དཔལ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཏཏྟྭ་ཛྙཱ་ན་སིདྡྷི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๓ · หน้า 199a
༄༅༅། །རྒྱ་གར་སྐད་དུ།
ཤྲཱི་ཏཏྟྭ་ཛྙཱ་ན་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རླུང་གིས་བསྐྱོད་པས་འོག་གི་འཁོར་ལོ་ནས་བཞེངས་གློག་གི་ཟེར་ལྟར་འོད་གསལ་ཞིང་། །རྩིབས་གནས་གསུམ་དུ་བསྲེགས་ནས་འཇིག་རྟེན་གསུམ་གྱིས་མཆོད་གྱུར་བདུད་
རྩི་རྒྱུན་རབ་འབབ། །སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་སྐྱོན་བྲལ་ཤིན་ཏུ་དགའ་བའི་ཚོགས་སྟེར་བ། །དངོས་དང་དངོས་མེད་རྣམ་པར་སྤྱོད་དང་བྲལ་བའི་ཕག་མོ་ཡིས་ནི་ཁྱེད་ལ་སྲུངས། །ཀ་སོགས་ཡི་གེར་བསྐོར་ནས་སྤྲུལ་པའི་རྩིབས་ཅན་ཉིད་དབང་དཀྱིལ་འཁོར་ལས་
བཞུགས་ཤིང་། །འབར་བའི་མེ་ལྟར་རབ་འབར་བདུད་རྩི་རབ་འཛག་པདྨའི་སྐུད་པ་ལྟར་ཕྲ་བ། །རིག་མ་སངས་རྒྱས་ཚོགས་རྣམས་བསྲེག་ཅིང་འཁོར་ལོ་གསུམ་པོ་འབྱེད་པ་གང་ཡིན་པ། །ཀུན་དགའ་དང་བཅས་རོལ་པས་གྱེན་གཤེགས་ཕག་མོ་ཁྱེད་ནི་སེམས་ལ་གསལ་གྱུར་ཅིག །རྡོ་རྗེ་ཡི་ནི་
เล่ม ๒๓ · หน้า 199b
རྣལ་འབྱོར་མ། །རྡོ་རྗེ་སྔོན་སོང་ཕག་མོ་ལ། །མགོས་ཕྱག་འཚལ་ནས་རང་དྲན་ཕྱིར། །བདག་གིས་དེ་ཉིད་ཤེས་གྲུབ་བརྗོད། །ཡིད་དང་མཐུན་པའི་དབེན་གནས་སུ། །མགོན་པོས་མགོ་མཚན་བློ་ལྡན་ཞུགས་ནས་ནི། །དེར་ནི་ཤིན་ཏུ་འཇམ་པའི་སྟན་དག་ལ། །ཀུན་ནས་དག་པར་རྣམ་པར་བསྒོམ་
པར་བྱ། །དེ་རྗེས་ཡི་གེ་གསུམ་གྱིས་སྔགས་གྲུབ་པ། །རྒྱལ་བ་རྡོར་འཛིན་སྙིང་པོ་མིང་མེད་ཀྱིས། །བྲིས་ནས་མེ་ཏོག་དམར་པོས་མཆོད་པར་བྱ། །རྡོ་རྗེ་དང་པོ་མཆོག་གི་སྣོད་དུ་ནི། །གཡས་པ་ལས་གཞན་ལག་པ་བཅུག་ནས་ཀྱང་། །ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ། །ལག་པ་རེག་ནས་རྡོ་
རྗེའི་ཁྲུས་བྱའོ། །མཐེ་བོང་ཆེན་པོ་དང་ནི་སོར་མོ་རྣམས། །ཡང་དག་ལྡན་པས་ལག་པས་བཀོད་བྱས་ནས། །དཔའ་བོ་ཡི་ནི་དབང་ཕྱུག་དྲུག་པོ་ཡི། །སྔགས་རྣམས་ཀྱིས་ནི་ལུས་ལ་དགོད་པར་བྱ། །དེ་རྗེས་ལ་ཡང་རྡོ་རྗེ་འཆང་སྟེང་དུ། །ཚོན་བཟང་སྦྱར་བ་ལས་སྐྱེས་སྣོད་སྙོམས་ལ། །ཞ་ཉེ་
ལས་སྐྱེས་ཕྱེ་མ་སོ་མ་དག །སེང་རས་དག་ཏུ་དལ་བུས་བཙགས་ལ་འགྲམ། །དེར་ནི་གསེར་ལས་བྱས་པའི་ཐུར་མ་ཡིས། །རྒྱལ་བའི་སྙིང་པོའི་སྙིང་པོ་འཁོར་ལོ་ནི། །གཙུག་པུད་ཅན་གྱིས་ཟུར་ལྡན་མངོན་བྲིས་ནས། །དེ་ཡི་སྙིང་པོར་སྔགས་ཀྱི་ཕྲེང་བ་བྲི། །འཁོར་ལོའི་ཕྱི་རོལ་ཤར་གྱི་ཆ་དང་
ནི། །བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ། །བཀྲ་ཤིས་དམ་པ་རྣམས་ནི་རིམ་པ་བཞིན། །ལག་པ་གཡོན་པ་ཡིས་ནི་མངོན་པར་བྲི། །ཛཿཧཱུཾ་བཾ་ཧོཿ། །ཞེས་ནི་རབ་བརྗོད་ནས། །རྡོ་རྗེ་ལྷ་མོ་བཀུག་ནས་གསང་སྔགས་ཀྱི། །ཡི་གེ་ལ་ནི་བཅུག་ནས་བསྡམས་པ་དང་། །ཆོ་ག་ཡིས་ནི་ཡོངས་སུ་
མཉེས་པར་བྱ། །དེ་རྗེས་སྔགས་ཀྱི་རང་བཞིན་དེ་ལ་ནི། །བཟའ་དང་བཅའ་དང་བལྡག་དང་བཏུང་བ་དང་། །གཞིབ་བྱ་འདོད་ཡོན་ལྔ་དང་བཅས་རྣམས་ཀྱིས། །མཆོད་པ་རྣམ་པ་སྣ་ཚོགས་པ་དག་བྱ། །སྣ་ཚོགས་སྟོབས་ནི་མྱོས་བྱེད་དང་བཅས་པ། །ཤིན་ཏུ་ཁྱད་འཕགས་མཆོད་པ་རྣམ་ལྔ་དང་། །
གླུ་དང་རོལ་མོ་དང་ནི་གར་རྣམས་དང་། །བསྐོར་བ་ཕྱག་འཚལ་བསྟོད་པ་རྣམས་ཀྱིས་ནི། །ཉིན་རེ་བཞིན་ནམ་ཟླ་ཕྱེད་སོ་སོའམ། །ཟླ་རེ་བཞིན་ནམ་ཚེས་ནི་བཅུ་པ་ལས། །དངོས་གྲུབ་འདོད་པའི་དམ་པས་ཇི་སྐད་དུ། །བཤད་བཞིན་མཆོད་པའི་ཆོ་ག་འདི་ལ་བྱ། །དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས། །
เล่ม ๒๓ · หน้า 200a
ཕྱི་རོལ་མཆོད་པའི་ཆོ་གའོ།། །།དེ་ནས་གཙོ་ཆེན་ཕྱི་རོལ་མཆོད་པའི་ཚུལ། །བྱས་པས་སྤྲུལ་པའི་རྩིབས་ཅན་པད་དབུས་སུ། །དབུགས་བྲལ་སྙིང་གར་ཚ་ཟེར་ཅན་གཟུགས་ལ། །སྔར་བརྗོད་པ་ཡི་ལྷ་མོ་བསྒོམ་བྱ་སྟེ། །དགོངས་ཀའི་ཐུན་མཚམས་དམར་ཐག་མདོག་ཅན་འོད་
དཔུང་ཚོགས་ཀྱིས་མདུན་གྱི་གཟིར་བཅོམ་ཞིང་། །དཔག་མེད་འོད་འཕྲོ་ཉམ་ཐག་ཀུན་གཅོད་པ་ཡི་གྲི་གུག་གཡས་ཀྱི་ཕྱག་ན་འཛིན། །རྒྱལ་མཚན་དང་བཅས་གཡོན་པས་པད་སྣོད་ཤིན་ཏུ་དཀར་བ་ཁྲག་གིས་བཀང་འཛིན་ཅིང་། །ཐོད་ཕྲེང་རྡོ་རྗེ་ཕྲེང་བས་དབུ་བཅིངས་མགོ་སྐྲ་གྲོལ་ཞིང་གྱེན་དུ་འགྲེང་གྱུར་པ། །
མགོ་བོའི་ཕྲེང་བས་སྐུ་བརྒྱན་ཁྲག་གིས་ཞལ་བཀང་རོ་ཡི་སྤྱན་ལྡན་གྲོལ་བའི་གདངས། །སྐལ་ལྡན་ས་གློག་ཞལ་ནི་གྱེན་དུ་ལྟ་ཞིང་རྩ་བའི་ཞལ་ནི་ཅུང་ཟད་ཁྲོ། །ཀུན་དགའ་དང་བཅས་རྗེས་སུ་ཆགས་ཤིང་སྣ་ཚོགས་ཉམས་ཅན་སྐྱིལ་ཀྲུང་ཕྱེད་པའི་གར། །ཕྱག་རྒྱ་ལྔས་ནི་རྒྱས་བཏབ་ན་བཟའ་དང་བྲལ་བཅུ་
དྲུག་ལོ་ཚད་སྐུ་མཆོག་ཅན། །ཡེ་ཤེས་དགུག་སོགས་སྔ་མ་བཞིན་དུ་ནི། །ཆོ་གའི་རིམ་པ་སྔགས་པས་བྱས་ནས་ནི། །བཀྲ་ཤིས་དཔྲལ་བ་ཡིས་ནི་མངོན་ཕྱོགས་ལ། །མྱུར་བར་འཁོར་བ་གཅིག་ནི་བསྒོམ་པར་བྱ། །དེ་ཡི་རྗེས་ལ་བྱ་ལམ་ཁམས་སུ་ནི། །གྲུ་གསུམ་རི་མོ་ཡི་ནི་སུལ་ནང་དུ། །
འཁོར་ལོ་དམར་པོ་རབ་ཏུ་འབར་བ་ནི། །མྱུར་བར་སྔར་བཤད་ལྟ་བུར་འཁོར་བར་བསྒོམ། །ལྷག་པའི་ཤུགས་ཀྱིས་བསྟན་པ་ལྟར་གནས་ཤིང་། །རླུང་མེད་མི་གཡོ་མར་མེ་ལྟར་གསལ་དེས། །བདེ་བ་ཆེན་པོའི་འཁོར་ལོ་བཞུ་བྱས་ནས། །བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱས་ཤིང་། །སྐུ་
གསུམ་ངོ་བོ་མཆོག་ཏུ་ལྷན་ཅིག་ཏུ། །སྐྱེས་པའི་བདག་ཉིད་འགྲོ་ལ་ཁྱབ་བྱེད་ཅིང་། །བདེ་བ་དཔག་ཏུ་མེད་པའི་རྒྱུར་འཕྲོ་བ། །ནུབ་ཏུ་བལྟས་ནས་ཕྱི་ནས་བལྟ་བར་བྱ། །ཉི་མ་རེ་རེ་བཞིན་དུ་ཐུན་རེའམ། །ཇི་ལྟར་ཁོམ་བཞིན་འདི་ནི་ཇི་སྲིད་དུ། །དངོས་གྲུབ་མཚན་མ་མཐོང་བ་དེ་སྲིད་པར། །བསྒོམ་
བྱ་དེ་ཡང་གསལ་བར་བརྗོད་པར་བྱ། །འབད་མེད་སྐྱེས་པ་དགའ་མའི་ཤུགས་དང་རྗེས་འབྲེལ་བས། །གང་ཚེ་རྣམ་པར་བསྒོམས་པ་འདི་ནི་གསལ་གྱུར་ཅིང་། །ལྕགས་ཀྱིས་བཞུ་བ་ལ་སོགས་གནོད་པ་མི་ཚོར་བ། །དེ་ཚེ་གྲུབ་པ་ཉེ་བར་གནས་པར་གྱུར་པ་ཡིན། །རྔ་བོ་ཆེ་སོགས་རབ་ཏུ་བརྡུངས་པ་
เล่ม ๒๓ · หน้า 200b
རྣམས་ཀྱི་སྒྲ། །གསལ་པོར་ཉན་པའི་སྤྱོད་ཡུལ་དུ་ནི་མི་འགྱུར་ཞིང་། །གང་ཚེ་རྨི་ལམ་དུ་ནི་བླ་མེད་བྱང་ཆུབ་མཆོག །ཐོབ་ན་རིང་པོར་མི་ཐོགས་བསམ་གཏན་པས་མཆོག་འགྲུབ། །གྲུབ་པའི་མཚན་མ་མཐོང་ནས་འདྲེ་གནས་དང་། །རི་ལྗོངས་ལྗོན་པའི་རྩ་བ་ལ་སོགས་སུ། །གནས་ནས་རྫོགས་པའི་རིམ་
པའི་རྣལ་འབྱོར་ནི། །བློ་བཟངས་ཀྱིས་ནི་རྒྱུན་མི་ཆད་པར་བསྒོམ། །གྲུབ་ནས་ནོར་འཛིན་ལ་སོགས་རིམ་པ་ཡིས། །གོང་ནས་གོང་དུ་རབ་ཏུ་ཐིམ་འགྱུར་ཞིང་། །དེ་ཚེ་ནམ་མཁའ་ལྟ་བུར་སྣང་བ་ཡིས། །འོད་གསལ་བ་ཡི་ཡེ་ཤེས་ཙམ་དུ་འགྱུར། །དེ་དག་མཚན་མར་ཤེས་བྱ་མཚན་མ་ཡང་། །རྣམ་པ་
ལྔར་ནི་དེ་ཤེས་པས་རིག་བྱ། །དེ་ཉིད་ཕྱིར་ན་དེ་དག་རྣལ་འབྱོར་པས། །མཉམ་པར་གཞག་པའི་སེམས་ཀྱིས་རྟོགས་པར་བྱ། །དང་པོ་རི་དགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་པའི་རྣམ་པ་ཅན། །གསུམ་པ་མེ་ཁྱེར་དང་འདྲ་བཞི་པ་དེ། །སྒྲོན་མ་འབར་བ་ལྟ་བུར་གསལ་བ་ཡིན། །
མཚན་མ་ལྔ་པ་རྣམ་པར་མི་རྟོག་པ། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་མཐོང་ནས་ནི། །ཕྱག་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ཡིན། །ལྡང་བར་འདོད་པ་རྣལ་འབྱོར་མ་དང་མགོར་གནས་པའི། །མགོན་ལ་འདུད་ནས་ཡི་གེ་མུཿནི་རབ་ཏུ་བརྗོད། །ལངས་ནས་དེ་ཉིད་བློ་
ཡིན་བྱ་བ་བསྒྲུབ་བྱ་ཞིང་། །རྣལ་འབྱོར་རིགས་པས་རྟག་ཏུ་རྣལ་འབྱོར་ལྡན་པར་གནས། །དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས། །བསྒོམ་པའི་ཆོ་གའོ།། །།སློབ་མས་མཎྜལ་བྱས་ཤིང་ཞབས་པད་ལ། །འདོད་པས་གསོལ་བ་མང་དུ་བཏབ་གྱུར་པའི། །སྔགས་པ་ཡིས་ནི་ཚེས་བཅུ་པ་དག་ལ། །དེ་
དག་རྣམས་ནི་རྗེས་སུ་གཟུང་བར་བྱ། །རྣལ་འབྱོར་བྱས་པ་སྔགས་ཀྱི་རང་བཞིན་གྱིས། །ལྷ་མོ་འཁོར་ལོའི་བདག་ཉིད་ཅན་མཆོད་ཅིང་། །བཟླས་པ་བྱས་པར་གྱུར་པའི་དང་པོ་མཆོག །ཀུན་དུ་བླངས་ཏེ་དེ་ལས་འདའ་བར་བྱ། །དེ་ནས་མཎྜལ་ལྔ་ནི་བྱས་གྱུར་ཅིང་། །ཡོན་ཕུལ་ནས་ནི་མདུན་དུ་འགྲང་
གྱུར་པའི། །མེ་ཏོག་ཕྲེང་འཛིན་སློབ་མའི་མགོ་བོ་ལ། །མགོན་པོ་བསྒོམས་ལ་བླ་མས་བལྟ་བར་བྱ། །དེ་རྗེས་ཇི་སྐད་བཤད་པའི་ལྷ་མོ་དང་། །འོད་ཟེར་འབར་བའི་འཁོར་ལོའི་ཤུགས་ལྡན་པ། །ཉེ་བར་གནས་པའི་ལུས་ལ་བསམས་ནས་ནི། །དེ་ལ་རྡོ་རྗེ་འཛིན་པ་སྦྱིན་པར་བྱ། །མཐར་གྱིས་དེ་
เล่ม ๒๓ · หน้า 201a
ལྟར་བབས་པ་དེ་ལ་ནི། །སྤུ་ལྡང་བ་དང་རབ་ཏུ་འདར་བ་དང་། །མཆི་མ་བྱུང་བ་དང་ནི་འགྱེལ་བ་དང་། །ཡེ་ཤེས་སྐྱེས་པའི་རང་བཞིན་འབྱུང་བར་འགྱུར། །དེ་རྗེས་དང་ལྡན་ཡོན་ཏན་དང་བཅས་ཤིང་། །བླ་མས་སངས་རྒྱས་གཉིས་མེད་གུས་པ་ལ། །རྡོ་རྗེ་ཡི་ནི་རྣལ་འབྱོར་མ་
རྣམས་ཀྱི། །ཏིང་འཛིན་མཆོད་དང་སྔགས་རྣམས་བརྗོད་པར་བྱ། །དད་པ་དང་ནི་རྣམ་པར་བྲལ་བ་ཡི། །གྲུས་པ་རྣམ་པར་ཉམས་པའི་སློབ་མ་ལ། །ཡིད་ཆེས་འཕྲལ་བསྐྱེད་ཤིན་ཏུ་རྣམ་དག་པའི། །རྣལ་འབྱོར་འདི་ནི་བརྗོད་པར་མི་བྱའོ། །གང་ཞིག་སྔགས་དང་བཅས་པར་གྱུར་པ་ཡི། །ལྷ་མོའི་
འཁོར་ལོ་ལ་ནི་མཆོད་བྱེད་པ། །དེ་ལ་འཇིགས་པ་བརྒྱད་པོ་རྣམས་དང་ནི། །སྡིག་པ་ཆེན་པོ་རྣམས་དང་སྐལ་ངན་དང་། །དབུལ་བ་དང་ནི་ནད་དང་རྒས་པ་དང་། །སྡུག་བསྔལ་ཡིད་མི་བདེ་བ་རྣམས་དང་ནི། །འཁྲུག་དང་འཐབ་རྩོད་ཉེས་སྐྱོན་ཉོན་མོངས་དང་། །གདུང་བ་སྣ་ཚོགས་རྣམས་ཀྱང་
འཇིག་པར་འགྱུར། །གང་ཞིག་སྙིང་གར་འཁོར་ལོའི་གསང་སྔགས་ནི། །བསྒོམས་ནས་འགོག་པའི་ཚིག་གིས་ཟློས་བྱེད་དེས། །དངོས་གྲུབ་བརྒྱད་པོ་རྣམས་དང་མངོན་ཤེས་ལྔ། །དེ་བཞིན་ཡོན་ཏན་བརྒྱད་པོ་ཐོབ་པར་འགྱུར། །ཉིན་རེ་བཞིན་དུ་ཐུན་བཞིར་འབད་ནས་སུ། །ས་རློག་ཞལ་ནི་བསྒོམ་
པ་གང་ཡིན་ལ། །སེང་གེ་འཕྲོག་བྱེད་དབྱིག་གི་སྙིང་པོ་ཡིས། །ཐུབ་པར་དཀའ་བའི་དྲན་པ་སྐྱེ་བར་འགྱུར། །འཁོར་ལོ་དང་བཅས་ཕག་ཞལ་ཅན་འདི་གང་ཞིག་སྒོམ་བྱེད་པ། །དེ་ལ་བུད་མེད་རྣམས་དང་རིགས་པ་སྣ་ཚོགས་གོས་དང་ནི། །བཟའ་བཏུང་སྣ་ཚོགས་ནོར་འབྲུ་ས་གཞི་དང་ནི་ཁང་
བཟངས་དང་། །ལྷ་རྫས་ཀྱི་ནི་མལ་སྟན་དག་དང་སྒྲུབ་བྱེད་རྣམས་ཀྱང་འབྱུང་། །དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས་ཕན་ཡོན་དང་སློབ་མ་རྗེས་སུ་གཟུང་བའི་ཆོ་གའོ།། །།དེ་ནས་རྡོ་རྗེ་རྣལ་འབྱོར་མའི། །སྔགས་བཏུ་མཆོག་གྱུར་རིམ་པ་བཞིན། །རྣ་ནས་རྣ་དང་དེ་བཞིན་དུ། །ཞལ་ནས་ཞལ་དུ་འོངས་
འདི་བརྗོད། །སྔར་བརྗོད་ལྟ་བུའི་འཁོར་ལོ་ལྷའི། །ཚོགས་ཀྱི་གནས་དང་ལྡན་པ་བྲི། །ཨ་ཕྲེང་ཀ་ཕྲེང་དེ་བཞིན་དེར། །གཅིག་མ་ཚང་བ་རིམ་གྱིས་བྲི། །ཛྷ་འོག་དང་སྟེང་གནས་སྦྱར་བ། །ཧ་འོག་བསྟེན་པས་རྣམ་བརྒྱན་པའི། །ཡིག་མཆོག་དེ་ཉིད་གསལ་བྱེད་ནི། །དང་པོ་ཉིད་དུ་གསུམ་
เล่ม ๒๓ · หน้า 201b
བྲི་བྱ། །བྷ་སྟེང་རྟེན་དང་ཚ་སྟེང་གནས་པ་ནི། །ཊ་སྟེང་གནས་དང་འབྲེལ་པ་དེ་རྗེས་བྲི། །ཥ་འོག་རྟེན་པ་ཌ་འོག་མར་བཅས་དང་། །ཤ་སྟེང་རྟེན་པ་ཥ་སྟེང་གནས་དང་བཅས། །ལི་འོག་གནས་པ་ཉ་འོག་དང་ལྡན་པ། །པ་སྟེང་ཊ་འོག་ལྡན་པ་དེ་རྗེས་བྲི། །ཕ་སྟེང་སོན་པ་ཋ་འོག་དང་ལྡན་པ། །ཧ་ཊའི་བར་
གནས་ཨཻ་གཡོན་དང་བཅས་ཏེ། །ཙ་སའི་དབུས་གནས་པ་དང་བྷ་འོག་དང་། །གནས་པ་ཐ་གཡས་དང་འབྲེལ་དེ་རྗེས་ལ། །ཧ་ཐའི་དབུས་སོན་པ་དང་ཏ་གཡོན་རྟེན། །ཋ་ལའི་དབུས་དང་འབྲེལ་པ་ཕྱི་ནས་བྲི། །ཆ་ཀུན་གྱི་ནི་མཐའ་དང་ཕ་ཡི་བར། །དེ་གསུམ་པ་ཡི་དང་པོའི་གཡོན་ནས་འབྲེལ། །ལ་ཡི་
འོག་ན་ཎ་སྟེང་པ་དང་ལྡན། །ཚ་སྟེང་གནས་དང་དྷ་འོག་ཋ་གཡས་ལྡན། །ཥ་འོག་གནས་པ་ཏ་སྟེང་བ་དང་ལྡན། །ཎ་འོག་ཐ་སྟེང་དང་ལྡན་ཕྱི་ནས་ཡིན། །ཕ་འོག་རྟེན་དང་ཕ་སྟེང་ཐ་འོག་མར། །ལྡན་དང་ལ་འོག་ཎ་སྟེང་ད་ལྡན་ནོ། །ཝ་འོག་གནས་པ་རཱྀ་འོག་སྟོང་པ་ཅན། །གསུམ་དང་ཙ་སྟེང་ར་འོག་
གནས་བཅས་གསུམ། །ཤ་འོག་གནས་པ་ཐ་འོག་དང་ལྡན་ཞིང་། །ཉ་ཡི་འོག་མ་དང་ཡང་ལྡན་པ་ཡིན། །ས་ཡི་བར་གནས་ཛྷ་ཡི་གཡོན་བཅས་ཏེ། །གསང་ཆེན་ཡི་གེའི་རྣམ་པ་བརྗོད་གྱུར་པ། །རྡོ་རྗེ་ལྷ་མོ་རྣམས་ཀྱི་སྔགས་འདི་ནི། །བྲི་ཞིང་བསྒོམ་པ་བརྗོད་པར་བྱ་བ་ཡིན། །ཡིད་བཞིན་ནོར་བུ་
དཔག་བསམ་ཤིང་དང་བུམ་པ་མཆོག །དཔལ་ལྡན་འདོད་པའི་འོ་མའི་བ་ཡང་རབ་ཏུ་བསྔགས། །དེ་དག་བསྒྲུབ་བྱས་འདིར་ནི་ནོར་སྟེར་ཙམ་འགྱུར་ཏེ། །འདིས་ནི་བདེ་དང་བཅས་པའི་ནོར་རྣམས་སྟེར་བར་བྱེད། །དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས་སྔགས་བཏུ་བའི་ཆོ་གའོ།། །།མཆོད་པའི་གྱུར་ནི་ཆོ་
ག་མཁས་པ་ཡིས། །སྣོད་ལ་བརྟེན་པ་གང་ལ་འདི་བྲིས་པ། །དེས་ནི་མགོ་དང་མགུལ་པ་དཔུང་བ་ལ། །བརྟགས་པས་བྱིས་པའི་ཚུལ་བཞིན་བསྲུང་བར་བྱ། །བསྲུང་བཅས་བྱིས་པ་མཐོང་ནས་ལྟོ་འཕྱེ་འབྱུང་པོ་དང་། །གདོན་དང་མཚན་མོ་རྒྱུ་དང་ཤ་ཟའི་ཚོགས་བཅས་དང་། །བྱིས་པ་འཇིགས་པས་ཉམ་ཐག་
བྱེད་པའི་རབ་འཇིགས་གཞན། །སྟོབས་ལྡན་སེང་གེས་ནགས་སུ་སྐྲག་ལ་འདར་བཞིན་འབྱེར། །རྣལ་འབྱོར་གྱི་ནི་མན་ངག་དམ་པ་ཐོབ་ཅིང་ཡིད་ཆེས་མཐོང་གྱུར་ནས། །བདག་གིས་གསལ་བའི་ཡེ་ཤེས་དྲི་མེད་ཡང་དག་གྲུབ་པ་འདི་བྲིས་ཏེ། །དེས་ན་དེ་ཐོབ་དོན་དུ་གུས་སྨྲ་བབ་ཏུ་སྦྱིན་པའི་ཚུལ་
เล่ม ๒๓ · หน้า 202a
རྣམས་དང་། །ལུས་ངལ་བ་དང་རབ་འདུད་རྣམས་ཀྱིས་བླ་མ་དམ་པའི་ཞབས་པད་བསྟེན། །འཇིག་རྟེན་དག་ན་མ་བཞིན་ཕན་པ་མང་པོ་སྐྱེད་བྱེད་དེ་ཉིད་མཆོག་གྲུབ་གང་ཡིན་པ། །དེ་བྱས་དགེ་བ་སྐྱོན་བྲལ་ཟླ་བ་ཉ་བའི་འོད་ལྟར་དཀར་བ་ཡང་དག་གང་ཐོབ་པ། །དེས་ནི་འཇིག་རྟེན་རྩོད་
པའི་དྲི་བྲལ་རྫོགས་པའི་བྱང་ཆུབ་དག་པ་ཡི་ནི་སྣོད་གྱུར་ཅིག །ཕྱག་རྒྱ་རྒྱ་ཆེན་སྲིད་དང་ཞི་བ་མཉམ་གྱུར་སེམས་ཅན་ཀུན་དོན་བྱེད་པ་ཐོབ་པར་ཤོག །དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པ་ཞེས་བྱ་བ་བདག་བྱིན་གྱིས་བརླབ་པའི་རིམ་པ་དཔལ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་མཁས་པ་ཆེན་
པོ་ཏིང་ངེ་འཛིན་རྡོ་རྗེའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་ལ་རེག་པ་པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ་རྫོགས་སོ།། །།བལ་པོའི་ཨཱ་ཙཱརྱ་བྷ་རེནྡྲ་རུ་ཙི་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด