སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་བུདྡྷ་ས་མཱཉྫ་པཉྩི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๗ · หน้า 58b
༄༅། །རྒྱ་གར་སྐད་དུ། སརྦ་བུདྡྷ་ས་མཱཉྫ་པཉྩི་ཀཱ། བོད་སྐད་དུ། སངས་རྒྱས་ཐམས་ཅད་དང་མཉམ་
པར་སྦྱོར་བའི་དཀའ་འགྲེལ། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །སེམས་ཅན་ཀུན་གྱི་བདེ་བསྐྱེད་པ། །དངོས་ཀུན་བདག་ཉིད་ཕྱག་འཚལ་ལོ། །མ་རྨོངས་
བློས་ཀྱང་རྟོགས་དཀའ་བའི། །རྒྱུད་ཀྱི་མཆོག་ཅེས་བྱ་བ་སྟེ། །ཚུལ་བཞིན་གཞན་གྱིས་གསོལ་བསྐུལ་བས། །ཇི་བཞིན་གསལ་བར་རྣམ་པར་བྱེད། །འདིར་ཁ་ཅིག་ན་རེ་ཅིའི་ཕྱིར་རྒྱུད་འདིར་མགོ་ལ་སྡུད་པར་བྱེད་པས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གླེང་གཞི་མ་
เล่ม ๒๗ · หน้า 59a
བསྟན་ཞེས་རྒོལ་བར་བྱེད་པ་ལ། ལ་ལ་དག་གིས་བཤད་པ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན། རིགས་ཀྱི་བུ་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས། ཁྱེད་རྣམས་ཀྱིས་དམ་པའི་ཆོས་རྣམས་བསྡུ་བར་བྱ་སྟེ། །ཐམས་ཅད་ཀྱི་དང་པོར་འདི་
སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་བྱོས་ཤིག་ཅེས་གསུངས་ལ། བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་ཏེ། དེ་བས་ན་རྟག་ཏུ་བཞུགས་ཞེས་བྱ་བའི་རིམ་པ་འདི་ཉིད་ཀྱིས་མངོན་ནོ། །གཞན་དག་ན་རེ་འཁོར་ལོས་
སྒྱུར་བ་ཆེན་པོ་མངོན་སུམ་དུ་སྟོན་པར་གྱུར་པས་རྒྱུད་ཤློ་ཀ་ཁྲི་ཉིས་སྟོང་སུམ་བརྒྱ་པ་གསུངས་པ་ལས་སྟོང་ཉིས་བརྒྱ་པ་འདི་ནི་རྒྱུད་ཕྱི་མ་ཡིན་ཏེ། དེ་བས་ན་དེར་དང་པོ་རྩོམ་པ་ན་གླེང་གཞི་གྲགས་ཟིན་པས་འདིར་ཡང་མ་སྨྲས་སོ་ཞེས་འདོད་དོ། །དེ་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་ནི་བརྗོད་
པར་བྱ་བ་དང་། འབྲེལ་པ་དང་དགོས་པ་དང་། དགོས་པའི་ཡང་དགོས་པ་དག་ཡོད་ན། འཇུག་པར་འགྱུར་བས་འདིར་དེ་དག་བསྟན་པར་བྱ་སྟེ། འདི་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་སྒྱུ་མའི་བདེ་བའི་མཆོག་
དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པའི་ཚིག་རྒྱུད་འདི་ནི་བརྗོད་པའོ། །དེ་བས་ན་བརྗོད་པར་བྱ་བ་དང་། རྗོད་པའི་མཚན་ཉིད་དུ་འབྲེལ་པ་ནི་འབྲེལ་པའོ། །དེར་ཡང་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་འགྲོ་བ་རྣམས་དགའ་བར་བྱ་བ་ནི་དགོས་པའོ། །
དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་སྒྲུབ་པ་དང་། བསྒྲུབ་པར་བྱ་བ་མ་ཚང་བ་མེད་པའི་རིམ་པས་མཐར་ཕྱིན་པར་ནུས་ཤིང་། རང་གི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་དགོས་པའི་ཡང་དགོས་པ་ཉིད་ཡིན་པར་ཤེས་པར་བྱའོ། །ད་ནི་རྒྱུད་འདིའི་རྟོག་པ་བཅུའི་བདག་ཉིད་ལས་
དང་པོ་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བརྟག་པའི་ངོ་བོ་ཉིད་སྡུད་པར་བྱེད་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དང་པོར་གནས་ཕུན་སུམ་ཚོགས་པ་བསྟན་པ་ལ་འཇུག་པའི་ཕྱིར། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དཔའ་
เล่ม ๒๗ · หน้า 59b
སངས་རྒྱས་ཀུན་གྱི་དངོས། །ཞེས་བྱ་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་དོན་ལ་ཤིན་ཏུ་ཆགས་པས་ན་སེམས་དཔའོ། །ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། སངས་རྒྱས་ཀུན་གྱི་དངོས་པོ་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་པས་ན་རྡོ་རྗེ་སེམས་དཔའོ། །མཆོག་ཏུ་ཡང་བདེ་བ་
དང་ཡིད་བདེ་བའི་ངོ་བོ་ཉིད་པས་བདེ་བའི་མཆོག་གོ། །བདེ་བའི་མཆོག་ལ་སོགས་པ་དང་། ནང་དུ་ཡང་དག་འདུས་པ་མཛད་པར་གྱུར་པའམ། ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་བ་ཡིན་པས་ན་གསང་བ་པའོ། །ཐམས་ཅད་ཀྱི་རབ་ཏུ་གྱུར་པས་ན་མཆོག་གོ། །ཉེས་པ་མ་ལུས་དང་བྲལ་
བའམ། རྡོ་རྗེ་ལྷ་མོ་དང་མཉམ་པར་སྦྱོར་བའི་དགྱེས་པའི་གནས་སྐབས་ཉིད་ཀྱིས་ན་དགྱེས་པ་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའམ། ནམ་མཁའི་ཁམས་སུ་གཏོགས་པ་ཐམས་ཅད་མཉམ་པས་ན། ཐམས་ཅད་བདག་ཉིད་དེ་དཔལ་རྡོ་རྗེ་སེམས་དཔའི་གཞལ་
ཡས་ཁང་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །བཞི་པོ་དེ་དག་ཀྱང་རིམ་པ་བཞིན་དུ་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བདག་ཉིད་རྫོགས་པའི་སངས་རྒྱས་ལ་སོགས་པར་
བསྒོམས་པ་ལས་བྱུང་བས་ན་རང་བྱུང་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཀྱི་རང་བཞིན་ནོ། །བླ་ན་མེད་པའི་དབང་ཕྱུག་དང་ལྡན་པས་བཅོམ་ལྡན་འདས་ཏེ། དེ་ཉིད་ཀྱིས་ན་སེམས་དཔའོ། །གཉིས་པ་མེད་པས་ན་གཅིག་པུའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་སེམས་དཔའ་ནི་ཆེ་བའི་ལྷ་སྟེ་གཙོ་བོར་གྱུར་
པའོ། །མི་བསྐྱོད་པ་ལ་སོགས་པ་ནི་སངས་རྒྱས་ཐམས་ཅད་དེ་བདེ་བའི་མཆོག་ལ་སོགས་པ་རྡོ་རྗེ་ལྷ་མོར་ཡོངས་སུ་གྱུར་ནས་དེ་རྣམས་ཀྱིས་ཡང་དག་པར་རམ། ཀུན་ནས་སྦྱོར་བ་དང་། རྗེས་སུ་སྦྱོར་བ་དང་། ཤིན་ཏུ་སྦྱོར་བས་སེམས་སྙོམས་པར་ཞུགས་ཤིང་གཉིས་སུ་མེད་པར་བསྒོམས་
པས་ཕན་ཚུན་དགྱེས་ཤིང་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་མཚན་ཉིད་དུ་སྦྱོར་བས་ན། དེའི་ཕྱིར་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བར་སྟོན་ཏོ། །ནམ་མཁའ་ལ་སྤྱོད་པའི་དངོས་གྲུབ་ཐམས་ཅད་ནི་མཁའ་འགྲོའོ། །དེ་ཉིད་ནི་སྒྱུ་མའི་གཟུགས་ཅན་པས་སྒྱུ་མ་སྟེ། དེས་བླ་ན་མེད་
เล่ม ๒๗ · หน้า 60a
པའི་བདེ་བ་དང་ཡིད་བདེ་བ་ཐོབ་པ་དེའི་ངོ་བོ་ཉིད་ནི་བཅོམ་ལྡན་འདས་སོ། །དེ་བས་ན། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱ་སྟེ་དེ་ཉིད་བདེ་བའི་མཆོག་ཏུ་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ལྷ་མོའི་ཚོགས་ཀྱི་ནང་
དུ་ཞུགས་ན་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ་སྙམ་པ་ལ་ཆགས་པ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་མེད་ཅེས་བྱ་བ་ནི་ཆགས་པ་དང་བྲལ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པའོ། །དབུ་མར་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་དག་
ཐམས་ཅད་ཀྱང་མི་དམིགས་ཏེ། དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །ལྷ་མོ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ལན་བསྟན་པའི་ཕྱིར། བུད་མེད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ཐམས་ཅད་ཀྱི་སྒྱུ་མ་ནི་རྗེས་སུ་ཞུགས་པ་ཡང་ཡིན་པས་ན་འདི་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་འདི་ནི་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ནི་གཟུང་བ་དང་འཛིན་པ་སྟེ། དེ་མེད་པས་ན་གཉིས་སུ་མེད་པའོ། །འདི་གཉིས་ཀྱིས་འགྲོ་ཞིང་ཕྱིན་པས་ན་ཐེག་པ་སྟེ། བྱང་ཆུབ་
སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སའི་འབྲས་བུ་དང་བཅས་པའོ། །ཉན་ཐོས་ལ་སོགས་པའི་ཐེག་པ་ལས་ཕུལ་དུ་བྱུང་བས་ན་མཆོག་གོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་དང་བཅས་པའི་ཡང་ཡོད་དམ་མེད་ཅེས་བྱ་བ་ལ་སོགས་པ་རང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དོན་
ཡོད་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་བུད་མེད་ཐམས་ཅད་ཀྱི་སྒྱུ་མའི་ཕྱག་རྒྱ་ནི་བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་པ་ལས་རིགས་ཀྱི་ཚོགས་གཅིག་པར་བྱས་སོ། །གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པས་འདིའི་ངོ་བོ་ཉིད་སྟོན་པ་
སྟེ། འདིས་ནི་བཅོམ་ལྡན་འདས་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་གདུལ་བྱའི་དབང་དུ་འདི་ནི་སྒྱུ་མའི་ཕྱག་རྒྱར་སྤྲུལ་ཏེ། རྣམ་པ་འདི་གཉིས་ཀྱང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཡང་དག་པར་བསྟན་པ་ཡིན་
เล่ม ๒๗ · หน้า 60b
ནོ། །གང་ཞིག་འདི་སྟོན་ན་ཅི་ཐབས་གཞན་དག་གིས་སེམས་ཅན་གྱི་དོན་བྱ་བ་མེད་དམ་ཞེ་ན། དེའི་ཕྱིར་སྒྱུ་མ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་དག་ནི་ཐམས་ཅད་པས། །ཞེས་བྱ་བ་ལས་སྤྲུལ་པ་ཐམས་ཅད་ཀྱི་ནང་ན་བུད་མེད་ཀྱི་སྒྱུ་མ་སྟེ། བདེ་བའི་མཆོག་ལ་སོགས་པའི་
ཕྱག་རྒྱ་ནི་རབ་ཏུ་ཁྱད་པར་ཆེ་སྟེ། དེས་གདུལ་བར་བྱ་བ་རྣམས་ལ་རིམ་གྱིས་གོང་མའི་འབྲས་བུ་སྟེར་ཅིང་། བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱེད་པས་ཤིན་ཏུ་ཁྱད་པར་དུ་འཕགས་པར་གྱུར་ཏེ། དེ་བས་ན་དེ་ཉིད་ཉེ་བར་བསྟན་ཏེ། བཅོམ་ལྡན་
འདས་རྡོ་རྗེ་སེམས་དཔའ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བྱ་བ་ཐམས་ཅད་དང་བྲལ་བ་ལ་རྒྱུ་གང་གིས་ན། འདི་ལྟར་ཁྱད་པར་དུ་གྱུར་ཅེ་ན་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་ཅིང་གྲུབ་ཟིན་པའོ། །རྒྱུ་གང་གིས་ཤེ་ན།
མཐུ་དག་གིས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཆེ་བའི་བདག་ཉིད་རང་ཉིད་ཀྱིས་བསམ་ཞིང་འདོད་པ་སྟེ། དེས་བདག་ཉིད་ཀྱི་སྨོན་ལམ་ལ་བརྟེན་པའི་བར་གྱིས་སོ། །དེ་ལྟར་འདིའི་རྒྱུའི་ཆེ་བའི་བདག་ཉིད་བསྟན་ནས་འབྲས་བུ་ཆེ་བའི་བདག་ཉིད་ཉེ་བར་བསྟན་པའི་ཕྱིར། འཇིག་
རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་ས་འོག་ས་སྟེང་ས་བླའི་མཚན་ཉིད་ཅན་ནོ། །བུད་མེད་འདིས་ཞེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པ་སྒྲུབ་པར་བརྩོན་པའི་བུད་མེད་དོ། །འདིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པའམ་སྒྱུ་མའི་ཕྱག་རྒྱའོ། །གུས་པར་བྱེད་པ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་དུ་བྱེད་པའོ། །ཅི་དཀའ་བ་སྤྱོད་པ་རྣམས་འགྲུབ་པར་འགྱུར་རམ་མི་འགྱུར་ཞེ་ན། རྙེད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་ལ་སོགས་པ་ལ་མངོན་པར་སྤྱོད་བཞིན་དུ་ཡང་འགྲུབ་པར་འགྱུར་
ན་རྙེད་པ་ལ་སོགས་པ་ཡོངས་སུ་སྤོང་བ་ལ་ལྟ་ཅི་སྨོས་ཏེ། གང་གི་ཕྱིར་ངན་པར་སྤྱད་པ་སྟེ། སྒྲུབ་པའི་སྤྱོད་པ་མ་ཚང་བ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། དེས་ན་དངོས་གྲུབ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །མཁའ་འགྲོ་མའི་དོན་བསྟན་པར་བྱ་བའི་ཕྱིར་རང་གི་ངོ་བོ་
เล่ม ๒๗ · หน้า 61a
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ངོ་བོ་ཡོངས་སུ་བསྒྱུར་ན་ཞེས་པ་ནི་རང་གི་གནས་ཡོངས་སུ་གྱུར་པའི་སྔོན་དུ་བྱ་བ་སྟེ། བདེ་བའི་མཆོག་ལ་སོགས་པ་ནི་དངོས་པོའི་གནས་སྐབས་སུ་གྲུབ་པ་ཡོངས་སུ་རྫོགས་པའོ། །བུད་མེད་ཀུན་གྱི་སྒྱུ་མ་ནི་བུད་མེད་
ཐམས་ཅད་ཀྱི་སྦྱོར་བ་བསྒོམས་པས་སོ། །གྲུབ་པ་ནི་རྫོགས་པར་གྱུར་པ་འདི་ནི། ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི། །ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱི་ངོ་མཚར་སྣ་ཚོགས་པ་སྟེ། བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ནི་མཁའ་འགྲོ་མ་ཞེས་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྐད་
གང་གིས་ཤེ་ན། བརྡར་བསྟན་ཏོ་ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བརྡའི་ཚིག་ཏུའོ། །སྒྲའི་ངེས་པའི་ཚིག་ཉིད་བསྟན་པར་བྱ་བའི་ཕྱིར། ཌཱ་ནི་ནམ་མཁར་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཌཱ་ཞེས་བྱ་བའི་ཡི་གེའི་ཁམས་ལས་ནི་མཁའ་འགྲོ་མ་ཞེས་བྱའོ། །དེ་བས་
ན། ནམ་མཁའ་ཀུན་དུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་སྟེ། རབ་ཏུ་གྲགས་པར་ཉེ་བར་འགྲོ་བའོ། །ཐམས་ཅད་དུ་མ་ལུས་པའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན་ལ་དེ་ཡང་ཐམས་ཅད་དུ་མ་ལུས་པའི་བདེ་བའི་མཆོག་ཡིན་ཏེ། ནམ་མཁའ་ཀུན་དུ་འགྲོ་
བས་ན་མཉམ་པར་སྦྱོར་བས་ཐམས་ཅད་ནི། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་སོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། གང་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཐམས་ཅད་དུ་འགྲོ་བ་གྲུབ་པའི་ཕྱག་རྒྱ་ཆེན་པོ་ནི་ནམ་མཁའ་ཀུན་དུ་འགྲོ་བ་ཞེས་བྱ་བ་ཉིད་ཡིན་ནོ། །སངས་རྒྱས་
ཁམས་ཞེས་པ་ནི་སངས་རྒྱས་ལ་སོགས་པའི་ཁམས་ནི་སངས་རྒྱས་ཀྱི་ཁམས་ཏེ། དེ་ནི་མཁའ་འགྲོ་མ་ཞེས་བྱ་བའི་དོན་ནི། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་ཡང་ཁམས་ཀྱི་སྒྲ་འདི་ཉིད་ཀྱིས་བསྟན་ཏོ། །དེ་བས་ན་དེ་རྣམས་ཀྱིས་ཀུན་དུ་འགྲོ་བར་གྲུབ་
པ་དེ་ནི། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་བར་སྦྱར་རོ། །འདིར་ཡང་སྒོམ་པ་བརྟན་པའི་བློས་དང་པོ་སྙིང་པོ་དང་སྤེལ་བའི་ཡི་གེ་དེ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ནམ་མཁའ་ལྡིང་གིས་རྣམ་པར་བསྐྱོད་
เล่ม ๒๗ · หน้า 61b
བཞིན་པའི་རང་གི་ལྷའི་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒོམས་ན། ནམ་མཁར་འགྱུར་རོ་ཞེས་མན་ངག་ལས་བཤད་དོ། །བཤད་ཅེས་བྱ་བ་ནི་རབ་ཏུ་གྲགས་སོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་ལས་ཐོབ་པ་སྟེ། བདེ་བ་ཆེན་པོ་ཞེས་བཤད་པ་ཡང་དེ་
ཉིད་ཡིན་ནོ། །སྒྱུ་མ་ཐམས་ཅད་རབ་སྦྱོར་བ། །ཞེས་བྱ་བ་ནི་དཀྱིལ་འཁོར་མ་ལུས་པར་སྤྲུལ་པ་ལ་རབ་ཏུ་འཇུག་པ་ལས་གང་ཞིག་སྐྱེས་པའི་བདེ་བ་དམ་པ་དེ་ནི་བདེ་བའི་མཆོག་ཅེས་བཤད་པ་སྟེ། དེ་བས་ན་དེའི་ངོ་བོ་ཉིད་དུ་གྱུར་པས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་
འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བར་གྲགས་སོ། །ད་ནི་སྒྱུ་མ་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བ་མ་ལུས་པར་བསྟན་པའི་ཕྱིར། ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ཀུན་དུ་དང་དངོས་པོ་ཀུན་ནས་དང་། དངོས་པོ་ཐམས་ཅད་ཀུན་དུ་སྟེ་དུས་ཀུན་དུ་དང་རྣམ་པ་ཀུན་ཏེ།
རྣམ་པ་ཐམས་ཅད་དུ་བདག་ཉིད་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདིས་ནི་བཅོམ་ལྡན་འདས་དེ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསྟན་ཅིང་། མཉམ་པར་གཞག་པའི་སྒོམ་པའི་སྦྱོར་བ་
སྟོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། སངས་རྒྱས་བརྟན་གཡོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ན། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ཉིད་
སྟོང་པ་ཉིད་བརྟན་པར་བསྒོམས་པས་གཟུང་བ་དང་འཛིན་པ་ལས་རྣམ་པར་དབེན་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ནི་སེམས་དཔའ་ཞེས་བརྗོད་དོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་སྦྱོར་བ་ནི་ཏིང་ངེ་འཛིན་ཏོ། །ཟླ་བའི་དཀྱིལ་
འཁོར་ཡོངས་སུ་རྫོགས་པར་བསྒོམས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཡིན་པས་བྱང་ཆུབ་སྤྱོད་པའོ། །དེའི་སྟེང་དུ་རྡོ་རྗེ་བསྒོམ་པའི་ང་རྒྱལ་བསྐྱེད་ལ། དེ་བཞིན་གཤེགས་པ་རྗེས་སུ་ཞུགས་པ་ལས་རང་གི་ལྷའི་ངོ་བོར་བསྒོམ་པ་ནས། ཇི་
เล่ม ๒๗ · หน้า 62a
སྲིད་མཆོད་པའི་མཐར་ཐུག་པའི་བར་གྱི་ལྷའི་སྦྱོར་བ་བཤད་པ་ནི། གདུལ་བྱའི་སྦྱོར་བས་རྣམ་པ་ཐ་དད་པར་གྱུར་པ་ནི་སྣ་ཚོགས་ཉིད་དོ། །གཞན་དག་ན་རེ་བྱང་ཆུབ་ཀྱི་སྤྱོད་པ་ནི་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་
ལ། དེ་ཁོ་ན་ཉིད་ནི་རྣམ་པ་ཐ་དད་པས་སྣ་ཚོགས་པ་ཉིད་དེ། སྙིང་སྟོབས་རྡུལ་དང་མུན་གྱིས་ཀྱང་། གང་ཕྱིར་སེམས་ཅན་དོན་འགྱུར་བས། །དེས་ན་བདག་ནི་ཀུན་བཟང་སྟེ། །བྱང་ཆུབ་སྤྱོད་པས་ཇི་བཞིན་འགྲོ། །ཞེས་གསུངས་པས་སོ་ཞེས་ཟེར་རོ། །འདི་ལྟར་རྣམ་པ་སྣ་ཚོགས་པ་དེ་ཉིད་
བསྟན་པའི་ཕྱིར། དེ་བཞིན་བདུད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ལོག་པར་འཇུག་པའི་སེམས་ཅན་སེམས་གསོད་པས་ཉེན་པས་ན། བདུད་དེ་རྡོ་རྗེ་སེམས་དཔའོ། །དེ་ཉིད་བདུད་བཞི་ལས་རྒྱལ་བར་གྱུར་པས་ན་བདུད་ལས་རྒྱལ་བའོ། །རང་གི་སེམས་སོ་སོར་རྟོགས་
པ་ནི་བྱང་ཆུབ་ཡིན་ལ་དེ་ཉིད་སངས་རྒྱས་ཏེ། རྣམ་པར་སྣང་མཛད་དོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་རྩེ་ལྔ་པའི་ཁྲོ་བོའི་རྡོ་རྗེ་ནི་རྡོ་རྗེའོ། །རྡོ་རྗེ་འཛིན་པར་མཛད་པས་རྡོ་རྗེ་འཛིན་ཉིད་དོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ངོ་བོ་ནི་
པདྨའོ། །པདྨོ་འཛིན་པར་མཛད་པས་ན་པདྨོ་འཆང་སྟེ། པདྨོ་གར་གྱི་དབང་ཕྱུག་གོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་རིན་པོ་ཆེ་ཟུར་བརྒྱད་པ་ནི་ནོར་བུའོ། །དེ་འཛིན་པར་མཛད་པས་ན་རྡོ་རྗེ་ཉི་མའོ། །རྟ་མཆོག་ནི་དྲག་པོའི་ཚུལ་ཀུན་གྱི་ངོ་བོ་ཉིད་ལ་གནས་པ་ཡིན་པས་ན་བཤད་
དོ། །དེ་དག་གི་ཡང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བདུད་ལ་སོགས་པར་བསྟན་པའི་རིགས་ནི་འཁོར་ཡིན་ནོ། །ཐུགས་རྗེའི་བདག་ཉིད་ཅན་དུ་གྱུར་པས་ན་འདོད་ཆགས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐར་པའི་བདག་ཉིད་ཅན་དུ་གྱུར་པས་འདོད་ཆགས་
དང་བྲལ་བས་ན་འདོད་ཆགས་དང་བྲལ་བའོ། །དངོས་གྲུབ་ཐམས་ཅད་ལ་རྗེས་སུ་དགྱེས་པས་ན་འདོད་པའོ། །དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བ་ཅན་ཡིན་པས་ན་གྲོལ་བ་སྟེ། དེ་ཡང་བཅོམ་ལྡན་འདས་འདོད་པ་དང་ཐར་པ་ཅི་ལྟ་བུ་ལགས། འདོད་ཆགས་ཆེན་པོ་བཅོམ་ལྡན་
เล่ม ๒๗ · หน้า 62b
འདས། །དངོས་གྲུབ་ཀུན་ལ་རྗེས་སུ་དགྱེས། །དངོས་གྲུབ་ཐམས་ཅད་མི་འགྱུར་བ། །བདེ་བ་ཆེན་པོ་ཤེས་པར་བྱ། །ཞེས་གསུངས་པས་སོ། །འདས་པ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པས་ན་དུས་གསུམ་མོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་ངོ་བོ་ཉིད་པས་ན་
སྲིད་གསུམ་མོ། །ཐེག་པ་གསུམ་གྱི་བདག་ཉིད་ཅན་པས་ན་མཆོག་གསུམ་མོ། །རྒྱལ་བར་བྱེད་པ་ལ་སོགས་པ་སྤུན་གསུམ་གྱི་ངོ་བོ་ཉིད་པས་ན་འཇིག་རྟེན་གསུམ་མོ། །འདོད་པ་ལ་སོགས་པའི་ཁམས་ཅན་པས་ན་ཁམས་གསུམ་མོ། །རྣམ་པ་ཐ་དད་པས་རྣམ་པ་སྣ་ཚོགས་པས་
སོ། །རི་ལ་སོགས་པ་ནི་གནས་པའོ། །མི་ལ་སོགས་པ་ནི་འགྲོ་བའོ། །ཀུན་དུ་ཁྱབ་པས་ན་ཐམས་ཅད་དུའོ། །མཐའ་ཡས་མཆོག་ནི་ཐོག་མ་དང་མཐའ་ཐུག་པ་མེད་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པར་སྟོན་པ་ཉིད་དང་མཚུངས་པའོ། །ནམ་མཁའི་དབྱིངས་དང་འདྲ་བ་ནི་མུར་
ཐུག་པ་མེད་པ་སྟེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ངེས་པའི་ཚིག་གཉིས་སྨོས་པ་ནི་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་ལ་གྲགས་པ་ཡིན་པར་བལྟ་བར་བྱའོ། །དངོས་པོ་ཐམས་ཅད་ནི་ཆོས་ཐམས་ཅད་དེ། དེ་དག་གིས་ནི་རང་བྱུང་ཉིད་དུ་གྱུར་པར་སྟོན་ཏོ། །ནམ་
མཁའ་ཀུན་གྱི་སྐབས་ན་དཔལ། །ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་དུ་གོ་སྐབས་ཡོད་པའི་དཔལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ནམ་མཁའ་ཐམས་ཅད་ཀྱི་སྐབས་ཅན་གྱི་དཔལ་གང་ལ་ཡོད་པ་ཞེས་སྦྱར་རོ། །འདིས་ནི་བཅོམ་ལྡན་འདས་ཞེས་བྱ་བ་སྟོན་ཏོ། །རྡོ་རྗེ་སེམས་
དཔའ་དེ་བཞིན་གཤེགས། །ཞེས་བྱ་བ་འདིས་ནི་གཅིག་པུ་རབ་ཏུ་ཆེ་བའི་ལྷ་ཞེས་བྱ་བ་སྟོན་ཏོ། ད་ནི་ཐོབ་པར་བྱེད་པའི་ཐབས་ཀྱི་སྦྱོར་བའི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་བསྐལ་བ་བྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་
སོགས་པའོ། །སངས་རྒྱས་ཀུན་བདག་གིས་ནི་བདེ་བའི་མཆོག་ལ་སོགས་པའི་མཚན་ཉིད་ཅན་གྱིས་ཏེ། བདེ་བའི་མཆོག་ནི་བདེ་བའི་དམ་པ་རྒྱུ་དང་འབྲས་བུར་བཅས་པའོ། །བདག་ཉིད་བསྒྲུབས་པ་ནི་ལྷའི་གཟུགས་སུ་རང་ཡོངས་སུ་གྱུར་པའོ། །ཤིན་ཏུ་ནི་ཕུལ་དུ་བྱུང་
เล่ม ๒๗ · หน้า 63a
བར་རོ། །སངས་རྒྱས་ཀུན་བདག་བདེ་མཆོག་གོ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བླ་ན་མེད་པའི་བདེ་བ་དང་། ཡིད་བདེ་བ་ཉམས་སུ་མྱོང་བའོ། །བདག་ཉིད་བསྒོམས་པའི་མཚན་ཉིད་ཅན་གྱི་བསམ་པ་དང་། དགོས་པ་ཅན་ནི་ཡང་
དག་པའི་སེམས་དང་ལྡན་པ་སྟེ། ཡང་དག་པའི་སེམས་ཀྱིས་དེ་ཁོ་ན་ཉིད་ལ་དམིགས་པའི་སེམས་དང་སྦྱོར་བར་གྱུར་པ་ནི་ཡང་དག་པའི་སེམས་ལ་སྦྱོར་བའོ། །གཞན་དག་གི་རྣལ་འབྱོར་ཡང་དག་པ་མ་ཡིན་པའི་སེམས་དེ་དང་མི་ལྡན་པ་དེས་ནི་དེའི་གཟུགས་བརྙན་གྱི་རང་བཞིན་ཏེ། གཟུགས་བརྙན་
གྱི་ངོ་བོ་ལ་དམིགས་པ་ལས་སྐྱེས་པ་ནི་ཡང་དག་པ་ནི་མ་ཡིན་ནོ། །དེ་ལས་བཟློག་པ་ཇི་ལྟ་བུ་ཞེ་ན། ཡང་དག་མཆོག་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་ལྷའི་བདག་ཉིད་དུ་བསྒོམས་པའི་བདག་ཉིད་ནི་རང་གི་མཆོག་གོ། །རང་གི་སེམས་ཀྱི་མཚན་ཉིད་དུ་སྦྱོར་བ་ནི་བདག་སྦྱོར་བ་
སྟེ། སེམས་ཅན་རྣམས་ཀྱི་སེམས་གང་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །མི་འགྱུར་བ་ནི་རྣམ་པར་མི་གཡོ་བའོ། །གཟུགས་བརྙན་ནི་གཟུགས་སུ་བྱས་པའོ། །ལུགས་མ་ནི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ་བྱས་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་རི་མོར་བྲིས་པ་ལ་
སོགས་པའོ། །གང་གི་ཕྱིར་འདི་ལྟར་བྱང་ཆུབ་སེམས་ལ་རབ་ཏུ་བརྩོན་པ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམས་པའི་རིམ་གྱིས་རྣལ་འབྱོར་པ་སྟེ། སྔགས་པ་རྒྱུ་དེས་ན་བདག་ཉིད་ལྷར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་དུ་བསྒོམས་པའི་རིམ་གྱིས་ཟླ་བའི་དཀྱིལ་
འཁོར་ཡོངས་སུ་རྫོགས་པར་གྱུར་པའི་བདག་ཉིད་འདི་ཅི་སྐད་དུ་སྔར་བཤད་པ་ཡིན་ནོ། །རྡོ་རྗེ་ནི་དེར་རང་གི་མཚན་མར་བསྟན་པའི་བདག་ཉིད་དོ། །སངས་རྒྱས་ཀུན་གྱི་ནི་ཇི་ལྟར་བདག་ཉིད་ཀྱི་ལྷའི་གཟུགས་སུ་གྱུར་པའི་བདག་རང་གི་ཡིན་གྱིས་ཕྱི་རོལ་གྱི་ལུགས་མ་ལ་སོགས་པ་ནི་མ་ཡིན་ནོ། །དེ་
ལྟ་བས་ན་ཚུལ་འདི་ལྟར་རང་གི་དམ་ཚིག་ལ་སྦྱོར་བ་ནི་ཐམས་ཅད་དུ་བདག་སྦྱོར་བ་སྟེ། ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོས་སངས་རྒྱས་ཐམས་ཅད་ཐོབ་སྟེ་བསྒོམས་པའི་སྟོབས་ཀྱིས་ཇི་ལྟར་རྣལ་འབྱོར་པ་རང་ཉིད་ལྷའི་གོ་འཕང་མངོན་སུམ་དུ་བྱེད་པའོ། །བདག་ཅེས་བྱ་བ་ནི་རང་
เล่ม ๒๗ · หน้า 63b
གི་སེམས་སོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དཔའ་བོ་ཐམས་ཅད་ནི་མདོ་སྡེའི་ཚུལ་ལས་ངེས་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཉིད་དོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་སྔགས་ཀྱི་ཚུལ་ལས་མངོན་པར་གྲུབ་པའི་
བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་པ་སྟེ། བསྒོམས་པའི་སྟོབས་ཀྱིས་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པར་བྱེད་པའི་རང་བཟོ་ཡོངས་སུ་དགག་པའོ། །དེ་ཁོ་ན་ཉིད་དམ་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ལྔ་སྟེ་
དེ་ཉིད་སྣང་བའོ། །དེ་ཁོ་ན་ཉིད་ནི་ཡུལ་ཏེ་དེ་ལ་འཇུག་པ་ནི་ཇི་ལྟར་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་རང་གི་ལྷའི་ཕྱག་རྒྱ་གང་ཡིན་པ་སྟེ། དེ་ནི་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་གཞུང་གང་གིས་བརྟག་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །བརྟག་པ་དང་པོའི་
འགྲེལ་པའོ།། །།དེ་ལྟར་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་རྡོ་རྗེ་སེམས་དཔའ་སྦྱོར་བའི་རང་གི་ངོ་བོར་བཤད་པ་ཡིན་ཏེ། ཡེ་ཤེས་ཙམ་གྱིས་སྙོམས་པར་འཇུག །སྦྱོར་བ་ཞེས་བྱར་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེར་རྣལ་འབྱོར་པ་ངེས་པ་དང་ལྡན་པ་རྗེས་སུ་
གཟུང་བའི་ཕྱིར། ཡེ་ཤེས་སེམས་དཔའ་ནང་དུ་བསྟིམ་པ་སྔོན་དུ་སོང་བས། བཅོམ་ལྡན་འདས་རྗེས་སུ་སྦྱོར་བའི་ངོ་བོ་ཉིད་ཀྱིས་བཞུགས་པར་བསྟན་པར་བྱ་བའི་ཕྱིར། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་པ་ནི་འདས་མ་ཐག་པའི་
རྣལ་འབྱོར་གྱི་བདག་ཉིད་ཅན་ཏེ། རྡོ་རྗེ་སེམས་དཔར་བདག་སྦྱོར་བས། །རབ་ཏུ་འགྲུབ་པོ་ཞེས་བྱ་བར་རོ། །རྡོ་རྗེ་སེམས་དཔར་བདག་སྦྱོར་བ། །ཞེས་བྱ་བ་ནི་མདུན་ན་བཞུགས་པ་དེ་དང་གཉིས་སུ་མེད་པར་གྱུར་ནས་བདག་ཉིད་ཐམས་ཅད་དུ་ལྷའི་སྐུ་དང་། གསུང་དང་། ཐུགས་སུ་སྣང་བས་
ཐམས་ཅད་འབེབས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །རྣལ་འབྱོར་ནི་དེ་ལ་བསྒོམ་པ་གོམས་པར་བྱེད་པའོ། །དེའི་དབང་ཕྱུག་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ལ་དབང་ཐོབ་པ་སྟེ། ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དབང་ཕྱུག་ཆེན་པོའི་
เล่ม ๒๗ · หน้า 64a
བར་དུའོ། །དེ་ལས་གང་བླ་ན་མེད་པའི་བདེ་བ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རྣལ་འབྱོར་གྱི་དབང་ཕྱུག་གི་བདེ་བ་ཆེན་པོ་ཡིན་ལ་དེ་ཡང་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་རྒྱུ་དང་འབྲས་བུ་ཉེ་བར་གཞག་པའོ། །དེ་ཉིད་རྒྱུར་བསྟན་པར་བྱ་བའི་ཕྱིར།
དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ཞེས་པ་ནི་རྗེས་སུ་སྦྱོར་བའོ། །སངས་རྒྱས་བདེ་བ་ཀུན་ཞེས་པ་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་ཏེ། བདེ་བ་དེ་ནི་བདེ་བ་ཉིད་ཀྱིས་འཐོབ་པར་འགྱུར་བའོ། །བདེ་བ་དེ་ཉིད་རྗེས་སུ་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཅེས་བྱ་བ་
ལ་སོགས་པ་གསུངས་སོ། །བདེ་བ་ཉིད་ཀྱིས་ཞེས་གང་གསུངས་པ་དེ་བསྟན་པར་བྱ་བའི་ཕྱིར། འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་རྗེས་སུ་སྦྱོར་བ་ལའོ། །ཁྲུས་ནི་གཙང་སྦྲ་ལ་སོགས་པའོ། །དེ་མི་དགོས་པས་ཅི་ལྟར་འདོད་པ་བཞིན་སྤྱོད་པའོ། །བསྡམ་པ་ནི་ལན་
ཚྭ་ལ་སོགས་པ་ཡོངས་སུ་སྤོང་བ་སྟེ། དེ་མི་དགོས་པས་ཐམས་ཅད་བཟའ་བའོ། །དཀའ་ཐུབ་ནི་ཡུལ་ཐམས་ཅད་ལས་ལྡོག་པ་སྟེ། དེ་མི་དགོས་པས་ན་ཐམས་ཅད་སྤྱོད་པའོ། །དཀའ་བ་སྤྱོད་པ་ནི་རིག་པའི་བརྟུལ་ཞུགས་ཏེ། དེ་མི་དགོས་པས་འདོད་པའི་དགའ་བ་ལ་ཅི་དགར་སྤྱོད་
པའོ། །སྤྱོད་པ་ཅི་དགར་འདོད་པ་བྱེད། །ཅེས་པ་ནི་ཅི་དགར་འདུག་ཅིང་ཉལ་བའོ། །དེ་ལྟར་རྗེས་སུ་སྦྱོར་བའི་ཆེ་བའི་བདག་ཉིད་བསྟན་ནས་རྗེས་སུ་སྦྱོར་བ་དེ་བསྟན་པར་བྱ་བའི་ཕྱིར། བསྐལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དམ་པ་ཐམས་ཅད་ནི་རང་གི་ངོ་བོ་ཇི་བཞིན་
པའོ། །ཕྱག་རྒྱའི་ཆོ་ག་ཞེས་པ་ནི་ལྷའི་སྐུར་མདུན་དུ་གཞག་པས་སོ། །བསྒྲུབས་ནས་ཞེས་པ་ནི་འདིར་ནང་དུ་བསྟིམ་པའོ། །བདག་ཉིད་ཅེས་བྱ་བ་ནི་སྔར་བཤད་པའི་སྦྱོར་བའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའི་གཟུགས་སུའོ། །སྒྲུབ་པ་ནི་རྗེས་སུ་སྦྱོར་བའི་བར་དུ་བྱིན་གྱིས་བརླབ་པའོ། །
བརྟག་པར་བྱ་ཞེས་པ་ནི་སྔར་བཤད་པར་བྱ་ཞེས་པའོ། །བྱིན་གྱིས་བརླབས་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཅེས་བྱ་བ་གསུངས་ཏེ། དེ་ནས་ཡང་གཅིག་ནས་གཅིག་ཏུ་བརྒྱུད་པས་སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ་པའོ། །ལྡན་པ་ཞེས་པ་ནི་དེ་ཉིད་
เล่ม ๒๗ · หน้า 64b
དེ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་གྱུར་པའོ། །སངས་རྒྱས་ཐམས་ཅད་ནི་ཞེས་བྱ་བ་ནི་རང་གི་ལྷའི་སྦྱོར་བ་ཇི་བཞིན་པའོ། །བདེན་པ་དག་ཀྱང་མཐོང་ཞེས་པ་ནི་དམ་ཚིག་ཐོབ་པའོ། །རྣལ་འབྱོར་ཐམས་ཅད་མཉམ་པར་སྦྱོར་བས་ཞེས་བྱ་བ་ནི་འཁོར་གྱི་གཟུགས་ཀྱིས་གནས་པའོ། །འདི་དང་
སངས་རྒྱས་ཐམས་ཅད་ལ་ནི་རྗེས་སུ་སྦྱོར་བ་བྱས་པའི་སྔགས་འདིའོ། །བུད་མེད་དག་ཀྱང་ཞེས་པ་ལ་ཀྱང་གི་སྒྲ་ནི་སྐྱེས་པའང་གྲོལ་བར་འགྱུར་བྱ་སྟེ། སྐྱེས་པའི་གཟུགས་སྤོངས་ནས་ལྷ་མོའི་ངོ་བོར་ཡོངས་སུ་གྱུར་པའོ། །དེ་ཡིས་ཞེས་པ་ནི་ཇི་སྐད་དུ་བཤད་པའི་རྗེས་སུ་སྦྱོར་བ་བྱས་པའོ། །འདི་
ནི་ཞེས་པ་ནི་སྔགས་པའོ། །བདག་ཉིད་ཀུན་གནས་པས་ནི་ཞེས་པ་ནི་ཕྱོགས་ཐམས་ཅད་ན་གནས་པའོ། །མཆོད་པ་ཐམས་ཅད་ནི་ཕྱི་རོལ་གྱི་དཀྱིལ་འཁོར་བའི་སྣ་ཚོགས་ཀྱི་ཡོ་བྱད་ཀྱི་ངོ་བོ་སྟེ། དེ་ཉིད་ཀྱི་སྤྲིན་ཆེན་པོ་ལ་སོགས་པ་གྲངས་མང་པོས་ཁྱབ་པ་སྟེ་དེས་མཆོད་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པ་ནི། བདག་ཉིད་ཐམས་ཅད་ཀྱིས་མཆོད་པར་འོས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་དམ། བདག་ཉིད་ཐམས་ཅད་ཀྱི་ལྷ་ཉིད་ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་བདག་ཉིད་ཅེས་པ་ནི་ཐམས་ཅད་ཀྱིས་
ཡོངས་སུ་བསྐོར་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཡོངས་སུ་བསྒོམ་པ་ཡིན་ལ། དེའི་བདག་ཉིད་ཡིན་པས་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་ཐམས་ཅད་དོ། །དེའི་ཉེ་བར་སྦྱོར་བ་ནི་དེའི་ང་རྒྱལ་གྱིས་ཉེ་བར་སྦྱར་བའོ། །དེས་དཔལ་ནི་གཞིར་གྱུར་ཞེས་པ་སྟེ།
རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་ཚོ་དང་ནད་མེད་པ་དང་བདེ་བ་དམ་པའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཉེ་བར་སྦྱོར་བ་བསྟན་པའི་ཕྱིར། རྣལ་འབྱོར་ཀུན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་ཞེས་པ་ནི། གཟུགས་ལ་སོགས་པའི་ཡུལ་ཏེ། དེ་རྣམས་རྣལ་འབྱོར་ཀུན་གྱི་
ལོངས་སྤྱོད་ཀྱིས་བསྟན་ཅིང་ཉམས་སུ་མྱོང་བཞིན་དུ་བདག་ཉིད་ཀྱི་རང་གི་ལྷའི་སྐུའི་ང་རྒྱལ་དང་ལྡན་པ་ལ་མཆོད་དོ། །བསྟན་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། རྣལ་འབྱོར་ཀུན་གྱི་བདེ་བ་དག །བདག་ཉིད་ཀུན་དུ་མྱོང་བྱེད་ན། །ཞེས་བྱ་བ་སྟེ། རང་ཉིད་སྔར་བཤད་པའི་རྗེས་སུ་
เล่ม ๒๗ · หน้า 65a
སྦྱོར་བས་མཆོད་ཅིང་། ལྷག་པར་སྦྱོར་བས་འགྲུབ་པར་འགྱུར་བའོ། །ཤིན་ཏུ་ཞེས་པ་ནི་བདེ་བའི་རབ་ཏུ་དགའ་བ་སྟེ། ལྷ་མོ་ཐམས་ཅད་དང་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་ལྷག་པའི་སྦྱོར་བའི་བར་ཡང་འཐོབ་པར་འགྱུར་བའོ། །སངས་རྒྱས་ཀུན་གྱི་
བདག་ཉིད་ནི་རང་གི་ལྷའི་ངོ་བོ་ཇི་ལྟ་བ་བཞིན་ནོ། །དེས་མཆོད་པས་བཅུད་ཀྱིས་ལེན་པ་བཞིན་དུ་བདེ་བའོ། །སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ར་ས་ཡ་ནི་བདེ་བ་དེས་རྡོ་རྗེ་སེམས་དཔར་ཡང་དག་པར་སྦྱོར་བ་ནི་ཡེ་ཤེས་སེམས་དཔར་ཡང་དག་པར་སྦྱོར་བའོ། །དེ་རྟོགས་པར་བྱེད་པས་ན་
དཔལ་རྡོ་རྗེ་སེམས་དཔར་ཀུན་དུ་སྦྱོར་བའི་བརྟག་པའོ། །བརྟག་པ་གཉིས་པའི་འགྲེལ་པའོ།། །།དེ་ལྟར་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་ཀུན་དུ་སྦྱོར་བའི་ངོ་བོ་ཉིད་བསྟན་ནས། དེ་ལ་བརྟན་པར་གྱུར་པའི་རྣལ་འབྱོར་པས། ཤིན་ཏུ་སྦྱོར་བ་ལ་རབ་ཏུ་འཇུག་
པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་དང་པོ་འདི་གཉིས་ནི་སྔར་བཤད་པའི་རྟོག་པ་གཉིས་པ་དང་འདིའི་ལྷན་ཅིག་པའི་འབྲེལ་པ་བསྟན་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་སྦྱོར་བའི་མཐུ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་
སོགས་པ་ནི་ཤིན་ཏུ་སྦྱོར་བ་བསྟན་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་བྱས་པའི་རྣལ་འབྱོར་པས་ཤིན་ཏུ་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་སྦྱོར་བའོ། །དེའི་མཐུ་ནི་བརྟན་པར་བྱས་པའོ། །དེས་ན་བདེ་བ་ཆེན་པོ་སྟེ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དུ་གྱུར་
པའི་རྒྱས་བཏབ་པས་ན་ཕྱག་རྒྱ་བདེ་བ་ཆེན་པོའོ། །རྣལ་འབྱོར་པ་བདེ་བ་མོས་པ་ཀུན་ཞེས་བྱ་བ་ནི་ཀྱེ་མའོ། །བདེ་བ་དང་འདུས་པ་ཉིད་ཀྱིས་བདེ་བ་ཕུལ་དུ་བྱུང་བའོ། །དེ་ལྟར་དངོས་གྲུབ་ཐམས་ཅད་བདེ་བ་མོས་པའི་དབང་ཕྱུག་དག་ལྷ་མོ་གཉིས་དང་ཡང་དག་པར་འདུས་པའི་རིག་པའི་བདེ་བ་
ཕུལ་དུ་བྱུང་བ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །བུད་མེད་མཆོག་རྣམས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་མོ་ལྷག་མ་ཐམས་ཅད་དོ། །སྐྱེ་བར་འགྱུར་ཞེས་བྱ་བ་སོ་སོར་རྗེས་སུ་འགྲུབ་པ་སྟེ། དེ་དག་ཐམས་ཅད་ནི་ཤིན་ཏུ་སྦྱོར་བའི་འབྲས་བུ་བསྟན་པ་ཡིན་ནོ། །དེ་ཡི་ཞེས་བྱ་བ་ནི་རྡོ་རྗེ་སེམས་
เล่ม ๒๗ · หน้า 65b
དཔའོ། །དེ་ཞེས་པ་ནི་བདེ་བའི་མཆོག་ལ་སོགས་པ་སྟེ། དེ་ལྟར་ལྷག་པར་སྦྱོར་བ་བྱས་པའི་རྣལ་འབྱོར་པ་ལ་གདོན་མི་ཟ་བར་མངོན་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟ་བུའི་དམ་ཚིག་གང་ཡིན་པ་ནི་གཞུང་ལུགས་ཏེ། དེ་ལས་བྱུང་བ་ནི་སྐྱེས་པའོ། །དེ་ལས་ན་དེ་ཉིད་ནི་སྡུག་པ་སྟེ། མངོན་པར་འདོད་
པར་བྱ་བའོ། །དམ་ཚིག་བདག་རྗེས་འབྲང་ཞེས་བྱ་བ་ནི་བདག་གི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་གཞུང་ལུགས་ཀྱི་རྗེས་སུ་འགྲོ་བའོ། །ཤིན་ཏུ་སྦྱོར་བ་ནི་ལྷ་མོ་དང་ཐ་མི་དད་པར་གྱུར་པའོ། །དེ་ཉིད་ནི་སྦྱོར་བ་ཆེན་པོ་དང་། ཤིན་ཏུ་སྦྱོར་བའི་བར་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་པས་ན་
ཐམས་ཅད་བདག་ཉིད་དེ་རྡོ་རྗེ་སེམས་དཔའོ། །དེའི་དམ་ཚིག་མཆོག་ནི་འདའ་བར་མི་བྱ་བ་སྟེ། ཚིག་སྔ་མ་དང་ནི་གསུམ་པ་དེའི་སྐྱེས་བུའི་མཚམས་སྦྱོར་བའོ། །གཅིག་བཞིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་གཅིག་པུའི་སྤྱོད་པ་གཅིག་པུའི་བགྲོད་པའི་ངང་ཚུལ་ཅན་གང་
ཡིན་པ་དེ་ནི་གཅིག་པུ་སྤྱོད་དོ། །ལྷན་ཅིག་སྤྱོད་པ་ནི་ལྷན་ཅིག་སྤྱོད་པས་ན་ལྷན་ཅིག་སྤྱོད་པ་སྟེ། ལྷ་མོའི་གཙོ་མོ་བཞི་པོ་དག་གོ། །རྗེས་སུ་སྤྱོད་པ་དེ་ལས་གཞན་པ་སྟེ། དེ་དག་ཐམས་ཅད་སྡུད་པའོ། །ཐམས་ཅད་དགའ་བ་མ་ལུས་པའི། །ཞེས་བྱ་བ་ནི་ལྷག་པར་སྦྱོར་བ་བསྒོམས་པས་ཕྱག་རྒྱ་ཐམས་ཅད་
དེ། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་མོའི་ཕྱག་རྒྱ་མ་ལུས་པའོ། །ཐམས་ཅད་ལྷ་མོ་འདུས་པས་ནི། །ཞེས་པ་ནི་སྔར་བཤད་པའོ། །དེ་ཉིད་ཀྱིས་ནི་མ་ལུས་སྐལ་བ་བཟང་པོ་ཀུན་ཏེ་བདག་ཉིད་བསྒྲུབས་པའོ། །རྣམ་པ་ཐམས་ཅད་སྐལ་བ་བཟང་པོ་དང་ལྡན་པའི་སྦྱོར་བའི་བདེ་བས་སོ་སོར་རྗེས་སུ་འབྱུང་
བར་འགྱུར་བ་སྟེ། ལྷ་མོ་དང་འདུས་པའི་བདེ་བ་རབ་ཏུ་ཐོབ་པར་འགྱུར་བའོ། །ཕྱག་རྒྱ་འདིས་ཞེས་པ་ནི་ཇི་ལྟར་རང་ཉིད་ལྷ་མོ་ཐམས་ཅད་ཀྱི་ཕྱག་རྒྱས་རྒྱས་བཏབ་པས་ན་ཐ་མི་དད་པར་འགྱུར་བའོ། །རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་ཉིད་ནི་ཆེ་བའི་ལྷ་ཡིན་པས་དེ་ནི་རྡོ་རྗེ་སེམས་དཔའ་ཆེ་བའི་ལྷའོ། །ཐམས་
ཅད་རྣལ་འབྱོར་བདེ་བས་མོས། །ཞེས་བྱ་བ་ནི་རྣལ་འབྱོར་ཐམས་ཅད་ལས་སྐྱེས་པའི་བདེ་བ་ལ་ཞུགས་པའོ། །སྡིག་མེད་ནི་ཉེས་པར་སྤྱོད་པ་མེད་པའོ། །སྟོབས་ཀྱིས་ནི་སྟོབས་དང་བཅས་པས་སོ། །ངོ་འཐོན་དུ་ནི་མངོན་སུམ་དུའོ། །ཕན་ཚུན་དུ་ནི་རབ་དགའ་བས། །ཞེས་པ་ནི་
เล่ม ๒๗ · หน้า 66a
གཅིག་ལ་གཅིག་རེག་པར་དགའ་ཞིང་དགའ་བ་རྣམས་སྐྱེས་པས་སོ། །སྐྱེས་བུའི་ཚུལ་གྱིས་ཞེས་པ་ནི་བདག་ཉིད་ཀྱིའམ་སྐྱེས་བུ་བཞིན་དུ་སྤྱོད་པའོ། །དབང་པོ་ཀུན་ལས་འབྱུང་བ་ཡི། །ཞེས་པ་ནི་བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བའོ། །རྣལ་འབྱོར་བདེ་བ་ཐམས་ཅད་
ཀྱིས། །ཞེས་བྱ་བ་ནི་རྣལ་འབྱོར་ཐམས་ཅད་ལས་འབྱུང་བའི་བདེ་བ་འབབ་པས་སོ། །ཀྱེ་མའོ་བདེ་བ་ལས་བྱུང་བ། །ཞེས་པ་ནི་བྷ་ག་དང་ལིང་ག་ལས་ངེས་པར་བྱུང་བའོ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རིན་པོ་ཆེ་མཐོན་པོ་
དང་སིལ་སྙན་རྣམས་ཀྱིས་སོ། །རབ་ཏུ་རྨོངས་པས་ཞེས་པ་ནི་ཞུགས་པ་སྟེ། ལྷ་མོ་ཐམས་ཅད་ཀྱི་ལོངས་སྤྱོད་དེ་རྣམས་ལ་བརྟེན་པར་བྱེད་པའོ། །བདག་གི་ཆེ་བའི་ལྷར་སྦྱོར་བ་ནི་རང་གི་ལྷར་བདག་ཉིད་བསྒོམ་པ་སྟེ། རྗེས་སུ་སྦྱོར་བ་དེ་ནང་དུ་ཞུགས་པའོ། །རྣལ་འབྱོར་ཐམས་ཅད་ལས་བྱུང་
བའི་བདེ་བ་ནི་རྣལ་འབྱོར་ཐམས་ཅད་ཀྱི་བདེ་བ་སྟེ། མྱོང་བར་བྱེད་པས་ནི་ཉམས་སུ་མྱོང་བའོ། །ཚེ་དང་ལང་ཚོ་དང་ནད་མེད་པ་དང་བདེ་བ་མཆོག་ཅེས་བྱ་བ་འདིས་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོ་བཞི་རིམ་བཞིན་སྟོན་ཏོ། །སངས་རྒྱས་ཀུན་གྱི་སྐུ་ཆེན་དང་། །ཞེས་བྱ་བ་ལ་སོགས་པ་ནི།
སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་བཞི་པོ་དག་གོ། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །ཞེས་པ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །ཅེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀ་ལ་སོགས་པ་གསུམ་སྟོན་ཏོ། །དེ་དག་དང་ནི་ཞེས་བྱ་བ་ནི། རང་གི་ལྷ་མོ་རྣམས་ཇི་ལྟ་བས་སོ། །
དེ་ཞེས་པ་ནི་ལྷ་གཞན་དག་གིས་སྦྱོར་བའོ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །ཅེས་པ་ནི་དཀྱིལ་འཁོར་དྲུག་ལ་དབང་བསྒྱུར་བར་སྐྱེ་བའོ། །རྒྱ་ཆེན་ནི་ཡོན་ཏན་ཆེ་བའོ། །མཆོག་ནི་འཇིག་རྟེན་ཐམས་ཅད་ལས་འདས་པའོ། །དངོས་གྲུབ་ཀུན་གྱི་བདེ་མོས་པ། །ཞེས་པ་ནི་ནམ་མཁར་འགྲོ་བ་
ལ་སོགས་པའི་དངོས་གྲུབ་ཀྱི་བདེ་བ་ཕུལ་དུ་བྱུང་བ་སྟེ། བདེ་བའི་དབང་ཕྱུག་ཀུན་ནི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དེ་དེ་ཉིད་མོས་པའོ། །མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་པ་ནི་ནམ་མཁའ་ལ་སྤྱོད་པ་ལ་སོགས་པའི་དངོས་གྲུབ་ཀྱི་བདེ་བས་ཕུལ་དུ་བྱུང་བ་
เล่ม ๒๗ · หน้า 66b
དང་ལྷན་ཅིག་ཏུ་སྔར་བཤད་པའི་ལྷ་མོ་རྣམས་དང་ལྷན་ཅིག་མཉམ་པར་སྦྱོར་བས་སྐལ་བ་བཟང་པོ་སྟེ། ལྷ་མོ་ཐམས་ཅད་དང་ཡང་དག་པར་འདུས་པ་རྡོ་རྗེ་སེམས་དཔའ་ནི་སྐལ་བ་བཟང་པོ་ཅན་ནོ། །དེ་ཉིད་དཔལ་ཏེ་ལྷ་མོ་རྣམས་ཀྱིའོ། །འདའ་བར་མི་བྱ་བས་ན་དམ་ཚིག་གོ། །དེ་ཚིག་གིས་
རྟོགས་པས་ན་རྟོག་པ་འདི་ལ་དེ་སྐད་ཅེས་བྱའོ། །བརྟག་པ་གསུམ་པའི་འགྲེལ་པའོ།། །།དེ་ལྟར་བཅོམ་ལྡན་འདས་སྦྱོར་བ་དང་རྗེས་སུ་སྦྱོར་བ་དང་། ཤིན་ཏུ་སྦྱོར་བའི་བདག་ཉིད་དུ་བརྟག་པ་གསུམ་གྱིས་བསྟན་ན་ས་ཐམས་ཅད་དུ་ཉམས་པ་མེད་པའི་ཡེ་ཤེས་གྲུབ་པའི་ཕྱིར། སྦྱོར་བ་ཐམས་
ཅད་བསྒོམ་པའི་མཚན་ཉིད་ཅན། སྣ་ཚོགས་ཐམས་ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱ་བ་དཔལ་དམ་ཚིག་གི་རྟོག་པའི་ངོ་བོ་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་རབ་ཏུ་འཇུག་པའི་བརྟག་པ་དང་། རྗེས་སུ་འབྲེལ་པའི་སྒོ་
ནས་བརྟག་པ་གཞན་གཉིས་དང་། རྗེས་སུ་འབྲེལ་པར་བལྟ་བར་བྱའོ། །ལྷ་མོ་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི། ལྷ་མོ་ཐམས་ཅད་དང་ཡོངས་སུ་སྤྱོད་པ་སྟེ། དེས་ན་བདག་ཉིད་བསྒྲུབས་ཤིང་ལྷ་མོ་དང་ལྷན་ཅིག་མཉམ་པར་སྦྱོར་བས་ན་སྐལ་བ་བཟང་པོ་སྟེ། དེ་ཉིད་ཀྱིས་ན་འདི་ལྟར་
བུད་མེད་ཀྱི་རོལ་པའི་ནང་དུ་ཞུགས་པས་མཆོག་འདོད་པའོ། །ལྷ་མོ་ཡང་དག་པར་འདུས་པའི་བདེ་བ་ཕུལ་དུ་བྱུང་བའི་ཉམས་སུ་མྱོང་བའི་ཀུན་དུ་སྦྱོར་བ་གང་ཡིན་པ་དེ་ནི་ཡང་དག་སྦྱོར་བའི་བདེ་བ་མྱོང་བའོ། །ཕུལ་དུ་བྱུང་བའི་རྗེས་སུ་ཆགས་པས་ལྷ་མོ་ཐམས་ཅད་ལ་ཡིད་ཆགས་པས་འདོད་
ཆགས་ཏེ། སྦྱོར་བ་ཐམས་ཅད་ཀྱིས་རྣལ་འབྱོར་པ་གྲུབ་པའོ། །དབྱངས་ནི་འདིར་སྒྲ་ལ་བྱའོ། །རེག་བྱ་ནི་བདེ་བའི་རེག་པས་རེག་པ་ཡིན་པར་ཤེས་པར་བྱའོ། །དེ་དག་རང་གི་སྤྱད་པ་སྤྱོད་པ་ནི་བདེ་བ་བཟུང་བས་ཉེ་བར་ལོངས་སྤྱོད་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་འབྲས་བུའི་ཉེ་བར་ལོངས་སྤྱོད་
པ་བསྟན་ནས། རྣམ་པར་སྣང་མཛད་ལ་སོགས་པའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་
เล่ม ๒๗ · หน้า 67a
དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་
པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་ཐམས་ཅད་དང་། ཀུན་དུ་བཟང་པོ་ལ་སོགས་པའི་གཟུགས་རྣམས་དང་། སྐྱེ་བ་མེད་པའི་བྱང་ཆུབ་ཀྱི་ས་དང་། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་
བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་དེ་བཅུ་གཉིས་པོ་དེ་དག་གོ། །བདུད་མེད་ཅེས་བྱ་བ་ནི། བདུད་རྣམས་ཀྱི་ཟིལ་གྱིས་གནོན་པ་དང་བྲལ་བའོ། །དངོས་གྲུབ་ཅེས་
པ་ནི་རབ་ཏུ་གྲུབ་པའོ། །དཀའ་བ་དང་ཞེས་པ་ནི་སེམས་ཅན་དམན་པ་དག་གིས་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་བརྩོན་འགྲུས་ཕུལ་དུ་བྱུང་བས་བསྒྲུབ་པར་བྱ་བ་ཡིན་པས་སོ། །བདེ་བ་ཆེན་པོ་ནི་དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྐལ་བ་
བཟང་པོ་བདེ་མྱོང་བ། །ཞེས་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་མྱོང་བའི་ཕྱིར་སྐལ་བ་བཟང་པོ་སྟེ། བྱང་ཆུབ་པའི་ཕྱིར་བདག་ཉིད་ཀྱིས་རྣལ་འབྱོར་ཐམས་ཅད་ཕྱིན་ཅི་མ་ལོག་པར་བསྒོམས་པས་འགྲུབ་པར་འགྱུར་བའོ་ཞེས་བྱ་བར་སྦྱར་རོ། །དངོས་གྲུབ་ཐམས་ཅད་ནི་ནམ་མཁའ་སྤྱོད་པ་ལ་
སོགས་པའི་དངོས་གྲུབ་སྟེ། དེ་རྣམས་རིམ་གྱིས་རྫོགས་པ་ནི་བྱུང་བའོ། །སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཕྲོགས་ནས་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་རང་གི་དབང་དུ་བྱས་པས་སོ། །ཉེ་བར་སྤྱད་པར་བྱ་ཞེས་པ་ནི་ཉམས་སུ་མྱོང་བའོ། །སངས་རྒྱས་རྒྱལ་སྲིད་
ཆེན་པོ་ཀུན་ནི་རྡོ་རྗེ་ཉི་མའི་གོ་འཕང་ངོ་། །སངས་རྒྱས་ཀུན་གྱི་གྲུབ་ཆེན་པོ། །མཆོག་གི་དབང་ཕྱུག་དམ་པ་དག །ཅེས་བྱ་བ་ནི་རྟ་མཆོག་གི་གོ་འཕང་ངོ་། །བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། མཐུ་ཆེན་ཞེས་བྱ་
เล่ม ๒๗ · หน้า 67b
བ་ལ་སོགས་པ་གསུངས་སོ། །གྲུབ་དང་ཞེས་པ་ནི་དཀའ་ཐུབ་ཟློག་མའོ། །དྲན་པ་ནི་འདོད་པའི་ལྷའོ། །སངས་རྒྱས་དོན་ཀུན་ཞེས་པ་ལ་སངས་རྒྱས་ཀྱི་དོན་ཀུན་སྦྱིན་པ་དང་། སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་དོ་ཞེས་བྱ་བར་སྦྱར་རོ། །སྡེ་རྣམས་ཐམས་ཅད་རབ་ཏུ་འཇོམས་པ་ནི་བདུད་ཀྱི་སྡེ་
ཐམས་ཅད་རབ་ཏུ་འཇོམས་པའོ། །འཁོར་ལོས་སྒྱུར་བ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བ་ནི་རྫུ་འཕྲུལ་གྱིས་རྣམ་པར་རོལ་པའོ། །དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་ལ་ལར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ནི་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པ་ནི་སྦྱིན་པ་ལ་སོགས་པའི་མཚན་ཉིད་དོ། །མཐུན་པར་འགྲོ་བ་ནི་ཇི་ལྟར་རྗེས་སུ་འཚམ་པའོ། །ཤིན་ཏུ་འཕོ་བ་ནི་སྐྱེ་བ་ཡོངས་སུ་འཛིན་པའོ། །བྱང་ཆུབ་ཆེན་པོར་གཤེགས་པ་ནི། །བྱང་ཆུབ་པའི་
ཕྱིར་གཤེགས་པ་སྟེ། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་གཤེགས་ཞེས་བྱ་བའི་བར་དུའམ། ཡང་ན་བྱང་ཆུབ་ཆེན་པོ་ཉིད་ནི་དགའ་སྟོན་ཆེན་པོ་སྟེ། དགའ་ཞིང་མོས་པ་ཆེན་པོ་ཡིན་པས་ན། བྱང་ཆུབ་ཆེན་པོར་གཤེགས་པའོ། །འཁོར་ལོ་བསྐོར་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་
རབ་ཏུ་འཇུག་པའོ། །ངེས་པའི་གར་ཞེས་པ་ནི་རྣམ་པར་རོལ་པའོ། །མ་ལུས་པར་ཕྱག་རྒྱས་བཏབ་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སྣ་ཚོགས་པ་ནི་རྣམ་པ་དུ་མའོ། །ཐམས་ཅད་ནི་རིགས་རྣམ་པ་ལྔ་པོ་སྐལ་བ་བཟང་པོ་དང་། མཆོག་ཀྱང་ཡིན་པར་གང་གྲུབ་པ་དེ་སྟོན་
པས་སྣ་ཚོགས་ཐམས་ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱའོ། །དཔལ་ནི་ལྷ་མོ་རྣམས་སོ། །དམ་ཚིག་ནི་འདའ་བར་མི་བྱ་བ་སྟེ། རྡོ་རྗེ་སེམས་དཔའོ། །དེ་སྟོན་པས་ན་དཔལ་དམ་ཚིག་གི་རྟོག་པའོ། །བརྟག་པ་བཞི་པའི་འགྲེལ་པའོ།། །།དེ་ལྟར་བཅོམ་
ལྡན་འདས་སྦྱོར་བ་ལ་སོགས་པའི་བདག་ཉིད་དུ་བསྟན་ནས། དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པའི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་བཤད་པའི་སྦྱོར་བ་བཞི་པོ་དང་ལྡན་པའི་རྣལ་འབྱོར་པས་ནི་སྔར་བསྟན་པའི་དངོས་གྲུབ་རྣམས་ཀྱི་གཏམ་དང་། ཕྱག་མཚན་གྱི་ཕྱག་རྒྱ་དང་སྣ་
เล่ม ๒๗ · หน้า 68a
ཚོགས་པའི་ཕྱག་རྒྱས་དགོས་པ་འགྲུབ་པར་འགྱུར་བས། བཅོམ་ལྡན་འདས་གཏམ་གྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་རྟོག་པ་སྔ་མ་དང་རྗེས་སུ་འབྲེལ་པ་
སྟོན་ཏོ། །རྣལ་འབྱོར་ཞེས་པ་ནི་ཇི་སྐད་བཤད་པའི་རྣལ་འབྱོར་གྱི་ངོ་བོ་ཉིད་ཡིན་པས་སོ། །ཇི་ལྟར་སེམས་ཅན་རྣམས་འདུལ་བའི་ཚུལ་གྱིས་གནས་སྐབས་ཀྱིས་གཤེགས་པའི་ཕྱིར། དེ་བཞིན་གཤེགས་པའོ། །ཡང་དག་གྲུབ་པ་གཅིག་པུ་ཉིད། །ཅེས་པ་ནི་དོན་དམ་པ་ཉིད་
དུའོ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་པ་ནི། འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར་རིམ་པ་ཇི་ལྟ་བ་སྟེ། བསམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་བ་ནི་རྡོ་རྗེ་སེམས་དཔའ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བསྒོམ་པའོ། །རྟོག་པའི་ཆོག་
ཐམས་ཅད་ལ། །ཞེས་པ་ནི་ཆོ་ག་འདི་རྣམས་ཉིད་ལའོ། །མཆོག་གི་ནི་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱི་དམ་པར་གྱུར་པས་སོ། །མཆོག་ནི་དེ་ལས་ཀྱང་ལྷག་པར་གྱུར་པའི་དངོས་པོ་མེད་པ་སྟེ། གྲུབ་པ་དེའི་ངོ་བོ་ཉིད་དུ་གྱུར་པའོ། །འདི་འཇིག་རྟེན་པའི་དངོས་གྲུབ་འབའ་ཞིག་ཏུ་ཡང་མ་
ཟད་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་སྤྲུལ་པས་སོ། །ཆོ་ག་སྣ་ཚོགས་འདོད་པ་ཡི། །ཞེས་པ་ནི། འདོད་ཆགས་ཀྱི་
བདེ་བ་དང་། ཞེ་སྡང་དང་། གཏི་མུག་དང་། ནོར་ལ་སྲེད་པ་དང་། འགྱོད་པ་ལ་སོགས་པ་ལ་སྤྱོད་པའོ། །འདུལ་བ་དང་ཞེས་པ་ནི་འདོད་ཆགས་ལ་སོགས་པ་རབ་ཏུ་སྤངས་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་བས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་
མཛད་ལ་སོགས་པའི་རོལ་པས་སོ། །ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། ཉིན་རེའམ་ཞེས་པ་ལ་སོགས་པ་གསུངས་སོ། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི། །ཞེས་བྱ་བ་ནི་ཇི་ལྟར་བདག་ཉིད་སྲེད་པ་གསུམ་གྱི་སྐྱེད་མོས་ཚལ་དུ་གནས་པས་སོ། །སངས་རྒྱས་བདེ་མཆོག་བྱ་བ་ནི་རྡོ་རྗེ་
เล่ม ๒๗ · หน้า 68b
སེམས་དཔའ་ལ་སོགས་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་སོ། །ཇི་ལྟར་ཞེ་ན། ཁམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་ཀྱི་ངོ་བོ་ཐམས་ཅད་ནི་གསེར་དངུལ་ལ་སོགས་པའི་རང་བཞིན་ནོ། །སྲོག་དང་གསོ་བ་ལ་སོགས་པའི་རང་བཞིན་ལས་བྱས་པའོ། །
རྩ་བ་ལས་བྱུང་བ་ནི་ཤིང་གི་རང་བཞིན་ལས་བྱས་པའོ། །དཀྱིལ་འཁོར་གང་དང་གང་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གང་དང་གང་ངོ་། །བསྟེན་པ་ཞེས་པ་ནི་བསྒོམ་པའོ། །དེ་དང་དེར་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །མཆོད་པ་བྱས་ནས་ཞེས་པ་ནི་མཆོད་
པའོ། །དེ་ལས་གཞན་ཡང་ཞེས་བྱ་བ་ནི་དེའི་འོག་ཏུ་སྒོ་སོ་སོའི་གཏམ་སྟོན་པའོ། །རྟོག་པ་ཀུན་གྱི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དབུགས་དབྱུང་བའོ། །ཅི་རིགས་པར་ནི་སྤྲུལ་བྱས་པའི། །ཞེས་བྱ་བ་ནི་ཅི་རིགས་པར་རོལ་པའོ། །འདི་སྐད་སྟོན་པར་འགྱུར་ཏེ།
ཅི་ལྟར་རང་གི་ཚོགས་ཀྱི་དཀྱིལ་འཁོར་དུ་རང་གི་ལྷར་སྦྱོར་བའི་སློབ་མ་དང་ལྷན་ཅིག་ཏུ་རང་གི་ཕྱག་མཚན་དང་། ཕྱག་རྒྱར་ལྡན་པས་ཇི་ལྟར་བདག་ཉིད་དབུགས་དབྱུང་བར་སྨྲས་པ་བཞིན་དུ་སློབ་མ་རྣམས་ལ་ཡང་སྨྲ་བར་བྱ་སྟེ། དེ་རྣམས་ཀྱིས་རང་གི་ལྷའི་སྦྱོར་བས་རང་གི་མངོན་པར་དད་པ་
ཕུན་སུམ་ཚོགས་པ་རྫོགས་པར་བྱ་བའི་ཕྱིར་སྨྲ་བ་བཞིན་དུ་བསྒྲུབ་པར་བྱའོ། །འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དབུགས་དབྱུང་བ་བསྟན་པའི་ཕྱིར། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པས་ན། ད་ལྟར་བྱུང་བ་བཞིན་ནོ། །མི་འགྱུར་བའི་ངོ་བོ་ཉིད་པས་ན་འདའ་བར་དཀའ་བ་སྟེ། ཆོས་ཀྱི་སྐུ་ལ་བྱ་བར་དགོངས་སོ། །འདུལ་བའི་ཕྱིར་ཞེས་པ་ནི་དེ་རྣམས་ཀྱིས་སེམས་ཅན་རྣམས་འདུལ་བའོ། །བྱས་པ་ཡིན་ཞེ་ན།
བྱ་བ་ནི་ཀུན་རྫོབ་ཏུའོ། །དཔལ་རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔས་དབུགས་དབྱུང་བ་སྟེ། འདིས་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམས་དབུགས་དབྱུང་བའོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཉིད་ཀུན་རྫོབ་ཏུ་འདོད་
เล่ม ๒๗ · หน้า 69a
ཆགས་ལ་སྤྱོད་པ་གདུལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསྟན་ནས། ཞི་བ་ལ་སྤྱོད་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བཞུགས་པས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་
ཚུལ་བསྟན་པར་བྱ་བའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ལ་ཤིན་ཏུ་བརྩོན་པ་ནི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་བརྩོན་པ་དང་ལྡན་པའོ། །འགོག་པའི་ཆོས་ཉིད་ལ་སྦྱོར་བས། །ཞེས་བྱ་བ་ནི་ཇི་སྐད་དུ་
བཤད་པའི་མྱ་ངན་ལས་འདས་པ་གཉིས་དང་འབྲེལ་པའོ། །འགགས་ཤིང་ཞེས་པ་ནི་ལྷག་མ་དང་བཅས་པའོ། །ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །གྲོལ་བ་ཐམས་ཅད་ནི་ཉན་ཐོས་ལ་སོགས་པའི་ཡོངས་སུ་མྱ་ངན་ལས་འདས་པའོ། །དེའི་རྣམ་པར་བྱང་བ་ནི་
གཉིས་སུ་མེད་པའི་རང་བཞིན་གྱི་ཆོས་ཁོང་དུ་ཆུད་ནས་ཐུགས་རྗེ་ཆེན་པོ་བསྐྱེད་པའོ། །བསྐྱེད་ཅེས་བྱ་བ་ནི་བྱས་པའོ། །སྟོང་པ་མ་ཡིན་ཞེས་བྱ་བ་ནི་བདེན་པ་སྟེ། ཡོངས་སུ་བརྟགས་པ་ལས་བྱུང་བ་དེ་ཡོད་པའོ། །མི་སྟོང་མིན་ཞེས་བྱ་བ་ནི་ཡོངས་སུ་བརྟགས་པ་ཉིད་མེད་པའོ། །དབུ་མ་
ནི་དེ་གཉི་ག་མེད་པར་འཛིན་པའི་ཡེ་ཤེས་ཏེ། དབུ་མ་རབ་ཏུ་བསྒྲུབ་པའི་བར་དེ་ཡང་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡིན་པས་ན་མི་དམིགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཞེས་བརྗོད་དོ། །སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བས་སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་བྱེད་
པའི་ཕྱིར། སངས་རྒྱས་རྣམས་ཀྱི་ཐབས་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ནི་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ཆོས་ཀྱི་ཚིག་རྣམ་པར་སྣང་མཛད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྣམ་པར་འཕྲུལ་བ་བསྟན་པའི་ཕྱིར། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་
སྙིང་རྗེ་ཉིད་དང་ཐབས་ཡོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་མ་མེད་པས་དེ་སྐད་ཅེས་བྱའོ། །རྟོག་པ་མེད་པའི་ཆོས་རྣམས་ལ། །ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་དང་བྲལ་ཡང་གདུལ་བྱའི་དབང་གིས་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པ་ཐམས་ཅད་ཏུ་རྟོག་ཅིང་ཡོངས་སུ་གྱུར་
เล่ม ๒๗ · หน้า 69b
པའོ། །རྣམ་པར་མི་རྟོག་པའི་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ངོ་བོ་སྟེ། སེམས་ཅན་གྱི་དོན་ལ་རྟོག་པར་བྱེད་པའི་ཀུན་རྫོབ་བོ། །དོན་དམ་པར་ནི་བྲག་ཅའི་སྒྲ་དང་འདྲ་སྟེ། སྒྲ་བརྙན་དང་མཚུངས་པ་ཉིད་དོ། །ཆོས་ནི་དམ་ཚིག་གསུམ་མོ། །དེ་སྟོན་པའི་ཚིག་གང་ཡིན་པ་དེ་ནི་ཆོས་ཀྱི་
ཚིག་གོ། །དེ་ལས་བྱ་བ་ནི་ཆོས་ཀྱི་ཚིག་ཏུ་གྱུར་པའི་འོག་ཏུའོ། །ཐེག་པ་ཆེན་པོ་ནི་དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་ཀུན་དང་ལས་ཆེན་པོ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་དང་། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་རྣམས་ཀྱི་ངོ་བོ་ཉིད་དོ། །ཚེ་འདི་ཉིད་ལ་སངས་རྒྱས་ལ་སོགས་པའི་ངེས་པར་བསྐྱེད་པས་ཆེ་བའི་ཕྱིར། ཐེག་པ་ཆེན་པོའི་ཆེན་པོ་སྟེ། རྡོ་རྗེའི་ཐེག་པའོ། །དེ་ལས་གང་ཡང་དག་པར་བྱུང་བའི་ཡོན་ཏན་རྒྱས་པ་ནི་སྐུ་གསུམ་གྱིས་བསྡུས་
པ་སྟོན་ཏེ། མཉམ་མེད་ཅེས་བྱ་བ་ལ་སོགས་པའོ། །གླུ་ནི་བསྟོད་པའོ། །དུས་གསུམ་པ་ནི་དུས་རྣམ་པ་གསུམ་མོ། །དམ་ཚིག་གསུམ་ནི་སྐུ་གསུམ་གྱི་བདག་ཉིད་དོ། །ཅི་ལྟ་བུ་ཞེ་ན། མཉམ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གཡོ་བ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་སྐུ་
སྟོན་ཏོ། །མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །དེ་ཉིད་མཆོག་གི་ཆོས་སོ། །མཉམ་པ་ཉིད་དེ་གང་ལ་ཡོད་པ་དེ་ནི་མཉམ་པ་ཉིད་མཆོག་གི་ཆོས་ཉིད་ཅན་ཏེ། འདི་ཉིད་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་ཞེས་བྱ་བ་
འདིས་ནི། སྤྲུལ་པའི་སྐུའི་སྒོ་ནས་གཞན་གྱི་དོན་མཛད་པ་སྟོན་ཏེ། དེ་དག་གསུམ་པར་ཡང་མཉམ་པ་མེད་པའོ། །སྡུག་བསྔལ་སེལ་བ་ནི་སྣང་བ་དང་། མི་སྣང་བ་སྡུག་བསྔལ་རྣམས་འཇིག་པར་མཛད་པའོ། །ཡོན་ཏན་མཐའ་ཡས་པ་ནི་མཐར་ཐུག་པ་མེད་པའོ། །དངོས་གྲུབ་ཐམས་
ཅད་སྦྱིན་པར་མཛད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩོལ་བའི་ངང་ཚུལ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་དེ་སྡུག་བསྔལ་རྣམས་སེལ་ཞིང་ཡོན་ཏན་གྱི་དངོས་གྲུབ་སྩོལ་བར་མཛད་ཅེ་ན། ཐུགས་རྗེའི་བདག་ཉིད་ཅེས་གསུངས་པའི་
เล่ม ๒๗ · หน้า 70a
ཕྱིར་རོ། །གལ་ཏེ་ཐུགས་རྗེའི་བདག་ཉིད་ཅན་ཡིན་ཡང་གང་གིས་འདི་ལྟར་སྤྱོད་པ་ཡིན་ནོ་ཞེ་ན། དྲི་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲིབ་པ་ཐམས་ཅད་དང་བྲལ་བས་དྲི་མ་མེད་པའོ། །མུ་སྟེགས་ཅན་གཞན་རྣམས་ཀྱིས་མི་བསྐྱོད་པས་ན་མི་གཡོ་
བའོ། །རིམ་གྱིས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཐུན་མོང་མ་ཡིན་པས་མཉམ་པ་མེད་པའི་མཆོག་གི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སྟེ། དེ་གང་དག་ལ་ཡོད་པ་དེ་ནི་དམ་པའི་མཆོག་ཆོས་ཅན་ནོ། །མཉམ་པ་མེད་པ་ཞེས་
གང་གསུངས་པ་དེ་གསལ་བར་བསྟན་པའི་ཕྱིར་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་མི་མཉམ་ཞེ་ན། ཡོན་ཏན་ཤིན་ཏུ་ཕྲ་བ་སྟེ། རབ་དང་། འབྲིང་དང་། ཐ་མའི་དབྱེ་བ་ཕྱེ་བའི་ཡོན་ཏན་ནོ། །ཚད་མེད་པ་ནི་མཐའ་མེད་པའོ། །གང་དང་མི་མཉམ་ཞེ་ན། དཔེ་ནི་ནམ་མཁའ་
ཞེས་པ་སྟེ། གང་གི་ཕྱིར་དཔེར་བྱ་བ་ནི་ནམ་མཁའ་ལྟར་ཚད་མེད་པ་དང་ཡང་བསྐྲུན་དུ་ཡོད་པ་མ་ཡིན་ན་དཔེ་དམན་པས་ལྟ་སྨོས་ཀྱང་ཅི་དགོས། ཡོན་ཏན་མེད་པ་དེ་རྣམས་ནི་སེམས་ཅན་ཁམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་རྣམས་ལ་སངས་རྒྱས་ཀྱི་དངོས་
གྲུབ་མཆོག་ངེས་པར་སྩལ་བའོ། །དེ་དག་ཉིད་གང་གིས་བྱུང་ཞེ་ན། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་རྣམས་ནི་ཐུགས་རྗེ་ཆེན་པོའི་དབང་གིས་ཀུན་ནས་བསླངས་པས་རྟག་ཏུ་དྲི་མ་མེད་པ་སྟེ། ཀུན་ནས་ཉོན་མོངས་པ་མེད་པའོ། །སྨོན་ལམ་གྲུབ་པ་ནི་མི་
གནས་པའི་མྱ་ངན་ལས་འདས་པའོ། །དགག་པ་མེད་པའི་ཆོས་ཉིད་ཅན་ནི་འགག་པ་མེད་པའི་ངོ་བོ་ཉིད་དོ། །མཐའ་ཡས་པར་ཁྱབ་པ་ནི་ཁྱབ་པར་གྱུར་པའོ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ནི་སངས་རྒྱས་སོ། །རྟག་ཏུ་ནི་མཐའ་མེད་པའོ། །རྣམ་པར་སྣང་བ་ནི་གསལ་བར་གྱུར་པའོ། །
གང་ཞིག་གིས་ཤེ་ན། ཚད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་པས་ཀྱང་དཔག་ཏུ་མེད་པའོ། །ཤིན་ཏུ་རྫོགས་པ་ནི་འབྲས་བུ་མཐར་ཐུག་པའོ། །བདེ་བར་གཤེགས་པའི་གོ་འཕང་
เล่ม ๒๗ · หน้า 70b
ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེར་གཤེགས་པར་སྟོན་ཀྱང་ངོ་། །དེ་དག་ཀྱང་གང་ཡིན་ཞེ་ན། འགག་པར་ཡང་མི་འགྱུར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེའི་སྙིང་རྗེ་ཆེན་པོའི་རྒྱུས་མྱ་ངན་ལས་འདས་པའི་ཆོས་ཅན་དུ་མི་འགྱུར་ཏེ། དེ་བས་ན་མི་འགག་པའི་ཆོས་ཅན་
ཉིད་དོ། །དེ་ཉིད་ཀྱིས་ན་ཨེ་མའོ་ཤིན་ཏུ་བཟང་བའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་འདིས་མངོན་པར་གསོལ་བ་འདེབས་པ་བསྟན་ཏོ། །དམ་ཚིག་གསུམ་ནི་སྐུ་གསུམ་གྱི་བདག་ཉིད་དེ། དེའི་རྒྱུར་གྱུར་པའི་དངོས་གྲུབ་ཀྱི་བདག་ཉིད་དང་ལྡན་པས། མཆོག་སྦྱིན་དངོས་གྲུབ་རབ་མཆོག་
སྩོལ་བས་བདག་ལ་སྩོལ་ཅིག་པའོ། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་དམ་པ་མཆོག་བརྙེས་པ་ནི་སྦྱིན་པའི་མཆོག་གི་གཙོར་གྱུར་པའོ། །རྟག་ཏུ་ནི་ལུས་ལ་མེད་པའོ། །དུས་གསུམ་ན་དུས་རྣམ་པ་གསུམ་གྱི་མཐར་ཐུག་པའོ། །སྒྲིབ་པ་མེད་པ་ནི་སྒྲིབ་པ་ཐམས་ཅད་
དང་བྲལ་བའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པའི་སྔོན་དུ་འགྲོ་བས་བསྟོད་པའི་ཆེ་བའི་བདག་ཉིད་བསྟན་ཏོ། །ལན་ཅིག་ཙམ་བརྗོད་ཀྱང་སངས་རྒྱས་སུ་འགྲུབ་པར་འགྱུར་བ་ནི། བག་ཆགས་ཀྱི་སྟོབས་བསྐྱེད་ཅིང་བརྩོན་པ་རྣམས་ལ་ངེས་པར་འགྱུར་བར་དགོངས་
སོ། །སངས་རྒྱས་ཀུན་ནི་རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་དང་བདག་ཉིད་སྦྱོར་བ་ནི་དེ་དང་གཉིས་སུ་མེད་པའོ། །དམ་ཚིག་གསུམ་གྱིས་ནི་སྐུ་གསུམ་གྱིས་སོ། །སྐུ་ནི་ལྟ་བས་མི་ངོམས་པ། །ཞེས་བྱ་བ་ནི་སྐུ་མཐོང་ན་མི་མཐུན་པ་
མེད་པའོ། །མཆོག་རྣམས་ཀུན་སྦྱིན་པ་ནི་རང་ཉིད་བསྟན་པ་གྲུབ་པའོ། །དེ་ནས་དེའི་ཞེས་བྱ་བ་ནི་བསྟོད་པའི་རྒྱལ་པོའོ། །བསྒྲུབ་པ་དང་ཞེས་བྱ་བ་ནི་གང་གིས་བསྒྲུབས་པའོ། །ཤིན་ཏུ་བརྟགས་པ་ཡི་ཞེས་བྱ་བ་ནི་མཆོག་ཏུ་རྗེས་སུ་འབྲེལ་པ་སྟེ། གང་གིས་སྐུ་གསུམ་གྱི་བདག་ཉིད་ཀྱི་
འབྲས་བུ་ཐོབ་པ་གང་ཡིན་པ་འདི་ཉིད་གྲུབ་པའོ། །དངོས་གྲུབ་ནི་ཤིན་ཏུ་མཐར་ཕྱིན་པའོ། །རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །ཞེས་པ་ནི་ལག་པ་གཡས་ཀྱིས་རྡོ་རྗེ་སེ་གོལ་དང་། གཡོན་གྱིས་སེ་གོལ་དང་། གཉི་གའི་སེ་གོལ་དང་། ཐལ་མོ་ལན་གསུམ་ཞེས་པ་ནི་གཡས་དང་གཡོན་གཉི་
เล่ม ๒๗ · หน้า 71a
གའི་སྟེ། ཇི་ལྟ་བའི་སེ་གོལ་གསུམ་མོ། །དབང་པོ་གང་དང་གང་ལམ་འགྱུར། །ཞེས་བྱ་བ་ནི་མཐོང་བ་ལ་སོགས་པའི་སྤྱོད་ཡུལ་ལ་འཇུག་པའོ། །དེ་དང་དེའི་ངོ་བོ་ཞེས་བྱ་བ་ནི་དེ་དང་དེའི་བདག་ཉིད་ཀྱི་རང་བཞིན་དུའོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །ཞེས་བྱ་བ་
ནི་རང་གི་ལྷའི་ང་རྒྱལ་དུ་བསྒོམ་པའོ། །ཆགས་པ་ཞེས་བྱ་བ་ནི་ཥ་ད་ཛ་ཀོ་ཧ་ལ་སོགས་པའི་གླུའོ། །ཥ་ད་པ་ལ་སོགས་པ་ཞེས་བྱ་བ་ནི། ཙོཀྴ་པཉྩ་མ་ལ་སོགས་པའི་གླུ་བླང་བའོ། །བཟླས་པར་བྱ་ཞེས་བྱ་བ་ནི་གདོན་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། གོ་རིམས་སྔ་མས་རང་གི་ལྷའི་
སྦྱོར་བ་དང་ལྡན་པས། དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ལུས་ཀྱི་ནང་དུ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། མཉམ་པར་གཞག་པའི་སྦྱོར་བ་དང་ལྡན་པས་སྤྱོད་ལམ་ཐམས་ཅད་དུ་དངོས་པོ་ཐམས་ཅད་བདག་ཉིད་ཀྱི་གཟུགས་སུ་ལྷག་པར་མོས་ལ། ཥ་ད་པ་ལ་སོགས་པའི་གླུ་རྣམས་དང་།
བསྟོད་པའི་རྒྱལ་པོ་བརྗོད་ན་འགྲུབ་པར་འགྱུར་རོ། །ཐམས་ཅད་བདག་ཉིད་ནི་རྣམ་པར་སྣང་མཛད་དོ། །དམ་ཚིག་གསུམ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྟོག་པ་ཐམས་ཅད་ནི་སངས་རྒྱས་འགྲོ་བའི་ལམ་གྱིས་སོ། །ཞེ་སྡང་ལ་སོགས་པའི་སེམས་ཅན་
རྣམས་གདུལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུའི་ངོ་བོ་ཉིད་དུ་བསྟན་པའི་དོན་དུ་ཧེ་རུ་ཀའི་དབུགས་དབྱུང་བ་ཉེ་བར་བསྟན་པའི་ཕྱིར་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བ་ཞེས་བྱ་བ་ནི་བསམ་པའོ། །གཏུམ་པ་ཞེས་བྱ་བ་ནི་སྦྱོར་བའོ། །གདུག་པ་
ཤིན་ཏུ་རྣོ་བར་གྱུར་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བས་ཞེས་བྱ་བ་ནི། རྒྱུ་མཐུན་པའི་འབྲས་བུ་ཡོངས་སུ་གྱུར་པའོ། །ཤེས་རབ་ཐབས་ཀྱི་ཞེས་པ་ནི་ཤེས་རབ་དང་སྙིང་རྗེའི་རྒྱུ་དང་ལྡན་པའོ། །ཁྲོ་བོ་ནི་ཁྲོ་བོ་ཉིད་དུའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཆོས་རྣམས་སྒྱུ་
མ་དང་འདྲ་བར་ཐུགས་སུ་ཆུད་པས་སེམས་ཅན་གདུག་པ་རྣམས་ལ། ཐུགས་རྗེ་ཉེ་བར་གཞག་སྟེ། དེ་རྣམས་གདུལ་བར་བྱ་བའི་ཕྱིར། བཅོས་མའི་ཁྲོ་བོ་ཧེ་རུ་ཀའི་སྐུར་དེ་བཞིན་གཤེགས་པ་ཐམས་ཅད་མཛད་པར་གྱུར་པ་སྟེ། ཇི་སྐད་དུ། རྡོ་རྗེ་ཆེན་པོ་ཧེ་རུ་ཀ །འབར་བས་
เล่ม ๒๗ · หน้า 71b
ཐལ་བར་རབ་ཏུ་འཇིག །སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ། །ཞེས་གསུངས་པས་སོ། །གང་གིས་ན་འདི་ཁྲོ་བོས་ཆད་པས་གཅོད་པར་བྱེད་ཅེ་ན། ཁྲོ་བོའི་ཚུལ་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོས་པ་ནི་དྲང་སྲོང་རྣམས་ཀྱིའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བོའི་ཚུལ་ནི་གནས་པ་
སྟེ། ཚུལ་ལ་གནས་པས་ན་ཚུལ་འཆང་བ་སྟེ། ཚུལ་ཙམ་ལ་གནས་པའི་ཁྲོ་བོས་ཀྱང་འཇིག་རྟེན་གསུམ་དག་བསྲེག་པར་ནུས་ན། གཞན་དུ་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་བསྒྱུར་བའི་སངས་རྒྱས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་
དགོས་ཞེས་བྱ་བར་དགོངས་སོ། །རྣམ་པ་གང་གིས་ཁྲོ་བོ་ཡང་དག་པར་འབྱིན་པར་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣའི་དབུགས་རིང་པོ་དྲོ་བ་དང་བཅས་པ་ནི་ཡེ་ཤེས་ཏེ། དེ་དབུགས་ཕྱུང་བ་དང་བཅས་པའི་སྦྱོར་བའོ། །ཕྱག་རྒྱའི་སྦྱོར་བ་ཞེས་བྱ་
བ་ནི་ཁྲོ་བོའི་སྙོམས་པར་འཇུག་པའོ། །དེ་ཉིད་ཅེས་པ་ནི་རྡོ་རྗེ་སེམས་དཔའོ། །ཕྱུང་བ་ཞེས་བྱ་བ་ནི་ངེས་པར་བསྐྱེད་པའོ། །ཁྲོ་བོ་ལ་སོགས་པའི་ཚུལ་དང་ལྡན་པ་ཞེས་བྱ་བ་ནི་ཁྲོ་བ་དང་། དཔའ་བ་དང་། སྒེག་པ་དང་། འཇིག་ས་སུ་རུང་བའི་ངང་ཚུལ་དང་ལྡན་པའོ། །དེས་ན་
རྣམ་པ་སྣ་ཚོགས་པ་སྟེ། ཞལ་བཞི་དང་ལྡན་པས་རྣམ་པར་བསྒྱུར་བའོ། །དེས་ཕབ་ནས་ཞེས་པ་ནི་དབང་དུ་བྱས་པའོ། །གྲིབ་མ་ཞེས་བྱ་བ་ནི་མཁའ་འགྲོ་མའོ། །ཐམས་ཅད་རྡོ་རྗེ་མཉམ་སྦྱོར་བ། །ཞེས་བྱ་བ་ནི་ཁྲོ་བོ་ཐམས་ཅད་དུ་མཉམ་པར་སྦྱོར་བའོ། །དེས་མཁའ་འགྲོ་མའི་དཀྱིལ་
འཁོར་འབར་བའོ། །དེས་ཅི་ཞིག་མཛད་ཅེ་ན། ཤིན་ཏུ་གདུག་ཅིང་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་འདོད་ཁྲོ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་ཁྲོ་བོའོ། །རྟག་པ་བླ་མེད་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་ཁྲོ་བོའི་སྤྲུལ་པ་ཐམས་ཅད་ཀྱིས་སོ། །ད་ནི་བཅོམ་ལྡན་འདས་
མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དུ་བསྟན་ཅིང་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུ་པདྨ་གར་གྱི་དབང་ཕྱུག་གི་དབུགས་དབྱུང་བ་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་
เล่ม ๒๗ · หน้า 72a
ཏེ། ལོག་པར་ལྟ་བ་ལ་གནས་པ་ནི་མེད་པར་ལྟ་བ་ལ་མངོན་པར་ཞུགས་པའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་སེམས་ནི་རྣམ་སྦྱང་ཕྱིར། །ཞེས་པ་ནི་ལོག་པར་ལྟ་བ་རབ་ཏུ་སྤོང་བ་སྔོན་དུ་འགྲོ་བས་སེམས་ཅན་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་
བསྐྱེད་པའི་ཕྱིར་རོ། །པདྨོ་ཆགས་པར་སྦྱོར་བས་ནི། །ཞེས་པས་ནི་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པའོ། །རྡོ་རྗེ་ཆོས་སུ་གནས་པར་གྱུར། །ཞེས་པ་ནི། འདོད་ཆགས་རྣམ་པར་དག་པས་བཞུགས་པའོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་པདྨ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །རྡོ་རྗེ་ཆོས་སུ་གནས་པར་གྱུར། །ཞེས་བྱ་བ་ལ། ལ་ལ་དག་ནི་རྡོ་རྗེ་ཆོས་ཀྱི་གཟུགས་སུ་ཡོངས་སུ་གྱུར་ནས། དེ་ནས་པདྨ་གར་གྱི་དབང་ཕྱུག་ཏུ་སྐྱེས་པ་ཡིན་ནོ་ཞེས་ཟེར་རོ། །འདོད་ཆགས་ཐམས་ཅད་དག་པས་ན། །ཞེས་བྱ་བ་ནི་ཐུགས་རྗེའི་འདོད་ཆགས་རྣམ་
པར་དག་པ་སྟེ། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་འདིའི་སྐུ་མདོག་ཀྱང་པདྨ་ལྟ་བུའོ། །གདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །ཞེས་པ་ནི་སྒེག་མོ་ལ་སོགས་པའི་གར་སྟབས་དང་ལྡན་པས་ཞལ་སྣ་ཚོགས་སུ་རྣམ་པར་བསྒྱུར་བའོ། །སྣ་ཚོགས་པ་ནི་གདུལ་བར་མོས། །ཞེས་པ་
ནི་རྣམ་པར་གཟིགས་པ་ལ་སོགས་པའི་སྤྲུལ་པ་དང་། འདུལ་བར་མཛད་པས་ན་འདུལ་བ་སྟེ། ལྟ་བ་ལ་སྤྱོད་པའི་གདུལ་བྱ་རྣམ་པ་སྣ་ཚོགས་འདུལ་བས་ན། སྣ་ཚོགས་པ་འདུལ་བར་མོས་པའི་རྒྱུར་གྱུར་པའོ། །ཀུན་ཏུ་སྤྱན་རས་གཟིགས་པ་ནི། འདོད་ཆགས་རྣམ་པར་དག་
པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྤྱན་རས་ཀྱིས་གཟིགས་པའོ། །དབང་ཕྱུག་ནི་དེ་ལ་དབང་ཐོབ་པའོ། །པདྨོ་སྒྱུ་མ་མཉམ་སྦྱོར་བའི། །ཞེས་པ་ནི། པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་ངོ་བོས་གནས་ནས། །དེས་ནམ་མཁའ་ལ་སྤྱོད་པ་འགྲུབ་པ་སྟེ། པདྨའི་སྒྱུ་མའི་མཉམ་སྦྱོར་བའི་
མཁའ་འགྲོ་མ་རྣམས་སོ། །དེ་ཉིད་ནི་སྒྱུ་མའམ། སྤྲུལ་པ་སྟེ་དེས་བདེ་བའི་དམ་པ་ཐོབ་པར་གྱུར་པའོ། །དེས་ཀྱང་ཅི་ཞིག་མཛད་ཅེ་ན། དཔལ་པདྨོ་གར་དབང་ལ་སོགས་པ་གསུངས་སོ། །རྟོག་པ་བླ་ན་མེད་ཅེས་བྱ་བ་ནི། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའོ། །རྣམ་པར་སྦྱངས་པ་
เล่ม ๒๗ · หน้า 72b
ནི་ལྟ་བ་དང་བྲལ་བར་མཛད་པའོ། །བཅོམ་ལྡན་འདས་རྣམ་པར་སྨིན་པའི་སྐུའི་ངོ་བོ་ཉིད་དུ་བསྟན་ནས་སྲེད་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་དོན་དུ་རྡོ་རྗེ་ཉི་མའི་དབུགས་དབྱུང་བ་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
ཡི་དྭགས་རྣམས་ཀྱི་ཞེས་བྱ་བ་ནི་ཡི་དྭགས་སུ་གཏོགས་པ་རྣམས་ཀྱིའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །པདྨོའི་དོན་གྱི་ཞེས་པ་ནི། འཇིག་རྟེན་ཐམས་ཅད་ཀྱི་དོན་ལ་ཡང་དག་པར་འདས་པའོ། །ནོར་ཆེན་པོ་ནི་སྔོན་གྱི་འཕེན་ཤུགས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་
བསམ་པ་ཡོངས་སུ་རྫོགས་པར་མཛད་པའོ། །རྡོ་རྗེ་ཉི་མ་བྱུང་བར་འགྱུར། །ཞེས་པ་ནི་རྡོ་རྗེ་ཉི་མ་ཉིད་དུ་ཡོངས་སུ་གྱུར་པའོ། །ནམ་མཁའི་སྙིང་པོ་ཐམས་ཅད་ཕྱོགས། །ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་སྙིང་པོའི་དབང་བསྐུར་བའི་ངོ་བོ་ཉིད་དང་། གཏེར་ཐམས་ཅད་ཀྱི་
རང་བཞིན་གྱིས་ཀུན་གྱི་རེ་བ་ཡོངས་སུ་རྫོགས་པར་མཛད་པ་དང་། རྒྱལ་མཚན་མཆོག་གི་གཟུགས་ཅན་ཡིན་པས་སོ། །བུད་མེད་ལ་སོགས་པ་རིན་པོ་ཆེ་མཆོག་ཐམས་ཅད་འབེབས་པ་ནི། མཆོད་པ་ཆེན་པོའི་ངོ་བོ་ཉིད་པས་སོ། །ཤེས་རབ་དང་སྙིང་རྗེའི་བདག་ཉིད་དེ་ཉི་མ་ལྟ་བུ་བས་ཉི་
མའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རབ་ཏུ་གདུང་བ་ཞེས་གསུངས་པས་སོ། །བྱ་བ་དང་ནི་ཞེས་པ་ནི་འཕངས་པ་སྟེ། མདའ་ལ་སོགས་པས་འཐོབ་པའོ། །བཟློག་པ་དང་ཞེས་པ་ནི་ལག་པས་འཕང་བ་འཁོར་ལོ་ལ་སོགས་པ་རྣམས་ཀྱིས་སོ། །འཕྲོག་པས་ཞེས་པ་ནི་འཕངས་
ནས་སླར་བཟུང་བ་སྟེ། ཞགས་པ་ལ་སོགས་པ་རྣམས་ཀྱིས་སོ། །སྡུད་པར་བྱེད་ཅེས་པ་ནི་འཇིག་རྟེན་གསུམ་པོ་སེར་སྣ་བྱེད་པ་ལས་རྒྱལ་ཞིང་ནོར་ཆེ་བ་ཉིད་དུ་མངོན་དུ་མཛད་ཅེས་བྱ་བའི་དོན་ཏོ། །འཇིག་རྟེན་གསུམ་རྒྱལ་ནི་རྡོ་རྗེ་ཉི་མ་སྟེ། དེ་ལ་སོགས་པའོ། །རྟོག་པ་ཐམས་ཅད་ནི་
རིན་པོ་ཆེའི་ཚོགས་རྣམས་སྤྲུལ་པས་ན། རབ་ཏུ་བསྐངས་ཞེས་བྱ་བའི་དོན་ཏེ། སྲེད་པ་རྣམ་པར་སྦྱངས་ནས་རྡོ་རྗེ་ཉི་མའི་གོ་འཕང་ཐོབ་པར་མཛད་པའོ། །ལེ་ལོ་ཅན་གྱི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་དོན་དུ་རྟ་མཆོག་ཏུ་ཉེ་བར་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་
เล่ม ๒๗ · หน้า 73a
བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་ཤིན་ཏུ་ཆུང་བ་ནི་ཤིན་ཏུ་ཡང་ལེ་ལོ་ཆེ་བའོ། །དྲག་ཤུལ་གྱི་སྦྱོར་བ་ནི་ཕ་རོལ་གནོན་པའི་རྩལ་ལོ། །དེ་རྣམ་པར་དག་པ་ནི་ལེ་ལོ་བསལ་ནས། བརྩོན་འགྲུས་ལ་རབ་ཏུ་འཇོག་པའོ། །དེའི་ཕྱིར་དྲག་
ཤུལ་གྱི་སྦྱོར་བ་རྣམ་པར་དག་པའི་ཚུལ་དུ་རྟ་མཆོག་ཏུ་བྱུང་བར་གྱུར་པ་སྟེ། རྟ་མགྲིན་ཉིད་དུ་གྱུར་པའོ། །ཐམས་ཅད་ཡང་དག་མོས་པ་ཡིན། །ཞེས་བྱ་བ་ནི་ལེ་ལོ་སྤོང་བ་སྔོན་དུ་འགྲོ་བས། བརྩོན་འགྲུས་བསྐྱེད་པར་འདོད་པས་སོ། །ངོ་མཐོན་ནི་མངོན་སུམ་དུའོ། །ཕ་རོལ་
གནོན་པའི་རྩལ་དག་གིས། །ཞེས་པ་ནི་ནུས་མཐུའོ། །བྱི་བ་ཞེས་པ་ནི་གཞན་གྱི་ཆུང་མ་ལ་ཉེ་བར་འགྲོ་བའོ། །ཆོམ་པོ་ཡིས་ཞེས་པ་ནི་མངོན་སུམ་གྱིས་འཕྲོག་པའོ། །བྲིད་པ་ཞེས་བྱ་བ་ནི་དོར་ཐབས་སོ། །སྒྱུ་དག་ཅེས་པ་ནི་མིག་འཕྲུལ་གྱིས་སོ། །དགྲ་ཆ་ལྔ་ནི་འཁྲུལ་འཁོར་གྱིས་
འཕངས་པ་ལ་སོགས་པ་སྟེ་འོག་ནས་འཆད་དོ། །དེ་རྣམས་ཀྱིས་འཐབ་པས་ན། དགྲ་ཆ་ལྔ་ཡིས་བརྒལ་བའོ། །ལྷ་མོ་བྷི་མ་ཞེས་བྱ་བ་ནི་དཀའ་ཐུབ་ཟློག་མའོ། །མིའི་དབང་ཕྱུག་མ་ཞེས་བྱ་བ་ནི་སྲེད་པ་དང་། དབང་ཕྱུག་མ་ཞེས་བྱའོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེ་
སེམས་དཔའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་རང་བཞིན་ཅན་ནོ། །སྒྲུབ་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་བསྐྱེད་པའོ། །སངས་རྒྱས་བྱང་ཆུབ་ནི་ཞི་བའི་ཆོས་ཉིད་ཐུགས་སུ་ཆུད་པའི་ངོ་བོ་ཉིད་དོ། །དེ་ལས་བསྐྱེད་པ་ནི་རྣམ་པར་སྣང་མཛད་ཡིན་ཏེ། དེ་རབ་ཏུ་
བཅོམ་པ་ནི་དྲག་པོའི་སྦྱོར་བས་སེམས་ཅན་རྣམས་རྣམ་པར་གནོན་པ་སྟེ། རང་གི་རྣལ་འབྱོར་ནི་དྲག་པོའི་སྦྱོར་བའི་བདག་ཉིད་དོ། །རྒྱས་འདེབས་པ་ནི་བརྩོན་འགྲུས་ཀྱི་སྦྱོར་བའོ། །རྟོག་པ་བླ་ན་མེད་པ་ཐམས་ཅད་ནི་རིགས་ཐམས་ཅད་ཀྱིའོ། །གཏམ་གྱི་སྦྱོར་བས་ནི་ཕྱག་རྒྱ་ཤེས་པའི་
རྟོག་པའི་འགྲེལ་པ་སྟེ། རྟོག་པ་ལྔ་པའི་འགྲེལ་པའོ།། །།ད་ནི་ཇི་སྐད་བཤད་པ་བཞིན་བསྒོམ་པས་དཀྱིལ་འཁོར་དུ་དམ་ཚིག་གསུམ་ཐོབ་པར་གྱུར་ན། འགྲུབ་པར་བསྟན་པའི་ཕྱིར་ཕྱག་མཚན་དང་། ཕྱག་རྒྱ་ལ་སོགས་ཆོ་གས་འདིར་བསྒྲུབ་པར་བྱ་བ་ཡིན་པས།
เล่ม ๒๗ · หน้า 73b
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ་ཞེས་བསྟན་པའི་ཕྱིར་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་ཀུན་སྣ་ཚོགས་ནི་ཀུན་དུ་སྣ་ཚོགས་པའི་གཟུགས་ཀྱི་ལྷ་མོས་ཉེ་བར་མཚོན་པའོ། །དེ་ཉིད་དམ་པས་ན་
མཆོག་ཏུ་གྱུར་པ་སྟེ། བླ་ན་མེད་པའི་བདེ་བ་དང་། ཡིད་བདེ་བའི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའི་རྒྱུར་གྱུར་པས་སོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །གསང་བ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་སྲིད་པ་གསུམ་དུ་རྟག་ཏུ་གནས་ནས་
བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དཔལ་ནི་དཔལ་ལྷ་མོའི་རྣལ་འབྱོར་ཅན་ནི་བུད་མེད་རྣམས་ཏེ། དེ་ཡོད་པས་ན་དཔལ་ལྡན་ཏེ། ཀུན་ནས་ཡོངས་སུ་བསྐོར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་གྱི་དངོས་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ། དེའི་ངོ་བོ་ཉིད་དུ་གྱུར་
པ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་སེམས་དཔའ་འབྱུང་བ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དང་ལྡན་པའོ། །བདེ་བ་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་རོ། །དེ་བཞིན་གཤེགས་པའི་བདག་ཉིད་ཅན་ནི་རིག་པའི་རྒྱལ་པོ་ལ་སོགས་པ་སྟེ། དེས་སྤྲས་པའོ། །དྲི་ནི་བྱུག་པའོ། །སྲིད་པ་གསུམ་
ཞེས་པ་ནི་ཁང་པ་སུམ་རྩེག་གོ། །སྐྱེད་མོས་ཚལ་ནི་འོག་ནས་འབྱུང་བའི་རང་གི་སྐྱེད་མོས་ཚལ་ལོ། །འཇམ་ཞིང་ཞེས་པ་ནི་ཤིན་ཏུ་མཉམ་པ་སྟེ། སྟན་ནང་ཚངས་ཅན་ལ་བྱའོ་ཞེས་མན་ངག་ལས་བཤད་དོ། །སྣ་ཚོགས་པདྨོ་ནི་རས་གང་ལ་པདྨ་རྣམ་པ་སྣ་ཚོགས་པ་བྲིས་པ་གང་
ཡིན་པའོ། །གཡོགས་པ་ནི་དེས་དགབ་པའོ། །ཐམས་ཅད་དག་པའི་གདན་ཞེས་པ་ནི་བདག་པོའི་གདན་ནོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བ་ནི། སྦྱོར་བའི་དཀྱིལ་འཁོར་ལ་སྦྱོར་བའོ། །དེ་ལ་དབང་ཐོབ་པས་ན་དབང་ཕྱུག་སྟེ། དེས་རྣམ་པར་འཕྲུལ་
བས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་ནི་རྡོ་རྗེ་སེམས་དཔའི་ལྷ་སྟེ་ལྷ་ཞེས་བྱ་བ་ནི་གསལ་བའམ་རོལ་པས་ན་ལྷ་སྟེ། བདེ་བའི་མཆོག་ལ་སོགས་པའོ། །དེ་ན་ཞེས་པ་ནི་གདན་ནོ། །རྣམ་པར་འཕྲུལ་བར་མཛད་ཅེས་པ་ནི་གར་བྱེད་ཅིང་བདག་གང་འབྱུང་བ་གང་ལ་སྟོན་
เล่ม ๒๗ · หน้า 74a
པའོ། །སྟན་དེ་དག་ནི་ཞེས་པ་ནི་ཐམས་ཅད་དག་པའི་གདན་ནོ། །ཐམས་ཅད་ལ་ཞེས་པ་ནི་ཀུན་ལའོ། །ཇི་ལྟར་གནས་པ་ཞེས་པ་ནི་གནས་གང་དང་གང་ཡིན་པ་དང་། ཕྱོགས་གང་དང་གང་ཡིན་པར་གཞག་པ་ནི་ཇི་ལྟར་གནས་པ་བཞིན་ཏེ། དེ་ལ་ཇི་ལྟ་བ་བཞིན་
གནས་པ་ནི་ཇི་ལྟར་བདག་ཉིད་གནས་ཕྱོགས་དང་ཕྱོགས་མཚམས་ཀྱི་མཚན་ཉིད་དེ། ཇི་ལྟར་ཞེས་པ་ནི་བདག་པོའི་སྟན་ཇི་ལྟ་བའོ། །དགོད་པ་ནི་དེར་གཞག་པ་སྟེ། སྣ་ཚོགས་པདྨའི་རས་ཀྱིས་གཡོགས་པ་དེ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ་ལྷ་མོ་ཐམས་ཅད་ལ་ཡང་དེ་ལས་ཆུང་
བའི་སྟན་བྱ་བ་ཡིན་ནོ། །གཞན་ཡང་སྣ་ཚོགས་པདྨའི་གསང་བ་ལས་བྱུང་བ་སྟེ། འདབ་མ་བརྒྱད་ཡོད་པས་ན་སྣ་ཚོགས་པ་ཡིན་ལ། དེ་ཉིད་རས་ཀྱིས་གཡོགས་པ་ཡང་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱིས་གཡོགས་པས་སོ། །འདི་ལྟ་བུ་ནི་
ཐམས་ཅད་དག་པའི་གདན་ཏེ། གང་དུ་བདག་པོ་རྣམས་ལྷ་མོ་རྣམས་དང་རྣམ་པར་རོལ་པ་ན་ཕྱི་རོལ་ཏུ་འདི་ལྟར་རྟོག་པ་ཡིན་ཏེ། དེ་རྣམས་ཀྱི་དེ་ཡང་རྟོག་པ་ཙམ་སྟེ། ལྷ་མོ་རྣམས་དང་གཉིས་ཀྱི་བར་གྱི་མཆོག་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མིང་ཡིན་པའི་ཕྱིར་རོ། །གྲུ་བཞི་
པ་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་བྱེ་བྲག་ཡིན་ནོ། །ནང་གི་ཡང་། ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཞེས་བྱ་བ་ལ་སོགས་པ་འཆད་དོ། །སྒོ་སྲུང་དང་ནི་ལྡན་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བྱིན་གྱིས་བརླབས་པའི་སྒོའོ། །དེ་ཉིད་ཀྱིས་ན་རྟ་གདོང་ལ་
སོགས་པའི་སྒོ་སྲུང་བཞི་དགོད་པ་ཡིན་ནོ། །རང་གི་ལྷ་དང་ལྡན་པའི་ཞེས་པ་ནི་ལུགས་མ་ལ་སོགས་པའི་རང་གི་ལྷའི་ཅོད་པན་ལ་སོགས་པས་བརྒྱན་པའོ། །བུད་མེད་དག་ནི་ལེགས་པར་གྲུབ། །ཅེས་བྱ་བ་ནི་བུད་མེད་ལ་རང་གི་རྒྱན་གྱིས་བརྒྱན་པའོ། །འདི་སྐད་སྟོན་པར་འགྱུར་ཏེ།
དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ། ནང་གི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པ་སྟེ། ལག་པ་གཡས་པ་ན་རྡོ་རྗེ་བསྟོད་དེ་འཛིན་པ། གཡོན་འགྱིང་བག་གིས་དྲིལ་བུ་འཛིན་པ། ཡང་གཡས་དང་གཡོན་དག་ན་མདའ་གཞུ་འདྲེན་པར་བདག་
เล่ม ๒๗ · หน้า 74b
ཉིད་ལྷག་པར་མོས་པར་གནས་པར་བྱའོ། །སྟན་དེ་ཉིད་ཀྱི་ཤར་ཕྱོགས་ཀྱི་འདབ་མ་ལ་བདེ་བའི་མཆོག་གི་རྣལ་འབྱོར་ཅན་གྱི་བུད་མེད་གཡོན་འགྱིང་བག་གིས་གཞུ་འཛིན་པ་གཡས་ཀྱིས་མདའ་འདྲེན་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་ཨ་ཧོ་སུ་ཁའི་རྣལ་འབྱོར་ཅན་གཡས་ཀྱིས་བདག་པོ་ལ་
འཁྱུད་པས་གནས་པ། གཡོན་འགྱིང་བས་བྷ་ག་དང་ལིང་ག་འཛིན་པའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་སྒྲོལ་མའི་རྣལ་འབྱོར་དང་ལྡན་པ་གཡས་ཀྱིས་སྣ་ཚོགས་རྡོ་རྗེ་འཛིན་པ། གཡོན་འགྱིང་བས་སེ་རལ་ཁའི་ཚུལ་དུ་བསྟན་པས་རྡོ་རྗེ་ཁ་ཊྭཱཾ་ག་དང་བཅས་པའི་ཀ་པཱ་ལ་ཐོགས་པའོ། །བྱང་གི་
ཕྱོགས་ཀྱི་འདབ་མ་ལ་ཤ་ཤིའི་རྣལ་འབྱོར་དང་ལྡན་པ་ལག་པ་གཡས་པས་བདག་པོ་ལ་དགའ་བས་འཁྱུད་པ། གཡོན་པ་འགྱིང་བས་ཀ་པཱ་ལ་སངས་རྒྱས་ཀྱི་སྐུ་གཟུགས་འཛིན་པ། མདོག་དཀར་པོ་འཆང་བའོ། །ནང་གི་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་རེའུ་ཆ་རྣམས་ལ་སངས་
རྒྱས་རྣམས་ཀྱི་བྱང་ཆུབ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཁམས་གསུམ་ལས་རྒྱལ་བ་དང་། འདོད་པ་ཐམས་ཅད་ཀྱི་ལྕུག་མའི་གཟུགས་ཅན་རྣམས་རིམ་བཞིན་དུ་གཡོན་ན་རང་གི་ཕྱག་མཚན་འཛིན་པའོ། །དེ་བཞིན་དུ་ཤར་ལྷོ་ལ་སོགས་པའི་རེའུ་ཆ་ལ་རྟ་གདོང་ལ་སོགས་
པའི་གཟུགས་ཅན་བཞི་པའོ། །དེའི་ཕྱི་རོལ་གྱི་རེའུ་མིག་རྡོ་རྗེ་ཐིག་གི་ནང་གི་མཚམས་རྣམས་སུ་གླིང་བུ་ལ་སོགས་པའི་གཟུགས་རྣམས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་མེ་ཏོག་མ་ལ་སོགས་པའི་རྣལ་འབྱོར་པ་མ་གཏོགས་སོ། །ཤར་ལ་
སོགས་པའི་སྒོ་རྣམས་སུ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་འཛིན་པ་རྣམས་དགོད་དོ། །བདེ་མཆོག་ལ་སོགས་པ་བཞིའི་གདན་ནི་སྣ་ཚོགས་པདྨ་བྱའོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་རྣམ་པར་སྣང་
མཛད་ཀྱི་སྐུ་དང་ལྡན་པར་དགོད་དོ། །གདན་དེ་ཉིད་ཀྱི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་ལྷུང་བཟེད་དང་། ཆོས་གོས་དང་། ཁར་གསིལ་དང་། དམ་པའི་ཆོས་ཀྱི་གླེགས་བམ་གྱི་ཕྱག་རྒྱ་རྣམས་རིམ་པས་དགོད་དོ། །ཤར་ལ་སོགས་པའི་རེའུ་ཆ་རྣམས་ལ་སངས་
เล่ม ๒๗ · หน้า 75a
རྒྱས་ཀུན་བརྗོད་མ་ལ་སོགས་པ་བཞི་པོ་འོག་ནས་འཆད་པའི་རང་གི་ཕྱག་མཚན་རྣམས་འགྱིང་བ་དང་བཅས་པར་འཛིན་ཅིང་ཁུ་ཚུར་གཡོན་པ་ལག་པ་གཡས་པས་བཀབ་ནས་གནས་པའོ། །མེ་ལ་སོགས་པའི་མཚམས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་
ལ་སོགས་པ་བཞི་པའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པའི་ལྷ་རྣམས་ཀྱི་སྐུ་དགོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །རྟོག་པ་ཐམས་ཅད་རབ་ཏུ་བསྒྲུབ། །ཅེས་གསུངས་པས་སོ། །ལྷ་དེ་དག་ཐམས་ཅད་ཀྱང་གདན་
ནི་སྣ་ཚོགས་པདྨ་བྱའོ། །དེ་བཞིན་དུ་ཧེ་རུ་ཀ་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་གདན་གྱི་ངེས་པ་རྣམས་ཤེས་པར་བྱའོ། །ཧེ་རུ་ཀའི་དཀྱིལ་འཁོར་དུ་ཡང་ནང་གི་དཀྱིལ་འཁོར་གྱི་དབུས་སུ་ཧེ་རུ་ཀའི་སྐུ་ཞལ་བཞི་པ། ཕྱག་རྒྱ་གཉིས་པ་ཕྲག་པ་གཡོན་པར་རྡོ་རྗེ་ཁ་ཊྭཱཾ་ག་དྲིལ་བུ་དང་
བཅས་པ་སེ་རལ་ཁའི་ཚུལ་དུ་འཛིན་པ། ཁ་ཊྭཱཾ་ག་བརྟེན་པའི་ཕྱག་གཡོན་གྱིས་མ་ཧཱ་རཀྟས་བཀང་བའི་ཀ་པཱ་ལའི་བུམ་པ་ཐོགས་པ་གཡས་ཀྱིས་བ་དན་གསུམ་པའི་ཚུལ་གྱི་རྡོ་རྗེ་རྩེ་ལྔ་པའི་འབར་བའི་ཕྲེང་བ་ཅན་འཛིན་པ་གོས་ཆེན་པོ་བླ་གོས་སུ་གྱོན་པར་དགོད་དོ། །ཤར་ལ་སོགས་པའི་
འདབ་མ་རྣམས་ལ་རྡོ་རྗེ་འབར་བ་དང་། རྡོ་རྗེ་ཁ་ཊྭཱཾ་ག་དང་། མ་ཧཱ་རཀྟས་བཀང་བའི་ཀ་པཱ་ལའམ་ཁམ་ཕོར་དང་། མ་ཧཱ་མཾ་ས་ཞེས་བྱ་བ་དྲག་པོས་རྙེད་པ་རྣམས་དགོད་དོ། །བསྒྲུབ་པའི་ཡང་རྡོ་རྗེ་འབར་བ་ཐོགས་པར་བྱའོ། །ལྷག་མ་རྣམས་ནི་ཇི་ལྟར་མོས་པ་བཞིན་དུ་བསྒྲུབ་བོ། །
བཅོམ་ལྡན་འདས་ཀྱི་ཤར་གྱི་རེའུ་ཆ་ལ་དཀར་མོ་གདོང་བཞི་པ་ཚངས་པའི་མགོ་བོ་འདབ་བཞི་བཙུགས་པ་ཐོགས་ནས་གཡོན་བརྐྱང་ནས་འདུག་པའོ། །ལྷོར་རྐུ་བྱེད་མ་གཡོན་ཁྲོ་བོའི་ཁུ་ཚུར་གྱིས་སྙིང་གར་ལྕགས་ཀྱུ་འཛིན་པ། གཡས་ཀྱི་གུང་མོའི་རྩེར་འཁོར་ལོ་རྩིབས་བརྒྱད་པ་
འཛིན་པ། ཁམས་གསུམ་གནོན་པའི་ཕྱིར་རྐང་པ་གཡོན་པ་འདེགས་པས་གནས་པའོ། །རྒྱབ་ཏུ་རབ་རྨོངས་མ་ཕག་གི་མགོ་ཅན་ཆང་སྣོད་ཐོགས་པས་བཟློག་པའི་ཕྱིར་གཡོན་བརྐྱང་པས་གནས་པའོ། །གཡོན་དུ་རོ་ལངས་མ་བདུད་རྩིའི་བུམ་པ་དཀར་པོས་དབང་བསྐུར་ཞིང་
เล่ม ๒๗ · หน้า 75b
གནས་པའོ། །ཤར་ལྷོར་སྦོས་བྱེད་མ་ལག་ན་ལྕུག་མ་ཐོགས་པ་དུར་ཁྲོད་ན་གར་བྱེད་པར་གནས་པའོ། །ལྷོ་ནུབ་ཏུ་གཏུམ་མོ་ལག་ན་བ་དན་ཐོགས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པས་གནས་པའོ། །ནུབ་བྱང་དུ་སྨེ་བ་ལག་ན་མེ་ཐབ་འབར་བ་ཐོགས་པ་གཡས་བརྐྱང་བས་གནས་
པའོ། །ཐལ་བ་རབ་ཏུ་འཇིག་པ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ལས་འདིར་ཡང་དེ་རྣམས་ཤིན་ཏུ་འདུག་པའི་གནས་པས་དེ་རྣམས་ཉིད་ཀྱི་གནས་གཞག་པར་བྱའོ། །པདྨའི་དབང་ཕྱུག་གི་དཀྱིལ་འཁོར་ལ་ཡང་སྣ་ཚོགས་པ་དང་། དམར་པོ་དང་། ལྗང་གུ་དང་།
དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། ལེ་བརྒན་གྱི་པདྨ་ལ་པདྨས་མཚན་པའི་རྡོ་རྗེ་ལ་སོགས་པ་ཡང་ཕྱག་གི་རྩེ་མོར་ཐོགས་ནས་ལག་པ་བརྐྱང་སྟེ་འཁོར་ལོར་བྱས་པས་གར་མཛད་པ། གཡོན་དཀུར་བརྟེན་པས་སྣ་ཚོགས་པདྨ་འཛིན་པ། ཕྱག་གཡས་པས་སྙིང་གར་
ཁ་འབྱེད་པ་ཤེལ་གྱི་མདོག་ཅན་འབར་བ་སྣ་ཚོགས་པ། འཁྲུག་པའི་འོད་ཀྱི་དཀྱིལ་འཁོར་ཅན་དུ་དགོད་དོ། །སྒྲུབ་པ་པོ་ཡང་གཡོན་དཀུར་བརྟེན་པས་པདྨ་འཛིན་པ་ལ། གཡས་ཀྱིས་སྙིང་གར་འབྱེད་པའོ། །ལྷག་མ་རྣམས་ནི་ཇི་ལྟར་མོས་པ་བཞིན་དུ་བསྒྲུབ་པར་བྱའོ། །
ལྷོ་ཕྱོགས་ཀྱི་རེའུ་ཆ་ལ་རྣམ་པར་གཟིགས་མ། པདྨ་དམར་པོ་ཁ་དབྱེ་བ་བསྐོར་བའི་ཚུལ་གྱིས་འཛིན་པའོ། །ལྷོ་ཕྱོགས་ཀྱི་རེའུ་ཆ་ལ་སྒྲོལ་མ་ལག་པ་གཡོན་པས་པདྨ་ལྗང་གུ་འཛིན་ཅིང་། ལག་པ་གཡས་པ་ཁུ་ཚུར་སྙིང་གར་བསྟོད་ནས་འཇོག་པའོ། །ནུབ་ཕྱོགས་ཀྱི་
རེའུ་ཆ་ལ་རྒྱན་ཅན་མ་གཡོན་གྱིས་པདྨ་དཀར་པོ་འཛིན་པ། ལག་པ་གཡས་ཀྱིས་འཁོར་ལོ་རྩིབས་བརྒྱད་པ་བསྟོད་དེ་འཛིན་པའོ། །བྱང་གི་རེའུ་ཆ་ལ་ཁྲོ་གཉེར་མ་གཡོན་ན་ཨུཏྤལ་སྔོན་པོ་འཛིན་པ་གཡས་ན་བ་དན་གསུམ་པས་གར་བྱེད་ཅིང་མདུང་ཐོགས་པའོ། །ཤར་ལྷོའི་རེའུ་
ཆ་ལ་པདྨོ་གནས་མ་གཡོན་ན་པདྨ་དཀར་པོ་འཛིན་པ། གཡས་ཀྱིས་གར་བྱེད་པའི་ཚུལ་གྱིས་ཆུ་སྲིན་གྱི་རྒྱ་མཚན་འཛིན་པའོ། །ལྷོ་ནུབ་ཀྱི་རེའུ་ཆ་ལ་རྡོ་རྗེ་པདྨའི་དབང་ཕྱུག་མ་གཡོན་ན་པདྨ་ལེ་བརྒན་ཐོགས་པ། གཡས་ན་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྟོད་ནས་འཛིན་པའོ། །
เล่ม ๒๗ · หน้า 76a
ནུབ་བྱང་དུ་པདྨ་གཏུམ་མའི་དབང་ཕྱུག་མ་ནི་གཡོན་འགྱིང་བས་པདྨ་འཛིན་པ། གཡས་ཀྱིས་རྩེ་གསུམ་གར་བྱེད་པས་འཛིན་པའོ། །བྱང་ཤར་དུ་སྣ་ཚོགས་པདྨ་གཡོན་འགྱིང་བས་སྣ་ཚོགས་པདྨ་འཛིན་པ། གཡས་ཀྱིས་འཁོར་ལོ་རྩིབས་བརྒྱད་འཛིན་
པའོ། །དེ་དག་ཐམས་ཅད་ཀྱང་གཡོན་པ་འགྱིང་བག་དང་བཅས་པས་རང་གི་པདྨ་ཇི་ལྟ་བ་བཞིན་དུ་འཛིན་པར་བྱའོ། །ལྷག་མ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ལས་འདིར་ཕྱག་མཚན་པདྨས་མཚན་པས་གཞག་པར་བྱའོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་ཡང་དབུས་
སུ་བཅོམ་ལྡན་འདས་སྐུ་མདོག་དམར་པོ་ལ་གཡོན་ན་གཞུ་འཛིན། གཡས་ན་མདའ་གསོར་བ། ཡང་གཡོན་ན་དཀྱིལ་འཁོར། གཡས་ན་རལ་གྲི་བསྣམས་པར་དགོད་དོ། །སྒྲུབ་པ་པོ་ཡང་ཉི་མའི་དཀྱིལ་འཁོར་ཐོགས་པའོ། །ལྷག་མ་རྣམས་ཀྱང་ཇི་ལྟར་མོས་པ་
བཞིན་དུ་བསྒྲུབ་པར་བྱའོ། །ཤར་ལ་སོགས་པ་རེའུ་ཆ་རྣམས་ལ་དབང་བསྐུར་མ་ལ་སོགས་པ་རིན་པོ་ཆེའི་ཅོད་པན་དང་། གཏེར་གྱི་བུམ་པ་དང་། རྒྱལ་མཚན་དང་། མེ་ཏོག་ལ་སོགས་པས་བཀང་བའི་མཆོད་པའི་སྣོད་རྣམས་ལག་ན་ཐོགས་པའོ། །ཤར་ལྷོ་ལ་
སོགས་པའི་མཚམས་ཀྱི་རེའུ་ཆ་རྣམས་སུ་ཡང་ཕྱག་མཚན་དེ་དག་ཉིད་དོ། །ལྷག་མ་ནི་དེ་དག་སྔར་བཤད་པ་ལས་འདིར་རིན་པོ་ཆེས་མཚན་པ་ཕྱག་མཚན་འཛིན་པར་བྱའོ། །དེ་དག་ཉིད་དང་དཀྱིལ་འཁོར་གཞན་དག་གི་དབུས་སུ་ནི་དཔལ་རྟ་མཆོག་གི་སྐུ་ཕྱག་བཞི་པ་
ཞབས་བཞི་པ་སྟེ། དེ་ཡང་གཡོན་གྱི་ཁུ་ཚུར་གྱིས་སྣ་ཚོགས་པདྨ་འཛིན་པ། གཡས་ཀྱི་བ་དན་གསུམ་པའི་ཚུལ་གྱིས་སྣ་ཚོགས་རྡོ་རྗེ་བཏེག་ནས་འཛིན་པའོ། །ཡང་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་མཚན་དག་ལས་ཅི་འདོད་པ་ཐོགས་པར་དགོད་པར་
བྱའོ། །སྒྲུབ་པ་པོ་ཡང་སྣ་ཚོགས་རྡོ་རྗེ་ཐོགས་པར་བྱའོ། །ལྷག་མ་རྣམས་ནི་ཇི་ལྟར་མོས་པ་བཞིན་བསྒྲུབ་པར་བྱའོ། །དེ་དག་ནི་རང་གི་ཕྱག་རྒྱས་མཚན་པའོ། །དེས་སྐལ་བ་བཟང་པོ་དང་ལྡན་པས་སྐལ་བ་བཟང་ངོ་། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་མཛའ་བའི་
เล่ม ๒๗ · หน้า 76b
འདུས་པའོ། །བརྟག་པར་བྱ་བ་ནི་བསྐྱེད་པར་བྱ་བའོ། །གྲུབ་པ་ཞེས་བྱ་བ་ནི་སྔགས་ཀྱིས་དྲངས་པའོ། །ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རྣམ་པའི་ཆ་ཤས་ཀྱི་རང་བཞིན་གྱི་ཆུའོ། །དེ་ཡང་རྡོ་རྗེ་དང་བཅས་པ་ནི་རྡོ་རྗེ་བྱིན་གྱིས་བརླབ་པའོ། །མཚལ་ཆེན་པོ་ནི་ཁྲག་ཆེན་པོའོ། །
བསྒྲུབས་པ་ནི་སྔགས་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་བསྔགས་ཏེ་ཞེས་བྱ་བའི་བར་དུའོ། །མཐུ་ཡིས་ཞེས་པ་ནི་ཆེ་བའི་བདག་ཉིད་དུ་གྲུབ་པའོ། །རབ་ཏུ་བསྒྲུབ་པ་ནི་སྔ་མ་བས་ཀྱང་མཆོག་ཏུ་གྱུར་པ་སྟེ། སྟོབས་དང་ལྡན་པས་ནི་དང་པོ་བླང་ངོ་། །སྟོབས་མེད་པས་ནི་གཞན་
དག་གོ་པདྨའི་སྣོད་ཅེས་བྱ་བ་ནི་ཐོད་པའོ། །དེ་ཉིད་རབ་ཏུ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་ཆགས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐུགས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་རྒྱུ་མཐུན་པ་རྡོ་རྗེ་སེམས་དཔའི་སྟེ།
དེའི་ཁུ་བ་རྡོ་རྗེ་སེམས་དཔའི་ངོ་བོ་ནི་ཁྲག་གོ། །དེ་བས་དེའི་སྔགས་ལ་སོགས་པས་མངོན་པར་འདུས་བྱས་པར་གྱུར་པ་ནི། མཚལ་ཆེན་པོ་ནི་སྒྲུབ་པ་དག་ཅེས་བྱ་བའམ། གང་འདི་སྔགས་ཀྱི་ཡི་གེར་བྱས་ལ་ནང་དུ་བསྟིམ་པ་སྔོན་དུ་སོང་བས་ཤེས་རབ་དང་ཐབས་ལས་བྱུང་
བ་ཇི་ལྟ་བར་ངེས་པར་འབྱིན་པ་འདི་ནི་མཚལ་ཆེན་པོ་ཉིད་དུ་བསྒྲུབས་པའོ། །དེ་ཉིད་རིམ་པ་སྔ་མས་མངོན་པར་འདུས་བྱས་པ། རྡོ་རྗེ་མཆུ་ཡིས་ཞེས་བྱ་བ་དམར་ཆེན་པོ་ག་པུར་དང་ཙནྡན་དང་བཅས་པར་སྦྱར་ལ་གང་གི་ཚེ། ཚོགས་ཀྱི་དཀྱིལ་འཁོར་དུ་བཞག་པ་དེའི་ཚེ་ནི་ར་ས་ཡ་ན་
ཀུན་སློང་བ་ཞེས་བྱའོ། །ཞི་བའི་བཏུང་བ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཞི་བའི་སྦྱོར་བ་རྣམས་གྱིས་ལན་གསུམ་དུ་བྱས་ལ་མྱོང་བར་བྱེད་པ་དེ་བཞིན་དུའོ། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ར་ས་ཡའི་བདེ་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཀྱི་ར་ས་ཡ་ནའི་བདེ་བས་སོ། །འདིས་
ཞེས་བྱ་བ་ནི་བཤད་མ་ཐག་པ་སྟེའོ། །རྡོ་རྗེ་སེམས་དཔའི་ཚེ་ལ་སོགས་པ་ནི་ལྷ་མོ་བཞིའི་བདག་ཉིད་ཀྱི་དངོས་གྲུབ་པོ། །འདུས་པ་ནི་དཀྱིལ་འཁོར་རོ། །དེར་སྦྱོར་བས་ཞུགས་པ་ནི། འདུས་པ་དེར་ནི་ཞུགས་པ་དག །ཅེས་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་གསུངས་
เล่ม ๒๗ · หน้า 77a
པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཁྲུས་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློང་བས་ཞེས་བྱ་བ་ནི། སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ཞེས་བྱ་བ་ལ་སོགས་པའི་གླུ་ཡིས་སོ། །དལ་གྱིས་སུ་ཞེས་བྱ་བ་ནི་རིམ་གྱིས་སོ། །
གོས་དགབ་པ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་གོས་ཀྱིས་གཡོགས་པའི་ཚུལ་གྱིས་སོ། །བདག་གིས་འབྱུང་བ་བསྐུལ་བར་བྱ་བ་ནི་བདག་ཉིད་ཀྱི་ལྷའི་སྐུར་ཐམས་ཅད་འབྱུང་བའི་སྦྱོར་བས་བསྒོམ་པའོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་སྟན་ལ་སྐྱིལ་མོ་ཀྲུང་གིས་
རྡོ་རྗེ་དང་དྲིལ་བུར་ལྡན་པར་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དགོད་ལ། སྟོང་པ་ཉིད་དུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་ནས། བདག་ཉིད་ནམ་མཁའ་དང་འདྲ་བར་བལྟས་ལ། དེ་ཉིད་ཟླ་བའི་དཀྱིལ་འཁོར་འདྲ་བར་བྱས་ནས།
སྙིང་པོ་བརྗོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་སེམས་དཔར་གྱུར་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད། རང་གི་དམ་ཚིག་གི་ཕྱག་རྒྱས་ཀྱང་ས་མ་ཡོ་ཧཾ། །ཞེས་བརྗོད་དེ། དེ་ཉིད་ལ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་མཱཾ། ཞེས་བྱ་བའི་སྙིང་པོ་ལ་སོགས་པས་
བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདེ་བ་ཞེས་བྱ་བ་ལ་སོགས་པའི་རང་གི་གླུ་དང་གར་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་བ་འདི་ནི་བདག་འབྱུང་བ་རྣམ་པ་གཅིག་གོ། །ཡང་དཀྱིལ་འཁོར་དུ་བཅོམ་ལྡན་འདས་གསང་བའི་ལྕགས་ཀྱུ་ཡི་གེ་ཧཱུཾ་དང་ལྡན་པས་
སྤྱན་དྲངས་ལ། ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་བྱས་ལ་གསང་བའི་མཆོད་པ་སྔོན་དུ་འགྲོ་བའི་དེ་ཁོ་ན་ཉིད་ལ་སོགས་པ་བྱས་པའི་རྡོ་རྗེ་བཟུང་བ་བྱས་ནས་ནམ་མཁའ་ལ་འདུག་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་པ་ཉིད་དུ་བྱས་ལ།
འོག་ཏུ་ཡི་གེ་ཧཱུཾ་ལས་རྡོ་རྗེར་བསམས་ལ། དེ་ལས་ནམ་མཁའི་ཁམས་ཀྱི་མཐས་ཀླས་པའི་རྡོ་རྗེ་བྱུང་ལ། དེ་ཡོངས་སུ་རྫོགས་པ་ལས་ཡང་སྣ་ཚོགས་པ་རྣམ་པར་བསམས་ལ། སྙིང་པོ་གདོན་པས་རྡོ་རྗེ་ཁ་ཐུར་དུ་བལྟས་པས་ས་ལ་བཞག་ནས་ནམ་མཁའ་ཐམས་ཅད་ཀྱི་
เล่ม ๒๗ · หน้า 77b
གནས་ལ་རབ་ཏུ་གནས་པར་གྱུར་པ་རྣམས། ཨ་ནུ་རཱ་ག་ཡ་ཧཱུཾ། ཞེས་བརྗོད་ཅིང་དེ་ལྟར་མོས་པས་སྣ་ཚོགས་པའི་པདྨའི་གདན་བསྐྱེད་ལ། དངོས་པོའི་སྦྱོར་བ་ལ་སོགས་པའི་གོ་རིམས་ཇི་ལྟ་བས་རྟག་པར་གྱུར་ནས་ཡང་བདག་ཉིད་ཀྱིས་གཏམ་གྱི་ཕྱག་རྒྱ་དང་རྗེས་སུ་
མཐུན་པས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་བལྟས་ནས། དེ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རང་གི་སྙིང་གའི་རྡོ་རྗེ་སེམས་དཔའ་བསམས་ལ། དཔལ་རྡོ་རྗེ་སེམས་དཔའི་བདེ་བ་ཞེས་བྱ་བ་ལ་སོགས་པའི་གླུས་ཡང་དག་པར་བསྐུལ་ན་རྡོ་རྗེ་སེམས་དཔར་
འགྱུར་རོ། །དེ་ལྟར་དང་པོའི་སྦྱོར་བ་དང་ལྡན་པ་ལ་སྟོང་པ་ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བའི་ཕྱིར་རང་གི་སྙིང་པོ་བརྗོད་པས་བདག་ཉིད་ཀྱི་སྙིང་ག་ལས་ལྷ་མོའི་ཚོགས་རྣམས་ཕྱུང་སྟེ། རང་གི་བདག་པོའི་གླུའི་རྗེས་སུ་འགྲོ་བའི་ཕྱག་རྒྱ་ཆེན་པོ་རྣམས་
ཀྱིས་རང་གི་གནས་སུ་ངེས་པར་འཇོག་པ་འདི་ནི་རྣམ་པ་གཉིས་སོ། །ཡང་ལ་ལ་དག་ནི་ཡི་གེ་ཧོ་དམར་པོ་འབར་བའི་བར་དུ་བཅུག་པའི་ཡི་གེ་ཧཱུཾ་གི་བདག་ཉིད་ཅན་རང་གི་སེམས་ཙམ་གྱིས་སྦྱོར་བའི་བདག་ཉིད་ཀྱི་ཕྱག་རྒྱ་ཉིད་བཀུག་ནས་ཟླ་བའི་དཀྱིལ་འཁོར་ཞུ་བར་གྱུར་པའི་འཁོར་
ལོས་སྒྱུར་བ་ཆེན་པོ་ལས་རང་གི་སྔགས་ཀྱི་རང་གི་ལྕགས་ཀྱུས་བཀུག་ནས་ཞུགས་ནས་ཕྱོགས་བཅུ་ཐམས་ཅད་ཀྱི་སྟོབས་བཅུ་དང་ལྡན་པའང་ཞུགས་པར་བྱས་ལ། དེ་རྣམས་བདེ་བའི་མཆོག་ལ་སོགས་པའི་གཟུགས་སུ་གྱུར་ཏེ། སློང་བ་དང་ཡང་དག་པར་བསྐུལ་བ་ལ་
སོགས་པ་མངོན་པར་འགྲོ་བས་རང་གི་ལྷ་མོ་བཞི་རྣམས་ཀྱིས་ཇི་ལྟ་བར་བསྐུལ་བས་བདག་འབྱུང་བར་གྱུར་པ་ལ་ལྷ་རྣམས་འབྱིན་པ་ཡང་སྙིང་གའི་རྡོ་རྗེའི་ལྟེ་བར་གནས་པའི་རང་གི་རིག་པ་དང་གཉིས་སུ་མེད་པར་གྱུར་པའི་བདག་པོའི་མཐར་ཐུག་པའི་བྱང་ཆུབ་ཀྱི་སེམས་གོས་
དང་འདྲ་བ་ལས་འབྱུང་བར་བལྟ་བར་བྱའོ་ཞེས་ཟེར་རོ། །རྫོགས་པའི་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་ཉིད་འཆར་བར་བྱེད་པས་ན་ཉི་ཟླའོ། །ངེས་པའི་ལམ་ནི་གླུའི་ཆ་མ་ཏྲ་ཕྱེད་ཙམ་པའི་ཆ་སྟེ། ཅི་རིགས་པར་རིངས་པ་དང་། བར་མ་དང་། བརྡལ་
เล่ม ๒๗ · หน้า 78a
བས་ངེས་པར་འཇུག་པ་ནི་རྣམ་པར་འདས་པའོ། །བརྟན་ཞིང་གྲུབ་པ་སློང་བྱེད་པ། །ཞེས་བྱ་བ་ནི་དང་པོ་རབ་ཏུ་རྩོམ་པར་བྱེད་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་ལ་སོགས་པ་བརྟན་པ་སར་པ་སློང་བར་བྱེད་པ་ནི་བརྟན་པ་ཞེས་བྱ་སྟེ། གླུ་བཟང་བ་གང་དང་གང་རྩོམ་
པར་བྱེད་པ་ལ་བྱའོ། །དེ་སྐད་དུ་བརྟན་པ་ལ་སོགས་པའི་གླུ་བླང་བར་བྱའོ་ཞེས་བཤད་པས་སོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཐམས་ཅད་དང་སྟོང་པ་ཉིད་ཀྱི་རོ་ངེས་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཀྱེ་ཉིད་
ལ་ངེས་པར་སྦྱོར་བ་ཅན་སེམས་ཅན་གྱིས་ཡོངས་སུ་བརྟགས་པའི་གཟུང་བ་དང་། འཛིན་པ་གང་ཡིན་པ་དེ་རྣམས་མེད་པས་སྟོང་པའོ། །མཐུ་ནི་དེ་ལ་དམིགས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ། དེ་རྣམས་ཀྱིས་ནམ་མཁའ་ཉིད་དུ་ཉེ་བར་གནས་པ་སྟེ། ཐབས་དང་
ཤེས་རབ་གཉིས་སུ་མེད་པར་གྱུར་པས་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་འཐོབ་པའོ་ཞེས་ལ་ལ་དག་འདོད་དོ། །དེ་ལ་དམ་ཚིག་ནི་དེ་ཉིད་འདའ་བར་མི་བྱ་བ་ཡིན་པས་སོ། །དེ་ལྟར་གྱུར་པའི་བདེ་བར་གཤེགས་པ་ནི་རྡོ་རྗེ་སེམས་དཔའོ། །བདེ་བར་གཤེགས་པ་ཞེས་པ་ནི་རྟག་པ་ལ་
སོགས་པའོ། །བཞེངས་སུ་གསོལ་ཞེས་པ་ནི། རྣལ་འབྱོར་དང་རྗེས་སུ་མཐུན་པའི་ཚུལ་དུ་འཇུག་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ལ་ཀྱེ་དཔལ་རྡོ་རྗེ་སེམས་དཔའ་བདག་ཉིད་བསྒྲུབས་པ་སྐལ་བ་བཟང་པོ་ཁྱོད་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་མདོར་བསྡུས་པས་རང་གི་འབྱུང་
བ་སྟོན་ཏོ། །ཤིན་ཏུ་མྱ་ངན་ཡོངས་འདས་པ། །ཞེས་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཡང་སྲིད་ཅེས་པ་ནི་འཁོར་བའོ། །ལམ་བཞི་ནི་བསྟན་པ་དང་། སྣ་ཚོགས་དང་འགྱུར་བ་དང་། གཡས་པ་ཞེས་བྱ་བ་ནི་གླུའི་ཡན་ལག་བཞི་སྟེ། མ་ཏྲ་ཕྱེད་དང་།
གཉིས་དང་བཞི་དང་བརྒྱད་ཀྱི་ཆས་རིམ་བཞིན་ཤེས་པར་བྱའོ། །སྣ་ཚོགས་འབྲང་བ་ཞེས་པ་ནི་སྣ་ཚོགས་ཀུན་དུ་བརྐྱང་ཞིང་མངོན་དུ་བྱས་པ་སྟེ། གནས་འདིས་ནི་སྣ་ཚོགས་པར་འབྲངས་པའོ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་
เล่ม ๒๗ · หน้า 78b
པས་སོ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ་ནི་ཧེ་རུ་ཀའི་བདག་ཉིད་པས་སོ། །འཇིག་རྟེན་གསུམ་ལ་སྦྱིན་པ་སྦྱིན་པ་ནི་རྡོ་རྗེ་ཉི་མའི་ངོ་བོ་ཉིད་པས་སོ། །འཇིག་རྟེན་གསུམ་པོ་བདག་ལ་སྒྲུབས་པ་ཞེས་བྱ་བ་པདྨ་གར་གྱི་དབང་ཕྱུག་ཉིད་དུ་མངོན་དུ་མཛོད་ཅིག་པའོ། །དེ་དག་
འབྱིན་པའི་འབྲས་བུ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཐམས་ཅད་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ཀུན་དུ་སྦྱོར་བ་ནི་ཐམས་ཅད་སྦྱོར་བའོ། །དེ་ཉིད་ཐམས་ཅད་དུ་སྣ་ཚོགས་པའི་སྐལ་བ་བཟང་པོའོ། །ཨ་ར་ལི་ཀུན་ནི་རྡོ་རྗེ་
སེམས་དཔའོ། །འགྲུབ་པར་འགྱུར་བ་ནི་མངོན་སུམ་དུ་འགྱུར་བ་སྟེ། དེ་ཉིད་དམ་རྣལ་འབྱོར་པ་ལྷ་མོ་ཐམས་ཅད་དང་ལྡན་པའི་ཨ་ར་ལི་ཀུན་ནི་རྡོ་རྗེ་སེམས་དཔའོ། །གྲུབ་པར་འགྱུར་བ་ནི་སྐྱེ་བའོ། །བདག་གི་དོན་ཕུན་སུམ་ཚོགས་པ་སྔོན་དུ་འགྲོ་བ་བསྟན་ནས་ལན་ཅིག་ཅེས་
བྱ་བ་ལ་སོགས་པ་བསྐུལ་བའི་ཚིག་གཉིས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། གཞན་ཡང་འདིས་ནི་ཤིན་ཏུ་སྦྱོར་བའི་སྒྲུབ་པ་ཉིད་ཀྱང་བསྟན་པའི་ཕྱིར། བསྟན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་འབྲང་བ་ཞེས་བྱ་བ་ནི་ཤིན་ཏུ་
སྦྱོར་བས་སོ། །དེ་ནས་ཞེས་བྱ་བ་ནི་བསྐུལ་བ་བྱས་པའི་བསྒོམ་པའི་དུས་སུ་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་འདུག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་བདག་ཉིད་ལ་རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པའི་དམ་པ་དེ་ཁོ་ན་ཉིད་ཀྱིས་བསྐུལ་བར་བྱའོ། །རྗེས་སུ་ཆགས་
པ་ནི། སོ་སོར་རིག་པས་རྗེས་སུ་ཆགས་པ་སྟེ། བདེ་མཆོག་གོ། །དགའ་བ་ནི་འཁྱུད་པའི་བདེ་བ་དང་ལྡན་པ་སྟེ་ཨེ་མ་བདེ་བའོ། །པདྨ་རྣམ་པར་དག་པ་ནི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བ་སྟེ་སྒྲོལ་མའོ། །མཆོད་པ་ནི་དབང་ཕྱུག་ཆེན་པོ་ཐམས་ཅད་རབ་ཏུ་ཐོབ་
པ་སྟེ་ཤི་ཤིའོ། །དེ་དག་ནི་རྣམ་པར་ཞི་ཞིང་སྣ་ཚོགས་པ་རྣམ་པ་དུ་མ་ཡིན་པས་ན། རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་རྣམ་པར་དག་པའི་མཆོད་པའོ་ཞེས་པའི་ཚིག་རྣམ་པར་སྦྱར་ཏེ། དེ་ལྟ་བུའི་རྗེས་སུ་ཆགས་པའི་རྣམ་པ་མང་པོའི་དགའ་བའི་པདྨོ་རྣམ་པར་
เล่ม ๒๗ · หน้า 79a
དག་པའི་མཆོད་པ་དེ་རྣམས་ཀྱིས་ཁྱེད་ལ་གསལ་ཞིང་མངོན་པས་རྗེས་སུ་མཆོད་པ་བྱས་པའོ། །ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། མཆོག་ཏུ་རྟག་པའི་རྣལ་འབྱོར་ཏེ། མཆོག་ཏུ་ཕུལ་ཏུ་བྱུང་ཞིང་རྒྱུན་མི་འཆད་པར་སྦྱོར་བའི་བདེ་བའི་བདག་ཉིད་རྣམས་ཀྱིས་བདེ་
བའོ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་བས་གྲུབ་པར་མཛོད་ཅིག་ཅེས་བྱ་བ་ནི་གསོལ་བ་འདེབས་པའོ། །མཆོག་ཏུ་བདེ་བའི་ངོ་བོ་ཉིད་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །དམ་ཚིག་ནི་འདའ་བར་མི་བྱའོ། །མཆོག་ཏུ་བདེ་བའི་ཤིན་ཏུ་རྣལ་འབྱོར་ནི་མཆོག་ཏུ་བདེ་བའི་རྒྱུར་གྱུར་པ་སྟེ། དེས་བདག་
ཉིད་བསྒྲུབས་ཤིང་མཆོག་ཏུ་བདེ་བ་མངོན་པར་འབྱོར་པས་ན་སྐལ་བཟང་ངོ་། །ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་མཆོག་སྟེ། ཤིན་ཏུ་ཡང་བསྟོད་ཅིང་དོན་ཐམས་ཅད་དགའ་བས་དགྱེས་པའོ། །རོལ་ཅིག་པ་ནི་གསོལ་བ་འདེབས་པའོ། །ཡང་རོལ་ཅིག་པ་ནི་ཤིན་ཏུ་ཡིད་དུ་འོང་བའོ། །
ཧོ་ནི་རྗེས་སུ་ཆགས་པས་སོ། །གང་དང་རོལ་ཅེ་ན། རང་གི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་དམ་ཚིག་ཅེས་བྱ་བ་ནི་བདེ་བའི་མཆོག་གོ། །སྐྱོན་མེད་ཅེས་པ་ནི་ཨེ་མའོ་བདེ་བའོ། །རྟག་པ་ནི་སྒྲོན་མའོ། །དམ་ཚིག་དེ་ཉིད་ནི་ཤི་ཤིའི་དབང་དུ་མཛད་ནས་གསུངས་
པའོ། །མཆོག་ཏུ་གསང་བའི་ཞེས་བྱ་བ་ནི་སྦྱོར་བའི་མཚན་ཉིད་དོ། །བདག་པོ་ནི་རབ་ཏུ་གསང་བ་དེ་ལ་དབང་བའོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། རབ་ཏུ་གསང་ཞིང་མཆོག་ཏུ་གྱུར་པ་ཁྱོད་ཀྱིས་ལྷ་མོ་འདི་རྣམས་དང་རོལ་ཅིག་ཅེས་བྱ་བར་སྦྱར་རོ། །འགྲོ་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་
པས་ནི་དོན་དམ་པའི་ཕུན་སུམ་ཚོགས་པས་བསྐུལ་བ་ཡིན་ཏེ། འགྲོ་བ་ནི་སེམས་ཅན་ནོ། །རྒྱུད་ནི་སྤྲུལ་པ་རྣམས་སོ། །རྣམ་པ་སྣ་ཚོགས་པ་ནི། རྣམ་པ་ཐ་དད་པ་དུ་མས་ངོ་མཚར་དུ་གྱུར་པ་སྟེ། དེ་ལྟ་བུའི་རྣམ་པ་སྣ་ཚོགས་པའི་རྒྱུད་རྣམས་ཀྱིས་གདུལ་བ་ནི་སེམས་ཅན་གྱི་དོན་
གྱི་ཐབས་སོ། །གསལ་བ་ནི་མངོན་སུམ་དུ་སྣང་བའོ། །མཁྱེན་པ་ནི་དེ་ལ་མཁས་པ་སྟེ། འགྲོ་བ་རྣམས་གདུལ་བ་ལ་མཁས་ཤིང་འདུལ་བར་གསལ་བར་མཁྱེན་པ་ཞེས་དེ་ལ་བོད་པའོ། །བརྟན་པ་ནི་རི་ལ་སོགས་པའོ། །གཡོ་བ་ནི་མི་ལ་སོགས་པ་སྟེ། གང་དངོས་པོ་ཐམས་ཅད་ངོ་བོ་
เล่ม ๒๗ · หน้า 79b
ཉིད་དུ་གྱུར་པ་ལ་ཀྱེ་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར་ཞེས་བོད་པ་སྟེ། ངོ་བོ་ཉིད་དུ་གྱུར་པའི་དོན་གྱིས་ན་དམ་ཚིག་ཐམས་ཅད་ཀྱི་དངོས་པོ་སྟེ་རྒྱུར་གྱུར་པའོ། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་
འགྲོ་སྒྱུ་མ་བདེ་བའི་མཆོག་གོ། །ཀྱེ་མ་ཞེས་པ་ནི་ངོ་མཚར་དུ་གྱུར་པའོ། །དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་ཞེས་པ་ནི། ཤིན་ཏུ་མཆོག་ཏུ་གྱུར་ཅིང་རྒྱུན་མི་འཆད་པའི་དངོས་གྲུབ་ཀྱི་དགའ་བའོ། །སྟོན་ཅེས་པ་ནི་དགའ་བར་མཛོད་ཅེས་པའོ། །ཛ་ཞེས་བྱ་བ་ལ་སོགས་
པ་ནི་སྤྱན་དྲང་བར་བྱ་བའི་ཕྱིར། ལྷ་མོ་བཞིའི་སྒོ་ནས་བསྐུལ་བའི་ཚིག་སྟེ། བདེ་བའི་མཆོག་གི་སྒོ་ནས་སོ་སོར་རིག་པར་མཛོད་ཅིག་པའོ། །ཨེ་མའོ་བདེ་བས་རྣམ་པར་འཕྲུལ་ཞིང་སྒྲོལ་མས་གར་མཛོད་ཅིག་པའོ། །ཧཱུཾ་ནི་འགྲོ་བའི་དོན་དུ་ཁྲོ་བོ་མངོན་དུ་མཛོད་ཅིག་པའོ། །ཨ་ལ་
ལ་ཧོ་ཞེས་པ་ནི་ངོ་མཚར་རོ། །སླབ་མ་གཞུག་ཏུ་གསོལ་ཞེས་བྱ་བ་ནི་ཚེ་རབ་ཏུ་སྤེལ་ཅིག་པའོ། །བདེ་བའི་མཆོག་ལ་སོགས་པ་ལྷ་མོ་བཞིའི་རིམ་པའི་གླུ་དང་སྦྱོར་བ་བསྟན་ཏོ། །དེ་ལྟར་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་གསོལ་བ་བཏབ་ནས། གཞན་ཡང་ཇི་ལྟར་རང་
ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་གླུས་གསོལ་བ་འདེབས་པ་ཡིན་ཏེ། དེ་ཡང་རྣམ་མང་ཞེས་པ་ལ་སོགས་པ་ལ་རྣམ་པ་མང་པོའི་འདོད་ཆགས་ཀྱི་རྒྱུན་ཡོད་པ་གང་ཡིན་པ། འཇིག་རྟེན་གྱི་ཁམས་མ་ལུས་པར་གཏོགས་པའི་སེམས་ཅན་ལུས་པ་མེད་པ་དེ་རྣམས་ནི། རྣམ་པ་མང་
པོའི་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པ་སྟེ། འདོད་ཆགས་ལ་སྤྱོད་པའི་སེམས་འདུལ་བ་ནི། འདོད་ཆགས་ཀྱིས་འདོད་ཆགས་སྤོང་བའོ། །དེ་ལ་མཁས་པ་ནི་མཁྱེན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་དང་སྐྱེས་པའི་མཚན་ཉིད་
ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པའི་ཁོངས་སུ་གཏོགས་པའི་སེམས་ཅན་ལུས་པ་མེད་པ་སྟེ། དེ་རྣམས་འདུལ་བ་ནི་རྡོ་རྗེ་སེམས་དཔའི་རེག་པའི་བདེ་བ་དང་། ཡིད་བདེ་བ་བསྐྱེད་པའོ། །དེ་ལ་མཁས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྣམ་པ་
เล่ม ๒๗ · หน้า 80a
མང་པོའི་ཁྲོ་བོའི་རྒྱུད་ཅེས་པ་ནི་སྲོག་གཅོད་པར་བྱེད་པའི་སེམས་ཅན་མ་ལུས་པ་ལུས་པ་མེད་པ་དེ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། དེ་རྣམས་བསྡུ་བ་ནི་སྲོག་ཉེ་བར་བསྡུ་བས་བདེ་བར་བྱེད་པ་སྟེ། དེ་ལ་མཁས་པ་ཞེས་བྱ་བ་ནི་སྔ་མ་བཞིན་
ནོ། །རྟེན་ཕྲ་རྟེན་ཧཱུཾ། ཞེས་བྱ་བ་ལ་སོགས་པ་ནི་བསྐུལ་བའི་དམ་ཚིག་ཡིན་པར་ཤེས་པར་བྱའོ། །དེ་རྣམས་ཉིད་ཀྱིས་ནི་ཤིན་ཏུ་སྦྱོར་བ་ཇི་ལྟ་བ་བཞིན་དུ་གནས་པའི་རིམ་པས་རྗེས་སུ་ཆགས་པ་ལ་སོགས་པའི་ལས་རྣམས་ཡིན་པར་ཤེས་པར་བྱའོ། །གྲུབ་པའི་དབང་
ཕྱུག་ནི་དངོས་གྲུབ་ལ་དབང་ཐོབ་པའོ། །དེའི་བར་དུ་གྲུབ་པ་ནི་སྦྱོར་བ་མཐར་ཕྱིན་པའོ། །གྲུབ་པར་འགྱུར་ཞེས་པ་ནི་དེ་རྣམས་ཀྱིས་ཤེས་པར་འགྱུར་བའོ། །གླུ་འདི་དག་ནི་ཞེས་པ་ནི་ཇི་སྐད་དུ་བཤད་པའི་གླུ་དང་ཕྱག་རྒྱ་རྣམས་ཀྱིས་སོ། །སྟོན་པའི་ཞེས་པ་ནི་ལྷ་རྣམས་
སོ། །ཕྱག་རྒྱ་ཕབ་པ་ནི་ཕྱག་རྒྱས་བྱིན་གྱིས་བརླབས་པས་འགྲུབ་པའོ། །དེ་འབའ་ཞིག་ཏུ་མ་ཟད་དེ། བདེ་བའི་མཆོག་ལ་སོགས་པའི་བུད་མེད་བསྒོམ་པ་ལས་བརྩོན་པས་ཀྱང་འགྲུབ་པའོ། །ཅིའི་ཕྱིར་ཞེ་ན། བུད་མེད་མ་ཡིན་པ་སྟེ་སྐྱེས་པ་དག་ཀྱང་ཕྱག་རྒྱ་དེ་འབེབས་
ནའོ། །རྡོ་རྗེར་བཅས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་རང་གི་ལྷག་པའི་ལྷ་རྣམས་འདྲ་བར་བྱིན་གྱིས་བརླབ་པ་ནི་འབེབས་པ་སྟེ། དེས་ཉེ་བར་མཛེས་པར་གྱུར་པའོ། །སྔོན་མེད་རོལ་མོ་སིལ་སྙན་གར། །རྣམ་པར་འཕྲུལ་པས་ཞེས་བྱ་བ་ནི་གླིང་བུ་ལ་སོགས་པ་རྣམས་ཀྱིས་
སོ། །འགྲུབ་པར་འགྱུར་བ་ནི་ངེས་པར་རོ། །ལྷའི་གཟུགས་ལ་སོགས་པ་ནི་སྤྲུལ་པས་སོ། །རང་གི་ལྷ་ནི་གནས་ཀྱི་བདག་པོར་བདག་ཉིད་མཐོང་བའོ། །མཆོད་པ་ནི་ལྷའི་མཆོད་པ་མེ་ཏོག་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱིས་མཉམ་པར་སྦྱོར་བ་ནི་མཆོད་པའོ། །དེས་ན་
སྐལ་བ་བཟང་པོ་སྟེ་དེ་ཉིད་ཀྱིས་ན་མཆོག་གི་འདོད་ཆགས་ཅན་ནོ། །རྣམ་པ་ཀུན་གྱི་སྐལ་བ་བཟང་པོ་ནི་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་ལྡན་པའོ། །སྐྱོན་མེད་པ་ནི་བདེ་བ་འདི་ཉིད་ཡང་དག་པར་སྒྲུབ་པར་བྱེད་པ་ནི་ཡོངས་སུ་སྤྱོད་པའོ། །དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་ནི་དེ་ལ་སྦྱོར་
เล่ม ๒๗ · หน้า 80b
བ་དེས་ན་དེ་དང་ལྷན་ཅིག་སྦྱོར་བ་དེ་ལས་དངོས་གྲུབ་ཐམས་ཅད་ཀྱི་བདེ་བའི་དཀྱིལ་འཁོར་རྗེས་སུ་མྱོང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་སྒྱུ་མས་བྱིན་བརླབས་པས། །ཞེས་པ་སྟེ། བདེ་བའི་མཆོག་ལ་སོགས་པ་ནི་སངས་རྒྱས་ཀྱི་སྒྱུ་མའི་ནུས་པ་བསྐྱེད་པས་སོ། །
དེ་ལྟར་གླུ་ཡིས་བསྐུལ་བའི་ཆེ་བའི་བདག་ཉིད་བསྟན་ནས། རྒྱལ་མཚན་ཉེ་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བསྐུལ་བའི་འོག་ཏུའོ། །བུད་མེད་དག་ནི་བཞི་རྣམས་དང་། །ཞེས་པ་ནི་མེ་ཏོག་ལ་སོགས་པ་མཆོད་
པའི་རྣལ་འབྱོར་མ་རྣམས་ཀྱིས་སོ། །གར་གྱི་ཕྱག་རྒྱའི་མཆོད་པ་ཡིས། །ཞེས་པ་ནི་དང་པོ་གར་བྱ་བ་སྟེ། འདི་ཉིད་ཀྱི་འོག་ནས་གྱེན་དུ་འདེགས་པ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་བཅིང་བས་སོ། །མཆོད་པ་ཐམས་ཅད་ཅེས་པ་ནི་ཇི་ལྟར་བདག་ཉིད་ལྷ་མོ་ཐམས་ཅད་དང་
འདུས་པའི་མེ་ཏོག་ལ་སོགས་པའི་མཆོད་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། གོ་རིམས་སྔ་མས་དཀྱིལ་འཁོར་གྱི་མཆོག་གི་ཏིང་ངེ་འཛིན་བྱས་ལ། གླུ་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྐྱེད་ལ་འདུས་པ་བྱ་ཞིང་དབང་བསྐུར་བ་ཐོབ་ནས་ལྕགས་ཀྱུ་ལ་སོགས་པས་སྤྱན་
དྲང་བ་ལ་སོགས་པ་བྱས་ཏེ། མཆོད་པ་ཕུལ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་རང་གི་ལྷའི་ཕྱག་རྒྱས་མཆོད་པ་ལ་སོགས་པ་བྱའོ། །དེ་ལྟར་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་རྫོགས་པར་བྱས་ནས། དཔལ་བདེ་བ་ཆེན་པོའི་ཕྱག་རྒྱ་དང་། ཡི་གེ་ཧཱུཾ་གིས་འཁོར་ལོ་
བཏེག་ལ་དེ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ནས་ཡོངས་སུ་བསྐོར་བ་ནས་བརྩམས་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ་ཤིན་ཏུ་བསྒྲུབ་པར་བྱ་བའི་བུད་མེད་ལ་གསང་བའི་ལྕགས་ཀྱུས་ཧཱུཾ་དང་བཅས་པའི་འཁོར་ལོ་ལ་བསྟིམ་ཞིང་འདུས་པ་བྱས་ལ་བསྟོད་ནས་སྤྱན་དྲང་བ་ལ་
སོགས་པ་བྱ་སྟེ། མཆོད་ཡོན་ཕུལ་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ། དབང་བསྐུར་ནས་བུམ་པ་ལྔ་ལ་སོགས་པའི་ཆོ་ག་རྗེས་སུ་བསྒྲུབས་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་རང་གི་གསང་བའི་དེ་ཁོ་ན་ཉིད་འདི་ཉིད་ཀྱི་མེ་ཏོག་ལ་སོགས་པའི་
เล่ม ๒๗ · หน้า 81a
མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། བདག་ལ་དམ་ཚིག་མཆོག་གྲུབ་པར་མཛོད་ཅིག་ཅེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པའི་དམ་པར་གྲུབ་པར་མཛོད། །
ཨོཾ་ཧཱུཾ། ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ། མེ་ཏོག་གི་དེ་ཁོ་ན་ཉིད་དོ། །དམ་ཚིག་དམ་པ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་འདུག་པས་སོ། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །ཨོཾ་ཧཱུཾ་ཞེས་བྱ་བ་ནི་སོ་སོར་
རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་མར་མེས་སོ། །ཡང་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་བྱུག་པ་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་འདི་ཞེས་པ་ནི་གསང་བའི་རྒྱུད་ཀྱི་ཕྱག་རྒྱས་སོ། །མཆོད་པ་ཐམས་ཅད་ནི་མེ་
ཏོག་ལ་སོགས་པའི་མཆོད་པའོ། །འདི་དག་དང་ཞེས་བྱ་བ་ནི་བཤད་མ་ཐག་པའི་རང་གི་གསང་བའི་དེ་ཁོ་ན་ཉིད་དང་སྟེ་མེ་ཏོག་ལ་སོགས་པའི་ལྷ་མོ་རྣམས་དང་རང་གི་ཕྱག་རྒྱ་ཇི་ལྟ་བ་མཆོད་པ་བྱའོ། །མེད་ན་བདག་ཉིད་ཀྱིས་བྱའོ། །དེ་ནས་སློབ་མ་ཐམས་ཅད་གཟུང་བར་བྱའོ། །
དེ་ལ་གོ་རིམས་ནི་འདི་ཡིན་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་ལ་གོ་རིམས་སྔ་མས་མཆོད་པའི་མཐར་ཐུག་པའི་བར་དུ་རྫོགས་པར་བྱས་ལ་ཕྱག་ལ་སོགས་པ་བྱ་སྟེ། བདག་ཉིད་ཞུགས་ནས་བདག་ཐམས་ཅད་ཀྱི་སློབ་དཔོན་དུ་དབང་བསྐུར་ཞིང་སྣ་ཚོགས་འབྱུང་བའི་བཅོམ་ལྡན་འདས་
འཁོར་དང་བཅས་པ་མངོན་པར་ཕྱོགས་པར་བསྒོམས་ལ། བདག་ཉིད་རྡོ་རྗེའི་བདག་ཉིད་དང་། ངོ་བོ་ཉིད་ཀྱིས་དག་པ་དང་། བདག་མེད་པས་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་དང་། གཅིག་ཏུ་གྱུར་པར་རིམ་བཞིན་དུ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་ཤུདྡྷོ྅ཧཾ། ཨོཾ་སརྦ་
ས་མ་ཡོ྅ཧཾ། ཞེས་བརྗོད་ལ་བདག་ཉིད་ལྷག་པར་མོས་པས་དེར་དབུས་སུ་འདུག་སྟེ། བདག་ཉིད་ཀྱིས་རོལ་མོའི་རྗེས་སུ་འགྲོ་བའི་གླུ་འདོན་བཞིན་དུ་གཏམ་དང་། ཕྱག་མཚན་དང་། ཕྱག་རྒྱ་ལ་སོགས་པ་ཤིན་ཏུ་མཉམ་པར་གཞག་ནས་བསྒྲུབ་པར་བྱའོ། །གང་གི་ཚེ་རྗེས་
เล่ม ๒๗ · หน้า 81b
སུ་བསྒྲུབ་པར་འདོད་པ་དེའི་ཚེ་བདག་ལ་དབང་བསྐུར་བའི་མཐར་ཐུག་པའི་བར་དུ་རྫོགས་པར་བྱ་བ་ལ་སོགས་པ་བྱས་ལ། སློབ་མ་གཞུག་པའི་ཕྱིར་གསོལ་བ་བཏབ་སྟེ། བདག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། དཀྱིལ་འཁོར་གྱི་བདག་པོའི་སྦྱོར་བར་སློབ་མ་བྱས་ཏེ། ཤི་རི་
སུ་ཁ་བཛྲ་སཏྭ་སུ་བྷ་ག་སྟྭཾ་མ་ཧཾ། ཞེས་བརྗོད་ལ། གར་སྔོན་དུ་འགྲོ་བའི་ཐལ་མོ་སྦྱར་ལ་སྤྱི་བོར་བཞག་སྟེ། མེ་ཏོག་གི་ཕྲེང་བ་དང་བཅས་པའི་ལམ་གླུ་དབུལ་བར་བྱ་སྟེ། རྡོ་རྗེ་བདག་པོའི་སྙིང་པོ་བརྗོད་པས་གཞུག་པར་བྱའོ། །ཆོ་གའི་བྱ་བ་ཐམས་ཅད་ཀྱང་བརྗོད་པར་བྱའོ། །དེ་བཞིན་
དུ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་སྟོང་པར་ཤིན་ཏུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པའི་གླུ་དང་བཅས་པས་བསྐུལ་བ་སྔོན་དུ་འགྲོ་བ་དང་། ཡང་རིམ་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལྟར་བསྐྱེད་ལ། དེ་ནས་བདག་གི་བདག་པོ་ཇི་ལྟ་བའི་མཚན་མ་མངོན་སུམ་
དུ་བྱས་ལ། སྦྱོར་བ་ཇི་ལྟ་བས་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་ཇི་ལྟ་བ་བཞིན་དུ་གཞག་ལ་བདག་ཉིད་འབྱུང་བའི་གླུས་བསྐུལ་བའི་བར་དུ་རྫོགས་པར་བྱས་ལ་གཞུག་པར་བྱ་སྟེ། གསང་བ་འདུས་པ་ལ་སོགས་པའི་ཆོ་གས་སློབ་མ་གཞུག་པ་ལ་སོགས་པ་ཐམས་ཅད་ཀྱང་
འདིར་བལྟ་བར་བྱའོ། །སངས་རྒྱས་ཉིད་རིན་པོ་ཆེ་བས་ན་སངས་རྒྱས་རིན་ཆེན་ནོ། །ཇི་ལྟ་བར་ནི་ཞེས་གསུངས་པ་ནི། ཕྲེང་བ་ལ་སོགས་པའི་དབང་བསྐུར་བ་ཡང་འདིར་ཤེས་པར་བྱའོ། །དམར་ཆེན་པོ་མྱང་བ་ནི་གཞུག་པའི་འོག་ཏུ་བལྟ་བར་བྱའོ། །མཁའ་འགྲོ་སྒྱུ་མའི་
ཚོགས་ཀྱིས་ཀྱང་། །ཞེས་བྱ་བ་ནི་རྒྱས་འདེབས་མ་དང་། རྨོངས་བྱེད་མ་དང་། གནོད་བྱེད་མ་རིམ་གྱིས་སོ། །དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བའི་འོག་ཏུའོ། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་འདས་པའི་རྒྱུ་ཡིས་སོ། །བདག་གི་ངོ་བོ་
ཡང་སྤངས་ཤིང་། །ཞེས་པ་ལ་ནི་བདག་ཉིད་ནི་ཤིན་ཏུ་མ་གཡོགས་པར་གྱུར་པའོ་ཞེས་བདག་ཉིད་ཀྱི་ཁྱད་པར་ཏེ། ཕུང་པོ་ཐམས་ཅད་ལ་སོགས་པ་དང་། གཟུགས་ལ་སོགས་པ་ནི་བཏགས་པ་ཙམ་ཡིན་པར་ཤེས་པར་བྱས་ནས་ཡོངས་སུ་སྤངས་པ་ནི་འདིར་ལྟོས་པ་མེད་པ་ཡིན་ཏེ།
เล่ม ๒๗ · หน้า 82a
བསྒོམ་པའི་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པའི་སྒོ་ནས་བདེ་བར་བྱ་བའི་ཚུལ་གཞན་ལ་བཤད་པའི་སྤྱོད་པས་བདག་མི་གཟིར་བ་ནི་དཀའ་ཐུབ་ཀྱིས་མི་གཟིར་བའོ། །ཅི་བདེ་བར་ནི་བདེ་བར་སྤྱད། །ཅེས་པ་ནི་
བསམ་གཏན་དང་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པའི་ལོངས་སྤྱོད་རྣམས་ལ་ཉེ་བར་ལོངས་སྤྱོད་ཅིག་པས་རྩེ་གཅིག་པར་གྱིས་ཤིག་པའོ། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཞེས་པ་ནི་བདག་ཉིད་ལྷའི་ང་རྒྱལ་དང་ཇི་ལྟ་བ་བཞིན་དུ་ལྡན་པའི་ལོངས་སྤྱོད་དོ། །
ཇི་ནས་ཀྱང་མི་འཇིགས་པ་ནི་གང་ལས་འཇིགས་པ་མེད་པའོ། །དགའ་བར་གྱིས་ཞེས་པ་ནི་རྣམ་པར་རོལ་ཅིག་པའོ། །ཡུལ་ལ་ཉེ་བར་སྤྱོད་པ་འཆི་བའི་འོག་ཏུ་ངན་སོང་གི་འཇིགས་པ་ཡོད་དོ་ཞེས་རྟོག་པ་ལ་སྡིག་པ་མེད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །ཅིའི་ཕྱིར་ཞེ་ན། དམ་ཚིག་ཅེས་བྱ་བ་ལ་སོགས་པས་གང་གསུངས་པ་སྟེ། དམ་ཚིག་ནི་ལྷ་དང་གཉིས་སུ་མེད་པར་གྱུར་པའོ། །འདའ་བར་དཀའ་བ་ནི་སྡིག་པ་ཐམས་ཅད་བསོད་ནམས་ཀྱི་རང་བཞིན་དུ་གྱུར་པས་ན་བསྒྲུབ་པར་དཀའ་བས་སོ། །གྲུབ་པ་ནི་སངས་རྒྱས་
ཀྱི་བྱང་ཆུབ་སྟེ། བདེ་བའི་མཆོག་ལ་སོགས་པའི་གཟུགས་ཀྱིས་ཡོངས་སུ་རྫོགས་པའོ། །ལྷན་ཅིག་སྤྱོད་པ་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོའི་གཙོ་མོ་རྣམས་སོ། །སྡུག་པ་ནི་ཡིད་དུ་འོང་བ་དེ་རྣམས་སོ། །ཡང་དག་ཉིད་ཀྱིས་ཞེས་པ་ནི་རང་གི་ལྷའི་ང་རྒྱལ་གྱིས་
སོ། །རྣལ་འབྱོར་བཅས་དང་ཞེས་བྱ་བ་ནི་རྣལ་འབྱོར་བཞི་དང་ལྡན་པའོ། །གསང་བཅས་པའི་ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱའི་ཡེ་ཤེས་དེ་ཉིད་དང་ལྡན་པའོ། །རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་དང་འདྲ་བའོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་ལ་སོགས་པ་བྱིན་པའི་འོག་ཏུའོ། །ཀུན་གྱི་སློབ་
དཔོན་རབ་གནས་པ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་གནས་པའོ། །ཆོས་ནི་ཞེས་བྱ་བ་ནི་ཆོས་དང་མི་འགལ་བའི་ཚུལ་གྱིས་སོ། །རྡོ་རྗེ་སེམས་དཔའི་དཔལ་གྱི་ཚུལ། །ཞེས་པ་ནི་རྡོ་རྗེ་སེམས་དཔའི་
เล่ม ๒๗ · หน้า 82b
དཀྱིལ་འཁོར་གྱི་རིམ་པའོ། །རྟོག་པ་ཐམས་ཅད་རབ་སྒྲུབ་ཅིང་། །ཞེས་པ་ནི་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པ་དཀྱིལ་འཁོར་གྱི་དངོས་གྲུབ་སྩོལ་བའོ། །རྟོག་པ་ཀུན་ལ་རབ་སྦྱོར་བའི། །ཞེས་བྱ་བ་འདིས་ནི་ཐུན་མོང་གི་ཆོ་ག་ཉིད་དུ་སྟོན་ཏོ། །ངོ་བོ་ཉིད་ཕྱིར་ཞེས་བྱ་བ་ནི་
དམ་པའི་དེ་ཁོ་ན་ཉིད་ཆེན་པོའི་མཆོག་གི་ཚུལ་གྱིས་སོ། །གང་འདི་ལྟར་སངས་རྒྱས་ལ་སོགས་པའི་དཀྱིལ་འཁོར་དང་རྟོག་པ་ཤེས་པ་ནི་དོན་མེད་པར་འགྱུར་རོ་ཞེ་ན། སྣ་ཚོགས་ལས་ཀྱི་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་དེ་ཉིད་ཅེས་བྱ་བ་ལ་སོགས་
པས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཐབས་སྟོན་ཏོ། །གཟུགས་བརྙན་ངོ་བོར་སྦྱོར་བ་ཡི། །ཞེས་བྱ་བ་ནི་གཟུགས་བརྙན་གྱི་ངོ་བོ་ཉིད་དོ། །ཕྱག་རྒྱའི་སྦྱོར་བ་ཞེས་བྱ་བ་ནི་ལྷའི་ཕྱག་རྒྱ་འཆང་བས་སོ། །གར་བྱའོ་ཞེས་པ་ནི་སྒོམ་ཤིག་པའོ། །དམ་ཚིག་རྣམ་པ་སྣ་ཚོགས་
ཀྱིས། །ཞེས་པ་ནི་ལྷག་མའི་ལུས་ཀུན་གྱིས་སོ། །དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཆོ་གས་སོ། །སངས་རྒྱས་ཀྱི་ཞིང་ནི་ཞེས་བྱ་བ་ལ་སོགས་པ་འདིས་ནི། བདག་པོ་ལྔའི་ཆེ་བ་ཉིད་སྟོན་ཏོ། །དེ་ལ་སོགས་པའི་ཞེས་བྱ་བ་འདིས་ནི་ཚད་མེད་པ་ཉིད་དུ་བསྟན་ཏོ། །ཡང་དེ་ལ་སོགས་པ་ཞེས་བྱ་བ་
ལ་སོགས་པས་ནི་ཉེ་བར་སྡུད་པའོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱི་རྟོག་པ་སྟེ། རྟོག་པ་དྲུག་པའི་འགྲེལ་པའོ།། །།དཀྱིལ་འཁོར་དང་རྟོག་པ་འདི་ནི་དཀྱིལ་འཁོར་ཐམས་ཅད་དང་ཕྱག་རྒྱའི་ཡེ་ཤེས་དང་ལྡན་པའི་
དབང་དུ་མཛད་ནས། བཅོམ་ལྡན་འདས་དཀྱིལ་འཁོར་ཐམས་ཅད་དང་། ཕྱག་རྒྱའི་ཡེ་ཤེས་ཀྱི་རྟོག་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ་མོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིའོ། །འཁོར་
ལོ་ཐམས་ཅད་རབ་སྤྲུལ་པའོ་ཞེས་པ་ནི་དཀྱིལ་འཁོར་རྟོག་པ་ཐམས་ཅད་དེ། ལ་ལ་ལས་ནི་ཕུག་གི་སྣ་ཚོགས་པ་དག་ཏུ་ཞེས་ཟེར་ཏེ། དེར་ནི་བརྟུལ་ཞུགས་ཀྱི་གནས་རྣམ་པ་སྣ་ཚོགས་པའི་བར་ལ་བྱའོ། །ཆ་ལུགས་རྣམ་པ་སྣ་ཚོགས་པ། །ཞེས་པ་ནི་ཆ་ལུགས་རྣམ་པ་ཐ་དད་
เล่ม ๒๗ · หน้า 83a
པའོ། །སྒྲུབ་པ་སྣ་ཚོགས་ཀྱིས་ཞེས་པ་ནི། ཡོ་བྱད་རྣམ་པ་སྣ་ཚོགས་པས་སོ། །པདྨོ་དམར་པོ་ནི་པདྨ་བཞིན་དུ་དམར་བའོ། །གནས་ཇི་ལྟ་བ་ནི་སྐྱེད་མོས་ཚལ་ལ་སོགས་པའོ། །འཁོར་ལོ་རྣམས་ཅི་འདྲ་བ་ནི་གྲུ་བཞི་ལ་སོགས་པའོ། །བཀོད་པ་
ཇི་འདྲ་བ་ནི་སྒོ་ཁྱུད་ལ་སོགས་པའི་བཀོད་པ་ཅི་འདྲ་བའོ། །འགྲོ་བ་ཅི་འདྲ་བ་ཞེས་པ་ནི་གདུལ་བྱ་ཅི་འདྲ་བའོ། །འཁོར་རྣམས་བཀོད་པ་ཅི་འདྲ་བ་ནི། ལྷ་རྣམས་ཅི་འདྲ་བར་བཀོད་པ་དེ་དང་འདྲ་བའི་ཆོ་ག་ཡོངས་སུ་རྫོགས་པས་དཀྱིལ་འཁོར་ལ་མཆོག་རྒྱལ་བས་མཛད་ཅིང་སྤྲུལ་
པར་གྱུར་པ་སྟེ། དཀྱིལ་འཁོར་དེ་མཐོང་བར་དེའི་བསོད་ནམས་ཅི་འདྲ་བ་ད་ལྟར་བྲིས་པའི་ཡང་དེ་བཞིན་ནོ། །ཕྱོགས་ཀུན་མཉམ་པ་ཉིད་བསྒྲུབ་ཅིང་། །ཞེས་པ་ནི་ཤིས་པ་དང་མི་ཤིས་པའི་ཕྱོགས་ལ་མངོན་པར་ཞེན་པར་མ་བྱེད་ཅིག་པའོ། །ཤར་ཞེས་བྱ་བ་ནི་ཤར་
ཕྱོགས་ལ་སོགས་པར་སངས་རྒྱས་རྣམས་དགོད་པའོ། །དོན་དམ་པར་ནི་དཀྱིལ་འཁོར་རྣམས་བརྟག་པར་མི་ནུས་པ་ཡིན་ན། ཇི་ལྟར་ན་འདིར་ཡང་བསོད་ནམས་སུ་འགྱུར་ཞེས་པ་ལ། དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་སོ། །རང་གི་ལྷའི་རང་བཞིན་ཞེས་པ་
ནི་རང་གི་ལྷའི་གཟུགས་ཀྱིས་སོ། །གྲུབ་པ་ནི་རྫོགས་པའོ། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཞེས་བྱ་བ་ནི། ཀུན་ནས་ལྷ་མོ་ཐམས་ཅད་དང་ཡང་དག་པར་ལྡན་པའོ། །ཀུན་དུ་སྣ་ཚོགས་འཁོར་ལོ་ཅན་ནི་ཐམས་ཅད་དུ་སྣ་ཚོགས་ཤིང་མ་ལུས་པའི་འཁོར་
དང་ལྡན་པ་སྟེ། རྡོ་རྗེ་སེམས་དཔའོ། །ཀུན་དུ་སྣ་ཚོགས་གྲུབ་པའི་ཕྱིར། །ཞེས་པ་ནི་སྔར་བཤད་པའི་དཀྱིལ་འཁོར་བཞིན་དུ་འདིའི་ཡང་ནང་དུ་ཟུར་བཞི་པ་ལ་སོགས་པ་ཀུན་ནས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ།
དཀྱིལ་འཁོར་ཐམས་ཅད་དང་འདྲ་བ་ལས། ནང་དུ་ཡང་ཟུར་བཞི་ཉིད་ལ་སོགས་པ་དང་ལྡན་པར་བྱས་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱ་བའི་རྡོ་རྗེ་ཐིག་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཟུར་བཞི་པ་གཉིས་པ་སྒོ་དང་བཅས་པ་སྣ་གཅིག་གིས་བྲིས་པ་ནི་དཀྱིལ་
เล่ม ๒๗ · หน้า 83b
འཁོར་ཀུན་དུ་སྣ་ཚོགས་པ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །དེ་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའི་རྡོ་རྗེའི་དཀྱིལ་འཁོར་ཅིག་ཤོས་ལ་ནི་རང་གི་ཚོན་སྣ་གཅིག་གིས་བྲིས་པར་བལྟ་བར་
བྱའོ། །དཀྱིལ་འཁོར་གྱི་ནང་ཡང་དེ་བཞིན་དུ་བསྟན་ཏོ། ཕྱི་རོལ་ཐམས་ཅད་དུ་ཡང་སྔ་མ་བཞིན་དུ་ཟུར་བཞིར་བྱའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཟླུམ་པོ་དེ་དག་ཏུ་ཡང་རྡོ་རྗེའི་ཐིག་སྐུད་བཏབ་ལ་ཕྱི་རོལ་དུ་ནི་རི་མོ་ཟུར་བཞི་བྱའོ། །རྡོ་རྗེ་ཅན་གྱི་ཞེས་བྱ་བ་ནི་ཧེ་རུ་ཀ་
ཡིའོ། །ཟླ་གམ་བཞིན་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ཏེ། རྡོ་རྗེ་ར་བས་བསྐོར་བའི་ཕྱི་རོལ་དུ་ནི་རི་མོ་ཟུར་བཞིས་བསྐོར་བའོ། །པདྨའི་དབྱིབས་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པ་འདྲ་བ་ལ་པདྨའི་ཕྲེང་བས་བསྐོར་བའོ། །ཕྱི་རོལ་དུ་རི་མོ་ཟུར་བཞིས་བསྐོར་བའོ། །རིན་
ཆེན་དབྱིབས་ཞེས་བྱ་བ་ནི་རིན་པོ་ཆེ་ཟུར་བརྒྱད་པ་འདྲ་བ་ལ། རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ་ཕྱི་རོལ་དུ་ནི་རི་མོ་ཟུར་བཞིས་བསྐོར་བའོ། །ཇི་ལྟར་འདོད་པ་ནི་ཇི་ལྟར་དགའ་བའོ། །ཅི་འབྱོར་པ་ནི་ཅི་རྙེད་པས་སོ། །དཀྱིལ་འཁོར་ལྔ་པོ་འདི་དག་ལས་འདིའི་དཀྱིལ་
འཁོར་ནི་ངེས་པ་མེད་པས་འདིའི་གནས་སུ་དཔལ་རྟ་མཆོག་གཞག་པར་བྱའོ། །དེ་ཉིད་དེའི་དཀྱིལ་འཁོར་དུ་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཅི་ལྟ་ཅི་ལྟར་འདོད་དང་ཞེས་བྱ་བ་ནི་མངོན་སྤྱོད་དང་དབང་དུ་བྱ་བ་ལ་སོགས་པ་དང་། རྒྱས་པའི་ལས་རྣམས་ལ་ཅི་འདོད་པ་
ཐམས་ཅད་དོ། །ཇི་ལྟའི་དུས་དང་ནི་སྔ་དྲོ་དང་། མཚན་མོ་དང་། ཉི་མ་ཕྱེད་དང་། ཕྱི་དྲོ་རྣམས་སུ་རིམ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དུ་རིམ་བཞིན་འཇུག་པའོ། །ཅི་བདེ་བར་ནི་སློབ་མ་དབང་བསྐུར་བ་ལ་སོགས་པ་ཆུ་དང་བསྡམ་པ་ལ་སོགས་པ་
མེད་པར་རོ། །རྡོ་རྗེ་ནི་རྡོ་རྗེ་རྒྱ་གྲམ་མོ། །ཕྱག་ན་བསྣམས་པས་དཔལ་རྟ་མཆོག་ཀྱང་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང་། །ཞེས་པ་ནི་དཀྱིལ་འཁོར་རྣམས་སུ་འཇུག་མ་མྱོང་བའོ། །དམ་ཚིག་རྣམས་ནི་སྤངས་པ་དང་། །ཞེས་པ་ནི་དམ་ཚིག་
เล่ม ๒๗ · หน้า 84a
རྣམས་མི་སྲུང་བའོ། །གསང་བ་ཡང་དག་ཅེས་བྱ་བ་ནི་འོག་ནས་བཤད་པའི་སྐལ་བ་ཉིད་ཀྱིས་སློབ་དཔོན་སྐལ་བ་བཟང་པོའོ། །ཅིའི་ཕྱིར་ཞེ་ན། གང་གིས་ན་བརྟན་ཞིང་ཐོག་མ་དང་། ཐ་མ་མེད་པའི་རྣལ་འབྱོར་པ་དམིགས་པ་སྟེ། དེ་མི་སྤང་ངོ་ཞེས་བྱ་
བར་སྦྱར་རོ། །ཀུན་དུ་སྣ་ཚོགས་སྐལ་བཟང་པོར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ནི་བདག་ཉིད་བསྒྲུབས་པས་སྐལ་བ་བཟང་པོའོ། །བདག་མེད་ཆོས་ཉིད་དང་ལྡན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་པར་ཞེན་པའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་ཚིག་
ལ་སྡང་བ་སྟེ། དེ་རྗེས་སུ་སྤྱོད་པ་ལ་སྡང་བ་གང་ཡིན་པའོ། །དེ་ཉིད་ཀྱིས་ན་སྐལ་བ་ངན་པའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེ་ནི་སྲིད་པ་ཤིན་ཏུ་བསྒྲུབས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་རྫོགས་པས་སྐལ་བ་བཟང་པོ་ཤིན་ཏུ་ཡོངས་སུ་མྱ་ངན་
ལས་འདས་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །དཔལ་ཕྱག་ན་རྡོ་རྗེ་ནི་ཧེ་རུ་ཀའོ། །དམ་པའི་ནོར་མཆོག་སྡུད་པའི་ཕྱིར། །ཞེས་བྱ་བ་ནི། རང་གི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནོར་ཆེན་པོ་སྡུད་པར་སྟོན་པའོ། །དཀའ་ཐུབ་ནི་ལུས་ཡོངས་སུ་གདུང་
བའོ། །རྒྱལ་སྲིད་མཆོག་རྣམས་ཀུན་བསྡུས་པས། །ཞེས་བྱ་བ་ནི་དྲག་པོའི་སྦྱོར་བའི་དབང་ཕྱུག་གོ། །ཐུབ་པ་ནི་ཡ་མཚན་ཅན་རྣམས་སོ། །ཀུན་གྱི་སློབ་དཔོན་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་སྟེ། ཇི་སྐད་དུ། དཔལ་རྡོ་རྗེ་སེམས་དཔར་སྦྱོར་བས། སངས་རྒྱས་
ཀུན་གྱི་བདག་ཉིད་སྦྱོར། །སངས་རྒྱས་ཕྱག་རྒྱའི་བརྡ་ཡིས་ནི། །སློབ་དཔོན་ཐམས་ཅད་ཅེས་བརྗོད་དོ། །ཞེས་པས་སོ། །བདེ་བ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའོ། །དེའི་བདག་ཉིད་ཀྱི་ངོ་བོ་ཉིད་དེ་སྒྲུབ་པའོ། །སློབ་མ་ལ་སོགས་པའི་ཞེས་པའི་སྒྲས་ནི་འདིར་བུ་ལ་
སོགས་པ་རྣམས་སོ། །འཇུག་པས་ཞེས་པ་ནི་སློབ་མས་སོ། །གཡས་པ་ཡིས་ནི་ཞེས་བྱ་བ་ནི་ཡོན་ཐོགས་པས་སོ། །གསང་བའི་དེ་ཁོ་ན་ཉིད་བཤད་ནས་གཞུག་པར་བྱའོ། །ཀུན་དུ་སྣ་ཚོགས་བླ་མ་ལ། །ཞེས་པའི་སྒྲས་ནི་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་ནོ། །དེ་ནི་
เล่ม ๒๗ · หน้า 84b
ཞེས་བྱ་བ་ནི་གཏང་དཀའ་བ་ལ་སོགས་པའོ། །འདོད་དགུར་གྱུར་པ་ནི་མངོན་པར་དགའ་བའོ། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །ཞེས་པ་ནི་དཔལ་རྡོ་རྗེ་འཛིན་པའི་ཧེ་རུ་ཀའི་སྦྱོར་བ་གང་ཡིན་པ་དེའི་གོ་འཕང་ཐོབ་པ་སྟེ། ཡོན་གང་ཞིག་དཔལ་རྡོ་རྗེ་འཛིན་པ་ལ་
སྦྱོར་བའི་ཡོན་དེས་སོ། །པདྨོ་ཅན་པདྨོའི་རིགས་ཀྱི་སློབ་དཔོན་གྱིའོ། །རྡོ་རྗེ་ཉི་མ་ནི་རིན་པོ་ཆེའི་སློབ་དཔོན་གྱིའོ། །ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི་གླིང་མཆོག་ཆས་རྣམས་དང་ལྡན་པའོ། །རྟའི་རྒྱལ་པོ་ཞེས་བྱ་བ་ནི་རྟ་མགྲིན་གྱི་དཀྱིལ་འཁོར་གྱི་སློབ་དཔོན་གྱིའོ། །
སངས་རྒྱས་རིན་ཆེན་དབང་བསྐུར་བ། །ཞེས་པ་ནི་སངས་རྒྱས་ཉིད་རིན་པོ་ཆེ་སྟེ། དེས་དབང་བསྐུར་བའོ། །དེ་ཉིད་བསྟན་པའི་ཕྱིར། སྤྱི་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ལྔའི་དབུ་རྒྱན་དང་ཀ་པཱ་ལའི་ཕྲེང་བའི་དབུ་རྒྱན་གྱིས་ཐམས་ཅད་ཀྱི་སློབ་
དཔོན་དུ་དབང་བསྐུར་བའི་ཕྱིར་ཐོད་པ་ཉིད་རིན་པོ་ཆེ་འམ། སངས་རྒྱས་ཉིད་དབུ་རྒྱན་ནོ་ཞེས་ཚིག་གིས་མཚམས་སྦྱར་བར་བྱ་སྟེ། སྤྱི་བོར་དབུ་རྒྱན་འདི་ཉིད་འཆང་བའི་དབྱེ་བ་ནི་འདི་ཉིད་ཡིན་པར་བལྟ་བར་བྱའོ། །རིན་པོ་ཆེ་གཅིག་ལས་བྱས་པ་ནི་སངས་རྒྱས་གཅིག་
གིས་མཚན་པ་དང་། ཐོད་པ་གཅིག་གིས་མཚན་པའོ། །དེ་བཞིན་སྣ་ཚོགས་རྒྱན་གྱིས་སྤྲས། །ཞེས་པ་ནི་ཐམས་ཅད་དུ་ལོ་མ་དང་། ལྕུག་མ་སྣ་ཚོགས་པས་སྤེལ་བའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་
རྒྱས་ཀྱི་དབང་བསྐུར་བ་ནི་ཅོད་པན་ལ་སངས་རྒྱས་ཀྱིས་མཚན་པའོ། །པདྨས་དབང་བསྐུར་བ་ནི་ཐོད་པས་ཅོད་པན་ལ་མཚན་པ་སྟེ། དེ་དག་གིས་སློབ་མ་ཐམས་ཅད་ཀྱི་བདེ་བའི་མཆོག་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱིས་དབང་བསྐུར་བའོ། །རིན་ཆེན་རྡོ་རྗེ་
ཞེས་བྱ་བ་ནི་རིན་པོ་ཆེས་སྤྲས་པའི་རྡོ་རྗེའོ། །རྡོ་རྗེ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་འབར་བས་མཚན་པའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་སྐུ་མཚན་པའོ། །ནོར་བུ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་དང་བཅས་པའི་རིན་པོ་ཆེའོ། །སངས་རྒྱས་རིན་ཆེན་ཞེས་པ་ནི་སངས་རྒྱས་རིན་པོ་ཆེ་ནི་
เล่ม ๒๗ · หน้า 85a
སངས་རྒྱས་རིན་ཆེན་ཏེ། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་གཉིས་ཀྱི་ཅོད་པན་གཉིས་སོ། །པདྨོ་ཞེས་བྱ་བ་ནི་འོད་དཔག་མེད་ཀྱིས་དབང་བསྐུར་བའོ། །རྡོ་རྗེ་ཞེས་པ་ནི་ཧེ་རུ་ཀའི་དབང་བསྐུར་བའོ། །ཡིད་བཞིན་ནོར་བུ་ཞེས་པ་ནི་རྡོ་རྗེ་ཉི་མའི་
དབང་བསྐུར་བའོ། །ཐམས་ཅད་མཆོག་ནི་རྟ་མཆོག་ལ། །ཞེས་བྱ་བ་ནི་རྟ་མཆོག་གི་སློབ་དཔོན་གྱིའོ། །མཚན་མའི་ཕྱག་རྒྱ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའོ། །དེ་ཉིད་ཀྱི་དབྱེ་བ་བསྟན་པའི་ཕྱིར། ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྣ་ཚོགས་པའི་རྣམ་པ་དང་བཅས་པ་
ནི་སྐལ་བ་བཟང་པོ་ནི། ཀུན་དུ་སྣ་ཚོགས་པ་སྐལ་བ་བཟང་པོའོ། །རང་བྱུང་རྣམས་ཀྱི་ནི་རྡོ་རྗེ་སེམས་དཔའི་སྟེ། འདིར་དམ་ཚིག་གསུམ་བསྟན་པ་ནི་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་དང་། སྤྱན་གྱི་ཕྱག་རྒྱ་དང་། གཞུ་དང་མདའི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ཅི་དེ་དག་ཁོ་ན་ཞེ་འམ་ནམ་མཁའ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་བཞིན་དུ་མཐར་ཐུག་པ་མེད་པ་བདེ་བའི་མཆོག་ལ་སོགས་པ་ལྷ་མོ་རྣམས་ཀྱི་ངོ་བོ་ཉིད་གཞུ་དང་མདའི་གཟུགས་ཀྱིས་གནས་པ་ནི། བཅོམ་ལྡན་འདས་ཉིད་ཀྱི་མཚན་མའི་ཕྱག་རྒྱའོ། །མཆོག་ཅེས་བྱ་བའང་དེ་ཉིད་ཡིན་
པར་ཤེས་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གཞུ་དང་མདའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདའ་དང་བཅས་པའི་གཞུ་ནི་བདེ་བ་མཆོག་གོ། །སྐལ་ལྡན་ནི་སྐྱེས་པའི་མཚན་ནོ། །སྐལ་བ་བཟང་ནི་བྷ་གའི་ཕྱག་རྒྱ་སྟེ། དེའི་སྟེང་དུ་སྐལ་ལྡན་གཞག་པ་ནི་ཨེ་མ་བདེ་བའོ། །
ཐོད་པ་དང་། ཁ་ཊྭཱཾ་ག་དང་། སྣ་ཚོགས་རྡོ་རྗེ་ནི་སྒྲོལ་མ་ཡིའོ། །ཐོད་པ་ཁམ་ཕོར་དང་། སྣ་ཚོགས་རྡོ་རྗེ་ལ་འོད་དཔག་མེད་ཀྱི་སྐུ་གཞག་པ་ནི་ཤི་ཤིའོ། །མདས་ཕུག་པའི་འོག་གཞི་དང་། གཞུ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ། །འཁོར་ལོ་རྩིབས་བརྒྱད་པ་ནི་ཆོས་ཉིད་ཀྱི་འཁོར་ལོ་
མཱ་མ་ཀཱིའོ། །རྡོ་རྗེ་རྩེ་ལྔ་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཡིའོ། །དཔག་བསམ་གྱི་ཤིང་ལྕུག་མས་དཀྲིས་པ་ནི་འདོད་པ་ཐམས་ཅད་ཀྱི་ལྕུག་མ་ཡིའོ། །པདྨའི་སྟེང་དུ་མགོས་བསྟོད་ནས། རྟ་སྐད་འཚེར་བའི་རྟ་མགོ་ལྗང་གུ་ནི་རྟ་གདོང་མ་ཡིའོ། །ཕག་གི་མཆེ་
เล่ม ๒๗ · หน้า 85b
བ་ནི་རྡོ་རྗེ་གདོང་གིའོ། །ཟླ་བ་དང་ཉི་མའི་དཀྱིལ་འཁོར་རྡོ་རྗེ་སྤྱན་གྱིའོ། །ཐོད་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་ལ་སངས་རྒྱས་ཀྱི་སྐུ་གཞག་པ་ནི་ཐལ་བས་རབ་ཏུ་འཇུག་པའི་རོ་ལངས་མ་ཡིའོ། །རྡོ་རྗེ་གླིང་བུ་ནི་རྒྱུད་གཅིག་མ་ཡིའོ། །སྣ་ཚོགས་རྡོ་རྗེས་མཚན་པའི་པི་ཝང་ནི་རྒྱུད་མངས་
མ་ཡིའོ། །མུ་ཀུནྡ་ནི་སྡུག་མ་ཡིའོ། །རྫ་རྔ་ནི་རྫ་རྔ་མ་ཡིའོ། །མེ་ཏོག་གི་ཟ་མ་ཏོག་དང་། སྤོས་ཁང་གང་བ་དང་། མར་མེའི་སྡོང་བུ་དང་། དྲི་ཡི་ཕོར་བུ་ནི་གོ་རིམས་བཞིན་དུ་མེ་ཏོག་མ་དང་། བདུག་པ་མ་དང་། མར་མེ་མ་དང་། དྲི་ཆབ་མ་ཡིའོ། །ཆོས་གོས་དང་།
ལྷུང་བཟེད་དང་། འཁར་གསིལ་དང་། དམ་པའི་ཆོས་ཀྱི་གླེགས་བམ་གྱི་ཕྱག་རྒྱ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིའོ། །ལྕེའི་ཕྱག་རྒྱ་དང་། ཆ་ལང་ཆུང་ངུ་དང་། རྡོ་རྗེ་རྩེ་ལྔ་པ་དང་། རིན་པོ་ཆེའི་ཟ་མ་ཏོག་ནི་རིམ་བཞིན་དུ་སངས་རྒྱས་ཀུན་བརྗོད་མ་དང་། རྒྱན་ཅན་མ་
དང་། ཀུན་ཏུ་བཟང་མོ་དང་། མི་བཟད་པའི་ཟ་མ་ཏོག་མ་ཡིའོ། །སངས་རྒྱས་ཀྱི་སྐུ་གཟུགས་དང་། མེ་ལོང་དང་། སྤྲིན་དང་བཅས་པའི་རྡོ་རྗེ་སེར་བ་དང་། མིག་གི་ཕྱག་རྒྱ་ནི་རིམ་བཞིན་དུ་སངས་རྒྱས་ཐམས་ཅད་ཡན་ལག་དང་ལྡན་མ་དང་། གཟུགས་མ་ཞལ་བཟངས་མ་
དང་། སྤྲིན་ཆེན་མོ་དང་། ནམ་མཁའི་སྤྱན་རྣམས་ཀྱིའོ། །རྡོ་རྗེ་འབར་བ་དང་། ཁ་ཊྭཱཾ་ག་དང་བཅས་པའི་ཐོད་པ་དང་། དམར་ཆེན་པོས་ཁམ་ཕོར་བཀང་བ་ཡིན་པར་ཤེས་པར་བྱའོ། །སྙིང་རྗེ་ཆེན་པོ་ནི་སྙིང་གི་པདྨ་སྟེ། དེ་ཉིད་ནི་ཤ་ཆེན་ནོ། །ཕྱག་རྒྱ་དེ་དག་ནི་དཔལ་
ཧེ་རུ་ཀ་ཡིའོ། །མདའ་རྣོན་པོ་དང་། ལྕགས་ཀྱུ་དང་། ཆང་དང་ཆུ་རྣམས་ནི་རིམ་བཞིན་དུ་དཀར་མོ་དང་། རྐུ་བྱེད་མ་དང་། རབ་རྨོངས་མ་དང་། རོ་ལངས་མ་ཡིའོ། །རླུང་གིས་བསྐྱོད་མའི་ལྕུག་མ་དང་། རས་དང་། འབར་བའི་མེ་རྣམས་ནི་རིམ་བཞིན་དུ་སྦོས་བྱེད་མ་དང་།
གཏུམ་མོ་དང་། སྨེ་མ་ཡིའོ། །བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གི་ནི་སྣ་ཚོགས་པ་སྟེ། དམར་མོ་དང་། ལྗང་གུ་དང་། དཀར་པོ་དང་། སེར་པོ་དང་ལེ་བརྒན་གྱི་པདྨའོ། །རྣམ་པར་ལྟ་མ་དང་། སྒྲོལ་མ་དང་། རྒྱ་ཅན་མ་དང་། ཁྲོ་གཉེར་མ་དང་། པདྨོ་ལ་གནས་
เล่ม ๒๗ · หน้า 86a
མ་དང་། སྣ་ཚོགས་པདྨའི་དབང་ཕྱུག་མ་རྣམས་ཀྱི་རིམ་བཞིན་དུ་པདྨའི་ཀར་ནི་ཀ་དང་། ཁུ་ཚུར་དང་། འཁོར་ལོ་རྩིབས་བརྒྱད་པ་དང་། མདུང་རྩེ་གསུམ་པ་དང་། ཆུ་སྲིན་གྱི་རྒྱ་མཚན་དང་། རྡོ་རྗེ་རྩེ་ལྔ་པ་རྣམས་སོ། །བཅོམ་ལྡན་འདས་རྡོ་རྗེ་ཉི་མ་ནི་གཞུ་དང་།
མདའ་དང་། རལ་གྲི་དང་། ཉི་མའི་དཀྱིལ་འཁོར་རྣམས་སོ། །ལྷ་མོ་དབང་བསྐུར་མ་དང་། རིན་པོ་ཆེའི་གཏེར་དང་། རྒྱལ་མཚན་གྱི་མཆོག་དང་། མཆོད་པ་ཆེན་པོ་རྣམས་ནི་རིམ་བཞིན་དུ་རིན་པོ་ཆེ་ཅོད་པན་དང་། གཏེར་གྱི་བུམ་པ་དང་། རྒྱལ་མཚན་དང་། ཆུན་འཕྱང་ལ་སོགས་
པ་རྒྱན་ཐམས་ཅད་ཀྱིས་བཀང་བའི་སྣོད་རྣམས་ཐོགས་པར་ཤེས་པར་བྱའོ། །དཔལ་རྟ་མཆོག་གི་ནི་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་སྟེ། ཕྱག་རྒྱ་རྣམ་པ་གཉིས་སོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའི་རྟོག་པ་སྟེ། རྟོག་པ་བདུན་པའི་འགྲེལ་པའོ།། །།
མཆོད་པ་མེད་པར་དངོས་གྲུབ་མི་འབྱུང་བས་བཅོམ་ལྡན་འདས་མཆོད་པ་ཐམས་ཅད་མཉམ་པར་སྦྱོར་བ། དཔལ་སྐལ་བ་བཟང་པོ་དམ་ཚིག་གི་རྟོག་པའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་གཞན་ཡང་ཞེས་བྱ་བ་ནི་དཀྱིལ་
འཁོར་གྱི་ཕྱག་རྒྱ་ཤེས་པའི་འོག་ཏུའོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་པས། དཔལ་རྡོ་རྗེ་སེམས་དཔའ་དང་ལྷ་ནི་རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ་སྟེ། དེ་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་ཀུན་ནས་སྣ་ཚོགས་ཤིང་མ་ལུས་པ་མཆོག་ཏུ་གྱུར་པས་ན།
རྣམ་པ་ཀུན་དུ་སྣ་ཚོགས་མཆོག་གོ། །མཆོད་པ་ཐམས་ཅད་ནི་རྣམ་པར་སྤྲུལ་པའོ་ཞེས་བྱ་བ་ནི་མཆོད་པ་ཐམས་ཅད་མངོན་པར་སྤྲུལ་པའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། དཀྱིལ་འཁོར་དུ་འདུས་པ་ལ་སོགས་པའི་ཡོ་བྱད་དང་། གཞན་དག་གིས་མཆོད་པའི་བར་དུ་རྫོགས་པར་བྱས་
ལ། ཕྱག་བྱ་བའི་ཕྱག་རྒྱ་རྣམས་ཀྱིས་བྱ་བའོ། །དེའི་རིམ་པ་ཡང་འདི་ཡིན་ཏེ། དཔལ་བདེ་བའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་གླུ་དང་། རྡོ་རྗེ་གར་བྱས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་འགྱིང་བག་དང་བཅས་པས་རྡོ་རྗེ་དྲིལ་བུ་བཟུང་ལ། གཡས་པ་བ་དན་གསུམ་པར་བྱས་ཏེ།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด