དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཌཱ་ཀཱརྞྞ་བ་མཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་སྱ་བོ་ཧི་ཏ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐ · หน้า 82a
པའི་སྐུ་རྣམས་ཀྱིས་ཀྱང་མ་ཡིན་ཏེ། རོ་ཐམས་ཅད་སྐུ་བཞི་ལ་སོགས་པའི་རང་བཞིན་ཞེས་བྱ་བའོ། །དེ་ལྟར་བདུན་པའི་དོན་དུ་དང་པོའོ། །རོ་ཆེན་པོས་ཞེས་བྱ་བའོ། །དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་ནོ། །སངས་རྒྱས་ཀྱི་སྐུ་དཔའ་བོ་དང་རྣལ་འབྱོར་མའི་རང་
བཞིན་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ཡང་མཁའ་འགྲོ་མའི་གོ་འཕང་ལ་གནས་པ་ལས་ཏེ་སྔོན་བཞིན་ནོ། །འདི་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་དེའི་རྗེས་སུ་ཕྱི་དང་ནང་གི་བདག་ཉིད་ཀྱི་དབྱེ་བས་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་གཞག་པ་
བཤད་པ། འཛམ་བུའི་གླིང་ནི་ཆེན་པོའི་སར། །ཞེས་བྱ་བ་ལ་སོགས་པས་འདིར་སངས་རྒྱས་ཀྱི་ཞིང་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་དུས་སུ་ནང་གི་བདག་ཉིད་ཀྱིས་སྦྱོར་བས་རྣམ་པར་སྤྲོའོ། །རྣལ་འབྱོར་ཀྱང་ལྟེ་བའི་འོག་གི་འཁྱིལ་བ་ལས་ཤིན་ཏུ་ཕྲ་བའི་བ་ཐག་བཅུ་གཉིས་ཀྱི་གཟུགས་
ལས་རྩ་བཅུ་གཉིས་སུ་འགྱུར་རོ། །བུ་ག་བཅུ་གཉིས་ཀྱང་ངོ་། །ལུས་ཀྱི་འོག་དང་སྟེང་གི་འཇིག་རྟེན་དུ་ཡང་འགྱུར་རོ། །དེ་ལྟར་མདོར་བསྡུས་པའི་འཇིག་རྟེན་གྱི་ཁམས་མདོར་བསྟན་པ་ཙམ་སྟེ། རྒྱས་པར་བཤད་པ་ནི་འཆད་པར་འགྱུར་བའི་ལེའུ་ལེའུར་སོ་སོར་རྒྱ་ཆེ་བའི་བཤད་པར་
བྱའོ། །དེའི་ཕྱིར་ནང་གི་བདག་ཉིད་ཀྱི་སྦྱོར་བ་ལས་ཕྱིའི་འཇིག་རྟེན་གྱི་ཁམས་ལ་འཇུག་པར་འགྱུར་ཏེ་རྫས་ཀྱི་དབང་གིས་སོ། །དེ་ཡང་ས་འོག་བདུན་གྱི་བདག་ཉིད་ཅན་དང་རི་རབ་དང་བཅས་པ་རྒྱ་མཚོ་བདུན་དང་གླིང་རྣམས་དང་རི་རྣམས་དང་ལྕགས་རི་མུ་ཁྱུད་དང་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མི་
ལ་སོགས་པའོ། །དེ་ལ་འཛམ་བུའི་གླིང་ཆེན་པོའི་ས་ལས་དུམ་བུ་བཅུ་གཉིས་ཏེ་གླིང་བཞི་དང་ཉེ་བའི་གླིང་བརྒྱད་རྣམས་སོ། །དེ་ལྟར་ཤར་ལུས་འཕགས་དང་། བྱང་སྒྲ་མི་སྙན་དང་། ནུབ་བ་ལང་སྤྱོད་དང་། འཛམ་བུའི་གླིང་རྣམས་ནི་ཤར་དང་བྱང་དང་ནུབ་དང་ལྷོའོ། །གྲྭ་རྣམས་སུ་ནི་ཉེ་
བའི་གླིང་རྣམས་སོ། །དེ་ལྟར་འཕོ་བ་བཅུ་གཉིས་ཀྱི་སྦྱོར་བས་ཕྲད་པ་བཅུ་གཉིས་ཀྱི་རང་བཞིན་དུ་འགྱུར་རོ། །དེ་ལྟར་ཤར་གྱི་ལུས་འཕགས་ཞེས་བྱ་བ་ལ་སོགས་པ་ནས་བཅོམ་ལྡན་འདས་གཟུགས་ཅན་མའོ་ཞེས་བྱ་བའི་བར་དུ་མཁའ་འགྲོ་མས་བྱིན་གྱིས་བརླབས་པའི་བདག་མོའི་སྐུའི་
เล่ม ๒๐ · หน้า 82b
རྣམ་པ་གཉིས་ཀྱི་གནས་པའོ། །གཞན་རྟོགས་པར་སླའོ། །ད་ནི་མཁའ་འགྲོ་མའི་གཙོ་མོའི་དཀྱིལ་འཁོར་པ་རྣམས་དང་བཅས་པའི་རྣམ་པར་གཞག་པ་གཉིས་པ་གསུངས་པ། ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཁའི་གཙང་སྦྲ་ལ་སོགས་པ་ནས་བརྩམས་ནས་ཏིང་ངེ་འཛིན་
ལས་ལྡང་བའི་བར་དུ་མངོན་པར་རྟོགས་པ་བསྒོམ་པར་བྱའོ། །དེ་ཡང་དུར་ཁྲོད་ལ་སོགས་པ་ཡིད་དགའ་བའི་གནས་དང་འཇམ་པའི་སྟན་ལ་བསྡད་དེ་ཐང་སྐུ་ལ་སོགས་པར་སོན་པའི་གཟུགས་ལ་དམིགས་པར་བྱའོ། །བདུད་རྩི་ལྔ་ལ་སོགས་པའི་གཏོར་མ་དང་དམ་ཚིག་བསྲུང་བར་
བྱའོ། །བདེ་བའི་རྫས་ལ་སོགས་པ་ཐམས་ཅད་ཉེ་བར་བྱས་ནས། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སྙིང་རྗེ་ལ་སོགས་པ་ཚངས་པའི་གནས་བཞི་རྣམས་བསྒོམ་པར་བྱའོ། །དེ་ནས་སྟོང་པ་ཉིད་རྣམ་
པར་བསྒོམས་ཏེ་རླུང་དང་མེ་ལ་སོགས་པའི་དཀྱིལ་འཁོར་ནས་རི་རབ་ཀྱི་བར་དུ་ཉེ་བར་དགོད་པར་བྱའོ། །དེའི་སྟེང་དུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཁང་པ་བརྩེགས་པ་ར་བ་ལ་སོགས་པ་དང་ལྡན་པའོ། །གནས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དོ། །ཨཱ་ལི་དང་ཀཱ་ལི་
ལས་བྱུང་བའི་ཟླ་བ་དང་ཉི་མའི་སྟེང་དུ་རོའི་གདན་ལ་སྔགས་ཀྱི་ཡི་གེ་ལས་བྱུང་བའི་མཁའ་འགྲོ་མ་ལ་སོགས་པ་སུམ་ཅུ་རྩ་བདུན་གྱི་གཟུགས་ཅན་རྣམས་སྐད་ཅིག་གིས་རྣམ་པར་བལྟ་བར་བྱའོ། །སླར་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པར་བྱའོ། །ཡེ་ཤེས་སེམས་དཔའ་དང་
སྐུ་གསུམ་གྱི་བདག་ཉིད་ཅན་དུ་བྱས་ཏེ་དབང་བསྐུར་བ་གཟུང་བ་བྱས་ནས་རྒྱས་གདབ་པ་ལ་སོགས་པ་བྱས་ཏེ་ནང་གི་བདག་ཉིད་ཀྱི་སྦྱོར་བ་གཏུམ་མོ་ལ་སོགས་པ་རྣམས་ཀྱི་རྗེས་སུ་དྲན་པར་བྱའོ། །སྣ་ཚོགས་པའི་སྤྲོ་བ་དང་བསྡུ་བ་ལ་སོགས་པ་བྱས་ནས་སྔགས་ཀྱི་བཟླས་པ་དང་གཤེགས་
སུ་གསོལ་བ་དང་གཏོར་མ་སྦྱིན་པ་དང་ཏིང་ངེ་འཛིན་ལས་ལྡང་བའི་བར་དུ་སྟེ། སུམ་ཅུ་རྩ་བདུན་བདག་ཉིད་ཀྱི། །ཞེས་བྱ་བ་བསྒོམ་པའོ། །འཁོར་ལོའི་རྣམ་པའི་ལྷའི་བསམ་གཏན་གསུངས་སོ། །དེ་ལྟར། སྙིང་པོའི་ཡི་གེ་ཉི་ཤུ་གཉིས། །མཁའ་འགྲོ་མ་བཅས་ཁ་སྦྱོར་བའོ། །ཞེས་བྱ་བ་ནི་
เล่ม ๒๐ · หน้า 83a
བརྡའི་སྔགས་ཀྱི་ཡི་གེའི་རྣམ་པ་རྣམས་ཏེ། ཨོཾ་གྱི་ཡི་གེ་ལ་སོགས་པའི་བར་དུ་སྟེ། ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནི་ཛཱ་ལ་སམྦཱ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་གཉིས་པ་གསུངས་པ། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་ཀྱི་ཡི་གེ་རེ་རེ་གནས་སུམ་ཅུ་རྩ་བདུན་དུ་ཉེ་བར་
དགོད་པར་བྱའོ། །དེ་ལྟར་ཡང་འཁོར་ལོའི་རྣམ་པའི་རང་རང་གི་ཞིང་དང་གླིང་དང་ཉེ་བའི་གླིང་ལ་སོགས་པ་རྣམས་སུ་ནང་གི་བདག་ཉིད་ཀྱི་སྔོན་དུ་བཤད་པའི་རྩ་བཅུ་གཉིས་པོའི་དབུས་ཕྲད་པ་རེ་རེའི་དུས་ཀྱི་འཁོར་ལོ་རྣམ་པར་འཕྲོ་བའོ། །ཕྲད་པས་ཡང་སྐད་ཅིག་དང་ཡུད་ཙམ་དང་མིག་བཙུམས་པ་
དང་ཕྱེ་བ་ལ་སོགས་པའི་དུས་ཕྲ་མོས་རྒྱས་པར་བཤད་པའོ། །དེ་ལྟར་རིགས་ཀྱི་རྩ་ཞེས་བྱ་བ་ནི་དེ་དེ་བཞིན་དུ་གསུངས་ཏེ། གདམས་ངག་རྣམ་པ་མང་པོ་བྱ་སྟེ་གསུངས་པའི་གཞུང་གི་རིགས་པས་སོ། །མི་གསལ་བར་བཤད་པ་ལས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སོ་སོའི་གཙོ་བོ་ཉིད་
ཀྱང་ལེའུ་དང་པོར་གསུངས་ཏེ། དེ་ནས་གསང་བ་ཞེས་བྱ་བ་ལ་སོགས་པས་ཏེ་ཚིགས་སུ་བཅད་པ་བཅུ་གཅིག་གིས་ཏེ་འདི་ནི་ཐམས་ཅད་དུ་ངེས་པའོ། །དེ་ལྟར་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ནས་མཁའ་འགྲོ་མའི་རིགས་ཞེས་བྱ་བའི་བར་དུ་ཐམས་ཅད་རྟོགས་པར་སླའོ། །དེ་ལྟར་ཐམས་ཅད་
མདོར་བསྡུས་པས་འཁོར་ལོ་སྡོམ་པ་མངོན་པར་བརྗོད་པ་དང་རྩ་བའི་རྒྱུད་ཆུང་ངུར་ཡང་མཁའ་འགྲོ་མ་རིགས་ཀྱི་བདག་པོའོ། །གང་གི་ཕྱིར་མཁའ་འགྲོ་མའི་ཡིན། དེ་བཞིན་དུ་རྒྱུད་དུ་གསུངས་པ། རྣལ་འབྱོར་མ་ནི་སུམ་ཅུ་བདུན། །ཕག་མོ་ཡི་ནི་རིགས་ལས་བྱུང་། །རེ་རེ་ལ་ཡང་རིགས་སྣ་
ཚོགས། །གྲངས་མེད་པ་རུ་འགྲོ་བའོ། །ཞེས་བྱ་བའོ། །གསུངས་པ་འདིས་རྣལ་འབྱོར་མ་ཆེན་མོའི་རྒྱུད་བཤད་པར་འགྱུར་རོ། །ཐམས་ཅད་ཀྱི་མིང་མངོན་པར་བརྗོད་པའི་རྣལ་འབྱོར་མའི་རྒྱུད་ཀྱང་ངོ་། །དེ་ལྟར་རྡོ་རྗེ་ཕག་མོ་དང་འཁོར་ལོ་སྡོམ་པའི་རྒྱུད་དང་། མཁའ་འགྲོ་དང་འཁོར་ལོ་སྡོམ་
པའི་རྒྱུད་ཅེས་བྱ་བ་ལ་སོགས་པར་ཤེས་པར་བྱའོ། །རྣམ་པར་གཞག་པ་གཉིས་པའོ། །ད་ནི་མཁའ་འགྲོ་མའི་མིང་གི་ཡི་གེའི་འདུ་ཤེས་དང་དེ་བཞིན་དུ་སྐྱེ་གནས་དང་དེར་བསྐྱེད་པ་སྟེ་གསུམ་པའི་རྣམ་པར་གཞག་པ་གསུངས་པ། བདག་འདྲིའོ་ཞེས་བྱ་བ་ལ་སོགས་པ་སྟེ་བདག་པོ་ཞེས་
เล่ม ๒๐ · หน้า 83b
བྱ་བ་དང་བདག་གི་ཞེས་བྱ་བ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་རྣམས་ཀྱི་རྣམ་པར་དཔྱད་པ་སྟེ། འདི་ལྟ་བུའི་རྐྱེན་གྱིས་སྤྲུལ་པའི་སྐུ་རྣམས་ཀྱིས་མཁའ་འགྲོ་མའི་ཇི་ལྟར་བསྐྱེད་པར་བྱ་ཞེས་དྲིས་པའོ། །མཉེས་བྱས་ནས་ཞེས་བྱ་བ་ནི་སྣ་ཚོགས་པའི་བདེ་བའི་ཆོ་ག་རྣམས་ཀྱིས་དེའི་ཚེའོ། །མཁའ་
འགྲོ་མ་ལ་བདེ་སྟེར་བ། །ཞེས་བྱ་བ་ནི་དེའི་རང་གི་བསམ་པ་གསུངས་པའོ། །ཉོན་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་པ། རྒྱུད་མ་ཉམས་པ་རང་ཉིད་དེ། །ཞེས་བྱ་བ་ནི་ཇི་སྲིད་སེམས་ཅན་གྱི་རྒྱུད་གཅིག་ནས་གཅིག་ཏུ་ཁྱད་པར་དུ་རྣལ་འབྱོར་མའི་རིགས་ཀྱི་རྒྱུད་དེ་
སྲིད་དུ་མཁའ་འགྲོ་མ་སྐྱེ་བའི་རྒྱུན་སྦྱོར་བའི་དངོས་པོ་ཉམས་པར་མི་འགྱུར་རོ། །རང་ཉིད་ནི་ཌའི་ཡི་གེ་དང་ཨིའི་ཡི་གེའི་ལུས་དང་ལྡན་པ་སྟེ་དེ་འདིར་གསུངས་པ་ཌ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ་གསང་བ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་ལ་སོགས་པའི་རྡོ་རྗེ་ལ་སོགས་བུ་གའི་བདག་ཉིད་
དོ། །གཞུའི་དབྱུག་པའི་རྣམ་པ་ནི་སྲོག་གི་དབྱུག་པ་སྟེ་ལུས་ཐམས་ཅད་དུ་ཁྱབ་པའོ། །དེ་རྣམས་ཀྱིས་ཡང་དག་པའི་ལུས་ཀྱི་གཟུགས་ཏེ། དེ་ཡང་བུ་ག་ཐམས་ཅད་དེ་མིག་ལ་སོགས་པ་རྣམས་སུ་ཁྱབ་པ་སྟེ་མི་གཡོ་བ་ལ་སོགས་པ་དང་བརྟན་པའི་ཏིང་ངེ་འཛིན་ཉིད་ཀྱིས་སྲོག་
གི་དབྱུག་པའོ། །ཡུལ་དང་དབང་པོའི་གཟུགས་ཅན་མོ། །ཞེས་བྱ་བ་ནི་དེ་བཞིན་དུ་ཨིའི་ཡི་གེའི་འདུ་ཤེས་ཀྱི་ལུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཆེན་པོའི་ཐིག་ལེ་མཆོག་ཏུ་མི་འགྱུར་བའི་རྒྱུད་དུ་རིག་པར་བྱ་སྟེ། གང་ལ་ཐིག་ལེ་ཆེན་པོའི་ཡོན་ཏན་ཡོད་པ་དེ་ནི་ཨིའི་ཡི་གེ་སྟེ་རྒྱུ་མཚན་
གྱི་དོན་གྱི་གཉིས་པ་སྟེ་ཨིའི་ཡི་གེས་འགྱུར་བའོ། །དེ་ལྟར་པདྨ་ཆེན་པོར་ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱིའི་ནང་དུ་སྤྲུལ་པ་ལ་སོགས་པའི་པདྨ་རྣམས་གནས་པའི་བ་ཐག་གི་སྐུད་པ་ལྟ་བུའི་རྩ་རྣམས་སོ། །ཏུའི་ཡི་གེ་ནི་ངེས་པར་གཟུང་བ་སྟེ་རྩའི་འཁོར་ལོ་འདབ་མ་དྲུག་གི་རྣམ་པ་དེ་ལ་ཐིག་ལེ་
ཆེན་པོས་ཁྱབ་པའོ་ཞེས་བྱ་བར་འབྲེལ་ལོ། །དེ་ཇི་ལྟར་ཞེ་ན། འགྲོ་དང་འོང་བ་ཞེས་བྱ་བ་སྟེ། འཕོ་བ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཞེས་བྱ་བ་ནི་ངེས་པ་སྟེ། འདི་ནི་ཌཱ་དང་ཨིའི་ཡི་གེའི་དོན་ཏོ། །དེ་ཉིད་སླར་ཡང་བྱེད་པ་ལས་བྱ་བ་གསུངས་པ། ཀ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ་
เล่ม ๒๐ · หน้า 84a
ཀའི་ཡི་གེ་དང་ཨིའི་ཡི་གེའི་འོ། །སྤྲུལ་བྱ་སྤྲུལ་ཞེས་བྱ་བ་ནི་སྣ་ཚོགས་པའི་སངས་རྒྱས་ཀྱི་སྤྲིན་རྣམས་དེས་སྤྲུལ་པ་སྟེ་དེའི་དྲུང་ནས་སྣ་ཚོགས་པའི་སེམས་ཅན་གྱི་ཁམས་སྤྲུལ་པ་བྱ་བའི་རྒྱུས་དེ་དེ་བཞིན་ནོ། །སེམས་ཅན་དེ་ལྟར་འོད་གསལ་བ་ལ་སོགས་པའི་ལས་བྱེད་པར་
འགྱུར་རོ། །ཁམས་ཐམས་ཅད་ཀྱི་ཞི་བའི་གཟུགས་ཉིད་དུ་ཆེན་པོར་འགྲོ་བ་གནས་ཐམས་ཅད་དུ་ཡོངས་སུ་མཆོག་ཏུ་མྱ་ངན་ལས་འདས་པའི་གཟུགས་ཀྱིས་སངས་རྒྱས་ཀྱིས་འཇིག་རྟེན་དང་འཁོར་བ་རྣམས་སུ་གནས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་གནས་པར་གྱུར་པ་ཡང་གཅིག་ཏུ་ན་མྱ་ངན་
ལས་འདས་པ་ལ་རོལ་པ་ནི་མ་ཡིན་ཏེ་དེ་དགའ་བ་མེད་མིན་ཞེས་བྱ་བའོ། །ཐབས་དང་ཤེས་རབ་དང་བྲལ་བས་ཀུན་རྫོབ་ཀྱི་བདེ་བ་རྣམས་ལ་གནས་པར་མི་བྱེད་དོ། །དེ་ཇི་ལྟར་ཞེ་ན། འདིར་བདེ་བ་ཀུན་རྫོབ་ཀྱི་ཕྱིར་ཐ་མལ་པར་འགྱུར་རོ། །འོ་ན་དེ་རྣམས་ཀྱིས་འཁོར་བ་ལ་གནས་པ་ཉིད་པས་
སངས་རྒྱས་སུ་མི་འགྱུར་རོ་ཞེ་ན། ཕ་རོལ་པོའི་ཐེ་ཚོམ་མེད་ལ་གསུངས་པ། བརྗོད་མེད་ལྷན་ཅིག་སྐྱེས་པས་འཚེད། །ཅེས་བྱ་བ་སྟེ་གང་གི་ཕྱིར་མིའི་གཟུགས་ཀྱི་གནས་སྐབས་ཀྱི་མངོན་སུམ་ལས་ཏེ། དེའི་ཕྱིར་ཐ་མལ་པའོ། །ཀུན་རྫོབ་ལ་བརྟེན་པ་ནི་དཔེའི་བདེ་བ་སྟེ་དེ་རྣམས་ཀྱིས་དོན་
ལྷན་ཅིག་སྐྱེས་པའི་བརྗོད་དུ་མེད་པའི་དེའི་འཚེད་པ་ནི་ཐེ་ཚོམ་མེད་དོ། །དེས་མིའི་གཟུགས་ནི་རྟག་ཏུ་སྒྱུ་མ་སངས་རྒྱས་ཀྱི་གཟུགས་དང་གཟུགས་དེས་དེ་ལྟར་རྣམ་པར་སྤྲོ་བའོ། །སྣ་ཚོགས་པའི་རིགས་ཅན་རྣམས་ལ་སངས་རྒྱས་པའི་སངས་རྒྱས་རྣམས་ཀྱིས་བསྐྱེད་དོ། །ཡང་ནས་ཡང་
དུ་སྔོན་དུ་བཤད་པའི་བརྗོད་དུ་མེད་པའི་བདེ་བ་ཆེན་པོ་ལས་གྲུབ་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསྟན་པར་བྱ་བ་དང་སྟོན་པ་པོའི་བྱང་ཆུབ་ལ་དམིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཅིག་ཏུ་ན་གནས་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྣམ་
པར་སྤྲོ་བ་མ་ཡིན་ཏེ། གཞན་དུ་ཡང་འཇིག་རྟེན་པའི་བྱ་བའི་དབང་གིས་སྣ་ཚོགས་པའི་ལྟ་བ་ཡང་ངོ་། །དེ་ཉིད་འདིར་གསུངས་པ། ཨི་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཨི་ཡི་ཡི་གེ་འབྱུང་བ་ཆེ། །ཞེས་བྱ་བ་སྟེ། ཐམས་ཅད་འབྱུང་བ་ཆེ་ནི་འབྱུང་བའི་ཚོགས་ཏེ་སྣོད་དང་
เล่ม ๒๐ · หน้า 84b
སེམས་ཅན་གྱི་འཇིག་རྟེན་ཀྱང་ངོ་། །དེ་རྣམས་ཀྱི་སྣ་ཚོགས་པའི་བྱ་བ་བྱེད་པའོ། །དབང་ཕྱུག་ལ་སོགས་སུ་ནི་སྟོན། །ཞེས་བྱ་བ་ནི་དབང་ཕྱུག་གི་ལྟ་བའོ། །སོགས་ཀྱི་སྒྲས་ཚངས་པ་དང་ཁྱབ་འཇུག་དང་དགྲ་བཅོམ་པ་དང་ཉི་མ་དང་ཕུར་བུའི་ལྟ་བ་རྣམས་སོ། །གང་དུ་བསྐྱེད་པ་གསུངས་
པ། ལུག་དང་དམར་སེར་ཡིད་བཟང་མོ། །ཞེས་བྱ་བ་སྟེ། རྩ་གསུམ་དུ་དེ་དེ་བཞིན་དུ་གསུངས་སོ། །དེའི་ཕྱིར་སྣ་ཚོགས་པའི་ལུས་དང་ལྟ་བ་སྣ་ཚོགས་པ་དང་སྣ་ཚོགས་པའི་འདུག་ཚུལ་རྣམས་འདིའི་ལུས་ཀྱི་རྐྱེན་གྱིས་མཁའ་འགྲོ་མ་དེའི་མིང་སྟེ་ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་
རྣམས་སུ་ཡང་ངོ་། །ད་ལྟར་དྲན་པ་རྗེས་སུ་ཉེ་བར་གཞག་པ་རྣམས་ནི་འཆད་པའི་བཅོམ་ལྡན་འདས་ཀྱིས་གསུངས་པས་བཤད་པར་བྱའོ། །གང་གི་ཕྱིར་གནས་སྐབས་འདིར་མ་གསུངས། པཎྜི་ཏ་རྣམས་རྨོངས་པར་བྱ་བའི་ཕྱིར་རོ། །ལས་ཀྱི་དུས་སུ་དེ་ལྟར་མཚོན། །ཞེས་བྱ་བ་ནི་དེ་
ལྟར་སྔོན་དུ་བཤད་པའི་སྦྱོར་བའི་མཚན་ཉིད་མཁའ་འགྲོ་མའི་མིང་གིས་རྗེས་སུ་དྲན་པར་བྱའོ། །ཞི་བ་ལ་སོགས་པས་ནི། ཀླུ་ནི་སྲོག་བཅུ་ལ་སོགས་པའི་རླུང་རྣམས་ཏེ་དེ་རྣམས་ཀྱི་དགུག་པ་སྟེ་ཕྱི་རོལ་གྱི་ཡང་དགུག་པའོ། །དེ་ལྟར་ཆར་དབབ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིའོ། །བཞུ་བ་ནི་
ཁམས་ཐམས་ཅད་དོ། །དེ་ལ་ཏུའི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ལྟར་ཡང་ལྷ་རྣམས་ཀྱི་ནི་མིག་ལ་སོགས་པའོ། །འབྱུང་པོ་རྣམས་ཀྱི་ནི་ས་ལ་སོགས་པའོ། །རྒྱལ་པོ་རྣམས་ཀྱི་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའིའོ། །ནིའི་ཡི་གེ་ནི་ངག་དང་
ལག་པ་ལ་སོགས་པའིའོ། །རྫུ་འཕྲུལ་ཆེན་པོ་ཅན་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱིའོ། །འདི་རྣམས་ཀྱི་རིམ་པ་ཇི་ལྟ་བས་དབང་དུ་བྱ་བ་ལ་སོགས་པ་རྣམས་ཀྱིས་ཤེས་པར་བྱའོ། །སོགས་པའི་སྒྲས་ཞི་བ་དང་རྒྱས་པའོ། །དེ་ལྟར་ཡང་ཀུན་དུ་སྤྱོད་
པའི་དུས་ལས་ཞེས་བྱ་བ་ནི་ལས་བརྒྱད་རྣམས་གཡོན་པ་དང་གཡས་པའི་སྣའི་བུ་ག་རྣམས་སུ་སྲོག་རྒྱུ་བ་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་སུ་ཤེས་པར་བྱའོ། །ཡང་ན་གཞན་བཞི་རྣམས་དང་བཅས་པས་ལས་བཅུ་གཉིས་རྣམས་ཏེ་དེ་རྣམས་ཀྱང་ཆར་དབབ་པ་དང་། འཛག་པར་
เล่ม ๒๐ · หน้า 85a
བྱ་བ་དང་། ལྐུགས་པར་བྱ་བ་དང་། སྡང་བར་བྱ་བ་སྟེ། འཕོ་བ་བཅུ་གཉིས་ཀྱི་དུས་ལ་བྱའོ། །བསྐྱེད་པར་རང་རང་གླིང་དུ་སྟེ། །ཞེས་བྱ་བ་ནི་འཕོ་བའི་དུས་སུ་དེས་གསུངས་པའི་ཕུང་པོ་ལ་སོགས་པར་ཤར་ལུས་འཕགས་ལ་སོགས་པ་རྣམས་སུ་མཁའ་འགྲོ་མ་ལ་
སོགས་པ་རྣམས་ཀྱི་རང་བཞིན་གྱི་ཕྲ་མོའི་རང་བཞིན་རྣམས་ཀྱིས་བསྐྱེད་པ་ཡང་ངོ་། །ཐབས་དང་ཤེས་རབ་ཅེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་དུ་གཅིག་ཏུ་ཐིམ་པར་གྱུར་པ་ན་སྟེ་གཉིས་སུ་མེད་པའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་པས་གང་གི་ཡོན་ཏན་ལྷག་པ་ཡོད་
འགྱུར་ཞེས་བྱ་བ་གསུངས་པ། རྣལ་འབྱོར་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རྣལ་འབྱོར་བྱས་པས་རྣལ་འབྱོར་པ་རྣམས་དབང་པོར་འགྱུར་རོ། །ཇི་ལྟར་ལྷ་ལ་སོགས་པ་རྣམས་ཀྱི་རྒྱལ་པོ་ནི་དབང་པོ་སྟེ་དེའི་དེ་རྣམས་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །དེ་རྣམས་ཀྱིས་
ཀྱང་བདེ་བ་ལ་སོགས་པའི་ཕུན་སུམ་ཚོགས་པ་འཐོབ་པ་དེ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་འདིར་ཡང་ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་སེམས་ཅན་ཀྱི་དོན་བྱེད་པའི་ཕྱིར་དབང་པོའོ། །འགྲོ་ཞེས་བྱ་བ་ནི་རྣལ་འབྱོར་བསྒོམ་པའི་བག་ཆགས་ཀྱིས་སྐྱེ་སྟེ་གླིང་དང་གླིང་དུའོ། །སེམས་ནི་ཕྲ་ཞིང་
ཕྲ་བ་ཡིས། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་ཡེ་ཤེས་ཀྱི་རང་བཞིན་གྱིས་འགྲོ་བའོ། །རང་གི་བདག་པོའི་སྦྱོར་བ་ལས། །ཞེས་བྱ་བ་ནི་མཁའ་འགྲོ་མ་ལ་སོགས་པའི་བདག་པོ་བསྒོམ་པས་དེ་དེ་བཞིན་དུ་གསུངས་སོ། །ལྷག་མ་རྟོགས་པར་སླའོ། །ཐིམ་དང་ཞེས་བྱ་བ་ལ་སོགས་པ་ནི་
རང་རང་གི་ཞིང་རྣམས་གནས་སུམ་ཅུ་རྩ་བདུན་དུ་ཐིམ་པ་དང་ལོངས་སྤྱོད་ལ་སོགས་པ་བྱེད་པ་པོ་ཉིད་དུ་བྱེད་དོ། །རྫུ་འཕྲུལ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པར་ཤེས་པར་བྱའོ། །དབུགས་རྒྱུ་བ་ནི་ཞེས་བྱ་བ་ནི་དེ་ལྟར་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་སྟེ་དབུགས་རྒྱུ་བས་ཉེ་བར་མཚོན་
པར་བྱའོ། །ཕྲད་པ་གསུམ་འགྱུར་ཞེས་བྱ་བ་ནི་འཇུག་པ་དང་གནས་པ་དང་ལྡང་བས་ཏེ་འདི་ཡིས་ཆ་འཇུག་པའི་དུས་སུ་སྐུའི་འཁོར་ལོ་ལ་གནས་པ་རྣམས་ཀྱིའོ། །གནས་པའི་དུས་སུ་གསུང་གི་འཁོར་ལོར་གནས་པ་རྣམས་ཀྱིའོ། །ལྡང་བའི་དུས་སུ་ཡང་ཐུགས་ཀྱི་འཁོར་ལོར་གནས་པ་
เล่ม ๒๐ · หน้า 85b
རྣམས་ཀྱིས་བསྐྱེད་པར་འགྱུར་རོ། །དུས་ཀྱི་ཕོ་ཉ་མོ་རྩ་ཐམས་ཅད་ཀྱི་དང་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་དུ་རྒྱུ་བར་བྱའོ། །བདག་པོ་རེ་རེའི་སྦྱོར་བས་ཇི་ལྟར་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་བར་དུའོ། །དེ་དེ་ལྟར་ཀུན་དུ་སྤྱོད་པ་གཅིག་ལ་གཅིག་ཀུན་དུ་སྤྱོད་པ་
ལས་ཀུན་དུ་སྤྱོད་དོ། །དེ་ལྟར་འཆད་པར་འགྱུར་བས་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་རང་གི་ལེའུ་རྣམས་སུ་སོ་སོར་བཤད་པར་བྱའོ། །རེ་རེ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ཨ་ཡིག་ལ་སོགས་ཀྵ་ཡི་མཐར། །ཞེས་བྱ་བ་ནི་ཡི་གེ་ལྔ་བཅུ་དེ་རྣམས་ཀྱི་ཡོན་ཏན་དང་འཕར་མ་དང་ཡ་ཎ་སྟོན་
པ་ཞེས་བྱ་བ་ནི་བཤད་པ་ཐུང་བ་དང་དབྱངས་དང་གསལ་བྱེད་རྣམས་དང་རིང་པོ་རྣམས་ཀྱང་གཅིག་སྟེ་ཡོན་ཏན་རྣམས་ནི་ཨོཾ་ཨཱཿཨི་ཨེ་རི་ཨུ་ཨོ་ལིའོ། །འཕར་མ་རྣམས་ཀྱང་ཨཾ་ཨིཾ་རྀཾ་ཨུ་ལྀཾ། དེ་བཞིན་དུ། ཨོཾཿཨིཾཿ་རྀཾཿཨུཾཿལིཾཿཧ་ཡ་ར་ཝ་ལ། ཨ་མཿཨ་ཐཿཨ་པཿཨ་སཿཨཿ
ཀྵཿཧཿ། དེ་བཞིན་དུ། ཀ་ཀཾ། ཁ་ཁཾ། ག་གཾ། གྷ་གྷཾ། ང་ངཾ་། ཙ་ཙཾ། ཚ་ཚཾ། ཛ་ཛཾ། ཛྷ་ཛྷཾ། ཉ་ཉཾ། ཊ་ཊཾ། ཋ་ཋཾ། ཌ་ཌཾ། ཌྷ་ཌྷཾ། ཎ་ཎཾ། པ་པཾ། ཕ་ཕཾ། བ་བཾ། བྷ་བྷཾ། མ་མཾ། ཏ་ཏཾ། ཐ་ཐཾ། ད་དཾ། དྷ་དྷཾ། ཞེས་བྱ་བའོ། །དེ་བཞིན་དུ་གསུངས་པ་ཡོན་ཏན་དང་འཕར་མ་དང་།
ཡ་མེད་བསྟན་པ་དང་། རིང་པོར་བྱ་སྟེ། གཉིས་ཀྱིས་ཕྱེད་དང་བཅས་པའི་བརྒྱ་ཕྲག་གཅིག་གོ། །མཁའ་འགྲོ་མ་གནས་རྒྱས་གདབ་པ། །ཞེས་བྱ་བ་ནི་དེ་ལྟར་ཡི་གེ་དང་དབུགས་གཅིག་གིས་རྣལ་འབྱོར་མ་རྣམས་ཀྱིས་མཁའ་འགྲོ་མ་རྒྱས་བཏབ་པ་སྟེ་དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །
འདི་ནི་རྣམ་པར་གཞག་པ་གསུམ་པའོ། །ད་ནི་བཞི་པ་གསུངས་པ། དེ་ལྟར་མཁའ་སྤྱོད་ཅེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོ་གསུམ་ན་གནས་པ་མོ་རྣམས་ཀྱི་ཁྱད་པར་དུ་བྱེད་པ་སྟེ་དེ་རྣམས་ཀྱི་རང་བཞིན་དུའོ། །དེ་བཞིན་དུ་སྐུའི་ནི་ཞིང་སྐྱེས་སོ། །གསུང་གི་འཁོར་ལོ་ན་
གནས་པ་རྣམས་ནི་སྔགས་སྐྱེས་སོ། །ཐུགས་ཀྱི་འཁོར་ལོ་ན་གནས་པ་རྣམས་ནི་ལྷན་ཅིག་སྐྱེས་མའོ། །གང་ཞིག་གང་གི་ཞེས་བྱ་བ་ནི་གང་དང་གང་གིས་འཁོར་ལོ་ལ་ལྷག་པར་གནས་པའི་རང་བཞིན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་
เล่ม ๒๐ · หน้า 86a
རིགས་ཀྱི་བྱེ་བྲག་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་ལ་སོགས་པ་ལ་ཡོངས་སུ་བརྟེན་ནས་གསལ་བར་མཐོང་བ་ཞེས་བྱ་བར་འབྲེལ་ལོ། །དེའི་ཕྱིར་འདོད་པའི་སྦྱོར་བ་སྐྱེས་གནས་ཞེས་བྱ་བ་སྟེ་འདིའི་སྦྱོར་བས་རྣལ་འབྱོར་པ་རྣམས་ཀྱི་ནང་གི་བདག་
ཉིད་ཀྱི་གནས་སྐབས་ཀྱི་མཚན་ཉིད་ཀྱིས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ལ་སོགས་པ་སྟེ། འདོད་པའི་གནས་པ་མཆོག་གི་མཚོན་བྱ་རྣམས་སུ་ཐིག་ལེ་བཞི་དང་བྲལ་བས་རྩེན་པ་རྡོ་རྗེ་འཆང་གི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ནི་མཆོག་གི་མཚོན་བྱ་རྣམས་ལ་ཐིག་ལེ་བཞི་དང་བྲལ་
བས་རོལ་པ་རྡོ་རྗེ་འཆང་གི་བདག་ཉིད་ཀྱིས་སོ། །དེའི་ཚེ་འོ་ན་མངལ་གྱི་གནས་སྐབས་ལ་སོགས་པ་ཐམས་ཅད་དང་འཇིག་རྟེན་པའི་བྱ་བ་དང་སངས་རྒྱས་ཀྱི་ཞིང་དང་འཇིག་རྟེན་གྱི་ཁམས་ལ་སོགས་པ་བརྫུན་དུ་འགྱུར་རོ་ཞེ་ན། དེ་ཇི་ལྟར་ཞེ་ན། དགའ་བ་དང་མཆོག་དང་བྲལ་བ་དང་ལྷན་སྐྱེས་ཀྱི་གནས་
སྐབས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དང་བརྟན་པ་དང་འགྲོ་བ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་ལ་སོགས་པར་འགྱུར་རོ། །དེའི་ཚེ་དངོས་པོ་མེད་པ་ལས་དངོས་པོར་འགྱུར་ཞེ་ན། དེའི་ཕྱིར་སེམས་ཅན་དངོས་པོ་མེད་པས་སེམས་ཅན་གྱི་དོན་དེ་ཇི་ལྟར། རོལ་པ་མཆོག་གི་མཚོན་ཕྱིར་རྡོ་རྗེ་འཆང་གི་སྐུས་
གནས་གྲོང་མེད་པར་གང་དུ་མཐའ་དང་མཐའ་ལས་ཞེས་སོ། །འདིའི་ཐེ་ཚོམ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་གསལ་བར་བྱེད་པ་གསུངས་པ། བཟའ་བ་ཞེས་བྱ་བ་ལ་སོགས་པས་ཏེ་བཟའ་བ་ནི་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་བཟའ་བ་དང་བཏུང་བ་ལ་སོགས་
པས་རྣལ་འབྱོར་པ་རྣམས་ཀྱི་འཆིང་བའོ། །གང་གི་ཕྱིར་དེ་རྣམས་ཀྱིས་འཁོར་བ་པ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་སྤེལ་བས་དམྱལ་བའི་རྒྱུའོ། །གཞན་ཡང་སྐྱེ་བ་ལ་སོགས་པ་འགྲོ་བ་སྣ་ཚོགས་པའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །ཐ་མལ་པའི་བག་ཆགས་ཀྱི་བུད་མེད་དང་སྐྱེས་བུ་ཀུན་དུ་
སྦྱོར་བ་ལས་དགའ་བ་ལ་སོགས་པར་ནུབ་པར་བྱེད་དོ། །མང་པོ་བཤད་པས་ཅི་བཟའ་བ་དང་བཏུང་བ་ལ་སོགས་པ་གཞན་གྱི་རྫས་འཕྲོག་པ་ལ་སོགས་པར་སྐྱོན་ཐམས་ཅད་རབ་ཏུ་འཇུག་པར་བྱེད་དོ། །འདི་འདྲ་བ་གཞན་གྱི་དགོས་པ་བྱེད་པ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
เล่ม ๒๐ · หน้า 86b
ལ་གོས་པར་མི་འགྱུར་ཏེ། གང་གིས་ཀླ་ཀློའི་ཆོས་ལ་འཇུག་པར་བྱེད། དེ་ཇི་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་སུ་སྐྱེ་བར་འགྱུར། བཤད་པ། དེ་རྣམས་སུ་སྐྱེ་བ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཐབས་ཙམ་གྱི་སྐྱེ་བ་ཡོངས་སུ་འཛིན་པར་བྱེད་དོ། །དེས་སྐྱོན་མེད་དོ། །གང་
གསུངས་པ། གང་དང་གང་གི་ལས་དྲག་པོས། །འགྲོ་བ་རྣམས་ནི་འཆིང་བའོ། །དེ་བཞིན་དུ་ནི་དེ་ཐབས་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་ལོ། །ཞེས་སོ། །དེའི་ཕྱིར་དེ་རྣམས་འདོད་ཆགས་ལ་སོགས་པས་མི་འཛིན་ནོ། །འོན་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་
པའི་སྐུ་ཅན་རྣམས་ཀྱི་ཐིག་ལེ་བཞི་རྣམས་ཀྱི་བྱང་ཆུབ་པ་ཡང་གསུངས་ཏེ་ཐབས་ཀྱིས་སོ། །དེ་མི་ཤེས་པ་རྣམས་ཀྱི་འཁོར་བའི་བག་ཆགས་རྣམས་ཀྱིས་རྨོངས་པ་ནི་འཆིང་བར་འགྱུར་རོ། །དེ་རྣམས་གདོན་པའི་ཕྱིར་དེས་དེ་ལྟ་བུའི་རྒྱུས་གནས་པ་སྟེ་མཆོག་ཏུ་མཚོན་པར་བྱ་བ་རྡོ་རྗེ་འཆང་ཆེན་
པོའི་བདག་ཉིད་དོ། །དེ་བཞིན་དུ་ཡང་གསུངས་པ། གང་གིས་དེ་ལྟར་རྨོངས་པ་འཆིང་། །བློ་དང་ལྡན་པས་རྩེན་པར་བྱེད། །ཅེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །དེའི་ཕྱིར་ཐིག་ལེ་བཞི་དང་བྲལ་བ་རང་གི་བག་ཆགས་ཀྱི་སྐྱོན་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སླར་ཡང་དེ་རྣམས་
ཀྱི་བཟའ་བ་དང་བཏུང་བ་ལ་སོགས་པ་འཇུག །དེའི་ཕྱིར་གསུངས་པ། དེ་རྣམས་སུ་ནི་བཟའ་སྟོན་མོ། །ཕྱུགས་ཆེན་ཡེ་ཤེས་ཀྱི་གཟུགས་ཅན། །ཞེས་བྱ་བ་སྟེ། འདིར་ཕྱུགས་ཆེན་པོ་ནི་འཁོར་བ་སྟེ། ཐིག་ལེ་བཞི་ལ་སོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་
བཟའ་བ་སྟེ། ཙཱ་རུ་ནི་གཡོ་བ་དང་མི་གཡོ་བ་ཟ་བའོ། །གང་གི་ཕྱིར་ཀུན་རྫོབ་ཀྱི་ཡེ་ཤེས་དོན་དམ་པའི་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་མཆོག་ཏུ་གཉིས་སུ་མེད་པ་བསྟན་པ་ཙམ་ཉིད་དེའི་གཟུགས་ཅན་མ་ལུས་པའི་ཕྱིར་ཕྱུགས་ཆེན་པོའོ། །ཐ་མལ་པ་རྣམས་ཀྱིས་འདི་འདྲ་བའི་ལས་དེ་མི་
ཟ་བའོ། །བྱང་ཆུབ་སེམས་དཔའ་རྣམས་དང་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་བཞག་པ་དེ་བཟའ་བར་བྱའོ། །མངོན་སུམ་དུ་ཨ་ཝ་དྷཱུ་ཏཱིར་ཞུགས་པ་ན་ཐམས་ཅད་མི་རྟག་པའི་མཚན་ཉིད་མེད་པར་བྱའོ། །གལ་ཏེ་མི་རྟག་པ་མཚན་ཉིད་མེད་པའི་ཆོས་དེ་གང་ལས་ཇི་ཙམ་ཐམས་ཅད་ཇི་ལྟར་
เล่ม ๒๐ · หน้า 87a
སེམས་ཅན་གྱི་དོན་དུ་མཚོན་པར་བྱ་ཞེ་ན། གསུངས་པ། མཚོན་མིན་གསལ་བར་མཚོན་བྱ་སྟེ། །ཞེས་བྱ་བ་ནི། འདིར་གང་གི་ཚེ་ནང་གི་བདག་ཉིད་ཅན་རང་གི་བདག་ཉིད་ཀྱི་སྦྱོར་བའི་རྐྱེན་གྱི་ཡེ་ཤེས་མཚན་ཉིད་མེད་པ་བརྗོད་དུ་མེད་པ་བདེན་པ་མ་ཡིན་པ་མི་རྟག་པ་གཞོམ་
དུ་མེད་པ་གཟུགས་མེད་པ། ཐོག་མ་མེད་པ་ཐ་མ་མེད་པ་དབུས་མ་ཡིན་པ་ལུས་མེད་པ་ངག་མེད་པ་སེམས་མེད་པ་ཡེ་ཤེས་མ་ཡིན་པ་ཀུན་ཞེས་པ་ལ་སོགས་པས་གང་མཚོན་པ་རང་གི་རིག་པ་སྣ་ཚོགས་པའི་རྫས་ཀྱི་རང་བཞིན་ནོ། །དེའི་ཕྱིར་འགྲོ་བ་ཐམས་ཅད་དང་། བརྟན་པ་ལ་སོགས་གཡོ་
བ་དང་། །འཇིག་རྟེན་འཇིག་རྟེན་པ་ཡང་ནི། །ཀུན་གྱིས་མི་མཚོན་མཚོན་པར་བྱ། །ཞེས་སོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་ཡང་ངོ་། །སེམས་ཅན་ཐམས་ཅད་ཀྱིས་མཚོན་པ་མེད་པ་ཉིད་དུ་ཡང་མཚོན་པར་བྱའོ། །དེ་ལྟ་བུའི་གཟུགས་ཀྱི་རྣལ་འབྱོར་གྱི་དབང་
ཕྱུག་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་ལས་ལངས་པའི་དུས་སུ་ཡང་མཚོན་པར་བྱའོ། །གསལ་བར་ཞེས་བྱ་བ་ནི་དེའི་རང་བཞིན་གྱིས་སེམས་ཅན་དེ་རྣམས་ལ་ཆོས་སྟོན་པ་ལུང་སྣ་ཚོགས་པ་རྣམས་བརྗོད་པའི་ཚིག་བསྟན་པར་བྱའོ། །དེའི་ཕྱིར་སེམས་ཅན་གྱི་དོན་གྲུབ་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་
སོ། །དེ་ཇི་ལྟར་མཆོག་ཏུ་མཚོན་པར་བྱ་བ་ལ་གནས། གསུངས་པ། མཚོན་བྱ་མཚོན་པ་རབ་སྤོང་བ། །ཞེས་བྱ་བ་སྟེ། མཚོན་བྱ་ནི་སེམས་ཅན་ལ་སོགས་པའི་ཁམས་སོ། །མཚོན་པ་མིན་པ་ཡང་ཏིང་ངེ་འཛིན་གྱིས་དེ་ཡང་དེ་ལྟར་མདོར་བསྟན་པ་དང་རྒྱས་པར་བཤད་པས་སྔོན་དུ་བཤད་
པ་སྟེ། དེ་རྣམས་ཀྱིས་གཉིས་དང་བྲལ་བའོ། །ཙའི་ཡི་གེས་མཆོག་ཏུ་གཉིས་སུ་མེད་པ་ཡང་ངོ་། །དེ་ཡང་ཆོས་ཐམས་ཅད་ཡོངས་སུ་ཤེས་པའོ། །དེ་ཡིས་གསུངས་པ། དེ་དང་བྲལ་བས་བྲལ་བའོ། །ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དེས་བྲལ་བ་གཉིས་སུ་མེད་པ་
ཙམ་ནི་ཆོས་ཀྱི་མཚན་ཉིད་དེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་དང་བྲལ་བ་སྟེ་ཆོས་ཉིད་ཀྱི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་མཆོག་ཏུ་མཚོན་པར་བྱ་བ་ནང་གི་བདག་ཉིད་ཀྱི་རྣལ་འབྱོར་གྱི་མཚན་ཉིད་ལ་རྣལ་འབྱོར་གྱི་དབང་ཕྱུག་གནས་པའོ། །དེས་སྔོན་
เล่ม ๒๐ · หน้า 87b
དུ་བཤད་པ་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་ཏེ་དེས་དེ་བཞིན་དུ་གནས་པར་འགྱུར་རོ། །འོན་ཀྱང་སེམས་ཅན་རྣམས་ལ་རྗེས་སུ་གཟུང་བ་དང་ཚར་གཅོད་པ་དང་ཆགས་པ་སྟེ། འདི་ཡི་ཐབས་ཀྱིས་སངས་རྒྱས་རྣམས་ཀྱི་རང་གི་བསྟན་པ་ལ་སེམས་ཅན་རྣམས་འཛུད་པའོ། །
གང་ཞིག་གང་གི་རང་རང་བཞིན། །ཞེས་བྱ་བ་ནི་རྗེས་སུ་གཟུང་བ་དོན་དུ་གཉེར་བ་རྣམས་ཀྱི་རྗེས་སུ་གཟུང་བའི་སྒོ་ནས་འཛུད་དོ། །ཚར་གཅོད་པ་དོན་དུ་གཉེར་བ་རྣམས་སྡང་བའི་སེམས་ཅན་རྣམས་ལ་ཚར་གཅོད་པ་སྟེ་ཉེ་བར་སྟོན་ནོ། །སངས་རྒྱས་དང་ནི་ཆོས་འཇུག་པར། །ཞེས་བྱ་བ་ནི་སངས་
རྒྱས་རྣམས་ཀྱི་ཆོས་ནི་སངས་རྒྱས་ཀྱི་ཆོས་དེ་དེའི་སེམས་ཅན་གྱི་ཆོས་རྣམས་ཀྱི་རྣལ་འབྱོར་མའི་གཟུགས་ཀྱིས་སངས་རྒྱས་སུ་བྱེད་ཅིང་རབ་ཏུ་འཇུག་པར་བྱེད་དེ་འཇུག་པའོ། །དེ་ལྟར་དུས་གཅིག་ཏུ་ངེས་པས་མི་བྱེད་དེ། ནི་ཡི་ཡི་གེ་ངེས་བཤད་དེ། །དེ་ཉིད་ཇི་ལྟར་བྱེད་ཅེས་བྱ་བ་གསུངས་པ།
དུས་དང་དུས་སུ་ཞེས་བྱ་བ་སྟེ་གྲངས་མེད་པའི་རྫོགས་ལྡན་དང་གསུམ་ལྡན་དང་གཉིས་ལྡན་དང་རྩོད་དུས་ཀྱི་དུས་བཞིའི་བར་དུ་འདིར་བར་མ་ཆད་པར་རབ་ཏུ་འབབ་པས་ཆོས་འཇུག་པ་སྟོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སླར་ཡང་བསྐལ་པ་སྲེག་པ་ལ་སོགས་པའི་དུས་སུ་དེ་ལ་བདག་ཏུ་སོང་སྟེ་
བསྟན་པར་བྱ་བ་དང་སྟོན་པ་པོ་ཐམས་ཅད་ནམ་མཁའི་གཟུགས་ཀྱིས་གནས་སོ། །དེར་གནས་ནས་ཀྱང་སེམས་ཅན་གྱི་དོན་འདོར་བར་མི་བྱེད་དེ། དེ་བས་སླར་ཡང་འཆགས་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སྤྲུལ་པར་བྱེད་དེ་འདི་ནི་རྣམ་པར་གཞག་པ་བཞི་པའོ། །ད་ནི་རྣམ་པར་
གཞག་པ་ལྔ་པ་གསུངས་པ། ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ཀྱང་ཐོག་མར་རླུང་གི་དེ་ཁོ་ན་ཉིད་ཉེ་བར་སྟོན་པའི་མཚན་ཉིད་གསུངས་པ། དེས་དེ་ལྟ་བུའི་རྒྱུས་འཇིག་པའི་དུས་ལས་མཐར་སྟོང་པ་ཉིད་ཀྱི་དུས་སུ་ལག་སྐྱོང་བསྟན་པའོ། །དེ་ལྟར་འདིའི་རྒྱུའི་སྦྱོར་བ་གསུངས་
པ། དབུ་མ་ཡི་ནི་སྲོག་གི་རླུང་། །ཞེས་བྱ་བ་སྟེ་འཇུག་པ་དང་འབྱུང་པའི་དུས་སུ་མི་བྱའོ། །གནས་པ་ནི་དེ་གནས་པའི་དུས་ཐམས་ཅད་དུ་སེམས་དང་སེམས་ལས་བྱུང་བའི་དངོས་པོ་ལ་ཡང་དོར་བར་མི་བྱའོ། །དེ་ལྟར་བརྟན་པ་ཕག་མོ་ལ་སོགས་པ་སུམ་ཅུ་རྩ་བདུན་ལ་སོགས་པའི་རྡོ་རྗེ་རྣལ་
เล่ม ๒๐ · หน้า 88a
འབྱོར་མ་བསྒྲུབ་པར་འགྱུར་རོ། །དེའི་ཕྱིར་སྣ་ཚོགས་པའི་དངོས་གྲུབ་རྣལ་འབྱོར་པ་ཡིད་ལ་འདོད་པས་སྟེར་བར་བྱེད་དོ། །དེ་ལྟར་མི་བརྟན་པ་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་གཟུགས་ཀྱིས་སྲིད་པ་དང་མྱ་ངན་
ལས་འདས་པའི་མཚན་ཉིད་ཀྱིས་མཁའ་འགྲོ་མ་ལ་སོགས་པར་གནས་ནས་རྣལ་འབྱོར་མ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྣམས་ཀྱིས་རྒྱས་གདབ་པར་གསུངས་པ། རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་ཞིང་འབར་བར་བྱེད་པ་རབ་ཏུ་གསལ་བ་ཙམ་གྱིས་གཟུགས་
ཀྱི་ཀུན་རྫོབ་ཀྱི་དངོས་པོས་ལྷ་མོ་ལས་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པ་ནི་མཚོན་པར་བྱ་བའོ། །དེ་ལྟར་མི་བསྐྱོད་པ་དང་མི་གཡོ་བས་ན་མི་བསྐྱོད་པ་སྟེ་མྱ་ངན་ལས་འདས་པ་རྟག་པ་ཉིད་ཀྱིས་རྟག་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རང་གིས་འདི་རྣམས་ཀྱི་རྡོ་རྗེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པས་
མཚོན་པར་བྱ་སྟེ་རང་ཉིད་མངོན་སུམ་དུ་མྱ་ངན་ལས་འདས་པའི་གཟུགས་ཅན་ཞེས་བྱ་བར་དགོངས་སོ། །སུམ་ཅུ་རྩ་དྲུག་ཅེས་བྱ་བ་སྟེ་རིག་པ་རང་རང་གི་དུས་ལས་ཞེས་བྱ་བ་ནི་ཕོ་ཉ་མོ་རྣམས་ཀྱི་རང་རང་གི་རིག་པ་ཡི་གེ་རྣམས་ལས་བསྐྱེད་པ་སྟེ། དེ་རྣམས་ཀྱི་རང་གི་དུས་སུ་རྒྱས་གདབ་པ་སྟེ་དེ་བཞིན་
གཤེགས་པ་དྲུག་གིས་ནམ་མཁའ་ལ་སོགས་པའི་རིགས་ཅན་མ་རྣམས་ཀྱི་རིགས་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །ངེས་པར་བརྗོད་པ་ཞེས་བྱ་བ་ནི་རྩ་བའི་རྒྱུད་དུའོ། །ལྷག་མ་རྟོགས་པར་སླའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ལྷ་མོ་མཁའ་འགྲོ་མ་རང་ཉིད་ཐབས་དང་ཤེས་རབ་ཀྱི་ཡེ་
ཤེས་དང་རྣམ་པར་ཤེས་པ་གཅིག་ཏུ་ཐིམ་པར་གྱུར་པས་སྲོག་དང་ཐུར་དུ་སེལ་བ་ཨ་བ་དྷཱུ་ཏཱིའི་ནང་དུ་ཐིམ་པར་འགྱུར་རོ། །དེས་ཡང་རྩ་ཐམས་ཅད་ཞུ་བར་ཞུགས་པར་འགྱུར་རོ་ཞེས་བྱ་བར་འབྲེལ་ལོ། །དེ་ལྟར་བོ་ལ་དང་ཀཀྐོ་ལ་སྲོག་དང་ཐུར་དུ་སེལ་བ་དེའི་སྦྱོར་བས་ཞེས་བྱ་བ་སྟེ།
དེ་དེ་བཞིན་དུ་གསུངས་པའོ། །དེ་སྐད་ཅིག་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ་མ་ལུས་པ་དེའི་རང་བཞིན་དུ་དངོས་པོར་ཐམས་ཅད་བལྟའོ་བར་ལག་སྐྱོང་ངོ་། །དཀྱིལ་ནི་སྙིང་པོ་ཞེས་བྱ་བ་སྟེ་དཀྱིལ་འཁོར་ནི་རོ་མཉམ་པའོ། །ལྔ་པའི་དོན་གྱི་དང་པོ་སྟེ་རོ་མཉམ་པ་ལས་ཞུ་བའི་
เล่ม ๒๐ · หน้า 88b
ཁམས་ཀྱི་ཡེ་ཤེས་ཉིད་ནམ་མཁའ་སྟེ། ཡེ་ཤེས་ཀྱི་ནམ་མཁའ་རང་གིས་རང་ལ་བལྟ་བར་བྱའོ། །འདི་ཡང་། ལྷ་མོ་ནམ་མཁའི་ནང་སོན་པ། །ཞེས་བྱ་བ་ནི་རྩ་ཐམས་ཅད་དང་ཞུ་བར་གྱུར་པ་རྣམས་ཀྱི་སྟེ། དེས་དེ་བཞིན་དུ་སྔོན་དུ་བཤད་པའི་ཐིམ་པར་གྱུར་པ་ཡེ་
ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་ཀྱང་དེའི་ཡང་དག་པར་སྲུན་པའི་དུས་སུ་དེའི་གོ་འཕང་གི་གནས་སོ། །དེས་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་ནམ་མཁའི་ཁམས་སུ་སོན་པ་དང་འོངས་པས་ཡང་དག་པར་སྐུལ་བར་བྱེད་དོ། །གཙོ་བོ་ཞེས་བྱ་བ་ནི་མཆོག་ཏུ་གཉིས་སུ་མེད་
པར་སོན་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །སླར་ཡང་སེམས་ཅན་གྱི་དོན་ཉིད་དུ་སད་པར་བྱེད་དོ། །འདི་རྣམས་ཞེས་བྱ་བ་ནི་འདི་འཆད་པར་འགྱུར་བའི་གླུའི་སྔགས་ཀྱི་ཚིགས་སུ་བཅད་པ་འདིས་སོ། །སྔོན་གྱི་སྨོན་ལམ་ལ་སོགས་པས་རྣལ་འབྱོར་གང་བྱེད་པ་དེ་
ཐམས་ཅད་ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྗེས་སུ་དྲན་ནོ། །དེ་ལྟར་ཚིག་བཞི་པའི་ཚིགས་སུ་བཅད་པ་བཞི་ཤམ་བུ་མེད་པ་ལྔ་ལྡན་གྱི་དབྱངས་འགྱུར་གྱིས་རན་པར་བླང་བར་བྱའོ་ཞེས་བྱ་བ་ནི་ངེས་པའོ། །སླར་ཡང་གླུའི་སྔགས་ཀྱི་དོན་གསུངས་
པ། རོལ་ཅིང་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ཀྱང་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་གྱི་གླུ་བཞི་བྱེད་པའོ། །མཆོག་གི་བདེ་ཆེན་རྡོ་རྗེ་རོལ་ཅིག་རོལ། །ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་འཆང་དཔལ་བདེ་བ་ཆེན་པོས་ལྷན་ཅིག་བདག་ཅག་ཤར་དང་མེའི་ཕྱོགས་
ན་གནས་པ་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་སོན་པ་ལས་སློང་བ་སྟེ་བདག་ཅག་སྙིང་རྗེའི་བདག་ཉིད་ཅན་མ་ཉམས་ལ་འདོད་པ་མཛོད་ཅིག་པའོ། །ཐབས་དང་ཤེས་རབ་ཀྱི་ནི་དགོངས་པ་གྲུབ་པར་མཛོད། །ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཡང་དག་
པར་འབྲེལ་པས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་གྱི་ཡེ་ཤེས་སྒྲུབས་ཤིག་པའོ། །འདིའི་དོན་དུ་ཡང་། འཇིག་རྟེན་པ་ལས་ཁྱོད་ཀྱིས་སྙིང་རྗེ་བསྒོམས། །ཞེས་བྱ་བ་སྟེ་འཇིག་རྟེན་པ་མགོན་མེད་པ་རྣམས་ལ་ཁྱོད་ཀྱིས་ཏེ་དེ་བཞིན་དུ་གསུངས་པའོ། །གང་གིས་སྙིང་རྗེ་བསྒོམས་པས་ཇི་ལྟར།
เล่ม ๒๐ · หน้า 89a
ལྷ་དང་ལྷ་མིན་ཐམས་ཅད་སངས་རྒྱས་མཛོད། །ཅེས་བྱ་བ་སྟེ། གཅིག་ཏུ་ན་ཁྱོད་ཉིད་ཀྱིས་དེ་ལྟར་གཅིག་སངས་རྒྱས་སུ་འགྱུར་བར་བྱ་བ་མ་ཡིན་ཏེ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་སྙིང་རྗེས་གདུལ་བར་བྱ་བ་རྣམས་ཀྱང་སངས་རྒྱས་སུ་འགྱུར་བར་
རོ། །དེ་བཞིན་དུ་ཡང་བྱང་ཕྱོགས་དང་དབང་ལྡན་ན་གནས་པ་རྣམས་བྱམས་པའི་རང་བཞིན་གྱིས་གསུངས་པ། རྡོ་རྗེ་འཛིན་པ་བདེ་ཆེན་བྱང་ཆུབ་ཀྱིས་མཉེས་མཛོད། །ཅེས་བྱ་བ་སྟེ། ཀྱེ་བདག་པོ་རྡོ་རྗེ་འཆང་བདག་ཅག་བྱམས་པའི་བདག་ཉིད་ཅན་རྣམས་ལ་བདེ་བ་ཆེན་པོའི་རང་བཞིན་
གྱི་བྱང་ཆུབ་ཀྱིས་མཉེས་པར་མཛོད་ཅིག་གང་གིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་མཐུན་པར་འདོད་པའི་དངོས་པོ་འདི་ཡིས་སོ། །ཁྱོད་ནི་ཅིའི་ཕྱིར་སྟོང་ཉིད་ཏིང་འཛིན་བཞུགས། །ཞེས་བྱ་བ་ནི་ཅིའི་ཕྱིར་མགོན་པོ་ཁྱོད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་དངོས་པོ་ལ་གནས་པར་ཁྱོད་
ཀྱིས་དོར་ཅིག་པའོ། །འདི་མཛོད་ཅིག་པ་སྟེ་གསུངས་པ། རྡོ་རྗེ་པདྨའི་སྦྱོར་བས་རྣལ་འབྱོར་མ་རོལ་སད་པར་མཛོད། །ཅེས་བྱ་བ་སྟེ། རྡོ་རྗེ་དང་པདྨ་ཀུན་དུ་སྦྱོར་བས་རྣལ་འབྱོར་མ་རྣམས་དགའ་བར་མཛོད་ཅིག་པའོ། །གང་གིས་རྣལ་འབྱོར་མ་རྣམས་རབ་ཏུ་སད་པར་འགྱུར་བར་རོ། །བྱས་
པའི་འབྲས་བུ་གསུངས་པ། གང་གིས་ལྷན་ཅིག་སྟོང་ཉིད་ཏིང་འཛིན་ལ་ཁྱོད་བཞུགས། །ཞེས་བྱ་བ་སྟེ་གང་གིས་ལྷན་ཅིག་དངོས་ཀྱིས་ཁྱད་པར་དུ་བསམས་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་འདི་ལ་ཁྱོད་ཀྱིས་ཞུགས་པའོ། །དེ་བཞིན་དུ་ནུབ་དང་རླུང་དུ་རྣམ་པར་གནས་པ་རྣམས་ཀྱིས་རབ་
ཏུ་དགའ་བའི་བདག་ཉིད་ཅན་རྣམས་ཀྱི་དགའ་བའི་རང་བཞིན་གྱིས་གསུངས་པ། མངའ་བདག་ཁྱོད་ཀྱིས་ཁམས་བཞིའི་ས་བོན་འཛག་པར་མཛོད། །ཅེས་བྱ་བ་སྟེ། ཁམས་བཞི་ནི་ས་དང་ཆུ་དང་མེ་དང་རླུང་སྟེ་དེ་རྣམས་ཀྱི་ས་བོན་བྱང་ཆུབ་ཀྱི་སེམས་དེ་ཁྱོད་ཀྱིས་འཛག་པར་མཛོད་
ཅིག་པའོ། །རྒྱུ་གང་གི་ཕྱིར་གསུངས་པ། ཨ་ཝ་དྷཱུ་ཏཱིའི་རང་བཞིན་གཏུམ་མོ་ལྡང་། །ཞེས་བྱ་བ་སྟེ། ཨ་ཝ་དྷཱུ་ཏཱིའི་རང་བཞིན་གྱིས་གཏུམ་མོ་ཉེ་བར་སྤོང་བ་ཞེས་བྱ་བ་སྟེ། །དབང་པོ་གཉིས་སྙོམས་པར་ཞུགས་པའི་འཕོ་བ་མེད་པའི་བདེ་བས་རྣལ་འབྱོར་མ་རྣམས་ཡོངས་སུ་དགའ་བར་
เล่ม ๒๐ · หน้า 89b
མཛོད་ཅིག་པའོ། །དེ་བཞིན་དུ་གང་གིས་གཏུམ་མོ་ལངས་པ། ས་གསུམ་སྲེག་པར་བྱེད་དེ་གང་དུ་ཡང་མ་མཐོང་ངོ་ཞེས་བྱ་བ་སྟེ། ས་གསུམ་ནི་ལུས་དང་ངག་དང་སེམས་སོ། །བསྲེགས་པ་ནི་ཤེས་བྱའི་སྒྲིབ་པ་ལ་སོགས་པ་རང་བཞིན་མེད་པར་སོན་པ་སྟེ། དེ་ལྟར་སོང་བས་གང་དུ་ཡང་
བདག་དང་བདག་གི་བ་ལ་སོགས་པ་དང་གཟུང་བ་དང་འཛིན་པའི་དངོས་པོ་མི་མཐོང་བའོ། །ཐམས་ཅད་དོན་མེད་པ་ཉིད་དུ་འགྲོ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གསུངས་པ། །མྱ་ངན་ལས་འདས་པའི་ངོ་བོ་འབར་ཞིང་འབར་བའོ་ཞེས་བྱ་བ་སྟེ། དེ་ལྟར་སྔོན་དུ་བཤད་པའི་གཏུམ་མོ་རྟག་ཏུ་རྣལ་
འབྱོར་ལ་གོམས་པས་རབ་ཏུ་དགའ་བ་ལ་གནས་པས་བསྲེགས་པར་གྱུར་པས་ཐམས་ཅད་དུ་གནས་པ་མྱ་ངན་ལས་འདས་པའི་རང་བཞིན་དུ་འགྱུར་བར་སེམས་ཅན་གྱི་དོན་དུ་ཀྱེ་ཁྱབ་བདག་མཛོད་ཅིག་པའོ། །དེ་བཞིན་དུ་ལྷོ་དང་བདེན་བྲལ་དུ་གནས་པ་རྣམས་ཀྱིས་བཏང་སྙོམས་ཀྱི་རང་
བཞིན་གྱིས་གསུངས་པ། ལྷན་སྐྱེས་རང་བཞིན་གྱིས་ནི་མཁའ་འགྲོ་མ་རྣམས་དགའ་བར་མཛོད། །ཅེས་བྱ་བ་སྟེ། ཀྱེ་མགོན་པོ་བདག་ཅག་མཁའ་འགྲོ་མ་རྣམས་བཏང་སྙོམས་ཏེ་སྟོང་པ་ཉིད་སྤོང་བའི་རྒྱུ་རྣམས་ལ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་དགའ་བ་བདེ་བ་ཆེན་པོའི་རང་བཞིན་
རང་ཉིད་མཛོད་ཅིག་པའོ། །གང་གིས་སྐྱེ་བ་དང་ནི་འཆི་བ་སོ་སོར་མ་མཐོང་ངོ་། །ཞེས་བྱ་བ་ནི་གཅིག་ཏུ་ན་སྟོང་པ་ཉིད་ཀྱི་འཆི་བ་ལྟ་བུར་མཐོང་བ་མ་ཡིན་ཏེ། ཤི་བ་ལས་སྔར་ཡང་སྐྱེའོ། །དེའི་ཕྱིར་བདེ་བ་ཆེན་པོའི་རང་བཞིན་གྱི་བྱང་ཆུབ་ཀྱང་གསུངས་པ། རྒྱལ་བ་མགོན་པོས་སེམས་ཅན་
སད་པར་མཛོད། །ཅེས་བྱ་བ་སྟེ། མདོར་ན་ཀྱེ་རྒྱལ་བ་མགོན་པོ་བདེ་བ་ཆེན་པོ་འདིའི་རང་བཞིན་གྱི་བྱང་ཆུབ་ཀྱི་མཛེས་པའི་སེམས་སུ་མཛོད་ཅིག་པའོ། །གང་གིས་དེ་ལྟར་བསྒྲུབས་པས་འདིར་འགྱུར་བར་གསུངས་པ། སྒྱུ་མའི་སེམས་ཅན་ཁམས་ནི་བསྒྲལ་བར་མཛོད། །ཅེས་བྱ་བ་སྟེ། དེ་
ལྟར་ཡང་བདེ་བ་ཆེན་པོའི་ངོ་བོའི་བྱང་ཆུབ་སྒྱུ་མའི་རང་བཞིན་གྱིས་སེམས་ཅན་གྱི་ཁམས་སྒྲོལ་ཅིག་པའོ། །འདི་ཞེས་བྱ་བ་ནི་དེ་ལྟར་ཐོས་ནས་རྟོགས་པའི་གླུ་ཆེན་པོ་ཞེས་བྱ་བ་སྟེ། ངག་རྣམས་ཤིན་ཏུ་འཛིན་པའི་ངོ་བོས་སོ། །གླུ་འདིའི་ཉེ་བར་སྤྱད་པས་གཞན་པར་བསྟན་པའི་རྣལ་འབྱོར་མ་
เล่ม ๒๐ · หน้า 90a
རྣམས་ཀྱི་རང་བཞིན་གྱིས་དེའི་རང་བཞིན་དུ་ཕྱིས་འདྲེས་པའི་དངོས་པོས་རབ་ཏུ་སད་དོ། །ཇི་ལྟར་ཆུ་ལ་ཐིམ་པའོ། །དེ་ཡང་རྣལ་འབྱོར་མའི་འཁོར་ལོའི་གཙོ་མོའི་རང་བཞིན་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་ཏེ་སོགས་པའི་སྒྲས་ཆོས་དང་ཆོས་ཉིད་ཀྱང་ངོ་། །དེ་ལྟར་དཀྱིལ་
འཁོར་གྱི་འཁོར་ལོ་ལ་སོགས་པའི་གཙོ་མོ་སྒྱུ་མ་ལྟ་བུའི་མཚན་ཉིད་དོ། །ཅིའི་ཕྱིར་ཞེ་ན། གསུངས་པ། མཐོང་བར་གྱུར་ཞེས་བྱ་བ་ལ་སོགས་པ་སྟེ་རྣལ་འབྱོར་མ་ཐམས་ཅད་ཀྱི་ངོ་བོའི་རང་བཞིན་གྱིས་འོད་གསལ་བའི་སྐུ་ཆེན་པོའི་སྣང་བརྙན་གྱི་མཚན་ཉིད་དོ། །དེ་ཡང་མཚན་ཉིད་ནམ་མཁའ་ལ་
ཐིམ་པ་སྟེ་ལྔ་པའི་དོན་གྱི་གཉིས་པའོ། །དེར་ཐིམ་པའི་ནམ་མཁའ་ལས་རང་གི་འཁོར་ལོ་ནི་ཞེས་བྱ་བ་ནི་གཟུགས་ལ་གཟུགས་ཐིམ་པར་འགྱུར་རོ། །ཇི་ལྟར་སྒྱུ་མའི་གཟུགས་མེ་ལོང་ལ་སོགས་པས་སོ་སོར་གསལ་ཏེ་མེ་ལོང་གི་དངོས་པོ་དེ་ལ་དེ་བཞིན་དུ་ཡོངས་སུ་གྱུར་ནས་འགྲོའོ། །དེ་ལྟར་སྒྱུ་
མ་ལྟ་བུ་མཐོང་བར་གྱུར་པས་ཐིམ་པའོ། །སླར་ཡང་རིགས་པ་འདིས་བར་སྐབས་ཀྱི་སྐུ་བཞིའི་རྣམ་པར་གཞག་པ་གསུངས་པ། གཉིས་པ་ཞེས་བྱ་བ་ལ་སོགས་པ་སྟེ། སོགས་ཀྱི་སྒྲས་ལོངས་སྤྱོད་རྫོགས་པའོ། །དེ་དག་ཀྱང་ནམ་མཁའ་ལ་སྐུ་སོ་སོར་གསལ་ཏེ་ལྷན་ཅིག་སྐྱེས་པའི་སྐུའོ། །
སླར་ཡང་དེ་ལ་དེ་ལྟར་ཐིམ་སྟེ་ལོངས་སྤྱོད་རྫོགས་པའོ། །རྣལ་འབྱོར་མའི་འཁོར་ལོའི་བདག་ཉིད་དུ་སྤྲུལ་པ་མོ་ཆོས་ཀྱི་སྐུ་ཡང་ངོ་། །ཐམས་ཅད་ཅེས་བྱ་བ་ནི་སྐུ་གསུམ་གཅིག་ཏུ་རྗེས་སུ་བསྒྲུབས་པ་ལས་སྒྲིབ་པ་མེད་པར་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མེད་པ་དང་པོའི་སངས་
རྒྱས་ཀྱི་རང་བཞིན་ཅན་ནོ། །བཤད་པའི་ལྷན་ཅིག་སྐྱེས་པ་ལ་སོགས་པ་བཞིའི་རྣམ་པར་གཞག་པ་དང་བྲལ་བ་དེའི་རང་བཞིན་སངས་རྒྱས་ཀྱི་ཡུལ་ཡེ་ཤེས་ཀྱི་ཚིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྣལ་འབྱོར་མའི་རྒྱུད་བསྒྲུབས་ནས་ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རིགས་པས་བསྒོམ་པ་བྱས་
པས་སོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་རྣམས་སུ་སེམས་འོད་གསལ་དུ་སོན་པས་དེ་ཁོ་ན་ཉིད་རང་གི་རིག་པ་གཉིས་སུ་མེད་པའི་ཡིད་ཆེས་པས་རང་གིས་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་རོ། །གལ་ཏེ་སེམས་དེ་སྲིད་དུ་འོད་གསལ་བར་སོན་པ་དེའི་ཚེ་དེ་ཁོ་ན་ཉིད་ལ་སོགས་པའི་རྣལ་འབྱོར་གྱི་
เล่ม ๒๐ · หน้า 90b
རྒྱུད་རྣམས་སུ་གང་གིས་ཡིད་ཆེས་པར་འགྱུར་བ་གསུངས་པ། སློབ་དཔོན་གྱི་ནི་སེམས་རྡོ་རྗེ། །ཞེས་བྱ་བ་སྟེ་འདིར་མཁས་པ་རྣམས་ཀྱི་ཐོག་མར་ཙའི་ཡི་གེས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ཚུལ་ལ་བརྟེན་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གསུངས་པ། འདིར་ལུས་ལ་འབྱུང་བ་ཆེན་པོ་ལ་
སོགས་པའི་ཁམས་རྣམས་ཆོས་མངོན་པའི་རིགས་པས་དང་བྱེ་བྲག་སྨྲ་བའི་ཆོས་ཀྱིས་རྣལ་འབྱོར་པ་དེས་མི་རྟག་པར་བྱའོ། །དེས་སླར་ཡང་མདོ་སྡེ་པ་རྣམས་དང་བཅས་པའི་ལྟ་བ་ལ་སེམས་བརྟན་པ་སྐྱེད་པར་བྱེད་དེ་སྣ་ཚོགས་པའི་སྐྱེས་རབས་ལ་སོགས་པའོ། །དེ་ལྟར་ཡང་མི་བདེན་པར་
བྱས་ནས་སེམས་ནམ་མཁའི་ངོ་བོ་ཅན་དུ་རྣལ་འབྱོར་སྤྱོད་པར་འགྱུར་བ་མ་རིག་པ་ཡོངས་སུ་སྤོང་བ་ལས་སེམས་རྡོ་རྗེའོ། །དབུ་མ་ནི་རྩ་བ་སྟེ་དེ་ལྟར་སྤྱོད་ཡུལ་ནི་དངོས་པོ་ཐམས་ཅད་དོ། །དེ་རྣམས་ཀྱི་སྤྱོད་པ་ཉིད་ཀྱི་ཕྱིར་ཡོངས་སུ་ཤེས་པ་དང་རིག་པའོ། །དེ་ལྟར་སེམས་ཀྱི་རྡོ་རྗེའི་ཆོས་ཐམས་
ཅད་སློབ་དཔོན་གྱིས་དེའི་ཚེ་ཁྱད་པར་ཉིད་ཀྱིས་དེའི་ནང་དུ་ཆོས་ཐམས་ཅད་སོན་པའོ། །དེའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱིས་ལུས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པ་རིག་པ་པོ་ཀུན་རྫོབ་ཀྱི་འོད་གསལ་བར་སོང་བ་ཡང་སྒྱུ་མའི་རྣམ་པས་སེམས་རྡོ་རྗེ་སོ་སོར་སྣང་བའི་སྐུའི་རྣམ་པ་ཉིད་ཀྱིས་སོ། །དོན་
དམ་པར་ནི་ཐམས་ཅད་དུ་རྒྱན་བཏགས་སྒྲོ་བཏགས་པ་ཐོང་ཤིག །དེ་ཇི་ལྟར་ཞེ་ན། དབུ་མའི་ཚུལ་ཞེས་བྱ་བ་གསུངས་པ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཅན་མ་ཡིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཁོ་ན་ཉིད་དབུ་མར་ཤེས། །ཞེས་བྱ་
བའོ། །དེ་ལྟར་གནས་སྐབས་ཐམས་ཅད་དང་བྲལ་བ་བཞི་པ་ལས་འདས་པ་ངེས་པར་གཞག་པ་དེ་ཉིད་ཀྱི་གནས་སྐབས་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ཉིད་བརྟན་པ་ཐོབ། །ཅེས་བྱ་བ་ནི་བླ་མ་རྡོ་རྗེ་འཆང་ལས་དཔེས་མཚོན་པར་བྱ་བའི་མཐར་དེ་ཁོ་ན་ཉིད་ཐོབ་པའོ། །དེ་
ཡང་ཇི་ལྟར་མ་དང་ཕ་སྙོམས་པར་འཇུག་པའི་དུས་སུ་དྲི་ཟའི་སེམས་ཅན་གྱིས་བདེ་བ་ཉམས་སུ་མྱོང་སྟེ་འཛག་པའི་དུས་སུ་ནི་དེ་བཞིན་དུ་དེ་ལྟར་ཉེ་བར་སྟོན་པ་ལུས་འཛིན་པའི་དངོས་པོས་མངོན་སུམ་དུ་ཉམས་སུ་མྱོང་ངོ་། །དེའི་རང་བཞིན་དུ་འགྲོའོ། །ནིའི་སྒྲ་ནི་ངེས་པར་གཟུང་
เล่ม ๒๐ · หน้า 91a
བའོ། །དབུ་མ་ཆེན་པོའི་མཚན་ཉིད་དོ། །ཞེས་བྱ་བ་ནི་བདེ་བ་དང་སེམས་ཉིད་ཀྱིས་ཀུན་རྫོབ་ཀྱི་གཟུགས་ཐམས་ཅད་བུམ་པ་དང་སྣམ་བུ་དང་ཤིང་རྟ་ལ་སོགས་པ་སྟེ་དེ་ཉིད་དེ་ལྟར་དོན་དམ་པའོ། །འོན་ཀྱང་བྱིས་པའི་རིགས་ཅན་རྣམས་ཀྱིས་ཐ་དད་སོ་སོར་ཡོངས་སུ་བརྟགས་
སོ། །དེ་ལྟར་གང་ཀུན་རྫོབ་དེ་དོན་དམ་པ་སྟེ། གང་ཞིག་དོན་དམ་པ་ནི་ཀུན་རྫོབ་ཏུ་བདེ་བ་དང་སེམས་དག་གིས་ལུས་དང་བདེ་བའོ། །འོ་ན་དེ་ལྟར་བྱེ་བྲག་སྨྲ་བ་ལ་སོགས་པ་གྲུབ་པའི་མཐའ་བཞི་དེ་རྣམས་ཀྱི་སྤྱོད་ཡུལ་བླ་མའི་གདམས་ངག་དེའི་ཚེ་ཐམས་ཅད་ཕྱི་རོལ་པར་འགྱུར་རོ། །ཕྱི་དང་ནང་གི་
བདག་ཉིད་ཀྱི་ཆོས་ལ་དབྱེ་བ་མེད་པར་འགྱུར་ཞེ་ན། དེ་ལ་ཇི་ལྟར་བླ་མ། གདམས་ངག་ནི་ཅི། དེ་ལྟར་གལ་ཏེ་མི་འགྱུར་ན་དེའི་ཚེ་གལ་ཏེ་མི་འགྱུར། དེའི་ཚེ་སྐྱོན་ཏེ་སྔགས་ཀྱི་ཚུལ་གྱི་བསྟན་བཅོས་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པས་གསུངས་པའི་ཆོས་བརྫུན་
དུ་འགྱུར་རོ། །གཅིག་ཏུ་ན་སྔགས་ཀྱི་ཚུལ་གྱི་བསྟན་བཅོས་ཐམས་ཅད་གཅིག་པའི་དངོས་པོ་བས་དུ་མར་མི་འགྱུར་རོ། །བརྫུན་དེས་ཁྱེད་ཀྱི་ཕྱིན་ཅི་ལོག་བསྟན་པས། དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་རོ་ཞེ་ན། དེ་བཞིན་དུ་ཡང་བཤད་པ། དེ་བཞིན་གཤེགས་པས་ཆོས་བསྟན་
གང་། །བདེན་པ་གཉིས་ཀྱི་བདག་ཉིད་ཅན། །གསང་སྔགས་ཚུལ་སོགས་ཐམས་ཅད་ལ། །སུན་འབྱིན་བྱེད་པ་དམྱལ་བར་འགྲོ། །མ་ཐོས་པའམ་ཐོས་ཆུང་བས། །ཕྱིན་ཅི་ལོག་ཏུ་འཆད་པ་པོ། །དེ་ལ་གྲུབ་དང་བདེན་མེད་འགྱུར། །མནར་མེད་སོགས་སུ་ངེས་པར་འཚེད། །དེ་
ལྟར་ཐེ་ཚོམ་ཅན་རྣམས་ལ། །སེལ་བར་བྱེད་པ་བཅོམ་ལྡན་འདས་ཀྱི་ཚིག་གིས་གསུངས་ལ། གྲུབ་མཐའ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་གང་གསུངས་པ་དེ་བདེན་ནོ། །འོན་ཀྱང་ལྟ་བ་ཐམས་ཅད་ལ། །གདམས་ངག་གིས་གྲུབ་པའི་མཐའ་བྲལ་ན་མི་འགྱུར་ཏེ། དེ་ཇི་ལྟར་གསུངས་
པ། འདིར་རྨོངས་པ་རྣམས་གདམས་ངག་ལ་འཇུག་པའི་དུས་སུ་སྣ་ཚོགས་པའི་དཔེ་རྣམས་ཀྱིས་འཇུག་པར་བྱེད་དེ་བསྟན་པའི་གསུང་རབ་ཀྱིས་སོ། །ཇི་ལྟར་དགའ་བ་ལ་སོགས་པ་ཤེས་རབ་དང་མཉམ་པར་སྦྱོར་བའི་དཔེ་མཚོན་པའོ། །དེ་ལྟར་གྲུབ་མཐའ་རྣམས་ཐིག་ལེ་བཞི་དང་
เล่ม ๒๐ · หน้า 91b
དགའ་བ་བཞི་ལ་སོགས་པས་བྱེ་བྲག་སྨྲ་བ་ལ་སོགས་པར་རིམ་པ་ཇི་ལྟ་བས་ཤེས་པར་བྱའོ། །དེ་ཡང་། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དཔེ་དང་བྲལ་བའི་ཡེ་ཤེས་ལས་རང་གི་རིག་པའི་དུས་སུ་ཡང་རྣལ་
འབྱོར་མ་རྣམས་ཀྱིས་དངོས་སུ་ཡིད་ཆེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གདམས་ངག་བླ་མས་ཉེ་བར་བསྟན་པའི་སྤྱོད་ཡུལ་ཅན་གྲུབ་པའི་མཐའི་སྒོ་ནས་རབ་ཏུ་འཇུག་པར་བྱེད་དོ། །བླ་མའི་གྲུབ་པའི་མཐའི་སྤྱོད་ཡུལ་ཏེ་གཞན་གྱི་དངོས་པོ་རྣམས་ཀྱིས་མ་ཡིན་ནོ། །ཡང་ན་ཉན་
ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་ལ་སོགས་པའི་སྤྱོད་ཡུལ་གདམས་ངག་རང་རང་གི་བསྟན་བཅོས་སུ་བཤད་པའི་རིགས་པས་གདམས་ངག་འཇུག་པར་བྱེད་དོ། །དེའི་ཕྱིར་གྲུབ་མཐའི་ཡུལ་དང་གདམས་ངག་སྟེ། །གྲུབ་པོ་དེ་རྣམས་སྐྱོན་མེད་དོ། །འོན་ཀྱང་པཎྜི་ཏ་རྣམས་ཀྱི་སྤྱོད་
ཡུལ་མིན་ཞེས་བྱ་བ་ནི་རྟོག་གེ་སྐམ་པོ་ལ་དགའ་བ་རྣམས་དང་ལམ་དམ་པ་དང་བྲལ་བ་རྣམས་དང་བྱིས་པའི་པཎྜི་ཏ་རྣམས་ཀྱི་ཡེ་ཤེས་འདི་འདྲ་བའི་སྤྱོད་ཡུལ་མ་ཡིན་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེར་བ་པོ་རྙེད་པར་དཀའ་སྟེ་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །དེ་ཇི་ལྟར་ཞེ་ན། གསུངས་
པ། གྲུབ་མཐའ་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཆོས་ཐམས་ཅད་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་སོགས་པའི་གཟུགས་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་ལས་དམིགས་པའོ། །དེ་རིག་པ་ནི་མཁས་པ་སྟེ་ཤེས་བྱ་དང་ཡེ་ཤེས་ཀྱི་གཟུགས་ཅན་གྱི་བླ་མའོ། །མ་རིག་པ་ནི་
མཁས་པ་མ་ཡིན་ཏེ། གྲུབ་པའི་མཐའ་མངོན་སུམ་པ་ཤེས་བྱ་ཙམ་ལ་བརྟེན་པའི་སྤྱོད་པ་པ་ལྟ་བུའི་སྒྲ་ཙམ་གྱི་རྗེས་སུ་རིག་པ་ཙམ་གྱིས་དམ་པའི་ཆོས་ཀྱི་ངེས་པ་མི་ཤེས་སོ། །དམུས་ལོང་ལྟ་བུའི་སྐྱེས་བུས་དཀར་པོ་དང་སེར་པོ་ལ་སོགས་པའི་རྫས་རྣམས་ཀྱི་རྣམ་པར་དབྱེ་བ་དེ་བཞིན་དུ་
མི་ཤེས་སོ། །རང་བཞིན་མདོག་ནག་པོ་གཅིག་ཏུ་མཐོང་ངོ་། །དེའི་ཕྱིར་དེ་ཁོ་ན་ཉིད་མངོན་སུམ་ལ་བརྟེན་པ་རྣམས་ཀྱིས་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱི་དག་པའི་བདག་ཉིད་འདི་དཀའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཐམས་ཅད་བླ་མའི་ཞལ་ལས་ཤེས་པར་བྱའོ། །
เล่ม ๒๐ · หน้า 92a
ཐམས་ཅད་ཅེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དམ་པའི་དངོས་པོ་ཅན་གྱི་ཆོས་སོ། །དེ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པས་སྔོན་བཞིན་དུ་སྡུད་པར་མཛད་པ་པོ་དེའི་རང་ཉིད་ཀྱི་སྐྱོན་ཡོངས་སུ་སྤངས་
པའོ། །དཔལ་ཞེས་བྱ་བ་ལ་སོགས་པས་ཀྱང་ལེའུ་ཡོངས་སུ་རྫོགས་པའི་ངག་ཉེ་བར་བསྟན་པའོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རྡོ་རྗེ་མཁའ་འགྲོ་མ་བསྐྱེད་པ་ལ་སོགས་པའི་རྣམ་པར་གཞག་པ་ལྔའི་ནང་དུ་ཡང་
མིང་དང་དེ་ཁོ་ན་ཉིད་ཉེ་བར་བསྟན་པས་འཛུད་པ་རྣམས་ཀྱི་འགྲེལ་པ་རྒྱས་པར་བསྟན་པའི་ལེའུ་གསུམ་པའི་བཤད་པའོ།། །།ལཱ་མ་རང་གི་རྒྱུད་བདག་ཉིད། །འཁོར་ལོ་དྲུག་སྒྱུར་མཚན་ཉིད་ཅན། །ལྷ་མོ་ཡོན་ཏན་ཀུན་བདག་ཉིད། །དཀྱིལ་འཁོར་གསུང་མར་ཕྱག་འཚལ་ལོ། །
མྱ་ངན་འདས་དངོས་འཇིག་རྟེན་མ། །རང་གི་བསམ་མེད་ལྷན་ཅིག་སྐྱེས། །ཡི་གེ་ལས་བྱུང་ཡེ་ཤེས་ནི། །གཉིས་མེད་དེ་ལའང་བདག་རབ་འདུད། །དེ་ནས་ལཱ་མའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་མཁའ་འགྲོ་མའི་ལེའུའི་རྗེས་སུ་སྟེ། འདི་
ལས་ནི་ཕྱིས་ལཱ་མའི་ལེའུ་བཞི་པ་ཡང་དག་པར་བཤད་པར་བྱ་བ་སྟེ། ཡང་དག་པར་བཤད་པར་བྱའོ། །ཇི་ལྟར་གནས་པ་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་དུ་ཇི་ལྟར་གནས་པའོ། །འོ་ན་ཇི་ལྟར་གནས་པ་ཞེས་བྱ་བ་དུས་སྔོན་གྱི་མཚན་ཉིད་ཅི། དེ་ཇི་ལྟར་འདིར་རྩོད་པའི་དུས་སུ་ཕྱི་མའི་
སེམས་ཅན་རྣམས་ཀྱི་ཕྱི་དང་ནང་གི་བདག་ཉིད་ཀྱི་སྒོམ་པ་ལ་སོགས་པའི་ཆོས་ལ་འཇུག་པར་འགྱུར་རོ། །དེའི་ཚེ་བསྟན་བཅོས་གཏད་མེད་དུ་འགྱུར་རོ། །རྒྱུད་འདི་བདུད་ཀྱིས་བཤད་པ་སྟེ། སངས་རྒྱས་རྣམས་ཀྱིས་བཤད་པར་མི་འགྱུར་རོ་ཞེས་བྱ་བའི་ཐེ་ཚོམ་འགོག་པར་བྱེད་པ་
བཅོམ་ལྡན་འདས་ཀྱི་ཚིག་གིས་གསུངས་པ། སྔོན་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ནི་རི་རབ་ཀྱི་རྡུལ་གྱི་ཚད་གྲངས་མེད་པ་རྣམས་ཀྱིས་ཐོག་མ་ཉིད་དུ་སྔགས་ཀྱི་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཇི་ལྟར་གསུངས་ཤིང་ཇི་ལྟར་བརྗོད་པ་སྟེ་རྒྱ་
เล่ม ๒๐ · หน้า 92b
མཚོ་ལ་སོགས་པ་འདིའོ། །དེ་བཞིན་དུ་རྩོད་པའི་དུས་སུ་ཤཱཀྱ་ཐུབ་པ་བདག་ཉིད་བསྟན་པ་ཙམ་སྟེ་གསལ་བར་བྱའོ། །སྔོན་མ་རྣམས་ལ་སྡུད་པ་པོ་མ་བྱུང་བས་རྩོད་པའི་དུས་འདི་རྣམས་ལ་ནི་སྡུད་པ་པོས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སྔོན་མ་རྣམས་ཀྱི་ཕྱི་དང་ནང་གི་བདག་ཉིད་ཀྱི་ཆོས་
སངས་རྒྱས་རྣམས་ཀྱི་ཞལ་དང་ཞལ་དུ་ཆོས་ཇི་ལྟར་གནས་པར་གྱུར་པའོ། །ལཱ་མ་དེའི་འདིར་སྡུད་པ་པོར་འཇུག་པའི་ཕྱིར་གནས་པའོ་ཞེས་བྱ་བའོ། །དེའི་ཚེ་གྲུབ་སྟེ་སྔོན་གྱི་དུས་ཀྱི་མཚན་ཉིད་ཇི་ལྟ་བ་སྟེ། དེ་བཞིན་དུ་དུས་འདིར་འཇུག་པ་སྟེ་འདིས་བདུད་ཀྱི་བཤད་པ་ནི་མ་ཡིན་ནོ། །མཐའ་
མེད་ཅིང་མུ་མེད་པའི་སངས་རྒྱས་རྣམས་ཀྱིས་གསུང་བར་འགྱུར་རོ། །བསྟན་བཅོས་གཏད་པ་མེད་པར་མི་འགྱུར་རོ། །གལ་ཏེ་དེ་རྙེད་པའི་རི་རབ་ཀྱི་རྡུལ་ཕྲ་མོའི་མཐའ་མེད་ཅིང་མུ་མེད་པ་རྣམས་ཀྱི་སངས་རྒྱས་རྣམས་ཀྱིས་གསུངས་པའི་གསང་སྔགས་དང་ཐེག་པ་ཆེན་པོ་ལ་སོགས་པའི་
ཆོས་དེ་ཐམས་ཅད་སངས་རྒྱས་རྣམས་ཀྱི་ཞལ་དང་ཞལ་ལ་གནས་ན། དེའི་ཚེ་འོ་ན་རྣལ་འབྱོར་མའི་རྒྱུད་ཆེན་པོ་འདི་སངས་རྒྱས་ཀྱི་རྗེས་སུ་བྱེད་པའི་གཟུགས་རྣལ་འབྱོར་མ་དེ་རྣམས་ཀྱི་གཟུགས་ཀྱིས་གནས་པ་ཡང་མཉམ་པ་མེད་པའི་སེམས་ཅན་གྱི་དོན་དུ་གནས་ལ་སོགས་པར་གནས་
པ་རྣམས་ཀྱིས་ཏེ། གཞན་དུ་ནི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་སྡུད་པ་མཛད་པ་མོ་རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཏེ། དེ་ནས་འདི་རྣལ་འབྱོར་མའི་རྒྱུད་མ་ཡིན་ཏེ། དེའི་ཚེ་ལེགས་པར་གནས་པས་འདི་ནི་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །དེའི་ཕྱིར་བཤད་པ། གང་
སྨྲས་པ་དེ་བདེན་ཏེ། འོན་ཀྱང་རྣལ་འབྱོར་མའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལ་དབྱེ་བ་མེད་དེ་གཅིག་ཉིད་དུ་གནས་པའོ། །དེ་ཇི་ལྟར་ཞེ་ན། འདིར་གང་གི་དུས་སུ་ཞལ་ནས་ཞལ་དུ་སངས་རྒྱས་རྣམས་ཀྱི་བརྒྱུད་པའི་མན་ངག་གནས་པ་དེའི་དུས་སུ་རྣལ་འབྱོར་མའི་ཡེ་
ཤེས་དེ་རྣམས་ལ་རབ་ཏུ་འཇུག་སྟེ། གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་སྐུ་ལ་བརྟེན་པས་སོ། །འོན་ཀྱང་སངས་རྒྱས་ཞེས་བྱ་བ་ནི་ཉེ་བར་བརྗོད་པའི་ཚིག་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་སྐུ་ལ་རྣལ་འབྱོར་མའི་ཡེ་ཤེས་ཀྱང་ངོ་། །དེ་ཉིད་དེ་ལྟར་རྣལ་
เล่ม ๒๐ · หน้า 93a
འབྱོར་གྱི་རྒྱུད་དེ་ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཡེ་ཤེས་སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཀུན་དུ་འགྲོའོ། །དེས་རྣལ་འབྱོར་མ་སངས་རྒྱས་ཀྱི་གཟུགས་ཅན་གྱི་མ་རྣམས་ཀྱི་སྐྱེ་བོ་སྟེ་དེ་རྣམས་ཀྱི་ཡང་སངས་
རྒྱས་ཀྱི་ཡེ་ཤེས་ཞལ་ནས་ཞལ་དུ་དེས་བསྐྱེད་པ་སྟེ། སླར་ཡང་སངས་རྒྱས་རྣམས་ཀྱི་སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཡང་ངོ་། །དེ་ལྟར་སངས་རྒྱས་རྣམས་ཀྱི་སྐུ་རྣལ་འབྱོར་མའི་གཟུགས་དང་དེའི་ཡེ་ཤེས་ཏེ་སངས་རྒྱས་ཀྱི་གཟུགས་ཅན་ཞེས་བྱ་བའོ། །དེ་བཞིན་དུ་རྣལ་འབྱོར་
མ་རྣམས་ཀྱི་སྐུ་གཟུགས་སངས་རྒྱས་ཀྱི་གཟུགས་དང་དེའི་ཡེ་ཤེས་ཏེ་རྣལ་འབྱོར་མའི་གཟུགས་ཅན་ཞེས་བྱ་བའོ། །དེ་ལྟར་ཤུགས་ལས་དང་དངོས་ཀྱི་རྣལ་འབྱོར་དང་རྣལ་འབྱོར་མ་དག་གམ་རྣལ་འབྱོར་མ་དང་རྣལ་འབྱོར་དག་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་
གྲུབ་བོ། །འདིར་རྩོད་པའི་དུས་སུ་རྒྱ་མཚོ་ལ་སོགས་པའི་རྣལ་འབྱོར་མའི་རྒྱུད་འདི་ཡང་དངོས་པོའི་དབྱེ་བས་སོ། །རྣལ་འབྱོར་གྱི་རྒྱུད་ཀྱང་དཔལ་འདུས་པ་ལ་སོགས་པ་གསུངས་སོ། །རྩོད་པའི་དུས་སུ་ཡང་དེ་ཇི་ལྟར་ཞེ་ན། བཤད་པ། འདི་ཐམས་ཅད་མཁྱེན་པའི་གོ་འཕང་གི་ངེས་པ་དུས་
གསུམ་གཟིགས་པའི་ཕྱིར་རོ། །དེ་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཏེ། དེ་རྣམས་ཀྱི་དབུས་སུ་རྣལ་འབྱོར་དང་རྣལ་འབྱོར་མ་དག་གི་རྣམ་པར་གཞག་པ་རབ་ཏུ་གསུངས་པ་སྟེ་དེ་བཞིན་དུ་བཤད་དོ། །དེ་ལྟར་གང་གི་ཕྱིར་གཉིས་སུ་མེད་པ་དེ་རྣམས་ཀྱིས་བསྟན་པར་བྱ་བ་
དང་སྟོན་པ་པོ་ནི་བཅོམ་ལྡན་འདས་རྣལ་འབྱོར་མར་འབྲེལ་ལོ། །དེ་ཉིད་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྒྱ་མཚོ་དྲུག་པོ་དེ་ཉིད་ཀྱི་འཇུག་པ་ཡང་སྟོན་པ་པོ་སྡོམ་པ་དྲུག་པོ་འདིའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནས་ཁྱབ་བདག་ཅེས་བྱ་བའི་བར་དུ་མདོར་བསྟན་པའི་ཚིག་སྟེ།
དེ་རྣམས་ཀྱི་རྒྱས་པར་བཤད་པ་ནི་འདྲིའོ་ཞེས་བྱ་བ་ལ་སོགས་པ་ནས། ལཱ་མ་བཅོམ་ལྡན་འདས་ཀྱི་བར་གྱི་དྲིས་པའི་ལན་ནོ། །འདིར་བཤད་པ། ལཱ་མ་རང་ཉིད་ཀྱིས་དྲིས་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ལ་རང་གི་ཡེ་ཤེས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལཱ་མའི་གཟུགས་ཀྱིས་དེའི་
เล่ม ๒๐ · หน้า 93b
དངོས་པོ་དྲི་བའོ། །དེ་ལྟར་བཅོམ་ལྡན་འདས་ནི་ཡེ་ཤེས་ལ་རྣལ་འབྱོར་མ་ནི་རྣམ་པར་ཤེས་པའོ། །སླར་ཡང་དངོས་པོའི་དབྱེ་བས་རྣམ་པར་ཤེས་པ་ནི་བཅོམ་ལྡན་འདས་ལ་ཡེ་ཤེས་ནི་རྣལ་འབྱོར་མ་ཞེས་བྱ་བར་དགོངས་ཏེ་གཙོ་བོའི་དབྱེ་བས་སོ། །དེ་ཉིད་ཅི་དྲིས་པ་གསུངས་པ། རྡོ་རྗེ་ལ་སོགས་
པ་ཞེས་བྱ་བ་སྟེ་རྡོ་རྗེ་ལ་སོགས་པ་ནི་གང་རྣམས་ཀྱི་སྡོམ་པའི་ཚིག་རྣམས་ཀྱི་རྡོ་རྗེ་ལ་སོགས་པ་སྡོམ་པའོ། །དེ་རྣམས་ཀྱང་དེ་བཞིན་གཤེགས་པ་དྲུག་པོ་དེ་རྣམས་ཀྱི་རྡོ་རྗེའི་སྒྲ་མངོན་པར་འབྲེལ་བར་བྱའོ། །གང་གི་ཕྱིར་ཕྱག་ན་རྡོ་རྗེའི་འདི་ཇི་ལྟར་ཞེ་ན། རྡོ་རྗེ་འདི་མི་ཆོད་པ་དང་མི་ཕྱེད་པ་སྟེ་སྙིང་
པོ་དང་སྙིང་པོ་མ་ཡིན་པ་དང་མི་ཚིག་པ་དང་མི་ཉམས་པས་ཡེ་ཤེས་ནི་འདིར་རྡོ་རྗེར་བརྗོད་དོ། །ཇི་ལྟར་ཞེས་བྱ་བ་ནི་རྟགས་གང་གིས་ཤེས་པར་བྱ་བའོ། །ངོ་མཚར་ཆེ་བ་ནི་རྨད་དུ་བྱུང་བའོ། །བདག་གི་ཞེས་བྱ་བ་ནི་ཇི་ལྟར་རིམ་པས་ཡོངས་སུ་བཤད་པར་བྱ་བ་སྟེ་ཅི་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་
སོགས་པ་ནས་རིན་པོ་ཆེའི་བར་དུ་སྟེ་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱིའམ་གཞན་གྱི་གཙོ་བོའོ། །འང་ནའི་སྒྲས་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་ཡང་སྡོམ་པའོ། །ཇི་ལྟར་འགྱུར་ཞེས་བྱ་བ་ནི་དྲིས་པ་སྟེ། འདིར་སྡོམ་པ་ནི་འདུས་པ་སྟེ། རྣལ་འབྱོར་གྱི་ཡང་ངོ་། །དེ་ལས་སྐྱེས་པ་འཁོར་ལོས་
སྒྱུར་མ་དྲུག་རྣམས་ཀྱི་དང་རྣལ་འབྱོར་མ་རྣམས་ཀྱིས་ཡང་ངོ་། །དེ་ལྟར་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །རྣལ་འབྱོར་ནི་མི་བསྐྱོད་པའོ། །པདྨ་ནི་འོད་དཔག་ཏུ་མེད་པའོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་དོ། །རིན་ཆེན་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་
བཞིན་དུ་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་མ་དང་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་ལྷག་མ་རྣམས་ཀྱི་མདོར་བསྟན་པའི་མདོ་རྣམས་སུ་བཤད་དོ། །འདི་རྣམས་ཀྱི་སླར་ཡང་བདུན་པ་འཆད་པར་འགྱུར་བ་ཉིད་ལས་སོ། །ཡེ་ཤེས་ཅན་མཆོག་ཅེས་བྱ་བ་ནི་ཐམས་ཅད་ཀྱི་ཕ་དང་
མར་གནས་པས་ཀྱང་དེའི་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་རྒྱལ་བ་བདུན་རྣམས་ཀྱི་ལམ་རྣལ་འབྱོར་མའི་མན་ངག་གོ། །སྡོམ་པ་རྣམས་ཀྱི་ཡང་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་རྗེས་སུ་རིམ་པས་འཆད་པར་འགྱུར་རོ། །
เล่ม ๒๐ · หน้า 94a
དེའི་སྤྲུལ་པ་ཅན་རྣམས་ཀུན་རྫོབ་ཏུ་རྣལ་འབྱོར་མ་སྡུད་པར་མཛད་པར་འགྱུར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །མཆོད་པར་བྱས་ནས་ཞེས་བྱ་བ་ནི་ཕྱི་དང་ནང་དང་གསང་བའི་བདག་ཉིད་ཀྱིས་སོ། །དེ་ནས་ཞེས་བྱ་བ་ནི་མཆོད་པའི་དེ་མ་ཐག་ཏུའོ། །རྡོ་རྗེ་ཞེས་བྱ་
བ་ནི་རྡོ་རྗེ་འཆང་ཆེན་པོའོ། །བདག་དགྱེས་ཞེས་བྱ་བ་ནི་ཁྱོད་ཀྱིས་མཆོད་པས་སོ། །ཡང་དག་རབ་བསྟན་པས་ཞེས་བྱ་བ་ནི་ཡང་དག་པར་རབ་ཏུ་བཤད་པའི་ལམ་དུ་སྟེ། གང་གིས་སེམས་ཅན་ཐམས་ཅད་ཀྱང་དེའི་འདུལ་བར་བྱ་བ་ཡིས་ཀྱང་དྲན་པ་ཙམ་གྱིས་སངས་རྒྱས་སུ་འགྱུར་བའོ། །
དེའི་ཕྱིར་གསུངས་པ། སྔོན་དུ་མདོར་བསྟན་པའི་ཚིག་དང་རྒྱས་པར་བཤད་པའི་ཚིག་དེ་རྣམས་ཀྱི་ཚོགས་རྣམས་མདོར་བསྡུས་པས་ཟུང་གི་ཚིག་རྣམས་ཀྱིས་བཤད་པ་གསུངས་པ། འདིར་ཡང་རྡོ་རྗེ་སྡོམ་པ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་ཚིག་གོ། །དེ་བཞིན་དུ་རྡོ་རྗེའི་བུ་
ག་འཕོ་བ་མེད་པ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པ་རྣམས་ཀྱི་ཚིག་གོ། །དེ་ལྟར་རྡོ་རྗེ་སྡོམ་པ་ནི་རྣལ་འབྱོར་མའི་ཡེ་ཤེས་དེ་ཉིད་རྡོ་རྗེ་སྡོམ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེ་ཇི་ལྟར་སྡོམ་པར་བྱེད་པ་གསུངས་པ། རྡོ་རྗེའི་བུ་ག་འཕོ་བ་མེད་པའི་ཡེ་ཤེས་ཞེས་བྱ་
བ་ནི་ཨ་ཝ་དྷཱུ་ཏཱིའི་ལམ་གྱིས་རང་གིས་རིག་པའི་དུས་ལས་འོངས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་འཛིན་པས་ན་རྡོ་རྗེའི་བུ་ག་འཕོ་བ་མེད་པ་སྟེ། རྣལ་འབྱོར་མའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །གསུམ་རྣམས་ཀྱི་ས་བོན་རྡོ་རྗེ་ཅན་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་རྣམས་
ཀྱི་རྡོ་རྗེ་རྣམས་དང་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་རྣམས་སུ་རབ་ཏུ་ཞུགས་པར་འགྱུར་བ་སྟེ་ནང་གི་བདག་ཉིད་དུ་དང་ཕྱི་རོལ་དུ་ཡང་ངོ་། །དེ་ལྟར་རྡོ་རྗེ་གསུམ་རྣམས་སུ་རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་སྡོམ་པའོ། །དེའི་ཕྱིར་བསྐྱེད་པ་སྟེ་དེ་དེ་བཞིན་དུ་གསུངས་སོ། །དེ་ནི་རྣལ་
འབྱོར་སྡོམ་པ་གསུངས་པ་འོན་ཀྱང་མདོར་བསྟན་པའི་མདོའི་ཐོག་མར་དམ་ཚིག་སྡོམ་པའི་རྒྱས་པར་བཤད་པ་སྟེ། མདོར་བསྟན་པའི་ཚིག་གིས་རྣལ་འབྱོར་གྱི་ཞེས་བྱ་བ་ནི་གང་གི་ཕྱིར་འདིར་གནས་སྐབས་ནི་ལཱ་མ་བདག་པོ་དེ་ཡིས་རྒྱས་པར་བཤད་པ་གསུངས་པ་སྟེ། མདོར་བསྟན་
เล่ม ๒๐ · หน้า 94b
པར་ཕག་མོ་དང་དབྱེ་བ་མེད་པ་ཉེ་བར་སྤྱོད་པས་དེའི་རབ་ཏུ་འཇུག་སྟེ། མཁའ་འགྲོ་མ་ལ་སོགས་པ་ཡང་ངོ་། །དེའི་ཕྱིར་མདོར་བསྟན་པའི་རིམ་པས་གསུངས་པ། འདིར་སྔོན་དུ་བཤད་པའི་རྡོ་རྗེ་སྡོམ་པ་དེ་ཐམས་ཅད་དུ་ངེས་པར་རོ། །གང་གི་ཚེ་རྣལ་འབྱོར་ཐམས་ཅད་ཀྱི་མར་གནས་པས་ཨ་
ཝ་དྷཱུ་ཏཱི་ལ་ཕར་གནས་པ་ནི་རྡོ་རྗེའི་ལམ་སྟེ། རྣལ་འབྱོར་དེ་རྣམས་སུ་གཟུང་བར་བྱ་བ་དང་ཡེ་ཤེས་ཀྱང་ངོ་། །དེའི་ཚེ་རྣལ་འབྱོར་ཞེས་བྱ་བ་ནི་བདུན་པའི་དོན་གྱི་དང་པོ་སྟེ་རྣལ་འབྱོར་རྣམས་སུ་སྡོམ་པར་བྱེད་པའི་ཡེ་ཤེས་ནི་རྣལ་འབྱོར་སྡོམ་པ་སྟེ་ཕག་མོ་ཞེས་བྱ་བར་འབྲེལ་ལོ། །དེ་ཇི་ལྟར་ཞེ་ན།
རྣལ་འབྱོར་ཞེས་བྱ་བ་གསུངས་པ། རྣལ་འབྱོར་རྣམ་པ་དྲུག་ཅུ་ཞེས་བྱ་བ་ནི་རྣམ་པ་རྣམས་ནི་དྲུག་ཅུར་རིག་པར་བྱ་སྟེ། གང་གི་སྦྱོར་བའི་ཡན་ལག་དྲུག་བསྒོམས་པ་ལ་དངོས་པོའི་རྣལ་འབྱོར་དེ་དེ་བཞིན་དུ་གསུངས་སོ། །དེ་ཡང་དབུ་མའི་ནང་དུ་སོན་པའི་སེམས་ཀྱིས་ཐམས་ཅད་ནམ་མཁའི་བུ་
གར་གནས་པ་ན་དེར་མཐོང་བར་འགྱུར་ཏེ་གཟུགས་བརྙན་བཞིན་དུའོ། །དེ་བཞིན་དུ་རྣམ་པ་དྲུག་ཅུ་རྣམས་བཤད་པར་བྱ་སྟེ་ཡན་ལག་དྲུག་དང་ལྷན་ཅིག་ཏུའོ། །འདིར་ནི། དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །དེ་བཞིན་མར་མེ་རབ་འབར་དང་། །ཟླ་ཉི་སྐར་མ་རཱ་ཧུ་དང་། །དུས་ཀྱི་མེ་དང་བཅུ་པོ་ནི། །སོ་
སོར་སྡུད་པའི་འོ། །བསམ་གཏན་རྣམ་པ་བཅུ་ནི། དེ་ཡང་སྲོག་ལ་སོགས་པ་འཆད་པར་འགྱུར་བའི་རྩ་བཅུ་རྣམས་ཀྱི་དེ་བཞིན་དུ་ཡང་། པད་ཅན་སྣ་ཚོགས་ཅན་ཉིད་དང་། །གླང་ཅན་དུང་ཅན་མ་དེ་བཞིན། །ལུག་དང་སེར་སྐྱ་ཡིད་བཟང་བ། །གླང་པོའི་ལྕེ་མ་གཞོན་ནུ་མ། །འཇིགས་
པའི་གཟུགས་སུ་ཡང་དག་བཤད། །བཅུ་པོ་རྣམས་ཀྱི་རང་བཞིན་ནོ། །སྒྱུ་མ་སྨིག་རྒྱུ་དྲི་ཟ་དང་། །བརྒྱ་བྱིན་གཞུ་དང་མེ་ལོང་དང་། །ཟླ་བའི་གཟུགས་དང་གྲིབ་མ་དང་། །ཆུ་བུར་དང་ནི་བྲག་ཅ་དང་། །གསལ་སྣང་བཅུ་པར་ཤེས་པར་བྱ། །བསམ་གཏན་སྦྱོར་བ་བསྒོམ་པར་འགྱུར། །དེ་བཞིན་
དུ་སྲོག་རྩོལ་རྣམས་ཀྱི་བཤད་པ། དེ་ཡང་རྣམ་པ་བཅུ་སྟེ། སྲོག་དང་ཐུར་སེལ་མཉམ་གནས་དང་། །བསམ་གཏན་ཁྱབ་གནས་འདི་ལྔའོ། །ཀླུ་དང་རུས་སྦལ་སྡིག་པ་དང་། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །དེ་ལྟར་རླུང་ནི་བཅུ་རྣམས་ཀྱིས། །སྲོག་རྩོལ་ཉེ་བར་མཚོན་པར་བྱ། །དེ་
เล่ม ๒๐ · หน้า 95a
བཞིན་དུ་འཛིན་པའི་གསུངས་པ། དེ་ཡང་རྣམ་པ་བཅུ་སྟེ། གཡོན་པ་དང་གཡས་པའི་སྣའི་བུ་ག་ནས་འབབ་པའི་དཀྱིལ་འཁོར་བཅུ་རྣམས་ཏེ། དེ་ལྟར་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་དབང་ཆེན་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་སོ། །དེ་འཛིན་
བས་ན་སྐྱེ་བའི་གནས་རྣམས་སུ་ཐིམ་པ་རྣམས་བྱེད་དོ། །འཛིན་པ་དེ་བཞིན་དུ་རྗེས་སུ་དྲན་པའི་གསུངས་པ། དེ་ཡང་རྣམ་པ་བཅུ་སྟེ། འདོད་པའི་གནས་སྐབས་བཅུ་རྣམས་སོ། །དེ་ཉིད་བཤད་པ། འདར་དང་འཕར་དང་བརྒྱལ་བ་དང་། །དགོད་དང་རབ་ཏུ་དགའ་དེ་བཞིན། །
ལྐུགས་དང་ངལ་སོ་གཉིད་དང་ནི། །མཆི་མ་ལྷུང་དང་འགྱེལ་བ་སྟེ། །དེ་ནི་རྗེས་དྲན་རྗེས་དྲན་བྱ། །ཞེས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི་གསུངས་པ། དེ་ཡང་རྣམ་པ་བཅུ་སྟེ། སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་དང་གཟུགས་རྡོ་རྗེ་མ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་
ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་སྐུ་ཆེན་པོ་ནི་མཐོང་འགྱུར་ཏེ། དེ་བཞིན་གཤེགས་པས་འཁྱུད་པའོ། །དེ་ལྟར་ཏིང་འཛིན་བགྲོད་འགྱུར་ཏེ། །སྐྲ་ཙམ་གྱི་ནི་ནང་དུ་གནས། །ཞེས་བྱ་བས་སོ། །དེའི་ཕྱིར། སྡོམ་པ་དངོས་པོ་དམ་པ་ཀུན། །ཞེས་བྱ་བ་སྟེ་བཤད་པའི་བཅུ་བཅུ་པོ་རྣམས་ཀྱིས་
དྲུག་པོ་དེ་རྣམས་ལ་ཡང་སྡོམ་པ་དྲུག་སྟེ་རེ་རེ་ལ་རིམ་པ་ཇི་ལྟ་བས་ཤེས་པར་བྱའོ། །དེ་ལྟར་བཅུ་བསྐྱེད་པར་འགྱུར་བའི་དངོས་པོའི་རྫས་ཀྱི་གཟུགས་ཀྱི་ཡེ་ཤེས་སོ། །ཐམས་ཅད་དམ་པའི་དོན་གྱི་དངོས་པོ་ཞེས་བྱ་བ་ནི་རང་བཞིན་གྱི་བདག་ཉིད་ཅན་དེ་སླར་ཡང་བདག་གི་རྣལ་འབྱོར་
སྡོམ་པ་ཞེས་བྱ་བ་ནི་ཐབས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་སྟེ་སྟོན་པ་པོའི་གཟུགས་ཉིད་ཀྱི་ཕྱིར་ཏེ། སངས་རྒྱས་མི་བསྐྱོད་པའི་གཟུགས་སོ། །མི་གཡོ་ཞིང་མི་འཁྲུགས་པས་གང་གི་ཕྱིར་མི་བསྐྱོད་པ་སྟེ། ཇི་ལྟར་ཐུགས་རྡོ་རྗེ་དངོས་པོ་ཐམས་ཅད་ཀྱི་ནང་དུ་ནམ་ཡང་མི་གཡོ་
བའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་སྟོན་པ་ན་ནམ་ཡང་གཡོ་བ་མེད་དེ་རྡོ་རྗེའི་ཐེག་པའི་ནང་ལས་སོ། །ད་ནི་འཁོར་ལོའི་སྡོམ་པ་གསུངས་པ། འཁོར་ལོ་སྡོམ་པའི་ཡེ་ཤེས་ཏེ་མཚན་ཉིད་ཅེས་བྱ་བ་ནི་འཁོར་ལོ་སྡོམ་པ་སྟེ་མཁའ་
เล่ม ๒๐ · หน้า 95b
འགྲོ་མའོ། །དེ་ཇི་ལྟར་ཞེ་ན། གསུངས་པ། སླར་ཡང་རྒྱས་པར་བཤད་པའི་མདོ་རྣམས་སུ་ཐོར་ལོང་གིས་ཏེ། དེ་ཇི་ལྟར་ཞེ་ན། འདིར་གང་གི་ཕྱིར་རྩའི་འཁོར་ལོས་སྲོག་རྒྱུ་བ་སྟེ་འཁོར་ལོ་བཞི་རྣམས་སུ་སྟེ་དེ་བཞིན་དུ་བཤད་པར་འགྱུར་རོ། །དེའི་ཕྱིར་འཁོར་ལོར་བདེ་བར་གཤེགས་
པའི་ལམ་རྣམས་སུ་ཞེས་བྱ་བ་སྟེ། ཡང་དག་པར་འགྲོ་བའི་འཁོར་ལོས་དེ་ཐོབ་པར་བྱ་བའི་ཕྱིར་རྩ་ཐམས་ཅད་དུ་སྲོག་ཨ་ཝ་དྷཱུ་ཏཱིར་འབབ་པས་འདིས་ཀྱང་དབང་པོ་ལ་སོགས་པ་སྐྱེད་པར་བྱེད་པ་པོ་སྟེ་རྣལ་འབྱོར་མའི་ཡེ་ཤེས་གང་གིས་དེ་ལྟར་ཡེ་ཤེས་ཀྱི་དབང་པོ་རྣམས་སོ། །སོགས་
ཀྱི་སྒྲས་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་དེ་རྣམས་སུ་དེ་རྣམས་ཀྱིས་སྡོམ་པའི་ཡེ་ཤེས་ནི་རྣལ་འབྱོར་མ་ཆེན་མོའི་གཟུགས་སུའོ། །སྣ་ཚོགས་པའི་རྣམ་པ་འཁོར་ལོར་བྱས་པ་སྟེ་ནཱ་ད་ཙམ་གྱི་ནང་རྣམས་སུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆོས་དེ་རྣམས་སུ་
འཁོར་ལོ་སྡོམ་པར་བཤད་དེ་ཞེས་བྱ་བ་ནི་བརྗོད་པ་སྟེ། རྣམ་སྣང་མཛད་ནི་གསལ་ཞིང་སྣང་བར་བྱེད་དེ་འདིས་ནི་རྣམ་པར་སྣང་མཛད་དོ། །ཡེ་ཤེས་ཀྱི་འོད་ཅེས་བྱ་བའི་དོན་ཏོ། །དེ་སྡོམ་པས་ན་འཁོར་ལོ་སྡོམ་པའོ། །དེ་ནས་དམ་ཚིག་གི་སྡོམ་པ་གསུངས་པ། ཡེ་ཤེས་ཀྱི་རྣལ་
འབྱོར་མ་རྣམས་ཀྱི་དམ་ཚིག་གི་སྡོམ་པའི་ཡེ་ཤེས་དེ་ནི་དམ་ཚིག་སྡོམ་པའོ། །དེ་ཡང་ལཱ་མ་བདག་པོས་གསུངས་པ། དམ་ཚིག་ནི་ཏིང་ངེ་འཛིན་གྱི་དུས་ཏེ་དེ་རྩ་ཐམས་ཅད་ཀྱི་སྡོམ་པ་སྟེ་རྣལ་འབྱོར་མའི་ཡེ་ཤེས་ཀྱིའོ། །ཤེས་བྱའི་ལམ་སྐྱོབ་པ་རྣམས་ཀྱི་ཞེས་བྱ་བ་ནི་ཤེས་བྱ་ནི་
མངོན་པར་ཤེས་པ་དྲུག་གི་མཚན་ཉིད་དེ་ལྷའི་མིག་ལ་སོགས་པ་ཀུན་ནས་རྗེས་སུ་སྐྱོབ་པ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གང་གིས་ཤེས་པ་དེ་རྣལ་འབྱོར་མའི་ཡེ་ཤེས་སྡོམ་པའོ། །འོན་ཀྱང་འཁོར་ལོ་ནང་གི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་མ་རྣམས་
ཀྱི་མཆོད་པ་ནི་བྱང་ཆུབ་ཀྱི་ས་བོན་ཏེ་རང་གིས་རིག་པ་དག་གི་གཉིས་སུ་མེད་པ་རྣམས་ཀྱིས་ཡང་དག་པར་བསྐྱེད་པའོ། །དེས་ཏུའི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ལྟར་དམ་ཚིག་སྡོམ་པར་འདོད་པ་ནི་རྫོགས་པར་བྱེད་ཅིང་འཐོབ་པར་བྱེད་པའོ། །ཡང་ན་ཞེས་བྱ་བ་དམ་ཚིག་སྡོམ་
เล่ม ๒๐ · หน้า 96a
པར་འདོད་པ་ནི་དོན་ཡོད་རྡོ་རྗེ་སྟེ། དོན་ཡོད་པ་ནི་འབྲས་བུ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དངོས་གྲུབ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་གི་རང་བཞིན་གྱིས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་པདྨའི་སྡོམ་པ་གསུངས་པ། པདྨས་སྡོམ་པའི་ཡེ་ཤེས་ནི་རྣལ་འབྱོར་མ་རྣམས་
ཀྱི་ཨ་ཝ་དྷཱུ་ཏཱི་རྩ་ཐམས་ཅད་ཀྱི་ནང་དུ་སོན་པ་དེ་པདྨའི་སྡོམ་པ་ཅན་དུ་འདོད་པའོ། །དུམ་སྐྱེས་མའི་བདག་པོས་གསུངས་པ། །པདྨ་ལྟ་བུ་དེ་རྩ་འདི་རྣམས་སུ་ཨ་ཝ་དྷཱུ་ཏཱི་རབ་ཏུ་རྒྱས་པར་བྱེད་དེ་ཡེ་ཤེས་ཀྱིས་བྱ་བ་ནི་པདྨ་ཨ་ཝ་དྷཱུ་ཏཱི་ནི་རྩའོ། །དེའི་ཕྱིར་ཡང་འཁོར་ལོ་བཞིན་གནས་པ་མོའི་དུམ་བུ་དུམ་
བུ་ལས་དེའི་ཚེ་སྡོམ་པ་ནི་སྣ་ཚོགས་ཀྱི་རྣམ་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཏེ་རྣལ་འབྱོར་མའི་རྩའི་འཁོར་ལོ་དེ་རྣམས་སུ་ཡང་དེ་ཡེ་ཤེས་ནི་དེའི་བདག་ཉིད་དུ་བྱེད་པའི་ཕྱིར་པདྨ་སྡོམ་པར་བཤད་དེ་སྨྲ་བས་ན་འོད་དཔག་ཏུ་མེད་པའོ། །ཀུན་ནས་བདུད་རྩི་ཐིག་ལེའི་སྦྱོར་བ་འཛིན་པས་འདིས་འོད་དཔག་
མེད་དེ་ཡེ་ཤེས་ཀྱི་སྣང་བས་ཞེས་བྱ་བའི་དོན་ཏོ། །སླར་ཡང་རིན་ཆེན་སྡོམ་པ་གསུངས་པ། རིན་པོ་ཆེས་སྡོམ་པའི་ཡེ་ཤེས་ནི་རྣལ་འབྱོར་མ་རྣམས་ཀྱི་འོག་དང་སྟེང་དག་ཏུ་ལྟུང་བ་དང་། འདེགས་པ་དང་ཐིམ་པ་ཉིད་ལས་རིན་ཆེན་སྡོམ་པའོ། །ཁྱབ་བདག་ཅེས་བྱ་བ་ནི་ཐམས་ཅད་མདོར་བསྡུས་
པའི་ཕུན་སུམ་ཚོགས་པ་ཡེ་ཤེས་གཅིག་པུ་འདྲེས་པར་སོང་བ་ཉིད་པས་གཉིས་སུ་མེད་པ་ཞེས་བྱ་བའོ། །གཟུགས་ཅན་མའི་བདག་པོས་གསུངས་པ་འདོད་ཆགས་ཆེན་པོའི་ལུས་རྒྱ་ཆེ་བས། ལུས་ཐམས་ཅད་དུ་སྡོམ་པ་རྣམས་ཀྱི་གདམས་ངག་སྟོན་པ་པོ་ཉིད་ཀྱི་རིན་ཆེན་ཏེ། དེ་ཡང་མགོ་བོ་
དང་རྡོ་རྗེའི་ནོར་བུ་དག་ཏུ་འཕྱང་བ་དང་སོན་པ་དག་ཅེས་བྱ་བ་སྟེ་སྲོག་གི་ཐིག་ལེ་དཔྲལ་བ་ནས་འོངས་ནས་རྡོ་རྗེ་ནོར་བུའི་བར་དུའོ། །དེའི་ཕྱིར་སྔོན་དུ་བཤད་པའི་རྣལ་འབྱོར་གོམས་པས་ནོར་བུ་ལས་སླར་མགོ་བོའི་དཔྲལ་བ་ཁ་འོག་ཏུ་བལྟས་པའི་ཧའི་རྣམ་པའི་བར་དུ་སོན་པ་སྟེ། རྩའི་ཡི་གེས་མདོར་
བསྡུས་པས་དེ་ལྟར་ཕྱག་རྒྱ་གཉིས་ཀྱིས་རིན་ཆེན་སྡོམ་པར་འདོད་དོ། །རིན་ཆེན་སྡོམ་པ་ནི་རིན་པོ་ཆེ་དེས་བརྗོད་པའི་ཡེ་ཤེས་དེ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྡོམ་པར་བཤད་པ་རིན་ཆེན་འབྱུང་ལྡན་ཞེས་བྱ་བའོ། །དེ་ལྟར་མི་གསལ་བར་བཤད་པ་དེ་རྣམས་ཀྱི་མཁའ་འགྲོ་ཞེས་བྱ་བ་སྟེ་ཟུང་གི་མཁའ་ཅན་
เล่ม ๒๐ · หน้า 96b
གྱིས་དེ་ཡང་སྡོམ་པ་དྲུག་པོ་རྣམས་ཀྱི་མཁའ་འགྲོ་མའི་མིང་ཀྱང་ངོ་། །དེ་ཇི་ལྟར་ཞེ་ན། གསུངས་པ། འདིར་ཡེ་ཤེས་ཨ་ཝ་དྷཱུ་ཏཱིའི་ནམ་མཁའ་ལས་རྣལ་འབྱོར་ཐམས་ཅད་ཀྱི་དང་སྡོམ་པ་ཐམས་ཅད་ཀྱི་བསྐྱེད་པ་སྟེ་དེ་རྣམས་ཡང་དེའི་རང་བཞིན་ཀྱིས་མཁའ་འགྲོའི་མིང་ཀྱང་ངོ་། །གང་གི་ཕྱིར་
ནམ་མཁའི་མཁའ་འགྲོའི་མིང་སྟེ། དེའི་ཕྱིར་རྣལ་འབྱོར་ཐམས་ཅད་ཀྱི་བྱ་བ་དེ་དེ་བཞིན་དུ་གསུངས་སོ། །གལ་ཏེ་དེ་སྲིད་སྡོམ་པ་དྲུག་པོ་དེ་རྣམས་སུ་ཡང་གཞན་རྣམས་སུ་མིང་གཞན་རྣམས་མཁའ་འགྲོ་དྲུག་དེའི་ཚེ། འོ་ན་བཅོམ་ལྡན་འདས་རྣམས་ཀྱིས་མཁའ་འགྲོ་བདུན་རྣམས་ཀྱི་ངེས་པའི་
ཚིག་གི་མཚན་ཉིད་རྒྱུད་ཀྱི་ནང་དུ་གསུངས་ཤེ་ན། དེ་བཞིན་དུ་བཤད་པ། བདུན་པ་ཡེ་ཤེས་ཅན་མཆོག་གོ། །ཞེས་བྱ་བ་སྟེ། ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་ནི་གཙོ་བོ་སྟེ། རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་དེ་མཆོག་གི་ཡེ་ཤེས་ཅན་ཏེ་བདུན་པ་མཁའ་འགྲོ་སྡོམ་པ་ཞེས་
བྱ་བའོ། །དེ་ལྟར་དེ་རྣམས་མཁའ་འགྲོ་མ་བདུན་རྣམས་ཏེ་སླར་ཡང་གཙོ་བོ་རྣམས་ཀྱིས་ལྷན་ཅིག་སྒོམ་པ་ལ་ཀུན་རྫོབ་ཀྱི་དུས་ཀྱི་གང་ཞིག་གཙོ་བོའོ། །དེ་ཉིད་བརྒྱད་པོ་དེ་ལྟར་འདི་རྣམས་ཀྱི་ཡང་ཤེས་རབ་ནི་ཁྭའི་གདོང་ཅན་ལ་སོགས་པ་སྟེ་མཁའ་འགྲོའི་གཙོ་བོ་བརྒྱད་ཐམས་ཅད་དུ་ཞེས་བྱ་
བར་དེ་དེ་བཞིན་དུ་གསུངས་པར་འགྱུར་རོ། །དེ་ནི་མཁའ་འགྲོ་འདི་རྣམས་ཀྱི་རྒྱས་པར་བཤད་པ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་མཁའ་འགྲོ་སྡོམ་པ་རྣམས་ཀྱི་དོན་སྣ་ཚོགས་བརྗོད་པ་རྣམས་ཀྱི་སྟེ། ཡང་དག་པར་སྦྱོར་བ་ནི་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཡོངས་སུ་
བསྒྲུབས་པ་དེ་རྣམས་ཀྱིས་སྡོམ་པ་གཅིག་གི་སྟེང་དུ་སོན་པའོ། །ཌ་ནི་འོག་ཏུ་ཡང་འོང་བ་སྟེ་དེ་དེ་བཞིན་དུ་བཤད་པར་འགྱུར་ཏེ། མན་ངག་འདིས་གཏུམ་མོ་འབར་བ་དང་ཨ་ཝ་དྷཱུ་ཏཱི་དང་སྣ་ཚོགས་པ་ཁྱབ་པ་ཉིད་པས་རྩ་ཐམས་ཅད་སོ་སོར་རེ་རེའི་དབུས་སུ་འབར་བས་རྩ་ཨ་ཝ་དྷཱུ་ཏཱི་ཅན་དེའི་རང་
བཞིན་དུ་འགྱུར་རོ། །དེ་ལས་སྣ་ཚོགས་པའི་རྣམ་པ་ཡེ་ཤེས་ཀྱི་མཁའ་འགྲོར་བསྐྱེད་པར་འགྱུར་རོ། །སྣ་ཚོགས་ཀྱི་རྣམ་པར་རིག་པ་སྐད་ཅིག་ལས་ཞེས་བྱ་བའོ། །དེ་ནས་ཡེ་ཤེས་མཁའ་འགྲོ་ལས་ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་མ་རྣམས་ཀྱི་བསྐྱེད་པར་འགྱུར་བ་སྟེ། ཏུའི་སྒྲས་གནས་དང་
เล่ม ๒๐ · หน้า 97a
ཉེ་བའི་གནས་ལ་སོགས་པར་འཇུག་པར་བྱེད་དོ། །དེའི་རྗེས་སུ་སྣོད་དང་སེམས་ཅན་གྱི་འཇིག་རྟེན་རྣམས་ཀྱི་རང་བཞིན་ལ་བདག་མེད་པ་གཉིས་ལ་སོགས་པ་ཤེས་པས་སྣ་ཚོགས་པས་རིག་ཅེས་བྱ་བའོ། །སླར་ཡང་རྡོ་རྗེ་མཁའ་འགྲོའི་གསུངས་པ། བྱང་ཆུབ་
སེམས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྔར་བཤད་པའི་རིགས་པས་དབུས་མར་གཟུང་བའི་བྱང་ཆུབ་ཀྱི་སེམས་སོ། །དེའི་དབུས་སུ་དེའི་དངོས་པོ་རང་གི་རིག་པའི་ཡེ་ཤེས་དེ་ཉིད་བདུད་རྩི་གསང་བའི་གཟུགས་སོ། །བདུད་རྩི་དེ་ཇི་ལྟར་ཞེ་ན། འཆི་བ་མེད་པ་ཉིད་དང་ཉམས་པ་
མེད་པ་ཉིད་ཀྱིས་སོ། །གསང་བ་ཇི་ལྟར་ཞེ་ན། མཐོང་བ་མེད་པ་ཉིད་དམ་དབྱེ་བ་མེད་པ་ཉིད་ཀྱིས་ལུས་ལ་སོགས་པ་རྣམས་སུའོ། །དེའི་ཚེ་རྡོ་རྗེ་མཁའ་འགྲོར་བཤད་པ་སྟེ་བརྗོད་པའོ། །ནམ་མཁའི་གཟུགས་ཅན་གྱིས་དེའི་ནང་དུ་སོན་པའི་སྲོག་གི་བདག་ཉིད་ཅན་གྱི་ཡེ་ཤེས་ནི་རྡོ་རྗེ་སྟེ།
རྡོ་རྗེ་རྣལ་འབྱོར་མ་སྣ་ཚོགས་པའི་རྣམ་པ་ནི་མཁའ་འགྲོའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ནི་རྣལ་འབྱོར་ཀྱི་མཁའ་འགྲོ་གསུངས་པ། གཏད་མེད་ཅེས་བྱ་བ་ལ་སོགས་པ་སྟེ་འདིར་སྔར་བཤད་པའི་མཁའ་འགྲོའི་བདག་ཉིད་ཅན་དང་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་དབུས་
མའི་ནང་དུ་གནས་པ་ཉིད་ནི་དེའི་ཚེ་རྒྱུ་མཚན་མེད་པར་བྱུང་བ་སྟེ། ཕུང་པོ་ལྔ་རྣམས་ཀྱི་བདག་མེད་པར་མཐོང་བའི་གཟུགས་སུ་འགྱུར་རོ། །དེ་ཇི་ལྟར་ཞེ་ན། གང་གི་ཚེ་རྣལ་འབྱོར་གོམས་པ་རང་བཞིན་གྱི་གཟུགས་རྗེས་སུ་དམིགས་པ་མེད་པར་གྱུར་པ་དེའི་ཚེ་ནམ་མཁའ་ལ་རང་གི་གཟུགས་མཐོང་
བར་འགྱུར་རོ། །སྒྱུ་མ་ཆེན་པོ་པདྨའི་གཟུགས་ཅན་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ཆུ་སྐྱེས་སུ་རིགས་ཐམས་ཅད་མཆོག་ཏུ་སོན་ནས་རྣལ་འབྱོར་མའི་གཟུགས་ཀྱིས་རྣལ་འབྱོར་གྱི་ཡེ་ཤེས་སྐྱེད་པར་བྱེད་དོ། །དེ་ལྟར་རྣལ་འབྱོར་རང་གི་སེམས་དང་བསམ་དུ་མེད་པའོ་ཞེས་བྱ་བ་ནི་རང་གི་ཡེ་
ཤེས་བསམ་དུ་མེད་པ་ཕ་རོལ་གྱི་ཡེ་ཤེས་སྐྱེད་པར་བྱེད་དེ་རྣལ་འབྱོར་གྱི་མཁའ་འགྲོའི་དེ་དེ་བཞིན་དུ་བཤད་དོ། །རྣལ་འབྱོར་མ་བསམ་དུ་མེད་པའི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །ད་ནི་འཁོར་ལོ་མཁའ་འགྲོའི་གསུངས་པ། འཁོར་ལོ་ནང་གི་བདག་ཉིད་ཅན། །ཞེས་བྱ་བ་ལ་སོགས་
เล่ม ๒๐ · หน้า 97b
པ་སྟེ། འདིར་སྔོན་དུ་བཤད་པའི་རྩའི་འཁོར་ལོ་རྣམས་སུ་སྦྱོར་བ་ལ་སོགས་པས་ཐམས་ཅད་ཀྱི་ཡང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་གཉིས་ཀྱི་ཐིག་ལེའི་གཟུགས་ཡེ་ཤེས་སུ་འགྱུར་རོ། །དེ་ལྟར་ཐམས་ཅད་དུ་སྦྱར་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སུ་སྦྱར་བར་བྱའོ། །འདི་
རྣམས་ཀྱི་ཐིག་ལེས་ནང་གི་བདག་ཉིད་ཅན་གྱི་འཁོར་ལོའི་གཟུགས་ཞེས་བྱ་བར་འབྲེལ་ལོ། །མཚན་ཉིད་དང་ནི་གནད་མཚམས་དག །ཅེས་བྱ་བ་ནི་འཁོར་ལོ་དེ་ཐམས་ཅད་ཀྱི་ལག་པ་དང་རྐང་པ་ལ་སོགས་པའི་ཚིགས་དང་མགོ་ལ་སོགས་པ་རྣམས་སུ་རྩ་སྤྲོ་བའི་གནས་དང་གནད་དག་ཏུ་
འདྲེས་པར་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྒྱུན་ཀྱང་འོང་བ་སྟེ། དེས་སངས་རྒྱས་རྣམས་ནི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱི་རིགས་ཀྱི་མཚན་ཉིད་ཀྱི་རྣལ་འབྱོར་མ་རྣམས་ཀྱི་དེ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ད་ནི་དམ་ཚིག་གི་མཁའ་འགྲོའི་མཚན་
ཉིད་གསུངས་པ། འདུ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྔར་བཤད་པའི་ཡེ་ཤེས་ནང་གི་བདག་ཉིད་ལས་རྣལ་འབྱོར་ལ་གོམས་པ་རྣམས་ཀྱི་དང་ཕྱི་རོལ་དུ་རྣལ་འབྱོར་མའི་གཟུགས་ཀྱིས་ཀྱང་སྟེ། ཡེ་ཤེས་འདི་ལྟར་གཉིས་ཀྱི་རྫས་ཀྱི་རང་བཞིན་གྱིས་བདག་ཉིད་ཅན་ལས་དམ་
ཚིག་གི་དུས་ཏེ་དེ་ཡང་རྣམ་པ་གསུམ་སྟེ་དུས་གསུམ་མོ། །སྐྱེ་བ་དང་འཆི་བ་དང་བར་མའོ། །འདི་རྣམས་ཀྱི་དུས་རྣམས་ཀྱི་སྲིད་པའོ། །ཐམས་ཅད་ཀྱིར་ཤེས་བྱ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སྲིད་པར་མངོན་པར་འབྲེལ་བར་བྱའོ་ཞེས་སོ། །འདི་ཉིད་གསུངས་པ། སྐྱེ་བའི་སྲིད་པ་དང་།
འཆི་བའི་སྲིད་པ་དང་། བར་མའི་སྲིད་པ་ཞེས་བྱ་བ་སྟེ་སྲིད་པ་གསུམ་སྤང་བའི་ཕྱིར་དམ་ཚིག་མཁའ་འགྲོ་ཉིད་སྐྱེས་པ་སྟེ་རྣལ་འབྱོར་མ་རྣམས་ཀྱི་དང་ཀུན་གྱི་བདག་ཉིད་རྣམས་ཀྱིའོ། །དུས་གཅིག་ལ་དབང་ཕྱུག་མ་རྣམས་ཀྱི་ཡེ་ཤེས་བསྐྱེད་པ་མི་གཡོ་བའི་དུས་ཀྱི་དབང་ཕྱུག་མ་ཞེས་
བྱ་བའི་དོན་ཏོ། །ད་ནི་པདྨ་མཁའ་འགྲོའི་གསུངས་པ། ཀུན་བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྔོན་དུ་བཤད་པའི་རིགས་པས་རྒྱུན་མི་འཆད་པར་རྣལ་འབྱོར་ལ་གོམས་པ་དེ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཏེ་སེམས་ཀྱི་འབད་རྩོལ་ཐམས་ཅད་ཀྱིས་ཐ་མལ་
เล่ม ๒๐ · หน้า 98a
པ་རྣམས་ཀྱི་མི་ཤེས་པ་འཇོམས་པའི་རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་ཀྱི་ལམ་གྱིས་འགྲོ་བ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ཉིད་ཅི་ཞེ་ན། འགྲོ་བ་གསུངས་པ། འདོད་ཆགས་སྒྱུ་མ་བཅས་ནམ་མཁའ། །ཞེས་བྱ་བ་སྟེ། འདོད་ཆགས་སྒྱུ་མ་ནི་འདོད་ཆགས་སྒྱུ་མ་སྟེ་རྩ་ཐམས་
ཅད་ཀྱིས་རང་གིས་རིག་པའི་བདེ་བའི་བདག་ཉིད་ཅན་གྱི་རང་བཞིན་དེས་ལྷན་ཅིག་ནམ་མཁའ་ལ་འོད་གསལ་བ་ནི་པདྨ་མཁའ་འགྲོ་སྟེ། རང་ཁྱབ་བདག་ཅེས་བྱ་བ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རང་བཞིན་གྱིས་ཏེ་ཞིང་གི་རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་དེ་རང་ཉིད་གཙོ་བོ་རྡོ་རྗེ་འཆང་ཆེན་པོའི་
བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ད་ནི་རིན་ཆེན་མཁའ་འགྲོའི་མཚན་ཉིད་གསུངས་པ། ཕྱི་མའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྔོན་དུ་བཤད་པའི་རྣལ་འབྱོར་ལ་གོམས་པས་ཕྱི་མོ་སྟེ་ཨའི་ཡི་གེ་ལ་སོགས་པས་རྣལ་འབྱོར་མ་རྣམས་ཀྱིས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་
རྣམས་ཀྱི་བསྐྱེད་པའོ། །དེ་ལྟར་ཡི་གེ་མཆོག་གི་ཡི་གེ་རྣམས་སུ་འོག་མིན་གྱི་ནང་རྣམས་སུ་ལོངས་སྤྱོད་པ་རྣམས་ཀྱི་བསྐྱེད་དོ། །དེ་ལྟར་རྣལ་འབྱོར་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་སྤྲུལ་པ་རྣམས་བསྐྱེད་དོ། །དེ་ལྟར་ཕྱག་རྒྱ་སྟེ་ཆོས་འབྱུང་གི་ནང་དུ་བྱང་ཆུབ་ཀྱི་ཐིག་ལེའི་དཀྱིལ་འཁོར་
བསྒོམས་པས་ཆོས་ཀྱི་སྐུ་ཅན་རྣམས་ཀྱི་བསྐྱེད་དོ། །དེ་བཞིན་ལྷན་སྐྱེས་རྣམས་བཞི་པ་ལྷན་སྐྱེས་གདམས་ངག་ཅན་རྗེས་སུ་དྲན་པ་བསྒོམས་པས་ལྷན་སྐྱེས་ཀྱི་བདག་ཉིད་རྣམས་ཀྱི་བསྐྱེད་པར་འགྱུར་རོ། །དེ་ལྟར། འདོད་ཅན་རྣམས་ཀྱི་བགྲོད་བྱ་བ། །ཞེས་བྱ་བ་ནི་འདོད་པ་དང་སོ་སོར་འདོད་པའི་རང་
བཞིན་ཅན་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་ཕྱིར་བགྲོད་པར་བྱ་བ་སྟེ་བདེ་བ་བསྐྱེད་པར་གྱུར་པས་རྒྱུན་ཏུ་དུས་ཐམས་ཅད་བསྐྱེད་པ་སྟེ། རབ་ཏུ་གསལ་བ་ལྟར་འབར་བའོ། །རིན་ཆེན་དབང་པོ་ནི་ཡེ་ཤེས་ཀྱི་དབང་ཕྱུག་མ་རྣམས་ཀྱི་ཁྱབ་བདག་སྟེ། རིན་ཆེན་མཁའ་འགྲོ་དེའི་ཞེས་བྱ་བར་དེ་དེ་
བཞིན་དུ་བཤད་དོ། །ཀ་གཉིས་པ་ནི་ཚིག་རྫོགས་པར་བྱ་བའོ། །དེའི་ཕྱིར། རིན་ཆེན་དབང་པོ་མཁའ་འགྲོ་མ། །ཞེས་བྱ་བར་དགོངས་སོ། །འདི་རྣམས་ཀྱི་མདོར་བསྡུས་པས་རྣམ་པར་དག་པའི་མཚན་ཉིད་ཀྱིས་སྣ་ཚོགས་པའི་དེ་ཁོ་ན་ཉིད་སོ་སོར་མཚོན་པ་གསུངས་པ། དེ་ལྟར་ཞེས་
เล่ม ๒๐ · หน้า 98b
བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡེ་ཤེས་མཁའ་འགྲོ་ལ་སོགས་པ་མཁའ་འགྲོ་བདུན་རྣམས་ཀྱི་རང་རང་གི་ཁམས་རྣམས་ཀྱི་ཁམས་རྣམ་པ་བདུན་ཞེས་བྱ་བ་ནི་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། ཡེ་ཤེས་དང་། ཆོས་ཀྱི་ཁམས་བདུན་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །དེ་རྣམས་
ཀྱང་རྣམ་པར་ཤེས་པ་བདུན་གྱི་མཚན་ཉིད་ཅེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སོ། །མཚན་ཉིད་ནི་དོན་དམ་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཁམས་རྣམས་ནི་རུས་པ་དང་རྐང་མར་དང་ཁྲག་དང་
པགས་པ་དང་ཆུ་རྒྱུས་དང་ཁུ་བའོ། །དེ་ལྟར་འདི་རྣམས་ཀྱི་ལུས་ཀྱི་རྣམ་པར་གཞག་པས་ཕྱི་རོལ་དུ་ཡང་འཇིག་རྟེན་གྱི་ཁམས་ཀྱི་སྟེ་དེ་ལ་རྒྱ་མཚོ་ཆེན་པོར་ཡང་སྣ་ཚོགས་པའི་གནས་རྣམས་སུ་དེ་རྣམས་སླར་ཡང་ཉི་ཤུ་རྩ་ལྔར་འགྱུར་རོ། །དེ་ཉིད་བཤད་པ། ཆུ་གཏེར་ཞེས་བྱ་བ་ནི་རྒྱ་མཚོ་
བདུན་རྣམས་སོ། །རི་ཞེས་བྱ་བ་ནི་རི་བདུན་དང་བརྒྱད་པ་རྡོ་རྗེའི་རིའོ། །གླིང་ཞེས་བྱ་བ་ནི་གླིང་བདུན་རྣམས་སོ། །འཁོར་ལོའི་ར་བ་ཞེས་བྱ་བ་ནི་འཁོར་ལོའི་ར་བ་དང་དེ་བཞིན་དུ་མེས་བསྐོར་བ་དང་རླུང་གིས་བསྐོར་བའོ། །རྒྱ་མཚོ་ཆེན་པོ་ཡང་ངོ་། །གནས་ལྷག་མ་རྣམས་ནི་ཇི་ལྟ་བའི་རིམ་
པས་རི་རབ་ལ་སོགས་པ་རྒྱུད་དང་རྒྱུད་ཀྱི་ནང་དུ་བཤད་པར་བྱའོ། །རྒྱ་མཚོ་ཆེན་པོ་དེར་རབ་འཇུག །ཅེས་བྱ་བ་ནི། སུམ་ཅུ་རྩ་དྲུག་པར་རྒྱ་མཚོ་ཆེན་པོ་ཡང་དེར་གནས་པ་སྙིང་རྗེར་ཞུ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདི་རྣམས་ཀྱི་གནས་རྣམས་ཀྱི་རིམ་པ་ཇི་ལྟ་བས་དེ་ཁོ་ན་ཉིད་ཉི་ཤུ་
རྩ་ལྔ་རྣམས་རབ་ཏུ་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཡང་དག་པར་གཞག་པ་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པས་ཏེ་འཁོར་ལོའི་ར་བ་ལ་སོགས་པ་རྣམས་སུ་རང་བཞིན་ནི་རབ་ཏུ་གཏུམ་མོ་དང་སྐྱེས་བུའོ། །གཏུམ་མིག་མ་ཡང་ངོ་། །དེའི་རིའོ། །དེ་ལྟར་ཟླ་
བའི་གླིང་ལ་སོགས་པ་གླིང་བདུན་རྣམས་ཏེ་དེ་རྣམས་ཡང་། ཟླ་བ་དཀར་པོ་དེ་བཞིན་དུ། ཀུ་ཤ་མིའམ་ཅི་ལོངས་སྤྱོད། །ཀྲུང་ཀྲུང་དྲག་པོ་སྐྱེ་བ་ཡི། །གླིང་རྣམས་རིམ་པ་ཇི་བཞིན་ནོ། །དེ་བཞིན་རྒྱ་མཚོ་རྣམས་བཤད་པ། །མར་དང་སྦྲང་དང་ཞོ་འོ་མ། །ཆུ་དང་ཆང་དང་བ་ཚ་རྣམས། །
เล่ม ๒๐ · หน้า 99a
དེ་བཞིན་དུ་རི་རྣམས་བཤད་པ། །གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་བལྟ་ན་སྡུག །རྣ་བ་དང་ནི་ཁོར་ཡུག་དང་། །མུ་ཁྱུད་འཛིན་དང་རྡོ་རྗེའོ། །དེ་བཞིན་དུ་མེས་བསྐོར་བ་དང་། །རླུང་གིས་བསྐོར་བ་དེ་རྣམས་རིམ་པ་ཇི་ལྟ་བར་བཤད་
པར་བྱ་སྟེ། དེ་ལ་འོད་ལྡན་མ་ནི་འོད་གསལ་རྣམས་སུའོ། །ཐམས་ཅད་དུ་སྣ་ཆེན་མའོ། །མིང་དུ་དཔའ་བློ་མའོ། །ཆོས་ཀྱི་དབྱིངས་སུ་མིའུ་ཐུང་མའོ། །རང་གི་མཚན་ཉིད་དུ་ལངྐའི་དབང་ཕྱུག་མའོ། །ཐར་བར་ནི་ཤིང་གི་གྲིབ་མའོ། །སངས་རྒྱས་སུ་ནི་ས་སྲུང་མའོ། །ཡེ་ཤེས་
སུ་ནི་འཇིགས་བྱེད་ཆེན་མོའོ། །རྡོ་རྗེར་ནི་རླུང་ཤུགས་མའོ། །སེམས་དཔར་ནི་ཆང་འཐུང་མའོ། །ལམ་དུ་ནི་ལྗང་ལྷ་མོའོ། །ཆོས་འབྱུང་དུ་ནི་ཤིན་ཏུ་བཟང་མོའོ། །ཐེག་པ་ཆེན་པོར་ནི་རྟ་རྣ་མའོ། །གསང་བར་ནི་ཁྭ་གདོང་མའོ། །སྔགས་ཀྱི་ཚུལ་དུ་ནི་འཁོར་ལོའི་ཤུགས་ཅན་མའོ། །
ཁྱབ་བདག་ཏུ་ནི་དུམ་སྐྱེས་མའོ། །ལྷན་སྐྱེས་སུ་ཆང་འཚོང་མའོ། །འདུས་པར་ནི་འཁོར་ལོའི་གོ་ཆ་མའོ། །སྙིང་རྗེ་ཆེན་པོར་ནི་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་བར་དུ་བཅུ་གཉིས་སོ། །བདག་མེད་པར་ནི་ཤིན་ཏུ་དཔའ་མོའོ། །དེ་ཁོ་ན་ཉིད་ཐམས་ཅད་དུ་
ནི་སྟོབས་ཆེན་མའོ། །རང་བཞིན་ཅན་དུ་ནི་འཁོར་ལོས་སྒྱུར་མའོ། །སྟོང་པ་ཉིད་དུ་ནི་བརྩོན་འགྲུས་ཆེན་མོ་ཞེས་བྱ་བའོ། །འོན་ཀྱང་ཟླ་བའི་གླིང་ལ་སོགས་པ་དྲུག་ལོངས་སྤྱོད་ཀྱི་སའོ། །དེ་ནས་ཁ་བ་ཅན་གྱི་རིའི་ཕྱི་རོལ་འཛམ་བུ་གླིང་དེ་ནི་སྙིང་རྗེའི་ས་ཞེས་བྱའོ། །བ་ཚའི་རྒྱ་མཚོའི་ཕ་
རོལ་དུ་རྡོ་རྗེའི་རི་བོའོ། །རྒྱ་མཚོ་ཆེན་པོར་ནི་ཆོས་ལ་དམིགས་པའི་སྙིང་རྗེའོ། །རི་རབ་ནི་སེམས་ཅན་ལ་དམིགས་པའོ། །དེ་ལྟར་རི་རབ་ཀྱི་འོག་གི་ཆར་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་སོ། །ས་དང་ཆུ་དང་མེ་དང་རླུང་ལས་དམྱལ་བ་བརྒྱད་རྣམས་ཞེས་བྱ་
བའི་དོན་ཏོ། །འདི་རྣམས་ཐམས་ཅད་ནམ་མཁའི་ནང་དུ་སོ་སོར་གནས་སོ། །དེ་དང་དེ་ཁོ་ན་ཉིད་སུམ་ཅུ་རྩ་དྲུག་རྣམས་ཏེ། འོན་ཀྱང་དམྱལ་བ་བརྒྱད་རྣམས་ཀྱི་དེ་ཁོ་ན་ཉིད་ནི་དུར་ཁྲོད་བརྒྱད་རྣམས་སོ། །དེ་ལྟར་ལྷ་ནི་བྱམས་པ་ལ་སོགས་པ་བཞིར་བཤད་དེ། དེ་བཞིན་དུ་ལྷག་མ་
เล่ม ๒๐ · หน้า 99b
རྣམས་ཟུང་དང་ཟུང་དུ་བཤད་པ་སྙིང་རྗེ་དང་བྱམས་པ་ཟུང་ངོ་། །གཉིས་པ་དགའ་བ་དང་བཏང་སྙོམས་སོ། །གསུམ་པ་བྱམས་པ་དང་དགའ་བའོ། །བཞི་པ་སྙིང་རྗེ་དང་བཏང་སྙོམས་ཟུང་ཞེས་བྱའོ། །ཡང་ན། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་སྟོབས་
དང་ཐབས་དང་ནི། །སྨོན་ལམ་དང་ནི་བརྒྱད་ཅེས་བྱ། །ནམ་མཁའི་ཤེས་རབ་དེ་བཞིན་ནོ། །དེ་ཡི་དེ་ཉིད་ཕག་མོའི་སྟེ། །རི་རབ་བཅོམ་ལྡན་འདས་རང་ངོ་། །དེ་ཡི་ལྷ་མོར་ཤེས་བྱ་སྟེ། །ཡེ་ཤེས་ཕ་རོལ་ཕྱིན་སླར་ཡང་། །གཙོ་བོ་གཉིས་མེད་སྦྱོར་བ་རུ། །སུམ་ཅུ་རྩ་བདུན་
ཅན་མཁས་པ། །དེ་ལྟར་དེ་ཉིད་སུམ་ཅུ་བདུན། །མ་བྱུང་འབྱུང་བར་མི་འགྱུར་རོ། །དེ་ལྟར་སླར་ཡང་ལྷག་མ་ལུས་ཀྱི་ཁམས་ཀྱི་རྣམ་པར་གཞག་པ་གསུངས་པ། འདིར་སྔར་བཤད་པའི་རྣམ་པ་བདུན་གྱི་ཁམས་རྣམས་རུས་པ་ལ་སོགས་པས་དེ་རྣམས་ཀྱང་མིག་ལ་
སོགས་པ་རྒྱ་མཚོ་བདུན་རྣམས་དང་། ཉོན་མོངས་པ་ཅན་གྱི་ཡིད་ལ་སོགས་པ་རྣམ་པར་ཤེས་པ་བདུན་གྱི་མཚན་ཉིད་རྣམས་ཀྱང་ངོ་། །དེ་བཞིན་དུ་ཡང་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་དང་། ཆོས་ཀྱི་དབྱིངས་
སུ་ཕུང་པོ་བདུན་རྣམས་ནི་ཁ་བ་ཅན་ལ་སོགས་པ་རི་བདུན་རྣམས་ཏེ། དེ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་ཡེ་ཤེས་སོ། །འཛམ་བུའི་གླིང་ལ་སོགས་པའི་གླིང་བདུན་རྣམས་ཀྱིས་སོ། །དེ་ལྟར་དབང་པོ་རྣམས་ཀྱང་ངོ་། །དེ་བཞིན་དུ་མིག་གི་སྐྱེ་མཆེད་ནི་རྡོ་
རྗེའི་རིའོ། །རྣ་བའི་སྐྱེ་མཆེད་ནི་མེས་བསྐོར་བའོ། །སྣའི་སྐྱེ་མཆེད་ནི་རླུང་གིས་བསྐོར་བའོ། །ལྕེའི་སྐྱེ་མཆེད་ནི་འཁོར་ལོའི་ར་བའོ། །ལུས་ཀྱི་སྐྱེ་མཆེད་ནི་རི་རབ་བོ། །ཡིད་ཀྱི་སྐྱེ་མཆེད་ནི་རྒྱ་མཚོ་ཆེན་པོའོ། །ཆོས་ཀྱི་སྐྱེ་མཆེད་ནི་གཉིས་སུ་མེད་པའོ། །དེ་ལྟར་ངག་དང་ལག་པ་
དང་། རྐང་པ་དང་། ཐུར་སེལ་དང་། ཉེར་གནས་དག་དང་། སྨྲ་བ་དང་། ལེན་པ་དང་། འགྲོ་བ་དང་། འབྱིན་པ་སྟེ། ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་ནི་དམྱལ་བ་བརྒྱད་དོ། །ཡེ་ཤེས་ཀྱི་དབང་པོ་ནི་བྱང་ཆུབ་ཀྱི་སེམས་འཛག་པ་སྟེ་ནམ་མཁའོ། །འདི་རྣམས་ཀྱང་
เล่ม ๒๐ · หน้า 100a
ཀུན་གཞིའི་རྣམ་པར་ཤེས་པར་འདུ་ཤེས་པའོ། །དེ་བཞིན་དུ་འདི་རྣམས་ཐམས་ཅད་རྣམ་པར་ཤེས་པ་བདུན་རྣམས་སོ། །མངོན་པར་འབྲེལ་པར་བྱའོ། །འཇིག་རྟེན་གྱི་ཁམས་དང་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ལུས་ཀྱི་རྣམ་པར་གཞག་པ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་
དགོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྲུབ་པ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་སོང་བས་དེའི་ཚེ་སླར་བྱ་བ་དང་སྤྱོད་པའི་རྒྱུད་ཡོད་དམ་ཞེ་ན། དེའི་ཕྱིར་བཤད་པ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་རྣམས་ཀྱི་དབུས་སུ། ཡང་བཤད་པའི་
མཇུག་གིས་འོད་གསལ་བའི་ཚིག་གིས་ཐམས་ཅད་ཅེས་བྱ་བ་ནི་བྱ་བའི་རྒྱུད་རྣམས་དང་མིང་ཞེས་བྱ་བས་སྤྱོད་པའི་རྒྱུད་རྣམས་དང་རང་གི་མཚན་ཉིད་རྣམས་ནི་ཉན་ཐོས་ཀྱི་ཐེག་པ་དང་ལམ་ཞེས་བྱ་བས་དབུ་མ་དང་ཆོས་འབྱུང་ཞེས་བྱ་བས་རྣམ་པར་ཤེས་པ་ཅན་དང་། གསང་བས་སྒོམ་པའི་
རིམ་པ་དང་ཁྱབ་བདག་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྟེ། དེ་ཁོ་ན་ཉིད་ཐམས་ཅད་ནི་བླ་མའི་གདམས་ངག་གོ། །རང་བཞིན་ཅན་ནི་ཡེ་ཤེས་ཏེ་གཏུམ་མོའི་གཟུགས་ཏེ། འདོད་ཆགས་ལ་སོགས་པས་སོ། །ལྷག་མ་རྣམས་ནི་ཚིག་ཇི་ལྟ་བ་བཞིན་ནོ། །
འོན་ཀྱང་སྐྱེས་བུ་ནི་རང་གིས་རིག་པ་སྐྱེད་པ་པོ་རབ་ཏུ་སྦྱོར་བའི་ལམ་རྣམས་སོ་ཞེས་བྱ་བས་ཤེས་རབ་ཀྱི་རྒྱུད་རྣམས་གྲུབ་སྟེ། ཐབས་དང་ཤེས་རབ་ལ་སོགས་པའི་རྒྱུད་ཀྱིས་ཀྱང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་དོ། །གང་གི་ཕྱིར་འདིར་རབ་ཏུ་གྲགས་ཏེ། བདེ་བར་གཤེགས་པའི་ལམ་
རྣམས་ནི་རྒྱུད་ཐམས་ཅད་དང་བསྟན་བཅོས་ཐམས་ཅད་དོ། །ས་བཅུ་གཉིས་ཀྱི་བདག་ཉིད་ཅན་རྣམས་ཏེ་རྣམ་པར་དག་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་སོགས་པའོ། །དེ་བཞིན་དུ་གསུངས་པ། ལེའུ་དང་པོར་གང་གི་ཞེས་བྱ་བ་ལ་སོགས་པ་ནས། ཧེ་རུ་ཀ་འདྲ་ཞེས་བྱ་བའི་
བར་དུ་ཚིགས་སུ་བཅད་པ་གསུམ་གྱིས་སོ། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས་ཇི་སྲིད་ས་བཅུ་གཉིས་ཀྱིས་ཉེ་བར་མ་བརྒྱན་པ་དེ་དེ་སྲིད་དུ་མི་ཐོབ་པ་སྟེ་དཔལ་ཧེ་རུ་ཀའི་གོ་འཕང་ངོ་། །ཡང་ན་བྱེད་དེ། དེའི་ཚེ་ཐོབ་སྟེ་མ་དང་བུ་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་མར་འགྲོ་སྟེ་སྐྱེས་བུ་ལ་སོགས་
เล่ม ๒๐ · หน้า 100b
པའི་གཟུགས་ཐམས་ཅད་ལས་སོ། །དེ་རྣམས་ཀྱི་རྐྱེན་གྱིས་བུ་རྣམས་དེ་རང་གི་ཡན་ལག་གི་དངོས་པོ་ལས་སོ་སོར་སོང་བའོ། །དེ་ལྟར་སླར་ཡང་འཇིག་རྟེན་གྱི་ཁམས་འོག་དང་སྟེང་གི་སྔར་བཤད་པས་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་རྣམ་པར་གཞག་པར་བྱའོ། །རི་རབ་ཀྱི་གཙུག་ཏོར་ལ་
སོགས་པ་དང་ཇི་སྲིད་ནམ་མཁའི་བར་དུ་ས་འོག་ལས་སོ། །ལུས་ལ་ཡང་གཙུག་ཏོར་ནས་རྐང་པའི་མཐེ་བོང་གི་བར་དུ་སྟེ། དེ་ལྟར་འདོད་པའི་ཁམས་གནས་བཅུ་གཅིག་རྣམས་དང་། གཟུགས་ཀྱི་ཁམས་བཅུ་དྲུག་དང་། གཟུགས་མེད་པའི་ཁམས་ཀྱི་གནས་བཞི་རྣམས་ཏེ། དེ་བཞིན་དུ་
གཞལ་མེད་ཁང་ན་སྤྱོད་པ་རྣམས་ཀྱི་གནས་བཞི་རྣམས་ནི་ཐོག་མ་དང་གཉིས་པ་དང་། གསུམ་པའི་བསམ་གཏན་ཐོབ་པ་རྣམས་ཀྱི་བཞི་པ་འཆགས་པ་དང་འཇིག་པ་དང་འགྲོ་བ་དང་མི་འགྲོ་བ་དང་འདོད་པ་ཅན་རྣམས་སོ། །དེ་ལྟར་སུམ་ཅུ་རྩ་དྲུག་དང་སུམ་ཅུ་རྩ་བདུན་པ་ནི་འོག་མིན་གྱི་སའོ། །
དེ་ཡང་མ་རིག་པ་ལ་སོགས་པས་གཟུང་བར་མི་འགྱུར་རོ། །དེ་བཞིན་དུ་བསོད་ནམས་དང་ལྡན་པ་རྣམས་ཀྱི་གང་དུ་སྐྱེས་པར་གྱུར་པའི་འཇིག་རྟེན་གྱི་ཁམས་དེར་སྡུག་བསྔལ་སྟེར་བར་འགྱུར་ཏེ། རྒྱལ་པོ་བརྒྱ་དམ་པ་མ་ཡིན་པའི་ལས་ཀྱིས་སོ། །མཚམས་པ་རྣམས་ཀྱི་བདེ་བ་
སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཡང་དག་པར་སྤྱོད་པ་ལ་རྣམ་པར་གནས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་འོག་མིན་གྱི་སྲིད་པར་སྐྱེའོ། །དེའི་བསོད་ནམས་ཀྱི་དབང་གིས་སྡུག་བསྔལ་བ་ཡང་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་ཏེ་འོག་མིན་གྱི་སྲིད་པ་
ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་གསུངས་པ། དེ་ཁོ་ན་ཉིད་ཀྱི་ཕྱིར་འདི་དཔལ་འཁོར་ལོ་སྡོམ་པ་ལ་སོགས་པ་རྒྱ་མཚོའི་མིང་དང་བརྒྱུད་དོ། །དེ་ཇི་ལྟར་ཞེ་ན། རྒྱ་མཚོ་ཆེན་པོའི་གཟུགས་ཅན་ཞེས་བྱ་བ་ནི། གང་རྣམས་རྒྱ་མཚོ་ཆེན་པོའི་དབུས་ལས་རི་
རབ་དང་འཁོར་ལོའི་ར་བ་ལ་སོགས་པ་སྣ་ཚོགས་པའི་གཟུགས་དང་གནས་ལུགས་ལ་སོགས་པར་བྱུང་སྟེ། དེ་དེ་ཉིད་དུ་རབ་ཏུ་འཇུག་པས་གནས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སོགས་པའི་རང་བཞིན་གྱིས་འདི་དཔལ་འཁོར་
เล่ม ๒๐ · หน้า 101a
ལོ་སྡོམ་པ་ལ་སོགས་པ་སྐྱེས་པ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་རང་བཞིན་ཀྱང་ངོ་། །དེ་དེ་ཉིད་དུ་ཐིམ་སྟེ། ཆོས་ཐམས་ཅད་ལ་དམིགས་པའི་ཞེས་བྱ་བ་སྟེ། རྒྱ་མཚོ་ཆེན་པོའི་གཟུགས་ཅན་ནོ། །རྩའི་ཡི་གེས་སྒྱུ་མ་ཆོས་བདག་མེད་པའི་མཚན་ཉིད་ཀྱིས་མཆོག་གི་
གཟུགས་སོ། །རྒྱ་མཚོ་ནི་ཅིའི་ཕྱིར་ན་རྒྱ་མཚོ་ཞེ་ན། གསུངས་པ། ཀུན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་འཇིག་པ་དག་གི་སྟོང་པའི་དུས་རྣམས་སུ་གཞལ་མེད་ཁང་ན་སྤྱོད་པ་རྣམས་བསམ་གཏན་བཞི་ཐོབ་པ་རྣམས་ཀྱིས་དེ་ཐོབ་པས་གཟིར་བའི་སེམས་སོ། །དེ་རྣམས་གྱིས་
གཟིར་བ་འཕྲོག་པའི་ཕྱིར་དེར་ཞུགས་པས་སེམས་ཅན་གྱི་རིས་ཀྱི་འཇུག་པ་ཡང་སྤྲུལ་པར་བྱེད་དོ། །ཡང་ནས་ཡང་ཞེས་བྱ་བ་ནི་དེའི་ཚེ་དེ་རྣམས་རང་ཉིད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་འགྱུར་རོ། །རྞྞའི་ཡི་གེ་གསུངས་པ། །རྞྞ་ནི་དེ་རྣམས་ཀྱིས་ནི་མངོན་འདོད་རྣམས་སུ་ཞེས་བྱ་བ་སྟེ།
གཞལ་མེད་ཁང་ན་སྤྱོད་པའི་ལྷ་དེ་རྣམས་ཀྱི་མངོན་པར་འདོད་པ་ནི་བྱང་ཆུབ་རྣམས་ཀྱི་འདོད་པ་སྟེ། དེ་ལྟར་དགེ་བ་རྣམས་སུ་རྒྱལ་བའི་རྗེས་སུ་གཞོལ་བས་ངལ་བ་དང་ཡོངས་སུ་ཆད་པར་མི་འགྱུར་རོ། །དེ་བཞིན་དུ་ཐའི་ཡི་གེའི་གསུངས་པ་སྤངས་པས་ཞེས་བྱ་བ་སྟེ་དང་པོའི་རྟོག་པ་རྣམས་ཀྱི་
ཞེས་བྱ་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་རྟོག་པ་རྣམ་པར་སྤངས་པས་དེའི་ཚེ་སྣ་ཚོགས་པའི་ཆོས་ཉན་པ་དང་བླ་མའི་མན་ངག་སྒོམ་པ་ལ་སོགས་པ་བྱེད་དོ། །དེའི་ཕྱིར་ཐོབ་པ་སྒྱུ་མའི་རང་བཞིན་མཚན་ཉིད་ཅེས་བྱ་བ་སྟེ། སྔོན་གྱི་གཟུགས་ལྷ་ལ་སོགས་པ་
ནས་མིའི་བར་དུ་སྤངས་ཏེ། སངས་རྒྱས་ཀྱི་གཟུགས་སྒྱུ་མའི་རང་བཞིན་མཚན་ཉིད་ཐོབ་པའོ། །དེ་ཇི་ལྟར་ཞེ་ན། གསུངས་པ། གང་གི་དུས་སུ་གཞལ་མེད་ཁང་པ་རྣམས་སངས་རྒྱས་སུ་རབ་ཏུ་ཞུགས་པས་སྤྲུལ་པའི་སྐུ་འཛིན་པས་དེ་རྣམས་ཀྱི་ལུས་ལ་སོགས་པ་རང་བཞིན་གྱིས་མི་
སྣང་བར་ཐིམ་པར་འགྱུར་རོ། །དེའི་ཡོན་ཏན་ཉེ་བར་སྤྱོད་པའི་ངང་ཚུལ་གྱིས་སོ། །ཇི་ལྟར་ཡང་ཆུ་དང་ལན་ཚྭ་རྣམས་ཆ་མཉམ་པ་སྲང་བརྒྱ་བརྒྱ་དེ་ནས་མེའི་ཡོན་ཏན་གྱིས་ཆུའི་དབུས་སུ་ལན་ཚྭ་ཐིམ་པར་འགྱུར་རོ། །བརྒྱ་ཕྲག་གཉིས་བརྒྱ་ཕྲག་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་ཆུ་ནི་སངས་
เล่ม ๒๐ · หน้า 101b
རྒྱས་སྟེར་བའོ། །ལན་ཚྭ་ལྟ་བུ་ནི་སེམས་ཅན་རྣམས་སོ། །འོན་ཀྱང་ཆུ་དང་ལན་ཚྭ་ཙམ་དུ་འགྱུར་རོ་ཞེ་ན། དེའི་ཚེ་བག་ཆགས་ཅུང་ཟད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་བསྒྲལ་བའི་ཕྱིར་དེ་རྣམས་ཀྱིས་སྣ་ཚོགས་པའི་སེམས་ཅན་གྱི་ཚད་དང་། སྣ་ཚོགས་
པའི་སངས་རྒྱས་ཀྱི་གཟུགས་རྣམས་དེ་ལྟར་ཕན་ཚུན་དག་ལ་རང་གི་མཚན་ཉིད་ནི་སྒྱུ་མའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་རྒྱ་མཚོ་ཆེན་པོའི་ཆོས་ལ་དམིགས་པའི་སྙིང་རྗེར་འགྱུར་ཞེ་ན། གསུངས་པ། སྔགས་ཀྱི་ཚུལ་ཞེས་བྱ་བ་ལ་སོགས་པ་སྟེ་མའི་ཡི་གེའི་དོན་ཏོ། །ཧཱ་ནི་
བསྐྱེད་པས་ན་ཧཱའི་ཡི་གེའི་དོན་ཏོ། །དེའི་ཆོས་ཞེས་བྱ་བ་ནི་སའི་ཡི་གེའི་དོན་ཏོ། །སྐད་ཅིག་ཅེས་བྱ་བ་ནི་ཆུའི་ཡི་གེའི་དོན་ཏོ། །རྫས་ཞེས་བྱ་བ་ནི་དྲིའི་ཡི་གེའི་དོན་ཏོ། །དེ་ལྟར་རྒྱ་མཚོ་ཆེན་པོའི་མཚན་ཉིད་རྣམས་བསྟན་བཅོས་སྣ་ཚོགས་པ་རྣམས་སུ་ངེས་པར་བཤད་དེ། ཆོས་
ཐམས་ཅད་ལ་དམིགས་པའི་སྙིང་རྗེའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཀྱི་བདག་ཉིད་ཅན་གྱིས་རྣལ་འབྱོར་མ་རྣམས་ཀྱི་རྒྱུད་ཀྱི་རྣམ་པར་གཞག་པའོ། །སླར་ཡང་འདི་རྣམས་ཀྱི་གནས་ཉི་ཤུ་རྩ་ལྔ་འདི་རྣམས་སུ་སེམས་ཅན་དང་ལྡན་པ་རྣམས་ཀྱི་རྣལ་འབྱོར་མའི་འཁོར་ལོ་འཆད་པར་
འགྱུར་བའི་ལེའུ་བཅོ་ལྔ་པར་བཤད་པར་བྱའོ། །ད་ནི་ལཱ་མའི་རང་གི་མཚན་ཉིད་གསུངས་པ། ལཱ་མའི་རང་གི་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་ཏེ་ཇི་ལྟར་རྗེས་སུ་རིམ་པས་ཏེ་ཞེས་བྱ་བ་སྟེ། ཇི་ལྟ་བའི་སྦྱོར་བས་སྔོན་དུ་བཤད་པ་འདི་རྣམས་ཀྱི་རང་གིས་རིག་པ་ཙམ་གྱིས་རྣལ་
འབྱོར་མ་འདི་རྣམས་ཐམས་ཅད་སྐྱེད་པའོ། །དེ་བཞིན་དུ་འདིར་ལཱ་མའི་ཡི་གེ་ལ་རོལ་པ་ཞེས་བྱ་བ་སྟེ། དབུ་མའི་བྱང་ཆུབ་སེམས་ལས་བདེ་བ་ཆེན་པོ་རིག་པས་མྱོས་པ་སྐྱེད་དོ། །གཅིག་ཏུ་ན་ལཱ་མ་སྐྱེད་པར་རིག་པར་མི་བྱ་སྟེ། རྣལ་འབྱོར་མ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ལཱ་མའི་དཀྱིལ་
འཁོར་བ་རྣམས་བསྐྱེད་པའོ། །མའི་ཡི་གེ་གསུངས་པ། མ་ལ་སོགས་པ་འཁོར་ལོ་ཀུན་གྱི་ཞེས་བྱ་བ་སྟེ། སྔོན་གྱི་རྣལ་འབྱོར་མ་རྣམས་ཀྱི་འཁོར་ལོ་རྣམས་སུ་མ་སྟེ་བདེ་བའི་བདག་ཉིད་ཅན་ཀྱང་ངོ་། །དེ་བཞིན་དུ་ཕ་ལ་སོགས་པའི་སྒྲས་རོལ་པའི་དངོས་པོ་ལས་སོ། །དེ་ཇི་ལྟར་ཞེ་ན།
เล่ม ๒๐ · หน้า 102a
རྩའི་ལམ་ནས་རྗེས་སུ་འགྲོ་མའོ་ཞེས་བྱ་བ་སྟེ། རྩ་དབུ་མ་གཅིག་པུ་རབ་ཏུ་འབབ་པ་ཡོད་པས་རྩ་ཐམས་ཅད་རབ་ཏུ་འགེངས་པར་བྱེད་དོ། །ཡང་ན་རྣམ་པར་རྟོག་པ་ལ་ནི་འཛིན་པའོ། །ཅི་དེ་ཉིད་གཉིས་སུ་མེད་པའི་སྒྱུ་མའི་རང་བཞིན་རྣམས་ཀྱི་རབ་ཏུ་ཕྲད་པ་རྣམས་ཀྱིས་
ལུས་འཛིན་པའི་ངང་ཚུལ་གྱི་ཕྱིར་རོ། །དེའི་ཕྱིར་སྒྱུ་མ་ཆེན་མོའི་རང་བཞིན་ཅན་མ་རྣལ་འབྱོར་མ་ཐམས་ཅད་ལཱ་མར་བཤད་དེ་སྒྱུ་མ་ཆེན་མོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདིའི་རབ་ཏུ་སྦྱོར་བ་གསུངས་པ། ར་སཱི་ཞེས་བྱ་བ་ལ་སོགས་པ་སྟེ་གཉིས་པའི་གྲངས་ལས་ཞེས་བྱ་བ་ནི་ཆུ་སྲིན་ལ་
ལྟོས་པའི་གཉིས་པ་སྟེ། །བུམ་པའི་འཕོ་བའི་དུས་སུ་དེའི་རྒྱུ་བ་རྣམས་སུ་དབུ་མར་སྲོག་རྣམ་པར་གཟུང་བ་ལས་ལཱ་མ་བདག་པོར་འགྱུར་རོ། །འདིར་དེ་བཞིན་དུ་རྡོ་རྗེ་ཕག་མོ་ཅན་ཏེ་དེ་བཞིན་དུ་བཤད་དོ། །འོན་ཀྱང་དཀྱིལ་འཁོར་སྔོན་མ་འདི་རྣམས་ཀྱི་བདག་པོ་མཁའ་འགྲོ་མ་རྡོ་རྗེ་ཕག་
མོའི་རང་བཞིན་ནོ། །དེའི་ཚེ་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་ལཱ་མ་གནས་སུ་སོང་ནས་ལཱ་མ་བདག་པོའི་གནས་སུ་འོངས་ཏེ། རྡོ་རྗེ་ཕག་མོའི་རང་བཞིན་དུ་འགྱུར་རོ། །ལཱ་མ་རང་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་ཕག་མོར་འགྱུར་རོ། །ལྗང་གུ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །སྲེད་
དང་སྡང་བ་ཞེས་བྱ་བ་ནི་དེའི་རང་བཞིན་འཇིགས་བྱེད་དང་དུས་མཚན་ཏེ། ཐམས་ཅད་ཅེས་བྱ་བ་ནི་མཁའ་འགྲོ་མ་ལ་སོགས་པའོ། །དེ་བཞིན་གཤེགས་རིགས་རྗེས་སུ་སོན། །ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་མདོག་དང་ཤར་ལ་སོགས་པའི་ཕྱོགས་སུ་སྟེ།
དེ་བཞིན་དུ་འདིའི་ཡང་ངོ་། །ལྷག་མ་ཞེས་བྱ་བ་ལ་སོགས་པ་འཁོར་ལོ་དྲུག་གི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་བར་བར་དུའོ། །ཐུགས་ལ་སོགས་པ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དག་པའོ། །ལྗང་གུ་དེ་བཞིན་དཀར་པོ་དང་། །སེར་པོ་དམར་པོ་སྣ་ཚོགས་པའོ། །དཔའ་
བོ་དང་ནི་རྣལ་འབྱོར་མའི། །འཁོར་ལོ་དྲུག་པོ་རིམ་པས་བྱ། །ཆ་མཉམ་པ་ཞེས་བྱ་བ་ནི་འཁོར་ལོ་རྣམས་ཀྱི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་བྱ་བ་རྣམས་སོ། །ལྷག་མ་རྟོགས་པར་སླའོ། །ལཱ་མ་བྱང་ཞེས་བྱ་བ་ལ་སོགས་པ་ནི་རྩ་གཡོན་པ་ནས་བབས་པས་གནས་དེར་བསྐྱེད་
เล่ม ๒๐ · หน้า 102b
པའི་རྣལ་འབྱོར་མའི་ཚོགས་ཞེས་བྱ་བ་ནི་དེ་ལ་གནས་པ་རྣམས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པར་གནས་པ་མོ་རྣམས་ཀྱི་གཙོ་མོ་ནི་ཚོགས་པ་རྣམས་ཀྱི་གཙོ་མོའོ། །དེར་གནས་པ་རྣམས་ཀྱིས་ཅི་བྱེད་པ་གསུངས་པ། དུས་རྗེས་གཟུགས་ཀྱི་སེམས་ཅན་དོན། །ཞེས་བྱ་བ་སྟེ།
རྫོགས་ལྡན་གྱི་དུས་ལ་སོགས་པར་སྔོན་གྱི་སྨོན་ལམ་གྱི་མཚན་ཉིད་ཀྱིས་བྱེད་དེ། གང་གི་ཚེ་ཡང་དུས་ཚོད་ཀྱི་འཁོར་ལོ་བཞིན་ཡོངས་སུ་འཁོར་ཏེ་གླིང་གསུམ་གསུམ་རྣམས་སུ་རེ་རེའི་དུས་སོ། །དེ་ཉིད་ཅིའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ། བཟང་པོ་ཞེས་བྱ་བ་
ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ཡིས་ཏེ། རྣམ་པར་གཟིགས་ལ་སོགས་པ་ནས་ཤཱཀྱ་ཐུབ་པའི་བར་དུ་སངས་རྒྱས་བདུན་རྣམས་ཀྱི་བྱེད་པ་སྟེ། དེའི་དུས་སུ་བསྐལ་པ་བཟང་པོ་ལ་ཐོག་མར་རྣམ་པར་གཟིགས་བསྐྱེད་པ་སྟེ་ཆོས་བསྟན་པ། དེ་བཞིན་དུ་དབང་ལྡན་
གྱི་གྲྭའི་ཉེ་བའི་གླིང་གཉིས་དང་། ཤར་ལུས་འཕགས་དང་། མེའི་གྲྭའི་ཉེ་བའི་གླིང་གཉིས་རིམ་པ་ཇི་ལྟ་བར་གཙུག་ཏོར་ཅན་དང་། ལོག་པར་དད་སེལ་དང་། ཐམས་ཅད་སྐྱོབ་དང་། གསེར་ཐུབ་དང་། འོད་སྲུངས་སོ། །འཛམ་བུའི་གླིང་ཆུང་ངུར་རི་རབ་ཀྱི་ལྷོའི་འགྲམ་དུ་བདག་ནི་ཞེས་བྱ་བ་
ཤཱཀྱའི་རིགས་ཀྱི་རྗེས་སུ་སོང་བ་ཤཱཀྱའི་རྒྱུད་དུ་སྐྱེས་པ་ཤཱཀྱ་ཐུབ་པས་ཀྱང་ཐོས་པར་བསྟན་པའོ། །ལྷག་མ་གླིང་ལྔ་རྣམས་ཀྱི་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིས་སྤྲུལ་པའི་སྐུ་བདེན་བྲལ་གྱི་ཉེ་བའི་གླིང་གཉིས་རྣམས་སུ་དང་། དེ་བཞིན་དུ་ནུབ་བ་ལང་སྤྱོད་དང་། རླུང་གི་ཉེ་
བའི་གླིང་གཉིས་རྣམས་སུ་ཡང་ངོ་། །དེ་བཞིན་གཤེགས་རིམ་གྱིས་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱིས་ཏེ། སངས་རྒྱས་ལྔ་མི་བསྐྱོད་པ་ལ་སོགས་པས་བྱེད་པའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། གོ་འཕང་མཐའ་ལེན་ཞེས་བྱ་བ་ནི་སངས་
རྒྱས་བྱེད་པ་མཆོག་གི་གོ་འཕང་གི་མཐར་ལཱ་མའི་གོ་འཕང་སྟེ་བྱང་གི་གླིང་དེ་རྣམས་སུ་སངས་རྒྱས་ལཱ་མའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་སུ་ཇི་ལྟར་རང་གི་རྣལ་འབྱོར་མ་བཞིན་ཞེས་བྱ་བ་སངས་རྒྱས་ཀྱི་སྒྲ་མངོན་པར་འབྲེལ་བར་བྱའོ། །ཕྱི་མོ་ཡང་ཞེས་བྱ་བ་ནི་ཐོག་མར་རྣལ་
เล่ม ๒๐ · หน้า 103a
འབྱོར་ཐམས་ཅད་ཀྱི་བྱེད་པ་རྣམས་ལ་བསྒོམ་པར་བྱའོ། །དེ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་དེས་སེམས་ཅན་བྱེད་པས་ན་དེ་བཞིན་དུ་བཤད་དོ། །སའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་དང་། ཇི་སྲིད་སྨད་པར་མི་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་རྣལ་
འབྱོར་མ་འདི་རྣམས་ཀྱི་སྔགས་ཀྱི་ཡི་གེ་རྣམས་ཀྱི་ས་བོན་དགོད་པ་གསུངས་པ། སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། དབུས་མ་ལུགས་འབྱུང་ཅན་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ཨོཾ་གྱི་ཡི་གེ་ལ་སོགས་པ་ཁ་སྦྱར་གྱི་སྔགས་རྣམས་གསུངས་པ། ཨོཾ་བཛྲ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།
ཉེ་བའི་སྙིང་པོའི་ཡི་གེ་རེ་རེ་རྣམས་ཀྱི་དབུས་སུ་ལཱ་མའི་སྔགས་རྣམས་སོ། །དེ་བཞིན་དུ་ཉེ་བའི་སྙིང་པོ་རྣམས་གསུངས་པ། ཨོཾ་ཧྲཱིཿཧེ་ཧེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་སྟེ་ལུགས་ལས་འབྱུང་བའོ། །དེ་བཞིན་དུ་ལུགས་ལས་བཟློག་པ་གསུངས་པ། ཊ་ཕ་ཧཱུྃ་ཧཱུྃ་ཧེ་ཧེ་ཧྲཱིཿཨོཾ་ཞེས་བྱ་བའོ། །དེ་བཞིན་
དུ་དབུས་སུ་ལུགས་མ་ཡིན་པ་གསུངས་པ། ཨོཾ་ཧེ་ཧེ་ཕཊ། །དེ་དེ་བཞིན་དུ་ཨོཾ་ཧྲཱིཿཧཱུྃ་ཧཱུྃ་དེ་ལྟར་གཉིས་ཇི་ལྟ་བ་བཞིན་དུ་གནས་སོ་ཞེས་པའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་ཉེ་བའི་སྙིང་པོའི་སྔགས་ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་རྣམས་ཀྱི་དབུས་སུ་ལཱ་མའི་སྔགས་བཞི་པ་ཡང་ངོ་ཞེས་པ་
ནི་དེ་ལྟར་གྱི་དོན་ཏོ། །སུམ་ཅུ་རྩ་བདུན་ཞེས་བྱ་བ་ནི་རིམ་པ་ཞེས་པས་རྣལ་འབྱོར་གྱི་དབང་ཕྱུག་མ་རྣམས་ཀྱི་སྦྱིན་པར་བྱའོ། །དེ་ལྟར་སྔགས་ཀྱི་ཡི་གེ་རྣམས་བརྗོད་པའི་རྩ་ཐམས་ཅད་ཀྱི་སེམས་ཅན་མ་འདུ་བ་ཉིད་དུ་འགྱུར་རོ། །སླར་ཡང་ཡི་གེ་རེ་རེ་གཉིས་གསུམ་གྱི་རྩའི་རང་བཞིན་བསྐྱེད་པར་
འགྱུར་རོ། །ཡང་ན་ཐམས་ཅད་ཚོགས་པ་རྣམས་སུ་ཡི་གེ་རྣམས་བརྗོད་པས་སོ། །དེ་ལྟར་དུས་གཅིག་ལ་བདག་ཉིད་ཆེན་པོའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཡེ་ཤེས་ཐོབ་པར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་དེས་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རེ་རེའི་རྣལ་འབྱོར་མ་
རྣམས་རབ་ཏུ་སྐྱེ་བའོ། །དེ་ལྟར་ཡང་གལ་ཏེ་ཞེས་བྱ་བ་ནི་ཚིག་གཅིག་གིས་ཚིག་མང་པོར་གོ་བར་བྱའོ། །དེའི་ཚེ་ཞི་བ་དང་རྒྱས་པ་དང་སྡང་བ་ལས་སོ། །ཁྲོ་བོ་ལ་ཁྲོ་བོའི་གཟུགས་ཀྱིས་རྣལ་འབྱོར་མ་རྣམས་སྤྲོ་བའོ། །དེ་བཞིན་དུ་ཞི་བ་ལ་ཞི་བའི་གཟུགས་རྣམས་དང་། རྒྱས་པ་ལ་རྒྱས་
เล่ม ๒๐ · หน้า 103b
པའི་གཟུགས་ལ་སོགས་པའོ། །དེའི་ཕྱིར་གཏི་མུག་དང་འདོད་ཆགས་ལ་སོགས་པའི་རང་བཞིན་གྱི་རྣལ་འབྱོར་མ་སྟེ་དེ་བཞིན་དུ་བཤད་དོ། །ཚེགས་ཆུང་བའི་ལས་རྣམས་སུ་ཞེས་བྱ་བ་ནི་ལས་ཚེགས་ཆུང་བས་སྔགས་ཀྱི་བཟླས་པ་ལ་སོགས་པ་ཕྱི་རོལ་གྱི་ལས་རྣམས་འགྲུབ་སྟེ་
ནང་གི་བདག་ཉིད་ཀྱི་ལས་ཀྱིས་སོ། །གང་གི་ཚེ་མ་ཡང་སངས་རྒྱས་རྣམས་ཀྱི་ལཱ་མའི་ཡི་གེ་གཉིས་ཐོབ་པ་སྟེ་སྒོམ་པ་ལ་མཆོག་ཏུ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མ་སྟེ། རང་གིས་རིག་པའི་བདེ་བ་ཚོར་བ་ཉིད་ཀྱིས་ཚོར་བ་རྗེས་སུ་དྲན་པའོ། །བསྒོམ་
པའི་དུས་སུ་དེ་ཉེ་བར་གནས་པ་དང་ལས་ཆུང་བ་དེ་རྣམས་ཀྱིས་འགྲུབ་སྟེ་ཐེ་ཚོམ་མེད་དོ། །འདི་གསུངས་ཏེ་ལ་སོགས་པ་ནི་ཤིན་ཏུ་དད་པའི་རྡོ་རྗེ་ཕག་མོས་འཁོར་རྣམས་ལ་བོད་པའོ། །ཅིའི་ཕྱིར་འདི་རྣལ་འབྱོར་མ་རེ་རེའི་ཡི་གེས་ཉེ་བའི་སྙིང་པོའི་སྔགས་ཀྱི་ཨོཾ་གྱི་ཡི་གེ་ལ་སོགས་པས་
མིང་དེ་དང་མཉམ་པར་ཤེས་པར་བྱའོ། །མཁའ་འགྲོ་མ་ལ་སོགས་པའི་སྔགས་ཀྱི་ཡི་གེ་ཐམས་ཅད་ཀྱི་མིང་རྣམས་དེ་དང་མཉམ་པ་སྟེ་ལྷ་རྣམས་ཀྱི་མིང་རྣམས་སོ། །འོན་ཀྱང་རྡོ་རྗེ་འདྲེས་པ་ཞེས་བྱ་བ་ནི་རྡོ་རྗེ་བསྲེས་པ་སྟེ་མིང་ལའོ། །ཨོཾ་བཛྲ་ལ་སོགས་པའོ། །ཁྱོད་ལ་ཞེས་བྱ་བ་ནི་ཁྱོད་
ཀྱི་ཆོ་ག་རྣམས་ཀྱིས་འཁོར་གྱི་རྣལ་འབྱོར་མ་རྣམས་ཀྱི་མིང་གི་སྔགས་རྣམས་ཏེ་ཁྱོད་ཀྱི་ངག་གི་ལམ་གྱི་བོད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་སྔོན་བཞིན་དུ་སྡུད་པར་མཛད་པ་མོའི་ཚིག་གོ། །དཔལ་ཞེས་བྱ་བ་ལ་སོགས་
པས་ལེའུ་བཞི་པར་ཉེ་བར་སྡུད་པའི་ཚིག་གོ། །འཁོར་ལོས་སྒྱུར་བ་དྲུག་ཅེས་བྱ་བ་ནི་སྡོམ་པ་དྲུག་གོ། །སོགས་པའི་སྒྲས་མཁའ་འགྲོ་བདུན་བསྐྱེད་པའི་མཚན་ཉིད་དང་འཇིག་རྟེན་གྱི་ཁམས་བསྐྱེད་པ་དང་རྣལ་འབྱོར་མའི་རྒྱུད་ཀྱི་རྣམ་པར་གཞག་པ་ཡང་ངོ་། །དེ་རྣམས་སུ་སྤྲུལ་པ་དང་ཆོས་
དང་ལོངས་སྤྱོད་རྫོགས་པ་དང་བདེ་བ་ཆེན་པོ་ལ་འཇོག་པའི་རང་བཞིན་ནོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་ལཱ་མ་བསྐྱེད་པའི་མཚན་ཉིད་དང་སྔགས་དགོད་པ་དང་འཁོར་ལོས་སྒྱུར་བ་དྲུག་རྣམས་ཀྱི་མཚན་ཉིད་དང་མཁའ་འགྲོ་
เล่ม ๒๐ · หน้า 104a
བདུན་རྣམས་ཀྱི་དང་འཇིག་རྟེན་གྱི་ཁམས་ཀྱི་སྤྲུལ་པ་ལ་སོགས་པའི་རྣམ་པར་གཞག་པ་རྣམས་ཀྱི་དང་ལྔ་པོ་རྣམས་ཀྱི་དེ་རྣམས་སུ་ཡང་སྣ་ཚོགས་རྒྱས་པར་བསྟན་པ་ལེའུ་བཞི་པའི་བཤད་པའོ།། །།འཁོར་ལོ་བཞི་ཡི་བདག་ཉིད་ཡུལ། །རྩ་ཡི་སྤྲུལ་པའི་
བདག་ཉིད་ཅན། །བཅོམ་ལྡན་འདས་དེའི་གནས་བཞུགས་མའི། །དུམ་སྐྱེས་མ་ལ་ཕྱག་བྱས་ནས། །ཡོན་ཏན་སྐྱོན་ལས་རྣམ་གྲོལ་བའི། །གནས་སྐབས་དོན་དམ་པ་ལས་ནི། །སྔགས་ཀྱི་ཡི་གེར་བསྒོམ་བདག་ཉིད། །འགྲེལ་པ་གསལ་བ་བྲི་བར་བྱ། །ད་ནི་དུམ་སྐྱེས་མའི་ལེའུ་ལྔ་པ་
རྒྱ་ཆེ་བར་བརྗོད་པར་བྱ་སྟེ། དེའི་ཕྱིར་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ་ལེའུ་བཞི་པ་ལས་ཏེ། དེའི་ཕྱིར་གྱི་སྒྲ་ཕ་རོལ་མ་གཞན་ལྔ་པ་དུམ་སྐྱེས་མའི་ལེའུ་སྟེ། དེ་ཡང་སེམས་ཅན་རྣམས་ལ་ཕན་པར་འདོད་པས་རབ་ཏུ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །དུམ་སྐྱེས་གོ་འཕང་གནས་
བྱས་ནས། །ཞེས་བྱ་བ་ནི་འཆད་པར་འགྱུར་བས་བསྐྱེད་པའི་གདམས་ངག་གི་རིགས་པས་གནས་ནས་ཏེ། རྡོ་རྗེ་མཁའ་འགྲོ་རང་ཁྱབ་བདག །ཅེས་བྱ་བ་ནི་སྤྲུལ་པ་ལྷ་མོ་དུམ་སྐྱེས་མ་རྣལ་འབྱོར་རྒྱུད་ཀྱི་བདག་པོ་ཉིད་པས་སོ། །གོ་འཕང་ལ་ཞེས་བྱ་སྟེ་རྣལ་འབྱོར་གྱི་རྒྱུད་དུ་ཤེས་པར་བྱའོ་
ཞེས་བྱ་བའི་དོན་ཏོ། །དེ་ལྟར་གནས་གང་དུ་དུམ་སྐྱེས་མ་ཤེས་པར་བྱ་ཞེ་ན། དེའི་དོན་དུ་འཁོར་ལོ་བཞིའི་རྩ་རྣམས་ཀྱི་སྣ་ཚོགས་པའི་མིང་དང་གནས་རྣམས་དང་དེའི་ཡང་རྒྱུ་དང་འབྲས་བུའི་དངོས་པོ་རྣམས་གསུངས་པ། འཁོར་ལོ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། ལྟེ་བ་དང་། སྙིང་ག་དང་།
མགྲིན་པ་དང་། མགོ་བོ་རྣམས་ཀྱི་པདྨ་རྣམས་སུ་ཉི་ཤུས་ལྷག་པའི་རྩ་བརྒྱད་རྣམས་ཏེ་དེ་རྣམས་སུ་ཡུལ་དྲུག་ཅུ་རྩ་བཞི་ལ་སོགས་པའི་མིང་རྣམས་ཇི་ལྟ་བའི་རིགས་པ་སྲི་ཇི་ལྟར་ཡོངས་སུ་རིམ་པས་དེ་ཁོ་ན་ཉིད་ཀྱི་སྣོད་དང་ལྡན་པ་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་བཤད་པར་བྱའོ་
ཞེས་བྱ་བའོ། །ཡུལ་དབུས་ཞེས་བྱ་བ་ལ་སོགས་པ་ནས་དྲུག་ཅུ་རྩ་བཞིའི་རིམ་པས་ཞེས་བྱ་བའི་བར་དུ་པདྨའི་འདབ་མ་རྣམས་ཀྱི་རིམ་པ་ཇི་ལྟ་བར་ལྟེ་བའི་འཁོར་ལོ་རྣམས་སུ་སའི་ཁམས་ཀྱི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ཡུལ་གྱི་མིང་ཅན་རྣམས་སོ། །དེ་ལྟར་སོ་སོའི་གླིང་དང་གླིང་
เล่ม ๒๐ · หน้า 104b
རྣམས་སུ་རང་རང་གི་ཡུལ་དང་ཡུལ་གྱི་མིང་ཅན་མར་གོ་བར་བྱའོ། །དེ་ཡང་དྲུག་ཅུ་རྩ་བཞི་རིམ་པས་ཞེས་བྱ་བ་ནི་ངེས་པའོ། །དེའི་ཕྱིར་རིགས་ཅན་མའི་རྩ་ཞེས་བྱ་བ་སྟེ་ཡུལ་གྱི་རིགས་ཅན་གྱི་རྩར་ཤེས་པར་བྱ་སྟེ་འཁོར་ལོ་བཞི་བསྒོམ་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་མ་རྣམས་ཞེས་བྱ་
བའོ། །འོན་ཀྱང་རྣལ་འབྱོར་མ་ཡུལ་གྱི་མིང་ཅན་མ་འདི་རྣམས་ཀྱི་མིང་གི་ཚིག་རྣམས་རྡོ་རྗེ་མཁའ་འགྲོས་བཤད་པ་རྣམས་དེ་བཞིན་དུ་རྒྱུད་འདིར་ལེའུ་ལྔ་བཅུ་པར་བཤད་པ་རྣམས་བྱིན་གྱིས་རློབ་པ་མོ་རྣམས་ཀྱིའོ། །དེའི་ཕྱིར་ཡུལ་གྱི་རྣལ་འབྱོར་མ་རིགས་ཀྱི་མིང་ཅན་གྱི་རྩ་ཞེས་བྱ་བའི་དོན་
ཏོ། །དེ་བཞིན་དུ་སྙིང་གའི་འཁོར་ལོའི་གསུངས་པ། སྙིང་ག་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་དུ་འགྲོ་མ་རྣམས་ཀྱི་ཞེས་བྱ་བ་ནི་ཆུའི་བདག་ཉིད་ཅན་ཏེ་གང་གི་ཚེ་ཆུ་ནི་ཐམས་ཅད་དུ་འགྲོ་ཞིང་ཆུ་ཀླུང་འབབ་པ་རྣམས་སུ་གཡོ་བའོ། །དེ་བཞིན་དུ་འདིར་གནས་པའི་གནས་ཀྱི་མཁའ་འགྲོ་མ་
གནས་ཐམས་ཅད་དུ་འགྲོ་བའོ། །པྲ་མ་ག་ཞེས་བྱ་བ་ལ་སོགས་པ་ནས་པོ་རཱི་ཀ་མའི་བར་དུ་ཐམས་ཅད་སྙིང་གའི་གནས་སུ་ཞེས་བྱ་བ་སྟེ་རྩ་ཐམས་ཅད་ཀྱི་དེ་དེ་བཞིན་དུ་བཤད་དོ། །སྒྱུ་མའི་རྣམ་པའི་རང་བཞིན་མའོ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མའི་གཟུགས་བརྙན་རྣམས་མེ་ལོང་ལ་སོགས་པར་སོ་
སོར་གསལ་ལོ། །དེ་བཞིན་དུ་རྩ་ཐམས་ཅད་མཐོང་བས་ཏེ་རང་གི་ཞིང་ངམ་རང་བདག་ཉིད་མ་རྣམས་ཀྱི་རང་གིས་མངོན་སུམ་དུ་མཐོང་སྟེ། དེ་ཉིད་ལ་རབ་ཏུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །ད་ནི་མགྲིན་པའི་འཁོར་ལོའི་མིང་རྣམས་གསུངས་པ། མགྲིན་པའི་འཁོར་ལོའི་ཞེས་བྱ་བ་ལ་སོགས་
པས་ཏེ་བཤད་པར་བྱ་བ་ནི་བརྗོད་པར་བྱ་བའོ། །མཆོག་ནི་གཙོ་བོ་དམ་པ་སྟེ་འདབ་མ་བཅུ་དྲུག་ལ་གནས་པའི་ལྷ་མོ་གཙོ་མོ་རྣམས་སོ། །དེས་ཡང་ཁྲག་ཅེས་བྱ་བ་ལ་སོགས་པ་ནས་མཆིལ་མའོ་ཞེས་བྱ་བའི་བར་དུ་ཤེས་པར་བྱའོ། །ས་ཧ་སྱ་སོགས་ཞེས་བྱ་བ་ནི། གསང་བ་མཆོག་གི་
དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་སྟེ། ཇི་ལྟ་བའི་རིམ་པས་ཡི་གེ་རེ་རེའི་རིགས་པས་ཁམས་རེ་རེ་རྣལ་འབྱོར་མ་རྣམས་ལ་ཁྲག་ལ་སོགས་པ་སྦྱར་བར་བྱའོ། །མེའི་ཁམས་ཀྱི་རང་བཞིན་རྣམས་ཀྱི་ཡང་ཆར་འབབ་པ་མོའོ། །དེ་རྣམས་ཀྱིས་ཀྱང་
เล่ม ๒๐ · หน้า 105a
ཁམས་ཐམས་ཅད་ཀྱི་རང་བཞིན་ཁུ་བ་དེ་ལ་འབབ་པར་བྱེད་དོ། །རབ་ཏུ་སྦྱོར་བའི་ལམ་དུ་སོན་པས་འདོད་པའི་ཡེ་ཤེས་ཏེ། དེ་རྣམས་ཀྱིས་ཀྱང་བདེ་བ་ཆེན་པོའི་རང་བཞིན་གྱི་ལུས་ཞེས་བྱ་བའི་དོན་ཏོ། །བཞི་པར་མགོ་བོའི་འཁོར་ལོ་གསུངས་པ། མགོ་བོ་ཞེས་བྱ་བ་ལ་སོགས་
པ་སྟེ་ལྷ་མོ་སུམ་ཅུ་རྩ་གཉིས་རྣམས་ཀྱང་རྩ་སུམ་ཅུ་རྩ་གཉིས་རྣམས་ལ་བརྟེན་པའི་མིང་རྣམས་ཏེ་ཞག་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པ་རྣམས་དང་དུས་སྦྱོར་རྣམས་ཀྱི་དུས་སོ། །མཚམས་ཀུན་ཞེས་བྱ་བ་ནི་ཁམས་ཉི་ཤུ་རྩ་བཞི་རྣམས་ཀྱི་ནང་རྣམས་སུ་འཛག་ནས་དེ་བཞིན་དུ་
བརྒྱད་སྙིང་གའི་འཁོར་ལོར་སོན་པ་ལྷག་མའོ། །ཅི་ཞེ་ན་དེ་ལ་མིང་རྣམས་གསུངས་པ། ནག་མོ་ཞེས་བྱ་བ་ལ་སོགས་པ་ནས་རྒྱལ་པོའི་བུ་མོ་ཞེས་བྱ་བའི་བར་གྱི་མིང་རྣམས་སོ། །ལྷ་རྫས་མྱོས་བྱེད་ནི་རང་གིས་རིག་པའི་ཡེ་ཤེས་ཏེ་དེས་འགེངས་པ་མོ་རྣམས་ཏེ་འཛག་པའི་དུས་སུ་ཐམས་
ཅད་ཞི་བའི་གཟུགས་རྣམས་ཀྱིས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྔོན་གྱི་དྲིས་པའི་ལན་ཡོངས་སུ་རྫོགས་པའོ། །རྩའི་འཁོར་ལོ་འདི་རྣམས་ཀྱི་ནང་དུ་འགྲོ་མ་ཞེས་བྱ་བ་ནི་དུམ་སྐྱེས་མ་དེ་ལ་རྣམ་པར་གནས་མའོ། །སླར་ཡང་དུམ་སྐྱེས་མ་དེ་རྡོ་རྗེ་ཕག་མོའི་རྒྱན་ཅན་གྱིས་བཅོམ་ལྡན་
འདས་ལ་ཡོངས་སུ་དྲིས་པའོ། །དེ་ཉིད་གསུངས་པ། བདག་གི་གསུང་བར་མཛོད་ཅེས་བྱ་བ་ལ་སོགས་པ་སྟེ། བདག་གིས་འདི་ཅི་ཞེས་བྱ་བ་སྟེ། ཅིའི་ཕྱིར་བདག་དུམ་སྐྱེས་མའི་རྩའི་འཁོར་ལོ་འདི་རྣམས་སུ་འགྲོ་བ་མོ་ཡིན། དོན་གྱིས་གོ་བར་བྱ་བ་ཡང་བདག་གི་ཡང་མིང་གི་ཡི་གེ་
བཞི་རྣམས་ཀྱིས་དུམ་སྐྱེས་མ་ཞེས་བརྗོད་དོ། །འདི་ནི་དྲི་བའོ། །བཅོམ་ལྡན་འདས་ཀྱིས་དེའི་ལན་དུ་གསུངས་པ། ཁམས་ཞེས་བྱ་བ་ལ་སོགས་པ་སྟེ་ཐོག་མར་ཁའི་ཡི་གེའི་དོན་ཏོ། །ཁམས་ཞེས་བྱ་བ་ནི་འཁོར་ལོ་བཞིའི་རྩ་ལ་བདེན་པའི་སྔར་བཤད་པའི་ཡུལ་སྣ་ཚོགས་པའི་རང་
བཞིན་ནོ། །ལུས་ཐམས་ཅད་ཅེས་བྱ་བ་ནི་ལུས་ཐམས་ཅད་ཀྱི་རུས་པ་དང་རྐང་ལ་སོགས་པའི་ཁམས་སོ། །དེས་ཏུའི་ཡི་གེ་ནི་ངེས་པར་གཟུང་བ་སྟེ་གཞན་ལུས་ཀྱི་ཁམས་ཞེས་བྱ་བའི་དོན་ཏོ། །མཁའ་མཉམ་གཅིག་གི་དངོས་པོ་ཡིས། །ཞེས་བྱ་བ་ནི་དེ་ལྟར་ཁམས་ཐམས་ཅད་ནམ་
เล่ม ๒๐ · หน้า 105b
མཁའ་དང་མཉམ་པ་དངོས་པོ་གཅིག་པས་སོ་སོ་བ་ཉིད་མེད་དོ། །གང་གི་ཚེ་སེམས་སྟོང་པ་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་སངས་རྒྱས་ཀྱི་གཟུགས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཐམས་ཅད་ཟག་པ་མེད་པའི་ཁམས་དེ་ཆོས་ཀྱི་
དབྱིངས་ཀྱི་སེམས་སོ། །དེས་གཅིག་གི་དངོས་པོ་ལས་ལུས་ཐམས་ཅད་ལ་སོགས་པའི་ཁམས་ཁྱབ་པ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནམ་མཁའ་དང་མཉམ་པའི་ཁམས་སོ། །དེའི་དོན་དུ་དཔེ་གསུངས་པ། ས་གཞིའི་ཆ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ས་གཞི་ཀུན་
ནས་རྒྱ་མཚོའི་མཐར་གཅིག་པ་སྟེ་སྣ་ཚོགས་པའི་ཡུལ་གྱི་ཆ་སོ་སོའོ། །དེ་བཞིན་དུ་སྟོང་པའི་ས་གཞི་གཅིག་ལ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ལུས་ཀྱི་ཁམས་སོ་སོར་རིག་པར་བྱའོ། །ཐ་མལ་པ་རྣམས་ཀྱི་དྲི་མ་དང་བྲལ་བའི་སེམས་ཀྱི་དངོས་པོར་མ་སོང་བས་བག་ཆགས་དང་བཅས་པ་སྟེ།
དེས་ཐམས་ཅད་ལ་སྣ་ཚོགས་པའི་རྣམ་པར་རྟོག་པའི་བདག་ཉིད་སོ་སོའི་དངོས་པོར་བཟུང་བས་ལོངས་སྤྱོད་མེད་ཅིང་གྲོལ་བ་མེད་དོ། །བཟོད་པ་ཞེས་བྱ་བ་ནི་ཉམས་པ་རྣམས་གཞུག་པར་བྱ་བའི་ཕྱིར་ཁའི་ཡི་གེ་བཤད་དོ། །དེ་ལྟར་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་མོ་འགྲོ་བ་སྟེ་
བཅོམ་ལྡན་འདས་ཀྱི་གཟུགས་སུ་བཞུགས་མ་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཞུགས་པ་ཡོད་དོ། །དེ་ཇི་ལྟར་མཐོང་བར་འགྱུར་ཞེ་ན། ཐ་མལ་པ་དང་འདུས་བྱས་པའི་འཇིག་རྟེན་གཉིས་ཏེ། འོ་ན་བརྫུན་སྨྲ་བ་ལ་སོགས་པའི་སེམས་ཅན་རྣམས་དམྱལ་བ་ལ་སོགས་
པར་འགྲོ་བར་འགྱུར་རོ་ཞེ་ན། དེའི་ངག་ཇི་ལྟར་འདི་སྦྱོར་བར་བྱེད། སྨྲས་པ་དེ་ནི་བདེན་ཏེ། བརྫུན་དུ་སྨྲ་བ་ལ་སོགས་པ་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་རོ། །འོན་ཀྱང་ཐེག་པ་གསུམ་ལ་སོགས་པ་ཐམས་ཅད་བརྫུན་གྱི་ངག་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་
བརྟན་པ་དང་འགྲོ་བ་ལ་སོགས་པའི་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་ཏེ། གདོད་མ་ནས་འདི་ལྟར་སྤྲོ་བ་མེད་པའི་བདག་ཉིད་ཅན་ནོ། །དེའི་སྤྲོས་པ་གློ་བུར་བ་འོངས་པ་རྣམས་ཀྱི་དབང་དུ་སོན་པས་འཁྲུལ་པའོ། །དེ་རྣམས་ཀྱི་ཡང་དེ་བཞིན་དུ་སྤྲོས་པ་འཁྲུལ་པའི་ཆོས་ཀྱིས་མིང་གི་རྣམ་གྲངས་
เล่ม ๒๐ · หน้า 106a
རྣམས་ཀྱི་སྤྲོས་པ་མེད་པའི་བདག་ཉིད་ཅན་སྟོན་པའོ། །རིགས་པ་འདིས་ཆོས་ཅུང་ཟད་མེད་དེ་ཆོས་དེ་ལ་བརྫུན་དང་ཡོངས་སུ་བརྟགས་པའི་སྐྱོན་མེད་དོ། །དེ་བཞིན་དུ་ཡང་སེམས་ཅན་ལ་གནོད་པ་བྱས་པ་ཡང་མེད་དེ། དུས་སུ་རྒྱུན་མི་འཆད་པར་ལན་གྱིས་དགོས་པ་བྱེད་
པ་ནི་ཡོད་དོ། །དེ་ལྟར་སྔོན་གྱི་ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་དེའི་རང་བཞིན་གྱི་སེམས་ཅན་དེ་ཉིད་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཐ་མལ་པ་དང་འདུས་བྱས་པའི་དངོས་པོས་སེམས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཡང་ལ་ལ་ནི་དག་ལ་ལ་
ནི་མ་དག་སྟེ། དེས་ཀྱང་གང་ཟག་སྣ་ཚོགས་པ་རྣམས་ཐ་མལ་པ་དང་འདུས་བྱས་པའི་སེམས་དེ་ལྟར་གཅིག་པོ་དེ་རིམ་གྱིས་དགེ་བའི་བཤེས་གཉེན་གྱི་དབང་གིས་ཡོངས་སུ་དག་པའི་རང་བཞིན་པར་འགྱུར་རོ། །དེའི་ཕྱིར་ངག་སྦྱར་བ་ལ་སྐྱོན་མེད་དེ། སླར་ཡང་ཌའི་ཡི་གེའི་དོན་གསུངས་པ། དུམ་
བུ་ཞེས་བྱ་བ་ལ་སོགས་པ་སྟེ། དུམ་བུ་དུམ་བུར་སོན་པའི་ཁམས། །ཞེས་བྱ་བ་ནི་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྒྱུས་ཁམས་སོ་སོའི་དངོས་པོར་འགྱུར་ཏེ། ཁམས་སྣ་ཚོགས་པའི་རྩའི་ལེའུ་ཚེ་ཉིད་ཀྱིས་དང་དེའི་བདག་ཉིད་ཀྱི་དངོས་པོས་ཏེ་སེམས་ཅན་ཐམས་
ཅད་ཀྱི་འགྲོ་བར་ཤེས་པའོ། །དེའི་ཚེ་དུམ་བུ་དུམ་བུ་སོ་སོ་རེ་རེར་སོན་པའི་གཞལ་མེད་ཁང་ན་སྤྱོད་པ་ནམ་མཁའ་ལ་འགྲོ་བ་གསལ་བ་རང་གི་འོད་མངོན་པར་བྱུང་བའི་ལྷ་རྣམས་འཇིག་པའི་དུས་སུ་སངས་རྒྱས་སུ་རབ་ཏུ་ཞུགས་པ་རྣམས་མི་ལ་སོགས་པའི་འགྲོ་བ་རྣམས་ལ་བརྟེན་པ་བདུད་རྩི་ཟ་བ་རྣམས་ཀྱིས་
དེས་དེ་བཞིན་དུ་རང་གི་འོད་མི་སྣང་བར་འགྱུར་རོ། །དེས་ཁམས་ཀྱང་སོ་སོའི་དངོས་པོར་འགྱུར་རོ། །དེ་བཞིན་དུ་དཀོན་མཆོག་བརྩེགས་པའི་མདོར་གསུངས་པ། འདི་ལྟ་སྟེ་གཞལ་མེད་ཁང་ན་སྤྱོད་པ་རྣམས་ཀྱང་འཇིག་པའི་དུས་སུ་སངས་རྒྱས་སུ་འཇུག་པ་ཅན་དུ་འགྱུར་ཏེ་སེམས་ཅན་རྣམས་ཀྱི་
དོན་དུ་གསལ་བ་ལས་འོད་ཀྱིས་མི་ལ་སོགས་པ་འཛིན་པར་འགྱུར་ཏེ། བདུད་རྩི་ལ་སོགས་པའི་ཁམས་སྣ་ཚོགས་ཟོས་པས་མངོན་པར་ཤེས་པ་ཐོབ་པ་ལ་སངས་རྒྱས་ཉིད་དེ། ཁམས་ཀྱིས་སོ་སོར་བརྟན་པ་འཐོབ་པ་སྟེ་དེ་མ་ལུས་པ་ཕྱིན་ཅི་ལོག་ཏུ་སོང་བའི་སེམས་ཀྱིས་སོ། །གཅིག་ཏུ་ཁམས་
เล่ม ๒๐ · หน้า 106b
ནི་ས་གཞི་ལ། ལྟུང་བ་ཁམས་དང་ཁམས་སུ་མིན། །རྟག་ཏུ་སངས་རྒྱས་དངོས་པོ་དེའི། །ཆོས་བདག་མེད་པའི་མཚན་ཉིད་དོ། །དེས་ནི་ཁྱད་པར་རིགས་པ་སྟེ། །བྱང་ཆུབ་སེམས་དཔའ་འཆི་མཐའ་བ། །བསླབ་པ་དེ་རྣམས་མི་སློབ་པའི། །རིམ་པས་བྱང་ཆུབ་ཉེར་སོགས་བྱེད། །དེ་རྣམས་གང་ཟག་
བདག་མེད་ལ། །རང་གིས་སྣ་ཚོགས་སེམས་ཀྱིས་སྦྱོང་། །ཅེས་སོ། །དེ་ལྟར་ཡང་ན་ནི་འདྲ་བའི་དོན་ཏེ་སྔར་བཤད་པའི་ཡུལ་དང་ཞག་དག་མངོན་པར་ཤེས་པ་སྣ་ཚོགས་པའི་ཁམས་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་སླར་འདིའི་དཔེ་གསུངས་པ། །སྒོ་ངའི་མངལ་གྱི་མཚན་ཉིད་ལས། །ཞེས་བྱ་བ་སྟེ།
འདིར་ཇི་ལྟར་སྒོང་སྐྱེས་རྣམས་ཀྱི་སྒོ་ངའི་ནང་དུ་མངལ་ཡང་དག་པར་གནས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་སངས་རྒྱས་སུ་སྐྱེས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་ཀྱི་སྒོ་ངའི་ནང་དུ་མངལ་ནི་སྣ་ཚོགས་པའི་སེམས་ཅན་གྱི་ཁམས་ཡང་དག་པར་གནས་པ་ནི་བྱ་བའི་རྒྱུད་ཀྱིས་ཉེ་བར་སྤྱོད་པས་
སོ། །དེས་བཤད་པ་ཁྱོད་ཀྱིས་ཡི་གེ་ཌའི་ཡི་གེ་ཞེས་བྱ་བའོ། །དེ་བཞིན་དུ་རོའི་ཡི་གེའི་དོན་གསུངས་པ། བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཧེའི་ཡི་གེའི་དོན་དུའོ། །འདིར་ཞེས་བྱ་བ་ནི་སྟོང་པ་ཉིད་སངས་རྒྱས་རྣམས་ཀྱི་སྒོ་ངའི་ནང་དུ་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་བསྐྱེད་དེ་སྔོན་
གྱི་བག་ཆགས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པ་སྐྱེད་དོ། །གཞལ་མེད་ཁང་ན་སྤྱོད་པ་རྣམས་ཀྱིས་སྔོན་གྱི་བག་ཆགས་ཀྱིས་བྱས་པའི་ལས་ཀྱིས་ཀྱང་ངོ་། །གང་འདྲའི་གང་གིས་ཁམས་རྣམས་ལ། །ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལེགས་པར་བྱས་པ་དང་ཉེས་པར་
བྱས་པ་ལ་སོགས་པ་གང་བྱས་པ་དེ་ཁམས་ཏེ། དེས་སེམས་ཅན་གྱི་ཁམས་དེ་ནི་ཀུན་གཞི་སྟེ་དེའི་རང་བཞིན་གྱིས་ཀུན་གཞི་རྣམ་པར་ཤེས་པས་དེའི་ལས་ཤེས་པར་བྱའོ། །གང་གི་ཚེ་རྣམ་པར་ཤེས་པ་ཞེས་བྱ་བ་དངོས་པོ་མེད་པའི་གཟུགས་ཀྱི་ལས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་སྨྲ་བ་
ལས་དེ་མི་བདེན་པའི་གཟུགས་འཁྲུལ་པས་ཐམས་ཅད་དུ་འཇུག་པའོ། །འཁྲུལ་པ་ཞེས་བྱ་བ་ནི་མི་བདེན་པར་འགྱུར་ཏེ། དྲི་ཟའི་གྲོང་ཁྱེར་དང་མཉམ་པར་རྣམ་པར་ཤེས་པ་དེ་ཤེས་པར་བྱ་སྟེ་ཡང་མི་བདེན་པའི་བདེན་པ་ཉིད་ཅེས་སོ། །སླར་ཡང་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེར་
เล่ม ๒๐ · หน้า 107a
གསུངས་པའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེའི་ཕྱིར། ལས་སུ་དུམ་སྐྱེས་མའི་རང་ཉིད། །ཅེས་བྱ་བ་སྟེ། རང་གི་ལས་རྣམ་པར་གཟུང་བར་གྱུར་པས་ཕན་ཚུན་སེམས་ཅན་གྱི་ལུས་རྣམས་ཀྱིས་དེའི་ཚེ་བརྟེན་པ་རང་ཉིད་བཅོམ་ལྡན་འདས་ཀྱིས་གཟུགས་ཅན་མ་
བཅོམ་ལྡན་འདས་ཀྱང་དེའི་གཟུགས་དེ་ལས་སྤྱོད་པ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར། རོ་ཡི་ཡི་གེ་ཁྱོད་དུ་བཤད། །ཅེས་བྱ་བའོ། །སླར་ཡང་ཧེའི་ཡི་གེའི་དོན་གསུངས་པ། འཕྲོག་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། སྡིག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་མཚམས་མེད་པ་ལྔ་ལ་སོགས་པའི་
མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་ཉིད་གློ་བུར་བ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འཕྲོག་པར་གྱུར་པ་སྟེ། འཕྲོག་པར་གྱུར་པའོ། །ཁམས་ཐམས་ཅད་ནི་གསོད་པར་བྱེད། །ཅེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འགྲོ་བ་ངན་པ་རྣམས་ཀྱི་རྒྱུ་ཡང་རང་གི་ལུས་རྣམས་སུ་ཤེས་རབ་ཀྱི་
མཚོན་ཆས་རང་བཞིན་མེད་པའི་མཚན་ཉིད་དུ་ཁམས་གསོད་པའོ། །དེས་ནི་སེམས་ཅན་རྣམས་བྲལ་བ་འདྲ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྣ་ཚོགས་པའི་སྤྲུལ་པའི་ཐབས་རྣམས་ཀྱིས་ལས་སྟོན་པར་བྱེད་དོ། །དེ་ཡང་དྲག་པོའི་ལས་དེས་མཚམས་མེད་པ་ལ་སོགས་པར་ངེས་པར་སྤྱོད་པར་བྱེད་དོ། །
སླར་ཡང་ཆོས་ཐམས་ཅད་ལ་ཡང་དག་པར་གནས་པར་བྱེད་དོ། །དེ་ལྟར་དུམ་སྐྱེས་མ་ལས་ཐམས་ཅད་མ་ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པ་མོ་ཧེའི་ཡི་གེར་ཁྱོད་བཤད་དོ་ཞེས་བྱ་བ་སྟེ་སྔོན་གྱི་དྲི་བའི་ལན་གྱི་དོན་ཏོ། །ད་ནི་ཀུན་དུ་སྤྱོད་པའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་གསུངས་
པ། གཙོ་མོ་ཞེས་བྱ་བ་ལ་སོགས་པས་ཏེ། མཆོག་གི་རྣལ་འབྱོར་མ་རྣམས་ཀྱི། །ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་སུམ་ཅུ་རྩ་དྲུག་རྣམས་ཀྱི་རང་འཕོ་བའི་ཕྱིར་སྣ་གཡོན་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཆར་བའི་དུས་སུ་དབུ་མར་གཞུག་པར་བྱ་བའོ། །དེས་ཡང་བཞེངས་པ་མཆོག་ཅེས་
བྱ་བ་ནི་དུམ་སྐྱེས་མའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་བསྒོམ་པ་ལ་ཞེས་བྱ་བའི་དོན་ཏོ། །ཉ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །ཡེ་ཤེས་འདིས་ནུབ་བ་ལང་སྤྱོད་ཀྱི་གླིང་དུ་ལྷུང་བའོ། །འདོད་ཆགས་ཆེན་པོའི་རང་བཞིན་ནོ། །ཞེས་བྱ་བ་ནི་ཉ་འདོད་པའི་རང་བཞིན་ངོ་བོ་ཉིད་ཀྱིས་འདོད་
เล่ม ๒๐ · หน้า 107b
ཆགས་ཆེན་པོའི་བདག་ཉིད་དེ། དེ་རྣམས་ཀྱིས་ཀྱང་། དངོས་མེད་རྣམ་པ་ཅན་མ་ཡིན། །ཞེས་བྱ་བ་སྟེ་དངོས་པོ་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་སོགས་པ་དང་བྲལ་བའི་རྣལ་འབྱོར་མ་རྣམས་ཀྱི་སྨོན་ལམ་གྱི་དབང་གིས་སྐྱེས་པ་རྣམས་གཉིས་སུ་མེད་པའི་གོ་འཕང་ལ་བརྟེན་པ་རྣམས་དེ་ཉིད་ཀྱི་རང་བཞིན་
རྣམས་སུ་སྐྱེ་བ་ཞེས་བྱ་བར་དགོངས་སོ། །སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་བསྐྱེད་པའོ། །འོན་ཀྱང་མཁའ་འགྲོ་མ་དང་རྡོ་རྗེ་ཕག་མོའི་རང་བཞིན་ལཱ་མ་ཡང་བདག་པོའི་གནས་ནས་འོངས་ནས་དུམ་སྐྱེས་མའི་
གནས་སུ་སོན་པ་སྟེ། དེ་ལ་མཁའ་འགྲོ་མ་དང་རྡོ་རྗེ་ཕག་མོ་དང་ལཱ་མ་དང་དུམ་སྐྱེས་མའི་རྣམ་པའི་རང་བཞིན་དུ་གནས་ནས། དུམ་སྐྱེས་མ་ཡང་བདག་པོའི་གནས་སུ་འོངས་པའོ། །དེར་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་དང་ལཱ་མ་དང་དུ་མ་སྐྱེས་མའི་རང་བཞིན་དུ་གནས་པའོ། །རིགས་
པ་འདི་ཡིས་དབུས་སུ་བདག་པོ་ཞེས་བྱ་བའོ། །རང་གི་སྔགས་ལས་སྐྱེས་ཞེས་བྱ་བ་ནི་རང་གི་སྔགས་ཀྱི་ཡི་གེས་རིམ་པ་ཇི་ལྟ་བར་རྣལ་འབྱོར་མ་ཐམས་ཅད་སྐྱེས་པ་སྟེ་དེའི་སྔགས་གསུངས་པ། ཨོཾ་རྦས་ཞེས་བྱ་བ་ལ་སོགས་པས་ཏེ་སརྦ་བུདྡྷ་ཌཱ་ཀི་ནཱིའི་སྔགས་ནི་གཅིག་གོ། །གཉིས་
པ་དུམ་སྐྱེས་མའི་འོ། །དེ་ལྟར་གཉིས་ཡི་གེ་རེ་རེའི་བར་དུ་ཁ་སྦྱར་བའོ། །དེ་ལྟར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་བཛྲ་ཝརྞྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་གྱི་ཡི་གེ་ནི་ལྷག་མ་དབུགས་དག་པའོ། །ཨོཾ་བཛྲ་ཁཎྜ་རོ་ཧི་ཀཱ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །ད་ནི་སྔགས་འདིའི་རབ་ཏུ་སྦྱར་བ་ཡིས་
ཞེས་བྱ་བ་ནི་སྣ་ཚོགས་པའི་རྩའི་ཀུན་དུ་སྤྱོད་པ་རྣམས་སུ་ཡང་ངོ་། །འདོད་ཅན་མོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་སྟེར་བ་མོ་སྟེ་འདོད་པའོ། །ལྷ་མོ་རེ་རེ་རྣམས་ཀྱི་ནི་ཞེས་བྱ་བ་ནི་དེ་ལྟར་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་གྱི་རྣལ་འབྱོར་མའི་འཁོར་ལོ་འཁོར་ལོ་
བཞིར་སྐྱེས་མ་རྣམས་སྔོན་དུ་བཤད་པའི་རྣལ་འབྱོར་མ་རྣམས་ཀྱི་དབུས་སུ་རྩ་སོ་སོར་རང་གི་རིག་པའི་བདག་ཉིད་ཅན་དུ་ཤེས་པར་བྱའོ། །ཐབས་ཞེས་བྱ་བ་ལ་སོགས་པ་ནི་འདིའི་རིགས་པས་ཕྱི་རོལ་དུ་ཡང་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱའོ། །དེ་
เล่ม ๒๐ · หน้า 108a
ལྟར་ཤེས་རབ་རྣམས་འཁོར་ལོ་བཞི་ལས་སྐྱེས་པའོ། །དེ་ལྟར་ཤེས་རབ་འཁོར་ལོ་བཞི་ལས་སྐྱེས་པའི་ཐབས་ནི་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དོ། །དེའི་བདག་ཉིད་ཅན་ཕྱི་རོལ་དུ་ཡང་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྡེ་བཞི་ལ་སོགས་པས་ཐོར་ལོང་གིས་སྔར་བཤད་
པའི་དཀྱིལ་འཁོར་རྣམས་སུ་མངོན་པར་འབྲེལ་བར་བྱའོ། །འདིར་ཡང་བྱིས་པ་རྣམས་རྨོངས་པར་བྱེད་པར་གསུངས་པའོ། །ཤ་ཆེན་པོ་ཞེས་བྱ་བ་ནི་མིག་གི་དབང་པོ་རྣམས་ཀྱིས་སམ་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་མཐོང་བ་སྟེ། བདག་གི་གདན་གྱི་མཚན་ཉིད་ཀྱིས་ཁམས་གསུམ་
ཀྱང་སྟེ་དེ་ཉིད་ཤ་ཆེན་པོ་སྟེ་ཡོངས་སུ་ཟ་བར་གྱུར་པ་ནི་རྣམ་པར་རྟོག་པ་མེད་པར་རྟོག་པ་ཟ་བ་ཞེས་བྱ་བའི་དོན་ཏོ། །འཇིགས་བྱེད་སྒྲ་ནི་བསྒྲགས་པའོ། །ཞེས་བྱ་བ་ནི་གདམས་ངག་གསུངས་པ། ཇི་ལྟར་གང་དུ་ཡང་རྣལ་འབྱོར་པའི་གོམས་པས་རང་གི་ལྕེའི་འོག་གི་རྩ་བ་མེད་པར་བྱེད་དོ། །
དེས་དེ་བཞིན་དུ་རྫོགས་པའི་དུས་སུ་འཇིགས་བྱེད་ཀྱི་སྒྲ་སྒྲོགས་པའོ། །དེ་བསྒྲགས་པ་གང་མཐོང་བ་དེ་སྒྲོགས་པར་བྱེད་དུ་འཇུག་གོ། །ཤ་ནི་སླར་ཡང་ཟ་བར་བྱེད་དོ། །དེ་ལྟར་འདིར་རྣལ་འབྱོར་གྱི་དབང་ཕྱུག་གིས་རྡོ་རྗེའི་རྩ་བར་བསྐུམས་ལ། དེས་འདིར་མི་འཕོ་བར་རབ་ཏུ་སྦྱོར་བའི་སྒྲ་ཆེན་
པོ་སྒྲོགས་པ་སྟེ། ཐམས་ཅད་དེ་ལ་ཐིམ་པ་ཉིད་ཀྱི་ཕྱིར་ཟ་བ་ཞེས་བྱ་བའི་དོན་ཏོ། །ལཱ་མའི་འཁོར་ལོར་བ་ལང་ཤ །ཞེས་བྱ་བ་ནི་རྣ་བའི་དབང་པོར་མིག་སྡོམ་པས་བ་ལང་གི་ཤ་སྟེ། གཞན་གྱི་གདན་གྱི་མཚན་ཉིད་ཀྱིས་རྣ་བའི་རྣམ་པར་ཤེས་པས་ཐོས་ཏེ། ཡུལ་ནི་ཁམས་གསུམ་རྣམས་
སུ་མ་ཡིན་ཏེ། །དེ་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་རྟོག་པ་ཟ་བར་བྱེད་དོ། །མཁའ་འགྲོ་མར་ནི་གླང་པོའི་ཤ །ཞེས་བྱ་བ་ནི་སྣའི་དབང་པོར་སྔོན་གྱི་དབང་པོ་གཉིས་འདུས་པར་བྱས་ནས་དྲི་སྣོམ་མོ། །ཡུལ་ནི་རྣལ་འབྱོར་གྱི་གདན་གྱི་མཚན་ཉིད་ཀྱིས་ཁམས་གསུམ་རྣམས་སུ་ཡེ་ཤེས་ཀྱི་དྲི་
དེ་ཉིད་ཀྱིས་རྟོག་པ་བཀུག་ནས་ཟ་བ་ཞེས་བྱ་བའི་དོན་ཏོ། །ཕག་མོ་ལ་ནི་ཤ་ཐམས་ཅད། །ཅེས་བྱ་བ་ནི་ལྕེའི་དབང་པོར་ཡང་བྱ་བ་སྟེ་ལུས་ཀྱི་དབང་པོ་དང་ཡིད་ཀྱི་དབང་པོ་དང་སྔོན་གྱི་དབང་པོ་གསུམ་ཡང་འཇོམས་པར་བྱས་ནས་ཁྱི་དང་རྟ་དང་མ་ཧེ་ལ་སོགས་པའི་ཤ་ནི་རོ་དང་རེག་བྱ་དང་ཡིད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด