དེ་ཁོ་ན་ཉིད་དྲུག་རྣམ་པར་གཞག་པ

ชื่อสันสกฤต (อักษรทิเบต ตามตัวบท) ཥ་ཊ་ཏ་ཏྭ་བྱ་བསྠཱ་ན

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๕ · หน้า 167a

༄༅༅། །རྒྱ་གར་སྐད་དུ། ཥ་ཊ་ཏ་ཏྭ་

བྱ་བསྠཱ་ན། བོད་སྐད་དུ། དེ་ཁོ་ན་ཉིད་དྲུག་རྣམ་པར་གཞག་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྱབ་བདག་ལྔ་ཡི་དངོས། །ཡེ་ཤེས་མཁའ་འགྲོ་ལ་བཏུད་དེ། །བླ་མའི་བཀའ་བཞིན་ཉེར་བསྟེན་ཏེ། །དེ་ཉིད་དྲུག་འདི་བདག་གིས་བྱ། །གསང་རྒྱུད་

འཕགས་པ་གདན་བཞི་ལས། །བཏུས་ཏེ་སློབ་མ་བློ་ཞན་ལ། །ཕན་ཕྱིར་དད་པས་འདི་བྱས་ཀྱང་། །མཁས་པས་དཔྱད་ཅིང་བཟོད་པར་གསོལ། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དང་། །ཡེ་ཤེས་དང་ནི་རྣམ་བཞི་ལ། །བདུད་རྩི་འདོད་དང་མཆོད་རྟེན་གཉིས། །བསྣན་ཏེ་དྲུག་ཏུ་ཤེས་པར་

བྱ། །དང་པོ་རྡོ་རྗེ་བསྡམས་པ་ནི། །བཀྲོལ་ཏེ་ལག་པ་གཉིས་བརྐྱང་ནས། །པདྨའི་ལག་སྐོར་ལྔ་བྱས་ཏེ། །པུས་མོ་གཡས་གཡོན་སྟེང་དུ་གཞག །ལག་མཐིལ་གཉིས་ལ་བསྒོམ་པ་ནི། །གཡས་སུ་ཉི་མའི་དཀྱིལ་འཁོར་དང་། །གཡོན་དུ་ཟླ་བའི་དཀྱིལ་འཁོར་དག །མ་དང་ཨ་ལས་

བསྐྱེད་པར་བྱ། །དེ་སྟེང་རྡོ་རྗེ་དྲིལ་བཞག་ནས། །ཧཱུཾ་དང་ཨ་ལས་བསྐྱེད་པར་བྱ། །ཨཱ་ལི་ཀཱ་ལིའི་སྦྱོར་པ་ཡིས། །ཐབས་དང་ཤེས་རབ་དངོས་སུ་ནི། །རྟོགས་ཏེ་དེ་ཉིད་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་དེ་ཉིད་ནི། །བསྒོམ་པའི་མན་ངག་འདི་ལྟ་སྟེ། །རྡོ་རྗེའི་སྟེང་གི་རྩེ་ལྔ་ལ། །

རིགས་ལྔའི་ལྷ་དང་སྦྱར་བར་བྱ། །དཀྱིལ་གྱི་རྩེ་མོར་རྣམ་སྣང་མཛད། །ཤར་གྱི་རྩེ་མོར་མི་བསྐྱོད་པ། །ལྷོ་རྩེར་རིན་ཆེན་འབྱུང་ལྡན་ཏེ། །སྣང་བ་མཐའ་ཡས་ནུབ་ཏུ་དགོད། །བྱང་དུ་དོན་ཡོད་གྲུབ་པ་བསྒོམས། །དེ་འོག་པདྨ་འདབ་བརྒྱད་ལ། །བྱང་ཆུབ་སེམས་བརྒྱད་ཤེས་

བྱ་སྟེ། །པདྨའི་ཕྱག་དང་བྱམས་པ་དང་། །ནམ་མཁའ་མཛོད་དང་ཀུན་དུ་བཟང་། །ཕྱག་ན་རྡོ་རྗེ་འཇམ་དཔལ་དང་། །སྒྲིབ་སེལ་དང་ནི་ས་སྙིང་པོ། །ལྷ་རྣམས་བརྒྱད་པོ་འདི་དག་ནི། །ཇི་བཞིན་ཕྱོགས་སུ་བསྒོམ་པ་ཡིན། །དབུས་ཀྱི་སྒོ་ང་ལྟ་བུ་ལ། །ཡེ་ཤེས་ལྔ་ནི་བསྒོམ་

เล่ม ๒๕ · หน้า 167b

པར་བྱ། །དེ་ཡི་ཕྱི་རོལ་ཕྱོགས་བཞི་ན། །ལྕགས་ཀྱུ་ལ་སོགས་རྣམ་བཞི་བསྒོམ། །དེ་འོག་འདབ་བརྒྱད་པདྨར་ཡང་། །སྒེག་མོ་ལ་སོགས་བརྒྱད་བསྒོམ་པ། །རྒྱུད་ལས་སྦས་ནས་མ་གསུངས་ཀྱང་། །མན་ངག་དོན་གྱིས་ཤེས་པར་བྱ། །འོག་གི་རྩེ་མོ་རྣམ་ལྔ་ཡང་། །བཅོམ་

ལྡན་མཁའ་འགྲོ་མ་ལྔ་སྟེ། །དབུས་རྩེ་ཡེ་ཤེས་མཁའ་འགྲོ་མ། །དེ་ཡི་ཕྱི་རོལ་ཕྱོགས་བཞི་ན། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །དེ་བཞིན་དྲག་མོ་བྱང་ཕྱོགས་ཏེ། །རོ་ལངས་མ་ནི་ནུབ་ཀྱི་རྩེར། །ལྷོ་རུ་གདོལ་པའི་མཁའ་འགྲོ་མ། །རྡོ་རྗེ་དེ་ཉིད་ལྷ་མོར་བསྒོམ། །དེ་ལྟར་སུམ་ཅུ་རྩ་

གཅིག་ལྟར། །རྟོགས་ཏེ་རྡོ་རྗེར་བསྒོམས་ནས་ནི། །ཧཱུཾ་གི་དབྱངས་འདི་བླང་བྱས་ཏེ། །སངས་རྒྱས་ཐམས་ཅད་མཉེས་པར་བྱ། །ཧཱུཾ། མཛེས་པའི་རྡོ་རྗེ་གསོར་ནས་སུ། །སེམས་ཅན་ཐར་པ་ལ་ནི་དགོད། །རྣམ་པར་ཐར་པ་ཆོས་ཀྱི་དོན། །རྡོ་རྗེ་སྙིང་པོ་འཛིན་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ་

ཧོ་ཧོ་ཧོ། །དེ་ནི་འཁོར་བ་གཅོད་གྱུར་ཏེ། །ཉོན་མོངས་མུན་པ་བསལ་བྱས་ནས། །བླ་མེད་བྱང་ཆུབ་ཐོབ་པ་དང་། །ཡེ་ཤེས་སྣང་བ་ཐོབ་པར་འགྱུར། །རྡོ་རྗེ་དེ་ཉིད་མ་ཤེས་ན། །བྱང་ཆུབ་དངོས་གྲུབ་རིང་དུ་སྤངས། །རྡོ་རྗེ་དག་པར་མ་གྱུར་ན། །བརྒྱ་བྱིན་མཚོན་ཆ་རྡོ་རྗེ་འདྲ། །

དེ་ནས་དྲིལ་བུ་དེ་ཉིད་ནི། །ནང་གི་ནམ་མཁའི་ཁམས་ལ་ནི། །བྱང་ཆུབ་སྙིང་པོ་གནས་པ་ཡིན། །མཚན་ཉིད་མེད་པར་སྤང་བ་ནི། །བུམ་པ་ཤེས་རབ་བདུད་རྩིའོ། །དེ་སྟེང་འདབ་བརྒྱད་པདྨ་ལ། །ས་བོན་བརྒྱད་ལས་ལྷ་མོ་བརྒྱད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །ན་བཟའ་དཀར་མོ་

བྱང་གི་ཕྱོགས། །ནུབ་ཏུ་མཱ་མ་ཀཱི་ཞེས་བྱ། །དེ་བཞིན་ལྷོ་རུ་སངས་རྒྱས་སྤྱན། །མེ་ཡི་མཚམས་སུ་སྐུལ་བྱེད་མ། །རྡོ་རྗེ་ལུ་གུ་རྒྱུད་དབང་ལྡན། །ཁྲོ་གཉེར་མ་ནི་རླུང་མཚམས་སུ། །བདེན་བྲལ་མཚམས་སུ་རིན་ཆེན་སྒྲོན། །ལྷ་མོ་དེ་བརྒྱད་དབུས་སུ་ཡང་། །ཤེས་རབ་ཕ་རོལ་

ཕྱིན་པ་སྟེ། །པདྨ་རྒྱས་པའི་སྤྱན་མངའ་མ། །གཟུགས་རྫོགས་འོད་དང་ལྡན་པར་བསྒོམ། །སྟེང་གི་པདྨ་འདབ་བརྒྱད་ལ། །སྔོན་བཞིན་སྒེག་མོ་ལ་སོགས་བརྒྱད། །རྩེ་ལྔར་མཁའ་འགྲོ་མ་ལྔ་བསྒོམ། །དབུས་ཀྱི་ལྕེ་ལ་ཡེ་ཤེས་ཏེ། །ཐམས་ཅད་འདུ་དང་འཕྲོ་བར་བྱེད། །ཉི་ཤུ་རྩ་

เล่ม ๒๕ · หน้า 168a

གཉིས་ལྷར་སྦྱོར་བ། །རྣམ་པར་དག་པའི་དྲིལ་བུ་འདི། །སྔགས་འདི་དག་ནི་བཟླས་ནས་སུ། །ཕྱོགས་བརྒྱད་དག་ཏུ་ལེན་གསུམ་དཀྲོལ། །ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སརྦ་བུདྡྷ་པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ། ནཱ་དཱ་སྭ་བྷཱ་ཝེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་སྭཱ་ཧཱ། ཤེས་རབ་ཆོས་ཀྱི་དྲིལ་བུ་འདི། །

སངས་རྒྱས་ཐམས་ཅད་བླང་བྱས་ནས། །མི་ཤེས་འདམ་ལས་བྱིང་བ་ཡི། །སེམས་ཅན་སངས་རྒྱས་དོན་དུ་དཀྲོལ། །དེ་ཉིད་སྦྱོར་བ་དམན་ན་ནི། །དངོས་གྲུབ་རིང་དུ་མཚོན་པ་སྟེ། །དེ་ཉིད་མེད་པའི་རྣལ་འབྱོར་པའི། །གླང་ཆེན་དྲིལ་བུ་དཀྲོལ་བ་འདྲ། །དེ་ནས་བགྲང་ཕྲེང་དེ་ཉིད་ཀྱི། །ཡང་

དག་ཆོ་ག་ཤེས་པར་བྱའོ། །ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །དཀར་པོ་ལ་སོགས་གཞན་ཡང་རུང་། །ཞི་བའི་ལས་ལ་ཁྱད་པར་གསུངས། །གསེར་དང་དངུལ་དང་ཟངས་མ་དང་། །པདྨའི་སྙིང་པོ་རྒྱས་པ་ཡིན། །གུར་གུམ་ལ་སོགས་དྲི་ཡིས་ནི། །བྱུག་པའི་རི་ལུ་དབང་ལ་སྨོས། །རུ་དྲཱ་ཀྵ་དང་ལུང་

ཐང་དང་། །མི་རུས་མངོན་སྤྱོད་ཅེས་སུ་གསུངས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཙེས་ནི་ལས་ཀུན་བྱེད། །དེ་ཡི་གྲངས་ནི་འདི་ལྟ་སྟེ། །སྔགས་སྒྲུབ་པ་ལ་ལྔ་བཅུ་དང་། །དབང་ལ་དེ་བཞིན་ཉི་ཤུ་ལྔ། །ཞི་བ་ལ་ནི་བརྒྱ་ཕྲག་སྟེ། །བརྒྱ་རྩ་བརྒྱད་ནི་རྒྱས་པའི་ཡིན། །

མངོན་སྤྱོད་ལ་ནི་དྲུག་ཅུའོ། །ཕྲེང་ཐག་དགུ་སྒྲིལ་བྱས་པ་ལ། །མདོ་འཛིན་ཉིས་བརྩེགས་ཤེས་པར་བྱ། །གཡས་པའི་ལག་མཐིལ་ཉི་མ་ལ། །ཨཱཿཡིག་དམར་པོ་བསྒོམ་པར་བྱ། །གཡོན་གྱི་ལག་མཐིལ་ཟླ་བ་ལ། །ཧཱུཾ་ཡིག་དམར་པོ་བསྒོམ་ནས་སུ། །ས་བོན་དེ་ཉིད་ལས་བསྐྱེད་

པ། །གཡས་སོར་རྡོ་རྗེ་རྩེ་ལྔ་པ། །གཡོན་ནི་པདྨ་འདབ་ལྔར་བསྒོམ། །ཕྲེང་བ་གང་ཡིན་དཀྱིལ་བཞག་སྟེ། །རྡོ་རྗེ་པདྨ་སྙིམ་པར་སྦྱར། །རི་ལུ་དགྲ་བཅོམ་བསྒོམས་ནས་སུ། །ཕྲེང་ཐག་ལྷ་དགུར་བྱིན་གྱིས་བརླབ། །མདོ་འཛིན་འོག་མ་མཆོད་རྟེན་ཏེ། །གོང་མ་ཆོས་ཀྱི་སྐུ་རུ་

བསྒོམ། །བགྲང་ཕྲེང་དེ་ཉིད་བསྒོམ་ནས་སུ། །སྔགས་འདི་ཡིས་ནི་བྱིན་གྱིས་བརླབ། །ཨོཾ་ཡ་ཏེ་ཡ་མ་ཧཱ་ཛྙཱ་ན་སརྦ་བུདྡྷ་མ་ཧཱ་བྷེ་བེ་ཏ། །ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་སྭཱ་ཧཱ། ཆོས་ཀྱི་སྐུ་དང་མཆོད་རྟེན་ལ། །དགྲ་བཅོམ་བསྐོར་བ་བྱེད་བསམས་ཏེ། །མཆོད་རྟེན་གྲིབ་མའང་

เล่ม ๒๕ · หน้า 168b

མི་འགོང་ཕྱིར། །བསྒྱུར་ལོག་བྱས་ནས་ཕྲེང་བ་བགྲང་། །ཕྲེང་བ་དེ་རྣམས་བགྲང་བ་ཡང་། །སོ་སོའི་ཁྱད་པར་གྱིས་ཤེས་ཏེ། །ཞི་བའི་ཕྲེང་བ་མཛུབ་ལ་བཞག །དེ་བཞིན་རྒྱས་པ་གུང་མོ་སྟེ། །སྲིན་ལག་ལ་ནི་དབང་དུ་བཤད། །མངོན་སྤྱོད་མཐེ་ཆུང་ཤེས་པར་བྱ། །

སྒྲུབ་པའི་ལྷ་གང་འགུགས་བསམས་ཏེ། །མཐེ་བོང་ལྕགས་ཀྱུས་བཀུག་པར་བསྒོམ། །དེ་ཡང་ལྷ་མོ་གཡོན་པས་འདྲེན། །གཡས་པས་ལྷ་རྣམས་འདྲེན་པ་ཡིན། །དེ་ལྟར་དག་པའི་བགྲང་ཕྲེང་གིས། །གང་འདོད་དངོས་གྲུབ་འགྲུབ་པར་བྱེད། །དེ་ཉིད་མེད་པའི་ཕྲེང་

བ་ནི། །བུད་མེད་རྒྱན་གྱི་དོ་ཤལ་འདྲ། །དེ་ནས་ཡེ་ཤེས་དེ་ཉིད་ནི། །འདི་ལྟར་ཡང་དག་ཤེས་པར་བྱ། །ཆོས་ཀུན་ཡེ་ཤེས་གཅིག་པ་ལ། །ཁྱད་པར་རིང་ཐུང་གྱུར་ནས་གནས། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་དང་། །ནམ་མཁའ་ལྡིང་དང་མིའམ་

ཅི། །རྒྱལ་ཆེན་དང་ནི་གང་བ་བཟང་། །ལྟོ་འཕྱེ་དང་ནི་གྲུལ་བུམ་དང་། །མི་དང་མི་མིན་མཁའ་འགྲོ་མ། །བྱོལ་སོང་དང་ནི་ཡི་དགས་དང་། །དམྱལ་བར་བཅས་པའི་སེམས་ཅན་དང་། །བྱོལ་སོང་གཟུགས་ཀྱི་ཁྱད་པར་དང་། །ཕྲ་མོ་སྒོ་ང་འཛིན་སོགས་པའི། །དེ་རྣམས་གཡོ་

བ་ཐམས་ཅད་དང་། །མི་གཡོ་བ་ཡི་རྣམ་པ་ཡང་། །ས་ཆུ་མེ་དང་རླུང་གི་ཁམས། །ཕྲ་མོ་གཙོ་དང་ལོ་མ་དང་། །རྡོ་དང་བོང་བ་རྩེ་མོ་སོགས། །ཐམས་ཅད་ཡེ་ཤེས་སྣང་བ་ཡིན། །དེ་ཡང་སེམས་དང་ལྡན་པ་དང་། །སེམས་པ་མེད་པ་གཉིས་སུ་འདོད། །སེམས་པ་དང་

ལྡན་ཁྱད་པར་ནི། །ཡེ་ཤེས་བྱེ་བྲག་འདི་ལྟ་སྟེ། །རྒྱལ་ཆེན་སུམ་ཅུ་རྩ་གསུམ་དང་། །འཐབ་བྲལ་དང་ནི་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་། །ཚངས་རིས་ཚངས་པའི་མདུན་ན་འདོན། །ཚངས་ཆེན་དང་ནི་འོད་ཆུང་དང་། །དཔག་མེད་འོད་དང་

འོད་གསལ་དང་། །དགེ་ཆུང་དགེ་རྒྱས་ཚད་མེད་དགེ །སྤྲིན་མེད་དང་ནི་བསོད་ནམས་སྐྱེས། །འབྲས་བུ་ཆེ་དང་མི་ཆེ་བ། །མི་གདུང་བ་དང་གྱ་ནོམ་སྣང་། །ཤིན་ཏུ་མཐོང་དང་འོག་མིན་ཏེ། །ཉི་ཤུ་རྩ་གསུམ་ལྷ་རྣམས་ནི། །ཡེ་ཤེས་རགས་ཤིང་ཟབ་པ་ནི། །ཉིས་འགྱུར་

เล่ม ๒๕ · หน้า 169a

ཉིས་འགྱུར་ཤེས་པར་བྱ། །དེ་ཡང་རྒྱལ་ཆེན་རིགས་བཞི་ནས། །གཞན་འཕྲུལ་དབང་བྱེད་བར་དུ་ནི། །འདོད་པ་ལྔ་ཡི་ཡེ་ཤེས་དག །གོང་ནས་གོང་དུ་ཟབ་པ་ཡིན། །ལྷ་མིན་ཡེ་ཤེས་ཁྲོ་བ་སྟེ། །ཡི་དགས་ཡེ་ཤེས་སྨེ་བ་ཡིན། །གཏི་མུག་

ཡེ་ཤེས་བྱོལ་སོང་གི །དམྱལ་བའི་འཇིགས་པས་དུབ་པ་ཡིན། །མི་ཤེས་ཡེ་ཤེས་རྣམ་ལྔ་སྟེ། །གླེན་པ་དང་ནི་འོན་པ་དང་། །ལྐུགས་པ་དང་ནི་བྱིས་པ་དང་། །ཡེ་ཤེས་ཅན་དང་རྣམ་པ་ལྔ། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །གཞན་ཡང་གནོད་སྦྱིན་ལ་སོགས་

པས། །རྩ་བའི་རྒྱུད་ལས་མ་གསུངས་ཀྱང་། །དོན་གྱི་ཡེ་ཤེས་ཁྱད་པར་ནི། །རྣལ་འབྱོར་པས་ནི་ཤེས་པར་བྱ། །དེ་འདྲའི་ཡེ་ཤེས་དེ་ཉིད་ནི། །རྣལ་འབྱོར་གང་གིས་རྟོགས་གྱུར་པ། །དེ་ནི་ཚེ་རབས་ས་ཡ་སྟོང་། །སངས་རྒྱས་ཤེས་པས་བསྐུལ་བའོ། །རྣལ་འབྱོར་

གཙུག་ལག་ལས་བྱུང་བའི། །ཡེ་ཤེས་དེ་ཉིད་མི་ཤེས་ཏེ། །ཕྱི་ཡི་གཙུག་ལག་ཤེས་ན་ཡང་། །གར་མཁན་ཆ་ལུགས་དང་འདྲའོ། །དེ་ནས་བདུད་རྩིའི་འོད་དེ་ཉིད། །མན་ངག་འདི་ལྟར་ཤེས་པར་བྱ། །བྷནྡྷའམ་ཉ་ཕྱིས་ལ་སོགས་པ། །བདུད་རྩི་ལྔ་དང་བསྲེས་པ་

ཡིས། །བདུད་རྩིའི་འོད་ཀྱིས་བཀང་བྱས་ལ། །སྔགས་དང་ཕྱག་རྒྱས་དག་པར་བྱ། །གཡས་པ་ཟླ་དཀྱིལ་བསམ་པ་ལ། །བདུད་རྩིའི་འོད་ཀྱིས་སྣོད་བཞག་སྟེ། །གཡོན་པ་རྩེ་གསུམ་ཕྱག་རྒྱ་ཡིས། །སྣོད་ལ་རེག་ནས་སྔགས་འདི་བརྗོད། །ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཧ་ཡིས་

ཁ་དོག་འཕྲོག་པ་དང་། །ཧོ་ཡིས་ཕྱི་ཡི་དྲི་མ་བསལ། །ཧྲཱིཿཡིས་མཐུ་ཡང་འཇོམས་བྱེད་པ། །རིམ་པ་དེ་ནི་ཤེས་པར་བྱ། །དེ་ལྟར་ལོག་པ་བསལ་ནས་སུ། །འདི་ལྟར་ཡང་དག་སྦྱོར་བ་བསྒོམ། །གཟུགས་ནི་པདྨའི་དབང་ཕྱུག་སྟེ། །རྣམ་པར་སྣང་མཛད་དྲི་ཆུ་དངོས། །

རོ་ནི་རྡོ་རྗེ་དབང་ཕྱུག་སྟེ། །སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ། །དེ་འོག་ཕྱག་རྒྱ་སྔགས་ཀྱིས་ཡང་། །བསྲབས་ནས་བདུད་རྩི་འོད་དུ་འགྲུབ། །ས་བོན་སུཾ་ལས་བསྐྱེད་པ་ཡི། །གཡོན་པའི་མཐིལ་དུ་ཟླ་བ་བསྒོམ། །དེ་དཀྱིལ་བདུད་རྩི་ས་བོན་སུཾ། བསྒོམས་ནས་སྲིན་

เล่ม ๒๕ · หน้า 169b

ལག་མཐེབ་རྩེར་སྦྱར། །བདུད་རྩིའི་དཀྱིལ་དུ་ཕྱག་རྒྱ་དེ། །བཞག་ནས་རིམ་པ་འདི་ལྟར་བསྒོམ། །ཧཱུཾ་ལས་བསྐྱེད་པའི་མཐེ་བོང་ནི། །དབང་ཆེན་ས་གཞིར་བསྒོམ་པ་དང་། །སུཾ་ལས་བསྐྱེད་པའི་སྲིན་ལག་ནི། །རི་རབ་ཟུར་བཞིར་བསྒོམ་པར་བྱ། །སྲིན་ལག་རྩེར་ཡང་སུཾ་བསྒོམས་

ཏེ། །བདུད་རྩིའི་སྙིང་པོ་གསུམ་བཟླས་ནས། །ལན་གསུམ་བདུན་ནི་བསྒྲུབ་པར་བྱ། །འཁོར་བ་བདུད་རྩིར་དམིགས་ནས་ནི། །ལྷ་དང་རྣལ་འབྱོར་མཁའ་འགྲོ་མ། །སོ་སོར་གཏོར་ནས་མཉེས་པར་བྱ། །ལྕེ་དང་དཔྲལ་བ་སྤྱི་བོ་ལ། །བདུད་རྩིའི་ཐིག་ལེ་བཞག་ནས་སུ། །

ཡི་དམ་ལྷ་ཡང་མཆོད་བྱ་ཞིང་། །དམ་ཚིག་ཙམ་དུ་བཏུང་བར་གྲགས། །གང་ཚེ་རྣལ་འབྱོར་ཚོགས་པའི་ཚེ། །དབྱངས་འདི་བླངས་ནས་གཞན་ལ་དབུལ། །གཟིགས་ཤིང་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་དག །རང་བཞིན་

གཅིག་ཏུ་བསྒོམས་ནས་གསོལ། །རྣལ་འབྱོར་གཞན་གྱིས་བླང་བ་ཡང་། །དབྱངས་དང་ཕྱག་རྒྱ་ཤེས་བྱ་སྟེ། །གཡས་པ་པདྨའི་གདན་བསྒོམས་ནས། །གཡོན་གྱི་རྩེ་གསུམ་ཕྱག་རྒྱས་བླང་། །བདེ་བར་གཤེགས་ཤིང་ཆོས་ཀྱི་མཆོག །དྲི་མ་མེད་པའི་གནས་འདི་ལ།

གཟུང་དང་འཛིན་པ་རྣམ་གྲོལ་བ། །དེ་བཞིན་ཉིད་དེ་ཕྱག་འཚལ་ལོ། །དེ་ལྟར་མན་ངག་རྟོགས་ནས་སུ། །བདུད་རྩིའི་འོད་ལ་བརྟེན་བྱས་ནས། །འཁོར་བའི་སྡུག་བསྔལ་བཅོམ་ནས་སུ། །ཐར་པའི་རྩི་རུ་འགྲུབ་པ་ཡིན། །དེ་ཉིད་མེད་པའི་རྣལ་འབྱོར་པ། །མདངས་དང་སྟོབས་དང་ལོངས་

སྤྱོད་ཕྱིར། །སྲེད་པའི་སྒོ་ནས་འཐུང་བྱེད་ན། །སེམས་ཅན་ཕལ་པའི་བཏུང་བ་འདྲ། །དེ་ནས་མཆོད་རྟེན་དེ་ཉིད་ཀྱང་། །ཡང་དག་པར་ནི་བསམ་པར་བྱ། །ནང་བཞིན་ནམ་མཁའ་དང་འདྲ་བར། །དངོས་ཀུན་སྟོང་པ་ཉིད་དུ་བསྒོམ། །རང་གི་སེམས་དང་དབྱེར་མེད་པའི། །གདན་བཅས་ཧཱུཾ་

ཡིག་འདུས་པར་བསྒོམ། །དེ་ཡི་ཁམས་གསུམ་འཇིག་རྟེན་ནི། །མཆོད་རྟེན་གནས་སུ་བསྒོམ་པར་བྱ། །ས་ཡི་ཁྲི་འཕང་ཟུར་བཅུ་གཉིས། །དགུག་པའི་ཕྱོགས་བརྒྱད་གླིང་ཡིན་ཏེ། །བང་རིམ་བདུན་དུ་བསམས་པ་ནི། །གསེར་གྱི་རི་བདུན་ཤེས་པར་བྱ། །དྲིལ་བུ་དབྱིངས་སུ་བུམ་པ་ནི། །

เล่ม ๒๕ · หน้า 170a

ལྷ་གནས་རི་རབ་བསྒོམ་བྱ་སྟེ། །བུམ་རྟེན་འཁོར་བ་གདུང་བའི་དབྱིབས། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་ཡིན། །ཁ་ཁྱེར་རིམ་པ་དྲུག་ལྡན་པ། །འདོད་རིས་ལྷ་རྣམས་དྲུག་ཏུ་བཏགས། །དབུས་སུ་སྲོག་ཤིང་ཡར་བསྒྲེང་བ། །བདག་མེད་ཆོས་ཉིད་ཟད་མེད་བསྒོམ། །འཁོར་

ལོ་བཅུ་བདུན་གྱིས་བརྒྱན་པ། །གཟུགས་ཁམས་གནས་བཅུ་བདུན་དུ་བཏགས། །ཆོས་ཀྱི་དབྱིབས་པ་ཡར་འཕགས་པ། །གཟུགས་མེད་ཁམས་བཞིར་ཤེས་པར་བྱ། །དེ་ཡི་སྟེང་གི་སྒོ་ངའི་དབྱིབས། །རང་གི་སེམས་ནི་སྐུ་རུ་བསྒོམ། །དེ་ལ་དེ་བཞིན་གཤེགས་པ་དང་། །

སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་གི་སློབ་དཔོན་ཡི་དམ་ལྷ། །བཞུགས་པར་དམིགས་ནས་རང་སེམས་དང་། །དབྱེར་མེད་བསྒོམས་ནས་ཕྱག་བྱས་ནས། །མཆོད་དང་བསྟོད་པ་དབུལ་བྱས་ནས། །བླ་ན་མེད་པའི་གོ་འཕང་ཐོབ། །གཞན་དུ་གཟུང་འཛིན་མ་སྤངས་པར། །

དངོས་སུ་རྟོགས་ནས་ཕྱག་བྱས་ན། །འཁོར་བ་ལས་བསྒྲལ་མི་འགྲུབ་སྟེ། །མུ་སྟེགས་ཕྱག་གནས་ལྷ་རྟེན་འདྲ། །དེ་ཉིད་དྲུག་གི་རིམ་པ་འདི། །ཕྱི་ནང་གང་དུ་སྦྱོར་ན་ཡང་། །འགལ་བ་མེད་ཅིང་དངོས་གྲུབ་སྟེར། །སྟོན་པ་ཐུན་མོང་བསྟན་ཕྱིར་རོ། །སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས། །སློབ་

མས་ཞུས་པ་འདི་བྱས་པའི། །དགེ་བ་ཐོབ་པ་གང་ཡིན་པ། །དེ་ཡིས་སེམས་ཅན་སངས་རྒྱས་ཤོག །དེ་ཁོ་ན་ཉིད་དྲུག་རྣམ་པར་གཞག་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด