འཕགས་པ་གདན་བཞི་པའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཙ་ཏུ་ར་པཱི་ཋི་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๕ · หน้า 57a

སའི་ཁམས་གཙོ་བའི་ཕྱིར་རོ། །སའི་ལྷ་མོའི་སྦྱོར་བ་ཚད་མ་གསུངས་པ། བདག་ཉིད་གདོལ་པའི་ལྷ་མོ་སྟེ། །ཐམས་ཅད་དུ་ནི་གཙོ་མོར་གྲགས། །ཞེས་པ་ནི། ལུས་ཀྱི་སའི་ཁམས་གཙོ་བའི་ལྷ་མོ་གདོལ་པ་མོ་ཞེས་པའོ། །ཡེ་ཤེས་ཀྱི་སྦྱོར་བ་ཚད་མ་བཞི་གསུངས་

པ། ཡེ་ཤེས་ཀྱི་རང་བཞིན་ཚད་མ་སྦྱོར་བ་གསུངས་པ། སྡུད་དང་བྱེད་དང་ལོངས་སྤྱོད་པ། །སོམ་ཉི་ཡིད་ནི་གཅོད་པའོ། །ཞེས་པ་སྟེ། ལུས་ལ་བྱེད་པ་པོ་དང་། སྡུད་པ་པོ་དང་ལོངས་སྤྱོད་པ་ཡིན་གྱི་ཐེ་ཚོམ་གཅོད་པའི་གཙོ་བོའི་ཕྱིར་ན་ཡེ་ཤེས་ཀྱི་རང་བཞིན་ཏེ། ངེས་པར་རྟོགས་པའི་རྣམ་པར་རྟོག་

པ་དང་ལྡན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ལས་ཀྱི་སྦྱོར་བ་ཚད་མ་གསུངས་པ། དབང་པོ་ཐམས་ཅད་སེམས་དག་གིས། །མཚོན་པ་མཚན་ཉིད་ཤེས་པར་བྱ། །ཞེས་པ་སྟེ། དེ་ལ་དབང་པོ་ཐམས་ཅད་ཅེས་པ་ནི། མིག་ལ་སོགས་པ་དྲུག་གོ། །སེམས་དག་གིས་ཞེས་པ་ནི་མིག་གི་རྣམ་པར་ཤེས་

པ་ལ་སོགས་པ་དྲུག་གོ། །མཚོན་པ་ཞེས་པ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །མཚན་ཉིད་ཅེས་པ་ནི་མདོག་དང་དབྱིབས་དང་སྙན་པ་དང་མི་སྙན་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། མིག་ལ་སོགས་པའི་དབང་པོའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་གཟུགས་ལ་སོགས་པའི་

མཚན་ཉིད་ལ་ཤེས་པའི་ལས་བྱེད་པའི་གཙོ་ཞེས་བྱའོ། །ཡེ་ཤེས་ཀྱི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། སྦྱོར་བའི་ལོངས་སྤྱོད་རྒྱལ་དབང་མོ། །ཡུལ་ལ་སོགས་པའི་བདེ་བའམ། །ཞེས་པ་སྟེ། དེ་ལ་རྒྱལ་པོ་ནི་ཡེ་ཤེས་སོ། །དོན་ནི་འདི་ལྟ་སྟེ། བདེ་བ་ལ་སོགས་པའི་སྤྱོད་ཡུལ་ལ་

དབང་པོས་སྦྱར་ནས་ཡེ་ཤེས་ཀྱིས་ལོངས་སྤྱོད་ནས་བརྟེན་པ་གཙོ་བའི་ཕྱིར་རོ། །ཡེ་ཤེས་ལྷ་མོའི་སྦྱོར་བ་ཚད་མ་གསུངས་པ། ལུས་ཀྱི་ཡེ་ཤེས་རྒྱལ་མོ་ཡི། །ཚད་མར་རྣལ་འབྱོར་མས་རྟོགས་བྱ། །ཞེས་པ་སྟེ། དེ་ལ་རྒྱལ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའོ། །དོན་ནི་འདི་ལྟ་སྟེ། ལུས་ཀྱི་

ཡེ་ཤེས་ཀྱི་ལྷ་མོའི་གཙོ་མོ་ནི་ཡེ་ཤེས་མཁའ་འགྲོ་མ་ཡིན་པར་རྣལ་འབྱོར་པ་མཁས་པས་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་འབྱུང་བ་ཆེན་པོ་ཆུ་ལ་སོགས་པ་ལྔ་དང་ལུས་སྦྱོར་བ་བརྟན་ནས་ཡེ་ཤེས་ལ་འབྱུང་བ་ཆེན་པོ་བཞི་སྦྱོར་བ་སྟོན་པས་གསུངས་པ། །དེ་ལ་རེ་ཞིག་ཆུ་དང་སེམས་སྦྱོར་

เล่ม ๒๕ · หน้า 57b

བ་སྟེ། ཆུ་དང་སེམས་ལས་འབྱུང་བས་ན། རྣམ་པར་ཤེས་པ་ཆུ་ཡི་ཁམས། །ཞེས་པ་སྟེ། གཉིས་སུ་མེད་པའི་སེམས་ལས་ཆུའི་ཁམས་བསྐྱེད་པའི་ཕྱིར་ཡེ་ཤེས་དང་ཆུའི་ཁམས་ནི་གཅིག་གོ། །དེ་གཉིས་དབྱེར་མེད་པའི་དོན་བསྟན་པ་ལ། གལ་ཏེ་ཆུ་ནི་གཞན་དུ་ན། །ཤ་ནི་ཅི་སྟེ་

ཆུ་མི་འབྱུང་། །ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་རོ་ལ་ཆུ་མེད་པས་ན། ཡེ་ཤེས་དང་ཆུའི་ཁམས་ཐ་མི་དད་པར་མངོན་ནོ་ཞེས་པའོ། །ཡེ་ཤེས་དང་མེ་སྦྱོར་བ་གསུངས་པ། རྣམ་ཤེས་མེ་རུ་འབྱུང་བས་ན། །ལུས་ལ་དྲོ་བ་ཉིད་དུ་ངེས། །ཞེས་པའོ། །དེ་གཉིས་དབྱེར་མེད་པ་ཁོ་ན་

གསུངས་པ། ཡེ་ཤེས་འཕྲོས་པའི་ལུས་ལ་ནི། །ཅི་སྟེ་དྲོ་བ་ཉིད་མི་སྣང་། །ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་ལུས་ལ་དྲོད་མེད་པས་ན་ཡེ་ཤེས་དང་མེའི་ཁམས་ཐ་མི་དད་པ་མངོན་ནོ་ཞེས་པའི་ཐ་ཚིག་གོ། །ཡེ་ཤེས་རླུང་དང་སྦྱོར་བ་གསུངས་པ། རྣམ་ཤེས་རླུང་གིས་ལུས་དག་ལ། །འབྱུང་

འཇུག་དབུགས་ནི་དུ་བ་འདྲ། །ཞེས་པའོ། །དེ་གཉིས་དབྱེར་མེད་པའི་དོན་ཁོ་ན་གསུངས་པ། ཡེ་ཤེས་འཕོས་པའི་ལུས་དག་ནི། །དེ་དག་ལ་ཡང་དབུགས་མེད་དོ། །ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་ལུས་ལ་ནི་དབུགས་མེད་པས་ན། ཡེ་ཤེས་དང་དབུགས་ཐ་མི་དད་པར་མངོན་ནོ་ཞེས་

པའི་ཐ་ཚིག་གོ། །ཡེ་ཤེས་དང་ས་སྦྱོར་བ་གསུངས་པ། སེམས་ནི་ས་རུ་བྱུང་བས་ན། །ལྕི་བ་རུ་ནི་སྣང་བ་ཡིན། །ཞེས་པའོ། །དེ་གཉིས་དབྱེར་མེད་པའི་སེམས་ས་ཡིན་པས་ལུས་ལ་ལྕི་བ་ཉིད་དུ་སྣང་སྟེ། སའི་སྙིང་པོ་ནི་ལྕི་བ་ཡིན་པའི་ཕྱིར་རོ། །དེ་གཉིས་དབྱེར་མེད་པའི་དོན་ཁོ་ན་གསུངས་པ།

ཡེ་ཤེས་འཕོས་པའི་ལུས་དག་ནི། ཆུ་ཡི་ནང་དུ་ལྡིང་བའོ། །ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་རོ་ནི་ཆུ་ལ་ལྡིང་བས་ན། ཡེ་ཤེས་དང་སའི་ཁམས་ནི་ཐ་མི་དད་པར་མངོན་ཏེ། རོ་ལ་ལྕི་བ་མེད་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཡང་དོན་དུ་སེམས་དང་ཡེ་ཤེས་ཁོ་ནར་ཤེས་པར་བྱ་སྟེ། རྫས་གཅིག་

གིས་དུས་སྔ་ཕྱི་ཁྱད་པར་ཙམ་གྱི་ཕྱིར་རོ། །དེ་ལྟར་མཛོད་ཀོ་ཥ་ལས་གསུངས་པ། དྲུག་པོ་འགགས་མ་ཐག་ཏུ་ནི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་པའོ། །ལུས་ཀྱི་ཚད་མ་ལྔ་ཆར་ཡང་། །ཞེས་པ་ནི། གོང་དུ་གསུངས་པའི་ཆུ་དང་མེ་དང་རླུང་དང་། ས་དང་ཡེ་ཤེས་ཚད་མར་སྦྱོར་བས་ན།

เล่ม ๒๕ · หน้า 58a

ལུས་སྦྱོར་བ་ཞེས་པའོ། །དེ་ཡན་ཆད་ཀྱིས། ལུས་ཀྱི་སྦྱོར་བའི་མཚན་ཉིད་ནི། །ཞེས་པ་ནི། ཞུས་པའི་ཚིག་གི་ལན་བཤད་ནས། །མཉམ་ཉིད་གང་གིས་སྦྱར་བར་བགྱི། །ཞེས་པའི་ཚིག་གིས་ཞུས་པའི་ལན་བཏབ་པ། ལྔ་ཆར་གཅིག་གི་ངོ་བོ་སྟེ། གཅིག་ཏུ་གྱུར་པར་

ཤེས་བྱས་ནས། ཞེས་པ་སྟེ། ཆུ་ལ་སོགས་པ་དེ་ལྔ་ཡང་སེམས་གཅིག་གི་རང་བཞིན་གྱི་ཕྱིར་ན། ཆོས་ཉིད་གཅིག་གི་རང་བཞིན་ཞེས་ཤེས་པར་བྱ་བའི་དོན་ཏེ། །གཉིས་སུ་མེད་པའི་སེམས་དང་ཆོས་དབྱེ་བ་མེད་པའི་ཕྱིར་རོ། །དེའི་ཡོན་ཏན་གསུངས་པ། རྣལ་འབྱོར་པ་ཡི་གནས་ལྟའོ། །

ཞེས་པ་སྟེ། ལུས་སྦྱོར་བའི་མན་ངག་སྟེ། དེ་ལྟར་བསྒོམས་པའི་རྣལ་འབྱོར་པས། མྱ་ངན་ལས་འདས་པའི་ལམ་ཐོབ་པོ་ཞེས་པའི་ཐ་ཚིག་གོ། །ཡང་དེའི་ཡོན་ཏན་ཁོ་ན་གསུངས་པ། དེ་ལྟར། མཚན་ཉིད་མངོན་པར་ཤེས་པ་ཡི། །ཞེས་པ་ལ་སོགས་པ་སྟེ། བླ་མ་དགེ་བའི་བཤེས་གཉེན་

བསྟེན་ནས། ལུས་ལ་སྦྱོར་བའི་མཚན་ཉིད་ཅེས་པ་ནི། སྲིད་པའི་འཁོར་བ་ལས་ཐར་རོ་ཞེས་པའི་ཐ་ཚིག་གོ། །ད་ནི་ཐུགས་རྗེས་སྐྱོ་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་སེམས་ཐུགས་ཀྱིས་མཁྱེན་ནས་རྟོག་སྟེ། མཉམ་ཉིད་གང་གིས་སྦྱོར་བར་བགྱི། །ཞེས་པའི་ལན་ཡེ་ཤེས་སྦྱོར་བ་སྟོན་འདོད་

པས་གསུངས་པ། དབང་པོ་ཡུལ་གྱི་ཡེ་ཤེས་ནི། །ཞེས་པ་ལ་སོགས་པའོ། །དེ་ལ། དབང་པོ་ཡུལ་གྱི་ཡེ་ཤེས་ཀྱིས། །གནོད་པར་བྱེད་པར་བསྡམ་པར་བྱ། །ཞེས་པ་སྟེ། དེ་ལ་ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །ཡེ་ཤེས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །དོན་དུ་ནི་འདི་ལྟ་སྟེ།

རྣལ་འབྱོར་པས་དང་པོ་གནོད་པ་བྱེད་པ་གཟུགས་ལ་སོགས་པའི་སྤྱོད་ཡུལ་ལ་ཕྱིན་ཅི་ལོག་པའི་སྒོ་ནས་འཇུག་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་བསྡམས་ནས་གདུལ་བར་བྱའོ་ཞེས་པ་སྟེ། རྣལ་འབྱོར་པའི་སྤྱོད་ཡུལ་ནི་དམ་ཚིག་ཙམ་ཡིན་གྱི་ལོངས་སྤྱོད་ནི་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་

འདས་ཉིད་ཀྱིས་སྦྱོར་བའི་གདན་ལེའུ་བཞི་པ་ལས་གསུངས་པ། འདོད་ལ་དགའ་ཉིད་མ་ཡིན་ཏེ། །ལོངས་སྤྱོད་ཕྱི་རུ་སྤྱད་མི་བྱ། །ཞེས་པའོ། །དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་ལྔ་བསྡམ་པ་བསྟན་ནས། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་བསྡམ་པ་གསུངས་པ། སྒོང་སྐྱེས་ཁྱིམ་གྱི་གནས་

เล่ม ๒๕ · หน้า 58b

དག་ཏུ། །དབུས་སུ་རྣམ་པར་བསྡམ་པར་བྱ། །ཞེས་པ་སྟེ། དེ་ལ་སྒོ་ང་ཞེས་པ་ནི་སྙིང་སྟེ་སྒོ་ང་དང་འདྲ་བའི་ཕྱིར་རོ། །སྒོ་ང་དེ་ལས་སྐྱེས་པའི་སེམས་ནི་སྒོ་ང་སྐྱེས་ཞེས་བྱའོ། །དཔེར་ན་མིག་ལ་བརྟེན་པའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ཞེས་ཟེར་བ་བཞིན་ནོ། །དོན་ནི་འདི་ལྟ་སྟེ།

སྒོང་སྐྱེས་ཀྱི་གནས་སྙིང་གི་དཀྱིལ་དུ་སེམས་དང་དབྱེར་མེད་པར་རྟོག་པའི་རྣམ་པར་ཤེས་པ་བསྡམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ཁོ་ན་གསལ་བར་སྟོན་པས་གསུངས་པ། མི་བརྟན་དངོས་པོ་གཡེངས་པ་ཡིས། །གཡོ་ཞིང་གཡོ་བར་བྱེད་པའི་སེམས། །བསྡམ་པའི་གནས་ཀྱི་རྟེན་དག་

ནི། །རྣམ་ཤེས་པདྨའི་གདན་ལའོ། །ཞེས་པ་སྟེ། སེམས་གཡོ་བར་བྱེད་པ་རྟོག་པའི་རྣམ་པར་ཤེས་པ་བསྡམས་པའི་གནས་སྒོ་ངའི་དཀྱིལ་གྱི་པདྨ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །པདྨའི་དཀྱིལ་དུ་རྣམ་པར་ཤེས་པ་བསྒོམ་པ་ནི། དབྱིབས་ཇི་ལྟ་བུ་ཡིན་ཞེ་ན་གསུངས་པ། རྒྱུད་

ཀུན་གྱི་ནི་རྣལ་འབྱོར་པས། །རྣམ་པར་ཤེས་པ་གཟུགས་སུ་མཚོན། །ཞེས་པ་སྟེ། དེ་ལ་རྣམ་ཤེས་གཟུགས་ཞེས་པ་ནི་ཡི་གེ་ཧཱུཾ་ངོ་། །དོན་ནི་འདི་ལྟ་སྟེ། རྣལ་འབྱོར་པས་དང་པོ་རྒྱུ་བསྒོམ་པའི་གནས་སྐབས་སུ་རྣམ་པར་ཤེས་པ་དེ་ནི་ཡི་གེ་ཧཱུྃ་གི་གཟུགས་ཁོ་ནས་མཚོན་པར་བྱའོ་ཞེས་པས་སོ། །

གཟུགས་མེད་པའི་རྣམ་པར་ཤེས་པ་ཡི་གེ་ཧཱུྃ་གི་དབྱིབས་སུ་དམིགས་པ་ཅིའི་ཕྱིར་ཞེ་ན་གསུངས་པ། གཟུགས་ཞེས་བྱ་བའི་དངོས་པོ་ཡིས། །སྦྱོར་བ་སྒྲུབ་པའི་དོན་ཕྱིར་རོ། །ཞེས་པ་སྟེ། ཏིང་ངེ་འཛིན་སྦྱོར་བ་དངོས་གྲུབ་ཐོབ་འདོད་པའི་ཕྱིར་ན་རྣལ་འབྱོར་པས་ཧཱུྃ་གི་གཟུགས་

དངོས་པོ་བསྒོམ་མོ་ཞེས་པའོ། །དེ་ནས་ཡེ་ཤེས་བསྡམ་པའི་གནས་བསྟན་ནས་ཡེ་ཤེས་བསྡམ་པའི་སྦྱར་བའི་ཐབས་གསུངས་པ། ཆུ་ཤིང་མེ་ཏོག་ལྟེ་བ་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆུ་ཤིང་མེ་ཏོག་ཅེས་པ་བ་ལང་གི་རྨིག་པ་འདྲ་བ་ཅན་ཏེ། ཁ་མར་བལྟ་བ་དང་།

དབྱིབས་ཆུ་ཤིང་མེ་ཏོག་འདྲ་བའི་ཕྱིར་རོ་ཞེས་པ་ནི། ལྟེ་བ་ནས་ཡར་བསྒྲེང་སྲོག་རྩ། །ཞེས་པའོ། །སྙིང་དུ་འགྲེང་བའང་གནས་པ་ཡིས། །ཞེས་པ་ནི་ལྟེ་བ་ནས་ཡར་འགྲེང་པ་སྙིང་ག་ན་གནས་པའོ་ཞེས་པའི་དོན་ཏོ། །རྟག་ཏུ་ཁ་ནི་མར་ཕྱོགས་པ། །ཞེས་པ་ནི། བ་ལང་གི་རྨིག་པ་འདྲ་བ་དེ་ནི་ཡར་

เล่ม ๒๕ · หน้า 59a

མར་འགུགས་ནས་ཁ་མར་ལྟའོ་ཞེས་པའི་ཐ་ཚིག་གོ། །མཁས་པ་ཡིས་ནི་རྒྱས་པར་བྱའོ། །ཞེས་པ་ནི། རྣལ་འབྱོར་པ་ཐབས་མཁས་པས་བདུད་རྩི་བ་ལང་གི་རྨིག་པ་དེ་རྒྱས་པར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ནས་རྒྱས་པའི་ཆུ་ཤིང་གི་མེ་ཏོག་ལས་བདུད་རྩི་

འཛག་པའི་དཀྱིལ་འཁོར་གསུངས་པ། འདབ་མ་བརྒྱད་དུ་རྟག་ཏུ་འགྱུར། །གསུངས་པ། གེ་སར་ལྡན་པ་ཡི་ཞེས་པ་སྟེ། གོང་དུ་སྦྱིན་སྲེག་གསུངས་པ་བཞིན་དུ་འདིར་ཡར་ལྟེ་བའི་ཐད་ཀ་ན་གེ་སར་ལྡན་པའི་འདབ་མ་བརྒྱད་བསྒོམ་པར་བྱའོ་ཞེས་པའོ། །དེ་ལ་བཀོད་པའི་ལྷ་གསུངས་པ།

དེ་དབུགས་རྟག་ཏུ་གསུངས་པ་ནི། །རྣམ་ཤེས་ཡི་གེ་སྦྱོར་བ་ཉིད། །ཅེས་པ་ནི་དེ་ལ་ཡེ་ཤེས་རྣམས་ཡི་གེ་ཧཱུྃ་ངོ་། །དེའི་པདྨ་དེའི་དབུས་སུ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་གོང་དུ་ཆུ་ཤིང་གི་མེ་ཏོག་རྒྱས་པར་བྱ་བའི་ཆོ་ག་གསུངས་པ། ཡང་དག་སྦྱོར་བ་ཤར་ཕྱོགས་ནས། །ཞེས་པ་སྟེ། དེ་ལ་ཡང་

དག་སྦྱོར་བ་ནི། ཡི་གེ་ཧཱུྃ་སྟེ་སངས་རྒྱས་ལྔ་དང་ཡེ་ཤེས་ལྔ་དང་། རྣམ་ཤེས་སྦྱོར་བའི་རང་བཞིན་གྱི་ཕྱིར་རོ། །ཤར་ཕྱོགས་ནས་ཞེས་པ་ནི། ཧཱུྃ་དེའི་ཤར་ཕྱོགས་ལྟེ་བའི་ཕྱོགས་ལའོ། །ཁོ་ར་ཁོར་ཡུག་སོར་བརྒྱད་དེ། །ཞེས་པ་ནི། མདུན་དུ་ཕྱོགས་སོར་བརྒྱད་ཀྱི་ཕྱི་རོལ་ཞེས་པའོ། །གཞུང་

ཚིགས་ནུབ་ཀྱི་ཕྱོགས་སུ་ནི། །ཞེས་པ་ནི་ཡི་གེ་ཧཱུྃ་དེ་ཁོ་ནའི་རྒྱབ་གཞུང་ཚིགས་ཀྱི་ཕྱོགས་ཞེས་པའོ། །དེ་ཡང་ཇི་ཙམ་གྱི་ཕྱི་རོལ་ཡིན་ཞེ་ན། འོག་ཏུ་སོར་ཡང་ལྔ་པ་སྟེ། །ཞེས་པ་ནི། དེ་ལ་འོག་ཅེས་པ་ནི། སོར་ལྔའི་ཕྱི་རོལ་གྱི་ཁོར་ཡུག་ཅེས་པའོ། །དེ་ཡི་ཞིང་གི་ས་བོན་རྣམས། །ཞེས་པ་ནི།

དེའི་ཞིང་ཞེས་པ་ནི་ཤར་ཕྱོགས་ནས་ནུབ་ཕྱོགས་ཏེ། དེ་གཉིས་ཀྱི་ས་བོན་ནོ། །ཡི་གེ་སུ་དཀར་པོ་དང་། ཡུ་དམར་པོའོ། །མྱུ་གུ་འབྱུང་བའི་འོད་ཟེར་བཞིན། །ཞེས་པ་ནི། བདུད་རྩིའི་ས་བོན་སུ་དཀར་པོ་ལས་བྱུང་བའི་མྱུ་གུ་ཞེས་པའོ། །ས་བོན་དེ་ཡི་འོད་ཟེར་རྣམས། །ཞེས་པ་ནི། རླུང་གི་ས་བོན་ཡུ་ཡི་

འོད། །ཅེས་བྱའོ། །ཆུ་ཤིང་མེ་ཏོག་རྒྱས་པ་ལ། །ཞེས་པའི་དོན་ནི་འདི་ལྟ་སྟེ། ལྟེ་བའི་ཕྱོགས་ན་གནས་པའི་ཡི་གེ་སུ་དཀར་པོའོ། །བདུད་རྩིའི་འོད་གཞུང་ཚགས་ཀྱི་ནུབ་ཕྱོགས་ན་གནས་པའི་ཡི་གེ་སུ་དམར་པོས་ཡང་དེད་པའི་བདུད་རྩིའི་འོད་ཆུ་ཤིང་གི་མེ་ཏོག་ལ་ཐིམ་ནས་རྒྱས་པར་བྱའོ་ཞེས་

เล่ม ๒๕ · หน้า 59b

པའོ། །འོག་གི་བདུད་རྩི་རྒྱས་པར་བྱེད་པའི་ཐབས་བསྟན་ནས། སྟེང་གི་བདུད་རྩི་རྒྱས་པར་བྱ་བའི་ཐབས་གསུངས་པ། སྒྲོགས་པ་ལྔ་ཡིས་མཆོད་རྟེན་གྱི། །འོག་ཏུ་བསྣུབས་ནས་གཤེགས་པར་བྱ། །ཞེས་པ་སྟེ། གོང་གི་ལེའུའི་དོན་

བཞིན་དུ་ལྕེ་དྲུང་ནས་བདུད་རྩི་བབས་པས་མཆོད་རྟེན། མཆོད་རྟེན་ལས་འབབ་པ་སྲོལ་གོང་། སྲོལ་གོང་ནས་བབས་པས་ཆུ་ཤིང་གི་མེ་ཏོག་ལ་ཐིམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ནས་གོང་དུ་བསྟན་པའི་པདྨ་འདབ་མ་བརྒྱད་ལ་རྒྱས་པའི་ཆུ་ཤིང་ལས་འཛགས་པའི་བདུད་རྩིའི་དོན་

བསྟན་པ། འདབ་མ་བརྒྱད་ཀྱིས་བརྒྱན་པ་ཡི། །པདྨ་མདངས་ཅན་གཤེགས་པར་བྱ། །ཞེས་པ་སྟེ། པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་བཀོད་པའི་མདངས་ཅན་ས་བོན་དེ་ལ། དེར་ཆུ་ཤིང་གི་བདུད་རྩིའི་ཐིགས་པས་ཐིམ་པར་བྱའོ། །དེ་ཁོ་ན་གསུངས་པ། པདྨ་འདི་ཡི་གདན་ལ་ནི། །

སྒོང་སྐྱེས་ཡེ་ཤེས་གནས་ཡིན་ནོ། །ཞེས་པ་སྟེ། པདྨའི་དཀྱིལ་གྱི་མདངས་ཅན་ས་བོན་ནི་སྒོ་ང་ལས་སྐྱེས་པའི་སེམས་དང་དབྱེར་མེད་པའི་ཡི་གེ་ཧཱུཾ་ཞེས་པའོ། །ཡི་གེ་ཧཱུཾ་གི་ཁ་དོག་ཅི་འདྲ་ཞེ་ན་གསུངས་པ། དབུས་སུ་ཤེལ་དང་མཚུངས་པ་ཡི། །ཡེ་ཤེས་རྣམ་ཤེས་སྟོན་པའོ། །ཞེས་པའོ། །

དེ་ནས་ཡང་པདྨ་འདབ་མ་བརྒྱད་ལ་ས་བོན་བཀོད་པ་གསུངས་པ། མཁའ་འགྲོ་མ་བཞིའི་ས་བོན་ནི། །ཕྱོགས་ཀྱི་འདབ་མར་གཞག་པར་བྱ། །ཞེས་པ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞིའི་ས་བོན་ནི། ཕྱོགས་ཀྱི་འདབ་མར་གཞག་པར་བྱ། །ཞེས་པ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་

ས་བོན་ཤར་གྱི་འདབ་མ་ལ་སོགས་པ་ལ་དགོད་པར་བྱའོ། །དེའི་ས་བོན་གང་ཞེ་ན། ས་བོན་དང་པོ་སྒྲ་ལ་སོགས། །ཇི་ལྟར་མཚན་ཉིད་གསུངས་པ་བཞིན། །ཞེས་པ་སྟེ། དེ་ལ། ས་བོན་དང་པོ་སྒྲ་ལ་སོགས། །ཞེས་པ་ནི་ཨ་སྟེ། སྒྲ་ཡིག་བཅུ་དྲུག་གི་ཕྱིར་རོ། །ཇི་ལྟར་མཚན་ཉིད་གསུངས་པ་བཞིན། །

ཞེས་པ་ནི་འོག་ཏུ་འདོགས་པ་དང་། གློར་དབྱུག་པ་འདོགས་པ་དང་། སྟེང་ན་ཟླ་ཚེས་དང་ཐིག་ལེ་འདོགས་པའོ། །ཡི་གེ་ནི་འདི་ལྟ་སྟེ། ཨ་ཨཱ་ཨྃ་ཨཿཞེས་སོ། །མཚམས་བཞིའི་ས་བོན་བཀོད་པ་གསུངས་པ། ཕྱོགས་མཚམས་སེང་གེ་མོ་ལ་སོགས། །མ་ནིང་ས་བོན་ཤེས་པར་བྱ། །ཞེས་

เล่ม ๒๕ · หน้า 60a

པ་སྟེ། སེང་གེ་མོ་ལ་སོགས་པ་བཞིའི་ས་བོན་མ་ནིང་གི་ཡི་གེ་རྀ་རཱྀ། ལྀ་ལཱྀ་མཚམས་ཀྱི་འདབ་མ་ལ་བཀོད་པར་བྱའོ་ཞེས་པའོ། །སྙིང་གར་དངོས་པོ་དངོས་པོ་ཡིས། །ཞེས་པ་ནི། དངོས་པོའི་རྣལ་འབྱོར་པས་ཡིག་འབྲུ་དངོས་པོ་སྙིང་གར་བསྒོམ་པར་བྱའོ། །གང་

ཞེ་ན། སྙིང་གར་བརྟན་པའི་ཡི་གེ་གཞག །ཅེས་པ་སྟེ། ལེའུ་གོང་མ་ལ་སྙིང་གར་གཞག་པའི་ཡི་གེ་བདུད་རྩིས་བྲན་པའི་ཡི་གེ་ཨོཾ་སྟོན་པ་ལ་ནི་འདིར་ཡང་བདུད་རྩིའི་ཡི་གེ་ཨོཾ་ཁོ་ན་ལ་ཤེས་པར་བྱའོ། །དེ་ནས་དེ་ལྟ་བུའི་ཆུ་ཤིང་གི་མེ་ཏོག་ལས་བདུད་རྩིའི་རྒྱུན་ནུར་ཕྱུང་སྟེ་པདྨའི་ཡིག་འབྲུ་ལ་

ཕོག་པ་བསྟན་པ་གསུངས་པ། སྟེང་གི་བ་ལང་རྨིག་པ་ལས། །བདུད་རྩིའི་རྒྱུན་ནི་སྒོ་དགུ་ནས། །རྟག་ཏུ་འཇིག་གསོལ་རྣལ་འབྱོར་པས། །ཡི་གེ་དཀར་པོ་ལ་སོགས་ཀུན། །ཞེས་པ་སྟེ། སྟེང་གི་བ་ལང་རྨིག་པ་ལས་བདུད་རྩིའི་ཆུ་རྒྱུན་འབབ་སྟེ། འོག་གི་པདྨ་འདབ་བརྒྱད་དང་།

སྙིང་པོ་ལ་བཀོད་པའི་ཡིག་འབྲུ་དཀར་པོ་དགུ་ལ་བདུད་རྩིས་ཕོག་པར་བྱའོ་ཞེས་པའོ། །ཡིག་འབྲུ་དགུ་ནི་འདི་ལྟ་སྟེ། ཧཱུྃ་ཨ་ཨཱཿཨཾ་ཨཿརྀ་རཱྀ་ལྀ་ལཱྀ་རྣམས་སོ། །དེ་ནས་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས། འོད་ཟེར་འཕྲོ་བ་གསུངས་པ། འབར་བྱེད་སྤུ་ཡི་བུ་ག་ནས། །བདུད་རྩི་

དཀར་པོ་སྣང་བར་བྱ། །ཞེས་པའོ། །ཡང་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་བཟླ་བའི་སྔགས་གསུངས་པ། ཡེ་ཤེས་རྣམ་ཤེས་ས་བོན་ནི། རྣལ་འབྱོར་པ་ཡིས་ཀུན་དུ་བཟླས། །ཞེས་པ་སྟེ། དེ་ལ། ཡེ་ཤེས་ས་བོན་རྣམ་ཤེས་ནི། །ཞེས་པ་ནི་ཡི་གེ་ཧཱུྃ། དེ་ཨོཾ་ཧཱུྃ་སྭཱ་ཧཱ།

ཞེས་པའོ། །ཨོཾ་སྭཱ་ཧཱ་མེད་ན་ཡང་དོན་དུ་ཤེས་པར་བྱ་སྟེ། སྔགས་རྣམས་ཐམས་ཅད་ཕལ་དུ་ནི། །ཕྱག་ན་བསྲེག་པ་ལྡན་པའོ། །ཞེས་གསུངས་པའི་ཕྱིར་རོ། །འགྲོ་དང་འཆག་དང་འདུག་པ་དང་། །ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡེ་ཤེས་འབྱུང་བ་སྦྱོར་བ་ཡི། །

ཞེས་པ་ནི། དེ་དག་གི་ཏིང་ངེ་འཛིན་ཡེ་ཤེས་སྟོན་པ་ཞེས་མཚན་སྟོན་པའོ། །དེ་ནི་སེམས་འཕྲོ་བར་སྦྱོར་བ་སྟོན་འདོད་པས། རྡོ་རྗེ་སེམས་དཔའ་འཐོབ་པར་སྦྱོར་བའི་མཚན་ཉིད་ནི་ཞེས་པ་ལ་སོགས་པས་བསྐུལ་ལོ། །དེ་ལ་འཕྲོ་བ་ཞེས་པ་ནི་རང་གི་རྣམ་པར་ཤེས་པ་ཐབས་ཀྱི་མཐོ་

เล่ม ๒๕ · หน้า 60b

རིས་ལ་འཕྲོ་བའོ། །སྦྱོར་བའི་མཚན་ཉིད་ཅེས་པ་ནི། དེ་ལྟ་བུའི་ཏིང་ངེ་འཛིན་སྦྱོར་བའི་མཚན་ཉིད་འོག་ནས་འབྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེས་ཞུས་པ། སྒོ་དགུ་ལ་སོགས་ཇི་ལྟར་གནས་པ་དག །ཡེ་ཤེས་དབང་ལ་བདག་ཕྱག་འཚལ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་

དབང་ནི་རྡོ་རྗེ་སེམས་དཔའ་སྟེ། རྣམ་པར་ཤེས་པ་བརྒྱད་ཀྱི་གཙོ་བོའི་ཕྱིར་རོ། །ལན་སླར་གསུངས་པ། འཆི་བའི་དུས་ཀྱི་ཚད་མ་ནི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་འཆི་བའི་དུས་ཞེས་པ་ནི། བདག་གི་གདན་ལེའུ་གཉིས་པ་ལས་དབུགས་ཆད་པ་ལ་སོགས་པ་སྟེ། དེ་དག་ནི་ཤི་

བདག་དུས་ཀྱི་ཚད་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ཤི་བའི་དུས་ཀྱི་སྒོའི་ཁྱད་པར་གྱི་ཡོན་ཏན་དང་སྐྱོན་བསྟན་པ། ལམ་བཟང་པོ་ནི་མཛེས་པའི་གནས། །ལམ་ངན་པ་ནི་སྲིད་པའི་སྐྱོན། །ཞེས་པ་སྟེ། དེ་ལ་ལམ་བཟང་ཞེས་པ་ནི་སྒོ་དྲུག་གོ། །མཛེས་པའི་གནས་ཞེས་པ་ནི་མཐོ་རིས་སོ། །ལམ་

ངན་པ་ཞེས་པ་ནི་སྒོ་གསུམ་མོ། །སྲིད་པའི་སྐྱོན་ཞེས་པ་ནི་ངན་སོང་གསུམ་མོ། །བཟང་པོའི་སྒོ་དྲུག་དང་ངན་པའི་སྒོ་གསུམ་གང་ཞེ་ན། གསུངས་པ། ཐིགས་པ་ལྟེ་བའི་སྤྱི་གཙུག་དང་། །ཞེས་པ་ལ་སོགས་པའོ། །དེ་ནས་སྒོ་དང་སྦྱོར་བའི་སྐྱོན་བསྟན་པ་ལ། དེ་ལ་རེ་ཞིག་ཡོན་ཏན་བསྟན་པ། ལྟེ་བ་

འདོད་ཅན་མཐོ་རིས་ཏེ། །ཞེས་པ་ནི་རྣལ་འབྱོར་པའི་ལྟེ་བ་ནས་ཡེ་ཤེས་འཕྲོ་ན། འདོད་ཁམས་ཀྱི་ལྷའི་རིས་རྒྱལ་ཆེན་རིགས་བཞི་ལ་སོགས་པ་དྲུག་ཏུ་སྐྱེར་སོང་ངོ་ཞེས་པའི་ཐ་ཚིག་གོ། །ཐིགས་པ་གསུམ་གྱི་ལུས་རྣམས་ནི། །ཞེས་པ་ནི། དཔྲལ་བའི་ཐིགས་པ་ནས་ཡེ་ཤེས་འཕྲོ་ན། གཟུགས་ཀྱི་

ལྷ་རིས་ཚངས་པ་ལ་སོགས་པ་བཅུ་བདུན་དུ་སྐྱེར་སོང་ངོ་ཞེས་པའི་ཐ་ཚིག་གོ། །གོང་མ་གོང་མའི་གནས་སུ་ནི། །འགྲོ་བ་དེ་ཡིས་ཡོངས་སུ་བརྟགས། །ཞེས་པ་ནི། དེ་ལ་གོང་མ་ནི་སྤྱི་བོའོ། །གོང་མའི་གནས་ནི་གཟུགས་མེད་པའི་ཁམས་ཏེ་སྲིད་པ་གོང་མར་གྱུར་པའི་ཕྱིར་རོ། །དོན་ནི་འདི་

ལྟ་སྟེ། རྣལ་འབྱོར་པའི་སྤྱི་བོ་ནས་རྣམ་ཤེས་འཕྲོ་ན། གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་ལ་སོགས་པའི་རིགས་བཞི་ལ་སྐྱེར་སོང་བ་བརྟག་པར་བྱའོ་ཞེས་པའི་ཐ་ཚིག་གོ། །སྣ་ཡིས་གནོད་སྦྱིན་གནས་སུ་ཞེས་པ་སྟེ། སྣ་ནས་ཡེ་ཤེས་འཕྲོ་ན། རེ་རབ་ཀྱི་རྩེ་མོར་མིག་མི་བཟང་ལ་

เล่ม ๒๕ · หน้า 61a

སོགས་པའི་གནོད་སྦྱིན་གྱི་རིས་སུ་སྐྱེའོ་ཞེས་པའི་ཐ་ཚིག་གོ། །རྣ་བ་གཉིས་ཀ་གྲུབ་པའི་ལྷ། །ཞེས་པ་ནི་དེ་ལ་གྲུབ་པའི་ལྷ་ནི་བརྒྱད་དེ། རལ་གྲི་གྲུབ་པའི་ལྷ་དང་། མིག་སྨན་གྱིས་གྲུབ་པའི་ལྷ་དང་། རི་ལུ་གྲུབ་པའི་ལྷ་དང་། ས་འོག་གྲུབ་པའི་ལྷ་དང་། མི་སྣང་གྲུབ་པའི་ལྷ་དང་།

ཡུད་ཙམ་གྱིས་ཕྱིན་པ་གྲུབ་པའི་ལྷ་དང་། ནམ་མཁའ་ལ་འཕུར་བའི་གྲུབ་པའི་ལྷ་དང་། ཀུན་དུ་མཐོང་བ་གྲུབ་པའི་ལྷ་དང་། དོན་ནི་འདི་ལྟ་སྟེ། རྣ་བ་ནས་རྣམ་པར་ཤེས་པ་འཕྲོ་ན། ལྷ་དེ་དག་གི་རིས་ལ་སྐྱེ་བའོ། །གལ་ཏེ་མིག་ལས་ཡེ་ཤེས་འཕྲོ། །མི་རྣམས་ཀྱི་ནི་རྒྱལ་པོར་འགྱུར། །ཞེས་པ་ནི་མིག་ནས་

ཡེ་ཤེས་འཕྲོ་ན་མིའི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་སོགས་པར་སྐྱེའོ་ཞེས་པའོ། །དེ་ནས་སྒོའི་ཡོན་ཏན་བསྟན་ནས་སྐྱོན་བསྟན་པ། སྲིད་པའི་སྒོ་ཡིས་ཡི་དགས་རྣམས། །ཞེས་པ་ནི་དེ་ལ་སྲིད་པའི་སྒོ་ནི་ཁའོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་ཕུང་པོ་ལྔ་དེ་གནས་པར་བྱེད་པའི་ཟས་དེ་ནས་བཅུག་པའི་ཕྱིར་ན།

སྲིད་པའི་སྒོ་ཞེས་པའོ། །དོན་ནི་འདི་ལྟ་སྟེ། ཡེ་ཤེས་འཕྲོ་ན་ཡི་དགས་སུ་སྐྱེ་བའོ་ཞེས་པའོ། །དེ་བཞིན་ཆུ་ཡིས་དུད་འགྲོ་སྟེ། །ཞེས་པ་ནི་དེ་ལ་ཆུ་ཞེས་པ་ནི། ཕོ་མཚན་དང་མོ་མཚན་ནི་ཆུའི་ལམ་གྱི་ཕྱིར་རོ། །ཆུའི་ལམ་གྱི་སྒོ་ནས་འོད་ཟེར་འཕྲོ་ན་དུད་འགྲོ་ལ་སྐྱེའོ་ཞེས་པའོ། །དམྱལ་བ་བརྒྱད་ཀྱི་དངོས་

པོ་རྣམས། །ཆུ་མིན་རྣམ་ཤེས་མྱུར་དུ་འགྱུར། །ཞེས་པ་ནི། དེ་ལ་ཆུ་མིན་ནི་དྲི་ཆེན་གྱི་ལམ་སྟེ། སྙིགས་མ་བྱུང་བའི་ཕྱིར་རོ། །ཆུ་མིན་གྱི་སྒོ་ནས་འཕྲོ་ན། ཡང་སོས་ལ་སོགས་པ་དམྱལ་བ་བརྒྱད་ལ་སྐྱེའོ་ཞེས་པའོ། །དེ་ལྟར་ཡོན་ཏན་དང་སྐྱོན་སྦྱོར་བའི་ཕྱིར་ན། རྣལ་འབྱོར་པས་ཤི་བའི་དུས་

ལ་བབ་མ་ཐག་ཏུ། ཡོན་ཏན་གྱི་སྒོ་ནས་འཕྲོ་བར་བྱ་བ་ནི་མཆོག་ཡིན་ནོ་ཞེས་གསུངས་པ། གང་ཞིག་སྒོ་ཡི་བྱེ་བྲག་གིས། །ཞེས་པ་ལ་སོགས་པའོ། །དེ་ནས་འཕོ་བའི་ཐབས་སྟོན་པས་གསུངས་པ། བུམ་པར་སྔོན་དུ་བརྩམས་ནས་ནི། །ཞེས་པ་ལ་སོགས་པ་སྟེ། དངོས་པོ་དབུགས་དགག་

པའི་ཏིང་ངེ་འཛིན་བྱའོ་ཞེས་པའོ། །ཐམས་ཅད་སྒོ་ནི་དགག་པར་བྱ། །ཞེས་པ་ནི། གང་གི་སྒོ་ནི་དགུ་པོ་དགག་པར་བྱ་ཞེས་པའོ། །ཇི་ལྟར་དགག་པར་བྱ་ཞེ་ན་གསུངས་པ། སྒྲོགས་པ་ལྔ་ཡིས་མཆོད་རྟེན་གྱི། །སྒོ་ནི་དགག་པར་བསྒོམ་པར་བྱ། །ཞེས་པ་སྟེ། ཁ་ལ་སོགས་པ་གང་གི་ཐད་ཀར་དགག་པར་

เล่ม ๒๕ · หน้า 61b

བྱའོ་ཞེས་པ་ནི་མན་ངག་གོ། །དེ་ནས་དགག་པ་སྤྱི་བོ་ལ་སོགས་པ་སྒོ་དྲུག་ཏུ་དགག་པའོ། །དེ་ནས་འོག་གི་སྒོ་ལ་ཡང་། རྒྱུ་ཡི་ས་བོན་དཀར་པོའོ། །ཞེས་པ་ནི། འདིར་འོག་གི་སྒོ་ནི་ལྟེ་བ་ལ་ཤེས་པར་བྱ་སྟེ། དེ་ལ་ཆུའི་ས་བོན་སུ་དཀར་པོས་དགག་པར་བྱའོ། །ཆུ་དང་ཆུ་མིན་མེ་ཡིས་ནི། །

དེ་ཡི་ས་བོན་འབར་བར་བྱས། །བུ་ག་དགག་པའི་རྣལ་འབྱོར་པས། །ཞེས་པ་ནི་དེ་ལ་ཆུ་ནི་ཕོ་མཚན་ནོ། །ཆུ་མིན་ནི་དྲི་ཆེན་གྱི་ལམ་མོ། །དེ་གཉིས་ཀྱི་སྒོ་ནས་མེའི་ས་བོན་སེར་པོས་དགག་པར་བྱ། དེ་ལྟར་སྒོ་དགག་པའི་རྣལ་འབྱོར་པས་དབུགས་མི་གཡོ་བར་བསྒོམ་པར་གསུངས་པ། བུམ་པ་

དེ་ལ་དབུགས་ཀྱིས་ནི། །ཤིན་ཏུ་མཉམ་གཞག་བསྒོམ་པར་བྱ། །ཞེས་སོ། །ཡང་དབུགས་དགག་པའི་རྣལ་འབྱོར་པས་ལུས་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། ལུས་ལ་རླུང་གི་ཁ་དོག་དང་། །ཞེས་པ་ལ་སོགས་པ་སྟེ། ལུས་ཀུན་རླུང་གིས་གང་ཞིང་རླུང་གི་མདོག་ཏུ་ཐལ་བའི་མདོག་ཏུ་

བསྒོམ་པའོ། །སེམས་ཀྱི་རླུང་གི་དཀྱིལ་འཁོར་ལ། །ཞེས་པ་ནི་རང་གི་སེམས་རླུང་གི་དཀྱིལ་འཁོར་དུ་ཟླ་གམ་བསྒོམ་པར་བྱའོ་ཞེས་པའོ། །དཀྱིལ་འཁོར་དེ་ལ་བཀོད་པའི་སྔགས་གསུངས་པ། རླུང་གི་ས་བོན་དྲང་བར་དུ། །ཞེས་པ་སྟེ། ཡི་གེ་ཡྃ་དཀྱིལ་འཁོར་དུ་དགོད་པར་བྱའོ་ཞེས་པའོ། །

ལུས་གར་བསྒོམ་ཞེ་ན་གསུངས་པ། རླུང་གི་མཐའ་ཡི་རྩ་བར་ནི། །ཞེས་པ་སྟེ། རླུང་གིས་གང་བའི་ལུས་ཀྱི་མཐའ་རྐང་མཐིལ་ལ་བསྒོམ་མོ་ཞེས་པའོ། །ཐིགས་པ་ང་རོ་ལྡན་པ་ཡིས། །ཞེས་པས་ནི། རླུང་གི་ས་བོན་ཡ་རྐྱང་པ་ལ་ཞབས་སྐྱེད་དང་ཐིག་ལེ་སྦྱར་བར་བྱའོ། །དེས་ན་ཡི་གེ་ཡུྃ་

དུ་འགྱུར་རོ། །ས་བོན་སེམས་ཀྱིས་དྲང་བར་བྱ། །ཞེས་པ་ནི། སེམས་ཀྱི་ས་བོན་ཡི་གེ་ཧཱུྃ། དེ་ཡར་དྲང་བར་བྱའོ་ཞེས་པའི་ཐ་ཚིག་གོ། །གང་གིས་དྲང་ཞེ་ན། རྡོ་རྗེ་ས་བོན་དྲག་པོ་ལ། །ལྕགས་ཀྱུ་ཡི་གེ་སྦྱར་བྱས་ཏེ། །ཞེས་པ་སྟེ། དེ་ལ་རྡོ་རྗེ་ས་བོན་ཞེས་པ་ནི་ཡི་གེ་ཧཱུྃ། དྲག་པོའི་ས་བོན་ཞེས་

པ་ནི་ཡི་གེ་ཀྵུྃ་ངོ་། །དོན་ནི་འདི་ལྟ་སྟེ། ཡི་གེ་ཧཱུྃ་ནི་ཀྵུྃ་གིས་འདྲེན་པར་བྱའོ་ཞེས་པའོ། །གནས་གང་ལས་ཇི་ཙམ་གྱི་བར་དུ་དྲང་བར་བྱ་ཞེ་ན་གསུངས་པ། ཉི་ཤུ་རྩ་གཅིག་དབུགས་དག་གིས། །ཞེས་པ་ལ་སོགས་པ་སྟེ། དབུགས་ཉི་ཤུ་རྩ་གཅིག་གི་བར་དུ་དྲང་བར་བྱའོ་ཞེས་པའོ། །ཚིགས་

เล่ม ๒๕ · หน้า 62a

གཅིག་གནས་ནས་ཚིགས་གཅིག་གོ། །ཚིགས་དགུ་གོང་མའི་བར་དུའོ། །ཞེས་པ་ནི་རྐང་མཐིལ་དང་། ལོང་བུ་དང་། པུས་མོ་དང་། རྐེད་པ་དང་། ལྟེ་བ་དང་། སྙིང་ག་དང་། དཔུང་པ་དང་། གྲེ་བ་དང་། སྤྱི་བོའི་བར་དུ་འདྲེན་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཡར་འདྲེན་པ་

བསྟན་ནས། འོག་ནས་ཕུལ་བའི་ཡི་གེ་སྦས་བཤད་པ། ཡར་བཟློག་མར་བཟློག་ས་བོན་གྱིས། །སྦྱར་བྱ་ཡི་གེ་ཕྱེད་དང་གཉིས། །ཞེས་པ་སྟེ། དེ་ལ་ས་བོན་ནི་ཕཊ་དོ། །དེ་བཤད་པ་ཡི་གེ་ཕྱེད་ཅེས་ཏེ། དེ་ལ་ཕ་ནི་ཡི་གེ་རངས་པའོ། །ཊ་ནི་ཕྱེད་དེ་ཕ་ལ་འདོགས་པའི་ཕྱིར་རོ། །དེ་ནས་ཡང་

གོང་མ་ཡར་འདྲེན་པའི་ས་བོན་གྱི་ཡི་གེ་སྦས་གསུངས་པ། ང་རོ་དྲག་ཏུ་བརྗོད་པ་ཡིས། །ཞེས་པ་ནི། ཡི་གེ་ཀྵུཾ་གི་ཞབས་སྐྱེད་ཐིག་ལེ་ལའོ། །བརྒྱད་ཀྱི་ཐ་མའི་ས་བོན་དང་། །ཞེས་པ་ནི་ཡ་ལ་སོགས་པའི་ཡི་གེ་བརྒྱད་ཀྱི་ཐ་མ་ཀྵའོ། །ཀྵ་དེ་ཁོ་ན་སྟོན་པས་གསལ་པར་གསུངས་པ། སྡེ་ཚན་

དང་པོ་གོང་མ་ཡི། །ཞེས་པ་སྟེ། ཡི་གེ་ཀའོ། །ཡི་གེ་ཕྱེད་ཀྱིས་སྦྱར་བྱས་ཏེ། །ཞེས་པ་ནི། ཡི་གེ་ཀྵ་ལ་ཕྱེད་ཀ་ཡིན་ནོ་ཞེས་ཏེ། ཀ་དང་ཥ་བརྩེགས་པའི་ཕྱེད་དོ། །གོང་གི་ཕུལ་བའི་འཕྲོ་ཆོ་གའི་ཏིང་ངེ་འཛིན་ཡང་སྟོན་པ། རླུང་གི་དཀྱིལ་འཁོར་འོག་ནས་ནི། །ང་རོས་ཕྱེད་ནས་གདོན་པར་བྱ། །

ཞེས་པ་སྟེ། རྐང་མཐིལ་ནས་རླུང་གི་དཀྱིལ་འཁོར་གྱི་འོག་ནས། ཕཊ་ཀྱིས་མས་ཕུལ་ནས་བཏེག་གོ་ཞེས་པའི་ཐ་ཚིག་གོ། །རླུང་གི་ས་བོན་དང་ལྡན་པའི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །ཞེས་པ་ནི་ཕཊ་ཀྱིས་ཡར་ཕུལ་པའི་རླུང་གི་དཀྱིལ་འཁོར་དེ་དབུགས་དང་། སེམས་དང་སྲོག་

དང་ལྡན་པ་བསྒོམ་མོ་ཞེས་པའོ། །ཉི་ཤུ་རྩ་གཅིག་གནས་ནས་ནི། །གང་ནས་དུ་མིང་བཏགས་པ་སྟེ། །ཞེས་པ་ནི་དབུགས་ཉི་ཤུ་རྩ་གཅིག་གི་བར་དུ་འདྲེན་ནས་གནས་དགུ་ཡར་ཕྱིན་པ་འོག་མའི་གནས་ལ་མི་གཏོང་ངོ་ཞེས་པའི་ཐ་ཚིག་གོ། །བཟློག་པར་བྱ་བའི་རྣལ་འབྱོར་པས། །རྩ་བར་

ཕྱེད་ནི་དབབ་པར་བྱ། །ཞེས་པ་ནི་རྐང་མཐིལ་ནས་རླུང་གི་དཀྱིལ་འཁོར་ཡར་བཟློག་པའི་རྣལ་འབྱོར་པས་རྐེད་པའི་བར་དུ་དབབ་པར་བྱའོ་ཞེས་པའོ། །ཚིགས་དགུ་ལས་ནི་ཡར་གཏོང་ན། །མོད་ལ་འཕོ་བ་ཞེས་བྱའོ། །ཞེས་པ་ནི། ཚིགས་དགུའི་ཡ་ཐ་སྤྱི་བོ་ནས་རྣམ་པར་ཤེས་པ་འཕོ་བ་ནི་མོད་ལ་

เล่ม ๒๕ · หน้า 62b

འཕོ་བ་ཞེས་པ་སྟེ། རབ་ཅེས་པའི་ཐ་ཚིག་གོ། །དེ་ལྟར་འཕོ་བ་ཤེས་པའི་ཡོན་ཏན་བྲམ་ཟེ་ལ་སོགས་པ་བསད་ན་ཡང་སྡིག་པར་མི་འགྱུར་རོ་ཞེས་པའོ། །ཉིན་རེ་བྲམ་ཟེ་བསད་ན་ཡང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་མཚམས་མེད་ལྔ་དག་བྱེད་པ་དང་། །ཞེས་པ་ནི་ཕ་གསོད་པ་དང་། མ་

གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། ངན་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པའོ། །དེའི་དཔེ་བསྟན་པ། ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨའི་མདངས་ནི་མཛེས་པར་འབྱུང་། །ཞེས་པའོ། །དོན་གསུངས་པ། དེ་བཞིན་

འདམ་པའི་ལུས་ལ་ནི། །ཡེ་ཤེས་སྐུ་ནི་རང་དགར་འབྱུང་། །ཞེས་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ཟག་པ་དང་བཅས་པ་ནས་ཀྱང་སྒོའི་ཁྱད་པར་གྱིས་ཡེ་ཤེས་འཕོ་ན། མཐོ་རིས་ལ་སྐྱེ་སྟེ། པདྨ་བཞིན་དུ་དྲི་མས་མ་གོས་པ་ཞེས་པའི་ཐ་ཚིག་གོ། །དུས་གང་ལ་འཕོ་བ་སྦྱོར་བ་ཞེ་ན་གསུངས་པ།

དུས་ལ་བབ་ན་འཕོ་བྱ་སྟེ། །ཞེས་པ་ནི་ཤི་བའི་དུས་ལ་བབ་ན་བྱའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །གཞན་དུ་ནི་འཕོ་བ་བྱས་ན་ཅིར་འགྱུར་ཞེ་ན་གསུངས་པ། དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་པ་སྟེ། ཤི་བའི་དུས་མ་ཡིན་པར་འཕོ་བ་བྱས་ནས། རིགས་ལྔ་ལ་སོགས་

པའི་ལྷ་གསོད་པར་འགྱུར་ཏེ། ཕུང་པོ་ལྔ་རིགས་ལྔའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ད་ནི་མཇུག་གི་སེམས་སྦྱོར་བ་སྟོན་འདོད་པ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྦྱོར་བ་གྲུབ་པའི་བྱེ་བྲག་དག །ཉོན་ཅིག་རྡོ་རྗེ་དེ་ཁོ་ན། །ཞེས་པ་ལ་སོགས་པའོ། །དེ་ལ་མཉམ་པ་ཉིད་ཀྱི་སྟོང་

པ་ཉིད་བསྒོམས་ནས། དམ་ཚིག་སེམས་དཔའ་བསྒོམ་པ་གསུངས་པ། མཉམ་ཉིད་སེམས་ཀྱི་དངོས་པོ་ཡིས། །ཞེས་པ་ལ་སོགས་པ་ནས། ཡི་གེ་ས་བོན་རྣམ་པར་དགོད། །ཅེས་པའི་བར་དུའོ། །དེ་ལ་ས་བོན་ནི་སུ་ལ་སོགས་པ་བརྒྱད་དོ། །དེ་ལྟར་ལྷ་བསྒོམས་པས་སྙིང་པོ་ལ་

བཀོད་པའི་ཡིག་འབྲུ་གསུངས་པ། ཨཱ་ལི་ཀཱ་ལི་ལ་སོགས་པ། །ཞེས་པ་ནི་ཡི་གེ་ཨ་དཀར་པོའོ། །བསྒོམ་པའི་ས་བོན་ཁོ་ན་བཤད་པ། ཆུ་ཤིང་མེ་ཏོག་པདྨ་ལ། །ཞེས་པ་ལ་སོགས་པ་སྟེ། བ་ལང་རྨིག་པའི་སྟེང་གི་སྙིང་གར་སྒོང་སྐྱེས་སེམས་ཀྱི་ཡི་གེ་ཧཱུྃ་ཨ་དང་ལྡན་པ་གཅིག་དབྱེར་

เล่ม ๒๕ · หน้า 63a

མེད་པར་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། །དེ་ནས་ཏིང་ངེ་འཛིན་བསྒོམ་པའི་རྣལ་འབྱོར་པས་ཕྱིའི་ལས་གསུངས་པ། དེ་ནས་ཕྱིའི་སྦྱོར་བ་ལ་སོགས་ཤེས་པའོ། །སེམས་ཀྱི་གཉིས་འགྱུར་བདག་ལ་ཞེས་པ་ལ་སོགས་པ་ནི། དེ་ལ་སེམས་ཀྱི་གཉིས་འགྱུར་ཞེས་པ་ནི།

རང་གི་སེམས་ཀྱི་ཕྱི་ནང་གཉིས་སུ་ཕྱེ་ནས་སྒོམ་པའོ། །དེ་ལ་ཕྱི་རོལ་གྱི་སེམས་ཇི་ལྟར་བསྒོམ་ཞེ་ན། ས་དག་ལ་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་གྱི་སེམས་དཔའི་དཀྱིལ་འཁོར་དང་། རླུང་གི་དཀྱིལ་འཁོར་དང་། མེའི་དཀྱིལ་འཁོར་དང་། ཉི་མའི་དཀྱིལ་འཁོར་རྣམས་བརྩེགས་པའི་

དབུས་སུ། ཨཱ་ལི་ཀཱ་ལི་ལ་ས་བོན་གྱི་ཡི་གེ་ཨ་དམར་པོ་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་ཕྱི་ནང་བསྒོམས་ནས་བཟླས་པ་གསུངས་པ། འབྱུང་འཇུག་ཏུ་ནི་བཟླས་པར་བྱ། །ཞེས་པ་ནི། ཨོཾ་ཨ་སྭཱ་ཧཱའི་སྔགས་དབུགས་དབྱུང་བ་ལ་ནི་བཟླ།དབུགས་འཇུག་པ་ལ་ནི་སླར་བསྡུ་ཞེས་པའི་

ཐ་ཚིག་གོ། །དེ་ལྟར་བཟླས་པ་ལས་ཅི་བྱེད་ཅེ་ན་གསུངས་པ། ཡེ་ཤེས་ས་བོན་འབྱུང་བ་ཡིས། །དཀྱིལ་དུ་འཇོམས་པར་བྱེད་པར་འགྱུར། །ཞེས་པ་ནི། དབུགས་འཇུག་པ་དང་སྔགས་བཟླས་པ་འགྲོགས་པའི་ས་བོན་ཨ་འབྱུང་བས། ཕྱིའི་ཉི་མའི་དཀྱིལ་འཁོར་གྱི་ཨའི་དཀྱིལ་དུ་ཐུག་

པར་བསམ་པར་བྱའོ་ཞེས་པའོ། །དེ་ཁོ་ནའི་དོན་གསལ་བར་གསུངས་པ། འབྱུང་བས་བཟླས་པ་དང་ཞེས་པ་ལ་སོགས་པའོ། །དེ་ལྟར་འབྱུང་བ་དང་། འཇུག་པ་མཉམ་པ་ཉིད་དུ་བསྒོམ་པའི་རྣལ་འབྱོར་པས། མཉམ་པར་བསྒོམ་པ་གསུངས་པ། འབྱུང་བའི་མཚན་ཉིད་བསྟན་

པ་དང་། །ཞེས་པ་ལ་སོགས་པའོ། །ཏིང་ངེ་འཛིན་དེ་ཁོ་ན་བསྒོམ་པའི་རྣལ་འབྱོར་པས་གཞན་གྱི་སེམས་ཤེས་པའི་ཆོ་ག་གསུངས་པ། དེ་ནས་ཕྱི་སོགས་ལུས་རྣམས་ནི། །ཞེས་པ་ལ་སོགས་པའོ། །པཎྜི་ཏ་སྨྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གསང་

བའི་གདན་གྱི་ལེའུ་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་སེམས་དང་ཡེ་ཤེས་སྦྱོར་བ་དང་། ཚད་མེད་པ་བཞི་དང་། སེམས་སྦྱོར་བ་དང་། ཐིག་ལེའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ཕྲ་མོ་དང་། སྔགས་བཟླས་པ་དང་། མཚན་མ་དང་། མཆོད་རྟེན་གྱི་དེ་ཁོ་ན་ཉིད་དང་།

เล่ม ๒๕ · หน้า 63b

དབྱིངས་དང་། ཡེ་ཤེས་རྣམས་སྦྱར་བ་ཞུ་འདོད་པས་ཕྱག་ན་རྡོ་རྗེས་གསང་བའི་གདན་ལ་གཉིས་ཞེས་པ་ལ་སོགས་པ་སྟེ། གསང་བའི་གདན་ལེའུ་བཞི་པ་བརྩམས་སོ། །དེ་ལ་གསང་བའི་གདན་གྱི་ནང་ན་ལེའུ་འདི་གསང་བའི་ཕྱིར་རོ། །སེམས་དང་ཡེ་ཤེས་མཉམ་བགྱི་བ། །ཞེས་པ་ནི་

སེམས་ནི་ཟག་པ་སྟེ། དེ་ནི་གཉིས་སུ་མེད་པའི་ཆོས་ཉིད་འབྱེད་པའི་ཤེས་རབ་ཀྱི་ཕྱིར་རོ། །ཡེ་ཤེས་ནི་རྒྱ་ཆེ་བ་སྟེ། སྙིང་རྗེ་ལ་སོགས་པ་རྣམས་ཀྱི་ངོ་བོའི་ཕྱིར་རོ། །བྱང་ཆུབ་རྫོགས་རིམ་ཇི་ལྟར་ལགས། །ཞེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་

དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། རྡོ་རྗེའི་རིགས་དང་། སངས་རྒྱས་ཀྱི་རིགས་དང་། རིན་ཆེན་གྱི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་ཐེག་པ་དགུའི་ནང་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་གང་ཡིན་ཞེས་ཞུས་པའོ། །བཅོམ་ལྡན་

འདས་རྡོ་རྗེ་སེམས་དཔས་ཞུས་པའི་ལན་གསུངས་པ། གསང་བའི་གསང་བ་ཆོས་མཆོག་གི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་བ་ནི་སྐུ་གསུང་ཐུགས་ཏེ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །གསང་བ་ནི་ཐབས་དང་ཤེས་རབ་དང་། སེམས་དང་། ཡེ་ཤེས་

ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། སྐུ་གསུང་ཐུགས་ལས་ཀྱང་ཐབས་དང་ཤེས་རབ་གསང་བས་ན། གསང་བའི་གསང་བ་ཞེས་སོ། །དེས་ན་ཆོས་མཆོག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུའི་ཕྱིར་རོ། །ཀྱེ་ཕྱག་ན་རྡོ་རྗེ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་ནི་འདི་ཡིན་ནོ་ཞེས་པའི་དོན་ཏོ། །མདོར་བསྡུས་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། སེམས་ནི་མཉམ་ཉིད་བསྐྱེད་པ་ཡིས། །འདོད་ཆགས་ལ་སོགས་རིང་དུ་སྤང་། །ཞེས་པ་ནི་གཉིས་སུ་མེད་པའི་དོན་མཉམ་པ་ཉིད་ཀྱི་སེམས་བསྐྱེད་པའི་

རྣལ་འབྱོར་པས་ཕྱིན་ཅི་ལོག་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤང་བར་བྱའོ་ཞེས་པའོ། །དེ་ནས་ཡང་ཐབས་དང་ཤེས་རབ་ཀྱི་དོན་རྒྱས་པར་གསུངས་པ་ལ། རེ་ཞིག་ཐབས་གསུངས་པ། ཡིད་དུ་འོང་བའི་ས་ཕྱོགས་སུ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡིད་དུ་འོང་བའི་ཞེས་

เล่ม ๒๕ · หน้า 64a

པ་ནི་ཆུ་དང་། མེ་ཏོག་དང་། ཤིང་ཐོག་དང་ལྡན་པའི་སའོ། །ཡང་ན་གསང་བའི་ཕྱོགས་ཞེས་པའོ། །བདེ་བའི་སྟན་ལ་འདུག་ནས་ནི། །ཞེས་པ་ནི། འཇམ་པ་དང་མཐུག་པའོ། །ཡང་ན་ཐབས་དང་ཤེས་རབ་སྦྱོར་བའི་བདེ་བ་མྱོང་ནས་འདུག་པ་ཞེས་པའོ། །བདེ་

བའི་སེམས་ཀྱིས་ཁམས་རྣམ་དག །ཅེས་པ་ནི། མིག་གི་ཁམས་ལ་སོགས་པ་བཅོ་བརྒྱད་ཐབས་དང་ཤེས་རབ་ཀྱི་བདེ་བ་ལས་བྱུང་བའི་སེམས་ཀྱིས་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །གང་བསྒོམ་ཞེ་ན་གསུངས་པ། སྙིང་རྗེར་ཕན་པའི་སེམས་ནི་བྱ། །ཞེས་པ་སྟེ། ལུས་ཀྱི་དཀྱིལ་

འཁོར་གྱི་ལྷ་རྣམས་གསང་བའི་མཆོད་པས་མཉེས་པར་བྱ་བའི་བསོད་ནམས་སྙིང་རྗེའི་སེམས་ཀྱིས་སེམས་ཅན་བྱམས་པ་ལ་བསྔོ་བར་བྱ་ཞེས་པའོ། །ད་ནི་ཤེས་རབ་ཀྱི་དོན་རྒྱས་པར་སྟོན་པར་གསུངས་པ། གཙུག་ལག་དེ་བཞིན་ཉིད་ཐོབ་པ། །ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ནི་

རྣལ་འབྱོར་པའི་གཙུག་ལག་དེ་ཁོ་ན་ཉིད་ཐོབ་པ་ལ་ཤེས་པར་བྱའོ། །ཇི་ལྟར་ཐོབ་པར་བྱ་ཞེ་ན་གསུངས་པ། །སློབ་དཔོན་ལུང་དང་མན་ངག་ལ། །ཞེས་པ་སྟེ། ཤེས་རབ་ཀྱི་དེ་ཁོ་ན་ཉིད་དེ་ནི་སློབ་དཔོན་གྱི་མན་ངག་སྙན་ཁུང་དུ་ཐོབ་ཀྱི། གཞན་དུ་མ་ཡིན་ཏེ། དམ་པའི་གོ་འཕང་རྒྱུ་

ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་ཉིད་བརྒྱུད་པའོ། །དེ་ལ་གསང་བ་ཞེས་པ་ནི། །གདོད་མའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་མི་འཇིག་པའི་རང་བཞིན་གྱི་ཕྱིར་རོ་ཞེས་པ་མི་སྐྱེ་བའི་རང་བཞིན་གྱི་ཕྱིར་རོ། །དེ་ལྟར་གསང་བ་འདུས་པ་ལས་གསུངས་པ། མི་འཇིག་པ་དང་མི་སྐྱེ་བ། །མགོན་

པོས་གང་དེ་གསུངས་པའོ། །དེ་ཁོ་ན་ཉིད་བརྒྱུད་པ་ཡི། །ཞེས་པ་ནི། དེ་ནི་མན་ངག་གི་རྒྱུད་ཀྱིས་ཤེས་པར་བྱའོ། །ད་ནི་ཚད་མེད་པ་བཞི་དང་སེམས་སྦྱོར་བ་གསུངས་པ། གང་གི་མཚན་ཉིད་ཐམས་ཅད་དུ། །ཞེས་པ་ལ་སོགས་པ་སྟེ། གང་ན་གསུངས་པ། སྟོང་པ་ཉིད་ཀྱི་མཚན་ཉིད་

ཀྱིས་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་པའོ། །དེ་དང་སྟོང་པ་ཉིད་ཀྱིས་དག་པའི་སེམས་ཀྱིས་བྱང་ཆུབ་ཀྱི་རིམ་པ་བསྒོམ་པར་བྱའོ་ཞེས་གསུངས་པ། བྱང་ཆུབ་རྫོགས་རིམ་གཙོ་བོར་བའོ། །ཞེས་པའོ། །ཇི་ལྟར་གཙོ་ཞེ་ན་གསུངས་པ། ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཞེས་པ་

เล่ม ๒๕ · หน้า 64b

ལ་སོགས་པ་ནས། རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །ཅེས་པའི་བར་དུ་གོ་སླའོ། །དམ་ཚིག་སེམས་དཔའ་རྣམས་ནས་ནང་དུ་བསྒོམ་པར་གསུངས་པ། ཆུ་ཤིང་མེ་ཏོག་ལྟེ་བ་ནས། །ཞེས་པ་ལ་སོགས་པ་སྟེ། སྔོན་བཞིན་པདྨ་རྒྱས་པར་བྱ། །ཞེས་པའི་བར་ཡན་ཆད་ནི་བཤད་ཟིན་ཏོ། །

ཤིན་ཏུ་བརྒྱན་པའི་འདབ་མ་བརྒྱད། །གེ་སར་སྡོང་བུར་བཅས་པ་ལ། །ཞེས་པ་ནི། འདིར་ནི་ཆུ་ཤིང་གི་མེ་ཏོག་གི་སྟེང་དུ་འདོད་དེ། སྙིང་པོ་དང་ལྡན་པ་པདྨ་འདབ་མ་བརྒྱད་ཅེས་བྱ་བ་བསྒོམ་པར་བྱའོ། །གང་བསྒོམ་ཞེ་ན་གསུངས་པ། དབུས་ཀྱི་སྒོང་སྐྱེས་གདན་ལ་ནི། །ཞེས་པ་སྟེ། དེ་ལ་

སྒོང་སྐྱེས་ནི་སེམས་སོ། །དེའི་གདན་ནི་སྙིང་པོའི་སྒོ་ངའོ། །སྙིང་གི་དཀྱིལ་དུ་པདྨ་འདབ་མ་བརྒྱད་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །པདྨའི་སྙིང་པོ་དང་འདབ་མ་ལ་བཀོད་པའི་སྔགས་དང་དེའི་འདོགས་གསུངས་པ། བཀོད་བྱའི་ཡི་གེ་དགོད་པར་བྱ། །ཞེས་པ་ལ་སོགས་པའོ། །དེ་ནས་ཡིག་

འབྲུ་བཀོད་པ་སྟོན་པར་གསུངས་པ། དེ་ཡི་དབུས་སུ་རྣམ་ཤེས་དང་། །ཡེ་ཤེས་དེ་གཉིས་སྦྱར་བར་བྱ། །ཞེས་པ་སྟེ། པདྨ་དེའི་དབུས་སུ་སྙིང་པོ་ལ་རྣམ་ཤེས་ཀྱི་སྙིང་པོ་ཧཱུྃ་དཀར་པོ་བཀོད་པར་བྱའོ་ཞེས་གསུངས་པའོ། །བྱམས་པར་ལྡན་པས་ཤར་ཕྱོགས་ཀྱི། །འདབ་མ་ས་བོན་མ་

འཁྲུགས་པའི། །ཞེས་པ་ནི་ཤར་ཕྱོགས་ཀྱི་འདབ་མ་ལ་བྱམས་པའི་རང་བཞིན་མི་བསྐྱོད་པའི་ས་བོན་ཡི་གེ་མ་བཀོད་པའོ། །སྙིང་རྗེ་ལྷོ་ཡི་སྒོ་རུ་སྟེ། །རིན་ཆེན་ས་བོན་དེ་ཁོ་ན། །ཞེས་པ་ནི་ལྷོའི་འདབ་མ་ལ་སྙིང་རྗེའི་རང་བཞིན་རིན་ཆེན་འབྱུང་ལྡན་གྱི་ས་བོན་ཡི་གེ་ཨ་བཀོད་པའོ། །

ནུབ་ཀྱི་སྒོ་ཡི་འདབ་མ་ལ། །འོད་དཔག་མེད་ཀྱི་ས་བོན་དགོད། །ཅེས་པ་ནི་ནུབ་ཀྱི་འདབ་མ་ལ་དགའ་བའི་རང་བཞིན་སྣང་བ་མཐའ་ཡས་ཀྱི་ས་བོན་ཡི་གེ་ཨ་བཀོད་པའོ། །ལྷུན་པོ་ཆེ་ཡི་འདབ་མ་ལ། །གཙོ་བོ་དོན་ཡོད་གྲུབ་པ་བསམ། །ཞེས་པ་ནི། དེ་ལ་ལྷུན་པོ་ཆེའི་ཕྱོགས་ཞེས་པ་ནི། བྱང་

ཕྱོགས་ཀྱི་འདབ་མ་ལ་ཞེས་པའོ། །དེ་ལ་བཏང་སྙོམས་ཀྱི་རང་བཞིན་དོན་ཡོད་གྲུབ་པའི་ས་བོན་ཡི་གེ་ཨཱཾ་དགོད་པར་བྱའོ། །ཡིག་འབྲུ་དེ་བཞི་སྦས་པར་བྱའོ། །དང་པོ་སྒྲ་སྒྲོགས་ས་བོན་ལ། །དབྱིག་པ་ཐིག་ལེ་གོ་རིམས་བཞིན། །ཞེས་པ་སྟེ་བཤད་ཟིན་ཏོ། །ཡི་གེ་བཞི་པ་བཀོད་པ་ནི། །

เล่ม ๒๕ · หน้า 65a

འོད་ཟེར་དཀར་པོས་རྣམ་པར་བརྒྱན། །ཞེས་པ་ནི། གོང་གི་ས་བོན་བཞིའི་ཁ་དོག་གོ། །མཚམས་ཀྱི་འདབ་མ་ལ་ཡིག་འབྲུ་བཀོད་པ་གསུངས་པ། ཕྱོགས་མཚམས་དག་ནི་བཞི་པོ་རུ། །མ་ནིང་གོང་དུ་གསུངས་པ་བཞིན། །ཞེས་པ་སྟེ། རྀ་རཱྀ་ལྀ་ལཱྀ་ཁ་དོག་

དཀར་པོ་རྣམས་སོ། །སེམས་ནི་དེ་ཡི་དབུས་དག་ཏུ། །ཡི་གེ་རུ་ནི་བརྟག་པར་བྱ། །ཞེས་པ་ནི། ཡི་གེ་དེ་རྣམས་ནི་སྟོང་པ་ཉིད་སེམས་ཀྱི་དཀྱིལ་ལ་བསམས་ནས་བསྒོམ་པར་བྱའོ་ཞེས་པའོ། །དོན་དེ་ཁོ་ན་ཐེ་ཚོམ་ཟོས་པ་ཕྱག་ན་རྡོ་རྗེས་ཡང་ཞུས་པ། སྟོང་པའི་མཚན་ཉིད་

མེད་པ་ཡིན། །ཞེས་པ་ལ་སོགས་པ་སྟེ། མཚན་ཉིད་མེད་པ་ལ་སེམས་སྟོང་པ་ལས་སྙིང་རྗེ་ལ་སོགས་པའི་རང་བཞིན་ཡི་གེ་འབྲུ་དགུ་འབྱུང་བའི་ཡང་ཡིན་ཞེས་ཞུས་པའོ། །དེའི་ལན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་དེ་ཁོ་ན། །ཞེས་པ་ལ་སོགས་

པ་སྟེ། དེ་ལ། མཚན་ཉིད་སྟོང་པ་མཚོན་པ་ཡིས། །སྙིང་པོ་མེད་པའི་སྙིང་པོ་རྣམས། །ཞེས་པ་ནི། སྟོང་པ་ཉིད་ཀྱི་མཚན་ཉིད་མཚོན་པ་ནི་སྙིང་པོ་དངོས་སུ་མེད་ཅིང་། དངོས་སུ་སྣང་ངོ་ཞེས་པའི་ཐ་ཚིག་གོ། །དེའི་དཔེར་གསུངས་པ། བདུད་རྩི་ཆུ་ཤིང་སྙེ་མ་བཞིན། །ཞེས་པ་སྟེ།

ཆུ་ཤིང་གི་སྙིང་པོ་མེད་པ་ལ་འབྱུང་བའི་སྙེ་མའི་འབྲས་བུ་ཟོས་པ་ལ་བདུད་རྩི་དང་འདྲ་བའི་རོ་འབྱུང་བ་ལྟར། སྟོང་པ་ཉིད་སེམས་ལས་བྱུང་བའི་སྙིང་རྗེ་ཡང་དེ་བཞིན་གཤེགས་པའི་ལོངས་སྤྱོད་ཀྱི་སྐུའི་འབྲས་བུའི་རྒྱུར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །བསྡུས་པའི་དོན་བསྟན་ནས།

ཡང་རྒྱས་པར་བསྟན་འདོད་པས་གསུངས་པ། དབུས་སུ་གནས་པའི་ཡེ་ཤེས་ཏེ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་ནི་ཡི་གེ་ཧཱུཾ་ངོ་། །ཡེ་ཤེས་གཟུགས་ནི་གཟུགས་མེད་དོ། །ཞེས་པ་ནི་ཡི་གེ་ཧཱུྃ་དེ་སྟོང་པའི་རང་བཞིན་གཟུགས་མེད་དོ། །འོ་ན་ཅི་འདྲ་ཞེ་ན། མཚན་ཉིད་མེད་

པའི་མཚན་ཉིད་དེ། །ཞེས་པ་སྟེ། ཡིག་འབྲུའི་དབྱིབས་ཀྱི་མཚན་ཉིད་དང་ལྡན་ན་ཡང་། རང་བཞིན་གྱིས་སྟོང་པ་ཉིད་པས་མཚན་ཉིད་མེད་དོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྐུ་ལ་གོས་པ་མེད། །ཅེས་པ་སྟེ། ཆོས་ཉིད་ཡེ་ཤེས་ཀྱི་སྐུ་ལ་དངོས་པོས་མི་གོས་ཏེ། རང་བཞིན་གྱིས་འོད་གསལ་

เล่ม ๒๕ · หน้า 65b

བའི་ཕྱིར་རོ། །དེས་ན་ཡིག་འབྲུ་དགུའི་རང་བཞིན་འདི་ལྟ་སྟེ་ཞེས་སྟོན་པས་གསུངས་པ། དངོས་པོ་དངོས་མེད་བྲལ་བས་ཞེས་པ་ལ་སོགས་པ་སྟེ། གང་གིས་མཚན་ཉིད་ཤེས་པ་ཡི། །ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་གང་གིས་སྤྱི་དང་རང་གི་མཚན་ཉིད་ཡེ་ཤེས་དང་ལྡན་པར་ཤེས་

པའི་མཉམ་པ་ཉིད་ཤེས་པ་དེ་ནི། མྱུར་བར་བྱང་ཆུབ་ཀྱི་ལམ་ཐོབ་པོ་ཞེས་པའི་ཐ་ཚིག་གོ། །མཉམ་པ་ཉིད་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན་གསུངས་པ། བླ་མའི་ལུང་གི་མན་ངག་གིས། །ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་དང་རྣམ་པར་ཤེས་པའི་གཟུགས་ཀྱི་མཚན་ཉིད་ནི་བླ་མའི་མན་

ངག་གིས་གཙུག་ལག་བསྟན་པར་བྱའི་གཞན་དུ་མ་ཡིན་ནོ། །དེ་ཁོ་ན་གསལ་བར་གསུངས་པ། དེ་ཁོ་ན་ཉིད་དཔའ་བོས་བསྟན། །ཞེས་པ་སྟེ། དེ་ལ་དཔའ་བོ་ནི་དེ་བཞིན་གཤེགས་པའམ་བླ་མ་ལ་སོགས་པ་སྟེ། ཉོན་མོངས་པའི་གཡུལ་ལས་དཔའ་བའི་ཕྱིར་རོ། །དཔའ་བོ་དེ་ཁོ་ནས་

གཉིས་པའི་སྟོང་པ་ཉིད་བསྟན་ཏོ་ཞེས་པའི་ཐ་ཚིག་སྟེ། སྙན་ཁུང་ནས་སྙན་ཁུད་དུ་བརྒྱུད་པའི་ཕྱིར་རོ། །འདི་བསྒོམས་པས་ནི་ཐམས་ཅད་དུ། འོད་ཟེར་དཀར་པོས་རྣམ་པར་བརྒྱན། །ཞེས་པ་སྟེ། དེ་ལ་འདི་ཞེས་པ་ནི་ཡི་གེ་འབྲུ་དགུའོ། །དེ་དག་གི་འོད་ཟེར་དཀར་པོས་ཕྱོགས་བཅུ་

ཐམས་ཅད་སྣང་བར་བསྒོམ་པར་བྱའོ་ཞེས་པའོ། །ད་ནི་ཐིག་ལེའི་ཏིང་ངེ་འཛིན་སྟོན་འདོད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ། སྒྲོགས་པ་ལྔ་ཡི་མཆོད་རྟེན་དང་། །བདུད་རྩི་ས་བོན་བསམས་ནས་ནི། །ཞེས་པ་སྟེ། སྒྲོགས་པ་ལྔའི་མཆོད་རྟེན་བསྒོམས་པའི་ས་རུ་ཟླ་བའི་

དཀྱིལ་འཁོར་གྱི་སྟེང་ན་བདུད་རྩིའི་ས་བོན་ཡི་གེ་ཨོཾ་བསྒོམ་པར་བྱ་ཞེས་པའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། ཁ་དོག་དཀར་པོའི་འོད་མཛེས་པ། བདུད་རྩིའི་རྒྱུན་གྱི་གཞག་པ་གསོལ། །ཞེས་པ་སྟེ། བདུད་རྩིས་བརླན་པའི་ཟླ་བའི་དཀྱིལ་འཁོར། ཨྃ་ལས་ཟགས་

པའི་བདུད་རྩིའི་རྒྱུན་འོག་ཏུ་ཐིག་ལེ་ལ་གཞག་པར་བྱའོ་ཞེས་པའོ། །དེའི་འོག་ཏུ་ཐིག་ལེའི་བསྒོམ་པ་གསུངས་པ། མཐེ་བོང་ཚད་ཙམ་ཟླུམ་པོ་ཡི། །ཟླ་བའི་དབུས་སུ་ཐོགས་པ་སྟེ། །ཞེས་པ་ལ་སོགས་པ་སྟེ། མགྲིན་པར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཐེ་བོང་ཙམ་གྱི་ཐིག་

เล่ม ๒๕ · หน้า 66a

ལེ་ཟླུམ་པོ་བསྒོམ་པར་བྱའོ་ཞེས་པ་སྟེ། དེའི་དབུས་ཀྱི་ས་བོན་གསུངས་པ། ཨཱ་ལི་ཀཱ་ལི་ལས་བྱུང་བའི་ཞེས་ཏེ། ཡི་གེ་ཨཱའོ། །དེ་ཡི་དབུས་སུ་སྒོ་རྣམས་ལ། །ཞེས་པ་ནི། ཐིག་ལེ་དེའི་དབུས་ཀྱི་ཡི་གེ་ལ་བདུད་རྩིའི་རྒྱུན་དབབ་པར་བྱའོ་ཞེས་པའོ། །ཐིག་པ་

བསམ་བ་རབ་ཏུ་གྲགས། །ཞེས་པ་དེ་ཡན་ཆད་ཐིག་ལེའི་ཏིང་ངེ་འཛིན་ཞེས་བསྟན་པའོ། །ད་ནི་ཕྲ་མོའི་ཏིང་ངེ་འཛིན་སྟོན་འདོད་པས་གསུངས་པ། སྐྲ་ཡི་རྩེ་མོ་བརྒྱ་ཡི་ཆར། །ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐྲའི་རྩེ་མོ་བརྒྱར་ཞེས་པ་ནི། ཚད་གསུངས་པའོ། །གང་ཞེ་ན། རྡུལ་ཕྲན་གཟུགས་

ཙམ་པ་ཡི་སེམས། །ཞེས་པ་སྟེ། སེམས་དབང་པོ་ལས་འདས་པ་རྡུལ་ཕྲན་དུ་བསྒོམ་པའོ། །དབྱིབས་གང་ཞེན་གསུངས་པ། མཚན་ཉིད་མཚོན་པའི་ཡེ་ཤེས་ཅན། །རྣམ་ཤེས་རང་གི་ངོ་བོ་སྟེ། ཡེ་ཤེས་དང་རྣམ་པར་ཤེས་པའི་ས་བོན་ཡི་གེ་ཧཱུཾ་གི་དབྱིབས་ཀྱི་མཚན་ཉིད་དུ་མཚོན་པ་

བརྟག་པར་བྱའོ། །བསྒོམ་པ་གསུངས་པ། གང་གི་ཐིག་པའི་ཐབས་གནས་པ། མཚན་ཉིད་ཤེས་པས་བསམ་པར་བྱ། །ཞེས་པ་སྟེ། གོང་གི་ཐིག་ལེའི་གནས་ཁོ་ན་ལ་ཡི་གེ་ཧཱུྃ་ཕྲ་མོའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱང་བསམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །

ཏིང་ངེ་འཛིན་ཕྲ་མོ་དེ་ཡང་ལུས་དང་། ངག་གང་དུ་བཀོད་ནས་བསྒོམ་པར་བྱ་ཞེ་ན་གསུངས་པ། སྙིང་དང་ཚངས་པའི་སྒོ་དང་ནི། །ཐིག་པ་སྒོ་ཡི་ལམ་ཉིད་དུ། །ཞེས་པ་སྟེ། དེ་ལ་སྙིང་དང་ནི་སྙིང་གར་རོ། །ཚངས་པའི་སྒོ་ནི་སྤྱི་བོར་རོ། །ཐིག་པ་སྣ་ཡི་ལམ་ཉིད་དུ། །ཞེས་པ་ནི་མགྲིན་པ་སྟེ།

དེར་ཏིང་ངེ་འཛིན་ཕྲ་མོ་བསྒོམ་པར་བྱའོ་ཞེས་པའི་ཕྱིར་རོ། །བླ་མའི་ལུང་ནི་དེ་ཁོ་ནས། །རྣམ་ཤེས་ཡེ་ཤེས་གཟུང་བར་བྱ། །ཞེས་པ་ནི་རྣམ་ཤེས་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུྃ་བླ་མའི་མན་ངག་ཁོ་ནས་ཚད་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཕྲ་མོའི་ཏིང་ངེ་འཛིན་འདི་ནི་བླ་མའི་མན་ངག་ཁོ་ན་ས་ཐོབ་ཀྱི།

གཞན་ཕྱིའི་ལམ་ལ་སོགས་པས་ནི་མི་ཐོབ་པོ་ཞེས་སྟོན་པས་གསུངས་པ། ཕྱི་ཡི་ལམ་གྱིས་མ་ཡིན་ཏེ། །གཙུག་ལག་གིས་ཀྱང་རིང་བ་ཡིན། །ཞེས་སོ། །ཅིའི་ཕྱིར་ཞེ་ན། གསུངས་པ། གཙུག་ལག་དག་ནི་རྙེད་སླ་སྟེ། དེ་ཡི་དགོས་པ་རྙེད་དཀའ་བས། །ཞེས་སོ། །འོ་ན་ཇི་ལྟར་ཤེས་པར་བྱ་ཞེ་ན་གསུངས་པ། ཐབས་

เล่ม ๒๕ · หน้า 66b

ལ་མཁས་པའི་རྣལ་འབྱོར་པས། །ཞེས་པ་ལ་སོགས་པའོ། །ད་ནི་སྔགས་བཟླ་བའི་ཐབས་སྟོན་པས་གསུངས་པ། ཡིད་ཀྱི་སྔོན་དུ་གཏོང་བའི་ཆོས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡིད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིད་དོ། །ཡིད་དེ་ཆོས་ཐམས་ཅད་ཀྱི་གདོད་མའོ་ཞེས་པའོ། །འདི་ལྟ་

སྟེ། ལུས་ངག་ཡིད་ལས་ཡིད་ཀྱི་ལས་སྔར་འབྱུང་སྟེ། ཡིད་ཀྱིས་བསམས་པའི་འོག་ཏུ་ལུས་དང་ངག་སྤྱོད་པའི་ཕྱིར་རོ། །དེ་ལྟར་མཛོད་ཀྱི་ནང་ནས་ཀྱང་གསུངས་པ། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་སོ། །ཡིད་དག་ཅིང་ནི་ཡིད་འགྲོ་བ་ཞེས་པ་ནི་

དག་པའི་ཡིད་ཡིན་ཏེ། ལུས་ངག་ནི་མ་ཡིན་ནོ། །འདི་ལྟ་སྟེ། ཡིད་དག་པའི་རྣལ་འབྱོར་པས་ལུས་ངག་གི་ལས་མི་དག་ན་ཡང་སྐྱོན་དུ་མི་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། རྟོག་པ་བྱང་ཆུབ་སེམས་དཔའ་ཡི། །གལ་ཏེ་དགེའམ་མི་དགེ་བ། །དེ་ཀུན་དགེ་བར་སོང་འགྱུར་

ཏེ། དེ་ཕྱིར་ཡིད་ནི་དབང་འགྱུར་ཕྱིར། །ཞེས་སོ། །ཅིའི་ཕྱིར་ཞེ་ན། ཡིད་འགྲོ་བ་ཞེས་ཏེ། དགེ་དང་མི་དགེ་བའི་བག་ཆགས་ལ་ཡིད་འཕྲོ་བ་དང་། མྱ་ངན་ལས་འདས་པ་ལ་ཡིད་འགྲོ་བའི་ཕྱིར་རོ། །དེས་ན་ཡིད་དངོས་ཐམས་ཅད་དུ། །ཞེས་པ་ནི། ལུས་ངག་ཡིད་ཀྱི་དངོས་པོའོ། །ཞེས་པའི་ཐ་ཚིག་གོ། །

དེས་ན་བློ་དང་ལྡན་པའི་རྣལ་འབྱོར་པས་ཡིད་དག་པར་བྱ་བ་ལ་བསྒྲིམས་ནས་ནན་ཏན་དུ་བྱའོ་ཞེས་པའོ། །ལུས་ངག་ཡིད་གཙོ་བོར་བསྟན་ནས་ཡིད་ལས་གཞན་མེད་ཅིང་དོན་བསྟན་པ། གལ་ཏེ་བཟླས་འདོད་རྣལ་འབྱོར་པས། །སྙིང་གེ་བསམ་བ་སྤང་བའོ། །ཞེས་པ་ནི། རྣལ་འབྱོར་པས་སེམས་

སྤངས་ནས། གཞན་དུ་བཟླ་བ་ནི་མེད་དོ་ཞེས་པའི་ཐ་ཚིག་སྟེ། ལུས་ངག་གི་ལས་གཟུགས་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུའི་ཕྱི་རུ་ས་བོན་ཏེ། དེ་ཁོ་ན་ནི་གཟུགས་ལ་སོགས་པ་ལས་བྱ་བའི་སྔགས་ཀྱང་དོན་དམ་པར་མཐོང་སྟེ། ཡིག་འབྲུ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་

པའི་ཕྱིར་རོ། །འདི་ལྟ་སྟེ། ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཞེས་སྨྲ་བའི་ཚིག་ལ་ཆེ་གེ་མོ་སྨྲ་ཙམ་ན་ཤཱནྟིཾ་ཀུ་རུའི་སྒྲ་མི་འབྱུང་ངོ་། །ཤཱིནྟིཾ་ཀུ་རུ་ཞེས་བརྗོད་ན། ཆེ་གེ་མོ་ལ་ཐལ་བར་འགྱུར་རོ། །དེ་ཡང་ཆེ་བརྗོད་ཙམ་ན་གེ་མི་འབྱུང་ངོ་། །གེ་བརྗོད་ཙམ་ན་ཆེ་ཐལ་ལོ། །དེ་བཞིན་དུ་དེ་གཉིས་བརྗོད་ཙམ་ན་

เล่ม ๒๕ · หน้า 67a

མོ་མེད་དོ། །མོ་བརྗོད་ཙམ་ན་ཆེ་གེ་མོ་ཐལ་ལོ། །དེས་ན་ལས་བྱས་པའི་སྔགས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་བརྟགས་པ་ཙམ་ཡིན་ཏེ། དོན་དམ་པར་ནི་མ་ཡིན་ནོ། །དེ་ལྟར་སྔགས་ཀྱི་རང་བཞིན་བསྟན་ནས། སྔགས་བཟླས་པའི་ཐབས་བསྟན་པ་གསུངས་

པ། གཟུགས་སོགས་སྲིད་པའི་ལོངས་སྤྱོད་དག །ས་བོན་བཟླས་ཤིང་སྦྱར་བར་བྱ། །ཞེས་པ་སྟེ། ཡི་གེ་ཧཱུྃ་གིས་གཟུགས་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཏུ་དམིགས་ནས་བཟླས་ཏེ། བསོད་ནམས་ཀྱི་ཚོགས་དེས། ཚེ་འདིའི་སྲིད་པའི་ནང་ན་ལོངས་སྤྱོད་ཀྱི་འབྲས་བུར་བྱའོ་ཞེས་

པའོ། །བཟླ་བའི་སྔགས་གང་ཞེ་ན་གསུངས་པ། ཐམས་ཅད་ཀུན་གྱིས་བཀུར་བ་ཡི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཐམས་ཅད་ཀུན་གྱིས་བཀུར་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་ཚེས་དང་ཐིག་ལེ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་ཡེ་ཤེས་ཉིད་ཀྱི་ཕྱིར་རོ། །དེ་བཞིན་

སྤྱི་བོར་གནས་པ་ལ། །ཞེས་པ་ནི་ཟླ་ཚེས་དང་ཐིག་ལེ་ཧཱུྃ་གི་དབུ་སྟེང་ན་རྟག་པར་གཞག་པར་བྱའོ། །རྟག་པར་རྩ་བར་རྩེ་བྱས་ནས། །ཞེས་པ་ནི། འོག་རྟག་པར་ཞབས་སྐྱེད་བཏགས་ཞེས་པའོ། །དོན་དེ་གཉིས་ཁོ་ན་སྟོན་པས། །ཐིག་པ་ང་རོ་ལྡན་པ་ཡིས། །ཞེས་པའོ། །དེ་ལྟ་བུའི་ས་བོན་གང་ཞེ་ན་གསུངས་པ།

ཡེ་ཤེས་རྣམ་ཤེས་ས་བོན་ཉིད། །ཅེས་པ་སྟེ། ཡི་གེ་ཧཱུྃ་ངོ་། །འཁོར་བའི་ལོངས་སྤྱོད་ཀྱི་དོན་དུ་སྔགས་བཟླས་ན་ཡང་། སྒྲ་དང་ཚིག་མེད་པར་ཡིད་ཁོ་ནས་བཟླ་བར་བྱའོ་ཞེས་སྟོན་པ། །འཁོར་བའི་ལོངས་སྤྱོད་སྤྱོད་པ་ཡི། །སྒྲ་མེད་དག་ནི་སྤངས་ནས་སུ། །ཡིད་ཀྱིས་བཟླས་དང་ལྡན་པར་བྱ། །ཞེས་པའོ། །དེ་ནི་

མཚན་མ་བརྒྱད་སྟོན་འདོད་པ། བཅོམ་ལྡན་འདས་ཀྱིས་གསུངས་པ། མི་གཡོ་རྟག་ཏུ་ཐབས་གནས་པ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་མི་གཡོ་ནི་འཇིག་པ་མེད་པའི་ཕྱིར་རོ། །རྟག་ཏུ་ཞེས་པ་ནི་མི་ཆད་པའི་ཕྱིར་རོ། །ཐབས་གནས་པ་ཞེས་པ་ནི་དེ་གཉིས་ཀྱིས་ཐབས་ལ་གནས་པའི་རང་བཞིན་གྱི་ཕྱིར་རོ། །རྟག་

པ་ནི་ཞེས་པ་ནི་དེ་བཞིན་གཤེགས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཉིད་དེ་ཞེས་པ་ནི་འཕགས་པའི་ཆོས་ཀྱི་རྒྱུའི་ཕྱིར་རོ། །རྒྱུན་དུ་ཕྲ་བ་ཞེས་པ་ནི་སྐད་ཅིག་མ་ལྔ་ཕྱི་མར་དུ་ཡང་དབང་པོ་ལས་འདས་པའི་ཕྱིར་རོ། །མི་གོས་པ་ཞེས་པ་ནི་ཉོན་མོངས་པ་མེད་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་

เล่ม ๒๕ · หน้า 67b

རོ། །དེ་ལྟར་ཇི་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་གང་ཞེ་ན། ཡེ་ཤེས་རྣམ་ཤེས་ཐིམ་པར་བྱེད། །ཅེས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་རོ། །སེམས་དེས་ནི་བྱང་ཆུབ་ཀྱི་ལམ་མཐོང་ངོ་ཞེས་གསུངས་པ། ཡེ་ཤེས་དངོས་པོ་རྣམ་ཤེས་ཀྱིས། །བྱང་ཆུབ་རིམ་པ་མཐོང་བར་

འགྱུར། །ཞེས་སོ། །བྱང་ཆུབ་ཀྱི་ལམ་མཚན་མར་གྱུར་པ་བརྒྱད་གསུངས་པ། མར་མེ་ལྟར་ནི་ཐམས་ཅད་དུ། །ཞེས་པ་ལ་སོགས་པས། དེ་ལ། མར་མེ་ལྟར་ནི་ཐམས་ཅད་དུ། །མཚན་མ་དང་པོ་མཐོང་བ་ཡིན། །ཞེས་པ་ནི། རྣལ་འབྱོར་པས་ཡེ་ཤེས་དང་པོ་ལ་ཕྱིན་ཅི་མ་ལོག་པའི་ཉོན་མོངས་པ་བསྲེག་པའི་ཡེ་ཤེས་

ཀྱི་མར་མེ་ལྟར་འབར་ཏེ་ཆུང་ངུའི་ཕྱིར་རོ། །སྲིན་བུའི་མེ་ལྟར་སྣང་བའོ། །གཉིས་པ་ཡི་ནི་མཚན་མ་བརྟགས། །ཞེས་པ་ནི་ཡེ་ཤེས་གཉིས་པ་ལ་སྲིན་བུ་མེ་ཁྱེར་ལྟར་ཚིག་འཁྲོ་བ་ཡིན་ཏེ། འབྲིང་པོ་ཉིད་ཀྱི་ཕྱིར་རོ། །རྡུལ་ཕྲན་དཀར་པོ་མེ་སྟག་གཞན། །ཞེས་པ་ནི་ཡེ་ཤེས་གསུམ་པས་རྣལ་

འབྱོར་པས་ཡེ་ཤེས་ཀྱི་མེ་ཕྱོགས་བཙུན་དཀར་པོར་འཕྲོ་བར་མཐོང་ངོ་། །ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེ་མཐོང་མ་ཐག་ཏུ་ཉོན་མོངས་པའི་སྒྲིབ་པ་སྦྱངས་ཏེ་འཕགས་པར་གྱུར་ནས་མཐོང་བའི་ལམ་རྟོགས་པར་འགྱུར་ཞེས་པའོ། །དེ་ནས་ཤེས་བྱའི་སྒྲིབ་པ་སྤངས་པའི་རྟགས་གསུངས་པ། འདོད་པ་ལྷ་ཡི་ལོངས་སྤྱོད་

རྣམས། །བཞི་པ་ལ་ནི་སེམས་ཀྱིས་མཐོང་། །ཞེས་པ་ནི་རྣལ་འབྱོར་པས་ཡེ་ཤེས་བཞི་ལས་འདོད་ཁམས་ཀྱི་འདོད་པའི་འདོད་ཆགས་ལྔ་ཆེ་ཆུང་འབྲིང་པོ་དགུའི་སྒོ་ནས་བྲལ་ལོ་ཞེས་པའི་ཐ་ཚིག་གོ། །མཐོ་རིས་གཟུགས་ཀྱི་ལྷ་རྣམས་ཀྱང་། །ལྔ་པར་སེམས་ཀྱིས་མཐོང་བར་འགྱུར། །ཞེས་པ་ནི་ཡེ་

ཤེས་ལྔ་པས་གཟུགས་ཁམས་ཀྱི་བསམ་གཏན་བཞི་སྲིད་པའི་འདོད་པའི་འདོད་ཆགས་ཆེ་ཆུང་འབྲིང་པོ་དགུའི་སྒོ་ནས་བྲལ་ལོ་ཞེས་པའི་ཐ་ཚིག་གོ། །དྲུག་པ་གཟུགས་མེད་ལོངས་སྤྱོད་དེ། །ཞེས་པ་ནི་ཡེ་ཤེས་དྲུག་པས་གཟུགས་མེད་པའི་ཁམས་བཞི་སྲིད་པའི་འདོད་ཆགས་དང་བྲལ་ལོ་ཞེས་པའོ། །

བདུན་པ་ལ་ནི་ཆོས་ཀྱི་དབྱིངས། །ཞེས་པ་ནི་ཡེ་ཤེས་བདུན་པས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པས་སྒྲིབ་པ་ཐམས་ཅད་སྤངས་ནས་མྱ་ངན་ལས་འདས་པ་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་ལ་བཞུགས་ཏེ། གཟུང་འཛིན་མེད་པར་འགྱུར་རོ། །བརྒྱད་པ་དག་ལ་རང་དགའ་བའི། །

เล่ม ๒๕ · หน้า 68a

རྣལ་འབྱོར་སངས་རྒྱས་འབྲས་བུ་ཐོབ། །ཅེས་པ་ནི། ཡེ་ཤེས་བརྒྱད་པས་དེ་ལྟར་ཆོས་ཀྱི་སྐུ་མངོན་དུ་གྱུར་པའི་རྣལ་འབྱོར་པས་སྔོན་གྱི་སྨོན་ལམ་དང་། སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ལོངས་

སྤྱོད་རྫོགས་པའི་སྐུའམ། སྤྲུལ་པའི་སྐུར་དམིགས་ནས་རང་དགར་སེམས་ཅན་གྱི་དོན་གྱི་འབྲས་བུ་མེད་དོ་ཞེས་པའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་ཁྱད་པར་དེ་ལྟར་གསུངས་པ། རྣལ་འབྱོར་པ་ཡི་ཁྱད་པར་གྱིས། །སྔ་མ་ཕྱི་མ་སུན་ཕྱུང་ངོ་། །ཞེས་པའོ། །ད་ནི་མཆོད་རྟེན་གྱི་དེ་ཁོ་ན་སྟོན་འདོད་པ་བཅོམ་ལྡན་འདས་

ཀྱིས་གསུངས་པ། ཡང་དག་ལྟ་བའི་གཟུགས་ཅན་གྱིས། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཡང་དག་ལྟ་བའི་གཟུགས་ཅན་གྱིས། །ཞེས་པ་ནི། གཟུགས་ཅན་ནི་སེམས་ཅན་གྱི་དང་པོར་ཡང་དག་པའི་དོན་སྟོང་པ་ཉིད་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་ན། ཡང་དག་དེ་ཁོ་ན་ཤེས་པས། །ནན་ཏན་གྱིས་

ནི་སྦྱོར་བ་བརྩོམ། །ཞེས་པ་ནི་ཡང་དག་པའི་སྟོང་པ་ཉིད་ཀྱི་དོན་མི་ཤེས་ན་བསྒོམ་པ་སྦྱོར་བ་ལ་སོགས་པ་སྐྱོན་ནོ་ཞེས་པའི་ཐ་ཚིག་གོ། །དེ་ནས་སྟོང་པ་ཉིད་བསྒོམ་པ་ཐབས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྙིང་གར་ཟླ་བ་བསམ་བྱས་ཏེ། །ཞེས་པ་ལ་སོགས་པ་སྟེ། ཟླ་ཚེས་ཅན་ཡི་གེ་ཧཱུྃ་སྙིང་གར་

བསྒོམས་ནས་དེའི་འོད་ཟེར་གྱིས་ཕུང་པོ་དང་ཁམས་སྟོང་པར་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མཇུག་བསྡུས་པ་སྟོན་པས་གསུངས་པ། མཇུག་ཏུ་ཟླ་བའི་ས་བོན་ནི། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཞེས་པ་སྟེ། ཕུང་པོ་དང་ཁམས་དང་ཐམས་ཅད་རང་བཞིན་སྟོང་པར་བསྒོམ་པའི་

རྣལ་འབྱོར་པས། མཇུག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ས་བོན་ཡི་གེ་ཧཱུྃ་བསྒོམ་པར་བྱའོ་ཞེས་པའོ། །ས་བོན་དེས་མཆོད་རྟེན་བསྐྱེད་པར་བྱ་བའི་ཐ་ཚིག་གསུངས་པ། སེམས་ཀྱིས་དེ་ལ་བསྐྱེད་པ་ནི། །མཆོད་རྟེན་བཞུགས་པའི་གནས་དག་སྟེ། །ཞེས་པ་ལ་སོགས་པའོ། །མཆོད་རྟེན་དེ་ཡང་ཇི་ལྟར་བསྒོམ་

པར་བྱ་ཞེ་ན་གསུངས་པ། ཞབས་སྐྱེད་འགུགས་པས་ཞེས་བྱ་ཞེས་པ་ནི། ཡི་གེ་ཧཱུྃ་གི་ཞབས་སྐྱེད་འགུགས་པ་གང་དེ་མཆོད་རྟེན་གྱི་ས་གཞི་ཟུར་བརྒྱད་པ་ཞེས་ཤེས་པར་བྱ་སྟེ། ཡི་གེ་ཧཱུྃ་དང་མཆོད་རྟེན་དབྱེར་མེད་པའི་ཕྱིར་རོ། །ཕྱོགས་བརྒྱད་དག་གི་ཁམས་ས་སྟེ། །ཞེས་པ་སྟེ། ས་གཞི་ཟུར་བརྒྱད་པའི་རང་བཞིན་ཕྱོགས་

เล่ม ๒๕ · หน้า 68b

བརྒྱད་ཀྱི་གླིང་གི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་རྣམས་བསྒོམ་པར་བྱའོ་ཞེས་པའོ། །དྲིལ་བུ་ནམ་མཁའི་དབུས་གནས་པར། །ལྷུན་པོའི་གནས་ཀྱི་ལྷ་ཉིད་དུ། །ཞེས་པ་ནི། འཇིག་རྟེན་གྱི་བུམ་པའི་རང་བཞིན་ནི་རི་རབ་སྟེ། དེ་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་མན་ཆད་རྣམས་གནས་པ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །འདོད་པ་

སྤྱོད་པ་ལྷ་ཡི་རྣམས། །བྲེ་རུ་ངེས་པར་བརྟག་པར་བྱ། །ཞེས་པ་ནི། མཆོད་རྟེན་གྱི་བྲེའི་དབྱིབས་ལ་སོགས་པ་བཞིའི་རང་བཞིན་ནི་མཐའ་བྲལ་ལ་སོགས་པ་སྟེ། འདོད་ཁམས་ཀྱི་ལྷ་རིགས་བཞི་གནས་པ་བསྒོམ་པར་བྱའོ་ཞེས་པའོ། །བདག་མེད་ཆོས་ཀྱི་དབུས་གནས་པར། །སྟེང་འོག་དག་ནི་མུ་མེད་དོ། །

ཞེས་པ་ནི་དེ་ཡན་ཆད་ནི་མུ་འབྲེལ་པ་མེད་དོ། །བདག་མེད་པའི་རང་བཞིན་སྲོག་ཤིང་དཀྱིལ་དུ་བརྟེན་པ་ཙམ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་དག་གང་ཞེ་ན་གསུངས་པ། གཟུགས་ཀྱི་ཁམས་ཀྱི་མཐོ་རིས་དག །འཁོར་ལོ་དག་ཏུ་རྣམ་པར་བརྒྱན། །ཞེས་པ་སྟེ། མཆོད་རྟེན་གྱི་འཁོར་ལོ་བཅུ་བདུན་གྱི་རང་བཞིན་

ནི་གཟུགས་ཀྱི་ཁམས་ཚངས་རིས་ལ་སོགས་པ་ལྷའི་རིས་ཀྱི་གནས་བཅུ་བདུན་ཏེ། དེ་ལ་གཟུགས་ཀྱི་ལྷ་རྣམས་བསྒོམ་པར་བྱའོ་ཞེས་པའོ། །དོན་དེ་ཁོ་ན་གསལ་བར་གསུངས་པ། བཅུ་བདུན་དག་གི་གཟུགས་ཀྱི་རྣམས། །གོ་རིམས་བཞིན་དུ་རྣམ་པར་གནས། །ཞེས་པའོ། །གཟུགས་མེད་པའི་ཁམས་ཀྱི་རང་བཞིན་

བསྟན་པ། གཟུགས་མེད་སྲིད་པ་ཐམས་ཅད་ལྟ། །ཆོས་ཀྱི་སྲོག་ཤིང་ཉིད་དུ་ཐིམ། །ཞེས་པ་སྟེ། འཁོར་ལོ་བཅུ་བདུན་ལས་ཡར་འཕགས་པ་སྲོག་ཤིང་གི་རང་བཞིན་ནི་གཟུགས་མེད་པའི་ཁམས། ནམ་མཁའ་མཐའ་ཡས་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པའོ། །མཆོད་རྟེན་སྐུ་རུ་བསྐྱེད་པ་ནི། །ཐམས་ཅད་ལྷ་ཡི་གནས་

ཡིན་ནོ། །ཞེས་པ་ནི། དེ་ལྟར་མཆོད་རྟེན་གཟུགས་ཀྱི་རང་བཞིན་ཁམས་གསུམ་དུ་བསྒོམས་ཏེ། ཁམས་གསུམ་གྱི་ལྷ་གནས་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། །སྟེང་གི་སྒོང་སྐྱེས་གདན་དེ་ལ། །བདག་གི་སེམས་སུ་བརྟག་པར་བྱ། །ཞེས་པ་ནི། དེ་ལ་སྒོང་ཞེས་པ་ནི་སེམས་ཀྱི་སྐྱེད་ས་སྙིང་འདྲ་བ་མཆོད་རྟེན་སྟེང་གི་ཟླུམ་པོ་དེར་

རང་གི་སེམས་གནས་པ་བསམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །སེམས་དང་ཡེ་ཤེས་དབྱེར་མེད་པས། །གཉིས་མེད་མཉམ་པའི་ཁྱད་པར་གྱིས། །ཞེས་སོ། །གང་དང་གང་དུ་མཉམ་པ་དབྱེར་མེད་པ་བསྒོམ་ཞེ་ན། གཟུགས་དང་སྟོང་པའི་དབུས་སུ་ནི། །དེ་བཞིན་དངོས་པོ་དངོས་མེད་དོ། །ཞེས་པ་དེ་ལ་གཟུགས་ནི་ཕྱི་ནང་གི་

เล่ม ๒๕ · หน้า 69a

དངོས་པོ་བདག་ཏུ་འཛིན་པའོ། །ཡང་ན་མཆོད་རྟེན་གྱི་གཟུགས་སོ། །སྟོང་པ་ནི་ཡེ་ནས་དགེ་བ་དང་མི་དགེ་བའི་རྒྱུ་ལས་ཆད་པར་ལྟ་བའོ། །དེ་གཉིས་མེད་པའི་མཉམ་པ་ཉིད་ཅེས་པའི་ཐ་ཚིག་གོ། །དེ་ནས་ཆོས་ཐམས་ཅད་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པར་བསྒོམ་པར་བྱའོ་ཞེས་

པའི་ཐ་ཚིག་གོ། །མཉམ་པའི་སེམས་དེའི་ཁྱད་པར་སྟོན་པ། གཟུང་འཛིན་ལ་སོགས་ཕ་རོལ་གྱི། །ཞེས་པ་སྟེ། དེ་ལ་གཟུང་བ་ནི་སྤྱོད་ཡུལ་ལོ། །འཛིན་པ་ནི་དབང་པོ་ལ་སོགས་པའོ། །སོགས་པའི་སྒྲས་ནི་གཅིག་དང་དུ་མ་ལ་སོགས་པའོ། །དེ་དག་སྤངས་པའི་སེམས་ནི་ཕ་རོལ་ཕྱིན་པའོ། །བཟང་བྱེད་ལོག་པ་མ་

ཡིན་པ། །ཞེས་པ་ནི། དེ་ལ་བཟང་བ་ནི་དགེ་བའོ། །ལོག་པ་ནི་མི་དགེ་བའོ། །དེ་གཉིས་ཀྱང་སྤང་བའི་སེམས་ཞེས་པའི་ཐ་ཚིག་གོ། །དེ་ཡི་དབུས་སུ་དངོས་པོ་ཡི། །མཚན་ཉིད་མཚོན་པའི་བརྟན་པ་ཐོབ། །ཅེས་པ་ནི། གཟུགས་དང་སྟོང་པ་ལ་སོགས་པའོ། །དབུས་མཉམ་པ་ཉིད་ཀྱི་སེམས་ཐོབ་པ་དེའི་མཚན་ཉིད་

བསྒོམ་པར་བྱ་མཚོན་པར་བྱ་ཞེས་སོ། །དེ་ལྟར་བསྒོམས་པས་མཆོད་རྟེན་སྦྱིན་པ་ལ་སོགས་པའི་མཆོད་པས་མཆོད་ཅིང་བསྒོམ་པར་བྱའོ་ཞེས་གསུངས་པ། སྦྱིན་པ་ཚུལ་ཁྲིམས་བཟོད་སོགས་པས། །ཞེས་པ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་མཆོད་རྟེན་དེ་བསྒོམས་པའི་ཡོན་ཏན་སྟོན་འདོད་པས་གསུངས་པ། ཆོས་

ཀྱི་དབྱིངས་ཀྱི་ངོ་བོ་ནི། །ཞེས་པ་ལ་སོགས་པའོ། །ད་ནི་དབྱིངས་ཡེ་ཤེས་སྦྱོར་འདོད་པའི་བཅོམ་ལྡན་འདས་ལ་ཞུ་འདོད་པས་ཕྱག་ན་རྡོ་རྗེས་གསོལ་པ། གསང་བར་སྦྱོར་བའི་མཚན་ཉིད་ཀྱི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་བ་ནི་དབྱིངས་དང་ཡེ་ཤེས་སོ། །དེ་ལ་དབྱིངས་ཞེས་པ་ནི་འབྱུང་བ་བཞི་པའོ། །ཡེ་ཤེས་

ནི་གཟུགས་མེད་པའོ། །དེ་གཉིས་སྦྱོར་བའི་ཐབས་ཞུས་པའོ། །དེ་ཉིད་དེ་ཉིད་མཆོག་དེ་ཉིད། །ཅེས་པ་ནི། །སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་ནས་ལན་གསུངས་གི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དབྱིངས་ཞེས་པ་ནི་འབྱུང་བ་དང་པོར་རེ་ཞིག་རྣལ་འབྱོར་པས་བདག་

ཉིད་རང་དགར་བྱེད་པའོ་ཞེས་པ་ནི་རྡོ་རྗེ་ཐེག་པའི་ཚུལ་གྱིས་ནི་རྣལ་འབྱོར་པས་རང་གི་སེམས་རང་བཞིན་གྱིས་གདུལ་བར་བྱ་སྟེ། དཀའ་ཐུབ་ནས་མི་མ་ཡིན་ནོ། །དེ་དཔེར་བསྟན་པ། རྟ་རྒོད་ལྟ་བུའི་སེམས་དེ་ནི། །མཁས་པ་ཡིས་ནི་བལྟ་བར་བྱ། །ཞེས་པ་ནི། མདུན་དུ་དུལ་བའི་རྟ་རྒོད་ཐབས་ཀྱིས་ཇི་ལྟར་ཁ་ལོ་སློབ་པ་བཞིན་དུ་དམན་པ་ལ་འཇུག་

เล่ม ๒๕ · หน้า 69b

པའི་སེམས་ཀྱང་ཕྱིན་ཅི་ལོག་པའི་སྤྱོད་ཡུལ་ལས་ཁ་ལོ་བསྒྱུར་ནས་ཡང་དག་པའི་འཇུག་པ་ལ་འཇུག་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཡང་ཇི་ལྟར་འདུལ་བའི་དཔེ་དང་དོན་གསུངས་པ། ཇི་ལྟར་བུང་བ་དུས་ཀྱི་མེ་ཏོག་ལས། །རྒྱགས་པས་མྱོས་ནས་སེམས་ནི་བརྟན་པ་བཞིན། །ལོངས་སྤྱོད་ཀྱིས་གཡེངས་རྣམ་སྨིན་ས་བོན་

ཅན། །དེ་བཞིན་སྲེད་ལས་དྲངས་ནས་ཡིད་ནི་བསྡམ་པར་བྱ། །ཞེས་པ་སྟེ། མེ་ཏོག་པདྨའི་སྡོང་པོའི་རྩ་བ་ལ་ཆགས་པའི་བུང་བ་ཉི་མ་ཐལ་བའི་དུས་སུ། པདྨའི་འདབ་མས་བསྡམས་པ་སེམས་ཀྱིས་མ་ཚོར་བ་བཞིན་དུ། ཉོན་མོངས་པ་ཅན་གྱི་སེམས་ཀྱང་དཀའ་ཐུབ་སྤངས་ནས་ལོངས་སྤྱོད་ཀྱིས་གཡེང་དུ་བཅུག་

སྟེ། སེམས་དེ་ཡང་དག་པ་གཉིས་ལྟ་མེད་པའི་ཡེ་ཤེས་དང་འབྱོར་ནས་མྱ་ངན་ལས་འདས་པ་ལ་བཀོད་བར་བྱའོ་ཞེས་པའི་ཐ་ཚིག་གོ། །འདུལ་བ་སོ་སོར་ཐར་པའི་ནང་ན་ནི་སྤོང་བའི་མཚན་ཉིད་བདུན་གྱི་སྒོ་ནས་དཀའ་ཐུབ་སྟེ་སེམས་ཅན་འདུལ་བར་བསྟན་ན། འདི་ནི་ཡིད་ཀྱི་སྒོ་ནས་སེམས་འདུལ་བར་གསུངས་པ་ཅིའི་ཕྱིར་

ཞེ་ན་གསུངས་པ། ཡིད་བསྡམས་པས་ནི་འགྲུབ་འགྲུབ་པས། །ཞེས་པ་ལ་སོགས་པ་སྟེ་དོན་གོང་ན་བཤད་ཟིན་ཏོ། །དེ་ལྟར་ཡིད་དབང་དུ་གྱུར་པའི་རྣལ་འབྱོར་པས་ལྷ་མོ་བསྒོམ་པ་གསུངས་པ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱག་རྒྱ་ཆེན་པོ་སྙིང་གར་ཏེ་ཞེས་པ་ནི་བྱང་ཆུབ་མཆོག་

གི་ཕྱག་རྒྱའོ། །སྒྲོགས་པ་ལྔ་ཡི་མཆོད་རྟེན་གྱི། །ཞེས་པ་ལ་སོགས་པ་ནི། མགྲིན་པ་ལ་ཡི་གེ་ཡུ་ཡིས་བསྲུང་བར་བྱའོ་ཞེས་པའི་ཐ་ཚིག་གོ། །མེ་ཡི་ཡི་གེ་འབར་བ་ཡིས། །དེ་བཞིན་ཆུ་དང་ཆུ་མིན་གཉིས། །ཞེས་པ་ནི། ཡི་གེ་ཀྵུྃ་གིས་ཕོ་མཚན་དང་དྲི་ཆེན་འབྱུང་བའི་ལམ་ལ་བསྲུང་བར་བྱའོ་ཞེས་པའོ། །ཆུ་ཤིང་མེ་ཏོག་པདྨ་

ནས་དང་པོར་བཟུང་ནས་རྒྱས་པར་རིང་དུ་སྤྱོད་པར་འགྱུར་ཞེས་པའི་བར་དུ་ཆུ་ཤིང་མེ་ཏོག་རྒྱས་པར་བྱ་བ་ནི་གོང་དུ་བཤད་ཟིན་ཏོ། །དེ་ཡི་དབུས་སུ་སྒོ་ང་ཞེས་པ་ནི། ཆུ་ཤིང་གི་དབུས་ཀྱི་སྒོ་ང་ལ་སྙིང་སྟེ། སྒོ་ང་དང་འདྲ་བའི་ཕྱིར་རོ། །དེའི་ཁ་དོག་གསུངས་པ། ཀུནྡ་དཀར་དང་ཟླ་བའི་མདོག །ཅེས་སོ། །དེ་ནས་སྒོ་ངའི་

དཀྱིལ་དུ་ས་བོན་བཀོད་པས་གསུངས་པ། ཕྱོགས་དང་ཕྱོགས་སུ་ཕྱོགས་ས་བོན། །ཞེས་ཏེ། ཕྱོགས་ཀྱི་ས་བོན་བཞི་བཀོད་པ། །ཞེས་པའོ། །ས་བོན་གང་ཞེ་ན། ཕྱོགས་གཉིས་སུ་ནི་ཁམས་བཞི་སྟེ། །ཞེས་པ་ནི་ཆུ་དང་མེ་དང་རླུང་དང་སའི་ཁམས་ཀྱི་ས་བོན་སྲུྃ་ཀྲུྃ་ཡུྃ་ཧུྃ་བཀོད་པར་བྱའོ། །ཡེ་ཤེས་ཀྱི་ས་བོན་ཨ་ཨཱ་ཨྃ་

เล่ม ๒๕ · หน้า 70a

ཨཿནི་མ་ཡིན་ཞེས་པའི་ཐ་ཚིག་གོ། །ཕྱོགས་མཚམས་བརྩེགས་པའི་ས་བོན་བཞི། །ཞེས་པ་ནི་འདིར་ཡང་ཁམས་ཀྱི་རང་བཞིན་བརྩེགས་པའི་ཡི་གེ་སྨྼྻུྃ་ཧྨྼྻུྃ་ཡྨྼྻུྃ་ཀྵྨྼྻུྃ་མཚམས་བཞིར་བཀོད་པར་བྱའི། མ་ནིང་གི་ཡི་གེ་རྀ་རཱྀ་དང་ལྀ་ལཱྀ་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དབུས་སུ་དེ་ཁོ་ན་དམིགས་

ནས། །ཡེ་ཤེས་སེམས་ཀྱི་ངོ་བོ་ཉིད། །ཅེས་པ་ནི་ཡི་གེ་དེ་བརྒྱད་ཀྱི་དབུས་སུ་ཡེ་ཤེས་དང་རྣམ་ཤེས་ཀྱི་ས་བོན་ཧཱུྃ་བསྒོམ་པའོ། །ཡི་གེ་དེ་རྣམས་ཀྱི་འོད་དང་ཁ་དོག་གསུངས་པ། དཀར་ཞིང་དག་པ་མཉམ་པའི་འོད། །ལྷ་མོའི་ཡི་གེ་བསྒོམ་པར་བྱ། །ཞེས་སོ། །དེ་ནས་དབྱིངས་དང་། ཡེ་ཤེས་སྦྱོར་

བའི་ཐབས་སྟོན་འདོད་པས་གསུངས་པ། སེམས་ཀྱི་དར་དཀར་བསྒོམ་པ་ནི། །དེ་ནས་གཟུགས་ནི་བཤིག་པར་བྱ། །ཕྱོགས་དང་ཕྱོགས་སུ་གཞིག་པ་དང་། །ཕྱོགས་མཚམས་ཕྱོགས་ནི་དེ་བཞིན་ནོ། །ཞེས་པ་སྟེ། དེ་ལྟར་ཡིག་འབྲུ་དགུ་རང་དགར་བསྒོམ་པའི་རྣལ་འབྱོར་པས་ཕྱོགས་དང་ཕྱོགས་མཚམས་

ཀྱི་གཟུགས་ཀྱི་རང་བཞིན་ཡིག་འབྲུ་བརྒྱད་བཤིགས་ནས་དཀྱིལ་གྱི་ཡི་གེ་ཧཱུྃ་ལ་འདུས་པ་བསྒོམ་པར་བྱའོ། །དོན་དེ་གཉིས་གསལ་བར་གསུངས་པ། ཐམས་ཅད་གཟུགས་ནི་བཤིགས་ནས་སུ། །ཡེ་ཤེས་རྣམ་ཤེས་ལྷག་མ་སྟེ། །ཞེས་པ་སྟེ། ཕྱོགས་བརྒྱད་ཀུན་གྱི་གཟུགས་ཀྱི་ཡི་གེ་བཤིགས་ནས།

ཡེ་ཤེས་དང་རྣམ་ཤེས་ཀྱི་ཡི་གེ་ཧཱུྃ་གཅིག་པུ་ལུས་པར་བསྒོམ་པའོ། །འདུས་མ་ཐག་ཏུ་ཧཱུྃ་དེའི་ཁ་དོག་དང་། རང་བཞིན་ཁྱད་པར་དུ་གསུངས་པ། ཆུ་ནི་ཤར་གྱི་ཕྱོགས་སུ་སྟེ། །ཁ་དོག་དཀར་པོ་འོད་ཀྱི་མདོག །ཅེས་པ་སྟེ། ཡི་གེ་ཆུའི་ས་བོན་དང་སྦྱར་བའི་ཕྱིར་ནི། ཆུའི་རང་བཞིན་དང་མདོག་དཀར་

པོར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །སེར་པོ་འོད་དུ་འབར་བའི་མེ། །རྟག་པ་རུ་ནི་བྱང་དུ་སྟེ། ཞེས་པ་ནི། ཧཱུྃ་གི་བྱང་གི་ངོས་མེའི་ས་བོན་ཀྵུྃ་ཐིམ་པས་མེའི་རང་བཞིན་དང་མདོག་སེར་བའོ། །རླུང་ནི་ནག་པོའི་ཁ་དོག་ནི། །ནམ་མཁའི་གཟུགས་ཅན་ནུབ་ཏུའོ། །ཞེས་པ་ནི། དེ་ལ་ནམ་མཁའི་གཟུགས་ཅན་ནི་ཧཱུྃ།

གཟུགས་མེད་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་རོ། །རླུང་དེའི་ནུབ་ཀྱི་ངོས་རླུང་གི་ས་བོན་ཡུྃ་དེར་ཐིམ་ནས་རླུང་གི་རང་བཞིན་དང་མདོག་ནག་པོའོ། །ལྷོ་ཡི་ཕྱོགས་ནི་དམར་པོ་རུ། །ལྷོ་ཡི་ཕྱོགས་ཀྱི་བསམ་པར་བྱ། །ཞེས་པ་ལ་ནི། ཧཱུྃ་གི་ལྷོའི་ངོས་ས་བོན་ཧཱུྃ་ཐིམ་པའི་ཕྱིར་ན། སའི་རང་བཞིན་དང་མདོག་དམར་པོའོ། །དེ་

เล่ม ๒๕ · หน้า 70b

གཉིས་ཁ་དོག་འཆོལ་བ་ནི་བག་ལ་བརྟེན་པའི་ཕྱིར་རོ། །ཕྱོགས་མཚམས་འདྲེན་པའི་ཁ་དོག་གིས། །གྲྭ་བཞི་དག་ཏུ་བསམ་པར་བྱ། །ཞེས་པ་ནི། ཧཱུྃ་གི་གྲྭ་བཞིའི་མདོག་བསྲེས་པའི་ཐ་ཚིག་གོ། །འདི་ལྟ་སྟེ་མེའི་མཚམས་ནི་དཀར་པོ་དང་དམར་པོ་བསྲེས་པའི་མདོག་གོ། །དབང་ལྡན་གྱི་མཚམས་

ནི་དཀར་སེར་བསྲེས་བའི་མདོག་གོ། །རླུང་གི་མཚམས་ནི་སེར་ནག་བསྲེས་པའི་མདོག་གོ། །བདེན་བྲལ་གྱི་མཚམས་ལ་ནི་དམར་ནག་བསྲེས་པའི་མདོག་གོ། །དེ་ནས་དབྱིངས་དང་ཡེ་ཤེས་སྦྱོར་བ་བསྟན་ནས། ཡེ་ཤེས་དེ་ཡང་གཉིས་སུ་མེད་པའི་སེམས་ལ་སྦྱོར་བ་བསྟན་འདོད་པས། བཅོམ་ལྡན་

འདས་ཀྱིས་གསུངས་པ། ལྷག་མའི་རྣམ་ཤེས་དབུས་སུ་ནི། །སྒོང་སྐྱེས་བཅས་པར་གཞིག་པར་བྱ། །ཞེས་པ་སྟེ། དེ་ལ་སྒོང་སྐྱེས་ནི་གཉིས་སུ་མེད་པའི་སེམས་སོ། །དོན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡི་གེ་ཧཱུཾ་དེ་གཉིས་སུ་མེད་པའི་ཡི་གེ་སེམས་དང་བསྲེས་ནས་འཇུག་པར་བྱ་སྟེ།

གཉིས་སུ་མེད་པར་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །འོ་ན་ཧཱུྃ་དེའི་མཚན་ཉིད་ཅི་འདྲ་ཞེ་ན་གསུངས་པ། དེ་ཡི་མཚན་ཉིད་མཚོན་པ་ཡི། །མཚོན་པའི་མཚན་ཉིད་གཟུགས་མེད་དོ། །ཞེས་བྱ་བའོ། །དེའི་དོན་གསལ་བར་སྟོན་པས་ཡང་གསུངས་པ། སེམས་ཀྱི་དངོས་པོ་སྟོང་པ་བས། །

ཞེས་པ་ལ་སོགས་པ་སྟེ། དེ་ལྟ་བུའི་སྟོང་པ་རང་བཞིན་གཟུགས་སུ་སྣང་བ་ཅི་འདྲ་ཞེས། རྣམ་པར་མི་རྟོག་སྟོང་པའི་དབུས། །མེ་སྟག་རྡུལ་ནི་ཕྲ་མོ་ཙམ། །ཞེས་པ་སྟེ། བདག་གཞན་དབྱེར་མེད་པ་སྟོང་པའི་དབུས་ནི་མེ་སྟག་དང་འདྲ་སྟེ། གཟུགས་སུ་སྣང་བ་ན་ཡང་ས་ལ་ལྷུང་མ་ཐག་ཏུ་

མེད་པ་བཞིན་ནོ། །ཨཱ་ལི་ཀཱ་ལིའི་ས་བོན་ནི། །རྡུལ་ཕྲན་མིག་གི་དབུས་གནས་པར། །ཞེས་པ་ནི་རྡུལ་ཕྲན་ཏེ། ཨཱ་ལི་ཀཱ་ལིའི་ས་བོན་ཡི་གེ་ཨའི་རང་བཞིན་གནས་ཏེ། དང་པོ་ནས་མི་སྐྱེ་བའི་རང་བཞིན་གྱི་ཕྱིར་རོ། །དེས་ན་ཆོས་ཀུན་ལས་འབྱུང་བ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱརྱ་ནུཏྤནྡ་ཏྭཱཏ་

ཅེས་སོ། །མིང་དང་བྲལ་བའི་གཟུགས་དག་གིས། ཐམས་ཅད་ཀུན་ཀྱང་རྡུལ་ཞེས་བྱ། །ཞེས་པ་ནི། དབང་པོ་ལས་འདས་པས་ན་གཟུགས་ལ་འདུ་ཤེས་མི་སྐྱེ་སྟེ། ཆོས་ཀུན་མིང་ལས་འདས་པ་རྡུལ་ཕྲན་གྱི་རང་བཞིན་དུ་འདོད་པ་སྟེ། མྱ་ངན་ལས་འདས་པའི་ཕྱིར་རོ། །དེས་ན་དབྱིངས་དང་ཡེ་ཤེས་

เล่ม ๒๕ · หน้า 71a

སྦྱོར་བའི་ཏིང་ངེ་འཛིན་ནི་ཡོད་མེད་མ་ཡིན་པར་སྟོན་པ། སྟོང་པ་རུ་ཡང་མི་དམིགས་ཏེ། །ཞེས་པ་ལ་སོགས་པ་དེའི་དཔེར་གསུངས་པ། རླུང་མིན་ནམ་མཁའ་ཡང་མ་ཡིན། །མཉམ་པར་དབུས་སུ་བརྟག་པར་བྱ། །ཞེས་པ་སྟེ། དཔེར་ན་གཟུགས་རླུང་རྒྱུ་བ་ནི་ནམ་མཁའ་ལ་སྟེ།

ནམ་མཁའ་ནི་རླུང་མི་ཐོགས་པའི་སྟོང་པ་སྟེ། དཔེར་ན་ནམ་མཁའ་དང་རླུང་དབྱེར་མེད་པ་བཞིན་དུ། གཟུགས་དང་སྟོང་པ་ཡང་དབྱེར་མེད་དེ། གཟུགས་གང་ཡིན་པ་ཡང་སྟོང་པའི་རང་བཞིན་དེ་མ་ཡིན། སྟོང་པ་གང་ཡིན་པ་དེ་གཟུགས་ཀྱི་རང་བཞིན་དེ་མ་ཡིན་ཏེ། དེ་ལྟར་ལོགས་སུ་མེད་དོ། །མཉམ་

པར་བལྟ་བར་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ལས་གསུངས་པ་དངོས་པོ་ལས་གཞན་སྟོང་པ་མེད། །སྟོང་པ་ལས་གཞན་དངོས་པོ་མེད། །རྟེན་ཅིང་འབྲེལ་པར་འབྱུང་སྟོང་ཉིད། །ལྷ་ཁྱོད་ཀྱིས་ནི་བསྟན་པའོ། །ཞེས་སོ། །ཇི་ལྟར་རྟོགས་པར་བྱ་

ཞེ་ན་གསུངས་པ། བླ་མའི་ལུང་ནི་རྟོགས་པའོ། །ཞེས་པ་ལ་སོགས་པའོ། །དེ་ནས་དབྱིངས་དང་ཡེ་ཤེས་མངོན་དུ་གྱུར་བའི་རྣལ་འབྱོར་པས་སྤྱོད་པ་དང་འབྲས་བུ་གསུངས་པ། ཡེ་ཤེས་གྲུབ་པའི་རྣལ་འབྱོར་པ། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཀུན་དུ་རྟོག་པ་ལུས་སེམས་རྣམས། །གལ་ཏེ་ཡུལ་འཁོར་

སྲུང་འདོད་ན། །ཞེས་པ་ནི། དེ་ལ་ཡུལ་འཁོར་ནི་ཕུང་པོ་དང་ཁམས་སོ། །གལ་ཏེ་ཕུང་པོ་བསྐྱེད་འདོད་ན། རྣལ་འབྱོར་པ་སེམས་ཅན་གྱི་དོན་དུ་སེམས་རྣམ་པར་རྟོག་ནས་སེམས་ཅན་གྱི་དོན་དུ་ཕུང་པོ་བསྐྱེད་པར་བྱའོ་ཞེས་པའོ། །ཡེ་ཤེས་དབང་པོ་ལོངས་སྤྱོད་རྣམས། །དངོས་གྲུབ་ལུས་ལ་རང་དགར་རོ། །ཞེས་པ་

ནི། དེ་ལྟ་བུའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་བས། གལ་ཏེ་འདོད་ན་ཐེག་པ་འོག་མའི་དགེ་སྦྱོང་གི་འབྲས་བུ་རྒྱུན་དུ་ཞུགས་པའི་འབྲས་བུ་མཐོང་བའི་ལམ་དང་བསྒོམ་པའི་ལམ་ལྔ་ཆར་ཕྱིན་པས་འབྲས་བུ་ཐོབ་པོ་ཞེས་པའོ། །ཁམས་གསུམ་ཡེ་ཤེས་མཐོང་བ་དང་། །ཞེས་པ་ནི་དགྲ་བཅོམ་པ་སྟེ།

ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས་གལ་ཏེ་འདོད་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ་ཞེས་པའི་ཐ་ཚིག་གོ། །དང་པོའི་འབྲས་བུ་དང་ཕྱི་མའི་འབྲས་བུ་གསུངས་པས་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་

เล่ม ๒๕ · หน้า 71b

མི་འོང་བའི་འབྲས་བུ་ཡང་ཐོབ་པོ། །དོན་དུ་ཤེས་པར་བྱ་དགོས་པའོ། །དེ་གཉིས་ཀྱང་གལ་ཏེ་འདོད་ན་རྣལ་འབྱོར་པས་ཐོབ་པོ་ཞེས་པའི་ཐ་ཚིག་གོ། །ཡིད་ཀྱིས་རང་དགའི་གནས་དག་ཏུ། །གཟུགས་ཅན་མཁའ་ལ་རྒྱུ་བ་རྣམས། །ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས་

འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་འབྲས་བུ་སྣ་ཚོགས་གང་འདོད་པ་ལ་སྤྱོད་དོ། །གཟུགས་ཅན་མཁའ་ལ་ཐོགས་པ་མེད་པར་རྒྱུ་བ་བཞིན་ནོ་ཞེས་པའོ། །བདག་དོན་གྱི་འབྲས་བུ་བསྟན་ནས། གཞན་དོན་གྱི་འབྲས་བུ་གསུངས་པ། སེམས་ཅན་དག་ནི་ཅི་འདོད་པར། །མྱུར་དུ་མཆོག་ནི་སྦྱིན་

པར་འགྱུར། །ཞེས་སོ། །སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན་གསུངས་པ། ལུས་དང་དབང་པོ་འདོད་པ་རྣམས། །རང་དགའ་རུ་ནི་བདག་མེད་བྱེད། །ཅེས་པ་སྟེ། རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱེད་པ་ལ། ལུས་དང་དབང་པོ་ལ་སོགས་པ་ལ། བདག་དང་གཞན་དམིགས་པའི་ཚུལ་གྱིས་སྤྱོད་

དོ་ཞེས་པའོ། །ཆོས་ཀྱི་དབྱིངས་རྟོགས་པའི་རྣལ་འབྱོར་པས་མྱ་ངན་ལས་འདས་པར་ཟད་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པས་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས། །ཞེས་པ་ལ་སོགས་པའོ། །དེ་དག་བསྒོམ་པའི་རྣལ་འབྱོར་པའི་གནས་བསྟན་པ། རི་དང་རི་ཁྲོད་ནགས་ཚལ་དང་། །ཞེས་པ་ལ་

སོགས་པའོ། །དེ་ནས་དོན་བསྒོམས་པར་འདོད་པའི་རྣལ་འབྱོར་པས། ཕྱིན་ཅི་ལོག་པའི་ལུས་བདུད་རྩི་སློང་བར་བྱས་ནས་འགྲུབ་བར་བྱའོ་ཞེས་སྟོན་པས་གསུངས་པ། ན་ག་མུ་ལ་པ་ལ་ཤ །ཞེས་པ་ལ་སོགས་པ་ཏེ། དེ་ལ་ན་ག་མུ་ལ་ནི་སྦྱིན་པ་ཁྱད་པར་ཅན་ནོ། །པ་ལ་ཤ་ནི་རྒྱ་སྐྱེགས་ཀྱི་མེ་ཏོག་གོ། །མེ་མར་བྱས་ཏེ་ཆ་

བསྙམས་ཏེ། །ཞེས་པ་ནི། དེ་ལ་སྨན་ཆ་གསུམ་དུ་བསྙམས་ནས་མཉམ་པོར་བྱ་བའོ། །དུ་དུ་ཡིན་ཞེ་ན་གསུངས་པ། མ་ག་དྷཱའི་སྲང་བཅུ་གཉིས་ཞེས་ཏེ། རྡོ་རྗེ་གདན་དྲུང་ཡུལ་མ་ག་དྷཱའི་སྲང་ཆེན་པོ་གསུམ་ཀ་ལ་བཅུ་གཉིས་བཅུ་གཉིས་སྦྱར་བར་བྱའོ་ཞེས་པའོ། །ཇི་ལྟར་བཟའ་ཞེ་ན། །བ་ཡི་འོ་མ་བསྐོལ་

བ་ལ། །ཞེས་པ་ལ་སོགས་པའོ། །སྨན་གྱི་ཡོན་ཏན་གསུངས་པ། རྣལ་འབྱོར་པ་ཡི་ལོ་བརྒྱ་རུ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་འདུལ་བ་སྲུང་ཞིང་ལོངས་སྤྱོད་ཅེས་པ་ནི། དེ་ལ་སྨན་དེ་བསྒྲུབ་པ་ལ་འདོད་ཆགས་དང་། གནོད་པའི་ཟས་དང་ཆང་ལས་ལུས་བསྲུང་བར་བྱའོ་

เล่ม ๒๕ · หน้า 72a

ཞེས་པའོ། །ཕྱིན་ཅི་ལོག་པའི་ལུས་སྨན་གྱིས་ཐུབ་ན་ཡང་དག་པའི་རྒྱུར་འགྱུར་པའི་དཔེ་བསྟན་པ། ཇི་ལྟར་བུ་མོ་གཞོན་ནུ་གཏམ་གྱིས་རྨོངས་ནས་སུ། །ཞེས་པ་ལ་སོགས་པ་སྟེ། དོན་ནི་འདི་ལྟ་སྟེ། འདོད་ཆགས་ལ་སྤྱད་པ་ལ་འཇིགས་པའི་བུ་མོ་གཏམ་གྱིས་བྲིད་

ནས་སྤྱོད་པ་བཞིན་དུ། ཕྱིན་ཅི་ལོག་པའི་ལུས་ཀྱང་བདུད་རྩིས་སློང་བ་གྲུབ་ན་བྲིད་དེ། ཡང་དག་པའི་ལམ་དུ་འཇུག་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ད་ནི་ལེའུ་བཅུ་དྲུག་གི་དོན་རྟོགས་ན་ཕྱག་ན་རྡོ་རྗེ་ལ་སོགས་འཁོར་དེ་དག་ཐམས་ཅད་དགའ་ཞིང་མགུ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་

བསྟོད་པ་གསུངས་པ། དེ་ནས་རྣལ་འབྱོར་དང་ཞེས་པ་ལ་སོགས་པའོ། །ཐུགས་རྗེ་ཆེན་པོའི་མངའ་བདག་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་ལ་རྣལ་འབྱོར་གྱི་གཙུག་ལག་གདན་བཞི་པའི་ཆེ་བའི་ཡོན་ཏན་བསྟན་འདོད་པས་གསུངས་པ། ཉོན་ཅིག་རྡོ་རྗེ་ཇི་ལྟར་ཞེས་པ་ལ་

སོགས་པའོ། །དེ་ལ་ཚིག་རྐང་ཅི་ཙམ་ཞེས་པ་ནི། ཚིགས་སུ་བཅད་པ་བཞི་ཆའོ། །མཐོ་རིས་ཞེས་པ་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་འདོད་པའི་ལྷ་རིས་དྲུག་དང་། ཚངས་པ་ལ་སོགས་པ་གཟུགས་ཁམས་བཅུ་བདུན་ནོ། །ཡང་ན་འཁོར་ལོ་འཁོར་ལོ་འབར། །ཞེས་

པ་ནི། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའོ། །གཟུགས་མེད་སྲིད་པའི་སེམས་གྲུབ་པོ། །ཞེས་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའོ། །གཟུགས་མེད་པའི་ཁམས་བཞིའོ། །རྫོགས་པའི་བྱང་ཆུབ་མྱུར་ཐོབ་

པོ། །ཞེས་པ་ནི། རྡོ་རྗེ་སེམས་དཔའི་གོ་འཕང་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་གྱུར་པའོ། །རྒྱུད་ཀྱི་དོན་རྟོགས་མཁན་པོ་ཡིས། །གསང་བའི་གནད་འགྲེལ་འདི་བརྩམས་པས། །བདག་གིས་བསོད་ནམས་གང་ཐོབ་དེ། སེམས་ཅན་ཀུན་གྱིས་

ཐོབ་པར་ཤོག །རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས་གྲགས་པས། བླ་མ་ལ་མན་ངག་ཐོབ་པ་གདན་བཞི་པ་ལས། གསང་བའི་གདན་གྱི་རྣམ་པར་བཤད་པ་མཛད་དེ། བསྒྱུར་ཞིང་ཞུས་ནས་གཏན་ལ་ཕབ་པ་རྫོགས་སོ།། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด