དཔལ་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་རིམ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་ཡོ་གི་ནཱི་མནྟྲ་ཏཏྟྭ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๓ · หน้า 192b
༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནཱི་མནྟྲ་ཏཏྟྭ། ཨརྠ་ནིར་དེ་ཤ་སླ་ཨ་དྷིཥྛཱ་ན་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །སྔགས་
གཟུགས་རྒྱལ་བའི་དབང་ཕྱུག་མ། །ཤིན་ཏུ་འཇིགས་ཤིང་མཆོག་སྟེར་བྱེད། །ཐིག་ལེ་ཕྲ་མོར་ཉེར་གནས་པ། །ཕྱག་འཚལ་རྡོ་རྗེ་ཕག་མོ་དཔལ། །ཡི་གེ་རེའི་དེ་ཁོ་ན་ཉིད། །འཕྲལ་དུ་ཡང་དག་ཡིད་ཆེས་བྱེད། །བགེགས་རྣམས་ཐམས་ཅད་རླག་པར་བྱེད། །གསང་སྔགས་དོན་ནི་བཤད་
པར་བྱ། །བུ་ཡི་ཡི་གེའི་མདུན་དུ་བལྟ། །ཕྱག་འཚལ་ཡི་གེ་རབ་གསལ་བ། །ཆོས་ཀྱིས་ལམ་དེ་བཤད་པར་བྱ། །རྦ་རླབས་མེད་ཅིང་དྲི་མ་མེད། །ཉི་མ་ལྟ་བུའི་རྣམ་པ་ཅན། །ཆོས་ཀུན་རབ་ཏུ་མི་གནས་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །བློ་དང་ལྡན་པས་རྟག་ཏུ་བསྒོམ། །ཆོས་ཀྱི་
སྐུ་ནི་ཐོབ་འགྱུར་བ། །བློ་ལྡན་སྐྱེ་བ་འདི་ཡིས་ནི། །དེ་ལ་གོམས་པ་ཙམ་གྱིས་ནི། །འཕྲལ་དུ་ཡང་དག་ཡིད་ཆེས་འགྱུར། །རིག་བྱེད་དང་པོ་གཡོན་དུ་བསམ། །ལོངས་སྐུ་སྤྱོད་ལམ་ལེགས་པ་ཡིན། །རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་ཏེ། །ཤིན་ཏུ་ལེགས་པའི་འོད་གསལ་བ། །འདི་ནི་ཟུང་འཇུག་
ཤེས་བྱ་སྟེ། །ཇི་ལྟར་བྲག་ཅ་འདྲ་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་འགྱུར། །རང་རིག་བདེ་བའི་མཆོག་གྱུར་བ། །གཡས་པ་ཡེ་ཤེས་རྒྱ་མཚོ་སྟེ། །སྤྲུལ་པའི་ལམ་ནི་དྲི་མ་མེད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཆུ་ཟླ་འདྲ་བར་བསམ་པར་བྱ། །སྤྲུལ་པའི་སྐུ་ནི་ཡང་དག་ཐོབ། །མེ་
ལོང་གཟུགས་བརྙན་འདྲ་བ་བཞིན། །ལྷན་ཅིག་སྐྱེས་རྣམས་རྒྱུ་མཐུན་པས། །བླ་ན་མེད་པའི་གོ་འཕང་ཐོབ། །ཨོཾ་ཡིག་གསུམ་དང་ཡང་དག་སྦྱོར། །ཐིག་ལེ་ཡང་དག་བསྡུས་པ་གཅིག །དེ་ཤེས་རབ་ཏུ་མི་གནས་པ། །ཆོས་དབྱིངས་བདག་ཉིད་ངེས་པ་ཡིན། །ཡིད་ནི་དེར་སོང་སྔགས་པ་ནི། །སྣང་བ་མེད་
པའི་གོ་འཕང་འགྲོ། །བླ་ན་མེད་པའི་ལམ་སྤྱད་དེ། །ཡང་དག་རྫོགས་སངས་རྒྱས་ཀྱིས་གསུངས། །ས་ཡིག་རི་བོང་ཅན་གཟུགས་གནས། །ཐིག་ལེ་ལྷན་སྐྱེས་མི་འཇིགས་པ། །དེ་ནི་སྲོག་གིས་རྣམ་པར་ཤེས། །བླ་མ་དམ་པའི་མན་ངག་གིས། །མཛོད་སྤུ་ཆེན་པོའི་སྒོ་རུ་ནི། །སྣ་ཚོགས་ཐིག་ལེ་
เล่ม ๒๓ · หน้า 193a
རྣམ་པར་སྒོམ། །དངོས་གྲུབ་མ་ལུས་ཐོབ་དོན་དུ། །ཡང་དག་རྫོགས་པའི་བྱང་ཆུབ་འགྲོ། །བ་ཡིག་ར་དང་ཡང་དག་ལྡན། །ཚངས་པའི་བུ་གའི་རྣལ་འབྱོར་བྱེད། །ལེགས་པའི་འོད་ཟེར་རྣམ་པ་ལྔ། །སྣ་ཚོགས་རྡོ་རྗེ་རྣམ་དག་འགྲོ། །ཛ་ཡིག་ནང་དུ་ཡང་དག་བསམ། །ཇི་ལྟར་
མེ་ཤེལ་ཇི་བཞིན་ནི། །གཞན་གྱིས་གྲོང་དུ་འཇུག་པར་ནུས། །རྫུ་འཕྲུལ་སྣ་ཚོགས་ནུས་པར་འགྱུར། །བུ་ཡིག་ཆུ་བུར་རྣམ་པ་འདྲ། །དག་པའི་ཤེལ་དང་མཚུངས་པ་ནི། །འགྲོ་དྲུག་རྒྱུ་ནི་བསྲེག་བྱས་ནས། །མངོན་ཤེས་དྲུག་གི་གོ་འཕང་ཐོབ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །ཡུན་མི་
རིང་བར་ངེས་པར་ཐོབ། །ཨོཾ་ཡིག་ལ་གནས་རྣམ་པར་ལྟ། །བླ་མེད་གོ་འཕང་ཡང་དག་འཐོབ། །དྷ་ཡིག་གཉིས་མེད་ངོ་བོ་སྟེ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །གློག་དང་བྱི་རུ་ཡང་དག་འདྲ། །ཨ་ཡིག་ནང་དུ་སང་གནས་པས། །ཉིན་མཚན་དག་པར་བསྒོམ་པ་ལས། །འཕྲལ་དུ་ཡིད་ཆེས་བྱེད་
པ་སྟེ། །མཁས་པས་བསྒོམས་པའི་སྟོབས་ཀྱིས་ནི། །ཅི་ཕྱིར་ངོ་མཚར་གསལ་མི་འགྱུར། །ཌཱ་ཡིག་མཁའ་འགྲོ་མ་ཡིས་འདྲ། །བདེ་བའི་གཞི་ནི་ཟླ་འོད་ཅན། །གོ་ཡིག་ནང་དུ་རྣམ་བསྒོམས་པས། །མཁའ་ལ་སྤྱོད་པ་ནུས་པར་འགྱུར། །གི་ཡིག་རྒྱ་སྐྱེགས་མེ་ཏོག་མཚུངས། །འོད་ཟེར་འབར་
བ་གསལ་གྱུར་པ། །ར་ཡིག་ནང་དུ་ཡང་དག་གནས། །འོད་ཀྱི་ཕུང་པོར་རྣམ་པར་བསྒོམས། །བསྒོམས་པས་བདེ་བ་ཡང་དག་སྐྱེ། །ནད་མེད་གོ་འཕང་ཐོབ་པར་འགྱུར། །ཕྱི་ནས་ཐུབ་དབང་གོ་འཕང་ནི། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །ནི་ཡི་ཡི་གེ་ནད་སེལ་བ། །ཨིནྡྲ་ནཱི་ལ་ལྟར་ནུས་པ། །
དེ་ཡིག་སྙིང་པོར་ཡང་དག་འབྱུང་། །སྟོན་ཀའི་ཟླ་བ་ལྟ་བུར་བསྒོམ། །ཡང་དག་བླ་མའི་མན་ངག་སྟེ། །ལྷ་ཡི་མིག་གིས་བལྟ་བར་བྱ། །སྤྱན་ལྔ་པོ་ནི་ཐོབ་འགྱུར་ཏེ། །དེ་ཚེ་སངས་རྒྱས་ཉིད་དུ་འགྱུར། །ཡི་ཡིག་མཁའ་འདྲའི་ཡེ་ཤེས་ནི། །འོད་ཟེར་ཕྲེང་བ་འཁྲུགས་པས་འཁྲུགས། །རྣལ་འབྱོར་
ཆེན་པོས་ལྟ་བར་བྱེད། །མ་ཡིག་ནང་དུ་ཡང་དག་གནས། །མཉམ་པ་ཉིད་ཀྱི་ཡིད་ཀྱིས་ནི། །ཐེ་ཚོམ་མེད་པར་བསམ་པར་བྱ། །རྒས་དང་འཆི་བ་རྣམ་པར་སྤངས། །བླ་ན་མེད་པ་རབ་ཏུ་འཐོབ། །བ་ཡིག་ཐིག་ལེ་ཟླུམ་པོ་ནི། །མཛེས་པའི་སྐར་མ་སྐར་ཆེན་འདྲ། །ཀ་ཡིག་བཞི་ལ་ཡང་དག་
เล่ม ๒๓ · หน้า 193b
གནས། །བསྒོམ་བྱ་རང་བཞིན་གཡོ་མེད་པ། །འདོད་དོན་འབྲས་བུ་ཐོབ་འགྱུར་ཏེ། །ཡང་དག་རྫོགས་པའི་བྱང་ཆུབ་བྱེད། །དངོས་དང་དངོས་མེད་རྣམ་པར་གྲོལ། །ལུས་ཅན་གྱིས་ནི་མངོན་སུམ་བྱེད། །མེ་ཡི་ས་བོན་གཟི་བརྗིད་ལྡན། །འབར་བ་གསེར་འགྱུར་ལྟ་བུའི་མེ། །ཨོ་ཡིག་དབུས་སུ་གཞག་
པར་བྱ། །ལེགས་པའི་བློ་ཡིས་རྟག་ཏུ་བསམས། །ནམ་མཁའ་བསྲེགས་པ་ཙམ་གྱིས་ནི། །དངོས་གྲུབ་རི་ཡི་བདུད་རྩི་འཛག །དེ་ཡིས་ཡང་དག་བྱུགས་ཙམ་གྱིས། །བྱང་ཆུབ་གསེར་ནི་ཐོབ་པར་འགྱུར། །ཝ་ཡིག་ཁ་དོག་སྣ་ཚོགས་པ། །གཞན་ཡང་ཡིད་བཞིན་ནོར་བུ་ལྟར། །ཏྲི་ཡིག་དབུས་སུ་
ཡང་དག་གནས། །མར་ཁུའི་མེ་བཞིན་འབར་བ་ཡིས། །ཉོན་མོངས་མ་ལུས་བསྲེག་བྱས་ནས། །ཁམས་དང་དབང་པོ་ལ་སོགས་ཀྱང་། །ལེགས་ཞུ་ཧེ་རུ་ཀ་ཡི་མཆོག །བླ་ན་མེད་པ་མྱུར་དུ་ཐོབ། །ཎྞ་ཡིག་ར་དང་ཡང་དག་ལྡན། །ཡི་གེ་གསུམ་ནི་ཆེ་བར་འབར། །ཀོ་ཡི་ཡི་གེའི་ཕུག་ཏུ་གཞག།།
བློ་དང་ལྡན་པས་རང་སེམས་བསྒོམ། །འབྱུང་བ་མཆོག་ཏུ་དགའ་བ་སྟེ། །སྲིད་དང་མྱ་ངན་འདས་ངོ་ནི། །རབ་འཇུག་བྲལ་བས་དགའ་བ་སྟེ། །མྱ་ངན་འདས་པའི་ཆོས་ནི་བསམ། །ལྷན་ཅིག་སྐྱེས་དགའ་མི་གཡོ་བ། །ལྷན་ཅིག་སྦྱོར་བས་ནང་དུ་གནས། །བསྒོམ་པ་བརྟན་པར་འགྱུར་བ་ཡིན། །བླ་
ན་མེད་པའི་གོ་འཕང་ཐོབ། །ཨུཏྤལ་སྔོན་པོ་ལྟ་བུ་ཡི། །ནི་ཡིག་སྔོན་པོའི་ཐིག་ལེ་ནི། །ཀ་ཡིག་སྒོ་ཡི་དབུས་གནས་པར། །མེ་ཤེལ་ལྟ་བུར་བསྒོམ་པར་བྱ། །དེ་ཡི་དབུས་སུ་སོང་བའི་སེམས། །བདེ་བ་ཆེན་པོས་ཡོངས་སུ་གང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །བླ་མེད་གོ་འཕང་ཐོབ་པར་
འགྱུར། །ཡི་གེ་ཉི་མའི་གཟུགས་དང་འདྲ། །དེ་ཡི་དབུས་སུ་བདེ་མཛད་མ། །ལ་ཡིག་ཕུག་ཏུ་ཡང་དག་གནས། །དྲི་མ་བྲལ་བ་རྟག་ཏུ་བསྒོམ། །སེམས་ནི་དེ་རུ་སོང་བ་ལ། །རང་རིག་པ་ནི་ཐོབ་པར་འགྱུར། །རང་རིག་རྣལ་འབྱོར་པ་དེ་ཡིས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །བ་ཡིག་
གློག་འགྱུའི་རྣམ་པ་ནི། །སྣང་བ་སྒྲ་ཡི་རྗེས་ཆགས་སྐྱེས། །ཀ་ཡིག་དབུས་སུ་ཡང་དག་བལྟ། །དུས་མཚན་ཉིད་ནི་ལོག་པར་བྱེད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གནས། །ནཱ་དའི་མཐའ་ནི་ཡེ་ཤེས་ལྟར། །དེར་གནས་སེམས་ནི་ཡང་དག་འགྱུར། །ཕྱག་རྒྱ་ཆེན་པོ་མངོན་པར་ཐོབ། །མེ་ཡི་ས་བོན་ཤིང་
เล่ม ๒๓ · หน้า 194a
རྟ་ཞོན། །ཛྲ་ཡིག་ཇི་ལྟར་འབར་བ་ནི། །ཧི་ཡིག་ལ་གནས་གཟི་བརྗིད་ཆེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རྟོག་པ་མེད་པའི་སྦྱིན་སྲེག་གིས། །ཡུལ་དང་དབང་པོའི་ཚོགས་པ་རྣམས། །དེ་ཡིས་མེ་ལྷ་མཉེས་གྱུར་ནས། །དགྱེས་པས་དངོས་གྲུབ་སྟེར་བར་བྱེད། །བཻ་ཡིག་
ཐིག་ལེའི་རང་བཞིན་ནི། །རྫ་མཁན་འཁོར་ལོ་ལྟ་བུར་འཁོར། །སྲེ་ཡིག་རྩེ་མོར་བལྟ་བར་བྱ། །ལྷན་ཅིག་སྐྱེས་དགའ་མི་གཡོ་བར། །སྲིད་དང་མྱ་ངན་བྲལ་བས་ནི། །དྲི་མ་མེད་པའི་འབྲས་བུ་ཐོབ། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །སྐྱེ་བ་འདི་ལ་དངོས་གྲུབ་ཐོབ། །རོ་ཡིག་འབར་དམར་
འཇིགས་པ་ཡི། །ངུ་འབོད་ལ་སོགས་འཇིགས་པར་བྱེད། །གྲི་ཡིག་བཤད་པའི་ལམ་ལ་གནས། །འོད་ལྡན་ཐིག་ལེ་བསྒོམ་པར་བྱ། །རྣམ་པར་སྣང་མཛད་གཟི་བརྗིད་ཆེ། །བསྒྲུབ་བྱ་ཐམས་ཅད་བསམ་པར་བྱ། །ཡུན་མི་རིང་བའི་དུས་ཀྱིས་ནི། །སངས་རྒྱས་ཆེན་པོ་ཐོབ་པར་འགྱུར། །ཟླ་
བ་ཆུ་ཤེལ་ལྟ་བུའི་འདྲ། །རྩ་ཡིག་མཛེས་པར་བསམ་པར་བྱ། །སོ་ཡིག་ནང་དུ་ཡང་དག་གནས། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །བདེ་གཤེགས་གོ་འཕང་ཐོབ་པར་འགྱུར། །བཞི་པའི་སྐུ་ཡི་མཆོག་གི་མཆོག །རྟག་ཏུ་གོམས་པའི་རྣལ་འབྱོར་གྱི། །རྣལ་འབྱོར་གྱིས་ནི་དངོས་གྲུབ་
འགྲུབ། །ནི་ཡིག་དྲི་མ་མེད་པ་ཉིད། །སྤྲིན་བྲལ་ནམ་མཁའ་ལྟ་བུ་ཡི། །སུ་ཡིག་ཡི་གེའི་ནང་གནས་པ། །ཉིན་དང་མཚན་དུ་བསྒོམ་པར་བྱ། །དངོས་དང་དངོས་མེད་རྣམ་གྲོལ་བ། །མཆོག་ཏུ་ཞི་བའི་ཆ་དང་བྲལ། །བསམ་གཏན་ཙམ་གྱིས་ཡང་དག་ཐོབ། །མཁའ་སྤྱོད་གནས་སུ་ཁྲིད་པར་
བྱེད། །ཡི་ཡིག་རང་བཞིན་མེད་པ་ཡི། །སྟོང་ཉིད་ཕྲ་ལ་རྡུལ་མེད་པ། །ན་ཡིག་གནས་པའི་ཡང་དག་ལྷ། །འོད་ལྡན་རང་བཞིན་དྲི་མ་མེད། །དེ་ཡི་དབུས་སུ་སེམས་གཞག་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྲིད་ལས་གྲོལ་བ་བལྟ་བར་བྱ། །སངས་རྒྱས་ཉིད་ནི་གྲགས་པ་བསྟན། །
ཕཊ་ཡིག་སེར་པོ་ཐིག་ལེ་ནི། །རྩེ་མོ་རྣམས་ལ་མར་ལྟ་བུ། །ས་ཡིག་ནང་དུ་གཞག་པར་བྱ། །འདོད་ལྡན་དྲང་ཞིང་བསམ་པར་བྱ། །ཉོན་མོངས་ཁམས་ནི་ཡང་དག་བསྲེགས། །ཕུང་པོ་ཁམས་ནི་ཟད་པར་འགྲོ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །སྐྱེ་བ་དང་ནི་འཆི་བ་སྤངས། །ས་འདོད་རང་འདོད་
เล่ม ๒๓ · หน้า 194b
རིག་མར་གྲགས། །ཡིད་ཀྱི་སྤྲུལ་པས་མཛེས་པའོ། །མ་ཡིག་གཞོན་པ་རྣམ་པར་བལྟ། །ཡིད་ལ་སིང་བ་ཡོད་སྙམ་བྱེད། །སྒྱུ་མ་ལྟ་བུར་ཡང་དག་གནས། །དྲི་ཟ་ཡི་ནི་གྲོང་ཁྱེར་ལྟར། །སེམས་ཀྱི་འཇུག་པ་ཙམ་གྱིས་ནི། །དེ་ལ་གོ་འཕང་བླ་ན་མེད། །ཧ་ཡིག་ཕལ་མ་ཡང་དག་གནས། །འོད་ཟེར་
འཁོར་ལོ་གཡོ་ཞིང་འབྱུང་། །ཀུ་ཡི་དབུས་སུ་ཡང་དག་བལྟ། །ཐིག་ལེ་རང་བཞིན་དྲི་མ་མེད། །བསྒོམ་པ་བསྟན་པར་འགྱུར་བ་ཡིས། །འཆི་མེད་ཉིད་དུ་སྐྱེ་བར་འགྱུར། །ཡུན་མི་རིང་བའི་དུས་ཀྱིས་ནི། །གོ་འཕང་བླ་ན་མེད་པ་ཐོབ། །ཧྲི་བྲིའི་ཡི་གེའི་དབུས་སུ་ནི། །ཡིད་དུ་འོང་བའི་སངས་རྒྱས་
གནས། །དྲག་པོ་གསུམ་དང་ལྡན་པ་ལ། །དེའི་དབུས་གསལ་བར་བསྒོམ་པའོ། །གཡས་ན་མར་མེ་ཉི་མའི་ཆ། །སྲིད་དང་སྙིང་རྗེ་སྤྲུལ་པའོ། །ཉིན་མོ་རབ་གནས་ཡེ་ཤེས་གྲགས། །དུས་དང་ཐབས་ཀྱིས་ཀུན་རྫོབ་པོ། །ལྷོ་རུ་རྒྱུ་བབ་འདུ་བ་སྟེ། །རྩ་ནས་ཁྲག་ནི་འབར་བར་བྱེད། །འབྱིན་
པས་ཉོན་མོངས་ངེས་པར་འཇོམས། །ལུས་ནི་མྱ་ངན་འདས་བསྒོམ་བྱ། །གཡོན་གྱི་ཧཱུཾ་གི་ཡི་གེ་དཀར། །རྣམ་ཤེས་རྨི་ལམ་ཟླ་བ་ཉིད། །བྱང་དུ་འགྲོ་བ་ཤེས་རབ་བརྗོད། །སྟོང་ཉིད་མཚན་མོ་དེ་བཞིན་དུ། །འཇུག་པའི་ལམ་ནི་ལོངས་སྤྱོད་རྫོགས། །ཆུ་ནི་འབབ་པར་བྱེད་པའི་རྩ། །ཚངས་པ་
མྱ་ངན་འདས་པར་གྲགས། །ཉེ་བའི་ཉོན་མོངས་ཟད་བྱེད་པ། །མདུན་དུ་སྔོན་པོ་དྲག་པོ་སྟེ། །སྙིང་ལ་ཨཱ་ཡིག་མི་གཡོ་བ། །གཉིས་མེད་ཡེ་ཤེས་ཞེས་བརྗོད་པ། །དམིགས་མེད་དྲི་མ་མེད་པའོ། །ཆུ་ཤིང་མེ་ཏོག་ཡང་དག་འདྲ། །ཏིལ་གྱི་མེ་མར་བཞིན་དུ་འབར། །ཉོན་མོངས་ཀུན་ནི་ཟད་པར་བྱེད། །
དེར་སོང་སེམས་ནི་མྱ་ངན་འདས། །ཆོས་ཀྱི་ལམ་ཞེས་ཡེ་ཤེས་ནི། །ཡང་དག་ཡེ་ཤེས་མཆོག་གི་མཆོག །ཡུན་མི་རིང་བར་ཐོབ་འགྱུར་ཏེ། །རྡོ་རྗེ་སེམས་དང་མཉམ་པར་འགྱུར། །སྐུ་གསུང་རང་བཞིན་ཞེས་བརྗོད་པ། །དབུས་སུ་ཐིག་ལེ་གཞི་མེད་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད། །
སེམས་ཅན་ཀུན་ལ་རྣམ་པར་གནས། །དེ་ལྟར་བསྒོམས་པའི་རྣལ་འབྱོར་པས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །རབ་ཏུ་མི་གནས་འབྲས་ཐོབ་པས། །བླ་ན་མེད་པ་བཞི་རུ་འགྲོ། །ཨཱ་ལི་ཀཱ་ལི་འགོག་པ་ལས། །རི་མོ་དེ་ནི་ངེས་པར་སྦྱར། །རང་བཞིན་འོད་གསལ་མཆོག་གི་མཆོག །ནཱ་དའི་
เล่ม ๒๓ · หน้า 195a
མཐར་ནི་འབར་བ་ཆེ། །ཕྲ་མོར་བྱས་པའི་སེམས་ཉིད་ནི། །མི་གཡོ་ཉིད་དུ་འགྲོ་བ་ཡི། །དེ་ཡི་ལོངས་སྤྱོད་བསམས་པ་ཡི། །ལྷུན་གྱིས་གྲུབ་པ་རྟག་པ་ཉིད། །དེ་ལྟར་གུས་པས་རྒྱུན་མི་འཆད། །བསྒོམ་པ་ཡུན་རིང་རྣམ་པར་བསམ། །ཡུན་རིང་བསྒོམས་པའི་ཡིད་ཀྱིས་
ནི། །བདེ་བ་ཆེན་པོ་ཐོབ་པར་འགྱུར། །དེ་ནི་དོ་ཧ་ཀོ་ཥར་གསུངས། །ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེས་ན་འབྲས་བུ་གཅིག །དབྱེར་མེད་དེ་ནི་མངོན་བྱས་པ། །དེ་ནི་སྲིད་འདས་རྣམ་པར་གྲོལ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསུངས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །
འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་བ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོའི་རྒྱ་མཚོ་ཀུན་ལས་རྒལ། །སྦྱོར་བའི་དགོད་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་
མོངས། །བག་ཆགས་བཅས་པས་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་གསུམ་གྱིས་དོན་སྤངས་པ། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །སེམས་ཅན་ཀུན་
གྱི་ཡིད་ལ་གནས། །དེ་ལྟར་དེ་ཤེས་རྣལ་འབྱོར་པས། །གང་ཞིག་བློ་ལྡན་རྟག་ཏུ་སློབ། །འགྲུབ་པར་འགྱུར་བ་ཐེ་ཚོམ་མེད། །བསོད་ནམས་དམན་པའི་མི་ཡིས་ཀྱང་། །ཐེ་ཚོམ་མེད་པར་དེ་ཡིས་འགྲུབ། །གུས་པས་སྒྲུབ་པ་པོ་ཡིས་ནི། །གུས་བཅས་སྟོན་པ་མཆོད་བྱ་ཞིང་། །ལས་རྣམས་
ཀུན་ལ་གུས་པར་བྱ། །རོ་གཅིག་གིས་བརྗོད་རྣམ་པར་རྨོངས་པའི་སེམས་ཀྱིས་བསྒོམ་པ་ཡང་དག་གསལ་དོན་དུ། །རྩ་དང་ཁམས་ནི་མཉམ་ཉིད་མཁའ་འགྲོ་མར་ལྡན་གནས་ལ་སོགས་པའི་ས་རྣམས་དང་། །དེ་ཉིད་རེ་རེའི་དབྱེ་བ་བྱས་ལས་དཔལ་ལྡན་རྡོ་རྗེ་ལྷ་མོའི་ཐུགས། །བདེ་བ་རོ་གཅིག་གང་ལ་
གསང་བ་སུམ་ཅུ་རྩ་གཉིས་དེ་ཉིད་དྲི་མ་མེད་པ་ནི། །སྔགས་དོན་ངེས་བསྟན་བྱས་པ་ལ། །བདག་གི་དགེ་བ་གང་བསྒྲུབས་པ། །དཔལ་ལྡན་ཕྱག་རྒྱ་ཆེན་པོའི་གོ་འཕང་ནི། །དེས་ནི་འགྲོ་རྣམས་མྱུར་དུ་འགྲུབ་གྱུར་ཅིག །མཆོག་ཏུ་ཟབ་པ་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ངེས་
เล่ม ๒๓ · หน้า 195b
པར་བསྟན་པ། སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཡེ་ཤེས་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด