དཔལ་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་སཾ་བ་རོ་ད་ཡ་མ་ཧཱ་ཏནྟྲ་རཱ་ཛ་སྱ་པདྨི་ནཱི་ནཱ་མ་པཉྩི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๑ · หน้า 58a

འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །རྡོ་རྗེ་འཛིན་པའི་རྒྱལ་པོ་རང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་ཆོས་ཀྱི་དབྱིངས་

རྣམ་པར་དག་པར་ལྷག་པར་མོས་ཤིང་། དང་པོར་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ། ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་གཡོན་པ་རྡོ་རྗེ་ཁུ་ཚུར། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་ཅིང་ཁ་ཤར་དུ་བལྟས་ལ་དབང་ལྡན་ནས་བརྩམས་ལ་གཡས་སྐོར་དུ་ཁ་དོག་ལྔའི་

ཚོན་ཅུང་ཟད་ཙམ་གདབ་པར་བྱའོ། །ཕྱི་ནས་གཞན་ནམ་རང་གིས་ཀྱང་ཞེས་པ་ཇི་ལྟར་བདེ་བར་རོ། །རེ་ཁཱ་རྣམས་ཀྱང་སྦོམས་པ་དང་ཕྲ་བ་དང་ཆད་པ་དང་འཁྱོག་པ་དང་ཕན་ཚུན་འདྲེས་པ་མ་ཡིན་པ་སྟེ་ཐམས་ཅད་སྒོའི་ཉི་ཤུ་ཆའོ། །འཇུག་པ་དང་འཐོན་པ་ལ་ཡང་རྡུལ་ཚོན་གྱི་རེ་ཁཱ་

ཡིད་ཀྱིས་ནམ་མཁར་བཏེག་ནས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་པའི་ཐིག་ལ་སོགས་པ་འགོམ་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བརྗོད་པར་བྱའོ། །དེ་ལ་ཐོག་མར་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུར་ཉི་མ་སེར་པོ་ལ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་དྲག་པོ་རྩེ་

ལྔ་པ་སྔོན་པོའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་དམར་པོ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་གྲི་གུག་གོ། །མེ་དང་བདེན་བྲལ་ལ་སོགས་པ་ཕྱོགས་བྲལ་གྱི་འདབ་མ་སེར་པོ་དང་། ལྗང་གུ་དང་སེར་པོ་དང་ནག་པོ་ཆར་སྤྲིན་ལྟ་བུ་རྣམས་སོ། །འདབ་

མའི་ཕྱི་རོལ་རྩ་བའི་ཐིག་གི་ནང་དུ་གཡོན་སྐོར་གྱིས་ཤར་ལ་སོགས་པའི་ས་ནི་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དང་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་གོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ཁྭ་གདོང་མ་ལ་སོགས་པ་རྣམས་དང་། མེ་ལ་སོགས་

པའི་ཟུར་རྣམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ཀྱི་གཡོན་དང་ཅིག་ཤོས་ཀྱིས་བསྐོར་བས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་གྲི་གུག་གོ། །སྒོའི་ལོགས་གཉིས་སུ་བུམ་པ་བརྒྱད་དོ། །རྩ་བའི་ཐིག་ལས་ཕྱི་རོལ་རྡུལ་ཚོན་གྱི་སྣམ་བུ་ལས་སོ། །ནང་

เล่ม ๒๑ · หน้า 58b

ནས་བརྩམས་ཏེ་ནག་པོ་དང་ལྗང་ཁུ་དང་དམར་པོ་དང་སེར་པོ་དང་དཀར་པོའི་རེ་ཁཱ་རྣམས་སོ། །དེའི་ཕྱི་རོལ་གྱི་སྟེགས་བུ་ཇི་ལྟར་མཛེས་པའོ། །སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་བའི་ཆ་ལ་གནས་པའི་རིན་པོ་ཆེ་རྣམས་དང་སྟེང་དུ་རྡོ་རྗེ་ཕྱེད་པ་རྣམས་སོ། །རྟ་བབས་ཀྱི་ཀྱོག་པོའི་ནང་

གི་ནམ་མཁའ་དང་ཀ་བ་རྣམས་ཀྱང་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་སྟེ། གྲུ་བཞི་པའི་སྟེགས་བུར་གནས་པའི་བུམ་པ་ལ་གནས་པ་རྩ་བ་དང་རྩེ་མོར་ནོར་བུ་བཅིངས་པ་དང་ལྡན་པའོ། །དར་དཔྱང་གི་སྣམ་བུ་ལ་གླང་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་འཕྱང་བའི་

རིན་པོ་ཆེའི་དོ་ཤལ་ལོ། །རིན་ཆེན་སྣམ་བུ་ལ་ཟུར་དུ་ཟུར་གསུམ་དང་། གྲུ་བཞི་དང་ཐིག་ལེ་དང་། ཟླུམ་པོ་རྣམས་རིམ་པས་རིན་པོ་ཆེས་བཅིངས་པའོ། །དྲ་བའི་སྣམ་བུ་ལ་གསེར་གྱི་རྐེད་དཀྲིས་བཞི་ལ་བཏགས་པ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་སྲད་བུ་དམར་པོས་བརྒྱུས་པའི་མུ་

ཏིག་གི་དྲ་བ་སྟེ། ནོར་བུའི་ཆུན་པོ་གསེར་གྱིས་བཅིངས་པ་གཉིས་དབུས་སུ་གནས་པའོ། །དྲ་བའི་ལོགས་དག་ཏུ་གསེར་གྱིས་བཅིངས་པའི་ནོར་བུ་སྦོམ་པོས་རྩེ་མོ་མཛེས་པའི་དྲ་བ་ཕྱེད་པའོ། །འགའ་ཞིག་ཏུ་དྲིལ་བུའི་ནང་དུ་རྔ་ཡབ་དང་ཅུང་ཟད་ཐུང་བའི་རིན་པོ་ཆེའི་ཕྲེང་བས་

ལོགས་གཉིས་བརྒྱན་པའོ། །འགའ་ཞིག་ཏུ་མེ་ཏོག་གི་ཕྲེང་བས་ལོགས་གཉིས་བརྒྱན་པའོ། །དྲ་བའི་ནང་དུ་པདྨ་དང་ཟླ་བའི་ཆ་རྡོ་རྗེ་ཕྱེད་པས་མཚན་པའི་རིན་པོ་ཆེའོ། །འགའ་ཞིག་ཏུ་ཉི་མའི་དཀྱིལ་འཁོར་རོ། །འགའ་ཞིག་ཏུ་པདྨ་ལ་གནས་པའི་རྡོ་རྗེའོ། །བ་ཀུ་ལི་

རྣམས་དཀར་པོའོ། །མདའ་ཡབ་རྣམས་ནི་དཀར་པོ་པདྨའི་འདབ་མ་ཕྱེད་པའི་དབྱིབས་སོ། །སྒོ་ལོགས་ཀྱི་སྟེང་དུ་གདུང་གི་སྣམ་བུ་ལ་རིན་པོ་ཆེ་སྣ་ཚོགས་པའི་པ་ཏྲ་དང་ལྡན་པའི་གདུང་ངོ་། །དེའི་སྟེང་དུ་བར་སྣང་གི་སྣམ་བུ་སྔོན་པོའོ། །མདའ་ཡབ་རྣམས་ལ་ཕྱོགས་བརྒྱད་དུ་

གསེར་ལ་སོགས་པ་གང་ཡང་རུང་བའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་རྣམས་ཏེ། ཟླ་བ་ཚེས་པ་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པ། རིན་པོ་ཆེའི་དབྱུག་པའི་རྩེ་མོར་བཏགས་པའི་དྲིལ་བུ་ལས་འཕྱང་བའི་ལྕེ་གཅིག་པ་དང་གཉིས་པའི་རྩེ་མོར་རི་དགས་ཀྱི་རྒྱལ་པོ་

เล่ม ๒๑ · หน้า 59a

དང་ངང་པའི་རྒྱལ་པོ་དང་རྨ་བྱ་དང་ཉ་དང་ཆུ་སྲིན་གྱིས་མཚན་པ་རྣམས་སོ། །དེ་བཞིན་དུ་བ་དན་ཡང་སྟེ་མཚན་མ་དང་བྲལ་བའོ། །ཟུར་རྣམས་སུ་གདུགས་དག་གོ། །རྟ་བབས་ཀྱི་སྣམ་བུ་བཅུ་གཅིག་པོ་རྣམས་ལ་ཀ་བའི་རྩེ་མོ་ནས་བརྩམས་ཏེ་རིམ་པས་བ་ཀུ་

ལི་དང་རིན་པོ་ཆེ་དང་རྟ་རྨིག་དང་གསེར་དང་ཆུ་སྲིན་དང་ཡང་གསེར་དང་རྟ་རྨིག་དང་རིན་པོ་ཆེ་དང་རྟ་རྨིག་དང་གསེར་དང་མདའ་ཡབ་རྣམས་སོ། །མདའ་ཡབ་ཀྱི་སྣམ་བུ་ལ་གནས་པའི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་གསེར་གྱི་འཁོར་ལོ་རྣམས་སོ། །འཁོར་ལོའི་ལོགས་གཉིས་

སུ་གསེར་གྱི་རང་བཞིན་རི་དགས་དང་རི་དགས་མོ་དག་འཁོར་ལོ་ལ་མངོན་དུ་ཕྱོགས་པ་མགྲིན་པ་སྟོད་དེ་ཉལ་བ་ཇི་ལྟར་མཛེས་པའོ། །འཁོར་ལོའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་རྭ་ཆ་ཆུང་གཉིས་པ་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ། །རྟ་བབས་ཀྱི་ལོགས་གཉིས་

སུ་གནས་པའི་རྭ་ཀྱོག་པོ་སྟེ་དེ་ལས་ཚུ་རོལ་དུ་མདའ་ཡབ་རྣམས་ལ་རི་དགས་མོའི་མཇུག་མའི་ལོགས་སུ་གནས་པའི་སྤྲེའུས་ཡུ་བ་ནས་འཛིན་པའི་གདུགས་རྣམས་ཏེ་ཇི་ལྟར་མཛེས་པའོ། །གཞལ་ཡས་ཁང་གི་ཟུར་དང་ཉེ་བ་རྣམས་སུ་དཔག་བསམ་གྱི་ཤིང་རྣམས་སོ། །སྣ་ཚོགས་

ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལྗང་གུ་གེ་སར་སེར་པོ་འདབ་མ་རྣམས་ཁ་དོག་སྣ་ཚོགས་པ་སྟེ། དེའི་ས་ནི་དཀར་དམར་རོ། །རྡོ་རྗེ་ཕྲེང་བའི་རེ་ཁཱ་ནག་པོ་སྟེ། རྩེ་མོ་གསུམ་པ་འམ་ལྔ་པའི་རྡོ་རྗེ་རྣམས་སོ། །དེ་ཡི་ས་ནི་ཇི་ལྟར་མཛེས་པའོ། །འོད་ཟེར་ནི་ཁ་དོག་ལྔ་པའོ། །དེའི་ཕྱི་རོལ་དུ་

དུར་ཁྲོད་རྣམས་བྲི་བར་བྱའོ། །སྐལ་བ་དང་མི་ལྡན་པ་འདུས་པ་མེད་ན་སྟེ་གཞན་དུ་མ་ཡིན་ནོ། །དེ་ཡང་རྒྱུད་ཁོ་ནར་ཤེས་པར་བྱའོ། །དེ་ནས་ལས་ཐམས་ཅད་དང་ཧཱུཾ་ཡིག་གིས་ཀྱང་བཟླས་པའི་དྲི་ཆུ་བདུད་རྩི་ལྔ་དང་བཅས་པས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བྱུགས་ནས་དེ་

བཟླས་ཤིང་ཆུ་ཡིས་འཁོར་ལོ་ལ་བསང་གཏོར་བྱས་ཏེ་རྡུལ་ཚོན་ལྷག་མ་ཡང་དག་པར་མཆོད་ལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་ཡེ་ཤེས་ཀྱི་རྡུལ་ཚོན་གཤེགས་ཤིང་སྣོད་ན་གནས་པ་རྣམས་དབེན་པར་གཞག་པར་བྱའོ་ཞེས་པ་རྡུལ་ཚོན་གདབ་པའི་ཆོ་གའོ། །དེ་ནས་སྔར་ལྷག་པར་

เล่ม ๒๑ · หน้า 59b

གནས་པའི་རྣམ་རྒྱལ་གྱི་བུམ་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་གཡས་སྐོར་བྱས་ནས། འོད་ཟེར་ཕྲེང་བའི་ཕྱི་རོལ་གྱི་ས་ལ་སྟེ། དུར་ཁྲོད་ཡོད་ན་དེའི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀ་ལས་ཅུང་ཟད་གཡས་སུ་གཞག་པར་བྱའོ། །གཡོན་དུ་མཁའ་འགྲོ་མའི་དང་

ལས་ཐམས་ཅད་པ་སྟེ་གཡས་སྐོར་དུའོ། །གཡས་སུ་ཁྭ་གདོང་མ་ཡིའོ། །བྱང་སྒོའི་གཡོན་དུ་ལཱ་མའི་དང་གཡས་སུ་འུག་གདོང་མ་ཡིའོ། །ནུབ་སྒོའི་གཡོན་དུ་དུམ་སྐྱེས་མའི་དང་གཡས་སུ་ཁྱི་གདོང་མ་ཡིའོ། །ལྷོ་སྒོའི་གཡོན་དུ་གཟུགས་ཅན་མའི་དང་གཡས་སུ་ཕག་

གདོང་མ་ཡིའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པའི་བུམ་པ་རྣམས་སོ། །ཟུར་གྱི་བུམ་པ་བཞི་རྣམས་ལ་མདའ་བྱ་རྒོད་མ་བཞི་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་གཞག་པར་བྱའོ་ཞེས་པ་བུམ་པ་དགོད་པའི་ཆོ་གའོ། །དེའི་

རྗེས་ལ་བླ་རེ་དང་གདུགས་དང་རྔ་ཡབ་ལ་སོགས་པ་རྣམས་ཧཱུཾ་ཡིག་གིས་བསྔགས་ཏེ་ཨོཾ་བཛྲ་སྦ་ར་ཎ་ཁཾ་ཞེས་པའི་སྔགས་ཀྱིས་སྤྲོས་ལ་དེ་རྣམས་ཀྱིས་ཇི་ལྟར་ནུས་པ་དང་ཇི་ལྟར་མཛེས་པ་བཞིན་མཆོད་པ་བྱས་ནས། སློབ་དཔོན་ཁྲུས་ལ་སོགས་པ་བྱས་ཏེ་ལས་ཐམས་ཅད་པ་བཟླས་

པའི་ཆུས་དཀྱིལ་འཁོར་ལ་བསང་གཏོར་བྱས་ཤིང་། དེ་ཉིད་ཀྱིས་བསྲུངས་ལ་དཀྱིལ་འཁོར་གྱི་ཤར་དུ་ཞལ་ནུབ་ཏུ་ཕྱོགས་པར་འདུག་སྟེ། རྡོ་རྗེ་དྲིལ་བུ་དང་བཅས་པས་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་ཅན་བྲིས་པའི་དཀྱིལ་འཁོར་སྐད་ཅིག་ལ་སྟོང་པར་བྱས་ནས། སྲུང་

བའི་འཁོར་ལོ་དང་བགེགས་ལ་ཕུར་བུ་གདབ་པ་ལ་སོགས་པ་ཆོ་ག་ཐམས་ཅད་ཚང་བར་བསྒོམས་ལ། དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བྱས་ཏེ། རབ་ཏུ་བསྒྲུབས་པ་ཕྱིའི་ཕྱག་རྒྱའམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་རབ་ཏུ་དགའ་བའི་སྒྲས་སྤྱན་དྲངས་པའི་ཡེ་ཤེས་

ཀྱི་འཁོར་ལོ་ལ་མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད་ནས་ནང་དུ་བཅུག་སྟེ། ཆགས་པ་ཆེན་པོས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་པདྨར་ཕྱུང་བ། ཡེ་ཤེས་ཀྱི་འཁོར་ལོའི་བདག་ཉིད་ཅན་སྤྲོས་ནས། དམ་ཚིག་གི་འཁོར་ལོ་ལ་གནས་ཇི་ལྟ་བར་རབ་ཏུ་བཞུགས་

เล่ม ๒๑ · หน้า 60a

པར་རྣམ་པར་བསམ་ཞིང་། མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་དེ་མ་ཐག་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་དང་རྒྱས་གདབ་པར་བྱའོ། །དེ་ནས་སྤྲོས་པའི་ལྷ་མོ་རྣམས་

ཀྱིས་མཆོད་ནས། ཤཱི་ཏ་ལི་ཀའི་གོས་ཟུང་ལ་སོགས་པ་དང་། བཟའ་བ་དང་བཅའ་བ་ལ་སོགས་པའི་ནུས་པ་ཇི་ལྟ་བས་རབ་ཏུ་མཆོད་ལ། ཕྱི་རོལ་གྱི་རྣལ་འབྱོར་མ་རྣམས་ཀྱིས་གར་ལ་སོགས་པས་མཆོད་དེ། དྲིལ་བུ་དཀྲོལ་ཞིང་རྐང་པ་བརྒྱད་པའི་སྔགས་ཀྱིས་

བསྟོད་ནས་རང་གི་ཤེས་རབ་མའི་མེ་ཏོག་དང་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཞག་ལ་བདུད་རྩིར་བྱས་ཏེ་དབུལ་བར་བྱའོ། །བདུད་རྩི་དེ་མྱངས་པས་ཚིམ་པར་གྱུར་ནས་བདེ་བ་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པ་བྱ་ཞིང་། འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་

བརྒྱད་དང་། གཞན་རྣམས་ཀྱི་ཉི་ཤུ་རྩ་རེ་རེ་དང་ཡི་གེ་བརྒྱ་པ་ཡང་བཟླས་ཏེ། འཆད་པར་འགྱུར་བའི་གཏོར་མའི་ལེའུའི་ཆོ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་བར་བྱའོ། །དེའི་རྗེས་ལ་ལག་པ་གཡས་པ་གན་རྐྱལ་དུ་བྱས་ལ། གུང་མོ་དང་མིང་མེད་ཅུང་ཟད་

བཀུག་པ་ཁའི་མངོན་དུ་བྱས་ཏེ། དེའི་གྲུ་མོ་པུས་མོའི་བར་དུ་བྱས་ལ། ཙོག་པུར་འདུག་ཅིང་མི་སྨྲ་བར་ལག་པའི་རྩེ་མོ་ཞལ་ལ་མང་དུ་བྱབ་ཅིང་། ལན་གསུམ་རྣ་བ་དག་དང་མིག་དག་དང་སྣ་དང་ཁ་དང་ལག་པ་དང་ལྟེ་བ་དང་སྤྱི་བོར་ཡང་རེག་པར་བྱའོ་ཞེས་པ་ཉེ་རེག་བྱ་བའོ། །

དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། ཨོཾ་སུམྦྷ་ཞེས་པ་ལ་སོགས་པ་ཞལ་བཞི་པའི་སྔགས་བརྗོད་ཅིང་། རྡོ་རྗེའི་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ། ཨོཾ་ཧཱུཾ་ཕཊ།

ཨོཾ་ཧཱུཾ་ཨཱཿཕཊ། ཨོཾ་ཧཱུཾ་ཨཱཿཕཊ། ཨོཾ་ཧཱུཾ་ཧ་ན་མཱ་ར་ཡ་དུཥྚཱན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཱཿཨཱཿཧཱུཾ་ཧྲཱིཿཕཊ། ཅེས་པའི་སྔགས་བཞི་རིམ་པས་ཤར་དང་ལྷོ་ལ་སོགས་པའི་སྒོའི་སློབ་དཔོན་རྣམས་ཀྱིས་བརྗོད་པ་དང་ལྷན་ཅིག་རྡོ་རྗེའི་རྐང་སྟབས་ཀྱིས་གཡས་སྐོར་གསུམ་བྱས་ནས། བཅོམ་ལྡན་

เล่ม ๒๑ · หน้า 60b

འདས་ལ་ཕྲེང་བ་ཕུལ་ལ་ནུབ་དང་བྱང་ལ་སོགས་པའི་སྒོར་གནས་ཏེ། ཤར་དང་ལྷོ་ལ་སོགས་པའི་སྒོར་ཨོཾ་བཛྲ་ཨུཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཕྱེ་བར་བལྟས་ནས། ཨོཾ་ས་མ་ཡཾ་པྲ་བི་ཤཱ་ཡ་མི་ཞེས་བརྗོད་དེ། སླར་གར་བྱེད་ཅིང་ཕྲེང་བ་བླངས་ལ་

རང་གི་སྤྱི་བོར་བཅིངས་ནས་འཁོར་ལོ་ལ་ཕྱག་འཚལ་ཏེ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་རབ་ཏུ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་ཅིང་བསམ་གཏན་དང་བཟླས་པ་བྱའོ། །དཀྱིལ་འཁོར་གྱི་ལྷ་རྣམས་དང་ཕྱོགས་ཀྱི་བདག་པོ་རྣམས་ལ་ཇི་ལྟར་ནུས་པའི་བ་དན་ཡང་

དབུལ་བར་བྱའོ་ཞེས་པ་དཀྱིལ་འཁོར་བསྒྲུབ་པའི་ཆོ་གའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ་རབ་ཏུ་གནས་པ་དང་། དབང་བསྐུར་བ་དང་། སྦྱིན་སྲེག་ལ་སོགས་པ་དང་། རང་ལ་དབང་བསྐུར་བ་ཡང་བྱས་ནས། སྔོན་དུ་ཚོགས་ཀྱི་འཁོར་ལོ་བྱ་སྟེ་དཀྱིལ་

འཁོར་གཤེགས་པར་བྱའོ། །དེ་ལ་གཤེགས་པ་ནི་འདི་ཡིན་ཏེ་ཕྱི་རོལ་དུ་ཕྱོགས་སྐྱོང་གི་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ལ། ནང་དུ་ཞུགས་ཏེ་འཁོར་ལོ་ལ་ཕྱག་འཚལ་ཞིང་འཁོར་ལོའི་དབང་ཕྱུག་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དགེ་བ་ཡོངས་སུ་

བསྔོས་ལ་བསྐོར་བ་གསུམ་བྱས་ནས་ཤར་གྱི་སྒོར་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་འདུག་སྟེ། ཡི་གེ་བརྒྱ་པ་བརྗོད་ལ། ནུས་པ་མེད་པ་དག་གིས་གཙོ། །མ་རྙེད་པ་དང་མ་འཚལ་ནས། །མ་ཚང་བ་དང་ལྷག་པ་གང་། །བགྱིས་པ་དེ་དག་བཟོད་པར་འོས། །

སྔགས་ཉམས་པ་དང་བྱ་བ་ཉམས། །གང་ཡང་ཆོ་ག་ཉམས་གྱུར་པ། །དེ་ནི་དཔའ་བོས་བཟོད་པར་འོས། །མཆོག་གི་དབང་ཕྱུག་བཀའ་དྲིན་མཛོད། །ཅེས་པ་འདིས་བཟོད་པར་གསོལ་ནས་ཨོཾ་བཛྲ་མུཿཞེས་པ་ལ་སོགས་པ་དང་ཨོཾ་ཨཱཿཧཱུཾ་ཞེས་པ་འདིས་ཀྱང་ཡེ་ཤེས་ཀྱི་

འཁོར་ལོ་གཤེགས་ཤིང་རང་གི་སྤྲུལ་པའི་འཁོར་ལོ་བདག་ཉིད་ཀྱི་ནང་དུ་བསྒོམས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་མུཿ ཞེས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་ལྷག་པར་མོས་ཏེ། དྲིལ་བུ་འཁྲོལ་ཞིང་ལག་

เล่ม ๒๑ · หน้า 61a

པར་གནས་པའི་རྡོ་རྗེས་ཤར་སྒོ་ནས་བརྩམས་ནས་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཇི་སྲིད་པ་ཕྱིས་ལ་རང་གི་སྤྱི་བོར་རྡུལ་ཚོན་ཅུང་ཟད་ཙམ་བཞག་ནས་པདྨ་ལ་སོགས་པ་དབྱི་བར་བྱའོ། །དེ་ནས་སྒོ་དང་ཟུར་རྣམས་ལག་པར་གནས་པའི་རྡོ་རྗེས་

གཞིག་པར་བྱའོ། །དེའི་རྗེས་ལ་ཨོཾ་བཛྲ་ཀཱི་ལ་ཡ་ཨུཏ་ཀཱི་ལ་ཡ། སརྦ་ཀཱི་ལན་བཛྲ་དྷ་ར་ཨཱཛྙཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿཞེས་པ་ཧཱུཾ་ཡིག་བཞིའི་སྔགས་ཀྱིས་ཕུར་པ་རྣམས་བཏོན་ནས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བརྒྱ་རྩ་

བརྒྱད་བཟླས་པའི་འོ་མས་ཁྲུས་བྱས་ཏེ་ཕུར་པའི་ལྷ་རྣམས་ཀྱང་གཤེགས་ལ། དེའི་ཁུང་བུ་རྣམས་བཀང་ནས་ཐམས་ཅད་རྣམ་རྒྱལ་གྱི་བུམ་པའམ་བུམ་པ་གསར་པ་གཞན་ལ་གོས་ཀྱིས་བརྒྱན་པར་བླུགས་ཏེ་འདོ་ལི་ལ་གཞག་ནས་རྣལ་འབྱོར་མ་སྦྱིན་བདག་གིས་བྱིན་

པའི་གོས་དང་ལྡན་པས་འཛིན་པ། འདོ་ལི་ལ་གནས་པའི་སློབ་དཔོན་ནམ་སློབ་མས་དྲིལ་བུའི་སྒྲ་དང་བཀྲ་ཤིས་ཀྱི་གླུ་དང་རོལ་མོ་དང་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་མདུན་དུ་བདར་བ། ཆུ་བོ་ཆེན་པོ་དང་རྒྱ་མཚོའི་ཆུ་ངོགས་སུ་འདུག་སྟེ། བའི་

ལྕི་བས་བྱུགས་པའི་དཀར་པོའི་དྲི་རྣམས་ཀྱིས་མཎྜལ་བྱས་ནས། པདྨའི་དབུས་སུ་རྡོ་རྗེ་སེམས་དཔའ་དང་། ཤར་ལ་སོགས་པ་ཕྱོགས་རྣམས་ཀྱི་འདབ་མ་རྣམས་ལ་གཡོན་སྐོར་དང་དབང་ལྡན་ལ་སོགས་པ་ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་གཡས་སྐོར་གྱིས་

རིམ་པ་བཞིན་མཐའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང་པདྨ་དང་པདྨ་ཆེན་པོ་དང་དུང་སྐྱོང་དང་སྟོབས་ཀྱི་རྒྱུ་དང་མ་དྲོས་པ་རྣམས། དཀར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་དང་དུད་ཁ་དང་ལྗང་ཁུ་དང་སེར་པོ་རྣམས་ཏེ། ལྟེ་བ་ལས་སྟེང་དུ་མིའི་ཆ་བྱད་ཅན་

ཐལ་མོ་སྦྱར་བ་སྤྱི་བོར་གདེངས་ཀ་དང་ལྡན་པ་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ། རང་དང་འདྲ་བའི་མཛེས་མའི་ཕྱག་གཡོན་པས་འཁྱུད་པ་རྣམ་པར་བསམས་ལ། ཨོཾ་ཨཱཿབཛྲ་བ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨཱ་ནནྟཱ་ཡ་ཧཱུཾ་སྭཱ་ཧཱ། དེ་ལྟར་རང་རང་གི་མིང་རྣམ་

เล่ม ๒๑ · หน้า 61b

པར་སྤེལ་བའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོས་ཡང་དག་པར་མཆོད་ནས། ལག་པ་གཡོན་པས་གདེངས་ཀའི་ཚུལ་གྱིས་བསྟན་ཅིང་ལག་པ་གཡས་པ་བརྐྱང་སྟེ། ཨོཾ་ཨཱ་ནནྟ། བཱ་སུ་ཀི། ཏཀྵ་ཀ ཀརྐོ་ཊ། པདྨ། མ་ཧཱ་པདྨ། ཤཾ་ཁ་པཱ་ལ། ཀུ་ལི་ཀ

པཱ་ལ་དེ་བ་ཏི། མ་ཧཱ་དེ་བ་ཏི། སོ་མ་ཤི་ཁི། མ་ཧཱ་སོ་མ་ཤི་ཁི་དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར། ཨ་པཱ་ལཱ་ཡ་ཧཱུ་ལུ་ཎ་ཌ་ནནྡ། ཨུ་བ་ནནྟ། སཱ་ག་ར། མ་ཧཱ་སཱ་ག་ར། ཏཔྟ། མ་ཧཱ་ཏཔྟ། ཤྲཱི་ཀཱནྟི། མ་ཧཱ་ཀཱནྟི། རཏྣ་ཀཱནྟི། སུ་རུ་པ་མ་ཧཱ་སུ་རཱུ་པ། བྷ་དྲཱ་ཧི་

ཀ། མ་ཧོ་དྷ་ར་ཤི་ལི། མ་ཧཱ་ཤི་ལི། ཨོཾ་བཀྵ། ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི། སརྦཿབྷུར་བྷུ་བ་ཕཻཾ་ཧཱུཾ་སྭཱ་ཧཱ། ཞེས་པ་ཀླུའི་གཏོར་མའི་སྔགས་བརྗོད་ཅིང་དེ་རྣམས་ལ་འོ་མ་དང་འོ་མའི་གཏོར་མ་བྱིན་ནས་མཆོད་དེ། དེ་རྣམས་ལ་རྡུལ་ཚོན་བསྐུར་བར་བྱ་ཞིང་དེ་

རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་སྤྱན་འདྲེན་པར་བསམས་ལ། ཆུ་ལ་བསྐུར་བར་བྱའོ། །རྡུལ་ཚོན་ཁྱེར་བའི་བུམ་པ་ཡང་ཆུས་བཀང་ལ་དེ་ཁོ་ན་ལྟར་སྤྱན་དྲངས་ལ་དེའི་ཆུས་ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་བསང་གཏོར་བྱའོ། །དཀྱིལ་འཁོར་གྱི་

ཁང་པར་བའི་ལྕི་བ་བྱུགས་ལ་གཞོན་ནུ་མ་རྣམས་ལ་སྟོན་མོ་བྱའོ་ཞེས་པ་དཀྱིལ་འཁོར་གྱི་ཉེ་བར་བསྡུ་བའོ། །ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །།སློབ་དཔོན་གང་གིས་ཇི་ལྟར་བྱ། །ཞེས་པ་ལ་སོགས་པ་ཞུ་བ་བཞི་པའི་ལན་གདབ་པའི་ཕྱིར་གསུངས་པ་

དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དུལ་བ་ཞེས་པ་ལ་སོགས་པ་ནས་རིག་པར་བྱ་ཞེས་པའི་བར་ནི་སློབ་དཔོན་གྱི་མཚན་ཉིད་དོ། །སློབ་དཔོན་གྱིས་ནི་ཞེས་པ་ལ་སོགས་པ་དགེ་བའོ་ཞེས་པའི་བར་ནི་སློབ་མའི་མཚན་ཉིད་དོ། །ཐལ་མོ་སྦྱར་ཞེས་པ་ལ་སོགས་པ་ལྷག་

མས་ནི་དབང་བསྐུར་བའི་གྲངས་ཆོ་ག་དང་བཅས་པ་སྟེ་དབང་བཞི་པ་ཡང་ངོ་། །སྙན་པ་ནི་ངག་སྙན་པའོ། །སེམས་ཅན་ལ་བུ་བཞིན་དུ་ཞེས་པ་རབ་ཏུ་འཇུག་ཅེས་པ་ལྷག་མའོ། །སེམས་ནི་མཉམ་ཉིད་ཕྱག་རྒྱར་ལྡན། །ཞེས་པ་སེམས་འདི་མཉམ་པ་ཉིད་ཀྱིས་རྒྱས་

เล่ม ๒๑ · หน้า 62a

བཏབ་ཅེས་པ་སྟེ། དགྲ་དང་བཤེས་དང་བྲན་མོ་རྣམས་ལ་བྱམས་པའི་སེམས་སོ། །དབང་པོ་ཞེས་པ་ལ་སོགས་པ་དབང་པོ་ཐམས་ཅད་ཡང་དག་པར་རྫོགས་པའི་ལུས་ཞེས་པའི་དོན་ཏོ། །དབང་བསྐུར་དོན་གྱི་དེ་ཉིད་ཤེས། །ཞེས་པ་དབང་བསྐུར་

བ་དང་དེའི་དོན་གྱི་དེ་ཁོ་ན་ཉིད་ཡང་སྟེ་དེ་ཤེས་པའོ། །རྟག་པར་རྒྱུན་དུ་གནས་བསྟེན་པ། །ཞེས་པ་གནས་ལ་སོགས་པ་བསྟེན་པར་བྱེད་པ་ཞེས་པའི་དོན་ཏོ། །འདི་དག་གིས་རིམ་པ་གཉིས་ཀྱིས་ལྷ་སྒོམ་པའོ། །སློབ་མའི་མཚན་ཉིད་གསུངས་པ་སློབ་དཔོན་གྱིས་ནི་ཞེས་

པ་ལ་སོགས་པ་གོ་སླའོ། །འདི་དག་ཅེས་པ་ལ་སོགས་པའི་འགྲུབ་པ་ཞེས་པ་ལ་སོགས་པ་ཡང་དག་པར་གྲུབ་པ་སྟེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་གཅིག་གིས་བསྟན་པའི་ཕྱིར་རོ། །དབང་བསྐུར་བ་ཐོབ་པའི་བྱ་བ་

གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །དབང་བསྐུར་བ་ལ་སོགས་པའི་འབྲས་བུ་གསུངས་པ་སྣོད་དུ་ཞེས་པ་ལ་སོགས་པའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཐོག་མར་ཇི་ལྟར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐང་སྐུ་ལ་སོགས་པའི་

དཀྱིལ་འཁོར་ཡང་རུང་སྟེ། ཉེ་བར་སྤྱོད་པ་ལྔའི་མཆོད་པ་བྱས་ནས། དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་ན་འདུག་པའི་ལྷའི་རྣལ་འབྱོར་དུ་བྱས་པའི་སློབ་མ་ལེགས་པར་བརྟགས་ལ། མཎྜལ་བྱས་པ་མེ་ཏོག་གི་ཕྲེང་བ་བཟུང་བ་པུས་མོ་ས་ལ་བཙུགས་ལ། རང་གི་

ལུས་ལ་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་བཏོན་ནས་ལྷ་མོའི་པདྨར་གཞག་པ་རྣམས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ཏེ། ཁ་ནས་བཅུག་པའི་དེ་བཞིན་གཤེགས་པ་ཤེས་རབ་དང་བཅས་པ་ཞུ་བ་རྣམས་ཀྱིས་དབང་བསྐུར་བ་རྣམས་ལ། དཔལ་བདེ་

མཆོག་གི་གཟུགས་ཀྱིས་དེ་ལས་བཏོན་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་དང་ཉེ་བར་གཞག་ལ། སྐྱེ་རྒ་འཆི་བ་ན་ཀྲ་ཡིས། །ཆུ་སྲིན་ལ་སོགས་འཇིགས་རུང་གི །སྲིད་པའི་མཚོ་ལས་སྒྲོལ་བ་གཅིག །བདག་གི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་

เล่ม ๒๑ · หน้า 62b

པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་མཛོད། །

ཅེས་བརྗོད་པས་གསོལ་བ་འདེབས་པ་རྣམས། ཚུར་ཤོག་མཉེས་གཤིན་ཐེག་ཆེན་གྱི། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཁྱོད་ནི་ཚུལ་ཆེན་པོ་ཡི་སྣོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་

རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་རྣམས་ཀྱིས། །མཉམ་མེད་ཡེ་ཤེས་ཡང་དག་བརྙེས། །སྔགས་ཀྱི་རབ་སྦྱོར་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །སྟོབས་ཆེན་དྲག་པོ་ཆེན་པོ་བཅོམ། །རྗེས་འཇུག་འཇིག་

རྟེན་ཐུགས་ཆུད་དེ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་མཉེས་གཤིན་བློ་གྲོས་འདི། །ཐམས་ཅད་མཁྱེན་པ་ཐོབ་ཕྱིར་གྱིས། །ཞེས་པ་བརྗོད་ནས། ཡང་དག་པར་ལེན་དུ་གཞུག་སྟེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་

ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པ་ལན་གསུམ་དུ་བརྗོད་དུ་བཅུག་ནས། ཐུན་མོང་གི་སྡོམ་པ་བཟུང་བ་རྣམས་ལ་སློབ་དཔོན་གྱིས་སྡོམ་པ་དོན་དུ་གཉེར་ན། འཁོར་ལོ་ཕྱིར་མི་ལྡོག་པའི་

དབང་། །དམ་པ་བདག་ལ་སྩལ་ནས་མགོན། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་མཆོག་ཏུ་གསང་བ་གསུངས། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་

འགྱུར། །ཞེས་པ་བརྗོད་པས་སླར་གསོལ་བ་འདེབས་པ་རྣམས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་

เล่ม ๒๑ · หน้า 63a

མགོན་པོ་རྣམས། །རྫོགས་པའི་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསླབ་པ་རྣམ་གསུམ་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཀྱང་། །བདག་

གིས་སོ་སོར་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་མཆོག །བླ་ན་མེད་པའི་དཀོན་མཆོག་གསུམ། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡི། །དེ་ཉིད་སོ་སོར་གཟུང་བར་བགྱི། །རྡོ་རྗེའི་རིགས་

ཆེན་ལས་བྱུང་བའི། །སློབ་དཔོན་ཡང་ནི་གཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་ལྡན་པའི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་ཉི་མར་ལན་དྲུག་ཏུ། །སྦྱིན་པ་བཞི་ནི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་

ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་ཆེན་ལས་བྱུང་བའི། །ཇི་ལྟར་ནུས་པ་མཆོད་པའི་ལས། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཐམས་ཅད་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་

སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ཤིང་། །སྡོམ་པ་ཐམས་ཅད་བཟུང་བགྱིས་ནས། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་

གསུམ་དུ་བརྗོད་དུ་བཅུག་ནས། སྔོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སློབ་དཔོན་གྱིས་སྡོམ་པ་བཟུང་བ་རྣམས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་སྟེ། དེ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་

ཨཱཿཨོཾ་གྱི་ཡི་གེ་ནག་པོ་དང་དམར་པོ་དང་དཀར་པོ་རྣམས་བལྟས་ནས། དེ་ནས་བརྗོད་ཅིང་སྙིང་ག་དང་མགྲིན་པ་དང་སྤྱི་བོར་ལག་པ་གཡས་པ་ནས་བཟུང་བའི་དྲིའི་ཆུ་དང་ལྡན་པའི་རྡོ་རྗེས་རེག་སྟེ། སྤྱི་བོར་མེ་ཏོག་དང་མདུན་དུ་སྤོས་དང་མར་མེ་དང་སྙིང་གར་དྲི་བཟངས་རྣམས་མེ་ཏོག་

เล่ม ๒๑ · หน้า 63b

ལ་སོགས་པའི་སྔགས་ཀྱིས་ཕུལ་ལ་ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་དྲང་པོ་སོར་བཅུ་གཉིས་པ་འབུ་མེད་པ་མ་གས་པ་རྨ་མེད་པ་དྲི་བཟང་པོའི་ཆུས་བཀྲུས་ལ་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་པ། དེ་རྣམས་ལ་བྱང་དུ་ཕྱོགས་ཏེ་བྱིན་ཏེ། དེ་རྣམས་ཀྱང་གྲུ་བཞི་པ་ཁྲུ་བཞིའི་

མཎྜལ་བའི་ལྕི་བ་ལ་སོགས་པས་བྱུགས་པར་ཁ་ཤར་རམ་བྱང་དུ་བལྟས་ལ་སོ་ཤིང་དེ། ཨོཾ་བཛྲ་ཧ་ས་ཧ་ཞེས་བརྗོད་ནས་རྩེ་མོ་འཆོས་ཏེ་མ་གས་པ་སྟེང་དུ་བལྟས་ལ། ལྟོས་པ་མེད་པར་མདུན་དུ་དོར་བར་བྱའོ། །མཎྜལ་གྱི་ནང་དུ་ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་

འོག་ཏུ་བལྟས་པ་ལྷུང་བ་ལས། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་དང་། ས་འོག་གི་དངོས་གྲུབ་འབྱུང་བར་འགྱུར་རོ་ཞེས་པ་དེ་རྣམས་ལ་བཤད་པར་བྱ་སྟེ། ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ཡིག་ལས་སྐྱེས་ཤིང་དེ་ཉིད་ཀྱི་བཟླས་པའི་

ཆུ་ཞལ་བསིལ་གྱི་ཕྱིར་བྱིན་ནས། ལས་ཐམས་ཅད་པ་ལན་བདུན་བཟླས་པའི་དྲིའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿསུ་བི་ཤུདྡྷ་སརྦ་དྷརྨཱཿབཱ་པ་ནི་ཙ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀམྦཱ་ན་ཨ་པ་ན་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་འཐུང་དུ་གཞུག་གོ། །དེ་ནས་ཕྱི་རོལ་ན་ཉེ་བར་འདུག་པ་རྣམས་ལ་ཧཱུཾ་

ལས་སྐྱེས་ཤིང་དེ་ལན་བདུན་བཟླས་པའི་ཀུ་ཤ་རྩེ་མོ་མ་ཉམས་པ་མང་པོ་སྟན་གྱི་དོན་དང་། དེ་བཞིན་དུ་གཅིག་དྷཱིཿཡིག་ལས་སྐྱེས་ཤིང་། དེ་དང་དེ་ལས་ཐམས་ཅད་པ་བཟླས་པ་སྔས་ཀྱི་དོན་དུ་བྱས་ཏེ། ཨོཾ་བཛྲ་ཏིཀྵྞཱདྷཾ་ཞེས་པའི་སྔགས་ཀྱིས་བྱིན་ནས་སློབ་མའི་ལུས་ཚད་ཀྱི་

སྲད་བུ་དམར་པོ་སུམ་བལྡབ་ཏུ་བྱས་པ། ཧཱུཾ་ལས་སྐྱེས་ཤིང་དེ་དང་ལས་ཐམས་ཅད་པ་ལན་བདུན་བཟླས་ཏེ། མདུད་པ་གསུམ་བྱས་ལ་དེ་རྣམས་ཀྱི་དཔུང་པ་གཡོན་པར། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་པ་བརྗོད་ཅིང་བཏགས་ལ་ཡང་དག་པར་བསྲུངས་ཏེ་རབ་

ཏུ་སྤྲོ་བ་བསྐྱེད་ལ། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་བྱས་པའི་སྡིག་པ་གང་། །དེ་དག་ཐམས་ཅད་འདི་ལྟ་བུའི། །དཀྱིལ་འཁོར་མཐོང་ནས་ཟད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །

เล่ม ๒๑ · หน้า 64a

ངན་འགྲོ་རྣམས་དེ་འབྱིན་པར་བྱེད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །སྲས་བཅས་རྣམས་ཀྱི་བསྟན་པ་འདིར། །ཐམས་ཅད་ཡོངས་སུ་བཟུང་ནས་གནས། །བདག་ཉིད་

ཆེན་པོ་སྐྱེ་བར་འགྱུར། །དེ་ཡིས་ཐེག་པ་ཆེན་པོ་ལ། །ཁྱེད་རྣམས་སྐྱེ་བ་དག་ཏུ་འགྱུར། །ཐེག་པ་ཆེན་པོ་འབྱུང་བ་ཆེ། །དཔལ་དང་ལྡན་པའི་ལམ་མཆོག་འདི། །གང་གིས་ཁྱེད་རྣམས་འགྲོ་འགྱུར་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་པ་ཉན་དུ་བཅུག་ནས་

དེའི་རྗེས་ལ་དེ་རྣམས་འཁྱིལ་པའི་སྔགས་ཀྱིས་བསྲུངས་ཤིང་། དེ་བཟླས་པའི་དོན་དུ་འཁྱིལ་བའི་སྔགས་བཤད་དེ། །སྔ་དྲོ་བདག་ལ་སྨྲོས་ཤིག །ཅེས་བརྗོད་ལ་གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་གྱི་སའི་ཐ་མར་ཡོལ་བས་བར་དུ་བཅད་པར་རམ། གཞན་དུའང་

རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་བཅུག་ནས། རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། བསྲུང་བའི་དོན་དུ་འཁྱིལ་བའི་སྔགས་བཟླས་པར་བྱའོ་ཞེས་པ་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེའི་རྗེས་ལ་བླ་མས་སྔ་དྲོ་གཏོར་མ་ཕུལ་ནས། དཀྱིལ་འཁོར་

གྱི་ཁང་པ་ལས་ཕྱི་རོལ་འཐོན་ལ་སློབ་མ་རྣམས་ལ་རྨི་ལམ་དྲིས་ཏེ། རི་ལ་སོགས་པ་ལ་ལྷུང་བའི་མི་དགེ་བ་མཚོན་པའི་རྨི་ལམ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ནས། དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་དུས་སུ་སློབ་མ་རྣམས་ཀྱིས། ཨོཾ་པྲ་བི་ཤ་བྷ་ག་བཱན་

མ་ཧཱ་སུ་ཁ་མོཀྵ་པུ་རཾ་སརྦ་སིདྡྷི་སུ་ཁ་པྲ་དཾ། པ་ར་མ་སུ་ཁ་ཨུཏྟ་མ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་སྭ། ཞེས་པ་སྤྲོ་བ་བསྐྱེད་དེ་བཅུག་ནས། གཡས་སྐོར་དུ་འཁོར་ལོའི་དབང་ཕྱུག་གི་སྐུ་ནུབ་ལ་སོགས་པའི་སྒོ་རྣམས་སུ་གནས་ཏེ། དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་རྣམས་

ལ། ཨོཾ་བཛྲ་ཨུཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པ་བརྗོད་ཅིང་སྒོ་ཕྱེ་ནས་མེ་ཏོག་གི་ཕྲེང་བ། ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལཱ་ལི་ཏ་བི་ལཱ་ས་ན་མི་ཏ། ན་མི་ཏཻར་བྷ་ག་བཱན་ཏཾ། ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧྲཱིཿ པྲ་ཏཱིཙྪཿཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿ ཞེས་པའི་སྔགས་ཀྱིས་དཀྱིལ་

เล่ม ๒๑ · หน้า 64b

འཁོར་དུ་དོར་ནས། སླར་བླངས་ཏེ་ཕྲེང་བའི་དབང་བསྐུར་བའི་བསམ་པས་རང་གི་སྤྱི་བོར་བཅིངས་ལ། མངོན་སུམ་དུ་གྱུར་པའི་འཁོར་ལོའི་དབང་ཕྱུག་ཀྱང་བླ་མར་ལྷག་པར་མོས་ཏེ། དེས་གནང་བའི་ཕྲེང་བའི་དབང་བསྐུར་བ་ལ་སོགས་པའི་འཆད་པར་འགྱུར་བའི་དབང་

བསྐུར་བ་མཐའ་དག་བླངས་ཤིང་། སློབ་དཔོན་གྱི་ལས་ཐམས་ཅད་པ་ལ་ཆོ་ག་ཇི་ལྟ་བར་རྗེས་སུ་གནང་བ་ཡང་ཐོབ་ནས་སློབ་མ་ཡང་གཞུག་པའི་ཕྱིར་བདེ་བ་ཆེན་པོའི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་ཁོ་ནའི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་

མངོན་པར་ཞུ་བ་དང་བདེན་པའི་བྱིན་གྱི་རླབས་ཀྱང་བྱ་སྟེ། ནམ་མཁའ་ལས་བྱུང་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །དིང་བདག་མི་བསྐྱོད་རྡོ་རྗེར་བསྒྲུབས། །གྲུབ་པ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་

ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །བདག་ལ་འགྱུར་མེད་མཆོག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་མེད་པ། །ཆགས་པ་ཀུན་གྱི་རྗེས་སུ་ཆགས། །ཆགས་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་བདག་སྒྲུབས། །ཤིན་ཏུ་དག་པ་ཆོས་ཀྱི་མཆོག །གདོད་ནས་

གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་དཔའ་བདག་ལ་སྒྲུབས། །གྲུབ་པ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །ཕུལ་བྱུང་རྡོ་རྗེ་ཆེན་པོ་ཡི། །རྡོ་རྗེ་སྙིང་པོར་བདག་སྒྲུབས་ཤིག །སེམས་ཅན་ཀུན་ཡིད་ཁྱབ་

པ་བོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་ཡོད། །དཀྱིལ་འཁོར་ཐབས་དང་ཤེས་རབ་བདག །བདེན་པ་དེ་ཡིས་མགོན་པོ་ཁྱོད། །བདག་གི་འདོད་པ་ཡོངས་རྫོགས་

མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང་། །ཞེས་པའི་བདེན་པས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་

เล่ม ๒๑ · หน้า 65a

རྣམས། །ཐམས་ཅད་སྒྲིབ་མེད་མཐོང་བར་ཤོག །ཅེས་བརྗོད་པར་བྱའོ་ཞེས་པ་སློབ་དཔོན་རབ་ཏུ་འཇུག་པའི་ཆོ་གའོ། །དེ་ནས་སློབ་མ་ཁྲུས་བྱ་ཞིང་དྲི་བཟངས་ལ་སོགས་པས་གཙང་བར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་གོས་དམར་པོ་བསྐོན་པའི་ཡོལ་

བའི་ཕྱི་རོལ་དུ་འཁོར་ལོའི་དབང་ཕྱུག་གི་སྐུར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷྱཱ་ལཾ་ཀ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་རཀྵ་ཧཱུཾ། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པའི་སྔགས་རྣམས་ཀྱིས་སྨད་གཡོགས་སྟོད་གཡོགས་དང་གཙུག་ཏོར་བྱས་ལ། ལས་

ཐམས་ཅད་པའི་སྔགས་བཟླས་པའི་གོས་དམར་པོའམ་སེར་པོས། ཨོཾ་ཙཀྵུ་བནྡྷ་ཝ་ར་མ་ན་ཡ་ཧཱུཾ་ཞེས་མིག་རས་བཅིངས་ལ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་ནས། མེ་ཏོག་གི་ཕྲེང་བ་གཟུང་ཞིང་ཡོན་ཕུལ་བ་ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱས་ལ། སྙིང་ཁ་དང་མགྲིན་པ་དང་

སྤྱི་བོར་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་དབུས་སུ་ཉི་མ་དང་། ཟླ་བའི་སྟེང་དུ་ཧཱུཾ་ཨཱཿཨོཾ་ཡིག་ནག་པོ་དང་དམར་པོ་དང་དཀར་པོའི་འོད་ཟེར་གྱིས་ལུས་རབ་ཏུ་གསལ་བར་བྱས་ལ་ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་གཞག་པ་ལས་ཀྱི་རྡོ་རྗེས་གཟུང་བ་རྣམས་ལ་དཀྱིལ་

འཁོར་དུ་གཞུག་པའི་ཕྱིར་དྲི་བ་བྱ་སྟེ། ཀྱེ་དགའ་བ་ལ་དགའ་ཁྱེད་སུ་ཞིག །ཅེས་སོ། །དེས་སྨྲ་བར་བྱ་བ་ནི། བདག་ནི་སྐལ་བཟང་བདེ་བ་ཆེ། །ཞེས་པའོ། །དེ་ནས་དེ་ཡིས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པ་བརྗོད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མེ་ཏོག་དང་བཅས་པའི་

སྙིང་གར། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པ་བརྗོད་ཅིང་བཟུང་སྟེ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་

བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ་ཞེས་བརྗོད་ནས་ཨོཾ་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པ་འདིས་ཡོལ་བའི་ནང་དུ་གཞུག་པར་བྱའོ། །དེ་ནས་སྤྱི་བོར་རྡོ་རྗེ་བཟུང་ལ་དྲིལ་བུ་དཀྲོལ་ཞིང་། ཁྱོད་ཀྱིས་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་འདི་ནི་འགའ་ཞིག་ཏུ། །སྨྲས་ན་ཁྱོད་ཀྱི་སྤྱི་བོ་འགེམས། །ཞེས་

เล่ม ๒๑ · หน้า 65b

བརྗོད་ནས་སྙིང་གར་རྡོ་རྗེ་བཟུང་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །སྐད་ཅིག་དེ་ལ་དྲལ་ཏེ་གཤེགས། །ཞེས་བཀའ་བསྒོས་ནས། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པ་པདྨའི་སྣོད་ཀྱི་ཆུ་

བདུད་རྩི་ལྔ་བསྲེས་པ་ལ། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཞེས་པ་ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་ཅིང་གཡོན་པའི་མིང་མེད་དང་།

མཐེ་བོང་གིས་བཟུང་བའི་སྣོད་ཀྱི་ཁ་ཡིས་སློབ་མའི་ཁར་བྱིན་ལ་འཐུང་དུ་གཞུག་གོ། །ཁྱོད་ཀྱིས་ང་ལ་བརྙས་མི་བྱ། །དམ་ཚིག་ཉམས་པར་མི་བྱ་སྟེ། །དམྱལ་བ་ལ་སོགས་འགྲོ་བར་འགྱུར། །ཞེས་བརྗོད་ནས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བསྲེས་པའི་རྡུལ་གོས་པའི་རས་དང་། བྱི་

ལའི་བྲུན་སྐམ་པོ་དང་གུ་གུལ་དག་བསྲེས་ཏེ་པདྨའི་སྣོད་དུ་དུར་ཁྲོད་ཀྱི་སོལ་བའི་མེ་ལ་བླུགས་ལ། གཡས་པས་དེ་འཛིན་ཅིང་གཡོན་པས་དྲིལ་བུ་འཁྲོལ་བ་གཡས་བརྐྱང་གི་སྟབས་སུ་གནས་ཏེ། དཔལ་བདེ་མཆོག་གི་བདག་ཉིད་དུ་དམིགས་ཏེ། ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ་

ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བི་དྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་པ་ཁེངས་པ་དང་བཅས་པར་བརྗོད་ཅིང་བདག་ཉིད་དུ་བྱས་པའི་སློབ་མ་སྙིང་གར་ཐལ་མོ་སྦྱར་བ་ལ་སྤོས་ཀྱིས་བདུག་ཅིང་དབབ་པར་བྱའོ། །གལ་ཏེ་བབས་པ་རིང་དུ་འཕར་ན་དེའི་ཚེ་དེའི་སྟེང་དུ་རྡོ་རྗེའི་རང་བཞིན་ལྷུན་པོ་དང་།

དབང་ཆེན་གྱི་དཀྱིལ་འཁོར་དང་། རྡོ་རྗེ་རྩེ་ལྔ་པ་སེར་པོ་དང་། ཛཿཡིག་དང་རྣམ་པར་སྣང་མཛད་རྣམས་རིམ་པས་སྟེང་ནས་སྟེང་དུ་གནས་པ་བསམས་ནས་དེ་བཟློག་པར་བྱའོ། །དེ་ལྟར་བབས་པ་ན་སློབ་མའི་ཐུགས་རྡོ་རྗེའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་གསུང་རྡོ་རྗེའི་ས་བོན་གྱི་

བདག་ཉིད་བསྐུལ་ནས། ལྕེ་ལ་ཨཱཿཡིག་དམར་པོ་ཟླ་བ་ལ་གནས་པ་འབར་བའི་ཕྲེང་བ་འཁྲིགས་པར་བསམས་ཏེ། རྡོ་རྗེ་སྨྲོས་ཤིག་ཅེས་པ་བརྗོད་པར་བྱའོ། །དེ་ནས་དེ་རང་དང་གཞན་རྣམས་ཀྱི་དགེ་བ་དང་མི་དགེ་བ་སྨྲ་བར་བྱེད་དོ། །དེའི་རྗེས་ལ་ཕབ་པའི་ལྷ་རང་གི་སྙིང་གའི་

เล่ม ๒๑ · หน้า 66a

འོད་ཟེར་རྣམས་ཀྱིས་སྤྱན་དྲངས་ལ། སྙིང་གའི་ས་བོན་ལ་ཐིམ་པར་བསྒོམ་ཞིང་། །སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ནས་ཨོཾ་མཛད་དོ་ཞེས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ཧཱུཾ་ཧཿཨཱཿཛྷཻཾ་མུཿཞེས་གཤེགས་པར་བྱའོ། །དེ་ནས་འཁོར་ལོ་ལ་མངོན་དུ་ཕྱོགས་

པའི་སློབ་མ་ལ་ཁྱེད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ནས། དེས་བརྗོད་པའི་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོའི་སྣང་བ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་འགྲུབ་པར་འགྱུར་ཏེ། དེ་རྣམས་ལ་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་

ལ་ཐལ་མོ་སྦྱར་ཏེ། ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་རབ་ཏུ་གཞུག །ལྷ་རྣམས་རིགས་ཀྱི་རིམ་པ་དང་། །ཇི་ལྟའི་བསོད་ནམས་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་རུང་། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་

ལྟར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བདེན་པའི་བྱིན་གྱི་རླབས་བྱས་ནས། །སྔར་བཟུང་བའི་མེ་ཏོག་ཕྲེང་བ་ལས་དྲི་མ་མེད་པའི་མེ་ཏོག་ཅིག་ཏྲཾ་ཡིག་གིས་སྔགས་ལ། ཧཱུཾ་ཡིག་གིས་དཀྱིལ་འཁོར་དུ་དོར་ཞིང་། ཨོཾ་ཧེ་རུ་ཀ་བཛྲ་པུཥྤ་པྲ་ཏཱིཙྪ་ཧཱུཾ་ཞེས་བརྗོད་ཅིང་མེ་ཏོག་དེ་ལྷ་གང་

ལ་ལྷུང་བའི་རིགས་ཏེ་དེ་ལ་བསྟན་པར་བྱའོ། །དེ་ནས་མེ་ཏོག་དེ་བླངས་ནས་སློབ་མའི་སྤྱི་བོར་བཅིངས་ལ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདིར་ནི་རབ་ཏུ་གཟུང་བར་མཛོད། །ཅེས་བརྗོད་དོ། །དེ་ནས་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་། དཔྲལ་བར་རཾ་དང་།

མིག་གཉིས་ལ་ཨོཾ་གཉིས་འབར་བ་དང་བཅས་པ་རྣམ་པར་བསྒོམས་ཏེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །མིག་ནི་ཐམས་ཅད་ཕྱེ་བས་ན། །བླ་ན་མེད་པ་རྡོ་རྗེའི་མིག །ཅེས་བརྗོད་ཅིང་མིག་རས་བསལ་ནས། ཀྱེ་རྡོ་རྗེ་ལྟོས་ཤིག་

ཅེས་བརྗོད་ཅིང་། ལྷའི་མཚན་དང་བཅས་པའི་གནས་བཤད་པར་བྱའོ་ཞེས་པ་སློབ་མ་གཞུག་པའོ། །དེའི་རྗེས་ལ་ཡོན་ཕུལ་བའི་སློབ་མ་ཕྱག་འཚལ་བ་སྔོན་དུ་འགྲོ་བས། པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་རྣམས། །ཇི་ལྟར་

เล่ม ๒๑ · หน้า 66b

མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་པས་གསོལ་བ་འདེབས་པས་ཁ་ནས་བཅུག་སྟེ། རྡོ་རྗེའི་ལམ་ནས་བཏོན་པ་ལྷ་མོའི་པདྨར་བཞག་ལ། སྐད་ཅིག་ལ་སྟོང་པ་ཉིད་ཀྱིས་བར་མ་ཆད་པར་ཧཱུཾ་ལས་སྐྱེས་པའི་

བདེ་མཆོག་གི་སྐུ་ཕྱག་གཉིས་པ་ཤེས་རབ་དང་བཅས་པ་མི་བསྐྱོད་པའི་རང་བཞིན་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཤེས་རབ་དང་བཅས་པ་ཆགས་པ་ཆེན་པོར་ཞུ་བར་གྱུར་པ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་བཅུག་

སྟེ། རྡོ་རྗེའི་ལམ་ནས་བྱུང་བ་ཀུན་རྫོབ་ཁུ་བའི་རང་བཞིན་རྣམས་ཀྱིས་དབང་བསྐུར་བར་བསམས་ནས། པདྨ་ལས་ཕྱི་རོལ་དུ་བྱས་པ་དེ་ལ་དེ་རྣམས་ཉིད་དང་། དེ་ལས་འཐོན་པའི་ཕྱག་དང་ཞབས་ལ་སོགས་པ་གཟུགས་ཅན་རྣམ་པ་སྣ་ཚོགས་པའི་མཆོད་པ་དང་བཀུར་སྟི་

རྣམས་ཀྱིས་དབང་བསྐུར་བ་དང་མཆོད་པར་བསྒོམ་ཞིང་། རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་ནས་བླུགས་པ་པདྨའི་སྣོད་ན་གནས་པའི་ཆུ་ཡིས། ཧཱུཾ་ལས་སྐྱེས་པ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པ་རང་གི་ས་བོན་གྱི་འོད་ཟེར་གྱིས་

སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པར་བལྟས་ནས་ཡང་དག་པར་མཆོད་དེ། དེ་ཡོངས་སུ་གྱུར་པ་ལས་ལག་པ་གཡས་པར་བཟུང་བའི་ཡལ་འདབ་རྡོ་རྗེ་དང་བཅས་པའི་རྩེ་མོས་ཏེ། རྣལ་འབྱོར་མ་རྣམས་ཀྱིས་གླུ་ལེན་པར་བསམ་ཤིང་། བཀྲ་ཤིས་

ཀྱི་གླུ་སྔོན་དུ་འགྲོ་བར། རྡོ་རྗེ་ཆེན་པོའི་དབང་བསྐུར་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཙཀྲ་བཱི་ར་ཏྭཾ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ་ཞེས་པ་ཆུའིའོ། །དེ་ནས།

ཅོད་པན་འཇིག་རྟེན་གསུམ་རྒྱལ་སྲིད། །སེམས་ཅན་ཀུན་གྱི་དོན་བསྒྲུབ་པའི། །རྡོ་རྗེ་སེམས་དཔའ་ཡོན་ཏན་གནས། །ཐུགས་རྗེ་ཆེ་མངའ་བདག་ལ་སྩོལ། །ཞེས་གསོལ་བ་འདེབས་སུ་བཅུག་ནས། ཨཾ་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་རིན་པོ་ཆེ་ཡོངས་སུ་

เล่ม ๒๑ · หน้า 67a

གྱུར་པ་ལས། རིན་ཆེན་འབྱུང་ལྡན་གྱི་སྐུ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པའི་སློབ་མ་དང་། དེ་བཞིན་དུ་ཅོད་པན་རིན་ཆེན་འབྱུང་ལྡན་ཡོངས་སུ་གྱུར་པ་རྣམ་པར་བསམས་ཏེ། ཨོཾ་སརྦ་བུདྡྷ་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་མ་དང་།

བཅོམ་ལྡན་འདས་ཀྱི་སྙིང་པོ་ལ་སོགས་པའི་སྔགས་རྣམས་བརྗོད་ཅིང་། སློབ་མའི་མགོ་ལ་བསྐོན་པར་བྱའོ་ཞེས་པ་ཅོད་པན་ནོ། །དེ་ནས། གང་གིས་བདག་གི་མ་རིག་པ། །བསལ་ནས་ཡེ་ཤེས་ཐོབ་འགྱུར་བའི། །ཡེ་ཤེས་ལྔ་ཡི་རང་བཞིན་བརྗོད། །རྡོ་རྗེའི་བརྟུལ་

ཞུགས་བདག་ལ་སྩོལ། །ཞེས་པ་གསོལ་བ་འདེབས་པ་ལ་ཛྲྀཾ་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་པདྨ་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་ཀྱི་སྐུ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པའི་སློབ་མ་དང་། དེ་བཞིན་དུ་རྡོ་རྗེ་ཡང་སྣང་བ་མཐའ་ཡས་ཀྱི་སྐུར་

ཡོངས་སུ་གྱུར་པར་བསམས་ཏེ། སློབ་མའི་ལག་པ་གཡས་པར་གཏད་ལ། དེ་རིང་ཧེ་རུ་ཀ་དཔལ་དང་། །དཔའ་མོ་རྣམས་ཀྱིས་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཀུན་རྡོ་རྗེ། །རབ་ཏུ་གྲུབ་ཕྱིར་ཁྱོད་ཀྱིས་ཟུང་། །ཞེས་བརྗོད་པར་བྱའོ་ཞེས་པ་རྡོ་རྗེའོ། །དེ་ནས།

གང་ཞིག་ཐོབ་པས་ཐམས་ཅད་དུ། །བདག་ནི་རྨད་བྱུང་ལྡན་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་རང་བཞིན། །དྲིལ་བུའི་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་བ་འདེབས་པ་ལ། ཁཾ་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་རལ་གྲི་ཡོངས་སུ་གྱུར་པ་ལས། དོན་

ཡོད་གྲུབ་པའི་སྐུ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པའི་སློབ་མ་དང་། དེ་བཞིན་དུ་དྲིལ་བུ་ཡང་དོན་ཡོད་གྲུབ་པ་ཡོངས་སུ་གྱུར་པར་བསམས་ཏེ། སློབ་མའི་ལག་པ་གཡོན་པར། འདི་དེ་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་

ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། ཞེས་བརྗོད་ཅིང་གཏད་ནས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ལྡན་པའི་ལག་པ་དག་གིས་ལྟེ་བར་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ་ཞེས་པ་དྲིལ་བུའོ། །དེ་ནས། བདག་ལ་བསམ་མིན་ཆོས་ཀྱི་སྣོད། །དམ་པ་དབང་བསྐུར་བདག་གིས་མཛོད། །

เล่ม ๒๑ · หน้า 67b

ཅེས་པས་གསོལ་བ་འདེབས་པ་ལ་བྷྲཱུཾ་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་འཁོར་ལོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱི་སྐུ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པའི་སློབ་མ་བསམས་ཏེ། དེའི་སྤྱི་བོར་རང་གི་རྡོ་རྗེ་དྲིལ་བུ་དང་བཅས་པ་རང་གི་ལག་པ་

གཉིས་ཀྱིས་བཟུང་ནས། ཨོཾ་ཤྲཱི་ཙཀྲ་ཨ་དྷི་པ་ཏི་ཤྲཱི་ཧེ་རུ་ཀ་བཱི་ར་ཏྭཾ་ཨ་བྷི་ཥིཉྩ་མི། ཆེ་གེ་རྡོ་རྗེ་ཁྱོད་ཅེས་པ་མིང་ངོ་། །དེ་ལ་རྡོ་རྗེ་སེམས་དཔའི་མིང་ནི། །མཆོག་གི་དང་པོ་དང་། དཔེ་མེད་དང་། དགའ་བ་དང་། རོ་མཉམ་པ་དང་། རྣམ་པར་རྒྱལ་བ་དང་། ཨ་ལ་ལ་དང་། སེམས་

དཔའ་དང་། བདེ་བ་ཆེན་པོ་དང་། ཡན་ལག་མེད་པ་དང་། ཡེ་ཤེས་དང་། ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣམས་ཏེ། རྡོ་རྗེའི་སྒྲ་ནི་སོ་སོར་འབྲེལ་པར་བྱའོ། །དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ལ་དེ་ལྟར་རོ། །མི་བསྐྱོད་པའི་བཞད་པ་དང་། རྣམ་པར་སྒེག་པ་དང་། དགའ་

བྲལ་དང་། རོལ་པ་དང་། འགྱིང་བ་དང་། རང་བྱུང་དང་། ཞེ་སྡང་དང་། ཧེ་དང་སྙིང་རྗེ་དང་། ཐུགས་དང་། ཧཱུཾ་མཛད་དང་། མི་བསྐྱོད་རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་ཨོཾ་མཛད་དང་། རྟག་པ་དང་། དེ་བཞིན་གཤེགས་པ་དང་། སྒྱུ་མ་དང་། སངས་རྒྱས་དང་། གཟུགས་

དང་། སྐུ་རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་རིན་ཆེན་དང་། ཡིད་བཞིན་ནོར་བུ་དང་། མཁའ་འགྲོ་དང་། ནམ་མཁའ་དང་། གཟི་བརྗིད་དང་། ཉི་མ་དང་། འོད་ཟེར་དང་། ང་རྒྱལ་རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི། འདོད་ཆགས་དང་། སྤྱན་རས་གཟིགས་དང་།

ཆོས་དང་། པདྨ་དང་། རྡོ་རྗེ་མྱུ་གུ་དང་། པདྨའི་མྱུ་གུ་དང་། སྙིང་རྗེ་མྱུ་གུ་དང་། མཆོག་དགའ་དང་། ཤིན་ཏུ་དགའ་བའི་དགའ་བ་དང་། མཐའ་ཡས་དང་། གསུང་རྡོ་རྗེ་རྣམས་སོ། །དོན་ཡོད་གྲུབ་པའི་དོན་ཡོད་དང་། རྟ་མཆོག་དང་། དམ་ཚིག་དང་། ཕ་རོལ་

ཏུ་ཕྱིན་པ་དང་། ལས་དང་། རླུང་དང་། རེག་བྱ་དང་། ཕྲག་དོག་རྡོ་རྗེ་རྣམས་སོ། །བུད་མེད་རྣམས་ཀྱི་རྡོ་རྗེ་སེམས་མའི། རྡོ་རྗེ་ཤུགས་མ་དང་། རྡོ་རྗེ་རྣམ་སྒེག་མོ་དང་། རྡོ་རྗེ་མྱོས་མ་དང་། རྡོ་རྗེ་ཀོང་ཀ་ན་དང་། རྡོ་རྗེ་བཞིན་དྲངས་མ་དང་། རྡོ་རྗེ་བ་དན་མ་དང་། རྡོ་རྗེ་ཕྲེང་བ་མ་

เล่ม ๒๑ · หน้า 68a

དང་། རྡོ་རྗེ་འབྱུང་མ་རྣམས་སོ། །མི་བསྐྱོད་པའི། རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་ཕྱག་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་འོང་མ་དང་། རྡོ་རྗེ་མཱ་མ་ཀཱི་དང་། རྡོ་རྗེ་དགའ་མ་ཞེས་པའོ། །རྣམ་པར་སྣང་མཛད་ཀྱི། མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་།

རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་སྤྱན་མ་དང་། གཏི་མུག་དགའ་མ་ཞེས་པའོ། །རིན་ཆེན་འབྱུང་ལྡན་གྱི། རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་དབུགས་འབྱིན་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་ནམ་མཁའ་མ་དང་། ནམ་མཁའ་དགའ་མ་ཞེས་པའོ། །སྣང་བ་མཐའ་

ཡས་ཀྱི། རྡོ་རྗེ་འདོད་ཆགས་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་བདེ་བ་ཨེ་མ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་བློ་གྲོས་མ་དང་། རྡོ་རྗེ་བཞད་མ་དང་། རྡོ་རྗེ་གོས་དཀར་མོ་དང་། འདོད་ཆགས་དགའ་མ་ཞེས་པའོ། །དོན་ཡོད་གྲུབ་པའི། རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་སྒྱུ་མ་དང་།

རྡོ་རྗེ་རྒོད་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་དམ་ཚིག་མ་དང་། རྡོ་རྗེ་དགའ་མ་ཞེས་བྱའོ། །ཐམས་ཅད་དུ་གསུངས་པའི་ཅོད་པན་ལ་སོགས་པ་རྣམས་དང་། འཆད་པར་འགྱུར་བའི་དབང་བསྐུར་བ་རྣམས་ལ་ཡང་ནམ་མཁར་བཞུགས་པའི་དེ་

བཞིན་གཤེགས་པ་ལ་སོགས་པ་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་པ་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བར་བལྟ་ཞིང་། བཀྲ་ཤིས་ཀྱི་གླུ་སྔོན་དུ་འགྲོ་བས། རྡོ་རྗེ་ཆེན་པོའི་དབང་བསྐུར་ནི། །ཞེས་པ་ལ་སོགས་པ་བརྗོད་ཅིང་ཆུའི་དབང་བསྐུར་ལྟར་དབང་བསྐུར་

བར་བྱའོ། །སློབ་དཔོན་གྱི་སྡོམ་པ་དོན་དུ་མི་གཉེར་ན་ཐུན་མོང་གི་སྡོམ་པ་སྔོན་དུ་འགྲོ་བར་རིམ་པ་དེ་དག་ཉིད་ཀྱིས་མ་རིག་པ་བསལ་བ་ལས་ཡེ་ཤེས་ལྔ་ཐོབ་པའི་རྒྱུར་གྱུར་པར་སྦྱིན་པར་བྱ་སྟེ། དེ་ལས་དེ་དག་བྱ་བ་དང་སྤྱོད་པའི་རྒྱུད་ཉིད་ཀྱི་ཉན་པ་དང་འཆད་པ་ལ་སོགས་པའི་སྐལ་བ་ཅན་

དུ་འགྱུར་རོ། །དེ་གསུངས་པ་རྡོ་རྗེ་ཕྲེང་བར། སངས་རྒྱས་ལྔ་ནི་རྣམ་དག་པའི། །དབང་བསྐུར་ཐོབ་པར་བྱེད་པ་དེས། །མ་རིག་བསལ་བའི་རིམ་པ་ལས། །ཡེ་ཤེས་ལྔ་རྣམས་ཐོབ་པར་འགྱུར། །ཞེས་པའོ། །དོན་དུ་གཉེར་བ་ལ་ནི། སྡོམ་པ་གཉིས་ཀ་སྔོན་དུ་འགྲོ་བར། དེ་དག་

เล่ม ๒๑ · หน้า 68b

འཆད་པར་འགྱུར་བ་རྣམས་ཀྱང་སྦྱིན་པར་བྱའོ་ཞེས་པའོ། །དེ་ནས། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །གྲུབ་པ་སྟེར་བ་བདག་ལ་སྩོལ། །ཞེས་གསོལ་བ་འདེབས་པའི་སློབ་མའི་ཕྱིར། རང་ཉིད་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། རི་བོང་

ཅན་གྱི་ཞལ་བཀང་ནས། །རྣམ་པར་སྦྱངས་པ་སྔགས་ཀྱི་སྐུ། །དངོས་གྲུབ་སྟེར་བ་སློབ་མའི་ཕྱིར། །བླ་མའི་ཞལ་བརྒྱུད་པ་ལས་སྦྱིན། །ཞེས་པ་བྱིན་ནས། སྔགས་བརྗོད་པར་བྱ་སྟེ། བདག་གིས་སྩལ་གྱིས་བཅོམ་ལྡན་འདས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །སློབ་

མས་ཀྱང་། བདག་གིས་བཟུང་གིས་བཅོམ་ལྡན་འདས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་པ་འདིས་བཟུང་ནས་ལན་གསུམ་བཟླས་པར་བྱའོ་ཞེས་པ་སྔགས་ཀྱི་དབང་ངོ་། །དེ་ནས་ཡེ་ཤེས་ལྔའི་རང་བཞིན་ཞེས་པའི་ཚིགས་སུ་བཅད་པས་གསོལ་བ་འདེབས་པའི་སློབ་མ་རྡོ་རྗེ་

སེམས་དཔའི་གཟུགས་སུ་བསྒོམ་པ་ལ། འདི་ནི་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཞེས་པ་བརྗོད་ཅིང་རྡོ་རྗེ་གཏད་པར་བྱའོ། །དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷྱ་བཛྲ་ས་མ་ཡ་ཏིཥྛ་ཨེ་

ཥ་སྟྭཾ་དྷ་ར་ཡཱ་མི། ཨོཾ་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་བླང་བར་བྱའོ་ཞེས་པ་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས། གང་གི་སྤྱོད་པ་སྦྱང་སླད་དུ། །སྣ་ཚོགས་བསམ་པའི་དབྱེ་བ་ཡི། །སེམས་ཅན་ཀུན་དོན་སྒྲུབ་པའི་ཐབས། །སྤྱོད་པའི་བརྟུལ་ཞུགས་བདག་ལ་སྩོལ། །ཞེས་གསོལ་

བ་འདེབས་པ་བཅོམ་ལྡན་འདས་ཀྱི་སྐུར་བྱས་པ་ལས། བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་ལན་གསུམ་བཟླས་པའི་ཁ་ཊྭཱཾ་ག་དང་། ཌ་མ་རུ་དང་པདྨའི་སྣོད་རྣམས། །ཁ་ཊྭཱཾ་ག་དང་ཅང་ཏེའུ་སྣོད། ཕྱི་དང་ནང་དུ་ཡང་དག་གནས། །ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །སྦྱིན་གྱིས་དཔའ་

བོས་གཟུང་བར་མཛོད། །ཅེས་བརྗོད་ནས་སྦྱིན་པར་བྱའོ་ཞེས་པ་སྤྱོད་པའི་བརྟུལ་ཞུགས་སོ། །དེ་ནས། དེ་རིང་སངས་རྒྱས་རིགས་སུ་ཞུགས། །མགོན་པོས་བདག་ནི་ལུང་བསྟན་མཛོད། །ཅེས་པ་གསོལ་པ་འདེབས་པ་བཅོམ་ལྡན་འདས་ཀྱི་སྐུར་དམིགས་ལ་རང་ཉིད་དེ་བཞིན་

เล่ม ๒๑ · หน้า 69a

གཤེགས་པའི་སྤྱོད་ལམ་བྱས་ཏེ། རང་གི་སྣམ་སྦྱར་གྱི་གྲྭ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་བཟུང་ཞིང་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱས་ནས། འཁོར་ལོ་གསུམ་གྱི་དབང་ཕྱུག་བདག །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །ཧེ་རུ་ཀ་དཔལ་ཞེས་

བདག་གིས། །དེ་བཞིན་གཤེགས་པ་ཁྱོད་ལུང་བསྟན། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྲུབ་བོ། །ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ཁམས་གསུམ་རྒྱལ་སྲིད་ཆེན་པོའི་བདག །ཡོན་ཏན་འབྱུང་གནས་དཔལ་དང་ལྡན། །གྲོང་ཁྱེར་མཆོག་ཏུ་བདུད་ཀྱི་ཚོགས། །

ཐམས་ཅད་བཏུལ་ནས་ཁྱོད་ཞུགས་སོ། །ཞེས་བརྗོད་དེ་ལུང་བསྟན་པར་བྱའོ་ཞེས་པ་ལུང་བསྟན་པའོ། །དེ་ནས། འགྲོ་བའི་བྱ་བ་མཚན་མ་མེད། །དེ་ལྟར་གང་གིས་བྱེད་འགྱུར་བ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །ཞེས་གསོལ་བ་འདེབས་

པའི་སློབ་མ་ཁྲི་ལ་སོགས་པའི་གདན་ལ་བཞག་སྟེ། རྡོ་རྗེ་སེམས་དཔའི་སྐུར་རྣམ་པར་བསྒོམས་ནས། ཆུ་ཡི་དབང་ལས་གསུངས་པའི་ཆོ་གས་དབང་བསྐུར་ལ་མི་བསྐྱོད་པ་ཅོད་པན་དུ་བསྒོམ་ཞིང་། གཞན་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ཚུལ་གྱིས་དེ་ཉིད་

དུ་བསྟིམས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ལ་མེ་ཏོག་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ་ཞེས་པ་ཕྱིར་མི་ལྡོག་པའོ། །དེ་ནས་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་པ། །མི་བྱ་ཅུང་ཟད་ཡོད་མ་ཡིན། །དཔའ་བོ་དེ་

ཉིད་ཤེས་དེ་ནས། །འདོད་པ་ལྔ་པོ་རྣམས་ལ་སྤྱོད། །དཔའ་བོ་ཀུན་གྱི་རང་བཞིན་བདག །ལྷ་མོ་ཀུན་གྱི་བདག་ཉིད་རང་། །དེ་ཕྱིར་བདག་གི་བྱ་བ་ཀུན། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །གཟུགས་བརྙན་རང་བཞིན་སེམས་ཅན་རྣམས། །རྟེན་ཅིང་འབྲེལ་འབྱུང་ཆོས་ཅན་ཏེ། །

དེ་ལྟར་ཁམས་གསུམ་པ་རིག་ནས། །སེམས་ཅན་དོན་ནི་མཉམ་མེད་གྱིས། །ཞེས་པ་རྗེས་སུ་གནང་བའོ། །དེ་ནས་བྱ་བ་བྱས་པ་ཡི། །སློབ་མས་བླ་མར་ཡོན་ཕུལ་ཏེ། །བསྟོད་ཅིང་བདག་ཉིད་ཀུན་བཏུད་ནས། །སྐྱེ་བོ་དམ་པ་བསྡུ་བར་བྱ། དེ་ནས། སྟོན་པ་སྐྱབས་མེད་པ་

เล่ม ๒๑ · หน้า 69b

ཡི་སྐྱབས། །བདེ་མཆོག་འཁོར་ལོ་བདག་སྐྱོབས་ཤིག །རྒྱུ་མེད་པར་ནི་སྙིང་རྗེ་ཆེ། །མགོན་མེད་མགོན་པོ་བཀའ་དྲིན་མཛོད། །ཇི་ལྟར་བདག་ཉིད་ཆེན་པོ་ཁྱེད། །ཁྱབ་བདག་དེ་ལྟར་བདག་ཀྱང་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་

སྐྱོབས་མཛོད། །ཅེས་སློབ་མས་གསོལ་བ་བཏབ་སྟེ། བླ་མ་ལ་སློབ་མས་ཕུལ་བའི་དམ་ཚིག་ཅན་མ། གཟུགས་ལ་སོགས་པ་དང་ལྡན་པ། ཡོལ་བ་ལ་སོགས་པ་སྐྱེ་བོས་དབེན་པར་བྱས་པའི་ཕྱོགས་སུ་རྡོ་རྗེ་ཕག་མོའི་གཟུགས་དང་། བདག་ཉིད་དཔལ་བདེ་མཆོག་

གི་གཟུགས་སུ་བསྒྲུབས་ཏེ། པདྨ་དང་རྡོ་རྗེའི་འདུ་བྱེད་སྔོན་དུ་འགྲོ་བར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས་སྙོམས་འཇུག་བྱ་ཞིང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་སྤྱན་ལ་སོགས་པ་དང་སྙོམས་པར་ཞུགས་པའི་

རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ལ་བཅུག་ལ་ཆགས་པ་ཆེན་པོས་ཞུ་བར་གྱུར་པ་རང་གི་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཨ་ཝ་དྷཱུ་ཏཱི་ནས་སོང་བ་རྡོ་རྗེ་ནོར་བུར་བརྟན་པར་བྱས་ནས། ལྷན་ཅིག་སྐྱེས་པ་རྗེས་སུ་མྱངས་ཏེ་རྡོ་རྗེ་ནོར་བུ་

ལས་འཐོན་པ། དེ་བཞིན་གཤེགས་པའི་ཁུ་བའི་རང་བཞིན་རང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་དེ་མཐེ་བོང་དང་མིང་མེད་དག་གིས་རྡོ་རྗེ་ནོར་བུ་པདྨ་ལས་ཕྱིར་ཕྱུང་སྟེ་བཙིར་ནས། གསུང་རྡོ་རྗེའི་རང་བཞིན་གྱི་སློབ་མའི་ཁར་མིག་རས་ལ་སོགས་པས་ཇི་ལྟར་དེའི་སྤྱོད་ཡུལ་དུ་གྱུར་

པ་མ་ཡིན་པར། འདི་དེ་དཔའ་བོ་ལྷ་མོ་ཡི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་པོ་ནི་རོ་གཅིག་པའི། །བདེ་བ་དམ་པ་མྱང་བར་གྱིས། །འདས་པའི་རྡོ་རྗེ་འཛིན་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་བྱང་ཆུབ་སེམས་བཟང་པོས། །

མཉེས་ཤིང་ཁྱོད་ལ་དབང་བསྐུར་བྱ། །ཞེས་པ་དང་། བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་ཀྱང་བརྗོད་ཅིང་སྦྱིན་པར་བྱའོ། །དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བློས། ཨ་ཧོ་མ་ཧཱ་ཏ་ཨ་ཏི་སུ་ཁཾ། སྟོན་པའི་བཀའ་ལགས་

เล่ม ๒๑ · หน้า 70a

ཞེས་བརྗོད་ཅིང་བཏུང་ངོ་། །ཤེས་རབ་ཀྱང་ལངས་ལ་གོས་མེད་པ་ཉིད་དུ་རང་གི་ཆུ་སྐྱེས་ལ་གནས་པའི་སྦྲང་རྩིའི་ཐིག་ལེ་དེའི་ཁར་གཞུག་པར་བྱ་ཞིང་། དེས་ཀྱང་དེ་བཞིན་དུ་བཏུང་བར་བྱའོ་ཞེས་པ་གསང་བའོ། །དེའི་རྗེས་ལ། དངོས་གྲུབ་ཐམས་ཅད་སྡུད་པ་

ཡི། །དབང་བསྐུར་བདག་ལ་སྦྱིན་པར་མཛོད། །ཅེས་གསོལ་བ་འདེབས་པའི་སློབ་མ་ལ། དེའམ་ཤེས་རབ་གཞན་དམ་ཚིག་དང་སྡོམ་པ་ལ་གནས་པ། གཟུགས་དང་ལང་ཚོ་དང་ལྡན་པ། དེ་ཡི་གཡོན་ལོགས་སུ་གཞག་སྟེ། ཕྱག་རྒྱ་ཆེན་པོའི་ལྷ་མོས་ནི། །བདེ་བ་མཐའ་

ཡས་སྟེར་བ་མོ། །གཟུང་ཕྱིར་བུ་ཡིས་ཐམས་ཅད་དུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་གཏད་པར་བྱའོ། །དེས་ཀྱང་། ལྷ་མོ་དེ་ཉིད་ཡེ་ཤེས་མཆོག །ཤིན་ཏུ་གྲུབ་ཕྱིར་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པས། བྱང་ཆུབ་ས་བོན་བཟའ་བ་ལས། །དཔའ་བོ་ཁྱོད་ནི་

སྤྲོའམ་ཅི། །རིགས་ལྔ་ལས་ནི་ཡང་དག་འཁྲུངས། །རིག་མ་གུས་པར་ཡང་དག་མཆོད། །དྲི་ཆུ་ཤ་ཁྲག་ལ་སོགས་པ། །ད་ལྟ་རབ་ཏུ་སྤྱད་པར་གྱིས། །གཞན་ཡང་ཇི་ལྟར་འདོད་པ་ཡིས། །དམ་ཚིག་བཟང་པོ་བུ་ཁྱོད་སྨྲོས། །ཞེས་སློབ་མ་ལ་སྨྲ་བར་བྱའོ། །དེས་ཀྱང་། བྱང་ཆུབ་

ས་བོན་བཟའ་བ་ལ། །ལྷ་མོ་བདག་གིས་ཅིས་མི་སྤྲོ། །རྟག་ཏུ་སྤྱོད་པར་ཅིས་མི་གུས། །བུད་མེད་པདྨ་ཅིས་མི་མཆོད། །ཅེས་སྨྲ་བར་བྱའོ། །དེས་ཀྱང་གུར་གུམ་ལ་སོགས་པ་དྲི་བཟང་པོས་བྱུགས་པ་གོས་དང་བྲལ་བའི་ཆུ་སྐྱེས་སྟོན་ཅིང་། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་

ཅད་ཡང་དག་ལྡན། །ཆོ་ག་ཡིས་ནི་གང་བསྟེན་པ། །བདག་ནི་དེ་ཡི་མདུན་ན་གནས། །རྫོགས་པའི་སངས་རྒྱས་མཉེས་བྱེད་སོགས། །པདྨར་བྱ་བ་ཇི་བཞིན་གྱིས། །རང་ཉིད་བདེ་ཆེན་རྒྱལ་པོ་སྟེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །ཞེས་པ་དང་། བྷཉྫ་མོཀྵ་ཧོཿཅེས་བརྗོད་ཅིང་བསྟན་

པར་བྱའོ། །དེ་ནས་སྒྲུབ་པ་པོ་རང་ཉིད་བདེ་མཆོག་གི་སྐུ་དང་། རྡོ་རྗེ་ཕག་མོའི་གཟུགས་སུ་བསྐྱེད་ནས། རྡོ་རྗེ་དང་ཆུ་སྐྱེས་ཀྱི་འདུ་བྱེད་སྔོན་དུ་འགྲོ་བར་པདྨའི་སྙིང་པོར་གནས་པའི་རྩ་མཛུབ་མོ་དང་ལྕེའི་རྩེ་མོར་ཧྲཱིཿཡིག་གིས་བྱིན་གྱིས་བརླབས་པས་བསྐུལ་ནས། འདར་བ་ལ་སོགས་

เล่ม ๒๑ · หน้า 70b

པ་བྱུང་བ་ན་དེ་དང་ལྷན་ཅིག །ཨོཾ་ཤཱི་ཤཱི་ཤཱི་ཧོ་ཧོ་ཧོ་སྭཱ་ཧཱ་ཞེས་པའི་སྔགས་བརྗོད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པས་ལུས་བྱིན་གྱིས་བརླབས་ཏེ་དགའ་བར་

བྱའོ། །དེ་ལྟར་བླ་མས་གདམས་ངག་ལས་ནུས་པ་ཇི་ལྟ་བར་བྱང་ཆུབ་ཀྱི་སེམས་བཟུང་སྟེ། དགའ་བ་ལ་སོགས་པའི་དབྱེ་བ་ཉེ་བར་དམིགས་ལ། ལྷུང་བ་ནི་ཆུ་སྐྱེས་ལས་རོ་མ་ཉིད་བླངས་ནས་བཟའ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱེས་མ། །བྷཉྫ་མོཀྵའི་སྔགས་བརྗོད་

མ། །སྤྱི་བོར་རྐང་པ་གཡོན་པ་བཞག །རྗེས་སུ་གནང་བ་བསྟན་པར་བྱ། །བུ་ཁྱོད་དེ་རིང་ནས་བརྩམས་ཏེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སེམས་ཅན་ཀུན་དོན་རྨི་ལམ་བཞིན། །བདག་ཉིད་ཀུན་གྱིས་བསྒྲུབ་པར་མཛོད། །ཅེས་པ་ཤེས་རབ་ཡེ་ཤེས་སོ། །དེའི་རྗེས་ལ་

ཤེས་རབ་ལས་ཉམས་སུ་མྱོང་བ་དེ་ཉིད་ཡན་ལག་བདུན་དང་ལྡན་པར་བསྒོམ་པའི་ཕྱིར་དུ་ཉེ་བར་བསྟན་པར་བྱའོ་ཞེས་པ་བཞི་པའོ། །དེའི་རྗེས་ལ་ཤེས་རབ་དེའི་ལག་པ་སློབ་མའི་ལག་པར་གཏད་དེ། དེ་གཉིས་ཀ་རང་གི་ལག་པ་གཡོན་པས་བཟུང་ནས། ལག་པ་གཡས་པ་རྡོ་རྗེ་དང་

བཅས་པ་སློབ་མའི་སྤྱི་བོར་བཞག་ལ། ཁྱེད་རྣམས་དཔང་པོར་གྱུར་པ་འདིར། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་གཤེགས་པ་དཔང་པོར་བྱ་སྟེ། རིག་མ་འདི་ནི་སྤངས་ནས་ཁྱོད། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །

རིག་མའི་བརྟུལ་ཞུགས་བླ་ན་མེད། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །མཉེས་གཤིན་རིག་མའི་བརྟུལ་ཞུགས་སྤྱོད། །རྨོངས་པ་གང་ཞིག་འདའ་བར་བྱེད། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ཅིང་རིག་མའི་བརྟུལ་ཞུགས་སྦྱིན་པར་བྱའོ། །ཞེས་པ་རིག་

མའི་བརྟུལ་ཞུགས་སོ། །གསུངས་པའི་དབང་བསྐུར་བཞི་རྣམས་ཀྱིས། །གང་ཚེ་བརྟུལ་ཞུགས་ཅན་དབང་བསྐུར། །བསམ་གྱིས་མི་ཁྱབ་ཆོས་ཐོབ་སླད། །དེ་ཚེ་དེ་ཉིད་ལ་དེ་འདིར། །ཞེས་པའོ། །ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། །།དུས་ཀྱི་ངེས་པ་ཇི་ལྟ་

เล่ม ๒๑ · หน้า 71a

བུ། །དེ་བཞིན་འཆི་བ་སླུ་བ་ཡང་། །ཞེས་ཞུས་པའི་ལན་གདབ་པའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྔར་གསུངས་པ་ནི་རླུང་ཙམ་ལ་བརྟེན་པ་ལས་གཙོ་བོར་དུས་སུ་འཆི་བའི་མཚན་ཉིད་དོ། །འདི་ནི་རང་གི་ལུས་དང་དེའི་ཕྱི་རོལ་ལ་བརྟེན་

པ་ཕལ་ཆེར་དུས་མ་ཡིན་པ་ལ་འཆི་བའི་མཚན་ཉིད་དོ་ཞེས་པ་ཁྱད་པར་ཏེ་གོ་སླའོ། །ཇི་ལྟའི་གདམས་ངག་ལྡན་རྣམས་ཀྱིས། །ཞེས་པ་ཉེ་བར་བསྟན་པ་ལས་མི་འདའ་བའི་རིམ་པས། རབ་ཏུ་སྦྱོར་བའི་ནོར་བུ་དང་། སྔགས་དང་སྨན་རྣམས་ཀྱིས་སོ། །དེ་བཞིན་དུ་དེ་ཉིད་ཀྱིས་

ཞེས་པ་བསྒོམས་པས་སོ། །ཆོས་ཀྱིས་ཞེས་པ་སྦྱིན་པ་ལ་སོགས་པ་བྱས་པས་སོ། །གང་གི་ཚེ་འཆི་བ་བཟློག་པར་མ་ནུས་ན། དེའི་ཚེ་རྣལ་འབྱོར་པས་འཕོ་སྟེ་ལུས་སྤང་བར་བྱའོ་ཞེས་གསུངས་པ། གཞན་ཡང་ཞེས་པ་ལ་སོགས་པའོ། །དབྱུང་དང་དགང་པའི་སྦྱོར་བ་ཡིས། །

ཞེས་པ་གཏོད་དང་འགེངས་པའི་སྦྱོར་བས་སོ། །སྣ་ཚོགས་ཞེས་པ་ཕྱི་དང་ནང་གི་འཆི་བའི་རྟགས་ཉེ་བར་དམིགས་པ་ནའོ། །དབུགས་ཞེས་པ་རླུང་དག་གོ། །ཆད་ཅིང་ཆད་གྱུར་ཏེ་ཞེས་པ་རང་གི་གནས་འདོར་བའོ། །དེ་ཉིད་གསུངས་པ་འཆི་བའི་དུས་ཞེས་པ་ལ་སོགས་པའོ། །

ཕྱུང་ནས་འཕོ་བ་ཞེས་པ་ལུས་ལས་བྱུང་ནས་འཕོ་བ་སྟེ། རྣམ་པར་ཤེས་པ་གཤེགས་པའོ། །སྒོ་དགུ་ཞེས་པ་མིག་གཉིས་དང་རྣ་བ་གཉིས་དང་སྣ་བུག་གཉིས་དང་ཁ་དང་རྟགས་དང་གསང་བ་སྟེ། སྒོ་དགུར་གྲགས་པ་རྣམས་སོ། །རབ་ཏུ་ཞི་བས་ཞི་བར་འགྱུར། །ཞེས་པ་བུམ་པ་

ཅན་གོམས་པ་ལས་རླུང་བརྟན་པར་གྱུར་པ་ན་བརྟན་པར་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ཏོ། །རྣམ་ཤེས་འཕྲོག་པ་ཞེས་པ་རྣམ་པར་ཤེས་པ་གཤེགས་པའོ། །གཞན་དུ་ཕ་རོལ་བགྲོད་པ་ཡིས། །ཞེས་པ་རང་དབང་དུ་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱི་ཚུལ་དང་རྣམ་པ་ཞེས་དགོངས་པའོ། །

བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་བརྟན་པ་ཐོབ་པ་རྣམས་ཀྱིས་ད་ལྟར་བྱུང་བའི་ལུས་འདིས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་པས་འགའ་ཡང་འཇིགས་པ་མི་སྲིད་དོ། །དེ་ཉིད་ཀྱི་ཕྱིར་ཐབས་འདི་ཅིག་ཤོས་ཀྱིའོ། །ཨཱ་ལི་ཀཱ་ལི་ཞེས་པ་སྣ་བུག་གཡོན་དང་གཡས་ཀྱི་རླུང་དག་གོ། །ཕྱེད་བཅས་

เล่ม ๒๑ · หน้า 71b

ཡི་གེ་ཞེས་པ་ཧི་དང་དབྱངས་སྤངས་པའི་ཀ་ཡིག་གོ། །རླུང་གི་ས་བོན་ཡཾ་ཡིག་གོ། །རྣམ་ཤེས་བཞོན་པ་རླུང་ཡིན་ཏེ། །ཞེས་པ་རྣམ་པར་ཤེས་པའི་རླུང་ངོ་། །རླུང་གི་སྒོ་ནི་ཞེས་པ་རླུང་གི་སྒོ་ཡིན་ཏེ། བསམས་པ་ཡིས་ཞེས་པ་རྣམ་པར་བསྒོམ་ཞེས་པ་ལྷག་མའོ། །འདིར་གདམས་ངག་འདི་

ཡིན་ཏེ། དང་པོར་རེ་ཞིག་ལས་གཞན་མེད་པར་མཉམ་པར་གཞག་སྟེ། ཚངས་བུག་ཏུ་ཀྵུཾ། དེ་འོག་ཏུ་ཧཱུཾ། སྨིན་མའི་དབུས་སུ་ཧཱུཾ། བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་ཧཾ། མགྲིན་པའི་བུ་གར་སུཾ། རྟགས་ལ་སྨྼྻུཾ། བཤང་བར་ཀྵུཾ། རྣ་བ་དང་སྣའི་བུ་ག་རྣམས་ལ་ཡུཾ། ཞེས་པའི་ས་

བོན་འདི་རྣམས་རྣམ་པར་བསྒོམས་ཏེ། ལྟེ་བའི་རྩ་བར་ཡཾ་གི་གཟུགས་གཏུམ་མོའི་འོད་ཟེར་གྱི་ལྕགས་ཀྱུ་དང་། དགང་བ་ལ་སོགས་པས་ཀྱང་སྤྱི་བོ་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རྣམས་ལས་ཡང་དག་པར་བཀུག་པ་གནས་བཅུར་གནས་པའི་རླུང་གསང་བའི་འཁོར་ལོ་གོང་བུར་

གྱུར་པ་རྣམས་ཀྱིས་སོ། །དེ་བཞིན་དུ་སྦར་བའི་གཏུམ་མོ་འབར་བའི་ལྕགས་ཀྱུ་སྙིང་གའི་རླུང་གི་དཀྱིལ་འཁོར་ལ་སྦྱར་ཏེ། ཡུཾ་ཟུང་ལས་སྐྱེས་པའི་དཀྱིལ་འཁོར་གཉིས་ཁ་སྦྱར་བའི་ཧཱུཾ། སེམས་ཀྱི་སྟེང་འོག་ཏུ་གནས་པའི་སྔགས་བླ་མའི་གདམས་ངག་གིས་བཟླས་པར་བྱའོ། །དེ་

ནས་ངེས་པའི་ཕྱི་དང་ནང་གི་འཆི་བའི་རྟགས་ཀྱིས་འཆི་བར་ངེས་ནས་འཕོ་བ་བྱའོ། །གལ་ཏེ་ཚེ་ཡོད་ཀྱང་རྣམ་པར་ཤེས་པ་གཤེགས་ན་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་རོ། །གང་དང་ཞེས་པ་གྲོལ་བའི་དངོས་གྲུབ་རབ་ཏུ་སྟེར་བ་རྣམ་པར་ཤེས་པའོ། །ལྟེ་བ་ཞེས་པ་ལྟེ་བ་ལ་སོང་ན་

འདོད་པ་ལ་སྤྱོད་པའི་ལྷར་འགྱུར་རོ། །ཐིག་ལེ་ཡིས་ཞེས་པ་སྨིན་མའི་བུ་ག་སྟེ། གཟུགས་ཅན་ལུས་ཞེས་པ་གཟུགས་ལ་སྤྱོད་པའོ། །སྟེང་གི་ཞེས་པ་ཚངས་བུག་གི་སྟེ། གཟུགས་མེད་ཁམས་སུ་སྟེ་ཞེས་གཟུགས་མེད་པ་ལ་སྤྱོད་པའོ། །དེ་ནི་བཟང་པོར་འགྲོ་དབྱེ་བའོ། །ཞེས་པ་

བཟང་པོར་ཞེས་ཉེ་བར་མཚོན་པ་སྟེ། འགྲོ་བ་བཟང་པོ་མ་ཡིན་པའི་གནས་སུ་འགྲོ་བའི་དབྱེ་བ་ཡང་ཤེས་པར་བྱའོ་ཞེས་པ་མདོར་བསྟན་ནས། རྒྱས་པར་སྟོན་པ་གནོད་སྦྱིན་ཞེས་པ་ལ་སོགས་པའོ། །གྲོལ་བ་རྣམས་ཀྱི་ཞེས་པ་འཕོས་ནས་འགྲོ་བ་རྣམས་ཀྱིས་ཏེ། དེ་རྣམས་རང་འདོད་པར་

เล่ม ๒๑ · หน้า 72a

འཕོ་བའི་ཕྱིར་རོ། །འཆི་བ་དུས་ལ་བབ་ན་སྟེ་ཞེས་པ་འཆི་བའི་དུས་ལ་བབ་པ་ཉིད་ན་འཕོ་བར་བྱའོ་ཞེས་པའི་དོན་ཏོ། །ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།དུས་བཞིའི་ཡན་ལག་ཇི་ཙམ་ཞིག །ཅེས་པ་ལ་སོགས་པ་ཞུ་བ་གཉིས་ཀྱི་ལན་གདབ་

པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བསྐལ་པ་ཞེས་པ་བར་གྱི་བསྐལ་པའོ། །སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ཅེས་པ་སྟོང་ཕྲག་ཉི་ཤུ་ལྷག་པའི་སྟོང་ཕྲག་བརྒྱད་རྣམས་སོ། །དེའི་ཕྱིར་སྟོང་ཕྲག་ཉི་ཤུ་ལྷག་པའི་འབུམ་ཕྲག་བཅུ་བདུན་ནི་རྫོགས་ལྡན་གྱི་ཚད་དོ། །དེ་ལྟར་

གཞན་དུ་བཅུ་པ་ལས། ཕ་རོལ་མཚམས་ཀྱི་ཚད་དང་བཅས་པའོ། །མགོན་པོ་ཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་ཉིད་ལས་ཕྱག་ན་རྡོ་རྗེ་ལ་བོས་པའོ། །ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །།སྤྱོད་པ་ཇི་ལྟར་སྤྱད་པར་བགྱི། །ཞེས་ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་

ཞེས་པ་ལ་སོགས་པའོ། །ཕ་རོལ་སོན་ཞེས་པ་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་འགྲོ་བའི་རྒྱུ་ཉིད་ཀྱིས་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །ཡང་ན་གང་ཕ་རོལ་ཏུ་འགྲོ་བའི་ཞེས་པ་སྟེ། དེ་རྣམས་ཀྱི་ཕ་རོལ་སོན་པའོ། །གང་གིས་ཞེས་པ་སྤྱོད་པས་སོ། །གྲུབ་པའི་མཐར་ཞེས་

པ་གྲུབ་པའི་མཐར་ཐུག་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། སྒྲུབ་པ་པོ་ཞེས་སྒྲུབ་པ་པོ་ཡིས་སོ། །ཐུན་མོང་ཞེས་པ་བྱ་བའི་རྒྱུད་ལ་སོགས་པ་རྣམས་ལའོ། །བླ་མ་དམ་པ་ཞེས་པ་བླ་མ་དམ་པ་ལས་ཏེ། བསྙེན་བཀུར་ཏེ་ཞེས་བསྙེན་བཀུར་བྱས་པ་ལས་སོ། །འདིར་བསྡུས་པའི་དོན་འདི་

ཡིན་ཏེ། ཆོ་ག་ཇི་ལྟ་བ་བཞིན་བླ་མ་མཉེས་པར་བྱ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་མན་ངག་དང་བཅས་པ་ལ་གོམས་པ་ཕུལ་དུ་བྱུང་བ་ཐོབ་པ་གཞན་རྗེས་སུ་འཛིན་པ་དང་། ཚར་གཅོད་ནུས་པ་ནོར་ལ་སོགས་པ་རང་རང་གི་ལུས་ཀྱི་མཐར་ཐུག་པ་གཏོང་ཞིང་མ་ཆགས་པའི་རྣལ་

འབྱོར་པས། བླ་མ་དང་བཅོམ་ལྡན་འདས་དཔལ་བདེ་མཆོག་ལ་སོགས་པ་ལ་གསོལ་བ་བཏབ་ཅིང་རྗེས་སུ་གནང་བས་སྤྱོད་པ་རྣམ་པ་གསུམ་པོ་རྣམས་ཀྱིས་གང་ཡང་རུང་བ་བརྩམ་པར་བྱའོ། །དེ་ལ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པའི་དབང་དུ་བྱས་ནས་གསུངས་པ། སྔོན་དུ་ཞེས་པ་

เล่ม ๒๑ · หน้า 72b

ལ་སོགས་པ་སྟེ་གོ་སླའོ། །ཤེས་རབ་ཐབས་བདག་ཅེས་པ་བསྒྱུར་བ་ལ་སོགས་པ་ཐོབ་པའི་ཤེས་རབ་དང་ལྷན་ཅིག་གོ། །ཡང་ན་མི་མཉམ་པ་ཞེས་པ་སྨྱོན་པའི་སྤྱོད་པའོ། །ལྷན་ཅིག་མིན་པར་ཞེས་པ་འདིར་འདུ་འཛི་རྒྱུ་བ་དང་། ཕྱག་རྒྱ་དང་གནས་པ་དང་། ཡིད་ལ་བྱེད་པ་མེད་

པ་ཉིད་དུ་བྱས་ཏེའོ། །དེ་ཉིད་འདབ་མ་བསྐྱོད་པ་བཞིན་དུ་ཞེས་འཆད་པར་འགྱུར་རོ། །གཅིག་པུ་ཞེས་པ་ཕྱི་རོལ་གྱི་ཡན་ལག་མ་དང་བྲལ་བའོ། །གཅིག་པུའི་ཡིད་ཅེས་པ་བརྩམས་པའི་སྤྱོད་པ་ལས་གཞན་གྱི་སེམས་མེད་པའོ། །བཟོ་ཡི་ཁང་པ་སྦས་པའི་གནས། །ཞེས་པ་དེ་ལྟར་

གྱུར་པའི་བརྟུལ་ཞུགས་འདི་ལ་བཟའ་བ་དང་བསོད་སྙོམས་ཀྱི་དོན་དུ་ཡང་མི་སྨྲ་བའི་ཕྱིར་སྨྱོན་པའི་སྤྱོད་པ་ལས་ཁྱད་པར་འཕགས་སོ། །དེ་ཉིད་གསུངས་པ། ཐུབ་པའི་རྣལ་འབྱོར་གྱིས་གནས་བྱ། །ཞེས་པའོ། །འོ་ན་ལུས་ཇི་ལྟར་གཟུང་བར་བྱ་ཞེ་ན་གསུངས་པ། བཟའ་བ་ཞེས་པ་ལ་

སོགས་པའོ། །སློང་མོས་གནས་པ་ཞེས་པ་བསོད་སྙོམས་ཀྱིས་གནས་པར་བྱའོ། །ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།རྣལ་འབྱོར་པའི་རྒྱུད་ནི་དུ་ཞེས་པ་ལ་སོགས་པ་ཞུ་བ་བཞི་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཐེག་ཆེན་གྱི་

ཞེས་པ་ཐེག་པ་ཆེན་པོའི་ལས་ཏེ། གཞན་ཞེས་པ་ཉན་ཐོས་ཀྱི་ཐེག་པའིའོ། །འདི་རྣམས་ཐམས་ཅད་གསུངས་པ་ནི་འདི་དག་ཐམས་ཅད་ལ་གསུངས་པ་རྣམས། ཐུབ་དབང་ཞེས་པ་ཐུབ་པའི་དབང་པོ་རྣམས་ཀྱིས་ཏེ། སྐུ་གསུམ་རང་བཞིན་ཅན་ཞེས་པ་སྐུ་གསུམ་གྱི་རང་བཞིན་

ཅན་རྣམས་ཀྱིས་སོ། །བདེ་བར་གཤེགས་པའི་བསྟན་པ་ཞེས་པ་ཉེ་བར་བསྡུ་བ་སྟེ། འདི་ལྟ་བུར་གྱུར་པ་ནི་བདེ་བར་གཤེགས་པའི་བསྟན་པའོ་ཞེས་པའི་དོན་ཏོ། །གང་གིས་དབང་དུ་བྱས་ཤིང་བསྟན་ཞེ་ན། གསུངས་པ་འདུལ་བའི་ཞེས་པ་ལ་སོགས་པ་སྟེ། ཉན་ཐོས་

རྣམས་ལས་བདག་ཉིད་བསྟན་ཞེས་པ་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་རྣམས་ལ་ཞེས་པ་སྟེ། རྒྱུ་མཚན་ནི་བདུན་པའོ། །བདག་ཉིད་བསྟན་ཞེས་པ་བདག་ཉིད་དུལ་བ་དང་ཞི་བ་ལ་སོགས་པའི་དོན་དུ་བསྟན་པ་ཞེས་པའི་དོན་ཏོ། །ཆེ་བཤད་པ་ཞེས་པ་མདོ་སྡེ་གཞན་རྣམ་པར་

เล่ม ๒๑ · หน้า 73a

བཤད་པར་གྱུར་པའི་མདོ་སྡེ་རྣམས་ཏེ། བྱང་ཆུབ་སེམས་དཔའི་ཞེས་པ་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་དོན་དུའོ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱི། །ཞེས་པ་དང་པོའི་དོན་ལ་དྲུག་པའོ། །སངས་རྒྱས་སྤྱོད་ཡུལ་ཞེས་པ་སེམས་ཅན་གྱི་དབང་དུ་བྱས་

ནས་ཞེས་པ་ལྷག་མ་སྟེ། འདི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཞེས་པའོ། །འདི་དག་གིས་ཤེས་རབ་ཆེན་པོའི་དོན་གྱི་ཕྱིར་སྔགས་ཀྱི་ཚུལ་བསྟན་ཏོ་ཞེས་གསུངས་སོ། །ཇི་སྐད་དུ། སེམས་ཉིད་རྣམ་དག་ཏུ་གསུངས་པ། །ཐེག་པ་ཆེན་པོའི་བདག་ཉིད་ཆེ། །སེམས་དཔའ་ཆེན་པོའི་

སྤྱོད་ཡུལ་ལོ། །ཞེས་པ་དང་གཞན་དུ་ཡང་། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །ཤེས་རབ་ཆེན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །ངོ་མཚར་བ་བསྟན་པ་འདི་གང་ལ་ཞེ་ན། གསུངས་པ། བསོད་

ནམས་དམན་པ་ཞེས་པ་སྟེ། །བསོད་ནམས་དམན་པའི་སེམས་ཅན་རྣམས་ཀྱང་རིམ་གྱིས་འདུལ་བ་ལ་ཉེ་བར་འགྱུར་རོ་ཞེས་དགོངས་པའོ། །ཡང་ན་བསོད་ནམས་དམན་པའི་སེམས་ཅན་རྣམས་ཀྱི་དོན་དུ་སྔགས་ཀྱི་ཐེག་པ་ལྷའི་རྣམ་པ་ཙམ་གྱིས་བདག་ཉིད་བསྟན་ཏེ། ལྷའི་རྣམ་པ་

ལ་བརྟེན་ནས། ཆོས་ཀྱི་སྐུ་ལ་སོགས་པ་བསྒོམ་ཞིང་དེ་ལ་བརྟེན་ནས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཤེས་རབ་དང་ཐབས་ཟུང་དུ་འཇུག་པ་བསྒོམ་ཞེས་པ་སྟེ། འདི་དག་གི་སྔགས་ཀྱི་ཚུལ་ལ་བསྐྱེད་པ་དང་རྫོགས་པའི་རིམ་པ་རང་བཞིན་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱིས་ལམ་

རིམ་པ་གཉིས་རབ་ཏུ་བསྟན་ཏོ། །འདི་ཡང་། མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་པ་བརྩོན་འགྲུས་དང་ལྡན་ན་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཐོབ་པའི་ཕྱིར་རོ། །རབ་གནས་ཀྱི་ཞུ་བའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རབ་གནས་ཀྱི་ཞེས་པ་རབ་

གནས་ལ་སྟེ། ཆོ་གའི་ཕ་རོལ་སོན་ཞེས་པ་ཆོ་ག་ཡོངས་སུ་རྫོགས་པའོ། །ལས་བཅུ་ཞེས་པ་ཆུ་ལ་སོགས་པའི་དབང་བསྐུར་བ་རྣམས་ཏེ། སློབ་མ་དབང་བསྐུར་བ་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་སྐུ་གཟུགས་ལའང་བྱའོ་ཞེས་པའི་དོན་ཏོ། །སྐྱེ་བོ་ཚིམ་ན་རྒྱས་པ་སྟེ། །ཞེས་པ་སྐྱེ་བོ་

เล่ม ๒๑ · หน้า 73b

ཚིམ་པས་སྐུ་གཟུགས་རྒྱས་པར་འགྱུར་ཏེ། ཤུགས་ཀྱིས་ཡོན་བདག་གི་ཡང་ངོ་། །སྐུ་གཟུགས་རྒྱས་པ་ལས་ཅིར་འགྱུར་ཞེ་ན། གསུངས་པ། རྒྱས་པས་ཞེས་པ་ལ་སོགས་པའོ། །བཀྲ་ཤིས་བཅས་ལས་ཞེས་པ་རབ་གནས་ཀྱི་དུས་སུ་བཀྲ་ཤིས་ཉེ་བར་བསྒྲུབས་པ་ལས་དེའི་ཞི་བར་

འགྱུར་རོ། །དེ་ལས་ཅིར་འགྱུར་ཞེ་ན། གསུངས་པ། ཞི་བའོ་ཞེས་ཏེ་ཞི་བ་ཞེས་པ་ཇི་སྲིད་བསྲུང་བ་དང་ཕྱིར་བཅོས་པ་ཞེས་པའོ། །གང་གི་ཕྱིར་སྨོད་པའི་རྣལ་འབྱོར་ཞེས་པ་སྨད་པའི་སྦྱོར་བ་ལས་ཏེ་སྨད་པ་ལ་སོགས་པའི་རབ་ཏུ་སྦྱོར་བ་ལས་ཞེས་པའི་དོན་ཏོ། །ཉེར་འཚེ་སྡུག་བསྔལ་སྣ་

ཚོགས་འབྱུང་། །ཞེས་པ་ཉེ་བར་འཚེ་བ་དང་། སྡུག་བསྔལ་སྣ་ཚོགས་ཏེ། སྐུ་གཟུགས་ཀྱི་སྡུག་བསྔལ་ནི་གཅོད་པ་དང་བཤིག་པ་ལ་སོགས་པའོ། །ཉེ་བར་འཚེ་བ་ནི་མེ་དང་ཆུ་ལ་སོགས་པས་སོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཐང་

སྐུའི་དཀྱིལ་འཁོར་དུ་སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་དུ་བྱས་པའི་རྗེས་ལ་ཇི་ལྟ་བ་བཞིན་བསྐྱེད་དེ། དམ་ཚིག་སེམས་དཔའི་གཟུགས་ཐུགས་ཀར་ས་བོན་དང་བཅས་པ་རྣམ་པར་བསམས་ནས། གོས་གསར་པ་དམར་པོ་ལ་སོགས་པས་བརྒྱན་པ། མེ་ཏོག་དང་བཅས་

པའི་ཡོན་བདག་གིས་དེའི་མེ་ཏོག་ཕྲེང་བའི་མཐའ་ནས་བཟུང་བ་བྱས་ནས་དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་བྱུག་པ་བྱེད་དུ་བཅུག་སྟེ། དཀྱིལ་འཁོར་གྱི་ཤར་རམ་དབང་ལྡན་གྱི་མཚམས་སུ་མི་རིང་བར་སྟེགས་བུ་གྲུ་བཞི་པ་དཔངས་སུ་ཁྲུ་གཉིས་པའི་འཇིམ་པའི་རང་བཞིན་

ནམ། ཇི་ལྟར་གནས་པའི་སའམ་བྱུག་པ་ལ་སོགས་པ་བྱས་པའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ནུབ་ཏུ་སྒོ་དང་ཁྲུ་བཞི་པ་རེ་ཁཱ་གཅིག་གིས་བསྐོར་བ་བྲིས་ཏེ། བླ་རེ་ལ་སོགས་པས་བརྒྱན་པ། སིལ་སྙན་དང་གླུ་ལ་སོགས་པ་མདུན་དུ་བྱས་ཤིང་སྤྲས་པ། དེའི་དབུས་སུ་ཤིང་སྟན་གྱི་

དབུས་སུ་བྲིས་པའི་པདྨ་འདབ་མ་བརྒྱད་ལ་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྐུ་གཟུགས་ལ་སོགས་པ་བཞག་ནས། མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས། ལས་ཐམས་ཅད་པའི་སྔགས་དང་ཧཱུཾ་ཡིག་གིས་ཀྱང་ལན་བདུན་བཟླས་ཤིང་། གཡས་པ་དང་ཅིག་ཤོས་

เล่ม ๒๑ · หน้า 74a

ཀྱི་ཁུ་ཚུར་དག་གིས་བཟུང་ལ་སོ་སོར་ལན་གཉིས་ཀྱིས་གཡོན་སྐོར་དུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦྦ་སཏྭ་སྱ་སརྦྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བརྗོད་ཅིང་སྦྱངས་ཏེ་དོན་གྲུབ་མེ་ལ་དོར་བར་བྱའོ། །དེ་བཞིན་དུ་གཡས་སྐོར་གྱིས་སོ། །དེ་བཞིན་དུ་ཆུ་ཡང་གཡོན་དང་

གཡས་སུ་ཡོངས་སུ་བསྐོར་ཞིང་དེ་ལྟར་དཀར་རྩིས་ཡོངས་སུ་བྱུགས་པའི་ཁམ་ཕོར་བཞི་དང་། དཱུར་བའི་མྱུ་གུ་དང་བཅས་པའི་བའི་ལྕི་བའི་ཆང་བུ་དང་ཟན་གྱི་ཆང་བུ་དང་། ཉ་ལྕིབས་ཀྱང་ཡོངས་སུ་བསྐོར་ཞིང་ས་ལ་གཞག་པར་བྱའོ། །མེ་ལ་ནི་མ་ཡིན་ནོ། །དེ་ནས་ལག་པ་དག་

གིས་སྐུ་གཟུགས་ལ་སོགས་པ་ལ་ཉེ་རེག་བྱས་ལ། འཁོར་ལོའི་དབང་ཕྱུག་གི་སྔགས་ཀྱིས་དྲི་ལ་སོགས་པ་བྱུག་པར་རུང་ན་དྲི་ཡིས་བྱུག་ཅིང་མི་རུང་ན་མེ་ལོང་གི་གཟུགས་བརྙན་ལའོ། །དེའི་སྤྱི་བོར་མེ་ཏོག་གི་ཕྲེང་བ་དཀྲིས་ཏེ་མདུན་དུ་མཆོད་ཡོན་ཕུལ་ནས། མར་མེས་ཡོངས་

སུ་བསྐོར་ལ། ལས་ཐམས་ཅད་པ་དང་ཧཱུཾ་ཡིག་གིས་ཀྱང་ལན་བདུན་བཟླས་པའི་སྤོས་དཀར་དམར་དང་བཅས་པའི་བདུག་སྤོས་བདུག་པར་བྱའོ་ཞེས་པ་བྱུར་བསལ་བར་བྱས་ནས་ཞོ་དང་འོ་མ་དང་མར་དང་སྦྲང་རྩི་དང་ཀ་ར་ཞེས་པ་བདུད་རྩི་ལྔ་རྣམས་ཟངས་ཀྱི་སྣོད་དུ་བསྲེས་པ་དང་། དེའི་

རྗེས་ལ་ཞོ་དང་འོ་མ་དང་མར་དང་བའི་ལྕི་བ་དང་བའི་ཆུ་རྣམས་དེ་ཁོ་ན་ལྟར་ཟངས་ཀྱི་སྣོད་དུ་བཞག་པ་ལས་ཐམས་ཅད་པ་བཟླས་པའི་དཱུར་བའི་ཆུན་པོ་བླངས་པ་རྣམས་ཀྱིས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་པ་སྔར་བཞིན་རུང་བ་དང་མི་རུང་བས་རབ་ཏུ་བྱུགས་ཏེ། ལས་ཐམས་ཅད་པ་བཟླས་

པའི་དྲི་བཟང་པོའི་ཆུས་ཁྲུས་གསོལ་ནས་འཁར་བའི་སྣོད་ན་གནས་པའི་ཤི་རི་ཥ་དང་ཨུ་དུམ་བཱ་ར་དང་པ་ཌ་དང་པར་ཀ་དྲའི་ཕྱེ་མས་གཙུབ་པར་བྱས་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་པ་བརྗོད་ཅིང་འཁར་བའི་སྣོད་ན་གནས་པའི་དྲི་བཟངས་དང་། མར་ཁུས་བྱུགས་ཏེ། སླར་ཡང་གཙུབ་པར་

བྱས་ལ། འཁར་བའི་སྣོད་ན་གནས་པའི་སྐྱུ་རུ་རས་བྱུགས་ལ། བཀྲུས་ནས་འཁར་བའི་སྣོད་ན་གནས་པའི་ཡུང་བས་བྱུག་ཅིང་བཀྲུས་ཏེ། ཤྲཱི་ཁཎྜ་དང་ཙནྡན་ལ་སོགས་ཇི་ལྟར་ཚོགས་པས་བྱུགས་ཏེ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་

เล่ม ๒๑ · หน้า 74b

དང་ལྷ་མོ་རྣམས་ཀྱི་བུམ་པས་ཁྲུས་བྱས་པའི་བསམས་པས། བཀྲ་ཤིས་ཀྱི་གླུ་དང་རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་བས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་དུང་ཆོས་སམ་གཞན་དུ་བླུགས་པ་རྣམས་ཀྱིས་ཇི་ལྟར་བལྟམས་པ་ཞེས་པ་ལ་སོགས་པ་བརྗོད་ཅིང་ཁྲུས་བྱའོ། །

དེ་ནས་དེ་ལ་གོས་པའི་ཆུ་གོས་འཇམ་པོས་ཕྱི་ནས་ཇི་ལྟར་ནུས་པའི་གོས་ལ་སོགས་པ་རྣམས་ཀྱིས་བརྒྱན་ཏེ། རབ་ཏུ་གནས་པར་བྱ་བའི་ཡེ་ཤེས་སེམས་དཔའ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་མདུན་གྱི་

ནམ་མཁར་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ནས་པུས་མོ་གཡོན་པ་ས་ལ་བཙུགས་ཏེ། གཡོན་པས་དྲིལ་བུ་འཁྲོལ་ཞིང་གཡས་པས་སྤོས་ཕོར་བཟུང་སྟེ། ཨོཾ་ཧཱུཾ་བཛྲ་ཛི་ཧྭཱ། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཕྱག་

འཚལ་བསྟོད། །མགོན་པོ་བརྩེ་བའི་རང་བཞིན་ཅན། །ཁྱེད་ཀྱིས་རབ་གནས་བགྱིད་པར་འཚལ། །སློབ་མ་རྣམས་ལ་བརྩེ་དོན་དང་། །ཁྱེད་རྣམས་ལ་ནི་མཆོད་ཕྱིར་དང་། །སེམས་ཅན་བསོད་ནམས་སྤེལ་དོན་དང་། །བྱང་ཆུབ་སེམས་ནི་འབྱུང་ཕྱིར་ཡང་། །དེ་ལ་བདག་

གུས་བཅོམ་ལྡན་འདས། །བཀའ་དྲིན་དག་ནི་མཛད་པར་འོས། །བདག་ལ་ཡང་དག་དགོངས་སངས་རྒྱས། །འགྲོ་བའི་འཁོར་ལོ་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་གཞན་སྔགས་ཀྱི་ལྷ་རྣམས་དང་། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་། །

འབྱུང་པོ་རྫོགས་པའི་བྱང་ཆུབ་གནས། །སེམས་ཅན་བསྟན་ལ་མངོན་དགའ་དང་། །གང་གཞན་ལྷ་ཡི་སྤྱན་མངའ་རྣམས། །བདག་ནི་ཆེ་གེ་རྡོ་རྗེ་ཆེ། །ཆེ་གེ་ཡི་ནི་རབ་གནས་དག །བགྱིད་འཚལ་དེ་ཕྱིར་ཁྱེད་རྣམས་ནི། །ཉེ་བར་བྱོན་པར་མཛད་པར་འོས། །ཞེས་ལན་གསུམ་

བརྗོད་དོ། །རབ་ཏུ་གནས་པའི་དོན་དང་། ལྷག་པར་གནས་པའི་དོན་དང་། ཉེ་བར་བྱོན་པར་གསོལ་བ་བཏབ་ལ། ཡང་དག་པར་མཆོད་ཅིང་ཕྱག་འཚལ་ཏེ་བསྟོད་ནས། ཨོཾ་བཛྲ་པུ་ན་རཱ་ག་མ་ན་ཡ་མུཿཞེས་པས་གཤེགས་པར་བྱའོ། །ཁྲུས་བྱས་པའི་སྐུ་གཟུགས་ལ་སོགས་པའི་

เล่ม ๒๑ · หน้า 75a

སྙིང་ག་དང་སྤྱི་བོ་དང་མགྲིན་པ་དང་གཙུག་ཏོར་ལ་ཀུན་དུ་བྱུགས་ལ་ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་ལག་པ་གཡས་པས་ལན་གསུམ་རེག་སྟེ་རང་གི་སྔགས་ཇི་ལྟ་བ་བཟླས་པར་བྱའོ། །ཕྱོགས་སྐྱོང་གི་གཏོར་མ་ཡང་དབུལ་བར་བྱའོ་ཞེས་པ་ལྷག་པར་གནས་

པའོ། །དེ་ནས་སྔ་དྲོ་ཁྲུས་ཀྱི་སྟེགས་བུ་དེ་ཉིད་ལས་སྔར་བཞིན་འདུས་བྱས་ནས། དགེ་བ་ཡུད་ཙམ་ལ་སོགས་པ་ལ་རྡོ་རྗེ་འཛིན་པའི་སྐུའི་སློབ་དཔོན་ཤེས་རབ་དང་བཅས་པ་ཉེ་བར་འདུག་སྟེ། སྔོན་དུ་གཏོར་མ་བྱིན་ལ་སྟོང་པ་ཉིད་ཀྱི་རྗེས་ལ་སྐུ་གཟུགས་ལ་སོགས་པ་དམ་ཚིག་སེམས་དཔའི་

གཟུགས་སུ་རྣམ་པར་བསྒོམས་ནས་སྔར་བཞིན་ཁྲུས་དང་བྱུར་བསལ་བ་བརྗོད་མ་ཐག་པའི་བདུད་རྩི་ལྔ་བྱུག་པ་དང་ཆུས་ཕྱི་བའི་མཐར་ཐུག་པ་རྣམས་བྱ་སྟེ། དཀྱིལ་འཁོར་གྱི་ཁང་པར་བཅུག་ལ་དཀྱིལ་འཁོར་མངོན་དུ་ཕྱོགས་པར་བཞག་ནས། མིག་ལ་སོགས་པ་བྱིན་གྱིས་བརླབས་

པ་སྔོན་དུ་འགྲོ་བར་བརྗོད་མ་ཐག་པའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པའི་རིམ་པས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནས། ཉེ་བར་བྱོན་པར་མཛད་པར་འོས། །ཞེས་པའི་བར་ལན་གསུམ་བརྗོད་དེ། དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་གཞུག་ཅིང་རོ་གཅིག་ཏུ་

བྱས་ནས་དབང་དུ་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ། རྡོ་རྗེ་ཅན་གྱིས་འགྲོ་བསྐྱབ་ཕྱིར། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནི། །ཡོན་ཏན་འབྱུང་གནས་

བྱིན་ཇི་ལྟར། །དེ་བཞིན་འདི་ལ་སྦྱིན་པར་མཛོད། །ཅེས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་ཅིང་། །དེ་རྣམས་རྣམ་པར་སྣང་མཛད་ཀྱི་ལམ་ནས་རང་གི་ལུས་ལ་བཅུག་སྟེ། ཤེས་རབ་དང་སྙོམས་པར་ཞུགས་པ་ཆགས་པ་ཆེན་པོས་ཞུ་བར་བྱས་ནས་རྡོ་རྗེའི་ལམ་ནས་

འཐོན་པ་དེའི་ཞུ་བས་རང་གི་ཁ་ནས་ཞུགས་པ་ལྷ་མོའི་པདྨར་བཞག་པའི་སྐུ་གཟུགས་ལ་སོགས་པ་ལ་དབང་བསྐུར་ཞིང་པདྨ་ལས་ཕྱིར་འཐོན་ཏེ། སླར་ཕྱག་དང་ཞལ་ལ་སོགས་པའི་གཟུགས་ཅན་དེ་རྣམས་ཀྱིས་པདྨ་ལས་འཐོན་པ་ལ་སླར་བཀྲ་ཤིས་ཀྱི་གླུ་ལ་སོགས་པ་སྔོན་དུ་འགྲོ་བའི་

เล่ม ๒๑ · หน้า 75b

དབང་བསྐུར་བར་བསྒོམ་ཞིང་། ཡལ་ག་དང་བཅས་པའི་རྡོ་རྗེ་དང་ལྡན་པའི་ལག་པ་གཡས་པར་བཟུང་བ་དང་རྣམ་པར་རྒྱལ་བ་ལ་སོགས་པའི་ཆུ་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཚུལ་གྱིས་ཇི་ལྟར་བལྟམས་པ་ཞེས་པ་ལ་སོགས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་

ཧཱུཾ་སྭཱ་ཧཱ་ཞེས་པ་དང་། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་ཡང་བརྗོད་ཅིང་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཁོ་ནས་དབང་བསྐུར་བའོ་ཞེས་ལྷག་པར་མོས་པ་བརྟན་པས་དབང་བསྐུར་བར་བྱའོ་ཞེས་པ་ཆུའི་དབང་ངོ་། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་པ་འདིས་ཅོད་

པན་བསྐོན་པར་བྱའོ་ཞེས་པ་ཅོད་པན་གྱིའོ། །སྔར་བཞིན་ཐམས་ཅད་དུ་བཅོམ་ལྡན་འདས་ཁོ་ནའི་ལྷག་པར་མོས་པའོ། །འདི་ཉིད་ལ་སྐུ་གཟུགས་ལ་སོགས་པའི་དཔྲལ་བར་དར་བཅིང་བའོ། །དེ་རིང་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་རྡོ་རྗེ་འཛིན་དུ་གཞུག་གོ་ཞེས་པ་རྡོ་རྗེའིའོ། །

ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་དྲིལ་བུ་འཛིན་དུ་གཞུག་གོ་ཞེས་པ་དྲིལ་བུའིའོ། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ། ཨོཾ་བཛྲ་སཏྭ་ཞེས་པ་བརྗོད་ཅིང་མིང་གདགས་པར་བྱའོ་ཞེས་པ་མིང་ངོ་། །སྐུ་གཟུགས་ལ་སོགས་པ་རྡོ་རྗེ་

དང་། རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པ་རྣམ་པར་བསྒོམས་ཏེ། ཆུའི་དབང་བསྐུར་བའི་ཆོ་གས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་པ་བལྟས་ནས། ལྷག་མ་དེ་བཞིན་གཤེགས་པ་ལ་སོགས་པ་དེ་ཉིད་དུ་བཅུག་ལ། ཨོཾ་སུ་པྲ་

ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་པ་སློབ་དཔོན་ནོ། །རིགས་ཀྱི་བདག་པོ་འཁོར་ལོའི་དབང་ཕྱུག་གི་སྐུ་རྡོ་རྗེ་སེམས་དཔའ་དང་། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་

ཚོགས་རིག་མ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། ཞུ་བར་གྱུར་ཅིང་བདེ་བ་ཆེན་པོས་རྗེས་སུ་མྱངས་ཏེ། རྡོ་རྗེ་དང་པདྨ་དག་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྐུ་གཟུགས་ལ་སོགས་པའི་ཞལ་དུ་འཇུག་པར་བསམ་པར་བྱའོ་ཞེས་པ་གསང་བའོ། །དེ་ནས་

เล่ม ๒๑ · หน้า 76a

རྡོ་རྗེ་སེམས་དཔའ་དེས་གཏད་པའི་ལྷ་མོ་དང་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་སྙོམས་པར་ཞུགས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་ལྷག་པར་མོས་པ་བྱའོ་ཞེས་པ་དབང་བཞི་པའོ། །དེ་ནས་ལྷའི་སྙིང་པོའི་སྔགས་ཀྱིས་གོས་ལ་སོགས་

པའི་མཆོད་པ་ཕུལ་ཏེ། དམ་ཚིག་གི་རྫས་དང་གི་ཝང་ཡང་བྱིན་ནས། ཨོཾ་བཛྲ་སཏྭ་ཨཱཿཞེས་པའི་སྔགས་ཀྱིས་མེ་ལོང་བསྟན་ལ་སྦྱིན་བདག་ལ་སོགས་པ་དང་མངོན་པར་འདོད་པའི་ཞི་བ་ལ་སོགས་པའི་དོན་དུ། མཱ་ཥ་ཀ་ལས་མི་ཆུང་བའི་གསེར་གྱི་ཐུར་མ་དངུལ་གྱི་སྣོད་ན་གནས་

པའི་མར་དང་སྦྲང་རྩི་བསྐུས་པ་ཡིས་ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུར་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་མིག་འབྱེད་པའི་བསམ་པས་མིག་སྨན་བསྐུས་ནས། སྦྱིན་བདག་ལ་སོགས་པ་ཞི་བ་ལ་སོགས་པའི་དོན་དུ་མཆོག་ཏུ་གཟིགས་པར་མོས་པར་བྱའོ། །དེ་ནས་སྦྱིན་སྲེག་གི་ཐབ་ཀྱི་

མེའམ་དེ་མེད་ན་གཞན་དུ་ཡང་མནྫི་ལ་གནས་པའི་སྣོད་དུ་འོ་མ་དང་འབྲས་མ་གྲུགས་པ་དང་། མར་དང་སྦྲང་རྩི་དང་ཀ་ར་རྣམས་བསྲས་ཏེ། རང་གི་བདག་པོའི་སྔགས་ཁེངས་པ་དང་བཅས་པར་བརྗོད་ཅིང་འོ་ཐུག་བསྒྲུབས་ནས། ཨོཾ་དི་བྱནྣེ་ས་མཱ་དྷི་དྷྱ་ན་པྲཱི་ཎ་ནེ་སྭཱ་ཧཱ། ཞེས་པ་

མངོན་པར་བསྔགས་ཤིང་བརྗོད་དེ། སྐུ་གཟུགས་ལ་སོགས་པ་ལ་མངོན་སུམ་དུའམ། གཟུགས་བརྙན་ལ་གསོལ་དུ་བཅུག་ལ་ཞལ་བསིལ་དང་། ཏཱཾ་བུ་ལ་ཡང་ཕུལ་ནས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་པ་དམ་ཚིག་ཐོས་པར་བྱས་ནས་མེ་ཏོག་ལ་སོགས་པ་ཉེ་བར་ཕུལ་ལ་ཐལ་མོ་སྦྱར་

ཏེ། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་། ཡུན་རིང་དུ་བཞུགས་པར་གསོལ་བ་བཏབ་ནས། སྐུ་གཟུགས་ལ་སོགས་པའི་སྨད་དང་བར་དང་རོ་སྟོད་ཀྱི་ཆ་ལག་པ་གཡས་པ་རོལ་པའི་རྡོ་རྗེ་ལན་གསུམ་བསྐོར་ཏེ། རྐང་པ་བརྒྱད་

པའི་སྔགས་དང་། མི་བསྐྱོད་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་ལ། ཨོཾ་བཛྲ་སཏྭ་ཞེས་པ་ལ་སོགས་པའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དེ། མ་རྙེད་ཡོངས་སུ་མ་ཤེས་ཕྱིར། །ནུས་པ་མེད་ཅིང་མ་ཚང་བ། །གཞན་ཡང་གང་བགྱིས་དེ་དག་ཀུན། །

เล่ม ๒๑ · หน้า 76b

བརྩེ་བའི་རང་བཞིན་བཟོད་པར་འོས། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །ལྷ་ཀླུ་རྣམས་ཀྱི་ཆོ་ག་གང་། །མ་ཚང་ལ་སོགས་བཟོད་པར་འོས། །ས་ཆུ་མེ་དང་རླུང་རྣམས་ལས། །སྐུ་གཟུགས་ཡུན་རིང་བསྲུང་བར་མཛོད། །སྦྱིན་

བདག་ཞི་དང་རྒྱས་པ་དང་། །ཐམས་ཅད་དུ་ནི་བཀྲ་ཤིས་མཛོད། །དེ་ཡི་བུ་སོགས་སློབ་མ་དང་། །བདག་ཅག་རྣམས་ལའང་དེ་སྩལ་ཏེ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་ལན་གསུམ་གསོལ་བ་བཏབ་ནས། ཕྱོགས་

ཀྱི་གཏོར་མ་དང་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ཞིང་སྦྱིན་བདག་གིས་ཀྱང་སྐུ་གཟུགས་ལ་སོགས་པ་ལ་མཆོད་པ་དང་ཕྱག་ལ་སོགས་པ་བྱས་ནས། ཡོན་ལ་སོགས་པ་རྣམས་ཀྱིས་སློབ་དཔོན་མཉེས་པར་བྱའོ་ཞེས་པ་རབ་ཏུ་གནས་པའི་ཆོ་གའོ། །ཡང་ན་སྐུ་གཟུགས་ལ་

སོགས་པ་སྟོང་པ་ཉིད་དུ་བྱས་ནས། སྐད་ཅིག་ལ་རྫོགས་པའི་བྱང་ཆུབ་དམ་ཚིག་པའི་གཟུགས་མིག་ལ་སོགས་པ་བྱིན་གྱིས་བརླབས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། ནང་དུ་བསྒོམ་ཞིང་། དེ་ཁོ་ན་ལྟར་སྤྱན་དྲངས་པའི་དེ་བཞིན་

གཤེགས་པ་ལ་སོགས་པ་དང་། རང་གི་བུམ་པའི་ཆུ་རྣམས་ཀྱིས་དབང་བསྐུར་ཏེ། ཡང་དག་པར་མཆོད་ལ་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་པ་འདིས་ཀྱང་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་བྱའོ། །བགྲང་ཕྲེང་ལ་ནི་སྟོང་པ་ཉིད་ཀྱི་དེ་མ་ཐག་གསུང་རྡོ་རྗེར་རྣམ་པར་

བསྒོམས་ཏེ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས། དེ་ཡོངས་སུ་གྱུར་ཏེ་བགྲང་ཕྲེང་གི་རྣམ་པར་བསམས་ལ། བུམ་པའི་ཆུས་བསང་གཏོར་བྱ་ཞིང་ཡང་དག་པར་མཆོད་ནས་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་པ་བགྲང་ཕྲེང་གི་རབ་གནས་མདོར་བསྡུས་པའོ། །

གལ་ཏེ་རབ་ཏུ་མི་གནས་པའི་སྐུ་ལ་བཅོམ་ལྡན་འདས་ཇི་ལྟར་རབ་ཏུ་གནས་ཤེ་ན། གསུངས་པ། ཇི་ལྟར་རབ་ཏུ་མི་གནས་ཞེས་པ་ལ་སོགས་པ་སྟེ། གསོལ་བ་འདེབས་ཞེས་པ་གསོལ་བ་འདེབས་པ་སྟེ། དད་པ་ཞེས་པ་དད་པའིའོ། །བྱའོ་ནི་བྱས་པའིའོ། །མཆོད་བྱ་མཆོད་པ་མཉམ་

เล่ม ๒๑ · หน้า 77a

ལྡན་པ། །ཞེས་པ་མཆོད་བྱ་དང་མཆོད་པ་མཉམ་པར་འགྱུར་བའོ། །ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།སྦྱིན་སྲེག་ཞུས་པ་བསྟན་པའི་ཕྱིར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །སོར་མོ་བཅུ་དྲུག་པ་ཞེས་པ་སོར་བཅུ་དྲུག་པ་དང་སོར་

བཅོ་བརྒྱད་པའི་ཐབ་ཁུང་ནི་རྒྱས་པ་ཉིད་ཀྱིའོ། །སོར་མོ་ཉི་ཤུ་པ་ནི་ཞི་བ་ཉིད་ཀྱི་སྟེ། ཡམས་ཀྱི་ནད་རྣམས་ཞི་བར་བྱེད། །ཅེས་པ་ཡམས་ཀྱི་ནད་ཞི་བའི་ཕྱིར་རོ། །འདི་དག་ཐབ་ཀྱི་ངེས་པ་ཞེས་པ་ངེས་པ་འདིའོ། །བསྲེག་བྱའི་རྫས་ཀྱི་ཚད་རྣམས་ནི། །ཞེས་པ་ཐབ་ཁུང་གི་ཚད་ཀྱི་ཡམ་

ཤིང་ལ་སོགས་པའོ། །ལས་ཀྱི་རྗེས་མཐུན་ཏེ་གཟུགས་འབྲས་ཞེས་པ་ཁ་དོག་དང་མཚན་མའོ། །རྒྱ་ཁྱོན་གྱི་ནི་ཆ་གསུམ་གྱི། །ཞེས་པ་ཐབ་ཁུང་གི་ཐད་ཀའི་ཚད་ཀྱི་ཆ་གཉིས་བསྐོར་བར་བྱའོ། །འདི་ནི་ཐབ་ཁུང་ཞེས་པ་འདི་ཐབ་ཁུང་ཐམས་ཅད་ཀྱིའོ། །བརྒྱད་ཆ་ཡིས་ཞེས་པ་ཐབ་

ཁུང་གི་ཁའི་བརྒྱད་ཆ་ཡིས་སོ། །ཐབ་ཁུང་དབུས་སུ་ཁྱད་པར་དུ། །རྡོ་རྗེ་དག་གིས་མཚན་པའོ། །ཞེས་པ་རྡོ་རྗེ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཀྱིས་སོ། །མཚན་མ་རྣམས་ལས་ཀྱི་བྱེ་བྲག་གིས་བཀོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལ་མངོན་སྤྱོད་ཀྱི་ཐབ་ཁུང་དུ་པདྨ་

ནག་པོ་ལ་གནས་པའི་རྡོ་རྗེ་དྲག་པོའོ། །རྒྱས་པའི་ཐབ་ཁུང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པའི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །དབང་གི་ཐབ་ཁུང་དུ་པདྨ་དམར་པོ་ལ་གནས་པའི་རྡོ་རྗེའོ། །ཞི་བའི་ཐབ་ཁུང་དུ་པདྨ་དཀར་པོ་ལ་གནས་པའི་ཞི་བའི་རྡོ་རྗེའོ། །ལས་ཐམས་

ཅད་པའི་ཐབ་ཁུང་དུ་པདྨ་ལ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །ཕྱོགས་ཀྱི་འདབ་མ་རྣམས་ལ་དེ་བཞིན་གཤེགས་པ་བཞིའི་མཚན་མ་རྣམས་སོ། །ཟེའུ་འབྲུ་ལས་དང་རྗེས་སུ་མཐུན་པའི་མཚན་མ་རྣམས་ཏེ། འདི་རྣམས་ཀྱི་ཚད་ནི་ཇི་ལྟར་མཛེས་པའོ། །རང་སྙིང་ཆུ་སྐྱེས་ཞེས་པ་རང་རྡོ་རྗེ་སེམས་

དཔའི་གཟུགས་ཀྱི་སྙིང་གར་ཆུ་སྐྱེས་ལ་གནས་པའི་ཧཱུཾ་ཡིག་གོ། །ཡིག་གསུམ་ལས་བྱུང་ཞུ་རྣམ་པ། །ཞེས་པ་སྦྱིན་སྲེག་གི་གདམས་ངག་གོ། །ལྷག་མ་ནི་གོ་སླའོ། །དེ་ལ་འདི་ནི་བསྡུས་པའི་དོན་ཏོ། །བདེ་མཆོག་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་ཞིང་གཏོར་མ་སྦྱིན་པ་སྔོན་དུ་

เล่ม ๒๑ · หน้า 77b

འགྲོ་བས། ཐབ་ཁུང་བརྐོ་བའི་ནང་དུ་ས་སྟོང་པར་བསྒོམས་ཏེ། ལག་པས་མནན་ལ་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས། དེར་ལས་དང་རྗེས་སུ་མཐུན་པའི་ལས་ཐམས་ཅད་པའི་ཐབ་ཁུང་བཤད་པའི་མཚན་ཉིད་ཅན་བརྐོ་བར་བྱའོ། །ལས་དང་རྗེས་སུ་

མཐུན་པར་སྤྱད་པའི་ས་དང་བའི་ལྕི་བ་བསྲེས་པ་བྱུགས་ཏེ། དེ་ཁོ་ན་ལྟར་དྲིའི་ཆུ་ཡིས་བྲན་ཅིང་མེ་ཏོག་གཏོར་བར་བྱའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་ཡམ་ཤིང་དང་། བུད་ཤིང་ལ་སོགས་པ་དང་ལྡན་པར། སློབ་དཔོན་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བ་སྔོན་དུ་འགྲོ་བས། གཏོར་

མ་བྱིན་ནས་སྲུང་བའི་ཆོ་ག་བྱ་སྟེ། དུམ་སྐྱེས་མའི་སྔགས་ཀྱིས་མར་གྱི་སྒྲོན་མེ་འབར་བས་མེ་རབ་ཏུ་སྤར་བར་བྱ་སྟེ། དེ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་པས་བསང་གཏོར་བྱས་ལ། ཞི་བ་ལ་གཡས་སྐོར་དང་དྲག་པོ་ལ་གཡོན་སྐོར་གྱིས་རྩྭ་སྐམ་པོ་གཙང་མའི་ཚེམ་བུས་ལྷན་

ཅིག་དུ་བ་དང་བྲལ་བ་དང་། དྲག་པོ་ལ་དུ་བ་དང་བཅས་པ་ཐབ་ཁུང་དུ་བཅུག་ལ། ཧཱུཾ་ཡིག་དང་རླུང་ཡབ་ཀྱིས་རབ་ཏུ་སྦར་ཞིང་རིགས་ཀྱི་སྙིང་པོ་ལན་བདུན་བཟླས་པའི་བླུགས་གཟར་ན་གནས་པའི་མར་གྱིས་རབ་ཏུ་སྦར་བར་བྱ་སྟེ། དྲག་པོ་ལ་ཚ་བ་དང་ཏིལ་མར་གྱིས་སོ། །དེ་ནས་

ཨོཾ་བཛྲ་སཏྭ་ཨཱཿཞེས་པ་འདི་བཟླས་ནས་ཀུ་ཤ་གསར་པ་ལྗང་གུ་དྲི་མ་མེད་པ་མ་རལ་པ་མ་ཆག་པ་གཉིས་གཉིས་སྟེགས་བུ་ལ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་རྩེ་མོ་བསྟན་པའོ། །ཤིན་ཏུ་རིང་བ་མ་ཡིན་པ་གཞན་བ་ལང་གི་རྣ་བ་ལྟ་བུ་རྣམས་ཀྱིས་ཏེ། ཞི་བ་དང་རྒྱས་པ་དང་དབང་

དང་མངོན་སྤྱོད་རྣམས་ལ་རིམ་པ་ཇི་ལྟ་བར་ཤར་དང་བྱང་དང་ནུབ་དང་ལྷོར་རྩེ་མོ་བསྟན་པས་ཐབ་ཁུང་ལ་བསྐོར་བར་བྱའོ། །ཤར་ལ་སོགས་པ་ནི་སྒྲུབ་པ་པོའི་ཁ་ལྟ་བ་ལ་ལྟོས་ནས་སོ། །དེ་ནས་ལྷའི་བདག་ཉིད་ཅན་ས་བོན་ཧཱུཾ་ལས་སྐྱེས་པའི་ཐབ་ཁུང་རྣམ་པར་བསམས་ལ། དེའི་

དབུས་སུ་སྟོང་པ་ཉིད་དེ། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ལ་པདྨ་དང་ཉི་མར་གནས་པའི་མེ་ལྷ་རཾ་ཡིག་ལས་བྱུང་བ་ཐུང་ཞིང་གསུས་པ་འཕྱང་བ། ཞལ་གསུམ་པ་ཕྱག་དྲུག་པ་ཞལ་སོ་སོ་ལ་སྤྱན་གསུམ་པ། རྩ་བའི་ཕྱག་གཉིས་ཀྱིས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། ལྷག་མ་

เล่ม ๒๑ · หน้า 78a

གཡས་ཀྱི་ཕྱག་དག་གིས་མི་འཇིགས་པ་དང་བགྲང་ཕྲེང་འཛིན་པ་གཡོན་པ་དག་གིས་དབྱུག་པ་དང་རིལ་པ་འཛིན་པ། སྨ་ར་དང་རལ་པའི་ཐོར་ཚུགས་དང་ལྡན་པ། རྣམ་པར་ཤེས་པའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་པ། སྐུ་

མདོག་དང་རྒྱན་ལས་དང་རྗེས་སུ་མཐུན་པའོ། །དེ་ལ་ཡན་ལག་ཐམས་ཅད་དང་རྩ་བའི་ཞལ་དཀར་པོ་ཉིད་ལ་གཡས་གཡོན་གྱི་ཞལ་ནག་པོ་དང་དམར་པོའོ། །སེར་པོ་དང་དམར་པོ་དང་ལྗང་གུ་ཉིད་ལ་སྔོན་པོ་དང་དཀར་པོའོ། །སྔོན་པོ་ཉིད་ལ་དཀར་པོ་དང་དམར་པོའོ། །སྙིང་

གར་ས་བོན་རཾ་དང་བཅས་པའི་མེའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པའི་དམ་ཚིག་སེམས་དཔའ་རྣམ་པར་བསམས་ནས། དེའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་དམ་ཚིག་སེམས་དཔའ་ལྟ་བུའི་ཡེ་ཤེས་སེམས་དཔའི་མེ་ལྷ་མེའི་ཕྱོགས་ཀྱི་ནམ་མཁར་སྤྱན་དྲང་བར་བྱ་སྟེ།

ཨོཾ་ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཉེ་བར་བཞུགས་པར་མཛོད། །ཨོཾ་ཨགྣེ་ཡེ། ཨཱ་དཱི་བྱ། ཨཱ་དཱི་བྱ། ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་པ་མདུན་

དུ་སྤྱན་དྲངས་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས། དམ་ཚིག་སེམས་དཔའ་ལ་ཛཿཧཱུཾ་བཾ་ཧོཿའི་ཡི་གེ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། མཉེས་པ་རྣམས་བྱའོ། །དེར་གཡོན་ལོགས་སུ་གསེར་ལ་སོགས་པ་ལ་བྱས་པ་མེད་ན། འདབ་མའི་ཀྱོང་

བུར་ལས་དང་རྗེས་སུ་མཐུན་པའི་མེ་ཏོག་དང་དྲི་བཟང་པོ་བདུད་རྩི་ལྔ་དང་བཅས་པ་བཅུག་པ་སྟེ། ཁྱད་པར་དུ་ཞི་བ་ལ་ཏིལ་དང་འབྲས་ཡོས་དང་། ནས་དང་འོ་མ་དང་ལྡན་པའོ། །རྒྱས་པ་ལ་ཏིལ་དང་ཞོ་དང་ལྡན་པ་སྟེ། ཡི་གེ་གསུམ་དང་འཁོར་ལོའི་དབང་ཕྱུག་གི་སྔགས་དང་། ལས་

ཐམས་ཅད་པས་ཀྱང་ལན་བདུན་བཟླས་པའི་སྣོད་གསུམ་དང་དེའི་མདུན་དུ་བཟེད་ཞལ་གྱི་སྣོད་གསུམ་ཡང་བཞག་ལ། བསང་གཏོར་ནི་ཞལ་བསིལ་གྱི་སྣོད་ནས་ཀུ་ཤའི་ཆུན་པོས་ཆུ་བླངས་ཏེ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་ར་པྲོཀྵ་ཎཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རོལ་པ་དང་བཅས་

เล่ม ๒๑ · หน้า 78b

པའི་ལག་པ་ཡོངས་སུ་བསྐོར་ཞིང་། བསང་གཏོར་སྐུ་ལ་དབུལ་བའི་བསམ་པས། བཟེད་ཞལ་གྱི་སྣོད་དུ་ལན་གསུམ་དབུལ་བར་བྱའོ། །དེ་ཉིད་ལས་མེ་ཏོག་དང་བཅས་པའི་ཆུ་ཁུ་ཚུར་ཁ་འོག་ཏུ་བསྟན་པའི་མཛུབ་མོ་དག་གིས་བླངས་ཏེ། མཐེའུ་ཆུང་དང་མིང་མེད་

དང་གུང་མོ་དང་མཛུབ་མོ་རྣམས་རིམ་གྱིས་བརྐྱང་ཞིང་ཕྱག་གམ་ཞལ་བཀྲུས་པའི་བསམ་པས། སྣོད་དེ་ཉིད་དུ་བརྗོད་མ་ཐག་པའི་སྔགས་པྲོཀྵ་ཎའི་གནས་སུ། ཨཱཉྩ་མ་ནཾ་བཅུག་སྟེ་ལན་གསུམ་དུ་དབུལ་བར་བྱའོ། །སྔགས་འདི་ཉིད་ཀྱིས་མཆོད་ཡོན་དང་ཞབས་བསིལ་ཡང་

ཨརྒྷཾ་དང་པཱ་དྱཾ་གི་སྔགས་སྒྲ་བཅུག་ནས་ལན་གསུམ་དབུལ་བར་བྱ་སྟེ། མཆོད་ཡོན་གྱི་སྣོད་ལས་མེ་ཏོག་དང་བཅས་པའི་ཆུ་རྡོ་རྗེ་སྙིམ་པས་མདུན་དུ་དབུལ་བའི་བསམ་པས། བཟེད་ཞལ་གཉིས་པར་མཆོད་ཡོན་ནོ། །ཞབས་བསིལ་གྱི་སྣོད་ནས་མེ་ཏོག་དང་བཅས་

པའི་ཁུ་ཚུར་ཁ་སྟེང་དུ་བསྟན་པའི་མཛུབ་མོ་དང་མཐེ་བོང་དག་གིས་བླངས་ཏེ། རོལ་པ་དང་བཅས་པ་ཡོངས་སུ་བསྐོར་ཞིང་མཛུབ་མོ་དང་གུང་མོ་དང་། མིང་མེད་དང་མཐེའུ་ཆུང་རྣམས་རིམ་པས་བརྐྱང་སྟེ། ཞབས་དག་ལ་དབུལ་བའི་བསམ་པས། བཟེད་ཞལ་གསུམ་

པར་ཞབས་བསིལ་ལོ། །ཐམས་ཅད་དུ་མཆོད་ཡོན་ལ་སོགས་པའི་སྐབས་སུ་ཆོ་ག་འདི་ཉིད་དོ། །ད་ནས་ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷ་སྨིཾ་ཀུ་རུ་སརྦ་དུཥྚཾ་ཧཱུཾ་ཕཊ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡོ་ཧཾ། ཞེས་ལན་གསུམ་དམ་ཚིག་བསྒྲག་སྟེ། གསེར་ལ་སོགས་

པ་ལས་བྱས་པའམ་མཆོད་སྦྱིན་གྱི་ཤིང་ལས་བྱས་པ། ཡུ་བའི་སྲིད་དུ་སྐྱེས་བུ་ཚད་དང་ལྡན་པའི་མཐེ་བོང་གི་སོར་ཉི་ཤུ་རྩ་བཞི་པ་སྦོམས་སུ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་གཟུང་དུ་རུང་བ་ཡུ་བའི་སྟེང་དུ་སོར་བཞི་གྲུ་བཞི་པ། ཟབས་སུ་སོར་གཉིས་དམའ་བའི་དབུས་སུ་སོར་

གཉིས་པའི་རྡོ་རྗེ་རྩེ་ལྔ་པས་མཚན་པ་ཟབས་ཀྱི་སྟེང་གི་ལོགས་བཞིར་རྒྱར་སོར་གཅིག་པའི་རྡོ་རྗེ་ཕྲེང་བས་མཚན་པའོ། །གྲུ་བཞི་པའི་སྟེང་དུ་སོར་བཞི་པའི་རྡོ་རྗེས་མཚན་པ་ཟབས་སུ་མཐེའུ་ཆུང་གི་ཚད་དང་ལྡན་པ། པདྨ་འདབ་མའི་མཚན་མ་མཐེའུ་ཆུང་གི་ཚད་ཀྱི་བཅུད་འཛག་

เล่ม ๒๑ · หน้า 79a

པའི་བུ་ག་དང་ལྡན་པའོ། །ཡུ་བ་ལས་འོག་ཏུ་གནས་པའི་སོར་གསུམ་པའི་རིན་པོ་ཆེའི་འོག་ཏུ་སོར་གསུམ་པའི་རྡོ་རྗེ་སྟེ། མར་གྱིས་བཀང་བ་ལག་པ་གཡོན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཁ་གྱེན་ལ་བསྟན་པས་བཟུང་ནས། ལག་པ་གཡས་པས་ཁ་འོག་ཏུ་

བསྟན་པས་བླུགས་གཟར་དགང་གཟར་གྱི་ཡུ་བའི་ཕྱེད་ཀྱིས་ཕྲ་བ་ཁྲུ་གང་ཙམ་གྱི་ཡུ་བ་སྟེ། ཡུ་བའི་སྟེང་གི་ཆར་པདྨའི་འདབ་མ་ལྟ་བུར་རྒྱར་སོར་གཉིས་པ་ཟབས་སུ་སོར་གཅིག་པ་རྡོ་རྗེ་རྩེ་ལྔ་པས་མཚན་པའོ། །འོག་གི་ཆར་སོར་གསུམ་པའི་རྡོ་རྗེ་དང་ལྡན་པ། སོར་གསུམ་པའི་

རིན་པོ་ཆེས་མཚན་པ་ཁ་གྱེན་ལ་བསྟན་པ་མར་གྱིས་བཀང་བ་སྟེ། དྲག་པོ་ལ་ནི་གཉིས་ཀ་ཡང་དུག་དང་ཚ་བའི་མར་ཁུས་བཀང་བ་ཕྱིན་ཅི་ལོག་ཏུ་བཟུང་ལ། དགང་གཟར་དང་བླུགས་གཟར་དག་གི་ཁ་ལ་རང་གི་འདོད་པའི་ལྷའི་ས་བོན་ཡི་གེ་གསུམ་གྱི་ནང་དུ་སྤེལ་བ་འོད་ཟེར་དང་བཅས་

པ་དང་། མེ་ལྷའི་ཞལ་དུ་རཾ་བཀོད་དེ་དགང་གཟར་གྱི་ཞལ་དུ་བླུགས་གཟར་གྱི་ཞལ་བཀབ་པའི་ལག་པ་དག་པུས་མོའི་བར་དུ་བཅུག་སྟེ། དྲག་པོ་ལ་ནི་ཕྱི་རོལ་དུ་བྱས་ནས་གཡས་སྐོར་དང་། ཞི་བ་ལ་ནི་གཡོན་སྐོར་གྱིས་ཡོངས་སུ་བསྐོར་ཞིང་། ཞལ་ཅུང་ཟད་གདངས་པ་དང་། དྲག་པོ་ལ་རབ་ཏུ་གདངས་པར།

ཨོཾ་ཨགྣེ་ཡེ་ཨཱ་དི་པྱ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དགང་བླུགས་གསུམ་མམ་བདུན་སྦྱིན་པར་བྱའོ། །ཨོཾ་ཨགྣེ་ཡེ་སྭཱ་ཧཱ་ཞེས་ཅིག་ཤོས་ཀྱི་སྲེག་བླུགས་ཀྱི་སྔགས་སོ། །དགང་བླུགས་ཕུལ་བའི་ཚེ་དགེ་བ་དང་མི་དགེ་བའི་མཚན་མ་ཇི་ལྟར་གསུངས་པའི་མེའི་ཁ་དོག་ལ་སོགས་

པ་རྣམས་ཀྱིས་མཚོན་པར་བྱའོ། །མི་དགེ་བའི་མཚན་མ་ལ་ནི་མེ་ལ་ནི་བསང་གཏོར་དང་བསྲུང་བ་དང་མར་གྱི་སྲེག་བླུགས་བདུན་དུམ་སྐྱེས་མའི་སྔགས་ཀྱིས་བྱ་སྟེ། དེ་ནས་མེ་ལྷའི་སྔགས་ཀྱིས་ཀྱང་ངོ་། །དེ་ནས་སླར་ལས་ཐམས་ཅད་པའི་སྔགས་ཀྱིས་བསང་གཏོར་བྱ་སྟེ། མེ་ལྷའི་

སྔགས་ཀྱིས་དགང་བླུགས་ལན་གསུམ་དབུལ་བར་བྱའོ། །ཐོག་མར་ནི་ཨོཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡམ་ཤིང་ལ་སོགས་པ་རབ་ཏུ་བཀྲུས་ཏེ། ཨོཾ་ཨཱཿསྭཱ་ཧཱ། ཞེས་པ་ཡམ་ཤིང་དང་། ཨོཾ་ཛྲཱིཾ་སྭཱ་ཧཱ། ཞེས་པ་འབྲུ་རྣམས་དང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་རྫས་གཞན་རྣམས་དང་།

เล่ม ๒๑ · หน้า 79b

ཨོཾ་ཤྲཱིཾ་སྭཱ་ཧཱ་ཞེས་པ་མར་རྣམ་པར་སྦྱང་བར་བྱའོ། །དེ་ནས་རབ་ཏུ་འབར་བའི་མེ་ལ་རིམ་པས་ཡམ་ཤིང་དང་མར་དང་ཏིལ་དང་། དཱུར་བ་དང་འབྲས་དང་ཞོ་ཟན་རྣམས་རང་རང་གི་སྔགས་ཀྱིས་སོ། །དེ་ལ་ཞི་བ་ལ་པ་ལ་ཤ་དང་ཨུ་དུམ་བཱ་ར་དང་བྱང་ཆུབ་ཀྱི་ཤིང་དང་ཀསྨ་རི་དང་ཨ་མྲ་དང་།

ཀ་དམ་པ་དང་། ས་མི་དང་། བླཀྵ་དང་། བ་ཌ་ལ་སོགས་པ་འོ་མ་ཅན་གྱི་ཤིང་རྣམས་ཀྱི་རྩེ་མོའི་ཆར་སྐྱེས་པ་རྩེ་མོར་འདབ་མ་ཟུང་དང་བཅས་པ་འཁྱོག་པོ་མ་ཡིན་པ་མཉམ་པར་བཅད་པ་རླན་དང་བཅས་པ་སྦོམས་སུ་མཐེའུ་ཆུང་གི་སོར་གྱི་ཚད་ཙམ་པ་རྩེ་མོ་གཉིས་སྦྲང་རྩི་དང་འོ་མ་དང་མར་ལ་

བསྙུགས་པ་བདུད་རྩི་དང་དྲིའི་ཆུས་རབ་ཏུ་བསངས་པའི་ཡམ་ཤིང་རྣམས་མིང་མེད་དང་མཐེ་བོང་གིས་བཟུང་སྟེ་རྩེ་མོ་གཅིག་སྲེག་བླུགས་བྱའོ། །ཀུ་ཤ་དང་ཨ་མྲའི་འདབ་མ་དང་དཱུར་བ་རྣམས་ནི་གཉིས་སྦྱར་ཏེའོ། །འབྲས་ཟན་དང་འོ་མ་དང་ཏིལ་དང་ནས་དང་ཞོ་དང་། །པྲི་ཡང་ཀུ་

དང་ཙནྡན་དང་འབྲས་ཡོས་རྣམས་ཇི་ལྟར་རྙེད་པའོ། །རྒྱས་པ་ལ་ནི་ཡམ་ཤིང་དེ་དག་ཉིད་ཀྱི་དབུས་ཀྱི་ཆར་སྐྱེས་པ་བདུད་རྩི་དང་བཅས་པའི་དྲིའི་ཆུ་སེར་པོས་བྲན་ལ། ཞོ་དང་འོ་མ་དང་མར་དང་མངར་གསུམ་ལ་བསྙུགས་པ་ཟས་མཆོག་དང་ཞོ་དང་སྦྲང་རྩི་དང་ལྡན་པའི་ཏིལ་ནག་པོ་དང་།

ཞོ་ཟན་དང་། མར་ལ་བསྙུགས་པའི་ཤ་ཏ་པུཥྤ་དང་བིལ་བའི་འབྲས་བུ་དང་འབྲས་ཁར་མ་དང་། པདྨ་དང་ཀླུ་ཤིང་དང་ཀརྞི་ཀཱ་རའི་མེ་ཏོག་དང་འབྲུ་རྣམས་ཀྱང་ངོ་། །དབང་ལ་ཙམ་པ་ཀ་དང་མྱ་ངན་མེད་པ་དང་། བནྟ་ག་དང་ཀླུ་ཤིང་དང་། ཀ་སེ་ར་དང་ལ་ཀུ་ཙ་དང་། པྲི་ཡང་ཀུ་རྣམས་དང་

ཞི་བའི་མཚན་ཉིད་དང་ལྡན་པའི་ཡམ་ཤིང་དང་འབྲས་བུ་དང་མེ་ཏོག་རྣམས་ཇི་ལྟར་རྙེད་པའོ། །དྲག་པོ་ལ་ནི་ནིམ་པ་དང་སེང་ལྡེང་ལ་སོགས་པ་ཚ་བ་དང་ཚེར་མ་ཅན་དང་ཁ་བའི་ཤིང་རྣམས་ཀྱི་རྩ་བའི་ཆར་སྐྱེས་པ་དུག་དང་ཁྲག་དང་ཚ་བའི་ཡུངས་མར་ལ་བསྙུགས་པ་རྩེ་མོ་གཉིས་

རྣོ་བའི་ཡམ་ཤིང་ངོ་། །ཚ་བའི་ཡུངས་མར་དང་ཁྲག་དང་ཡུངས་ཀར་དང་སྐེ་ཚེ་དང་ནིམ་པའི་འདབ་མ་ལ་སོགས་པ་ཇི་ལྟར་རྙེད་པའམ། ཐལ་བ་དང་སོལ་བ་དང་ཕུབ་མ་ལ་སོགས་རྣམས་ཀྱིས་དགྲའི་གཟུགས་སུ་བྱ་སྟེ། དུག་ལ་སོགས་པ་ལ་བསྙུགས་པ་ལ་རྐང་པ་གཡོན་

เล่ม ๒๑ · หน้า 80a

པའི་མཐེའུ་ཆུང་ནས་བརྩམས་ཏེ། མཚོན་རྣོན་པོས་བཅད་ཅིང་སྲེག་བླུགས་བྱའོ། །ལས་ཐམས་ཅད་པ་ལ་ཞི་བ་ལྟ་བུའི་ཡམ་ཤིང་དང་སེང་ལྡེང་དང་ཨ་ཀརྐ་དང་ཀཾ་ཀ་ཏ་དང་ཨ་པ་མརྒ་ལས་བྱུང་བའི་གསར་པ་བདུད་རྩི་དང་བཅས་པའི་དྲི་བཟང་པོའི་ཆུས་

བྲན་པ་ལས་དང་རྗེས་སུ་མཐུན་པའི་སྣུམ་ལ་སོགས་པ་རྩེ་མོ་གཉིས་བསྙུགས་པ་མཁྱིད་གང་ཙམ་པའོ། །ཞི་བ་དང་རྒྱས་པ་ལ་གསུངས་པའི་མར་དང་འོ་མ་ལ་སོགས་པ་དང་མར་དང་བསྲེས་པའི་གུ་གུལ་ལམ་སྤོས་དཀར་དང་། གང་ཅུང་ཟད་བདག་ཉིད་ཀྱི་བཟའ་བ་དེ་ཐམས་ཅད་དོ། །བུད་

ཤིང་ནི་མཆོད་སྦྱིན་གྱི་ཤིང་རྣམས་དང་། འབྲོག་གི་བ་ལང་གི་ལྕི་བ་ནི་ཞི་བ་ལའོ། །དེ་ཉིད་འབྲོག་གི་བ་ལང་གི་ལྕི་བ་སྤངས་པ་ནི་རྒྱས་པ་ལའོ། །ནིམ་པ་དང་སྐྱུ་རུ་རའི་ཤིང་ལས་སྐྱེས་པའི་མེ་ཏོག་དང་བཅས་པ་ནི་དབང་ལའོ། །ཚེར་མ་ཅན་ལ་སོགས་པའི་ཤིང་ལས་སྐྱེས་པ་དང་། དུར་

ཁྲོད་ཀྱི་ཤིང་དང་བོང་བུ་ལ་སོགས་པའི་བྲུན་སྐམ་པོ་ནི་མངོན་སྤྱོད་ལའོ། །འོན་ཀྱང་ཡམ་ཤིང་ནི་འོད་ལའོ། །ཞོ་ཟན་ལ་སོགས་པའི་བཟའ་བ་དང་འབྲས་བུ་རྣམས་ཀྱང་ཕྱག་ཏུའོ། །བཏུང་བ་ཞལ་དུའོ། །བདུག་པ་དང་མར་མེ་དག་མདུན་དུའོ། །མེ་ཏོག་སྤྱི་བོར་ཏེ། མེ་དང་རང་འདོད་པའི་

ལྷ་ལ་ཡང་དབུལ་བར་བྱའོ། །དེའི་རྗེས་ལ་མེ་ལྷ་ལ་ཞལ་བསིལ་དང་བསང་གཏོར་བྱིན་ནས། དེའི་སྙིང་གར་པདྨ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་དང་སྙོམས་པར་འཇུག་པའམ་གཅིག་པུའང་རུང་སྟེ་ཇི་ལྟ་བ་བཞིན་རྫོགས་པ་ལས་དང་རྗེས་སུ་མཐུན་པའི་སྐུ་མདོག་ལ་

སོགས་པ་བསྐྱེད་དེ། །སྤྲོས་པའི་སྐུ་རྣམས་དང་དཀྱིལ་འཁོར་བ་རྣམས་ཀྱིས་མངོན་པར་འདོད་པའི་དོན་བསྒྲུབ་པར་བསམས་ནས་རང་ཡང་དེའི་རྣལ་འབྱོར་དང་ལྡན་པར་ཧཱུཾ་ཡིག་དང་དུམ་སྐྱེས་མའི་སྔགས་ཀྱིས་ཀྱང་། ཡམ་ཤིང་ལ་སོགས་པ་རྣམས་བསངས་ཏེ། ཡེ་ཤེས་སེམས་

དཔའ་སྤྱན་དྲངས་ལ་སྔར་བཞིན་བསང་གཏོར་ལ་སོགས་པ་སྔོན་དུ་འགྲོ་བས་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང་། དབང་བསྐུར་བའི་མཐར་ཐུག་པ་བསམས་ནས་སྙིང་པོ་ལ་སོགས་པ་མངོན་པར་འདོད་པའི་སྔགས་ཀྱིས་སྔར་བཞིན་དགང་བླུགས་ཞེས་པ་ལ་སོགས་པའི་རིམ་པས་

เล่ม ๒๑ · หน้า 80b

ཇི་ལྟར་འདོད་པའི་སྲེག་བླུགས་བྱའོ། །དེ་ནས་མཐར་འཁོར་ལོའི་དབང་ཕྱུག་ལ་སོགས་པའི་སྔགས་ཁོ་ནས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་མར་གྱི་སྲེག་བླུགས་ཕུལ་ནས། དགང་བླུགས་ཀྱང་ཕུལ་ཏེ་སྙིང་པོའི་སྔགས་བཟླས་པའི་མཆོད་ཡོན་ལ་སོགས་པ་དབུལ་བར་

བྱའོ། །དེ་ནས་བསངས་ལ་ཞལ་བསིལ་དང་ན་བཟའ་གསར་པ་དང་རྡོ་ཐལ་དང་བྲལ་བའི་ཏཱམྦུ་ལ་དང་། དྲག་པོ་ལ་ནི་རྡོ་ཐལ་དང་བཅས་པ་ཕུལ་ནས་ཡང་དག་པར་མཆོད་ཅིང་བསྟོད་དེ་ཕྱག་འཚལ་ནས་མཆོད་ཡོན་ཕུལ་ལ་སྙིང་གར་ཐལ་མོ་སྦྱར་ཏེ། རྨོངས་པའི་བློ་ཅན་བདག་གིས་སླར། །

ཉེས་བྱས་ཅུང་ཟད་བགྱིས་པ་གང་། །གང་ཕྱིར་ལུས་ཅན་རྣམས་ཀྱི་སྐྱབས། །མགོན་པོ་ཁྱོད་ཀྱིས་དེ་བཟོད་མཛོད། །གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་རྙེད་ཡོངས་སུ་མ་འཚལ་སླད། །འདིར་ནི་བྱ་བ་གང་བགྱིས་པ། །དེ་དག་ཐམས་ཅད་བཟོད་པར་འོས། །ཞེས་བཟོད་པར་

གསོལ་ནས་མ་ཚང་བ་ལ་སོགས་པའི་སྐྱོན་ཞི་བའི་ཕྱིར་དང་། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་ཡང་ཡི་གེ་བརྒྱ་པ་བརྗོད་དེ། ཨོཾ་ཁྱེད་ཀྱིས་སེམས་ཅན་ཞེས་པ་ལ་སོགས་པ་བརྗོད་ལ་ལྷ་རྣམས་གཤེགས་པར་བྱ་ཞིང་ཐབ་ཁུང་ན་ཉེ་བར་བཞུགས་པའི་མེ་ལྷ་སླར་ཡང་ཡང་དག་པར་

མཆོད་དེ། རྫས་ལྷག་མ་སྲེག་བླུགས་བྱས་ནས་སྔར་བཞིན་གཤེགས་པར་བྱའོ། །དེ་ལྟར་ཉི་མ་སོ་སོར་ཇི་ལྟར་གསུངས་པའི་ཞི་བ་ལ་སོགས་པའི་དུས་དང་ཐུན་གསུམ་དང་ཐུན་བཞིར་ཡང་བྱའོ་ཞེས་པའོ། །གཞན་དོན་དུ་སྦྱིན་སྲེག་བྱེད་ན་ཡོན་ཕུལ་བའི་སློབ་མའི་གཡས་པའི་

མཐེ་བོང་གཡོན་པའི་མཐེའུ་ཆུང་གིས་བཟུང་སྟེ་ཐབ་ཁུང་ལས་གཡས་སྐོར་གསུམ་བྱེད་དུ་བཅུག་ལ། བླུགས་གཟར་གྱིས་མགོ་བོ་ལ་བསྐོར་ཞིང་སྲེག་བླུགས་བདུན་བྱིན་ནས་དགང་བླུགས་དབུལ་བར་བྱའོ། །ལས་ཐམས་ཅད་པ་བཟླས་པའི་སྲུང་སྐུད་དེའི་ལག་པ་ལ་བཅིངས་ཏེ།

བསང་གཏོར་བྱའོ། །དེ་ནས་རབ་གནས་ཀྱི་སྐབས་སུ་གསུངས་པའི་ཆོ་གས་ཙཱ་རུ་དང་བྲལ་བ་མ་ཡིན་པར་ལས་དང་རྗེས་སུ་མཐུན་པར་དྲི་ཡིས་བྱུགས་པའི་མེ་ཏོག་གི་ཕྲེང་བ་མགྲིན་པ་ལ་བཅིངས་ཏེ། ས་བོན་ཧཱུཾ་ལས་སྐྱེས་པ་བདུད་རྩིའི་རང་བཞིན་གྱི་འོ་ཐུག་རབ་ཏུ་བསྒྲུབས་ནས།

เล่ม ๒๑ · หน้า 81a

འདི་ནི་དེ་བཞིན་གཤེགས་པ་མཆོད། །གསོལ་ན་སྡིག་པ་རྣམ་པར་འཇོམས། །ཞེས་བརྗོད་ནས་ལྷ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་དབུལ་ཏེ། སྦྱིན་བདག་དང་བདག་ཉིད་ཀྱང་བཟའ་བར་བྱ་ཞིང་འདོད་པ་རྣམས་ལའང་བགོ་བར་བྱའོ། །དེའི་

རྗེས་ལ་ཞི་བ་ལ་འོ་མ་དང་རྒྱས་པ་ལ་ཆུ་སེར་པོ་དང་། དབང་ལ་འོ་མ་དམར་པོ་དང་། དྲག་པོ་ལ་ནག་པོས་མེ་བསད་ལ་སྦྱིན་སྲེག་གི་ཐབ་ཁུང་གི་ཐལ་བ་ལ་སོགས་པ་ལས་ཐམས་ཅད་པའི་བུམ་པས་ཁྱེར་ཏེ། འབབ་ཆུའི་རྒྱུན་ལ་བསྐུར་བར་བྱའོ་ཞེས་པའོ། །ཕྱི་རོལ་གྱི་སྦྱིན་སྲེག་

གསུངས་ནས། ནང་གི་སྦྱིན་སྲེག་བསྟན་པའི་ཕྱིར་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པ་སྟེ་རྟོགས་སླའོ། །ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།གྲུབ་པའི་སྔགས་ནི་ཇི་ལྟར་འགྱུར། །ཞེས་ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་

པའོ། །དངོས་གྲུབ་སྣ་ཚོགས་གོ་འཕང་ཞེས་པ་དངོས་གྲུབ་སྣ་ཚོགས་ཡང་དག་པར་གནས་ཏེ། སྣ་ཚོགས་ལས་ཀྱི་རང་བཞིན་གྱི་འབྲས་བུ་གང་རྣམས་ལ་འབྱུང་བ་དེ་བཞིན་དུ་དེའོ། །བསྙེན་པ་ཁྲི་ཡིས་ཞེས་པ་རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱིས་སོ། །ལིང་ག་བཟུང་ནས་ཞེས་པ་ལྷ་

ཆེན་པོའི་ལིང་ག་སྟེ་རང་གི་ལིང་ག་ཞེས་པ་ཁ་ཅིག་གོ། །ཨོཾ་ཙ་མུཎྜེ་ཞེས་པ་ལ་སོགས་པའི་སྔགས་རྣམས་ལ་སྔོན་དུ་བསྙེན་པ་དེ་ཁོ་ན་ལྟར་རོ། །ཨོཾ་བཛྲ་ཞེས་པ་ལ་སོགས་པའི་སྔགས་ལའང་དེ་བཞིན་དེ་ཐམས་ཅད་དུ་སྔོན་དུ་བསྙེན་པའི་ཁྱད་པར་མ་གསུངས་པའི་སྔགས་ལ་སྔོན་དུ་

བསྙེན་པའི་རིམ་པ་དེ་ཁོ་ན་ལྟར་རོ། །བསྲེས་པ་ཞེས་པ་ལྷག་མའོ། །ཀླུའི་མེ་ཏོག་ཅེས་པ་ཀླུ་ཤིང་གི་མེ་ཏོག་གོ། །ཡཾ་ཡིག་དག་གིས་ཞེས་པ་རླུང་གི་དཀྱིལ་འཁོར་དག་གིས་སོ། །རླུང་གིས་བསྐྱོད་པའི་ལོ་འདབ་ཅེས་པ་ཚུབ་མའི་རླུང་གིས་ཁྱེར་བའོ་ཞེས་སོ། །དོན་འདི་ཡིན་ཏེ་རླུང་གིས་

ཁྱེར་བའི་ལོ་འདབ་བླངས་ཏེ། དེ་ལ་དུག་ལ་སོགས་པ་རྣམས་ཀྱིས་བྱ་རོག་གི་སྒྲོའི་བྲིས་སྨྱུག་གིས་ཡ་ཡིག་གི་ནང་དུ་ཧཱུཾ་ཧཱུཾ་ཧཱུཾ་ཆེ་གེ་མོ་ཨུཙྪ་ཊ་ཡ་ཕཊ་ཕཊ་ཕཊ་ཞེས་པ་ལོ་འདབ་གཉིས་ལ་བྲིས་ནས་ཁ་སྦྱར་དུ་བྱ་སྟེ། མཚན་མོ་ལིང་ག་གཅིག་པར་སྔགས་བཟླས་ལ་རླུང་ཚུབ་

เล่ม ๒๑ · หน้า 81b

བམ་འབབ་ཆུ་དྲག་པོ་ལ་བསྐུར་བར་བྱ་སྟེ་དགྲ་བསྐྲད་པར་འགྱུར་རོ། །བའི་ལྕི་བ་ས་ལ་མ་ལྷུང་བས་ཞེས་པ་ལ་སོགས་པའི་སྦྱོར་བ་ལ་ཡང་སྔགས་འདི་ཉིད་ཀྱིའོ། །རླུང་གི་ཟུར་དུ་ཞེས་པ་ནས་བརྩམས་པའི་སྦྱོར་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་དག་

གོ་ཞེས་ཁ་ཅིག་གོ། །ལྷ་ཁང་ཞེས་པ་ལིང་ག་གཅིག་པར་རོ། །ཐམས་ཅད་ཀྱི་ཞེས་པ་ཐམས་ཅད་ལས་ཏི་བླ་མ་ལ་གུས་པ་ལས་འགྲུབ་པར་འགྱུར་རོ་ཞེས་པ་ལྷག་མ་སྟེ། བླ་མའི་གདམས་ངག་དང་བྲལ་བ་ལས་འགྲུབ་པ་མེད་དོ་ཞེས་དགོངས་པའོ། །གཉིས་ཞེས་པ་དཀར་པོ་

དང་དམར་པོ་སྟེ། གཉིས་ཀ་ཡང་གཅིག་ཏུ་བགྲང་བར་བྱའོ། །དེ་ལྟར་ཚ་བ་གསུམ་དང་འབྲས་བུ་གསུམ་ཡང་ངོ་། །མེ་ཏོག་ཤིང་དང་ཡུང་བ་དག །ཅེས་པ་མེ་ཏོག་ཤིང་དང་ཤིང་ཡུང་བ་ཡང་ངོ་། །ཉི་མ་ཡིས་ཞེས་པ་ཉི་མ་ལ་འགྲོ་བ་ལའོ། །བསྙེན་གནས་ཞེས་པ་གསོ་སྦྱོང་

གིས་སོ། །ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།བཅུད་ལེན་ཡང་ནི་ཇི་ལྟར་བལྟ། །ཞེས་ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལུས་ཀྱི་ཐབས་ཀྱི་མཚན་ཉིད་འགྱུར། །ཞེས་པ་ལུས་བརྟན་པར་བྱེད་པའི་ཐབས་སུ་འགྱུར་རོ་

ཞེས་པའོ། །ཟླ་བ་ཞེས་པ་ལ་སོགས་པ་མདོར་བསྟན་པའོ། །དེ་ལ་ཟླ་བ་ནི་སྣང་བ་མཐའ་ཡས་སོ། །སི་ཧླ་ནི་རིན་ཆེན་འབྱུང་ལྡན་ནོ། །གླ་རྩི་ནི་མི་བསྐྱོད་པའོ། །སྨན་ནི་དོན་ཡོད་གྲུབ་པའོ། །ཙནྡན་སེར་པོ་ནི་རྣམ་པར་སྣང་མཛད་དོ། །སོ་སོ་ཞེས་པ་གཅིག་ཀྱང་རུང་ངོ་། །ལྔ་

ཞེས་པ་དམ་ཚིག་དང་ལྡན་པའི་རིགས་ལྔ་ལ་སོགས་པ་ལས་ཡང་དག་པར་བླངས་པའོ། །དང་པོ་ཐ་མ་ཞེས་པ་འདིར་ནུས་པའི་མན་ངག་ནི་ཤིང་ནིམ་པ་ལས་བྱས་པའི་སྦུབས་སམ། སྨྱུག་མ་ལས་བྱས་པའི་སྦུབས་ལ་ཆ་གསུམ་གྱི་བར་དུ་བུག་པ་གཉིས་བྱ་སྟེ། བསིལ་བར་གྱུར་

པའི་མི་བསྐྱོད་པ་སྟེང་གི་ཆ་དོར་བའི་བར་གྱི་ཆ་བླང་བར་བྱའོ། །སྨྱུག་སྦུབས་ལ་ནི་ཀེ་ཏ་ཀའི་ཡལ་གའི་ཕྱེ་མ་བཏབ་ནས། དེའི་སྟེང་དུ་མར་ཁུའི་ཆ་དང་འོག་ཏུ་ལན་ཚྭའི་ཆ་དང་བར་དུ་དག་པའི་ཆར་འགྱུར་རོ། །ཞི་བར་བྱེད་ཅེས་པ་གཟའ་ལ་སོགས་པ་ཞི་བའོ། །རྟག་ཏུ་བཞི་

เล่ม ๒๑ · หน้า 82a

མཉམ་གྱུར་པ་ནི། །ཞེས་པ་རྟག་ཏུ་གཞོན་ནུར་བྱེད་པའོ། །ཟླ་བ་ལ་རྒྱུ་བཏུང་བྱས་ཏེ། །ཞེས་པ་ཟླ་བས་ཟླ་བ་བཏུང་བར་བྱ་ཞེས་པ་ལྷག་མའོ། །དེའི་ཕྱིར་རྒྱུ་བ་ནི་ལུས་ལ་རྒྱུ་བའོ། །གང་གི་ཚེ་ཞེ་ན་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་སྟེ། ཟླ་བ་འབའ་

ཞིག་གམ། ཡང་ན་རྫས་གཞན་དང་ལྡན་པའོ། །དེ་ཉིད་གསུངས་པ་འདི་དག་ཅེས་པ་ལ་སོགས་པའོ། །གནག་དང་ཞེས་པ་དམར་པོ་མ་ཡིན་པའོ། །དྲི་མ་དྲི་མེད་རྣམ་པར་སྤངས། །ཞེས་པ་མར་ཁུ་དང་ལན་ཚྭའི་ཆ་དང་བྲལ་བའོ། །རབ་དང་ཞེས་པ་ལ་སོགས་པ་རང་

བཞིན་ཉིད་ཀྱིས་དེ་ལྟར་གྱུར་པ་བླང་བར་བྱའོ། །འདི་ནི་མདོར་བསྟན་པའི་རྒྱས་པར་བཤད་པའོ། །གོང་བུ་ནི་ལུས་ཏེ་དེའི་བཅིང་བ་ནི་བརྟན་པར་བྱེད་པའོ། །སྨན་རྣམས་ཀྱི་ཆོ་ག་གསུངས་པ། ཉ་ཞེས་པ་ལ་སོགས་པ་སྟེ་ཡང་དག་ལྡན་ཞེས་པ་ལྡན་པར་བྱས་ནས་སོ། །དེ་ཡི་ཞེས་

པ་དེ་ཡིས་སོ། །ལྔ་པོ་ཞེས་པ་དངོས་པོ་ལྔ་རྣམས་ཉིད་དེ་རྟོགས་ཤིང་ཞེས་པ་སྦྱངས་པ་དང་རྟོགས་པ་ལ་སོགས་པ་སྔོན་དུ་འགྲོ་བར་འགྱུར་རོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཉེ་བར་འཚེ་བ་དང་བྲལ་བའི་ཕྱོགས་འགའ་ཞིག་ཏུ་སྤྱིལ་པོ་བྱ་སྟེ། དད་པ་དང་གུས་པ་མཆོག་

དང་ལྡན་པའི་སློབ་བུ་གཅིག་པ་སྒྲུབ་པའི་གྲོགས་སུ་བྱས་ནས་སྦྱིན་པ་དང་ཡོན་ཕུལ་ལ། རང་ཉིད་སྤྱིལ་པོར་ཞུགས་ཏེ། གཏོར་མ་དང་མཆོད་པ་རྣམས་ཀྱིས་རང་གི་ལྷ་མཉེས་པར་བྱ་ཞིང་གཞན་ཐུབ་པར་བྱས་ལ་ཇི་སྲིད་ལོ་བདུན་གྱི་བར་དུ་རང་གི་ལུས་སྦྱང་བར་བྱའོ། །དེ་ལ་འདི་ནི་སྦྱང་

བའི་རིམ་པ་སྟེ། དགེ་བའི་ཉི་མ་ལ་བུ་རམ་ཅུང་ཟད་ཟོས་ནས། འབྲས་བུ་གསུམ་གྱི་ཐང་དང་ལན་ཚྭ་དང་རྒྱ་སྐྱེགས་ཀྱི་ཤིང་གི་འབྲས་བུ་ཕྱེ་མ་དང་ལྡན་པ་བཏུང་བར་བྱ་སྟེ། སྲིན་བུ་ལྷུང་ཞིང་དྲི་མ་དག་པར་འགྱུར་རོ། །དེ་ནས་ཀེ་ཏ་ཀའི་ཡལ་གའི་ཁུ་བ་དང་ཚ་བའི་མར་ཁུ་དང་ཧི་ལ་

མོ་ཙི་དང་རྒྱམ་ཚ་རྣམས་གཅིག་ཏུ་བྱས་ནས་འཐུངས་ཏེ། ཉི་མ་ལ་གདུང་ཞིང་ལུས་བཅག་པར་བྱ་སྟེ། ཤིག་དང་བྲལ་བར་འགྱུར་རོ། །དེ་དག་ཉིད་ཧི་ལ་མུ་ཙིའི་ཁུ་བ་དང་། ལྷན་ཅིག་འཐུང་ཞིང་དེ་ཁོ་ན་ལྟར་བཅག་པར་བྱ་སྟེ། ལུས་ཀྱི་ལན་ཚྭ་མེད་པར་འགྱུར་རོ། །ཧི་ལ་མུ་

เล่ม ๒๑ · หน้า 82b

ཙིའི་ཁུ་བ་རྒྱམ་ཚ་དང་བཅས་པ་འཐུང་ཞིང་གྲིབ་མ་ལ་བསྡད་ན། མཁྲིས་པ་མེད་པར་འགྱུར་རོ། །ཀ་ཏ་ཀའི་ཡལ་གའི་ཁུ་བ་དང་། ཏེ་ལ་ཀུ་ཙའི་ཁུ་བ་དང་བའི་འོ་མ་རྣམས་མཉམ་པར་གཅིག་ཏུ་བྱས་ནས་བཏུང་བར་བྱ་སྟེ། མར་ཁུ་མེད་པར་འགྱུར་རོ། །ཀུ་སྨཎྜའི་ཡལ་གའི་

ཁུ་བ་དང་རྒྱམ་ཚ་ལྡན་པ་བཏུང་བར་བྱ་སྟེ། མིག་ནད་མེད་པར་འགྱུར་རོ། །སྦྲང་རྩི་རྣར་བླུགས་ན་བད་ཀན་མེད་པར་འགྱུར་རོ། །སྦྱོར་བ་འདི་དག་ཀྱང་ཉི་མ་གཅིག་གམ་གཉིས་སུ་བཞག་ཅིང་རེ་རེ་ལ་ལན་གཉིས་རབ་ཏུ་སྦྱར་བར་བྱའོ། །དེ་ནས་རྡོའི་སྣོད་དུ་བཞག་པའི་གླ་རྩི་འབྲས་བུ་

གསུམ་དང་ལྡན་པ་ཉི་མ་སོ་སོར་བཏུང་བར་བྱའོ། །ཉ་དང་ཤ་དང་ཆང་དང་འོ་མ་དང་སྐྱུར་པོ་དང་བྲལ་བ་བཟའ་བར་བྱ་ཞིང་བུད་མེད་དང་འགྲོགས་པ་ཡང་སྤང་བར་བྱའོ། །དེ་ནས་རྡོ་རྗེ་གསུམ་དུ་བདུད་རྩི་ལྔའི་ཡ་གྱལ་ལམ། མཐའ་དག་ཆོ་གས་བརྟེན་པར་བྱའོ། །དེའི་རྗེས་ལ་སྨན་

སྤངས་ཏེ། སྨན་གྱི་དུས་ཁོ་ནར་བཟའ་བ་དང་སྤྱོད་པའི་བྱ་བས་ལོ་གསུམ་དུ་གནས་པར་བྱའོ། །དྲིལ་ཕྱིས་གསུངས་པ་བུདྡྷ་ཞེས་པ་ཙཀྲ་མརྡ་ཀའོ། །ཨ་ཀ་ར་ཞེས་པ་ཡུང་བའོ། །བལ་གུ་ཛེ་ཞེས་པ་སོ་མ་ར་ཛའོ། །གླ་རྩི་ཞེས་པ་མར་ཁུའི་ཆའོ། །ཙནྡན་ལྡན་ཞིང་ཕྱེ་མ་སྐམ་

པའོ། །ཙ་ར་ཞེས་པ་སྤང་སྤོས་སོ། །རྫས་འདི་རྣམས་གླ་རྩི་བཏགས་ནས་དྲིལ་ཕྱིས་བྱའོ། །གདུངས་པའི་རྟོག་པའི་ཆོ་ག་བྱ་བར་མི་ནུས་ན། བཅུད་ལེན་གྱི་ཆོ་ག་གསུངས་པ། འབྲས་བུ་གསུམ་ཞེས་པ་ལ་སོགས་པའོ། །བཅུད་ལེན་གྱི་ཆོ་ག་ལ་དྲང་བ་དང་རླུང་ལ་སོགས་པ་

ཡོངས་སུ་སྤང་བར་མི་བྱའོ། །ལོ་མ་སྐྱུར་པོ་དང་ཆང་དང་བུད་མེད་དང་འགྲོགས་པ་ནི་སྤང་བར་བྱའོ། །དེ་ལ་སྦྱོར་བ་བཞི་པ་ནི་གླ་རྩིའི་དབུས་ཀྱི་ཆ་ཇི་ལྟར་གསུངས་པའི་ཆོ་གས་བླངས་ཏེ་འབྲས་བུ་གསུམ་དང་ཙནྡན་གྱི་ཕྱེ་མ་དག་དང་སྦྱར་ལ་བཏུང་བར་བྱའོ། །འབྲས་བུ་གསུམ་དང་

ཙནྡན་གྱི་ཕྱེ་མ་དང་གླ་རྩི་རྣམས་ཀཱནྟའི་སྣོད་དུ་སྦྱངས་ཏེ་བླུགས་པར་བྱའོ། །རྡོའི་སྣོད་དུ་གླ་རྩི་བླུགས་ནས་འབྲས་བུ་གསུམ་གྱི་ཕྱེ་མ་སྟེང་དུ་བཏབ་སྟེ་སྐབས་སུ་བཏུང་བར་བྱའོ། །འདི་དག་ཀྱང་སྔ་དྲོ་བཞག་སྟེ་ཐུན་གཅིག་ལོན་པ་ན་བྱའོ། །འབྲས་བུ་གསུམ་དང་ཙནྡན་གྱི་

เล่ม ๒๑ · หน้า 83a

ཕྱེ་མ་ཞོ་རེ་ཉི་མ་སོ་སོར་བཟའ་བར་བྱའོ། །སྦྱོར་བ་བཞི་པོ་འདི་རྣམས་གང་ཡང་རུང་བའི་སྦྱོར་བ་བྱའོ། །ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།ཆང་ཞུས་པ་བསྟན་པའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཞན་

མ་བརྗོད་ཅེས་པ་འདིར་མ་བརྗོད་པ་མ་ཡིན་ཏེ་བྱ་བའི་རྒྱུད་ལ་སོགས་པར་རོ། །ཡེ་ཤེས་རྡོ་རྗེ་ཞེས་པ་རྡོ་རྗེ་སེམས་དཔའོ། །མཁའ་དབྱིངས་ནི་ཆོས་ཀྱི་དབྱིངས་སོ། །མནྡཱ་ར་དང་འོ་མའི་མཚོ་དག་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཙམ་ལ་བརྟེན་ནས་དཔེ་དག་གོ། །ཡང་ན་ཡེ་

ཤེས་རྡོ་རྗེ་དང་མཁའ་དབྱིངས་འདི་དག་ནི་ཐ་སྙད་གཞན་ནོ། །བདུད་རྩི་ལ་ཞེས་པ་རྒྱུ་མཚན་གྱི་བདུན་པའོ། །མནྡཱ་ར་ལས་བྱུང་བ་ཞེས་པ་མནྡཱ་ར་ལས་འབབ་པའོ། །ཀུན་ཞེས་པ་ཐམས་ཅད་དེ། ཆུ་བོར་འགྱུར་ཏེ་ཞེས་པ་ཆུ་བོ་རྣམ་པ་ལྔ་རྣམས་སོ། །དབུས་འགྲོ་བ་ཞེས་པ་དེ་རྣམས་ཀྱི་

དབུས་ནས་འགྲོ་བ་གང་གཱ་ཞེས་པའི་དོན་ཏོ། །འོ་མའི་རྒྱ་མཚོ་ཞེས་བྱ་སྟེ། །ཞེས་པ་འདི་དག་ཕྱི་རོལ་བསྟན་པའོ། །ཟླ་བའི་བཏུང་བའི་ཞེས་པ་ཟླ་བའི་བཏུང་བའི་རང་བཞིན་ནོ། །སྐུ་ཞེས་པ་ལུས་ལ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་གནས་སོ། །ཇི་ལྟར་གནས་ཤེ་ན་གསུངས་པ།

རྣམ་སྣང་མཛད་མའི་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཧེ་རུ་ཀ་དང་རྣམ་སྣང་མཛད་མ་ཕན་ཚུན་འཁྱུད་ནས་གནས་པ་དག་ཆགས་པ་ཆེན་པོས་ཞུ་བར་གྱུར་ཞེས་པའི་དོན་ཏོ། །དེ་དག་ཉིད་གསུངས་པ། དཔའ་བོ་ཀུན་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་གཅིག་ཏུ་

གྱུར་པའི་ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་ཀྱི་དངོས་པོའོ། །ཐམས་ཅད་གཅིག་ཏུ་གྱུར་པ་ཉིད་དེ་ཡང་ན་རྩ་ཐམས་ཅད་ཉིད་དོ། །བདུད་རྩི་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐར་པ་སྟེ། འདི་ཉིད་བཅོམ་ལྡན་འདས་མ་ཉོན་མོངས་པ་ལ་སོགས་པའི་བདུད་རྣམས་

ལ་མི་འཇིགས་པར་མཛད་པས་དྲག་པོའི་གཟུགས་ཅན་མའོ། །འདི་དག་གི་སྤྱི་བོའི་འཁོར་ལོ་ལས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་རྩ་ཐམས་ཅད་ཁྱབ་པར་བྱས་ཏེ། བདེ་བ་ཆེན་པོའི་རང་བཞིན་ཉིད་ཀྱིས་ཞུ་བའི་བྱང་ཆུབ་ཀྱི་སེམས་དང་བཅོམ་ལྡན་འདས་མ་གཉིས་དགའ་བ་ཆེན་པོ་སྐྱེད་

เล่ม ๒๑ · หน้า 83b

པར་བྱེད་པ་ཉིད་ལས་ཆང་གི་གཟུགས་ཅན་མའོ། །གང་གསུངས་པ། གང་ཞིག་ཐིག་ལེ་དཀར་པོའི་རྒྱུན་རྣམས་ཉིན་དང་མཚན་མོར་འབབ་པ་དེ་ནི་ཆང་མིན་མཱ་མ་ཀཱི། ཞེས་པ་དང་། འདི་ཉིད་དུ་ཡང་། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་

མར་དྲན། །ཞེས་པའི་ཚིག་ལས་དབྱེ་བ་མེད་པ་དེ་ཉིད་ཀྱི་ཕྱིར། འགའ་ཞིག་ཏུ་བཅོམ་ལྡན་འདས་ཀྱི་རང་བཞིན་གྱིས་བདེ་བ་དང་བྱང་ཆུབ་ཀྱི་སེམས་ཀྱང་བསྟན་ཏོ། །དེ་ཉིད་འགའ་ཞིག་ཏུ་སྐྱེས་པའི་རྟགས་དང་། བུད་མེད་ཀྱི་རྟགས་ཀྱིས་ཀྱང་སྟེ། བདེ་བ་ཙམ་ལ་ལྟོས་པས་མ་

ནིང་གིས་ཀྱང་བསྟན་ཏོ། །འཕྲོག་པ་ཞེས་པ་སྡུག་བསྔལ་ལ་སོགས་པའོ། །བྱེད་པ་ནི་དགའ་བ་ལ་སོགས་པའོ། །ལོངས་སྤྱོད་ནི་སེམས་ཀྱི་རང་བཞིན་ཉིད་ལས་སེམས་ཁོ་ན་བདེ་བ་ཆེན་པོའི་རང་བཞིན་ཏེ། དེའི་སྙིང་པོའི་བདུད་རྩི་དེ་བཞིན་ནོ་ཞེས་པའོ། །དེ་དང་དེ་དག་ཀུན་རྫོབ་

ཏུ་ལུས་ཀྱི་ནང་དུ་བདུད་རྩི་ཇི་ལྟ་བ་དེ་ལྟར་ཕྱི་རོལ་དུ་ཡང་ངོ་ཞེས་སྟོན་པ་ཐབ་ཁུང་ཞེས་པ་ལ་སོགས་པའོ། །དགོས་པ་གསུངས་པ་ཆང་མེད་ཅེས་པ་ལ་སོགས་པ་སྟེ་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའོ། །རྣམ་ཤེས་ནི་འཇིག་རྟེན་པའོ། །དེའི་ཕྱིར་ཡེ་ཤེས་རྣམ་ཤེས་ཕུན་སུམ་

ཚོགས་པ་ཞེས་པ་དང་། འགྲོ་བ་ཀུན་དུ་རྨོངས་པ་སྟེ། འདི་དག་གིས་འདིའི་རང་བཞིན་བསྒྲགས་པའོ། །ཁྱད་པར་གྱི་དགོས་པ་ཡང་གསུངས་པ། གནས་ཞེས་པ་ལ་སོགས་པ་སྟེ། གནས་ལ་སོགས་པར་ཕྱིན་ནས་མཆོད་པའི་དོན་དུ་འདི་མཆོག་གོ་ཞེས་པའི་དོན་ཏོ། །དེ་ཅི་འདི་

བསྟན་བཅོས་ཐམས་ཅད་ཀྱི་ཡང་དག་པའི་འདོད་པའམ་ཞེ་ན་གསུངས་པ་རྒྱུད་དང་ཞེས་པ་ལ་སོགས་པའོ། །ཀུན་སྤྱོད་ཀྱི་ཆོ་ག་ཉེ་བར་སྟོན་པ་གསུངས་པ། ལྷག་པར་ཞེས་པ་ལ་སོགས་པ་སྟེ། ལྷག་པར་བྱེད་པ་ནི་རྣལ་འབྱོར་པའི་བཏུང་བའི་དོན་དུའོ། །བླ་མ་དཔའ་བོ་དང་རྣལ་འབྱོར་མ་རྣམས་

སོ། །འདི་ལྟར་གསུངས་ཏེ་ལག་པ་གཡས་པར་ཧོཿཡིག་ལས་སྐྱེས་པའི་འཁོར་ལོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཧོཿཡིག་གིས་བྱིན་གྱིས་བརླབས་པ་རྣམ་པར་བསྒོམས་ཏེ། དེའི་སྟེང་དུ་རྫས་ཀྱི་སྣོད་ལ་ཧ་ཡིག་ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཧ་ཡིག་གིས་བྱིན་

เล่ม ๒๑ · หน้า 84a

གྱིས་བརླབས་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྣམ་པར་བསྒོམས་པའི་ལག་པ་གཡོན་པས་བཀབ་ཅིང་རྫས་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧྲཱིཿཡིག་མི་བསྐྱོད་པའི་རང་བཞིན་བལྟས་ནས་ལན་གསུམ་དང་ལྔ་དང་བདུན་དུ་ཧ་ཧོཿཧྲཱིཿཞེས་པའི་སྔགས་བརྗོད་དེ། ཨོཾ་

ཨཱཿཧཱུཾ་ཞེས་པའི་སྔགས་རྫས་ཀྱི་སྟེང་དུ་རིམ་པས་གཡས་དང་གཡོན་དང་མདུན་དུ་གནས་པ་དེ་ཁོ་ན་ལྟར་བརྗོད་ཅིང་མཉེས་པར་བྱེད་པའི་ཆོ་གས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཉེས་པར་བྱས་ཏེ་རང་ཉིད་བརྟེན་པར་བྱའོ། །དེ་ལྟར་མ་བྱས་པར་བརྟེན་པའི་ཉེས་པ་གསུངས་པ།

ལྷ་གསུམ་ཞེས་པ་ལ་སོགས་པ་སྟེ། ལྷ་གསུམ་ནི་རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་དང་མི་བསྐྱོད་པའི་བདག་ཉིད་ཨོཾ་ལ་སོགས་པའོ། །བླ་མ་ལ་འཁུ་བླ་མར་སྨོད། །སེམས་ཅན་འཁུ་ལ་ཞེས་པ་འདི་རྣམས་ལ་སྦྱིན་པར་མི་བྱ་སྟེ། འདི་རྣམས་དམ་ཚིག་ལ་གཞུག་

པར་མི་བྱའོ་ཞེས་པའི་དོན་ཏོ། །དམ་ཚིག་དང་ལྡན་པ་ལ་ནི་སླུ་བར་མི་བྱའོ་ཞེས་གསུངས་པ། རྣལ་འབྱོར་ཞེས་པ་ལ་སོགས་པའོ། །ཆོ་གས་བསྟེན་པའི་འབྲས་བུ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པའོ། །གཙོ་བོའི་དོན་དུ་རྣམ་པར་དབྱེ་བས་བསྟན་པའི་ཕྱིར་

གསུངས་པ། རྫས་ཞེས་པ་ལ་སོགས་པ་སྟེ་རྫས་ནི་སྐྱུ་རུ་ར་ལ་སོགས་པའོ། །རྩ་བ་ནི་སྨན་སྣ་ཚོགས་པ་རྣམས་ཀྱིའོ། །ཤིང་སྐྱེས་ཞེས་པ་ཨ་མྲ་ལ་སོགས་པའོ། །གཙོ་བོའི་ཆོ་ག་གསུངས་པ། མཐའ་ཡས་ཞེས་པ་ལ་སོགས་པའོ། །ཤི་གྲུ་ནི་ཤཽ་བྷཉྫ་ནའོ། །པཱསྠཱ་མ་

ཞེས་པ་སྲང་བཅུ་དྲུག་གོ། །འབྱུང་པོའི་མེ་ཏོག་ཅེས་པ་འབྱུང་པོའི་སྐྲ་ཞེས་པ་སྟེ་རབ་ཏུ་གྲགས་སོ། །མ་ལ་ཡ་ནི་ཙནྡན་ནོ། །ཤཱ་རི་བ་ཞེས་པ་ཨུཏྤལ་ཤཱ་རི་བ་སྟེ། ཨཙྪུ་ཨཏྟི་ཞེས་འཇིག་རྟེན་དུ་གྲགས་སོ། །ཀྲཱནྟ་ཞེས་པ་ཁྱབ་འཇུག་ཀྲཱནྟ་སྟེ། ལེགས་མཐོང་ཞེས་འགའ་ཞིག་

གོ། །རྐང་པའི་ཆ་ཡིས་ཞེས་པ་ཆུ་སྟེ་དྷ་ཏ་ཀི་ལ་སོགས་པ་རྣམས་ཀྱི་སྲང་བརྒྱད་རྣམས་ཞེས་པའི་དོན་ཏོ། །སེ་བྱ་ནི་ཨུ་ཤཱི་རའོ། །མཱ་ག་དྷ་ཞེས་པ་པི་པི་ལིང་ངོ་། །ཆུ་ནི་ཞེས་པ་སྲང་བཅུ་དྲུག་གོ། །ཙཀྲ་ནི་ལེགས་མཐོང་ངོ་། །བུང་བ་ཅན་ཞེས་པ་སྦྲང་རྩི་སྟེ། ཤི་གྲུའི་རྩ་བའི་

เล่ม ๒๑ · หน้า 84b

ཁུ་བ་རས་ལ་བཙགས་པ་སྦྲང་རྩིའི་བརྒྱད་འགྱུར་ལ་སྦྲང་རྩིའི་ལྷག་མར་བཙོ་བར་བྱའོ་ཞེས་པའི་དོན་ཏོ། །བརྒྱའི་ཆ་ཤས་ཀྱིས་ཞེས་པ་སྦྲང་རྩིའོ། །འབིགས་པ་ཞེས་པ་གཞུག་པའི་དོན་ཏོ། །སྦྲང་མ་ནི་སྦྲང་མ་ལས་ཏེ། དེ་ལས་གྲུབ་པ་ཞེས་པ་འདི་ནི་སྦྲང་རྩི་ཞེས་པའི་དོན་ཏོ། །

དེ་ཡང་བཞི་འགྱུར་ཏེ། སཽ་བྷཉྫ་ན་དང་རའི་ཆུ་སྦྲང་རྩིའི་ལྷག་མར་བཙོ་བར་བྱའོ། །རྣམ་པ་གཉིས་པ་ཞེས་པ་ཉིས་འགྱུར་ཏེ། ཏུ་ཧི་ན་ཞེས་པ་ཏུ་ཧི་ན་ག་བུར་ལ་སོགས་སོ། །གྲུབ་པ་རྐང་པའི་ལྷག་མ་ནི། ཞེས་པ་བཞི་ཆ་ལྷག་པའོ། །དྲིའི་རྫས་ཞེས་པ་བརྗོད་མ་ཐག་པའིའོ། །དེ་ཉིད་

ཀྱིས་ནི་རིམ་པ་འགྲུབ་པས་ཞེས་པ་འགྲུབ་སྟེ། ཟླ་བ་སོ་སོར་སྦྱར་བའོ། །ཡུལ་གྱི་རྗེས་འགྲོ་ཞེས་པ་ཆང་ཡུལ་གྱི་རྗེས་སུ་འགྲོ་བ་ཞེས་ཤེས་པར་བྱའོ། །ཡུལ་ནི་ཉེ་བར་མཚོན་པ་སྟེ། །དུས་ཀྱི་ཡང་སྟེ་དྲོད་ཆུང་བའི་ཡུལ་དང་དུས་སུ་ཉིན་གཅིག་ལ་ཚར་བའི་ཆང་མི་བྱའོ་ཞེས་དགོངས་

པའོ། །མཆོད་པ་ཞེས་པ་མཆོད་པ་རྣམས་ཏེ་ཇི་ལྟར་མར་དང་བྲལ་བའི་སྦྱིན་སྲེག་དང་། མི་རིགས་ཉིད་གཞན་དུ་སྲིད་མིན་ཞེས་པ་འདི་མི་རིགས་པ་སྟེ་གསུངས་པ་ལས་གཞན་དུ་འདིའི་མཆོད་པ་ལ་སོགས་པའི་བྱེ་བྲག་གི་རིགས་པ་སྲིད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གླེགས་

བམ་ཁ་ཅིག་ལས་གྲོལ་བ། །ཞེས་བརྗོད་དེ། གྲོལ་བ་ཉིད་གཞན་དུ་སྲིད་པ་མིན་ཏེ་ཆོས་དང་བྲལ་བ་ཞེས་པའི་དོན་ཏོ། །འབྲས་ལས་ཞེས་པ་འབྲས་ལས་ཡང་དག་པར་བྱུང་བའི་ཆང་། མཆོག་མ་ཡིན་ཞེས་པ་ལྷག་མའོ། །གང་དུ་ཞེས་པ་གང་དུ་ཡང་སྟེ་དེ་དམ་ཚིག་ཏུ་འགྱུར་བ་

མ་ཡིན་ནོ། །འབྲས་ལ་སོགས་པ་གཙོ་བོར་གྱུར་པའི་མྱོས་བྱེད་ནི་རོ་དང་ནུས་པ་དང་སྨིན་པ་ཁྱད་པར་དུ་འཕགས་པ་མ་ཡིན་པའི་ཕྱིར་དམ་ཚིག་ཏུ་འོས་པ་མ་ཡིན་ནོ། །དེའི་ཕྱིར་གསུངས་པའི་བྱེ་བྲག་རྣམས་བསྒྲུབ་པར་བྱའོ་ཞེས་དགོངས་པའོ། །གླེགས་བམ་ཁ་ཅིག་ལ་གཞན་དུ་

སྲིད་པ་ཞེས་བརྗོད་དོ། །དེའི་ཚེ་མྱོས་བྱེད་ལས་གཞན་གང་དུའང་དམ་ཚིག་སྲིད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དམ་ཚིག་ཡོངས་སུ་བསྐྱང་བ་དང་བླ་མ་མཉེས་པར་བྱེད་པ་ནི་མྱོས་བྱེད་དོ་ཞེས་སྟོན་པ་བདག་ཉིད་ཅེས་པ་ལ་སོགས་པའོ། །ལ་ལ་ཞེས་པ་རྣལ་འབྱོར་པས་དམ་

เล่ม ๒๑ · หน้า 85a

ཚིག་ཡོངས་སུ་བསྐྱང་བའི་བསོད་ནམས་དང་བླ་མ་མཉེས་པ་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐོབ་པར་འགྱུར་ཏེ། དེ་ཡང་དམ་ཚིག་གི་རྫས་དང་བྲལ་བས་མ་ཡིན་ནོ་ཞེས་པས་གདོན་མི་ཟ་བར་དམ་ཚིག་གི་རྫས་གཙོ་བོར་བྱའོ་

ཞེས་ཁྱད་པར་གྱིས་བསྟན་པར་བྱས་པའོ། །དེ་ལ་འདི་ནི་བཙོ་བོའི་ཆོ་ག་སྟེ་ཡུལ་དང་དུས་དང་ནུས་པ་ཇི་ལྟ་བ་བཞིན་ཇི་ལྟར་གསུངས་པའི་སྨན་རྣམས་ཉེ་བར་བཞག་ནས། ཤེས་རབ་དང་བཅས་པའི་སྔགས་པས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་རང་གི་ལྷག་པའི་

ལྷའི་རྣལ་འབྱོར་དང་ལྡན་པའི་མདུན་དུ་མཐའ་ཡས་དང་ནོར་རྒྱས་དང་། ཆུ་ལྷ་སྟེ་ཀླུའི་བདག་པོ་གསུམ་གྱི་རང་བཞིན་ཆུན་པོ་ལ་སོགས་པའི་གདན་གྱི་སྟེང་དུ་རྫ་མ་གུ་གུལ་གྱི་བདུག་པས་བདུགས་ཏེ། མེ་ཏོག་གིས་མཆོད་ལ། དེའི་ནང་དུ་ཤཽ་བྷཉྫ་ན་ལ་སོགས་པ་

གནུར་བའི་གོང་བུ་ཆུ་དང་བསྲེས་པ་བཅུག་ནས་རྫ་མའི་ནང་དུ་སྐད་ཅིག་ལ་དཔལ་རྡོ་རྗེ་ཕག་མོས་འཁྱུད་པའི་དཔལ་བདེ་མཆོག་འཁོར་དང་བཅས་པ་བདེ་བ་ཆེན་པོར་ཞུ་བར་གྱུར་པ་ལས་སྐྱེས་པའི་མཾ་ཡིག་ལས་བྱུང་བའི་ཆང་གི་ལྷ་མོ་ཇི་ལྟར་གསུངས་པའི་རང་བཞིན་ཅན་རྣམ་

པར་བསྒོམས་ཏེ། བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩི་ཁུ་བའི་རང་བཞིན་ནམ་གཟུགས་ཉིད་ཀྱིས་གནས་པ་ལྷག་པར་མོས་ཤིང་སྤྲོ་བ་ལ་སོགས་པ་རྒྱུན་དུ་བྱའོ་ཞེས་པའོ། །ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།སྔགས་བཏུ་བ་ཞུས་པའི་ལན་

གདབ་པའི་ཕྱིར་གསུངས་པ། འདི་ལས་ཞེས་པ་ལ་སོགས་པའོ། །འདོད་པ་ཞེས་པ་བཅུ་གསུམ་པའོ། །དྲག་པོ་ཞེས་པ་བཅུ་གཅིག་པའོ། །བུ་ག་ཞེས་པ་དགུའོ། །ཐུབ་པ་ཞེས་པ་བདུན་ནོ། །མདའ་ཞེས་པ་ལྔ་པའོ། །གཟུགས་ཞེས་པ་གཅིག་སྟེ་འདི་ནི་མེའི་ཕ་རོལ་དུ་རྟོགས་

པར་བྱའོ། །མེ་ཞེས་པ་གསུམ་མོ། །མན་ངག་ལས་ཞེས་པ་རེའུ་མིག་བཅུ་གསུམ་གྱི་བདག་ཉིད་ཀྱི་ཕྲེང་བའི་རེའུ་མིག་དང་པོ་ནས་བརྩམས་ཏེ་ཞེས་པ་གདམས་ངག་གོ། །རེའུ་མིག་དང་པོའི་ཞེས་པ་རེའུ་མིག་གི་ཕྲེང་བ་དང་པོའི་སྡེ། ལྔ་པ་ཞེས་པ་རེའུ་མིག་ལྔ་པ་ན་གནས་པའོ། །དེ་ལ་

เล่ม ๒๑ · หน้า 85b

རེའུ་མིག་དང་པོ་ཉིད་གོང་དུ་ཡང་དག་སྦྱིན་པར་བྱ་ཞེས་པ་དེ་ཉིད་ལ་རེའུ་མིག་གི་ཕྲེང་བ་དང་པོའི་རེའུ་མིག་དང་པོ་ན་གང་གནས་པ་དེ་གོང་དུ་སྦྱིན་པར་བྱའི་ཞེས་པའི་དོན་ཏོ། །དེ་ལ་རེའུ་མིག་གཅིག་པ་ཉིད་ཅེས་ཁ་ཅིག་རྗོད་པ་ལའང་དེ་བཞིན་ནོ། །དེ་ལ་ཡོན་ཏན་དུ་བྱས་ཏེ་ཨོཾ་ཡིག་

ཏུ་འགྱུར་རོ། །དེ་ལ་རེའུ་མིག་བཅུ་གཅིག་པས་ཞེས་བརྗོད་པ་ནི་དེ་ལས་ཞེས་པ་དེ་ལ་སྟེ། རེའུ་མིག་ལས་བྲི་བའི་རིམ་པས་བགྲངས་པའི་བཅུ་གཅིག་པ་ན་གནས་པའི་ཨོཾ་ཡིག་སྟེ། དེའི་གོང་དུ་བཞག་པས་ལྷན་ཅིག་ཡོན་ཏན་དུ་བྱས་ཏེ། ཟླ་བ་ཕྱེད་པ་དང་། ལྷན་ཅིག་

པའི་ཨོཾ་ཡིག་ཏུ་འགྱུར་རོ། །མཚམས་སྦྱར་བ་ཉིད་ལས་སོ། །དེས་ན་དགུ་པའི་གྲངས་ཀྱི་རེའུ་མིག་གི་ཕྲེང་བའི་གསུམ་པ་མ་ཡིག་ཐིག་ལེའི་གཟུགས་ཟླ་བ་ཕྱེད་པའི་སྟེང་དུ་སྦྱིན་པར་བྱའོ། །ལྷག་མ་ནི་གོ་སླའོ། །འདིར་ཐོག་མར་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་ཡི་གེ་བཅུ་

པའོ། །དེ་ནས་ཉེ་བའི་སྙིང་པོའི་སྔགས་ཡི་གེ་བདུན་པའོ། །དེ་ནས་ལྷ་མོའི་སྙིང་པོའི་སྔགས་ཡི་གེ་བཅུ་གསུམ་པའོ། །དེ་ནས་རྐང་པ་བཞི་པའི་སྔགས་ཏེ་འདི་དག་བཏུ་བ་ནི་བླ་མ་ལས་ཤེས་པར་བྱའོ། །དེ་ལྟར་སྦས་པའི་དགོངས་པ་གསུངས་པ། གླེགས་བམ་ཞེས་པ་ལ་

སོགས་པའོ། །སྔགས་བཏུ་བ་འདི་དག་གང་གི་ཚེ་བྱ་ཞེ་ན། གསུངས་པ། བཅུ་པ་ཞེས་པ་ལ་སོགས་པའོ། །སྔགས་དང་ལྷ་དག་ལ་དབྱེ་བ་ནི་དམ་ཚིག་ཉམས་པ་སྟེ་དེའང་མི་བྱའོ་ཞེས་གསུངས་པ། སྲོག་ནི་ཞེས་པ་ལ་སོགས་པའོ། །ཤེས་རབ་སྣོད་པ་སྤོང་བ་འཇིག་

རྟེན་པ་ལ་ཞེས་པ་ལ་སོགས་པའོ། །ཚིམ་དང་བཟའ་བ་གཡོན་པ་སྟེ། །ཞེས་པ་ལག་པ་གཡོན་པས་ཚིམ་པ་དང་བཟའ་བ་ཡང་ངོ་། །བྱམས་པ་ཆེན་པོ་སྤོང་བ་དགག་པ་རིགས་ལྔ་ཞེས་པ་ལ་སོགས་པའོ། །ཀུན་རྟོག་ཐམས་ཅད་ངེས་གྲོལ་ཞིང་། །ཞེས་པ་ཐོག་མ་

དང་བར་དང་ཐ་མ་དང་སྟོང་པའི་ཆོས་རྣམས་ཐམས་ཅད་ལ་ཐོག་མ་ལ་སོགས་པར་རྟོག་པ་དང་བྲལ་ལོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པ་ཕུང་པོ་ལྔ་དང་དེ་བཞིན་གཤེགས་པ་ལྔ་པོ་དག་དབྱེ་བར་མི་བྱའོ། །བླ་མ་ལ་མི་གུས་པ་དང་སྨོད་པ་སྤོང་བ། བླ་མ་ཞེས་

เล่ม ๒๑ · หน้า 86a

པ་ལ་སོགས་པ་སྟེ་ཐམས་ཅད་ཅེས་པ་ལ་སོགས་པ་བླ་མའི་ཁྱད་པར་རོ། །འདི་དག་གིས་རྩ་བའི་ལྟུང་བ་ཡོངས་སྤངས་ཤིང་། །ཞེས་པ་དབང་གི་ལེའུར་གསུངས་པའི་རྩ་བའི་ལྟུང་བ་བཅུ་བཞི་པོ་རྣམས་ཀྱིས་ཇི་ཙམ་བསྟན་པ་དང་། རྒྱུད་གཞན་དུ་གསུངས་པ་

ཐམས་ཅད་ཀྱང་ཤེས་པར་བྱའོ། །འདི་ལྟ་སྟེ། བླ་མ་དམ་པ་ལ་བརྙས་ཤིང་། །རྫོགས་སངས་རྒྱས་ཀྱི་བཀའ་ལས་འདས། །ཁྲོས་པས་སྤུན་གྱི་ཉེས་པ་བརྗོད། །བྱམས་པ་ཆེན་པོ་རྣམ་པར་སྤོང་། །བྱང་ཆུབ་སེམས་ནི་ཡོངས་སྤོང་དང་། །ཐེག་གསུམ་གཞན་ལ་སྨོད་པ་

དང་། །མ་སྨིན་པ་ལ་གསང་བ་སྒྲོགས། །སངས་རྒྱས་བདག་ཉིད་ཕུང་པོར་སྨོད། །རང་བཞིན་དག་པར་སོམ་ཉི་དང་། །གདུག་ལ་ཐོག་མཐའ་བར་དུ་བྱམས། །སྟོང་པར་དེ་དང་དེར་རྟོག་ཅིང་། །དད་དང་ལྡན་པའི་སེམས་སུན་འབྱིན། །དམ་ཚིག་ཇི་བཞིན་རྙེད་མི་བརྟེན། །

བུད་མེད་སྨོད་ཅེས་བཅུ་བཞིའོ། །འདི་རྣམས་གང་རུང་ལྟུང་བ་ལ། །སླར་ཡང་དབང་བསྐུར་གྱིས་དག་བྱ། །རྩ་བའི་ལྟུང་བའོ། །ཤེས་རབ་སྟོབས་ཀྱིས་དེ་བཟུང་ཞིང་། །དེ་བཞིན་བྱང་ཆུབ་སེམས་ཀྱང་བཟུང་། །གསང་བ་སྐལ་མེད་ལ་མི་སྦེད། །ཚོགས་ཀྱི་དཀྱིལ་

འཁོར་དུ་རྩོད་ཅིང་། །དད་ལྡན་ལས་གཞན་ཆོས་ཀྱི་གཏམ། །ཉན་ཐོས་རྣམས་ཀྱི་ཞག་བདུན་གནས། །བརྫུན་ཉིད་རྣལ་འབྱོར་པ་ང་རྒྱལ། །མ་དད་པ་ལ་ཆོས་སྟོན་པ། །ཞེས་པ་སྦོམ་པོའི་ལྟུང་བ་བརྒྱད། །ཉམས་པར་གྱུར་ན་བཤགས་བྱ་སྟེ། །ཆོ་ག་ལས་ནི་ཤེས་

པར་བྱ། །རྩ་བ་སྦོམ་པོའི་ལྟུང་བའི་རིམ། །ཞེས་པའོ། །ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།ཚར་བཅད་རྗེས་གཟུང་ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ཞེས་པ་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་

སོ། །གདོལ་བའི་མེ་ལ་ཞེས་པ་གདོལ་པའི་ཁྱིམ་ནས་བླངས་པའི་མེ་ལའོ། །མཚན་ཕྱེད་ཅེས་པ་མཚན་ཕྱེད་ནའོ། །ཤ་ཟའི་མེ་ཞེས་པ་དུར་ཁྲོད་ཀྱི་མེའོ། །རླུང་གི་སྟེང་གི་ཕྱོགས་གནས་པ། །ཞེས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པའོ། །འདི་ལྟར་གསུངས་ཏེ། འགུགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด