར་བ་ཆེན་པོ་ཞེས་བྱ་བ་ནི་འོད་གསལ་བའི་རྣམ་པའོ། །འདབ་མ་སྟོང་ཕྲག་ཅན་མ་ཞེས་བྱ་བ་ནི་ལྟེ་བ་དང་གེ་སར་གྱི་བདག་ཉིད་ཅན་ནོ། །དེར་ཡེ་ཤེས་ཀྱི་རྣམ་པ་ལས་ཡང་རྡོ་རྗེའི་ར་བ་ལ་སོགས་པ་རྣམས་ཀྱིས་བསམ་པར་བྱའོ་
ཞེས་བྱ་བ་ནི་ངེས་པའོ། །དེའི་དབུས་སུ་ཞེས་བྱ་བ་ནི་པདྨའི་ལྟེ་བའི་དབུས་སུ་མཁའ་འགྲོ་རྒྱ་མཚོའི་འབར་བ་ཆེན་པོ་ཞེས་བྱ་བ་ནི་བདེ་མཆོག་དེ་ཉིད་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་སྡོམ་པ་ཉིད་པས་བདེ་མཆོག་མཁའ་འགྲོ་རྒྱ་མཚོའོ། །ཕྱག་
སྟོང་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །སྔགས་ཀྱི་ཡི་གེའི་མིང་དང་གཟུགས་རྣམས་གསུངས་པ། ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ་ཨཿ། ཧ་ཡ་ར་ལ་ཝ་ཞེས་བྱ་བ་ནི་ཐུང་ངུའོ། །ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཻ་ཨཽ་ཨཱཾ་ཨཱཿཧཱ་ཡཱ་རཱ་ལཱ་ཝཱ་ཞེས་བྱ་བ་ནི་རིང་པོའོ། །ཨ་ཕ་ཨི་ཙ་རི་ཊ། ཨུ་ཝ་ལྀ་ལ། ཨེ་ཨ་ཡ། རི་ཨ་
ར། ལྀ་ཨ་ལ། ཨ་ཀོ་བ་ཧ། ཤ་ཥཎྛ་ས་ཧ་ཞེས་བྱ་བ་ནི་ཡོན་ཏན་ནོ། །ཨཱཾ་ཨཱི་རཱྀཾ་ཨཻ་ལཱྀཾ་ཨཽ་ཨཾཿཨཿཨཱཿཨཱཾཿམཱཾཿཧཱཾཿཡཱཾཿརཱཾཿཝཱཾཿལཱཾཿཞེས་བྱ་བ་ནི་འཕར་མའོ། །ཀ་ཁ་ག་གྷ་ང་ཙ་ཚ་ཛ་ཛྷ་ཉ་ཊ་ཋ་ཌ་ཌྷ་ཎ་པ་ཕ་བ་བྷ་མ་ཏ་ཐ་ད་དྷ་ན། ཤ་ཥ་ས་ཧ་ཀྵ་ཡ་ར་ལ་ཝ་ཨ་ཤ་ཨ་ཥ་ཨ་ཐ་ཨ་ས་ཨ་ཧ་ཨ་ཀྵ་ཞེས་
བྱའོ། །དེ་ལྟར་ཀ་ཀཱ་ཀི་ཀཱི་ཞེས་བྱ་བ་ལ་སོགས་པས་ཡི་གེ་ཐམས་ཅད་དབྱངས་བཅུ་གཉིས་རྣམས་ཀྱིས་དགང་བར་བྱའོ། །སླར་ཡང་རིང་པོ་དང་འཕེལ་བ་ནི་རྐྐ་རྐྐཱ་རྐྐི་རྐྐཱི་ཞེས་བྱ་བ་ལ་སོགས་པས་སོ། །འཕར་མ་རྣམས་བཤད་པ། རྐྐཾཿརྐྐཱཾཿརྐྐིཿརྐྐཱིཿཞེས་བྱ་བ་ལ་སོགས་པས་ཀྱང་སྟེ། འོན་ཀྱང་འདི་
རྣམས་ཀྱིས་ཀའི་ཡི་གེ་ལ་སོགས་པ་ནས་མའི་ཡི་གེའི་བར་དུ་སྡེ་ཚན་ལྔ་རྣམས་ལ་ཐུང་ངུ་དང་རིང་པོ་དང་འཕར་མ་རྣམས་བྱའོ། །དེ་ལྟར་བདུན་ཅུ་རྩ་ལྔ་རྣམས་ཀྱིས་དགུ་བརྒྱ་རྣམས་སོ། །ཨའི་ཡི་གེ་ལ་སོགས་པ་ཐུང་ངུ་དང་རིང་པོ་དང་ཡོན་ཏན་དང་འཕར་བ་རྣམ་གཉིས་ཀྱང་འདི་རྣམས་ཀྱིས་ཀའི་
ཡི་གེ་ལ་སོགས་པའི་གསལ་བྱེད་རྣམས་ཀྱི་བརྒྱ་ཕྲག་གཅིག་སྟེ། དེ་ལྟར་སྟོང་ཕྲག་ཏུ་འགྱུར་བ་ནི་ངེས་པའོ། །དེ་རྣམས་ཀྱིས་ཀ་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའི་མིང་དུ་ཤེས་པར་བྱ་སྟེ། །ཁམས་ཀྱི་རྐྱེན་གྱི་ཡིད་ཀྱིས་ཞེས་བྱ་བ་ནི་ཡིད་ཀྱི་ཁམས་རྣམས་སྟོང་ཕྲག་གོ། །རགས་པའི་དུས་ཀྱིས་
เล่ม ๒๐ · หน้า 284b
དབྱེ་བས་ཕྲ་མོ་ཉིད་དུ་འགྱུར་བའོ། །ཕྲག་གཉིས་ཞེས་བྱ་བ་ནི་མཁའ་འགྲོ་རྒྱ་མཚོ་དང་སྡོམ་པ་རྒྱ་མཚོ་སྟེ་ཐམས་ཅད་ཀྱིས་གོ་བར་བྱའོ། །སངས་རྒྱས་ཐུགས་ཀ་ནས་ཞེས་བྱ་བ་ལ་སོགས་པས་སྤྲོ་ཞིང་སྡུད་པ་སྟེ་འོག་དང་སྟེང་གི་འཁོར་ལོ་གཉིས་སོ། །དེ་བཞིན་དུ་རྒྱུད་ཀྱི་རྣལ་འབྱོར་ལ་
དམིགས་པས་བདག་ཉིད་ཆེན་པོ་བརྗོད་པ་ཉེ་བར་བསྟན་ཏོ། །གཞུ་བྱེད་ཅེས་བྱ་བ་ལ་སོགས་པས་སྔོན་དུ་བཤད་པའི་མཆེ་བ་རྣམ་པར་གཙིགས་པའི་མིང་གི་ཡི་གེ་རྣམས་ཀྱིས་སྦྱོར་བ་བསྟན་པས་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བཤད་པའི་རིམ་པས་ཀུན་སྤྱོད་པ་ལ་སོགས་
པ་བསྒོམ་པར་བྱའོ། །དེ་བཞིན་དུ་མཆེ་བ་རྣམ་པར་གཙིགས་པའི་མཆེ་བ་གཉིས་ཀྱི་སྒྲུབ་ཐབས་གཉིས་སུ་ཨ་ཝ་དྷཱུ་ཏཱིའི་འོག་དང་སྟེང་དུ་སྙིང་ག་ལས་བསྟན་པའོ། །ཡང་དག་པའི་ཏིང་ངེ་འཛིན་རྡོ་རྗེའི་ཞེས་བྱ་བ་ནི་བཅོ་ལྔ་པར་རབ་ཏུ་བཤད་པས་སོ། །སླར་ཡང་དག་གོ་ཞེས་བྱ་བ་ལ་སོགས་
པས་རྡོ་རྗེ་ཕག་མོའི་དྲི་བའོ། །ལྷ་མོ་ཉོན་ཅིག་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ལན་ཏེ། རྣམ་ཤེས་ཐམས་ཅད་སྒྱུ་མ་དེ། །ཞེས་བྱ་བ་ནི་སྒྱུ་མའི་རང་བཞིན་རྣམས་སུ་འབྱུང་བས་སོ། །གཞན་ཐམས་ཅད་རྟོགས་པར་སླའོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་གསང་བའི་ལེའུ་
ལྔ་བཅུ་པར་གཞུ་འགེངས་པའི་རིམ་པས་མཆེ་བ་རྣམ་པར་གཙིགས་པའི་མིང་གི་ཡི་གེའི་སྦྱོར་བ་དང་དེ་བཞིན་དུ་ཨའི་ཡི་གེ་ལ་སོགས་པའི་ཡི་གེ་ཐམས་ཅད་ཀྵའི་ཡི་གེའི་མཐའ་རྣམས་ཀྱི་སྟོང་པ་ཉིད་ལས་ཀྱི་དབྱེ་བ་ལ་སོགས་པ་བསྒོམ་པ་དང་དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོ་ལ་སོགས་པའི་སྒྲུབ་
ཐབས་དང་དཀྱིལ་འཁོར་བསྒོམ་པ་སྣ་ཚོགས་པའི་མན་ངག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཞི་པའི་བཤད་པའོ།། །།དང་པོ་ལྷ་དགྲར་ཕྱག་བྱས་ནས། །བསྟན་བཅོས་ངེས་པར་བཤད་བྱ་སྟེ། །དབྱངས་དང་ར་སི་དེ་བཞིན་ཞག །ཕྱི་དང་ནང་གི་བདག་ཉིད་དུའོ། །ད་ནི་ལྷའི་དགྲའི་
བཤད་པ་གསུངས་པ། །དེ་ནས་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་པ་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་རིམ་པས་བྱ་བའོ། །གསུངས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཕག་མོས་འདྲི་བའོ། །སྡོམ་པ་འབྱུང་བ་ཞེས་བྱ་བ་ནི་སྦྱོར་བ་སྟེ། གཟའ་དང་རྒྱུ་སྐར་ལ་སོགས་པའི་འཆར་བའི་དུས་ཀྱི་
เล่ม ๒๐ · หน้า 285a
བདག་པོ་ཁྱབ་བདག་གསུངས་ཤིག་བདག་གི་ཐེ་ཚོམ་སོལ་ཅིག་པའོ། །ལྷ་མོ་ཉོན་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པའོ། །འདིར་ཐོག་མ་ཉིད་དུ་ལྷའི་དགྲའི་མིང་གི་ཡི་གེའི་སྒོ་ནས་རྣལ་འབྱོར་ལ་སོགས་པར་འཇུག་པ་གསུངས་ཏེ། བདེ་
བའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། སུའི་ཡི་གེའི་དོན་གྱིས་སོ། །རྩ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཤས་ཅན་ཞེས་བྱ་བ་ནི་ཡིད་བཟང་མ་དབུས་མ་བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཅན་མ་སྟེ། བྱང་ཆུབ་ཀྱི་རང་བཞིན་དེ་འབབ་པས་ནའོ། །དེ་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་དོ། །གང་དུ་སྡོམ་
པའི་སྒྲས་བཤད་པ་གསུངས་པ་འདོད་ཆགས་འདོད་ཆགས་མེད་ཅེས་བྱ་བ་ལ་སོགས་པ་སྟེ་རཱའི་ཡི་གེའི་དོན་ཏོ། །དེ་ལྟར་འདོད་ཆགས་ནི་མཆོག་ཏུ་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀུན་ནས་སྐྱེ་འགྲོའི་དོན་བྱེད་པ་པོའོ། །འདོད་ཆགས་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་
རྣམ་པ་ཆོས་ཀྱི་དབྱིངས་ཀྱི་ནང་དུ་སོན་པས་རྣམ་པར་ཤེས་པའི་ཆོས་ཉིད་བརྗོད་དུ་མེད་པ་དང་འདྲེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་བོ། །དེའི་ཕྱིར་ན་སྡོམ་པ་སྟེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྐྱེ་འགྲོའི་གཟུགས་ཅན་དང་དེའི་རང་བཞིན་ཞེས་བྱ་བར་དགོངས་སོ། །
དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྐྱེ་འགྲོའི་གཟུགས་ཀྱིས་ཏེ་ཆོས་ཐམས་ཅད་ཀྱི་སྡོམ་པའོ། །སྔོན་གྱི་སྤྱོད་པས་ཞེས་བྱ་བ་ནི་བཤད་པའི་སྣ་ཚོགས་པའི་སྦྱོར་བ་རྣམས་སུའོ། །དེ་ལྟར་བསྡམས་པས་གང་དུ་འགྲོ་བ་གསུངས་པ། ནམ་མཁར་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། བཻ་ཡི་གེའི་དོན་ཏོ། །
ནམ་མཁར་འགྲོ་ཞེས་བྱ་བ་ན་ནམ་མཁའ་ལ་འགྲོ་ཞིང་སྡོད་པ་སྟེ་སྐུ་གསུམ་རྣམས་ཡང་དག་པར་བཞུགས་པའོ། །གནས་དེར་གནས་པས་ཆོས་ཞེས་བྱ་བ་ལ་སོགས་པས་དེའི་རང་བཞིན་དུ་སྟེ་དེ་དེ་བཞིན་དུ་བཤད་དོ། །དེར་དེ་ལྟར་འགྲོ་བར་གྱུར་པ་ཞེས་བྱ་བ་ལ་སོགས་པས་རྀའི་ཡི་
གེའི་དོན་གྱིས་དེ་འགྲོ་བས་ན་འགྲོ་བ་སྟེ་དེའི་ཆོས་རྣམས་ཀྱི་གང་གི་ཚེ་སེམས་རྫུ་འཕྲུལ་གྱི་གཟུགས་ཀྱི་དབུས་སུ་རང་ཉིད་ཀྱིས་ཐིམ་པ་སྟེ་འདིས་ལྷན་ཅིག་སྐྱེས་ཞེས་བྱ་བ་དང་བྱང་ཆུབ་དང་ལྡན་པའི་བར་དུ་དོན་གསལ་བའོ། །དེའི་ཡང་ནའི་ཡི་གེའི་དོན་གྱིས་གསལ་བར་གསུངས་པ།
เล่ม ๒๐ · หน้า 285b
ཏིང་ངེ་འཛིན་མིན་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་གསུམ་གང་གི་ཐིམ་པ་ཞེས་བྱ་བ་ནི་དཔེའི་མིང་ལྷན་ཅིག་སྐྱེས་པ་དེ་ཐོབ་པས་ན་དེའི་ཏིང་ངེ་འཛིན་གྱི་སྐད་ཅིག་སྟེ་དུས་མི་ཤེས་པས་དབྱེ་བ་མེད་པའོ། །དེ་ལྟར་ཡིན་ཡང་དེ་ཉིད་དུས་ཏེ་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཁོར་བར་བསོད་ནམས་དང་
ཡེ་ཤེས་ཀྱི་ཚོགས་དག་གིས་འབྱུང་བའི་མཚན་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་སྐྱེ་བ་དང་ཐིམ་པའི་དབྱེ་བས་སྡོམ་པ་འདོད་པའི་དོན་ཐམས་ཅད་སྟེར་བ་པོ་སྟེ། ལུས་ཅན་གཞན་རྣམས་ཀྱི་མིན་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བར་དགོངས་སོ། །དེ་ཡང་དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་
དུ་བཤད་དོ། །སླར་ཡང་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་ཕྱི་རོལ་དུ་བསྡམས་པས་ནང་གི་བདག་ཉིད་རྣམས་སུ་སྡོམ་པ་འབྱུང་བ་དབྱངས་དང་ཞག་ལ་སོགས་པ་བསྟན་པར་བཞེད་ནས་གསུངས་པ། ནང་བདག་ཉིད་དུ་དབྱངས་ཞེས་བྱ་བ་ལ་སོགས་པས་དེ་དངོས་པོ་མ་ལུས་པ་བསྡམས་པས་བདེ་
བ་ཆེན་པོ་རྣམས་སུ་དེ་འཆར་བ་ནི་སླར་ཡང་སྡོམ་པ་འཆར་བའོ། །དེས་ཞེས་བྱ་བ་ནི་དེའི་ཕྱིར་རབ་ཏུ་མ་ཆད་པའོ། །ཅི་དེའི་མདོར་བསྟན་དུ་གསུངས་པ། མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དབྱངས་དང་གསལ་བྱེད་ཐམས་ཅད་ཕན་ཚུན་ཕྱི་མོ་ལ་སོགས་པ་དང་ལྡན་པ་རྣམས་ཀྱིས་སོ། །ཅི་
སྟེ་ཨཱ་ལི་ཀཱ་ལི་ལ་སོགས་པ་སྡེ་ཚན་ཞེས་བྱ་བ་ནི་སྡེ་ཚན་བརྒྱད་ཀྱིས་སོ། །སོགས་པའི་སྒྲས་ང་ཉ་ཎ་ན་མ་ལ་སོགས་པ་ལུགས་ལས་བཟློག་པས་སོ། །འདིས་སེམས་ཅན་ཐམས་ཅད་ཀྱི་མིང་གི་ཡི་གེ་དང་པོ་རྣམས་དེས་གསུངས་པ། ཉི་མ་ཞེས་བྱ་བ་ལ་སོགས་པ་སྟེ་ཡི་གེ་ཞེས་བྱ་བ་ནི་
ཡོངས་སུ་སྦྱོར་བའི་ཡི་གེ་རྣམས་ཉིས་འགྱུར་རོ། །ཆ་ཤས་ཞེས་བྱ་བ་ནི་དབྱངས་དང་ཕྱི་མོ་སྟེ་དེ་རྣམས་ཀྱི་གང་ན་གང་གི་ལྷ་སྦྱིན་ལ་སོགས་པའི་མིང་གི་ཡི་གེས་རབ་ཏུ་བཤད་པ་རྣམས་དེ་ཉིད་དེ་དང་དེའི་རིགས་ཏེ་རྒྱུ་སྐར་ལ་སོགས་པར་ཤེས་པར་བྱའོ། །ཨང་ཀ་ཡང་སེམས་ཅན་ཡང་དག་
ལྡན། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མཚན་མ་སྟེ། མཚན་ཉིད་དུ་ཡང་ཤེས་པར་བྱའོ། །དེ་ལྟར་མཐའ་ཡས་ཞེས་བྱ་བ་ལ་སོགས་པས་མདོར་བྱས་ནས་གསུངས་པ་དེ་ཡང་དགུ་པོ་དགུ་སྟེ། འདིར་ཨའི་ཡི་གེ་དང་ཀླུ་མཐའ་ཡས་དང་ཉི་མ་དང་མཁའ་འགྲོ་མ་དང་ཚངས་
เล่ม ๒๐ · หน้า 286a
པ་མོ་དང་ཚེས་གཅིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་དང་སྙིང་སྟོབས་ཀྱི་ཡོན་ཏན་རྣམས་སོ། །དེ་བཞིན་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་སོ། །ནོར་རྒྱས་འཇོག་པོ་དེ་བཞིན་དུ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །པདྨ་པདྨ་ཆེན་པོ་དང་། །ཧུ་ལུ་ཧུ་ལུ་རྒྱལ་
དེ་བཞིན། །ཟླ་བ་མིག་དམར་གཟའ་ལྷག་དང་། །ཕུར་བུ་པ་སངས་སྤེན་པ་དང་། །རཱ་ཧུ་དེ་བཞིན་འདིར་བརྗོད་དོ། །ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །གཤིན་རྗེ་མ་དང་རྨོངས་བྱེད་མ། །བསྐྱོད་མ་སྐྲག་མ་གཏུམ་མོའོ། །དབང་ཕྱུག་མ་དང་གཞོན་ནུ་མ། །ཁྱབ་འཇུག་ཕག་མོ་དབང་མོ་
དང་། །གཏུམ་མོ་དེ་བཞིན་དཔལ་ཆེན་མོ། །འཇིགས་བྱེད་མ་སྟེ་དགུ་དྲན་བྱ། །གཉིས་པ་གསུམ་པ་བཞི་པ་དང་། །ལྔ་པ་དྲུག་པ་དེ་བཞིན་ཏེ། །བདུན་པ་བརྒྱད་པ་དེ་བཞིན་པའི། །ཚེས་རྣམས་འདིར་ནི་སྦྱར་བར་བྱ། །སྒྲ་དང་དྲི་དང་རོ་དང་རེག །ཆོས་ཡིད་བློ་དང་ང་རྒྱལ་ལོ། །རྣ་
བ་སྣ་དང་ལྕེ་དང་ལུས། །ཡིད་དང་ཉོན་མོངས་ཅན་དེ་བཞིན། །ཀུན་གཞི་ཡེ་ཤེས་རྣམ་ཤེས་ཏེ། །རྣམ་པ་དགུ་རུ་ཡོངས་སུ་གྲགས། །ཞི་དང་བདེ་དང་དགའ་བ་དང་། །བསམ་གཏན་སྦྱིན་པ་ཁྲོ་མེད་དང་། །འཚེ་མེད་དང་ནི་མཆོག་དང་དབུགས། །ཡོན་ཏན་རྣམ་པ་དགུ་རུ་གྲགས། །དེ་
ལ་སོགས་པ་འཆར་བ་སྟེ། །བསྐྱེད་པ་ལ་སོགས་དེ་བཞིན་ནོ། །བསམ་མེད་སྦྱོར་བར་ཤེས་བྱ་སྟེ། །རྣལ་འབྱོར་རྣམས་ཀྱི་ངག་མེད་བྱ། །ཞེས་སོ། །དེའི་ཕྱིར་དེ་ཉིད་རྣལ་འབྱོར་པ་དེའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ནི་མ་དང་ཕ་བཞིན་རྣལ་འབྱོར་ཐམས་ཅད་ཀྱི་སྟེ་འདིས་མར་དེ་
བཞིན་དུ་བཤད་དོ། །འོན་ཀྱང་། དེས་མར་ཡང་དག་བརྟེན། །ཞེས་བྱ་བ་ནི་ཨའི་ཡི་གེ་ལ་སོགས་པའི་སྡེ་ཚན་བརྒྱད་རྣམས་སོ། །དེ་ལྟར་ཅིའི་རྒྱུར་འཆར་ཞེ་ན། དེའི་ཕྱིར་གསུངས་པ། སྲོག་ཅེས་བྱ་བ་ལ་སོགས་པ་སྟེ། འདིར་སྣའི་བུ་གར་སོན་པ་རྣམས་སུ་ཀུན་དུ་སྤྱོད་པ་
བལྟས་པས་སྲོག་གི་རྒྱུ་བ་རྣམས་སུ་འཆར་བ་ཤེས་པར་བྱ་སྟེ། ཕྱི་མའི་ཡི་གེ་ཐམས་ཅད་ཀྱིའོ། །ཐོག་མ་ཉིད་དུ་རྩ་དགུ་རྣམས་སུ་འགོག་པར་བྱའོ། །དེ་ཡང་སེང་གེའི་ཕྱག་རྒྱའི་ཚུལ་གྱི་བར་དུའོ། །དགུ་པོ་དགུའི་ཡི་གེ་རྣམས་གསུངས་པ། ཨ་ཨཱ་ཞེས་བྱ་བ་ལ་སོགས་པ་སྟེ་
เล่ม ๒๐ · หน้า 286b
དགུ་ལྔ་བཞི་བཅུ་རྩ་ལྔའི་བར་དུའོ། །དེ་རྣམས་ཀྱིས་ཀྱང་ཨ་ཨི་ཨུ་ཨེ་ཨོ་རིམ་པ་ཇི་ལྟ་བར་འགྱུར་ཏེ། གཡོན་པ་དང་གཡས་རྣམས་སུ་བཞི་བཞི་བརྒྱད་རྣམས་ཀྱི་དཀྱིལ་འཁོར་རོ། །ཐམས་ཅད་དུ་གཉིས་ཀ་ལྔས་ལྷག་པ་དེ་བཞིན་ནོ། །ཉི་མ་ཅན་དེ་བཞིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཐམས་ཅད་
རེ་རེ་ལ་ཡང་ཆུ་སྲང་གི་དབུགས་ཀྱི་དབུས་སུ་འགྱུར་རོ། །དེས་དེ་ལྟར་ཞེས་བྱ་བ་ལ་སོགས་པས་གཡོན་པ་དང་གཡས་པར་འབྱིན་པ་དང་སྡུད་པ་རྣམས་སུ་འཕོ་བ་རྣམས་ཀྱི་རྐང་པ་གསུངས་སོ། །དེའི་ཕྱིར་དེ་རྣམས་ཀྱི་ཡང་། །བཅུ་གཉིས་དེ་རྣམས་སྒྱུ་མ་ཆེ། །ཞེས་བྱ་བ་སྟེ། འཕོ་བ་
བཅུ་གཉིས་སྒྱུ་མ་ཆེན་མོ་ནི་བདེ་བ་སྟེ་རྡོ་རྗེ་ཕག་མོའོ། །འཚོ་བའི་གཟུགས་ཀྱི་ཆ་ཤས་ཞེས་བྱ་བ་ནི་བྱིན་གྱིས་རློབ་པ་པོ་དབྱངས་བཅུ་གཉིས་རྣམས་ཀྱིས་སོ། །རཱ་སི་ཞེས་བྱ་བ་ལ་སོགས་པས་ཆུ་སྲིན་ལ་སོགས་པ་བཅུ་གཉིས་སོ། །རྒྱུ་སྐར་ཐམས་ཅད་ཅེས་བྱ་བ་ནི་རེ་རེའི་རྐང་པ་ལ་
སོགས་པས་གཉིས་རྣམས་བཅུ་གཉིས་རྣམས་ཀྱིས་ཉི་ཤུ་རྩ་བདུན་ནོ། །དེ་རྣམས་དང་ལྡན་པར་འཆར་རོ། །ཟླ་བ་དང་ཉི་མའི་ཆ་ཤས་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་དང་རྡུལ་དང་བྱང་ཆུབ་ཀྱི་སེམས་ཁ་འོག་དང་སྟེང་དུ་བལྟས་པ་སྟེ་འདིར་འོག་མཚན་མོ་ལ་སྟེང་ཉིན་མོའོ། །འདིས་
དུས་ཀྱི་དབྱེ་བ་དང་གནས་ཀྱི་དབྱེ་བ་དང་བསྟན་པར་བཞེད་པ་བརྟན་པ་དང་གཡོ་བ་གཉིས་ཞེས་བྱ་བ་ནི་རྒྱུ་སྐར་རྣམས་ནི་བརྟན་པའོ། །རཱ་སི་ནི་གཡོ་བའོ། །དེ་ནི་གཡོན་པ་དང་གཡས་པའི་དབྱེ་བ་བཅུ་གཉིས་ཀྱི་བར་དུ་གཉིས་གཉིས་སོ། །དེའི་ཕྱིར་སྲོག་ཅེས་བྱ་བ་ནི་བུམ་པ་དང་ལུག་
དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་སྟེ། །གཡོན་པར་ཡང་བ་དང་རྒྱལ་བར་བྱེད་པ་སྟེ་རབ་ཏུ་འབབ་པའོ། །འོན་ཀྱང་ལུས་ཀྱི་སྟེང་རྩ་བ་ལ་འོག་ཡལ་ག་སྟེ་གང་ཡལ་ག་ལས་སྟེང་དུ་འཛིན་པར་བྱེད་པས་སོ། །དེ་ལྟར་ཆུ་སྲིན་དང་ཉ་དང་ཁྱུ་མཆོག་དང་ཀརྐ་ཊ་དང་བུ་མོ་
དང་སྡིག་པ་རྣམས་ཏེ་གཡས་པར་ཟུང་རིང་པོ་དང་མ་རྒྱལ་བ་འོག་ཏུ་འབབ་པའི་རྩ་བར་རོ། །ཉི་མ་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དེ་བཞིན་དུ་ཟླ་བའི་འཕོ་བ་བརྒྱད་ཅུས་ལྷག་པའི་བརྒྱ་ཉི་མའི་རྐང་པ་རྒྱུ་བའི་དབྱེ་བ་ལ་སོགས་པས་སོ། །རྒྱ་ཆེ་བར་སྐར་
เล่ม ๒๐ · หน้า 287a
རྩིས་ཀྱི་བསྟན་བཅོས་རྣམས་སུ་སྐར་མ་ལ་སོགས་པས་ཤེས་པར་བྱ་སྟེ་ཐམས་ཅད་ཉི་མའི་དཀྱིལ་འཁོར་དུ་ནུབ་པར་གྱུར་པའོ། །སླར་ཡང་དེར་གནས་ནས་འཆར་རོ། །རཱ་སི་རྒྱུ་བ་རྣམས་གསུམ་གང་གི་ཕྱིར་ཞེས་བྱ་བ་ནི་ནང་གི་བདག་ཉིད་དུ་རྡུལ་དང་ཁུ་བ་དག་གོ། །ཕྱི་རོལ་དུ་
འཕོ་བ་དང་། དུས་སྦྱོར་གྱི་དབྱེ་བ་རྣམས་སུའོ། །དེ་ལྟར་གཉིས་ཀྱི་སྲོག་འཆར་བ་དང་ཡང་དག་པར་ལྡན་པའོ། །ཕྱི་དང་ནང་གི་བདག་ཉིད་ཀྱི་རླུང་དབུགས་སྦྱོར་བའི་བགྲང་བའི་རིམ་པས་ཤེས་པར་བྱ་སྟེ་དེ་དེ་བཞིན་དུ་བཤད་དོ། །རཱ་སི་རྣམས་ནི་འཆར་བའི་ཆ་བྱེད་པ་གསུངས་པ། ཀརྐ་
ཊ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལྟར་རཱ་སི་བཞི་རྣམས་ཆ་ཤས་དྲུག་དང་ཡོངས་སུ་ལྡན་པའོ། །སྔོན་དུ་བཤད་པའི་ཨའི་ཡི་གེ་ལ་སོགས་པས་སོ། །འདིའི་རེ་རེའི་དུས་རྣམས་རྟོགས་པར་གཟུང་བ་རྣམས་ཀྱིས་སོ། །རང་རང་གི་ཞིང་མ་རྣམས་ཀྱིས་ཀྱང་རབ་ཏུ་རྟོགས་ནས་འཆར་ཏེ་རཱ་སི་
དེ་རྣམས་ཀྱིས་སོ། །དེ་བཞིན་དུ་སྡིག་པའི་རྟས་དེ་བཞིན་ཞེས་བྱ་བ་ནི་སེང་གེ་དེ་ལ་ཞོན་པས་ཉི་མའི་རྟས་སོ། །དེའི་རཱ་སི་ཀརྐ་ཊའོ། །རི་དགས་ཀྱིས་རི་དགས་ཞོན་པ་སྟེ་ཆུ་སྲིན་དེ་རཱ་སིའོ། །སྲང་དང་བུམ་པ་ཡང་དག་ལྡན། །ཞེས་བྱ་བ་ནི་ཉ་ལྔ་པ་ཞེས་བྱའོ། །བཤད་པའི་ཆ་ཤས་
ཀྱི་ཚད་ཀྱིས་སོ། །ལྷག་མ་ཞེས་བྱ་བ་ནི་འཁྲིག་པའོ། །སྐན་ད་ར་ཞེས་བྱ་བ་ནི་ཁྱུ་མཆོག་གོ། །འདི་རྣམས་ཀྱི་བགྲོད་པ་ཞེས་བྱ་བ་ནི་གཞུས་མདའ་བསྐྱོད་པས་ན་དེའི་ཕྱིར་གཞུའོ། །ཆ་བཞི་ཞེས་བྱ་བ་ནི་བཤད་པའི་སྟེ། དེ་ལྟར་བཅོ་ལྔ་དང་བཅུ་དྲུག་པའི་དོན་གྱི་བྱ་བ་མེད་དེ་ཞག་འཆར་
བ་ཞེས་བྱ་བ་ལ་སོགས་པ་འབྲས་བུའི་མིང་དང་ལྡན་པའོ། །ནག་པོ་ལ་སོགས་པ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཇི་ལྟར་ཞི་བ་དང་དྲག་པོ་རྣམས་ཀྱི་མིང་ཉེ་བར་སྤྱོད་པའོ། །དེ་བཞིན་དུ་འབྲས་བུ་ཞེས་བྱ་བ་ནི་སྒྲུབ་པོ་རྣམས་ལ་འབྱུང་ངོ་། །དེ་ལྟར་ཞག་གསུངས་པ་ནག་མོ་དང་གཙིགས་མ་དང་
འཇིགས་བྱེད་མ་དང་དགའ་ལས་འདས་མ་དང་ལོག་འདྲེན་མ་དང་ཙཱ་མུཎྜི་དང་དྲག་པོའི་གཟུགས་ཅན་མ་དང་ལྷ་མོ་ཨུ་མ་དང་། རྒྱལ་མ་དང་རྣམ་པར་རྒྱལ་མ་དང་མི་ཐུབ་མ་དང་གཞན་གྱིས་མི་ཐུབ་མ་དང་བཟང་མོ་དང་ནག་མོ་དང་ནག་མོ་ཆེན་མོ་དང་ནག་སྦོམ་མ་དང་དབང་པོ་མ་དང་ཟླ་བ་མོ་དང་
เล่ม ๒๐ · หน้า 287b
སྡང་བ་མོ་དང་འཕྱང་བ་མོ་དང་སུམ་ཅུའི་དབང་ཕྱུག་མ་དང་ཟངས་གླིང་མ་དང་གླིང་མ་དང་འཇིབ་མའོ། །དེ་རྣམས་ཀྱི་དབུས་དང་བར་དུ་དྲག་པོ་བཅུའོ། །དེ་ཉིད་གསུངས་པ། ཇི་ལྟར་དཔལ་རྡོ་རྗེ་མཁའ་འགྲོར་ནག་མོ་དེ་བཞིན་འཇིགས་བྱེད་དང་། །དྲག་གཟུགས་མ་ལྷ་མོ་ཨུ་མ། །རྩེ་མོ་ནག་
མོ་གཞན་མི་ཐུབ། །དེ་བཞིན་དྲག་མོ་སུམ་ཅུའི་དབང་། །ཟངས་གླིང་མ་འཇིབ་མ་དེ་བཞིན། །དེ་ལྟར་ཀུན་ལ་དགེ་བ་ཡི། །ལས་རྣམས་ལ་ནི་སྤང་བར་བྱའོ། །ལྷག་མའི་ཞག་ལ་ཞི་བ་སོགས། །སྦྱར་བ་རུ་ནི་བྱ་བའོ། །ཞེས་སོ། །ཉིས་འགྱུར་ཟ་བ་བྲིས་པ་ཞེས་བྱ་བ་ནི་འདིར་ཟ་བ་ནི་
ཨངྐ་ཉི་ཤུ་རྩ་བཞིའོ། །དེ་ཉིས་འགྱུར་ནི་བཞི་བཅུ་རྩ་བརྒྱད་བྲིས་པས་སྲང་ཉི་ཤུ་རྩ་བཞི་རྣམས་སོ། །དེ་ལྟར་ཐམས་ཅད་གཅིག་ཏུ་བྱས་པས་བདུན་ཅུ་རྩ་གཉིས་སོ། །དེ་རྣམས་སུ་དབང་པོ་རྣམས་ཀྱིས་ཆ་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་ཆ་ལྔ་རྣམས་སུ་བྱའོ། །དེ་ལྟར་རྙེད་པ་
ཞག་བཅུ་བཞི་རྣམས་ཏེ། དེའི་ལྷག་མའི་ཞག་བདག་གི་ཞེས་བྱ་བ་ནི་བདག་དང་འདྲ་བས་དགའ་བའོ། །བདག་ཅེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླའོ། །ད་ནི་ལྷའི་དགྲའི་བདག་པོས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གསུངས་པ། ལྷ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ།
དེ་ལྟར་སྟོབས་ཀྱི་དབང་གིས་ལྷའི་དགྲ་སྟེ། འོན་ཀྱང་འཁོར་ལོ་སྡོམ་པ་བཞིན། །ཞེས་བྱ་བ་དེས་ལྷ་དང་ལྷ་མིན་ལ་སོགས་པས་དེ་བཞིན་དུ་བཤད་དོ། །གཞན་གོ་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པར་ལྷའི་དགྲའི་ཡི་གེའི་རབ་ཏུ་སྦྱོར་བ་དང་དེ་བཞིན་དུ་བདེ་མཆོག་འབྱུང་བ་དང་གཟའ་
དང་རྒྱུ་སྐར་འཆར་བ་དང་ཞག་འབྱུང་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཆོ་གའི་མཚན་ཉིད་ཅེས་བྱ་བ་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་ལྔ་པའི་བཤད་པའོ།། །།གསང་བའི་དེ་ཉིད་རང་བཞིན་ཅན། །ཐོག་མར་བདུད་རྩི་མགོན་བཏུད་ནས། །སུ་ར་ལ་སོགས་ཡོངས་
སྦྱོར་བས། །བསྒོམ་པར་གྱུར་པས་ཉམས་པར་འགྲོ། །ད་ནི་དཔའ་བོ་འོད་དཔག་ཏུ་མེད་པའི་རབ་ཏུ་བྱེད་པའི་དྲུག་པའི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མའི་ཚོགས་ཐམས་ཅད་འདུས་ནས་འདྲི་བའོ། །བཅོམ་ལྡན་
เล่ม ๒๐ · หน้า 288a
འདས་རང་གི་ཐུགས་དགོངས་མཛད་པའོ། །ལྷ་ཞེས་བྱ་བ་ལ་སོགས་པ་སྟེ། །གལ་ཏེ་སྟོན་པ་ཀུན་རང་བཞིན། །ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ལ་སོགས་པས་གཅིག་གི་རྣམ་པའི་གཟུགས་ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་དེའི་ཚེ་བཅོམ་ལྡན་འདས་
ཀྱིས་གཟའ་དང་རཱ་སིའི་དགེ་བ་དང་མི་དགེ་བའི་ལས་གསུངས་པ་དེ་ཇི་ལྟར་ཞེས་དྲིས་པ་སྟེ་དེ་ཡང་རྣལ་འབྱོར་མ་རྣམས་ཀྱི་བསམ་པ་དང་འདི་རྣམས་ཐམས་ཅད་འགལ་བར་འགྱུར་རོ། །དེའི་དོན་དུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དྲིས་པའོ། །སྟེར་བ་པོ་ཞེས་བྱ་བ་ནི་སྡུག་
བསྔལ་ལ་སོགས་པའོ། །དེ་རྣམས་ཀྱི་ཉོན་ཞེས་བྱ་བ་ལ་སོགས་པས་ལན་གསུངས་པ། ལས་ཀྱི་རྗེས་འབྲང་པས་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་རང་རང་གི་དགེ་བ་དང་མི་དགེ་བའི་དབང་གིས་སོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་རང་གི་ལས་དེ་ལྟར་ལྷ་དང་སྦྱིན་བྱེད་དེ་བཞིན་
དུ་ན་ཐམས་ཅད་མེད་པའོ་ཞེས་བྱ་བར་དགོངས་སོ། །འོན་ཀྱང་རང་གི་རང་བཞིན་གྱིས་བདག་གི་ཞེས་བྱ་བ་ནི་བདག་ཤཱཀྱ་ཐུབ་པ་ལ་སོགས་པ་རྣམས་མེད་དོ་ཞེ་ན། དེའི་ཚེ་འགལ་བས་འདིའི་ཕྱིར་ཐམས་ཅད་ཆད་པ་ཉིད་དུ་འགྱུར་རོ། །དེ་ཉིད་གསུངས་པ་ཞུ་བ་ཆེན་པོས་བྱང་ཆུབ་ཡོད་
ཅེས་བྱ་བ་དེ་སྙིང་རྗེ་ཆེན་པོ་ཞུ་བའི་སེམས་ཀྱིས་རང་གིས་ཡང་དག་པར་རིག་པའི་མཆོག་ཏུ་ཟག་པ་མེད་པས་སོ། །བྱང་ཆུབ་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེའི་དོན་རྣམ་པར་འབྱུང་བ་སྟེ། རང་གི་རང་བཞིན་ཡོན་ཏན་དེ་བཞིན་ཞེས་བྱ་བ་ནི་ལས་སུ་སྨྲ་བར་རབ་ཏུ་གྲགས་ཏེ།
བདག་ཀྱང་ལས་ལས་བྱུང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཚིག་གིས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །དེ་ལྟར་ལས་དང་འབྲས་བུ་རྣམས་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་འདྲི་བ་སྟེ་ཀླུ་འདིས་མཉེས་པར་བྱེད་དོ། །
གླུ་དེ་ཉིད་གསུངས་པ་ཨ་མི་ཏཱ་བྷ་ཞེས་བྱ་བ་ལ་སོགས་པ་སྟེ། ཨ་མི་ཏཱ་བྷ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་སྐྱེས་པ་ནི་བདེ་བའོ། །དེ་ཉིད་དབུ་མ་ཨ་ཝ་དྷཱུ་ཏཱིའི་མཚན་ཉིད་དྲུད་པ་སྟེ་དེ་ཉིད་ཤེས་རབ་སྟེ་ལུང་གི་ཐབས་ཀྱིས་བཟུང་བར་གྱུར་པས་སྟེར་བར་བྱེད་དེ་རྣམ་པ་གསུམ་ནི་སྐུ་དང་
เล่ม ๒๐ · หน้า 288b
གསུང་དང་ཐུགས་ཀྱི་དངོས་གྲུབ་བོ། །མ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །པཱ་པཱ་ནི་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །རཱ་སི་ནི་འབོད་པར་བྱེད་དེ་བཅོམ་ལྡན་འདས་ཞེས་བྱའོ། །མཱ་སཱ་མཱ་སཱ་ནི་རྣལ་འབྱོར་མ་རྣམས་ཀྱིས་སོ། །རཱི་ག་མཱ་སཱ་མཱ་སཱ་ནི་བྱང་ཆུབ་ཆེན་པོའི་རང་བཞིན་དང་ཕྲད་པས་
བསམས་པ་དེ་བདག་གི་སྦྱིན་པར་བྱའོ། །རྣ་ཡཱ་རཱི་ཀི་ནི་བདུད་ཐམས་ཅད་མི་འབྱུང་བ་སྟེ་མི་བསྐྱོད་པའོ། །དེའི་ཏིང་ངེ་འཛིན་བདག་ལ་སྩོལ་ཅིག་ས་རི་རེ་ལུས་ཅན་རྣམས་ལ་སྟེ་སཱ་རཱི་རཱི་ནི་ཏིང་ངེ་འཛིན་ཉམས་སུ་མྱོང་བའོ། །ནི་སཱ་ཞེས་བྱ་བ་ནི་ཉིད་དམན་པའི་སྐྱོན་སོན་པ་སྟེ་དེའི་ཕྱིར་དབུ་མར་
རབ་ཏུ་ཞུགས་པས་ཨ་དྷ་མ་དེ་ཉིད་སྐྱོན་མེད་པས་ཏེ་བོད་པའོ། །ཐོས་པ་དང་བསམ་པའི་མཉམ་པ་འདི་རྣམས་ཀྱིས་སྒྲུབ་པ་ཆེན་པོ་རྣམས་ཕྱག་རྒྱའི་ཤི་རིའི་དཔྲལ་བའི་གནས་སུ་འོངས་ནས་དེ་ཉིད་བྷ་གའི་དབུས་ཆོས་ཀྱི་དབྱིངས་ཀྱི་སྐུ་འདི་རྣམ་པར་རྟོག་པ་དེ་དང་བྲལ་བ་གང་གི་ཚེ་སྡིག་
པ་འཇོམས་པ་སྟེ་དེའི་ཚེ་སྡིག་པ་མེད་པའི་གཟུགས་བྱང་ཆུབ་ཆེན་པོའི་ལམ་དུ་ལྷུང་བ་སྟེ་བདག་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་པས་བཅོམ་ལྡན་འདས་དགྱེས་ནས་ཡང་དྲིས་པའི་ལན་གསུངས་པ་འདིས་ནི་གྲོལ་བའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ཏོ། །དེ་ཉིད་
གསུངས་པ་འོད་དཔག་མེད་ཅེས་བྱ་བ་ལ་སོགས་པ་སྟེ་མིང་གི་ཡི་གེའི་རབ་ཏུ་སྦྱོར་བས་ཞེས་བྱ་བའོ། །དེ་ལ་ཐོག་མ་ཉིད་དུ་ཨ་བ་ཞེས་བྱ་བ་ལ་སོགས་པས་ཨའི་ཡི་གེའི་དོན་གྱིས་ཏེ། རྣམ་པར་ཤེས་པ་མཚོན་པར་བྱ་བ་སྟེ་རྟོགས་པའི་བློས་སོ། །ཨ་ཝ་དྷཱུ་ཏཱིའི་དབུས་སུ་འགྲོ་བ་ནི་
ཤིན་ཏུ་ཕྲ་བས་བྱ་བའོ། །དེ་ལྟར་མིའི་ཡི་གེའི་དོན་གྱིས་འདྲེས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་ཀན་ཞེས་བྱ་བ་ལ་སོགས་པས་ཏའི་ཡི་གེའི་དོན་ཏོ། །འགེངས་ཞེས་བྱ་བ་ལ་སོགས་པས་བྷའི་ཡི་གེའོ། །དེ་ཐམས་ཅད་གོ་སླའོ། །དེ་ལྟར་དེའི་ས་བོན་གྱི་
གཟུགས་དང་ལྡན་པས་ཁམས་ཐམས་ཅད་དོ། །དེ་རྣམས་ཀྱི་རང་བཞིན་ཙམ་ཡོད་པའོ། །དེ་ཡང་ཐིམ་ནས་འགྲོ་བ་གསུངས་པ། མེས་སྲེག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ད་ནི་འདི་རྣམས་ཀྱི་རཱ་སི་ལ་སོགས་པ་རྣམས་ཀྱིས་ཤེས་བྱའི་འཁོར་ལོ་རྣམས་གསུངས་པ། ཤེས་
เล่ม ๒๐ · หน้า 289a
བྱའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། བསྒོམ་པར་བྱ་ཞེས་བྱ་བ་ནི་ལྷའི་རྣམ་པའི་གཟུགས་ཀྱིས་སོ། །རྩིབས་བརྒྱད་ཅེས་བྱ་བ་ནི་འདབ་མ་བརྒྱད་དོ། །དེ་ལྟར་སུ་ཞེས་བྱ་བ་ནི་ཤར་གྱི་འདབ་མར་རོ། །མེ་ཞེས་བྱ་བ་ནི་ལུག་གོ། །ད་ཞེས་བྱ་བ་ནི་ལྷོའི་འདབ་མའོ། །བྲི་ཞེས་བྱ་བ་ནི་
ཁྱུ་མཆོག་གོ། །བ་ཞེས་བྱ་བ་ནི་ནུབ་ཀྱི་འདབ་མ་ལའོ། །མི་ཞེས་བྱ་བ་ནི་འཁྲིག་པའོ། །ཨུ་ཞེས་བྱ་བ་ནི་བྱང་གི་འདབ་མ་ལའོ། །ཀུམ་ཞེས་བྱ་བ་ནི་བུམ་པའོ། །མེར་ཞེས་བྱ་བ་ནི་མེའི་གྲར་གནས་པ་སྟེ། ལྷ་གཉིས་གཉིས་ཏེ་འདིར་དྷ་སི་ཞེས་བྱ་བ་ནི་གཞུ་དང་སེང་གེའོ། །མ་ཀ་ཞེས་བྱ་བ་ནི་
ཆུ་སྲིན་དང་བུ་མོ་གཉིས་ཏེ་འདྲི་མེད་ཅེས་བྱ་བ་ནི་བདེན་བྲལ་གྱི་གྲྭར་རོ། །ཏུ་ཀ་ཞེས་བྱ་བ་ནི་རླུང་དུ་ཏུ་ལ་དང་ཀརྐ་ཊའོ། །བྲི་མི་ཞེས་བྱ་བ་ནི་སྡིག་པ་དང་ཉ་སྟེ་དབང་ལྡན་དུ་སྟེ་རཱ་སིའི་འཁོར་ལོ་ཇི་ལྟ་བའི་རིམ་པར་གོ་བར་བྱའོ། །ཀུ་ལི་ར་ཙ་ཞེས་བྱ་བ་ནི་ཀརྐ་ཊར་ཉི་མ་གནས་སོ། །གདོང་ལྔ་ཞེས་
བྱ་བ་ནི་སེང་གེར་གཟའ་ལྷག་གནས་སོ། །མཐའ་ཞེས་བྱ་བ་ནི་ཉི་མའི་མཐར་ཟླ་བ་དང་། ཕུར་བུ་དག་གོ། །གཟའ་ལྷག་གི་མཐར་ཕུར་བུ་དང་པ་བ་སངས་དང་། སྤེན་པ་སྟེ། རཱ་སི་རྣམས་ཀྱི་སྲས་ཞེས་བྱ་བ་ནི་འདིར་རང་གི་ཞིང་བཀྲ་ཤིས་ཀྱི་ལུག་དང་སྡིག་པའི་རཱ་སིའོ། །གཟའ་ལྷག་གི་རང་གི་ཞིང་
ནི་འཁྲིག་པ་དང་བུ་མོའོ། །ཕུར་བུའི་ཞིང་ནི་གཞུ་དང་ཉའོ། །པ་སངས་ཀྱི་ཞིང་ནི་ཁྱུ་མཆོག་དང་ཏུ་ལ་དག་གོ། །སྤེན་པའི་ཞིང་ནི་ཆུ་སྲིན་དང་བུམ་པའོ། །ཟླ་བའི་ཞིང་ནི་ཀརྐ་ཊའོ། །ཉི་མའི་ཞིང་ནི་སེང་གེའོ། །འདི་རྣམས་ཕྱིན་ཅི་ལོག་ཏུ་གནས་པས་རྩོད་པ་འབྱུང་སྟེ་གནས་ཀྱི་དབང་གིས་སོ། །
དེའི་ཕྱིར་ཟླ་བ་ལ་སོགས་པ་རང་རང་གི་རཱ་སིས་བརྒྱན་པར་གོ་བར་བྱའོ། །དུས་དང་ཞག་ཅེས་བྱ་བ་ནི་སྐད་ཅིག་ལ་སོགས་པའི་དུས་སོ། །ཞག་ནི་ཉི་མ་ལ་སོགས་པ་སྟེ་ལྷག་མ་སྐྱེ་བ་དང་འཆི་བའི་དུས་ལ་སོགས་པར་ཡོངས་སུ་སྦྱོར་བ་སྟེ་གོ་སླའོ། །ད་ནི་འོད་དཔག་ཏུ་མེད་པའི་དཔའ་བའི་
དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་བསྒོམ་པ་གསུངས་པ། འོད་དཔག་མེད་ཅེས་བྱ་བ་ལ་སོགས་པ་སྟེ། སྔོན་དུ་བཤད་པའི་རབ་སྦྱོར་བས། །ཞེས་བྱ་བ་ནི་དེའི་བདུད་རྩིའི་དབུས་སུ་སྟེ་དེ་དེ་བཞིན་དུ་གསུངས་སོ། །གཞན་གོ་སླའོ། །དཔལ་ཐམས་ཅད་གསང་བ་ལེའུ་ལྔ་བཅུ་པ་ལས་འོད་དཔག་
เล่ม ๒๐ · หน้า 289b
ཏུ་མེད་པའི་རབ་ཏུ་སྦྱོར་བ་ལ་སོགས་པ་དང་རཱ་སི་སྤྱོད་པ་དང་གཟའི་ཤེས་བྱའི་འཁོར་ལོ་ཞེས་བྱ་བ་དང་འཆི་བ་ལ་སོགས་པ་ཡོངས་སུ་བསླུ་བའི་ཆོ་གའི་མཚན་ཉིད་ཀྱི་རབ་ཏུ་སྦྱོར་བ་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་དྲུག་པའི་བཤད་པའོ།། །།རྡོ་རྗེའི་འོད་ལ་ཕྱག་བྱས་ནས། །ཡེ་ཤེས་
དེ་ཉིད་དོན་གྱི་རྒྱུ། །དེ་ཡི་འགྲེལ་པ་རྟོགས་བྱེད་པ། བདག་གིས་རྟག་ཏུ་བཤད་པར་བྱ། །ད་ནི་རྡོ་རྗེ་འོད་ཀྱི་བཤད་པ་གསུངས་པ། །ཡེ་ཤེས་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཞེས་བྱ་བ་ནི་འཆི་བའི་མཚན་མ་ལ་སོགས་པས་ཡོངས་སུ་ཤེས་པ་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་
ཀྱིས་བསླུ་བའི་མན་ངག་རྡོ་རྗེ་འོད་ཀྱི་རབ་ཏུ་སྦྱོར་བ་སྟེ། འཆད་པར་འགྱུར་བའི་མིང་གི་ཡི་གེ་རྣམས་ཀྱིས་ཏེ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །འདིས་སླར་ཡང་ལྷ་མོ་རྡོ་རྗེ་ཕག་མོས་བདེ་བ་ཆེན་པོ་ལ་སོགས་པས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཤིང་འདྲི་བ་སྟེ་དེ་དེ་བཞིན་ནོ། །
བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། སེམས་ཅན་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བྱ་བ་སྔོན་དུ་སོང་བའི་ངེས་པས་གཅིག་ལ་སོགས་པའི་དངོས་པོ་ལ་སོགས་པའི་ལས་རྣམས་ཀྱི་གང་དང་འདྲ་བའི་འཆི་ལྟས་ཀྱི་མཚན་ཉིད་དུ་འགྱུར་རོ། །དེ་དང་འདྲ་བར་རང་བཞིན་གྱིས་
བདག་ཤཱཀྱ་ལ་སོགས་པའི་རྒྱལ་པོ་སངས་རྒྱས་ཀྱིས་བཤད་ཀྱིས་ཀྱེ་རྡོ་རྗེ་ཕག་མོ་ལ་སོགས་པ་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་པའོ། །དེ་གསུངས་པ། ལུས་ཞེས་བྱ་བ་ལ་སོགས་པ་སྟེ། རྩ་རྣམས་ཞེས་བྱ་བ་ནི་འདིར་ལུས་ཀྱི་ཁམས་ཀྱི་རབ་ཏུ་དབྱེ་བའི་རྩར་བཤད་དེ་སོ་དང་སེན་
མོ་ལ་སོགས་པའོ། །དེ་རྣམས་ཀྱི་ཡན་ལག་སུམ་ཅུ་ཞེས་བྱ་བ་ནི་བ་ཐག་གི་སྣལ་མའི་གཟུགས་མ་རྣམས་སྲོག་འབབ་པའི་རྩ་ཆེན་པོ་སྟེ། གཙོ་བོ་བཅུ་གཉིས་ཉིད་ཅེས་བྱ་བ་ནི་དབྱངས་བཅུ་གཉིས་རྣམས་ཀྱི་ཨའི་ཡི་གེ་ལ་སོགས་པ་བཅུ་གཉིས་རྣམས་ཀྱི་བགྲོད་པ་དཀར་པོའི་ཕྱོགས་
རྣམས་སུ་རྐང་པ་གཡོན་པའི་མཐེ་བོང་དང་རྐང་པའི་བོལ་གོང་དང་བྱིན་པ་དང་པུས་མོ་དག་ཏུ་གསང་བ་དང་རླིག་པ་དང་མཆན་ཁུང་དང་ལག་ངར་དང་དཔུང་པ་དང་ཐལ་གོང་དང་དཔྲལ་བའི་སྟེང་དང་དབུས་སུ་ཡང་སྟེ་བཅུ་གཉིས་སོ། །དེ་བཞིན་དུ་ནག་པོའི་ཕྱོགས་ལ་དབྱངས་རིང་པོ་
เล่ม ๒๐ · หน้า 290a
བཅུ་གཉིས་རྣམས་ལུས་ཀྱི་གཡས་དཔྲལ་བའི་དབུས་ནས་བརྩམས་ནས་རྐང་པའི་མཐེ་བོ་དེ་ཉི་ཤུ་རྩ་བཞིའོ། །དེ་རྣམས་ལས་ཡང་གཙོ་བོ་སྙིང་པོ་མཆོག་དགུ་ཞེས་བྱ་བ་སྟེ་རྩ་དགུ་སྙིང་པོ་གཙོ་བོ་ཞེས་བྱའོ། །དྲུག་གཉིས་ཞེས་བྱ་བ་ནི་ཉི་མ་བཅུ་གཉིས་རྣམས་ཀྱིས་ཏེ་དེ་
དེ་བཞིན་ནོ། །རྩ་དགུ་རྣམས་ཀྱི་ཉིས་འགྱུར་གྱི་ཚིགས་གསུངས་པ་སྣ་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མའི་ཚད་ཅེས་བྱ་བ་འཆི་བའི་དུས་སུ་ཤེས་པར་བྱའོ། །དེའི་ཚེ་འཁོར་ལོ་དུས་ཀྱི་བདག་ཉིད་ཅན། །ཞེས་བྱ་བ་སྟེ། དེའི་ཕྱིར་ས་ལ་འཁོར་ལོ་དུམ་བུ་བཅུ་གཉིས་ཀྱི་བདག་ཉིད་བཞག་པར་བྱ་
སྟེ་དུམ་བུ་གཉིས་པའམ་གསུམ་པའོ། །དེར་ཨང་ཀ་བཞག་པར་བྱ་སྟེ། དེ་ལྟར་ཉི་མ་དྲུག་ཅེས་བྱ་བ་ཕྱིན་ཅི་ལོག་གིས་འཁོར་ལོ་དབུས་མར་དུམ་བུ་ཐོག་མ་ནས་བརྩམས་ནས་དུམ་བུ་དྲུག་གི་བར་དུ་བདུན་དང་བརྒྱད་དང་དགུ་དང་བཅུ་དང་བཅུ་གཅིག་དང་བཅུ་གཉིས་ཀྱི་ཨང་ཀ་རྣམས་སོ། །
ལྷག་མ་དྲུག་པོ་རྣམས་སུ་ཇི་ལྟར་གསུངས་པ་རྣམས་ཀྱི་ལོ་གསུམ་ལ་སོགས་པའི་འབྲས་བུའི་ཨང་ཀ་རྣམས་བཞག་པར་བྱའོ། །སླར་ཡང་དེའི་ཕྱི་རོལ་དུ་འཁོར་ལོ་གཉིས་པར་ཇི་ལྟར་བཤད་པའི་རིམ་པས་འབྲས་བུ་དང་རྒྱུ་ཅན་ཡོངས་སུ་བཞག་པས་རྒྱུ་མཚན་ལ་སོགས་པ་ནས་
བརྩམས་ནས་འཆི་རྟགས་མཚོན་པར་བྱའོ། །བར་རྣམས་ཀྱིས་རབ་ཏུ་བཤད་ཅེས་བྱ་བ་ནི་སྔོན་མ་དང་གཞན་མ་དྲུག་དྲུག་གཉིས་གཉིས་ཀྱིས་ཏེ་གྲངས་བཅུ་གཉིས་སོ། །དེ་ལྟར་ཉི་མ་དང་ལོའི་རིམ་པས་ཡོངས་སུ་སྦྱངས་ནས་བདུན་ཅུ་རྩ་གཉིས་རྗེས་སུ་རིམ་པས་ཞེས་བྱ་བ་སྟེ། དེ་ལྟར་
གནས་བཅུ་གཉིས་རྣམས་སུ་ཇི་ལྟ་བའི་རིམ་པས་དྲུག་དང་བཅུ་གཉིས་དང་བཅོ་བརྒྱད་དང་དེ་བཞིན་དུ་ཉི་ཤུ་རྩ་བཞི་དང་བཅུ་དང་སུམ་ཅུ་རྩ་དྲུག་དང་བཞི་བཅུ་རྩ་གཉིས་དང་བཞི་བཅུ་རྩ་བརྒྱད་དང་ལྔ་བཅུ་རྩ་བཞི་དང་དྲུག་ཅུ་དང་དྲུག་ཅུ་རྩ་དྲུག་དང་བདུན་ཅུ་རྩ་གཉིས་ཏེ། དེ་ལྟར་ཉིས་
འགྱུར་དང་། སུམ་འགྱུར་དང་། བཞི་འགྱུར་དང་། ལྔ་འགྱུར་གྱི་བར་དུ་ཞེས་བྱ་བ་ནི་ངེས་པའོ། །དེ་ལྟར་གཞན་པ་སྔོན་དང་གཞན་པ་ཐམས་ཅད་ཀྱི་འཆི་བ་བསླུ་སྟེ་གོ་སླའོ། །ད་ནི་འདི་རྣམས་ཀྱི་འཆི་བའི་མཚན་མ་ལས་བྱུང་བའི་བསླུ་བའི་མན་ངག་གི་རབ་ཏུ་སྦྱོར་བ་གསུངས་པ།
เล่ม ๒๐ · หน้า 290b
འདི་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། བསྒོམ་པར་བྱ་ཞེས་བྱ་བ་ནི་རྗེས་སུ་གནས་པར་བྱ་བ་སྟེ། རྡོ་རྗེ་འོད་ཀྱི་འཆད་པར་འགྱུར་བའི་མིང་གི་ཡི་གེ་རྣམས་སོ། །དེ་ཉིད་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་བཛྲའི་ཡི་གེ་གཉིས་ཀྱི་དོན་ཏོ། །རྡོ་རྗེའི་ལམ་ནི་ཨ་ཝ་དྷཱུ་ཏཱིའི་
ལམ་ནས་སོན་པ་སྟེ་སྲོག་གི་ཚོགས་ཐམས་ཅད་དོ། །སྟེང་དང་འོག་ཏུ་བལྟས་པར་གྱུར་པས་རྩ་ཐམས་ཅད་དགུག་པ་སྟེ། བཅུ་གཉིས་ཀྱི་མཐའ་དཔྲལ་བའི་མཐར་ཐུག་པ་དང་ཨ་ཝ་དྷཱུ་ཏཱིའི་ནང་དུའོ། །སངས་རྒྱས་རྗེས་དྲན་ཞེས་བྱ་བ་ནི་འགྲོ་བའི་དོན་གྱི་ཕན་པའི་རྒྱུར་སྙིང་རྗེ་ལ་སོགས་པའི་
སེམས་ཀྱིས་སོ། །སེམས་ཅན་གྱི་འདུ་ཤེས་འདིས་དེའི་རྣམ་པར་ཟ་བས་དེ་དེ་བཞིན་དུ་བཤད་དོ། །འདིའི་བྱ་བ་དང་བྱེད་པའི་འབྲས་བུ་གསུངས་པ། འོག་ཅེས་བྱ་བ་ལ་སོགས་པ་སྟེ་པྲ་བྷའི་ཡི་གེ་གཉིས་ཀྱི་དོན་ཏོ། །གསང་སྔགས་ཆེན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བས་
འོད་གསལ་བ་ལས་གནས་ནས་རྣལ་འབྱོར་པ་དངོས་པོ་ཐམས་ཅད་ཀྱི་གཟུགས་རྣམས་སུ་འཇུག་པར་བྱེད་དོ། །སླར་ཡང་བའི་ཡི་གེ་ལ་སོགས་པ་རེ་རེའི་དོན་གསུངས་པ། རྩ་འགེངས་པར་འགྱུར་བའོ་ཞེས་བྱ་བ་ནི་དབུ་མ་བཀང་པར་གྱུར་པས་རྩ་ཐམས་ཅད་དགང་བར་བྱས་ཏེ། དེས་
དངོས་པོ་ཐམས་ཅད་ཡེ་ཤེས་ཀྱི་རྣམ་པར་གནས་ཏེ་ཇི་ལྟར་སྲོག་དང་སེམས་འབབ་པ་དེ་བཞིན་དུ་ཐམས་ཅད་དུ་བ་ཐག་གི་བགྲོད་པ་དེ་ཐོབ་པར་བྱའོ། །དེ་གནས་པས་སེམས་ཅན་གྱི་རིས་ལ་སོགས་པ་འཇོག་པས་ནི་ཛའི་ཡི་གེའི་དོན་གྱིས་ཏེ་ཆོས་ཀྱི་བདག་མེད་པ་སྐྱེད་དོ། །དེ་ཡིས་ཀྱང་
འཚེད་པས་ཛའི་ཡི་གེའི་ཀུན་དུ་སྦྱོར་བའི་རིའི་ཡི་གེའི་དོན་གྱིས་སངས་རྒྱས་ཉིད་དུ་འཚེད་པ་སྟེ། གང་ཟག་རྣམས་ལ་འཚེད་པ་ནི་སྣ་ཚོགས་པའི་སེམས་ཅན་རྣམས་སོ་སོའི་རེ་རེར་རོ། །དེ་གཉིས་ཀྱིས་ནི་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའི་སྙིང་རྗེའི་དབང་གིས་
གནས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ་། །རབ་ཏུ་གསལ་བ་ཞེས་བྱ་བ་ལ་སོགས་པས་པྲའི་ཡི་གེའི་དོན་གྱིས་ཏེ་དེས་རྣལ་འབྱོར་པ་རྣམས་ཀྱི་སེམས་འཆི་བ་སྟེ། རྩའི་ཚིགས་ལ་སོགས་པ་ཐམས་ཅད་དུ་རང་བཞིན་མེད་པར་འགྲོ་བའོ། །སངས་རྒྱས་ཞེས་བྱ་བ་ལ་
เล่ม ๒๐ · หน้า 291a
སོགས་པ་དེ་དེ་བཞིན་ནོ། །འགྱུར་ཞེས་བྱ་བ་ལ་སོགས་པས་བྷའི་ཡི་གེའི་དོན་གྱིས་ཏེ། རྣམ་པ་ཐམས་ཅད་བདེ་བའི་བདག་ཉིད་དུ་འགྲོ་བ་སྟེ། བྱང་ཆུབ་སེམས་དཔས་དེའི་རྣམ་པར་བཟུང་བས་དཀྱིལ་འཁོར་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་བའི་
རང་བཞིན་རྣམས་སུ་འགྲོ་སྟེ། དེས་འཁོར་ལོའི་རིམ་པའི་རབ་ཏུ་སྦྱོར་བས་རྣལ་འབྱོར་གྱི་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་རོ་མྱོང་བར་བྱེད་དེ་དེ་བཞིན་ནོ། །དེ་བཞིན་དུ་ཡང་གསུངས་པ། དུས་དང་དུས་མིན་གཉིས་རྣམས་སུ། འཇིག་རྟེན་དུ་ནི་མི་འཆི་སྟེ། །སྡིག་པ་
མང་པོ་མི་བྱེད་པ། །མཆོག་ནི་མྱུར་དུ་འཆི་བའོ། །བསོད་ནམས་དབང་གིས་བྱང་ཆུབ་ཏུ། །འཆིའོ་འཆི་བས་བདེ་སྟེར་འགྱུར། །སེམས་ཅན་ཐམས་ཅད་ཉེར་སྤྱོད་པས། །འཁོར་ལོའི་རྣམ་པ་རྣམས་སུ་འབྱུང་། །བྱང་ཆུབ་བདེ་བ་མྱང་བ་སྟེ། །འཆི་བ་དེ་ནི་འཆི་བར་འགྲོ། །དེ་ལྟར་
འཇིག་རྟེན་དུ་གང་འཆི། །ས་གཞིར་རྒྱུན་དུ་ཡང་དག་འཆི། །ཞེས་སོ། །ད་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཀུན་རྫོབ་དང་དོན་དམ་པའི་གཟུགས་ཀྱི་སྒོམ་པ་གསུངས་པ། བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་
ལས་དཔལ་རྡོ་རྗེ་འོད་ཀྱི་རབ་ཏུ་སྦྱོར་བས་འཆི་བའི་ཡེ་ཤེས་ཀྱི་མཚན་ཉིད་དང་དེའི་དེ་ལྟར་སླུ་བའི་མིང་གི་ཡི་གེ་ལ་སོགས་པའི་རབ་ཏུ་སྦྱོར་བ་དང་དེ་བཞིན་དུ་སངས་རྒྱས་ཉིད་དུ་འཆི་བར་ཡོངས་སུ་གཞག་པའི་མན་ངག་སྣ་ཚོགས་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྒྱས་
པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བདུན་པའི་བཤད་པའོ།། །།རྡོ་རྗེ་ལུས་ནི་སྐུ་ཆེན་པོ། །ལྷ་སོགས་ཐམས་ཅད་ཀྱི་གཟུགས་ཅན། །ཀུན་མཁྱེན་གཟུགས་ཏེ་རང་རྣམ་པར། །མཆོག་ཏུ་ཤར་ལ་ཕྱག་འཚལ་ལོ། །དི་ནི་རྡོ་རྗེ་སྐུའི་བཤད་པ་གསུངས་པ། དེ་ནས་ཕྱག་ན་རྡོ་རྗེ་
སོགས། །ཞེས་བྱ་བ་སྟེ། གསོལ་བ་འདེབས་པ་གསུངས་པ། ལྷ་རྣམས་ཀྱི་སྒྲུབ་ཐབས་རང་གི་བག་ཆགས་ཡོངས་སུ་སྤོང་བས་སངས་རྒྱས་ཀྱི་གཟུགས་ཅན་དུ་འགྱུར་བ་དེ་རྣམས་གསུངས་ཤིག་པའོ། །རང་གི་སྔགས་དང་རྒྱུད་རྣམས་སུ། །ཞེས་བྱ་བ་ནི་རང་གི་སྙིང་པོས་འགུགས་
เล่ม ๒๐ · หน้า 291b
པ་སྟེ། དེ་རྣམས་ཀྱི་བདག་ལ་ཞེས་བྱ་བ་ནི་ཀྱེ་ཁྱབ་བདག་བདག་ལ་བསྟན་དུ་གསོལ། དེའི་ཕྱིར་གང་གིས་ཞེས་བྱ་བ་སྟེ་དེ་བཞིན་དུ་བཤད་དོ། །དེ་ལྟར་གང་གིས་རབ་ཏུ་སྦྱོར་བས་ཞེས་བྱ་བ་ནི་སླར་ཡང་དེ་ལྷ་ལ་སོགས་པ་གང་གི་རབ་ཏུ་སྦྱོར་བས་འགྲུབ་ཅེས་དྲིས་པའོ། །དེ་རྣམས་ཀྱི་ལན་བཅོམ་ལྡན་
འདས་ཀྱིས་གསུངས་པ། ཉོན་ཅིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེས་རྒྱས་བཏབ་པའི་ཕྱིར་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཉན་ཐོས་དང་མུ་སྟེགས་ཅན་ཐམས་ཅད་ཀྱི་རྒྱལ་པོ་ལས་རྡོ་རྗེའི་དབང་ཕྱུག་སྟེ། ལྷ་ལ་སོགས་པའི་སྒྲུབ་ཐབས་ལ་
ཁྱོད་ཀྱིས་སྒྲུབས་ཤིག་ཅེས་བྱ་བ་དགོངས་པའི་དོན་ཏོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པར་བྱ་བའོ། །སྐུའི་དངོས་པོ་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་དང་སྐུའི་ཁམས་ཀྱིས་ཏེ། ཕྱི་རོལ་དུ་ཡང་དེའི་རང་བཞིན་གྱིས་རྗེས་སུ་རྟོགས་པར་བྱའོ། །དེ་ལྟར་སྐུ་རྣམས་
སུ་ལྷ་ལ་སོགས་པའི་ཉེ་བར་དགོད་པའི་མཚན་ཉིད་སྣའི་རྩེ་མོར་རླུང་གི་དཀྱིལ་འཁོར་ལྔ་རྣམས་གསུངས་པ། དེའི་མ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། མ་མོ་ཞེས་བྱ་བ་ནི་ཚངས་པ་མོ་ལ་སོགས་པ་བརྒྱད་རྣམས་སོ། །ལྷ་སོགས་ནི་ཚངས་པ་ལ་སོགས་པ་བརྒྱད་རྣམས་སོ། །ཕོ་ཉ་ཞེས་བྱ་
བ་ནི་མཁའ་འགྲོ་མ་ལ་སོགས་པའོ། །འབྱུང་པོ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའོ། །གཟའ་ཞེས་བྱ་བ་ནི་ཉི་མ་ལ་སོགས་པའོ། །ལུས་སྲུལ་པོ་ཞེས་བྱ་བ་ནི་གནོད་སྦྱིན་ལ་སོགས་པའོ། །རིག་པའི་སྔགས་ཞེས་བྱ་བ་ནི་སྔགས་ཉིད་རིག་པ་སྟེ་མཆོག་ཏུ་དེས་སྒྲུབ་པ་སྟེ་སྲིད་པ་དག་
པས་ཞེས་བྱ་བ་ནི་སྲིད་པའི་དག་པ་སྟེ་གང་གིས་རྣལ་འབྱོར་རྣམས་འགྱུར་བའོ། །འཇིག་རྟེན་རྣམས་ཀྱི་ཡང་རང་རང་གི་འདོད་པའི་ལྷ་ལ་སོགས་པ་དེ་རྣམས་ཀྱིས་གྲུབ་པས་ཤུགས་ལ་བསྟན་པས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་པ་སྙིང་རྗེ་ཅན་དུ་འགྱུར་རོ། །དེའི་ཕྱིར་རྣལ་
འབྱོར་པ་རྣམས་ཀྱིས་དབུས་མའི་ནང་དུ་གནས་པ་ཞེས་བྱ་བ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་ནང་དུ་ཐིམ་པས་དང་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་རྣམ་པ་རྣམས་ནི་ལྷ་ལ་སོགས་པ་སྟེ། གལ་ཏེ་རྣལ་འབྱོར་པ་དུས་ཀྱི་མཐའ་ཐམས་ཅད་དུ་རྣམས་པ་དཔྱོད་པར་གྱུར་པ་རྣམས་གྱི་སྣའི་བུ་
เล่ม ๒๐ · หน้า 292a
ག་གཉིས་ལས་འཆད་པ་མེད་པར་གཡོན་པ་དང་གཡས་པ་ནས་དཀྱིལ་འཁོར་འབབ་པོ། །ལྷག་མ་ཇི་ལྟ་བ་བཞིན་ནོ། །དཀྱིལ་འཁོར་ལྔ་རྣམས་ཀྱི་མཐའ་མ་ཞེས་བྱ་བ་ནི་དཀྱིལ་འཁོར་སོ་སོ་རྣམས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་མཐའ་རྣམས་སུ་ཤེས་པར་བྱའོ། །དེ་
ལས་བྱུང་བ་ཞེས་བྱ་བར་དགོངས་པའི་དོན་ཏོ། །དེ་ལྟར་དེ་མཐོང་ནས་ཉེ་བར་དགོད་ཅེས་བྱ་བ་ལ་སོགས་པ་སྟེ། རྟག་ཏུ་ཆོ་ག་བཞིན་བསྒྲུབ་པར་བྱའོ། །དབུས་སུ་བརྒྱན་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་མིང་མདོར་བསྟན་པའི་ཚིག་རྣམས་ཀྱིས་འཆད་པའོ། །ནང་གི་བདག་ཉིད་དུ་ནི་དོན་ཇི་ལྟ་
བའོ། །དེ་ཕྱི་རོལ་དུ་གསལ་བར་བྱེད་པ་གསུངས་པ། དཀྱིལ་འཁོར་ཆེན་པོ་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་སྟེ་མདོར་ན་དེ་ཁོ་ན་ཉིད་འདུས་པ་ཇི་ལྟར་གསུངས་པའི་རིམ་པས་དཀྱིལ་འཁོར་བྲི་བར་བྱའོ། །འདི་ལྟར་བདག་གིས་གཞུང་ཆེ་བའི་འཇིགས་པས་མ་བརྗོད་དོ། །དེ་ལ་དཀྱིལ་འཁོར་
གྱི་དབུས་སུ་རི་མོ་ཟླུམ་པོ་གསུམ་སྦྱིན་ཞེས་བྱ་བའོ། །དབུས་སུ་ལེགས་པར་བརྒྱན་ཞེས་བྱ་བ་ནི་ཚངས་པའི་གནས་སུའོ། །འདབ་མ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འོན་ཀྱང་ཐམས་ཅད་རྡོ་རྗེའི་སྐུ་ལས་སྤྲུལ་པའི་གཟུགས་ཅན་གྱི་དཀྱིལ་འཁོར་རོ། །དེའི་དེ་ལྟར་མིང་གི་ཡི་གེ་
རྣམས་ཀྱིས་མདོར་བསྡུས་པའི་དོན་གསུངས་པ་རྡོ་རྗེའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྩེ་མོ་གསུམ་པའི་རྡོ་རྗེའི་རྣམ་པ་འོག་དང་སྟེང་དུ་རྩ་རྣམས་ཏེ་རྩའི་ཕོ་ཉ་དྲུག་རྐང་པ་དྲུག་གིས་འགྲོ་བ་ཅན་གཡོན་པ་དང་གཡས་པ་ནས་སོ། །དེ་ལ་དབུས་སུ་ཞེས་བྱ་བ་ནི་དེ་ལྟར་ཟླ་བ་དང་ཉི་མ་དང་མེ་སྟེང་
དུའོ། །རཱ་ཧུ་དང་ཀེ་དུ་དང་དུས་མེ་ནི་འོག་གི་ཆ་རྣམས་སུའོ། །དེ་ལྟར་རྡོ་རྗེ་སྙིང་གར་ཞེས་བྱ་བ་ནི་སྙིང་གའི་མཚམས་རྣམས་སུའོ། །གསང་བ་ཞེས་བྱ་བ་ནི་གསང་བའི་མཚམས་སུའོ། །མགྲིན་པ་ཞེས་བྱ་བ་ནི་མགྲིན་པའི་ཚིགས་སུའོ། །དེ་ཉིད་དེ་ལྟ་བུའི་རྣམ་པ་འོག་དང་སྟེང་དུ་
སླར་ཡང་དགོད་པར་བྱའོ་ཞེས་བྱ་བ་ནི་མཚོན་པར་བྱ་བ་སྟེ་རྩ་དྲུག་དྲུག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེའི་དོན་ནི་སོང་ཟིན་ཏོ། །དེ་བཞིན་དུ། སྐུ་ཡི་སྒྲ་ཡི་གཟུངས་པ་ཟུང་། །ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་བླ་མའི་མན་ངག་ལས་གོ་བར་བྱའོ། །ལྷག་
เล่ม ๒๐ · หน้า 292b
མ་སྔགས་ཀྱི་ཡི་གེ་རྣམས་ལས་བྱུང་བ་ནི་རང་རང་གི་མིང་གི་ཡི་གེ་དང་པོ་ལས་ཏེ། ཕག་མོ་ལ་སོགས་པའི་མཚན་མ་དང་མདོག་ལ་སོགས་པ་གོ་སླའོ། །རང་གི་དཀྱིལ་འཁོར་ལ་ཞོན་སྒོམ། །ཞེས་བྱ་བ་ནི་བཀྲ་ཤིས་ཀྱི་ནི་སའི་དཀྱིལ་འཁོར་གྱི་གདན་ནོ། །གཟའ་ལྷག་གི་ཆུའོ། །ཕུར་བུའི་
ཡང་མེའི་དཀྱིལ་འཁོར་རོ། །པ་ཝ་སངས་ཀྱི་རླུང་ངོ་། །སྤེན་པའི་ནམ་མཁའོ། །ཀེ་ཏུ་དང་ཟླ་བ་དག་གི་གཟའ་ལྷག་ཇི་ལྟ་བའོ། །རཱ་ཧུ་དང་ཉི་མའི་བཀྲ་ཤིས་བཞིན་ནོ། །རྒྱུ་སྐར་རྣམས་ནི་དེ་ལས་བྱུང་བ་བཅོམ་ལྡན་འདས་བཞིན་ནོ། །དེ་ཐམས་ཅད་རང་གི་དམ་ཚིག་ལས་བྱུང་བ་སྟེ་ནང་གི་
བདག་ཉིད་དུ་རང་རང་གི་དཀྱིལ་འཁོར་ལས་བྱུང་བའོ། །དེའི་ཕྱིར་རྫུ་འཕྲུལ་ཏེ་དེ་དེ་བཞིན་ནོ། །དེའི་ཕྱིར་རེ་རེ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་པདྨའི་དབུས་སུ་རང་རང་གི་འཆར་བའི་དུས་རྣམས་སུ་གཙོ་བོ་བྱ་བ་སྟེ་འདིས་ཀུན་དུ་སྤྱོད་པ་ཡང་གསུངས་པའོ། །ལྷག་མ་རྣམས་ནི་འཁོར་རོ། །དེ་ལྟར་གང་
དུ་བསྒྲུབ་པ་བྱ་བ་གསུངས་པ། དུར་ཁྲོད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་སོགས་པའི་སྒྲས། རི་བོའི་ཁྲོད་དང་ངོས་དང་ནི། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །ལམ་གྱི་བཞི་མདོ་མ་མོའི་ཁྱིས། །ཁང་སྟོང་དང་ནི་འཐབ་མོའི་གནས། །ཆུ་བོའི་འགྲམ་དང་གཡུལ་ངོ་དང་། །གནས་
གཞི་རང་གི་ཁྱིམ་དེ་བཞིན། །མཆོད་རྟེན་གནས་དང་ཤིང་གཅིག་དང་། །དུར་ཁྲོད་སོགས་པར་བསྒྲུབ་པར་བྱ། །ཞེས་སོ། །སྣ་ཚོགས་དམ་ཚིག་ཟ་བ་ཞེས་བྱ་བ་ནི་རང་ཉིད་ཞི་བའི་ས་ལ་སྤྱོད་པ་དང་ནམ་མཁའ་ལ་སྤྱོད་པ་དང་ས་འོག་ན་སྤྱོད་པ་རྣམས་ཀྱི་ཤ་བདུད་རྩི་ལྔ་དང་ཡང་དག་པར་
ལྡན་པའོ། །བཏུང་བ་རྣམ་པ་སྣ་ཚོགས་ཀྱང་ངོ་། །དེ་ལྟར་རྣལ་འབྱོར་པ་རྟག་ཏུ་ལོངས་སྤྱོད་ལ་དགའ་བ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པས་སོ། །དེ་ནས་ཕོ་ཉའི་ལས་བརྩམ་བྱ། །ཞེས་བྱ་བ་ནི་རྣལ་འབྱོར་མ་ཐམས་ཅད་ལ་འདོད་པ་བྱའོ། །ཟླ་བ་རྡོ་རྗེའི་ཆོ་གས་ཞེས་བྱ་བ་ནི་དེ་
ལ་རྡོ་རྗེའི་སྙིང་པོར་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་བལྟས་ནས་དེའི་དབུས་སུ་ཤིན་ཏུ་ཕྲ་བ་སྐྲའི་རྩེ་མོའི་བརྒྱའི་ཆའི་རྩེ་མོ་ལྔ་པའི་རྡོ་རྗེ་བསྒོམས་ནས་དེའི་རྩེ་མོ་དབུས་མར་ཧཱུཾ་གི་ཡི་གེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཇི་ལྟར་འབྱུང་བ་དེ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་བསྒོམ་པར་བྱའོ། །
เล่ม ๒๐ · หน้า 293a
འདིས་མཆོག་ཏུ་ཟག་པ་མེད་པར་འགྱུར་རོ། །དེས་དེ་ལྟར་འཕོ་བ་མེད་པའི་ཆོས་ཉིད་དུ་བྱེད་དེ་དེ་ཐམས་ཅད་བྲན་བཞིན་དུའོ། །རྣལ་འབྱོར་མའི་སྔགས་ཀྱི་རྒྱལ་པོས་བསྐུལ་ཞེས་བྱ་བ་ནི་རྡོ་རྗེའི་ལྟེ་བར་གནས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ཏེ་
ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་དོ། །དྲི་སོགས་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་འབྱུང་པོའི་དཀྱིལ་འཁོར་དུ་བྱའོ། །རྡུལ་ཅན་མཆོག་ཅེས་བྱ་བ་ནི་རང་བྱུང་གིས་ཡོངས་སུ་གང་བའི་ཐོད་པའོ། །སྔོན་དུ་བཤད་པའི་གཟུགས་ཅན་ཞེས་བྱ་བ་ནི་རྡོ་རྗེ་སྐུ་ལྟ་བུའོ། །དབུས་
མའི་སྦྱོར་བས་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱིར་ཆོས་ཀྱི་དབྱིངས་ལ་ངེས་པར་དམིགས་པས་མ་མོའི་ཚོགས་ཐམས་ཅད་ལ་སོགས་པ་འགྲུབ་པ་སྟེ། །འདིར་ཐེ་ཚོམ་མི་བྱའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་རྡོ་རྗེ་སྐུ་ལ་སོགས་པ་འབྱུང་པོ་དང་
གཟའ་ཐམས་ཅད་ལ་སོགས་པའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་པ་ཕྱི་དང་ནང་དུ་བསྐྱེད་པའི་མཚན་ཉིད་དང་མིང་གི་ཡི་གེའི་ངེས་པའི་ཚིག་གང་བསྟན་པ་ཞེས་བྱ་བ་དང་རྡོ་རྗེའི་མཆོད་པའི་ཆོ་ག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བརྒྱད་པའི་བཤད་པའོ།། །།ད་ནི་མྱུ་གུ་ཅན་གྱི་བཤད་པ་
གསུངས་པ། དེ་ནས་འདིར་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ཆེན་པོ་མྱུ་གུ་ཅན། །དུས་རབ་གྲོལ་བྱེད་ཕྱག་འཚལ་ལོ། །ཐམས་ཅད་བདེ་བའི་ཆོ་ག་ཡིས། །རྣལ་འབྱོར་རྣམས་ཀྱི་དངོས་གྲུབ་སྟེར། །བདེ་བའི་རྒྱལ་པོ་ཞེས་བྱ་བ་ནི་བདེ་བས་མཛེས་ཤིང་འབར་བས་ན་འདིས་ཞེས་བྱ་
བ་ནི་བདེ་བའི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོ་དང་མཉམ་པའི་རྣལ་འབྱོར་མ་རྣམས་ཀྱི་ཕག་མོ་ལ་སོགས་པས་སད་པར་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྒྱུར་འདྲི་ཞིང་མཁྱེན་པར་གསོལ་བའོ། །ཇི་ལྟར་ན་ཅིའི་ཕྱིར་ཏེ་དུས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་བདེ་བ་དང་
སྡུག་བསྔལ་སྟེར་བ་པོའིའོ། །བློ་གྲོས་ཆེན་པོ་འཁོར་བའི་སྡུག་བསྔལ་ཐམས་ཅད་འཇོམས་པའི་ཀྱེ་སྟོན་པ་ཞེས་བྱ་བ་ནི་དྲི་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། རྣལ་འབྱོར་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ཀྱེ་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་
เล่ม ๒๐ · หน้า 293b
ཐམས་ཅད་གང་ཁྱེད་ཀྱིས་འདྲི་བའི་དུས་དེ་ནི་ཁྱོད་ཉིད་ཀྱི་གཟུགས་ཅན་ནི་འདིའི་དུས་ཏེ། དེ་ཅིའི་ཕྱིར་ཞེ་ན། གསུངས་པ། མྱུ་གུ་རྣམས་སྐྱེས་པར་འོང་ཞེས་བྱ་བ་ནི་འདིར་མྱུ་གུ་ནི་དཔའ་བོའོ། །དེ་ཡང་སེམས་ཏེ་ཐམས་ཅད་དུ་འགྲོ་བའི་དེ་ཁོ་ན་ཉིད་ཀྱི་ཕྱིར་རོ། །དེའི་སེམས་ཀྱི་གཟུགས་ནི་རྣལ་
འབྱོར་མ་རྣམས་ཏེ་སེམས་དང་པོའི་དངོས་པོའོ། །དེ་ཉིད་གསུངས་པ། སྣ་ཚོགས་ས་བོན་སེམས་ཆེན་པོ། །ཞེས་བྱ་བ་སྟེ་ཁམས་གསུམ་རྣམས་སུ་དངོས་པོ་སྣ་ཚོགས་པ་སེམས་ཀྱི་གཟུགས་ཉིད་དེ་འདིས་བསྐྱེད་པའོ། །མྱུ་གུའི་སྦྱོར་བས་ཞེས་བྱ་བ་ནི་དེ་ཡང་རྣལ་འབྱོར་མའི་གཟུགས་རྣམས་སྐྱེ་བ་སྟེ་
དེ་ཡང་གཟའ་དང་རྒྱུ་སྐར་ལ་སོགས་པའི་གཟུགས་རྣམས་སུའོ། །འོན་ཀྱང་འདི་དེས་ཀུན་རྫོབ་ཏུ་དུས་གཉིས་བརྗོད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ལས་འདས་པ་ནི་གཟུགས་མེད་པ་སྐད་ཅིག་མེད་པའི་བགྲང་བ་སྟེ་དུས་མེད་པའི་གཟུགས་ཀྱི་རྣལ་
འབྱོར་མ་རྣམས་སྐྱེས་པའོ། །རྣལ་འབྱོར་རྣམས་ཀྱི་བདེ་བའི་རྒྱུས། །ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པའི་ཡེ་ཤེས་རྣམས་སུ་སྟེ་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་འཇིག་རྟེན་པའི་ནི་འཇིག་རྟེན་གྱི་རང་གིས་སོ་སོར་སྣང་བར་འགྱུར་བའི་དུས་ཙམ་སྟེ་དེ་དེ་བཞིན་དུ་གསུངས་སོ། །དེའི་
ཕྱིར་མྱུ་གུ་ཅན་བསྒོམ་པར་བྱ་སྟེ། མན་ངག་ཇི་ལྟ་བ་ལ་ཞུགས་པས་རྗེས་སུ་གནས་པར་བྱའོ། །ས་བོན་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་གྱིས་སོ། །ས་བོན་རྣམས་སུ་མཚན་ཉིད་ཅེས་བྱ་བ་ནི་རང་གིས་རིག་པའི་ས་བོན་གྱི་མྱུ་གུ་ཅན་དུ་རྣམ་པར་བརྗོད་དོ། །དེ་ཉིད་གསུངས་པ་མྱུ་གུ་
སེམས་ཀྱི་གཟུགས་ཅན་ཞེས་བྱ་བ་སྟེ། ཁམས་ཐམས་ཅད་ལས་སྐྱེས་པའོ། །མྱུ་གུ་ཅན་ནི་བསམ་པའོ། །ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་བདེ་བའི་རང་བཞིན་འཇིག་རྟེན་ཐམས་ཅད་ཀྱིའོ། གསུངས་པ་དེས་འཇིག་རྟེན་ཐམས་ཅད་ཀྱི་དང་འཇིག་རྟེན་ལས་འདས་པ་བཞག་པའོ་
ཞེས་བྱ་བ་ནི་ངེས་པའོ། །དེ་ལྟར་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་འཇིག་རྟེན་ལས་འདས་པའི་དེ་ལྟར་སྤྱད་པར་བྱའོ། །བདེ་བའི་བདག་ཉིད་སྐྱེས་ཞེས་བྱ་བའི་བར་དུ་ལེགས་པར་གོ་སླའོ། །ད་ནི་དགེ་བ་དང་མི་དགེ་བའི་རྒྱུ་སྐར་དང་། ཚེས་གྲངས་རྣམས་ཀྱིས་སྤྱིར་བསྡུས་
เล่ม ๒๐ · หน้า 294a
པས་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་བརྟག་པ་གསུངས་པ། རོ་ཀྲི་མ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡི་གེ་རེ་རེའི་བརྗོད་པར་བྱ་སྟེ། རོ་ཞེས་བྱ་བ་ནི་རོ་ཧི་ཏའི་ཚེས་གྲངས་སོ། །ཀྲི་ཞེས་བྱ་བ་ནི་སྨིན་དྲུག་གོ། །མ་ཞེས་བྱ་བ་ནི་བཀྲ་ཤིས་རྣམས་དང་ལྷན་ཅིག་པ་
དེར་བྱེད་པས་དེའི་ཚེས་ནི་རྙེད་པར་བྱེད་པ་པོའོ། །དེ་ལྟར་མ་བྷ་མ་ཞེས་བྱ་བ་ནི་ཆུ་སྲིན་དང་སའི་བུ་དང་མཆུ་སྟེ་འདིས་གདུང་བ་དང་འཇོམས་པར་འགྱུར་བས་དེའི་ཕྱིར་ཚེས་གྲངས་ཏེ་སྤང་བར་བྱའོ། །ཀུ་སྭཱ་ཨ་ཞེས་པ་ནི་སྤེན་པ་དང་རྨི་ལམ་དང་གལ་ཏེ་ལག་སྲིད་པ་ན་དེ་དེ་བཞིན་དུ་
བཤད་དོ། །མོ་བུ་མ་ཞེས་བྱ་བ་ནི་མོ་ཧི་ཏ་དང་གཟའ་ལྷག་དང་མཆུ་སྟེ་ཚེས་གྲངས་དེ་ནི་བཟང་པོའི་རིགས་བཀྲ་ཤིས་པར་འགྱུར་རོ། །ར་བུ་ཨ་ཞེས་བྱ་བ་ནི་ཡུགས་ས་མོ་དང་གཟའ་ལྷག་དང་གལ་ཏེ་དེ་དེ་བཞིན་ནོ། །བྷུ་བུ་བྷ་ཞེས་བྱ་བ་ནི་སའི་དབང་ཕྱུག་དང་གཟའ་ལྷག་དང་གལ་ཏེ་
བྲ་ཉེ་འཛོམ་ན་ཚེས་གྲངས་དེ་ནི་རྩོད་ཅིང་འཆི་བའི་དུས་བྱེད་པས་དེའི་ཕྱིར་ཡོངས་སུ་སྤང་བར་བྱའོ། །བྷ་པུ་གུ་ཞེས་བྱ་བ་ནི་བཟང་པོ་དང་གྲེ་དང་གལ་ཏེ་བླ་མའི་རེས་ནི་ཚེས་གྲངས་དེ་ནི་དེ་བཞིན་ནོ། །མི་གུ་དྷ་ཞེས་བྱ་བ་ནི་མི་ཀི་ར་དང་བླ་མ་དང་གལ་ཏེ་མོན་གྲུར་སྲིད་ན་ནོར་ལ་སོགས་པ་འཛད་
དོ། །ཏྲ་གུ་ཨ་ཞེས་བྱ་བ་ནི་བཅུ་གསུམ་པ་དང་བླ་མའི་རེས་དང་གལ་ཏེ་སྐག་ཏུ་གྱུར་ན་དུས་ཀྱི་གཟུགས་སུ་ཡང་དག་པར་བཤད་པས་སྐྱོན་དང་འཇིགས་པ་ཐམས་ཅད་ལ་ཞོན་པའོ། །བྲི་ཤུ་ཏུ་ཞེས་བྱ་བ་ནི་ཁྱུ་མཆོག་དང་པ་སངས་དང་གལ་ཏེ་ཁྲུམས་སྟོད་འཛོམ་ན་ཚེས་གྲངས་དེ་དེ་
བཞིན་ནོ། །བྷི་ཤུ་སྟུ་ཞེས་བྱ་བ་ནི་བྷི་རི་ཀ་དང་པ་བ་སངས་ཀྱི་རེ་མོས་དང་ཆུ་སྟོད་དུ་གལ་ཏེ་གྱུར་ན་ནད་དང་གདུང་བ་དང་དེ་བཞིན་དུ་མི་ཆོམས་པར་འགྱུར་རོ། །བྷུ་བྷ་ཤུ་ཞེས་བྱ་བ་ནི་འབྱུང་པོའི་ཉི་མ་སྟེ་བཅུ་བཞི་དང་བྲ་ཉེ་དང་པ་སངས་འཛོམ་ན་གཤིན་རྗེའི་མཆེ་བ་ཅན་དུ་བཤད་པས་ཚེས་
གྲངས་དེ་ཡོངས་སུ་དོར་བར་བྱའོ། །ཀུ་མ་ཀྲི་ཞེས་བྱ་བ་ནི་རུས་སྦལ་དང་སྤེན་པ་དང་ལྡན་པར་གལ་ཏེ་སྨིན་དྲུག་གྱུར་ན་གྲགས་པ་དང་རྙེད་པར་བྱེད་པར་ཡོངས་སུ་བཤད་པས་བསོད་ནམས་ཀྱི་འབྲས་བུ་ཐམས་ཅད་རབ་ཏུ་སྟེར་རོ། །བྱ་མ་ཨ་ཞེས་བྱ་བ་ནི་ནད་དྲག་པོ་དང་སྤེན་པ་དང་གལ་
เล่ม ๒๐ · หน้า 294b
ཏེ་སྐག་ལྷན་ཅིག་སྐྱེས་པར་གྱུར་ན་ཚེས་གྲངས་དེ་དེ་བཞིན་དུ་བཤད་དོ། །པུ་ར་མ་ཞེས་བྱ་བ་ནི་ཉ་དང་ཉི་མའི་རེ་མོས་དང་མཆུ་ནི་འཆི་བའི་དུས་སུ་རྣམ་པར་བཤད་པས་ཚེས་གྲངས་དེ་ཡོངས་སུ་སྤང་བར་བྱའོ། །ད་ནི་ཕྱོགས་ཀྱི་ཆས་བསྒྲོད་པ་དང་བསྒྲོད་པར་བྱ་བ་མ་ཡིན་པ་ལ་སོགས་པ་གསུངས་
པ། མེའི་གདན་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་ནི་ལྷོར་རོ། །སྲིན་པོ་ནི་བདེན་བྲལ་དུའོ། །ཆུ་ལྷ་ནི་ནུད་རྩའོ། །རབ་ཏུ་འཇོམས་པ་ནི་རླུང་ངོ་། །གཏེར་ནི་བྱང་དུའོ། །མིག་གསུམ་པ་ནི་དབང་ལྡན་དུའོ། །ཤར་ནི་ཤར་དུའོ། །དེ་ལྟར་ཟླ་བ་ཞེས་བྱ་བ་ལ་སོགས་པས་དཀར་
པོའི་ཕྱོགས་སུ་ཟླ་བའི་རྒྱུ་བའོ། །དེ་ལ་ཁྱུ་མཆོག་དང་ཆུ་སྲིན་དང་རྨི་ལམ་དང་ཉར་གནས་སོ། །ཉི་མའི་རྒྱུ་བར་ནག་པོའི་ཕྱོགས་སུ་འབྱུང་པོའི་ཉི་མ་བཅུ་བཞི་པར་གནས་ཏེ་བཟང་པོ་དང་ཡུགས་ས་མོ་དང་ནད་དྲག་པོའོ། །དེ་བཞིན་དུ་རཱ་ཧུའི་རྒྱུ་བ་གསུངས་པ། ཉ་ལ་མེར་ཞེས་བྱ་བ་ལ་
སོགས་པ་སྟེ་ཚེས་གྲངས་འདི་རྣམས་ཉ་དང་གནམ་སྟོང་དག་ལ་རཱ་ཧུས་གནས་ན་ཚེས་གྲངས་ལྷག་མ་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་ལྟ་བས་ཡོངས་སུ་གདུང་བ་བྱེད་དོ། །དེ་ལྟར་སླར་ཟླ་བ་དང་ཉི་མ་འབྱུང་པོའི་རི་མོ་ཞེས་བྱ་བ་ནི་ཟླ་བ་བགྲོད་པ་དང་ཉི་མ་བགྲོད་པའི་གྲིབ་མ་ཡོངས་སུ་
འཛོམ་པས་བུ་བཞིན་དུ་སྟེ་མཉམ་པའི་ལྟ་བར་འགྱུར་རོ། །དེའི་འདི་རྣམས་དེས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་དེ་བཞིན་དུ་བཤད་དོ། །དཀར་དང་ཅིག་ཤོས་བྱ་བ་ནི་དཀར་པོ་དང་ནག་པོའི་ཕྱོགས་སུའོ། །ལྷག་མ་གོ་སླའོ། །ད་ནི་ཡེ་ཤེས་ཀྱི་རྣམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་
བསྒོམ་པ་གསུངས་པ། དེ་ཉིད་མྱུ་གུ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། །འབར་བའི་འཁོར་ལོའི་ནང་སོན་པར། །ཞེས་བྱ་བའི་གཏུམ་མོའི་ནང་དུ་སོན་པའི་དཀྱིལ་འཁོར་འཁོར་ལོ་སྔོན་ལྟ་བུ་དེའི་གཟུགས་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་གསུངས་སོ། །ལྷག་མ་
རྟོགས་སླའོ། །དཔལ་ཐམས་ཅད་གསང་བ་ལེའུ་ལྔ་བཅུ་པ་ལས་མྱུ་གུ་ཅན་གྱི་དུས་ཀྱི་ངེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣལ་འབྱོར་མའི་གཟུགས་ཀྱིས་གཟའ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་སྟེར་བ་པོ་དང་བསྒྲོད་པ་དང་བསྒྲོད་པར་བྱ་བ་མ་ཡིན་པ་ལ་
เล่ม ๒๐ · หน้า 295a
སོགས་པ་ཟླ་བ་དང་ཉི་མ་དང་རཱ་ཧུའི་རྒྱུ་བ་ཡོངས་སུ་བརྟག་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཆོ་ག་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་དགུ་པའི་བཤད་པའོ།། །།ལས་ཀུན་ཟད་པའི་མཐའ་ཅན་གྱི། །རྡོ་རྗེ་རལ་པར་ཕྱག་བྱས་ནས། །ཇི་ལྟའི་བདག་གི་བློ་ཡོད་
པས། །དེ་ཡི་འགྲེལ་པ་བཤད་པར་བྱ། །ད་ནི་རྡོ་རྗེ་རལ་པ་ཅན་གྱི་བཤད་པ་གསུངས་པ། དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་གར་ཞེས་བྱ་བ་ནི་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་རྣམས་དང་ལྡན་པ་སྟེ་བྱས་ནས་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་
ཀྱིས་རྡོ་རྗེ་སེམས་དཔའ་ལ་དེའི་ཚེ་དྲི་བ་འདི་གསུངས་པ་སྟེ། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མཐུ་རྩལ་ཆེ་བའོ། །ལས་དང་བྲལ་བས་ཇི་ལྟར་འབྱུང་བར་འགྱུར། །བདག་ཐེ་ཚོམ་ཟ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་གི་
ཕྱིར་བཅོམ་ལྡན་འདས་ཀྱི་ཚིག་གིས་སོ། །དེ་གསུངས་པ། ཡེ་ཤེས་མྱུ་གུ་བསྒོམ་པ་ཡིས། །ལས་རྣམས་ཐམས་ཅད་ཉམས་པར་བྱེད། །ཅེས་བྱ་བ་སྟེ། དེ་བཞིན་དུ་ཐམས་ཅད་ཀྱི་བདག་ཉིད་དུ་ཡང་དག་པར་སྦྱོར་བ་ལས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡོད། འདི་ཐེ་ཚོམ་ཡོད་དེ་
གལ་ཏེ་སྔོན་གྱི་ལས་རྣམས་པ་ཉམས་པས་དེའི་ཚེ་རྒྱུན་ཉམས་པས་ལྡོག་པ་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྐྱེ། དེ་ནས་མི་སྐྱེ་ན་དེའི་ཚེ་ཐམས་ཅད་ཆད་པ་ཐོབ་པར་འགྱུར་རོ། །དེས་ན་ཀྱེ་སྙིང་རྗེས་གཉེན་གཤིན་པ་གསུངས་ཤིག་པ་ནི་དྲི་བའོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། བཤད་པ་ཞེས་བྱ་བ་ལ་སོགས་པ་སྟེ། མདོར་བསྡུས་པ་ཞེས་བྱ་བ་ནི་ཡོངས་སུ་བསྡུས་ནས་སོ། །ཉོན་ཞེས་བྱ་བ་ནི་ཁྱེད་ཕག་མོ་ལ་སོགས་པ་ཐོས་པ་ལ་སྦྱོར་བའོ། །དེ་ཉིད་གསུངས་པ། རྡོ་རྗེ་རལ་པ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། ལས་
ཀྱི་བྱེ་བྲག་ཅེས་བྱ་བ་ནི་སྔོན་གྱི་ལས་ཀྱི་མི་དགེ་བ་རྣམ་པ་དང་བྲལ་ཞིང་རྣམས་ཉམས་ལ་དགེ་བ་བསྒྲུབས་པ་དེས་དེ་ལྟར་སྟོབས་ཆེན་རྣམས་ཀྱིས་སྐྱེ་བར་འགྱུར་རོ། །དེ་ལྟར་ཤུགས་ལ་སྟོན་པ་འདི་རྣམས་ཀྱི་ཐོག་མ་ཉིད་དུ་རལ་པ་ཅན་གྱི་ཡི་གེ་རྣམས་ཀྱི་དོན་གསུངས་པ། རེ་རེ་ཞེས་བྱ་བ་ལ་
เล่ม ๒๐ · หน้า 295b
སོགས་པ་སྟེ། འདིར་གང་གི་ཚེ་སྒྲུབ་ཐབས་གཅིག་བསྒོམས་པར་གྱུར་པའམ་རྣལ་འབྱོར་མའི་མན་ངག་ཀྱང་རུང་དེའི་ཚེ་མཐའ་མེད་པའི་རྣལ་འབྱོར་རྣམས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་སེམས་ཀྱི་སྤྱོད་པ་མཐའ་མེད་པའི་ཆོས་ཉིད་ཅན་ཏེ། གང་གི་ཕྱིར་སེམས་ཀྱི་རྒྱུན་
གཅིག་ཀྱང་གཟུགས་མང་པོར་འབྱུང་ངོ་། །དེ་ནས་ཏུའི་ཡི་གེ་ངེས་པར་གཟུང་བ་སྟེ། དེའི་ཕྱིར་དེ་རྣམས་ཀྱི་སྦྱོར་བ་རྣམས་སུ་རེ་རེའི་སྦྱོར་བའི་རྒྱུན་རང་བྱུང་དུ་གནས་ཏེ་དགེ་བའི་བག་ཆགས་ཀྱི་ལས་སོ། །སླར་ཡང་ཤིན་ཏུ་དེས་དེ་ལྟར་རྣལ་འབྱོར་ལ་དད་པས་གནས་པ་ཞེས་བྱ་བ་སྟེ་མཆོག་ཏུ་
བདེ་བ་ཆེན་པོ་གང་གིས་རབ་ཏུ་མཐར་ཕྱིན་པར་གྱུར་བ་དེའི་ཚེ་དབང་པོ་ཐམས་ཅད་འདུ་བ་སྟེ་མིག་ལ་སོགས་པའི་དབང་པོ་ཐམས་ཅད་ཀྱི་སོན་པའི་སེམས་རབ་ཏུ་བརྟན་པའི་གཟུགས་ཉིད་ཀྱིས་ཏེ་ཨ་ཝ་དྷཱུ་ཏཱིའི་ནང་དུ་འདུ་བར་འགྱུར་ཏེ་འཁྱིལ་པའི་གཟུགས་ཉིད་དུའོ། །དེ་ནས་རལ་པ་
ཞེས་བྱ་བ་ནི་བླུན་པོའི་མིག་ལ་སོགས་པའི་སྒོ་རྣམས་སུ་བྱུང་བ་རྣམས་དུས་རྟག་ཏུ་དུས་ཐམས་ཅད་དུ་འཇིག་རྟེན་པ་དགེ་བ་མ་ཡིན་པའི་བདག་ཉིད་ཅན་རྣམས་ཀྱིས་ཐམས་ཅད་བདེ་བར་ཉེ་བར་སྤྱོད་པས་འཆི་བར་འགྱུར་རོ། །འདི་རྣམ་པར་དག་པ་བྱ་བའི་རྒྱུར་བདག་ཉིད་རྡོ་རྗེ་
འཆང་ཀྱང་རལ་པའི་ཅོད་པན་ཏེ་རལ་པ་འཆིང་བར་བྱེད་པའོ། །དེ་ལྟར་སེམས་ཅན་རྣམས་ཀྱང་ངོ་། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བཛྲའི་ཡི་གེ་གཉིས་ཀྱི་དོན་གསུངས་པ། །རྡོ་རྗེའི་སྐུ་ཉིད་ཐོབ་པའོ། །ཞེས་བྱ་བ་ནི་མཆོག་ཏུ་ཟག་པ་མེད་པའི་གཟུགས་ཅན་གྱི་བྱང་ཆུབ་
སེམས་དཔའ་རྣམས་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བ་ཐམས་ཅད་ཀྱི་ཁྱད་པར་དུ་བྱས་པ་སྟེ་བཞི་པ་འདས་པའི་མཚན་ཉིད་ཀྱིས་དེ་དེ་བཞིན་དུ་བཤད་དོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ཇི་ལྟར་བྱས་པས་ཁྱད་པར་ཇི་ལྟ་བུར་ད་ལྟར་གནས་ཤེ་ན་
གསུངས་པ། རྟོག་མེད་ཅེས་བྱ་བ་ལ་སོགས་པ་སྟེ། རྟོག་མེད་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ་དེས་བརྟགས་པས་བྱང་ཆུབ་སེམས་དཔའི་རྣམས་དུས་ཐམས་ཅད་དུ་བདག་ཏུ་འཛིན་པ་སྤངས་པས་གནས་པ་སྟེ། དེའི་ཕྱིར་སེམས་ཅན་གྱི་དོན་གྱི་དབང་གིས་གནས་སོ་ཞེས་བྱ་བའི་དོན་ཏོ། །
เล่ม ๒๐ · หน้า 296a
གལ་ཏེ་ཡང་སེམས་ཅན་གྱི་དོན་གྱི་དབང་གིས་གནས་ན་དེ་ཉིད་ཀྱང་རྟོག་པས་རྟོག་པ་མེད་པ་འབྱུང་བར་འགྱུར་བ་སྟེ། ཆོས་ཀྱི་བདག་མེད་པའི་རྟོག་པས་གང་ཟག་གི་བདག་མེད་པའི་གཟུགས་ཅན་ནོ། །རྟོག་པ་སྣ་ཚོགས་པའི་གཟུགས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། དེའི་
ཚེ་དེ་རྣམས་སུ་ཡོངས་སུ་རིག་པ་བདག་མེད་པའི་གཟུགས་ཀྱི་གང་ཟག་ཏུ་བཤད་དེ་དེ་ཉིད་ཕྱག་རྒྱར་བཤད་པ། སྒྲ་ཞེས་བྱ་བ་ལ་སོགས་པ་སྟེ་དོན་དམ་པ་ནང་གི་བདག་ཉིད་ཀྱི་དྲིལ་བུ་བསྒྲུབས་ནས་ཞེས་བྱ་བ་ནི་དེ་ལ་ཡང་དག་པར་བརྟེན་ནས་བདེ་བ་དམ་པར་གྱུར་པ་ཉིད་ཀྱིས་ནཱ་དའོ། །དེ་ལྟར་
རྩེ་མོ་དགུ་པ་ཞེས་བྱ་བ་ནི་རྩེ་དགུའི་བདག་ཉིད་ཅན་ནོ། །རྩེ་མོ་གཅིག་པ་ནི་དབུ་མའོ། །དང་ནིའི་ཡི་གེས་རྩེ་མོ་གཉིས་པ་སྟེ་འོག་དང་སྟེང་དུ་འབབ་པ་ཅན་ནོ། །རྩེ་ལྔ་པ་ནི་དཀྱིལ་འཁོར་ལྔ་འབབ་པ་ཅན་ནོ། །ནའི་ཡི་གེས་སླར་ཡང་རྩེ་མོ་བཞི་པ་འཁོར་ལོ་འབབ་པའོ། །རྩེ་མོ་གསུམ་
པ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ནོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་དབང་པོ་དྲུག་དང་ཁམས་བདུན་དང་ཐུན་ཚོད་བརྒྱད་དང་རླུང་བཅུ་རྣམས་དང་། འདོད་པའི་སྲིད་པའི་གནས་བཅུ་གཅིག་དང་ས་བཅུ་གསུམ་དང་། ས་བཅུ་བཞི་དང་། ཆ་བཅོ་ལྔ་དང་། རྣལ་འབྱོར་པ་
རྣམས་ཀྱི་འཕོ་བ་བཅུ་དྲུག་དང་། གཟུགས་ཀྱི་སྲིད་པའི་གནས་བཅུ་བདུན་དང་། ཁམས་བཅོ་བརྒྱད་རྣམས་དང་། ཚད་མ་གྲུབ་པའི་མཐའ་བཅུ་དགུ་རྣམས་ཏེ་འདི་ལྟ་སྟེ། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་དང་། དེ་བཞིན་དུ་ཡན་ལག་བདུན་
གྱི་རབ་ཏུ་བྱེད་པ་རྣམས་དང་། དེ་ཡང་བུམ་པ་དང་སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་སོ། །མཆོག་གི་བདེ་བ་ཆེན་པོའི་རོ་མྱང་བའི་ཆོས་ཀྱི་སྐུ་དང་འོད་གསལ་བ་དང་ཞི་གནས་དང་ལྷག་མཐོང་ཞེས་པ་ལའོ། །རྣམ་པ་ཉི་ཤུའི་བྱང་ཆུབ་པ་དང་ཉི་ཤུ་རྩ་གཅིག་པ་
སྲིད་པ་གསུམ་དང་། དེ་ལ་འཆི་བའི་སྲིད་པ་དང་། བར་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པའོ། །བདུན་དང་གསུམ་དང་ཉི་ཤུ་རྩ་གཅིག་སྟེ། ཉི་ཤུ་རྩ་གཉིས་དབང་ཕྱུག་སོ་སོར་མངོན་པར་ཤེས་པ་ཡོད་པར་སྨྲ་བ་རྣམས་སེལ་བར་བྱེད་པ་སྟེ། དེ་ལ་རང་གི་སེམས་ཀྱི་གནས་སྐབས་
เล่ม ๒๐ · หน้า 296b
བཅུ་གཉིས་དབང་ཕྱུག་སོ་སོར་མངོན་པར་ཤེས་པ་ཡོད་པར་སྨྲ་བའི་བཤད་པ། བྱེད་པ་དེའོ་ཐམས་ཅད་ཀྱི། །ད་ནི་ཀུན་དུ་བྱེད་པོ་བྱེད། །འཚོ་བར་བཤད་པ་འཚོ་བའི་གཟུགས། །ཐར་པ་འཁོར་བའི་འཁོར་ལོ་སྐྱེས། །ཡེ་ཤེས་དབང་པོ་རིག་པ་དང་། །རྣལ་འབྱོར་ཡེ་ཤེས་སོགས་དེ་
བཞིན། །འཇིག་རྟེན་པ་སོགས་དེ་ཉིད་གང་། །མདོར་བསྡུས་པ་ཡིས་བཅུ་གཅིག་གོ། ཞེས་སོ། །དེ་ལྟ་བུར་གནས་པ་ལ་དམ་པ་དང་མ་ཡིན་པ་རྣམ་པར་དཔྱད་པས་མེད་པ་ཉིད་སོ་སོར་མངོན་པར་ཤེས་ཤེ་ན། དེའི་ཚེ་སེལ་བར་བྱེད་པ་རྣམ་པ་བཅུ་གཅིག་གསུངས་པ། །ཀུན་
གྱི་བྱེད་པ་དེ་མིན་ཏེ། །ལས་རྣམས་ཀྱིས་ནི་བྱུང་བའོ། །ལས་ཀྱི་རྒྱུ་ཡང་མེད་པ་སྟེ། །འདི་ལ་འབྱུང་བ་ཡོད་མ་ཡིན། །གང་གི་བྱེད་པ་གང་དག་བྱུང་། །དེ་ལ་བྱ་བའི་དངོས་པོ་མེད། །བྱས་དང་བྱེད་པ་མེད་པའོ། །དངོས་པོ་ཐམས་ཅད་མ་བྱས་པའོ། །བྱ་བ་བྱེད་པའི་འབྲེལ་པ་ཡིས། །
འདི་ནི་དངོས་པོ་མེད་པར་བཤད། །ལས་དང་བྲལ་བས་བྱེད་པ་མེད། །བྱ་བ་མེད་པས་བྱེད་པོ་མེད། །གལ་ཏེ་འབྱུང་བའི་བདག་ཡོད་ནའང་། །འབྱུང་བ་མེད་པས་མེད་པའོ། །གཅིག་དང་དུ་མས་རྣམ་དཔྱད་པས། །འབྲེལ་པའི་དངོས་པོ་མེད་པར་འདོད། །སུ་ཞིག་བྱེད་པོ་ཅིའི་བྱེད་པོ། །
འདི་རྣམས་བྱེད་པོ་ཡོད་མ་ཡིན། །གང་གིས་རྟག་ཏུ་འཚོ་བར་འགྱུར། །དངོས་པོ་གཟུགས་ནི་མི་རིག་གོ། །ཇི་ལྟར་གཟུགས་ཅན་གང་ཟག་བཤད། །སྨིག་རྒྱུ་དང་ནི་འདྲ་བར་འགྱུར། །འཁྲུལ་པས་འཁྲུལ་བའི་རྣམ་པར་ནི། །ཡོད་པ་སྐད་ཅིག་མར་འགྱུར་རོ། །འཇིག་རྟེན་གྱི་
ནི་སྐྱེ་བ་མེད། །རང་ལས་འབྲས་བུས་བགྲོད་པར་འགྱུར། །ཀུན་ལ་ཐར་པ་ཡོད་པ་ཡིན། །གོང་མའང་འཆི་བ་མེད་པའོ། །གལ་ཏེ་ཐར་པ་ཙམ་ཡོད་ཀྱང་། །རོར་འཛིན་པ་ནི་དེ་ལ་མེད། །དེའི་ཕྱིར་འཇིག་རྟེན་ལས་འབྲས་བུ། །དགེ་དང་མི་དགེ་གང་བྱས་པ། །རྨོངས་པའི་
སྐྱེས་བུ་དེ་ཡོད་པར། །འཁོར་བ་ཡང་ནི་འདོད་པའོ། །སྒྱུ་མས་འཁོར་བར་རྨོངས་བདག་ཉིད། །རྨོངས་པས་བརྟན་པར་འདོད་པའོ། །གཏི་མུག་བདག་ཅན་འཁོར་བ་མེད། །རྡུལ་ཕྲན་ཆ་ཤས་མེད་པས་སོ། །ཡེ་ཤེས་ཤེས་བྱ་འདིར་མེད་དེ། །སེམས་བྱུང་གཟུགས་
เล่ม ๒๐ · หน้า 297a
མེད་པའི་ཕྱིར་རོ། །དབང་པོ་ལ་སོགས་བརྗོད་པ་མེད། །རིག་པ་ཅི་ཞིག་འབྱུང་བ་མེད། །མངོན་སུམ་བཞི་ཡི་དངོས་པོ་རྣམས། །དངོས་པོ་ལ་སོགས་དེ་བཞིན་ཏེ། །ཡིད་ཀྱི་མངོན་སུམ་རྣལ་འབྱོར་དང་། །རང་གིས་རིག་པའི་མངོན་སུམ་མོ། །ཇི་ལྟར་ཡེ་ཤེས་བཞི་དབུས་
སུ། །མངོན་སུམ་ཉིད་ཀྱང་མི་རིག་གོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དེ་ནི་དེ་ཉིད་ཡང་དག་འབྱུང་། །མངོན་སུམ་དང་ནི་རྗེས་དཔག་གིས། །དེ་རྣམས་དངོས་པོ་རིག་པ་ཡིན། །གང་ཙམ་རུ་ནི་བཞག་པ་སྟེ། །འཁྲུལ་པ་ངེས་པ་མེད་པའོ། །དེ་ལྟར་བཤད་པའི་རིམ་
ཞེས་བྱ། །རྒྱ་ཆེ་བར་ནི་དུ་མའོ། །དབང་ཕྱུག་ཐམས་ཅད་དུ་མེད་པས། །སོ་སོར་མངོན་ཤེས་ཅི་ལས་འགྱུར། །མཁས་པ་རྣམ་པར་དཔྱད་བྱ་ཡིས། །འདི་ལ་སྡང་བར་མི་བྱའོ། །ལོའི་སྦྱོར་བས་དུས་ཚིགས་ཉི་ཤུ་རྩ་གསུམ་སྟེ་དཀར་པོ་དང་ནག་པོའི་ཕྱོགས་དག་གི་ཚེས་
བཅུ་སྟེ་རྒྱལ་གྱི་ཚེས་བཅུའི་ལོ་ཅན་ཞེས་བྱ་བ་ནི་དེར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་ཐམས་ཅད་ཀྱིས་འདུ་བར་འགྱུར་ཏེ། གནས་དང་ཉེ་བའི་གནས་ལ་སོགས་པ་ཉི་ཤུ་རྩ་བཞི། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་སྔོན་དུ་བཤད་པ་རྣམས་ཀྱི་དང་། སྙིང་རྗེའི་བདག་ཉིད་དང་དེ་ཁོ་
ན་ཉིད་ཉི་ཤུ་རྩ་དྲུག་གོ། །སྙིང་རྗེ་ཆེན་པོ་སུམ་ཅུ་རྩ་དྲུག་པ་དང་རྒྱུ་སྐར་ཉི་ཤུ་རྩ་བདུན་དང་འདོད་ཆགས་ཆེན་པོའི་ས་ཉི་ཤུ་རྩ་བརྒྱད་དེ། དེ་ཡང་འདོད་པའི་སྲིད་པའི་གནས་བཅུ་གཅིག་དང་གཟུགས་ཀྱི་སྲིད་པའི་གནས་བཅུ་བདུན་ནོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེ་
ཆེན་པོ་འདོད་ཆགས་ཆེན་པོའི་སའི་བདག་ཉིད་ཅན་རྣམས་ཀྱི་བཅུ་དགུ་རྣམས་དང་ཆོས་ལ་དམིགས་པ་བཅུ་དགུའོ། །སྒྱུ་མའི་དེ་ཁོ་ན་ཉིད་སུམ་ཅུ་རྣམས་ནི་ཡོངས་སུ་བརྟགས་པ་སུམ་ཅུ་སྟེ་སུམ་ཅུ་རྩ་གཅིག་པ་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་དྲན་པའི་སངས་རྒྱས་པའི་དེ་ཁོ་ན་ཉིད་དོ། །
བྱང་ཆུབ་ཀྱི་གཟུགས་ཀྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་སུམ་ཅུ་རྩ་གཉིས་ཏེ་སུམ་ཅུ་རྩ་གསུམ་པ་སྲིད་པ་གསུམ་སྟེ་མདོར་བསྡུས་པས་སོ། །གཞན་ཆོས་ཆེན་པོ་ཡོངས་སུ་སྡུད་པའི་རིམ་པས་སྟོང་ཕྲག་གི་བར་དུ་སྦྱང་བར་བྱ་བར་ཤེས་པར་བྱའོ། །རྩ་རབ་ཏུ་
เล่ม ๒๐ · หน้า 297b
འབབ་པ་ཅན་གྱིས་དེ་ལ་དྲིལ་བུའི་སྒྲ་ཡང་དག་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །དེའི་ཕྱིར། ངོ་བོ་ཉིད་ཀྱིས་སྒྲ་སྒྲོགས་པ། །ཞེས་བྱ་བ་ནི་འདོད་ཆགས་ཆེན་པོས་སེམས་ཅན་ལ་ཕན་པའི་རྒྱུར་བྱང་ཆུབ་ཀྱི་སེམས་ཞུ་བ་དང་ལྡན་པ་ཕྲ་མོའི་ཡེ་ཤེས་ཀྱི་རྣམ་པའི་སེམས་སོ། །དེ་ཡང་སྤྲོས་
པ་མེད་པ་དྲི་མ་ཐམས་ཅད་ནུབ་པ་ཟག་པ་མེད་པ་ཞེས་བྱ་བ་སྟེ། མཆོག་ཏུ་ཟག་པ་མེད་པའི་གཟུགས་ཉིད་དེ། དེ་ཉིད་སྒྲ་ཡང་དག་པར་བཤད་དེ་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱིས་དེའི་རང་བཞིན་གྱི་རྟོག་པ་ཡོངས་སུ་འབྱུང་སྟེ་བསམ་དུ་མེད་པའི་མཁའ་འགྲོ་རྒྱ་མཚོ་དག་རྣལ་
འབྱོར་པས་བསྒོམས་པས་སོ་སོར་འཕར་བའོ། །དེ་ཡང་དེ་ཉིད་ཀྱིས་རྟོག་པ་མེད་པའི་བདག་ཉིད་ཅན་གྱི་སྔོན་གྱི་བག་ཆགས་ཀྱིས་གནས་གང་དུ་གནས་པ་སྟེ། འཆད་པར་འགྱུར་བའི་སྤྲུལ་པའི་སྐུའི་རྣམ་པ་ལ་སོགས་པས་སོ། །དེའི་ཕྱིར་རྡོ་རྗེ་ཞེས་བྱ་བ་སྟེ་རྡོ་རྗེའི་མཚན་ཉིད་ཅན་གྱི་
རྡོ་རྗེའི་སྐུའི་གཟུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྟོགས་སླའོ། །ད་ནི་ཕྱི་རོལ་གྱི་རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་གསུངས་པ་ཆ་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། འོག་དང་སྟེང་དང་དབུས་རྣམས་སུ་ཆ་ལ་སོགས་པ་མཉམ་པར་བྱའོ། །ལྷག་མ་རྡོ་རྗེ་དང་དྲིལ་བུའི་མཚན་
ཉིད་དོ། །དེ་བཞིན་དུ་རྡོ་རྗེ་རལ་བ་ཅན་གྱི་པདྨ་དང་རྡོ་རྗེ་རབ་ཏུ་སྦྱོར་བས་སེམས་ཅན་ཐམས་ཅད་སྒྲུབ་པའི་ཐབས་སོ། །དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་བདག་པོས་ཏེ་རྟོགས་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་རྡོ་རྗེ་རལ་པ་ཅན་གྱི་རབ་ཏུ་སྦྱོར་
བས་ཆད་པའི་ལས་རྣམ་པར་འཇོམས་ཤིང་དགེ་བའི་ལས་ལ་སོགས་པ་སྒྲུབ་པ་བྱང་ཆུབ་སེམས་དཔའ་སྒྲུབ་པ་རྣམས་འབྱུང་བ་དང་རྡོ་རྗེ་དྲིལ་བུ་ལ་སོགས་པའི་མཚན་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་པའི་བཤད་པའོ།། །།
གཏུམ་མོ་སྟོང་ཕྲག་ཞལ་ཅན་གྱི། །དཔའ་བོ་ཆེན་པོར་ཕྱག་བྱས་ནས། །སྨན་དང་བཅུད་ཀྱི་སྦྱོར་བ་དང་། །ཡི་གེ་ཐམས་ཅད་རྣམས་ཀྱང་ངོ་། །ད་ནི་དཔའ་བོ་ཆེན་པོའི་བཤད་པ་གསུངས་པ། །དེ་ནས་གཞན་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་མ་ལ་ལྟོས་པ་གཞན་ནོ། །སྦྱོར་
เล่ม ๒๐ · หน้า 298a
བ་ཆེན་པོ་ནི་སྦྱོར་བ་ཐམས་ཅད་ལས་གཞན་པའི་སྦྱོར་བ་ཆེན་པོ་སྟེ། རྣལ་འབྱོར་ཐམས་ཅད་ལས་ཕུལ་དུ་བྱུང་བའོ། །དེ་ཡང་དཔའ་བོ་ཆེན་པོའི་སྦྱོར་བས་ཞེས་བྱ་བ་ནི་མིང་གི་ཡི་གེའི་རིག་པ་སྟེ། བདག་གིས་མངོན་སུམ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་གྱུར་པས་དེ་
བཤད་པ་སྟེ། གཅིག་ཏུ་ན་བདག་གཅིག་པུའི་མ་ཡིན་ཏེ་ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས་ཉམས་སུ་མྱོང་བ་རྣམས་ཀྱིས་བཤད་པ་སྟེ་དེས་ཏུའི་ཡི་གེ་ངེས་པར་གཟུང་བའོ། །དེ་ལྟར་ཉོན་ཞེས་བྱ་བ་ནི་ཕག་མོ་ལ་སོགས་པའི་རྣལ་འབྱོར་ཐམས་ཅད་ཐོས་པ་ལ་ངེས་པར་སྦྱོར་
བའོ། །འདི་ལ་བཅོམ་ལྡན་འདས་ཀྱིས་བཤད་པ་གསུངས་པ། གནད་ཅེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་ཆེན་པོའི་ཡི་གེ་དག་བཤད་པ། གནད་སྟོང་ཕྲག་ཅེས་པ་སྟེ་འདིར་ལུས་ལ་མི་ཕྱེད་མ་ལ་སོགས་པ་རྩ་སུམ་ཅུ་རྩ་གཉིས་རྣམས་ཏེ། གང་རྣམས་དེ་རྣམས་
ཀྱི་རེ་རེ་ལ་སུམ་ཅུ་རྩ་གཉིས་ཀྱི་འགྱུར་གྱིས་སྟོང་ཕྲག་གཅིག་ལ་ཉི་ཤུ་རྩ་བཞིས་ལྷག་པ་རྣམས་སུ་འགྱུར་རོ། །དེའི་ནང་ནས་སྟོང་ཕྲག་ནི་ལུས་ཐམས་ཅད་ཀྱི་ལག་པ་དང་རྐང་པ་ལ་སོགས་པའི་གནད་ཀྱི་རྩ་རྣམས་སོ། །ལྷག་མ་ཉི་ཤུ་རྩ་བཞི་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་སྟེ་
དེ་རྣམས་སུ་རྩ་ཐམས་ཅད་དུ་ཇི་ལྟ་བའི་རིམ་པས་ཡི་གེ་རྣམས་དགོད་པ་གསུངས་པ། ཀ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་དང་ཧའི་བར་དུ་སུམ་ཅུ་རྩ་གསུམ་སྟེ་དེ་རྣམས་ཡོན་ཏན་ལ་སོགས་དབྱངས་རྣམས་ཀྱིས་ཞེས་བྱ་བ་ནི་ཡོན་ཏན་དང་འཕར་མ་
དང་ཡ་ཎ་བསྟན་པ་དང་ཐུང་ངུ་དང་རིང་པོ་སྟེ་སུམ་ཅུར་འགྱུར་རོ། །དེ་རྣམས་ཀྱི་ཕྱི་མོ་རྣམས་ཀྱིས་དབྱེ་བ་ཞེས་བྱ་བ་སྟེ། སླར་ཡང་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་ནོ། །དེ་ལྟར་འབར་བ་ཚིགས་ཐམས་ཅད་དུ་གནས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་
ཀྱིས་བལྟས་པར་གྱུར་པས་འོད་ཀྱི་རང་བཞིན་གྱི་ཡི་གེ་གཏུམ་མོ་སྟོང་ཕྲག་གི་བདག་ཉིད་ཅན་ཞེས་བྱ་བ་སྟེ། འབར་ཞིང་ཐམས་ཅད་དུ་དེ་ལྟར་རང་བཞིན་མེད་པར་སོན་པའོ། །དཔའ་བོ་ཞེས་བྱ་བ་ལ་སོགས་པས་བའི་རའི་ཡི་གེའི་དོན་གསུངས་པ། དེ་ལྟར་དཔའ་བོའི་ལོངས་
เล่ม ๒๐ · หน้า 298b
སྤྱོད་ཐོབ། །ཅེས་བྱ་བ་ནི་རྩ་སྟོང་ཕྲག་གི་ཁམས་གང་དེ་ཐམས་ཅད་བདེ་བའི་གནས་ལ་བདེ་བའི་རང་བཞིན་དུ་འགྱུར་ཏེ་གནས་ཀྱི་དབང་གིས་སོ། །དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་བདེ་བའི་འོད་ཟེར་རྣམས་ཀྱིས་སོ། །བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་
སྣ་ཚོགས་པ་ལས་བྱུང་བའི་རིགས་དེ་རོ་མཉམ་པར་ལྷན་ཅིག་དགུག་པར་བྱའོ། །ཅིའི་རྒྱུར་ཞེ་ན། དེ་གསུངས་པ། ཆོས་འབྱུང་གཉིས་མེད་ནང་དུ་ཞེས་བྱ་བ་སྟེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལ་ལ་ནཱ་དང་ར་ས་ནཱ་དག་བཙིར་བར་གྱུར་པས་ཨ་ཝ་དྷཱུ་ཏཱི་དབུས་སུ་བདག་ཉིད་
བདག་མེད་པའི་གཟུགས་སུ་བྱང་ཆུབ་སེམས་དཔའི་ཆོ་གས་གཞལ་བར་བྱ་བ་ནི་ངེས་པའོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་རང་གི་ལུས་ཀྱི་བཅུད་ལེན་སྒྲུབ་པའི་ཆོ་ག་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་སྟོང་ཕྲག་ལྕེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ནི་ལྕེའི་
སྒྲར་བརྗོད་དེ། དེ་ལྟར་དབུ་མར་རབ་ཏུ་ཞུགས་པས་དཔའ་བོ་ཆེན་པོ་རང་གིས་རིག་པའི་ཡེ་ཤེས་དེའི་གོ་འཕང་ལ་གནས་པ་སྟེ་སེམས་ཀྱི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྟོགས་སླའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་པ་ལས་དཔའ་བོ་ཆེན་པོའི་ཡི་གེའི་རབ་ཏུ་སྦྱོར་བས་
རྣལ་འབྱོར་ཆེན་པོ་སྒྲུབ་པ་དང་བཅུད་ལེན་གྱི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའི་བཤད་པའོ།། །།ཆོས་འབྱུང་ནང་དུ་གར་བྱེད་པའི། །རྡོ་རྗེ་ཧཱུཾ་མཛད་ཕྱག་བྱས་ནས། །དེ་དག་རྣམས་ཀྱིས་བདག་རྟག་ཏུ། །རྡོ་རྗེ་ཆོས་ཀྱི་བསྟན་པར་བྱ། །ད་ནི་
རྡོ་རྗེ་ཧཱུཾ་མཛད་ཀྱི་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་སྟེ་རྡོ་རྗེ་འཆང་ཆེན་པོ་ཡང་དག་པའི་ཏིང་ངེ་འཛིན་གྱི་དཔལ་ཧེ་རུ་ཀ་ཇི་ལྟར་ལེའུ་བཅོ་ལྔ་པ་གསུངས་པའོ། །གྲོང་ཁྱེར་གསུམ་ན་སུ་ཞེས་བྱ་བ་ནི་སྲིད་པ་གསུམ་རྣམས་སུ་ཇི་ལྟར་
འབྱུང་བར་འགྱུར་ཞེས་པའོ། །ཅིའི་གཟུགས་ཀྱིས་ཞེས་བྱ་བ་ནི་རྡོ་རྗེ་འཆང་གི་གཟུགས་ཀྱིས་སོ། །ཅིར་ཡང་གཞན་གྱིས་གཞན་གྱི་གཟུགས་བཟུང་ནས་དེའི་གཟུགས་ཀྱིས་ཁྱེར་ནས་འོངས་སམ། དེ་ལྟར་གང་དུ་སྤྲུལ་པ་འདི་ལ་ཐེ་ཚོམ་མ་མཆིས་སོ། །དེ་བཞིན་དུ་ཆོས་
เล่ม ๒๐ · หน้า 299a
ཉན་པའི་དུས་སུ་ཞེས་བྱ་བ་ནི་འཁོར་གྱི་ཚོགས་རྣམས་ཀྱིས་ཅིས་དེ་བཞིན་གཤེགས་པ་དཔའ་བོ་དང་རྣལ་འབྱོར་མ་དང་བྱང་ཆུབ་སེམས་དཔའི་ཚོགས་ལ་སོགས་པའི་དབུས་སུ་ཐུགས་བརྟན་པའི་གཟུགས་སུ་མཛད། དེ་ལྟར་ལྷ་ཞེས་བྱ་བ་ལ་སོགས་
པས་དེ་དེ་བཞིན་དུ་བཤད་དོ། །དེ་ལྟར་ཀྱེ་སྟོན་པ་གསུངས་ཤིག་ཅེས་བྱ་བར་འབྲེལ་ཏོ། །འདི་ནི་དྲི་བའོ། །འདིའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པས་ཏེ། །མཁས་པའི་འཇིག་རྟེན་གྱིས་མི་ཤེས། །ཞེས་བྱ་བ་ནི་སྐྱེ་བོ་སྒྲིན་པོ་རྣམས་ཀྱིས་
མི་ཤེས་ཏེ་འོན་ཀྱང་འཇུག་གོ། །ཤིན་ཏུ་ཟབ་པའི་དོན་ཆེན་པོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མན་ངག་ལ་སོགས་པ་སྟེ། དེ་ཉིད་གསུངས་པ། མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པས་སོ། །ངེས་པར་སྒྱུ་མ་ཞེས་བྱ་བ་ནི་སྒྱུ་མའི་རྣམ་པར་བསྟན་པར་བྱ་བ་དང་སྟོན་པ་པོ་ལ་
སོགས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་གི་རང་གིས་མངོན་པར་སྣང་བ་སྟེ་སོ་སོར་སྣང་བར་འགྱུར་རོ། །འདིར་གང་གི་རྡོ་རྗེ་སེམས་དཔའ་སོ་སོར་སྣང་བར་མཛད། དེ་ཉིད་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་ཀྱང་ལིང་གར་རྗེས་སུ་
གནས་ཞེས་བྱ་བ་ནི་ལིང་ག་ནི་མཚན་མ་སྟེ་ཕྱག་རྒྱ་ཆེན་པོར་མངོན་པར་བརྗོད་པ་དེའི་ནང་དུ་ལུས་ཐམས་ཅད་ཀྱི་ཁམས་དེ་རྣམས་སུ་གོང་བུར་གྱུར་པའི་སེམས་ཀྱི་ཁམས་དེ་གནས་པ་སྟེ་རྡོ་རྗེ་སེམས་དཔའི་རྣམ་པར་གྲོང་ཁྱེར་གསུམ་རྣམས་སུ་སྐྱེ་གནས་སོ་སོར་སྣང་སྟེ་སྐུ་ལ་སོགས་
པའི་དག་པས་ཁམས་གསུམ་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་དྲི་བ་ཐོག་མའི་བསལ་བའོ། །གཉིས་པའི་གསུངས་པ། ཁྱེར་ནས་འོངས་པ་སྔོན་གྱི་དངོས། །ཞེས་བྱ་བ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་ལ་རྗེས་སུ་སྤྱོད་པའི་དུས་སུ་སེམས་དང་ལྷན་ཅིག་རང་གིས་རིག་
པར་འགྲོའོ། །དེས་རྡོ་རྗེ་སེམས་དཔའི་འཇིག་རྟེན་རྣམས་ཀྱི་མཉམ་པའི་དུས་བཞིན་དུ་རྟོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ངེས་པར་ལས་ཆུང་ངུ་སྟེ། སེམས་ཅན་གྱི་དོན་ཐམས་ཅད་བསྟན་པར་བྱ་བ་དང་སྟོན་པ་པོ་ལ་སོགས་པའི་ལས་ཙམ་མཛད་ནས་དེ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด