སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་བུདྡྷ་ས་མཱཉྫ་པཉྩི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๗ · หน้า 114a
བྱ་ཞིང་། པུས་མོ་གཉིས་དག་བཀུག་ནས་ནི། །ལག་གཉིས་ནང་དུ་འཇུག་པ་ནི། །ཟླུམ་པོའི་འདུག་སྟངས་ཡིན་པར་གྲགས། །གཡོན་པ་གཞོལ་ཞིང་བཀུག་ནས་ནི། །གཡས་པའི་པུས་མོ་བརླར་བརྐྱང་ནས། །གཡོན་གྱི་ཐད་ཀར་བཞག་པ་དང་། བརླ་དང་པུས་མོ་
སྦྱར་བའོ། །རྒྱར་ནི་མཐོ་ལྔ་བརྐྱང་བ་ནི། །གཡས་བརྐྱང་པར་ནི་གྲགས་པ་ཡིན། །དེ་ལས་བཟློག་པར་གྱུར་པ་ནི། །གཡོན་པ་བརྐྱང་བར་ཤེས་པར་བྱ། །མི་ལྷོད་པ་དང་སྲན་ཚུགས་དང་། །མཉེན་ཞིང་ཡན་ལག་བསྟན་པ་དང་། །རྒྱ་ཆེན་འགྲེང་ཞིང་རྣམ་པར་དག །
ཅེས་བྱ་བ་ནི་བདེ་བླག་ཅན་གྱིས་སྦྱར་བའོ། །རང་གི་སྙིང་གར་འདྲེན་ཚུལ་ཞེས་བྱ་བ་ལ་སོགས་པ་ཀུན་དུ་སྦྱོར་ཞིང་འདྲེན་མྱུར་བའོ། །ལག་པ་གཡོན་པ་ལེགས་བསྲང་ཞེས་བྱ་བ་ལ་སོགས་པས་འགྲེང་བའོ། །རྣ་དྲུང་བར་དུ་བྱ་བ་ལ་སོགས་པ་ནི་འཛིན་པའོ། །ཡི་གེ་ཨོཾ་ཞེས་བྱ་
བ་ལ་སོགས་པ་འདི་དག་ནི་ཇི་སྲིད་བར་དུ་བཀང་བ་ཡིན་གྱི་བརྗོད་པར་བྱ་བ་མ་ཡིན་ཏེ། དུས་དེ་སྲིད་ཀྱི་བར་དུ་བཟུང་ངོ་ཞེས་པའོ། །ཇི་ལྟར་རིམ་པར་དྲངས་ནས་ཞེས་དབྱེ་བ་ལ་སོགས་པ་ནི་དགོས་པའོ། །ཆང་པས་བཞེས་ཞེས་བྱ་བ་ལ་སོགས་པ་ནི་འཕེན་པའོ། །གྲུ་བཞི་པ་ལ་
ཞེས་པ་ནི་དེའི་མདུན་དུ་དྲངས་པའོ། །དྲོ་བ་དང་ཞེས་པ་ནི་གཡོན་ཕྱོགས་སུའོ། །ཀུན་ནས་བསྐོར་བར་བྱ་བ་ནི་རྒྱབ་ཏུ་བཟློག་པའོ། །གང་ཕྱོགས་ན་ནི་མདའ་སྐོར་ནས། །ཞེས་བྱ་བ་ནི་གཡས་ལ་གནས་པའོ། །སྨད་དེ་ཞེས་བྱ་བ་ནི་འབེན་འོག་ཏུ་བཙུགས་པའོ། །བསྟོད་པ་དང་ནི་ཞེས་
བྱ་བ་ནི་སྟེང་དུ་བཞག་པའོ། །རྐང་པས་མནན་པ་ནི་རྐང་པ་གཡས་ཀྱིས་གཡོན་མནན་པའོ། །མནན་པ་དེ་ཡང་རིམ་བཞིན་དུ་མེའི་ཕྱོགས་ནས་འབེན་ལ་འབིགས་པའོ། །མིག་པའི་རྐང་པའི་རྟིང་པ་སྟེ། །དེས་དེ་བཞིན་དུ་མནན་ནས་བདེན་བྲལ་དང་། རླུང་གི་ཕྱོགས་ཀྱི་འབེན་
ལ་འབིགས་པ་བཅུའི་ཕྱག་རྒྱའོ། །རབ་ཏུ་འཕངས་དང་ཞེས་བྱ་བ་ལ་སོགས་བཞི་འཕངས་པ་སྟོན་ཏོ། །ཉམ་ང་ལག་དང་ཞེས་བྱ་བ་ལ་སོགས་པ་ལག་པས་འཕེན་པའོ། །ཐམས་ཅད་འདེབས་དང་ཞེས་བྱ་བ་ལ་སོགས་པས་ནི་འབེན་ཐབས་ལྔར་བཟུང་བ་སྟོན་ཏོ། །
เล่ม ๒๗ · หน้า 114b
འཁྲུལ་འཁོར་གྱིས་འཕངས་པ་ཡང་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་དེ་ལ་མཁས་རྣམས་བྱེད་དོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་རྒྱ་རྣམས་ཀྱིས་གཞག་པར་བྱ་བའི་ཕྱིར་དང་། རྣལ་འབྱོར་པ་རྣམས་ཀྱིས་ལྷའི་སྦྱོར་བ་བྱིན་གྱིས་བརླབ་པའི་ལས་ཐམས་ཅད་ཤེས་
པའི་ཕྱག་རྒྱ་བསྟན་པ་ནི། སྲིན་ལག་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྲིན་ལག་གཉིས་ཀྱི་ནང་དུ་ནི། །ཞེས་བྱ་བ་ནི་སྲིན་ལག་གི་རྩ་བའི་ནང་དུའོ། །མཐེ་བོང་ལེགས་པར་གཞུག་པར་བྱ། །ཞེས་བྱ་བ་ནི་མཐེ་བོང་གི་རྩེ་མོ་དང་སྦྱར་རོ། །མཛུབ་མོ་
ལེགས་པར་གཞུག་པར་བྱའོ། །ཞེས་བྱ་བ་ནི་མཛུབ་མོའི་རྩེ་མོ་བཀུག་ལ། མཐེ་བོའི་ངོས་ཀྱིས་མནན་པ་སྟེ། །འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ལས་ཀྱི་ཕྱག་རྒྱ་སྟེ། བདག་གི་མཐེ་བོང་ནང་དུ་གཞུག །ཅེས་བྱ་བ་ནི་མཐེ་བོང་ནང་ནས་ཆོས་གོས་
འཛིན་པའི་ཚུལ་དུ་བཞག་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པའོ། །དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་ཁུ་ཚུར་བཅངས་པ་ལས་མཐེ་ཆུང་བརྐྱང་པའོ། །པདྨའི་ཁུ་ཚུར་ནི་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའོ། །རྡོ་རྗེ་ཁུ་ཚུར་རིན་ཆེན་
མཆོག །ཅེས་བྱ་བ་ནི་སྔར་བཤད་པའི་རིན་པོ་ཆེའི་ཁུ་ཚུར་ཏེ། རྡོ་རྗེ་ཉི་མའི་འཁོར་དང་བཅས་པའོ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལ་མཐེ་བོང་ནང་དུ་བཅུག་སྟེ། སོར་མོ་ཐམས་ཅད་ཀྱིས་མནན་པ་ནི་རྟ་མཆོག་འཁོར་དང་བཅས་པའོ། །ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ལག་
པ་གཉིས་ཀྱིས་བཅིངས་ཏེ། དེ་རྣམས་ཀྱི་རང་གི་སྙིང་པོ་ཅི་ལྟ་བ་དང་བཅས་པར་བཅིང་ངོ་། །འདོད་ཆགས་ལ་སོགས་པའི་བགེགས་རྣམས་ནི་ཞི་བའི་དོན་དུ་དཔལ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཤེས་པ་ཉེ་བར་བསྟན་པའི་ཕྱིར། རྐང་པ་བརྐྱང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རྐང་པ་བརྐྱང་དང་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བ་བྱས་ཏེ། དེས་ཀྱང་། གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་རྐང་པ་གཡས་པ་དང་། གཡོན་པ་གཉིས་ཀྱིས་རིམ་བཞིན་དུ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་
เล่ม ๒๗ · หน้า 115a
མནན་པར་གྱུར་ན། དེ་ལྟར་བྱས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་པ་ཐམས་ཅད་དབང་དུ་འགྱུར་རོ། །རྣལ་འབྱོར་བདག་གི་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་དང་ལྡན་པའོ། །དེ་ལྟར་བྱ་བ་ཐམས་ཅད་བྱས་ཤིང་བགེགས་རྣམས་
ཉེ་བར་ཞི་བའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ལེགས་པར་སློབ་ཅིང་། རབ་ཏུ་དམིགས་པའི་དོན་དུ་དངོས་གྲུབ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པ་བསྟན་པའི་ཕྱིར། ཁུ་ཚུར་སྙིང་གར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་
ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པ་སྙིང་གར་ཁུ་ཚུར་གྱི་བདག་ཉིད་ཅན་གྱི་བུད་མེད་ཀྱི་ཕྱག་རྒྱ་བཅིངས་ན་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །བུད་མེད་ཀྱི་སྦྱོར་བ་མ་ལུས་པ་ཞེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་ཀྱིའོ། །
གཡོན་པ་འགྱིང་བའི་ཚུལ་དུ་བྱ། །ཞེས་བྱ་བ་ནི་གཡོན་པ་འགྱིང་བའི་ཚུལ་གྱིས་དྲིལ་བུ་འཛིན་པའོ། །ལག་གཡས་རང་གི་སྙིང་གར་ནི། །ཞེས་བྱ་བ་ནི་བུད་མེད་ཀྱི་ཕྱག་རྒྱས་སྙིང་གར་བསྟོད་པའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པ་འཛིན་པའོ། །བུད་མེད་ཐམས་ཅད་ཅེས་བྱ་བ་ནི་བདེ་བའི་
མཆོག་ལ་སོགས་པའི་གཙོ་བོ་སྔོན་དུ་འགྲོ་བ་བུད་མེད་ཀྱི་ཕྱག་རྒྱ་སྟེ། འདི་ནི་རྡོ་རྗེ་འགྱིང་བ་ལ་རབ་ཏུ་སྦྱར་བར་བྱ་བ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི། གཡོན་པ་ཁུ་ཚུར་གྱིས་སྣ་ཚོགས་པདྨ་འཛིན་པ་གཡས་པ་ལྡང་བའི་
ཚུལ་གྱིས་དབང་ཕྱུག་ཐམས་ཅད་བསྒྲུབ་པར་བྱའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་གཡོན་གྱིས་དྲིལ་བུ་འཁྲོལ་ལ། གཡས་པས་རྡོ་རྗེ་རྩེ་ལྔ་པ་འབར་བ་ཡོངས་སུ་བསྐོར་ཞིང་གསོར་བས་སྒྱུ་མ་ཐམས་ཅད་འབྱུང་བར་བྱའོ། །དཔལ་པདྨ་གར་གྱི་དབང་ཕྱུག་གི་རྣལ་འབྱོར་པས།
ལག་པ་གཡོན་པས་སྣ་ཚོགས་པདྨ་བཟུང་སྟེ། ལག་པ་དེ་བརླ་གཡོན་པར་གཞག་ལ་ལག་པ་གཡས་པ་གཡས་པའི་བརླའི་སྟེང་དུ་གཞག་སྟེ། དེའི་མཛུབ་མེ་སེམས་དཔའ་ལ་བཞུགས་པའི་ཚུལ་དུ་ཁར་བཞག་ན་དེས་མི་དགའ་བ་ཐམས་ཅད་སེལ་བར་འགྱུར་རོ། །རྡོ་རྗེ་ཉི་མའི་རྣལ་
เล่ม ๒๗ · หน้า 115b
འབྱོར་པས་ནི་གཡོན་གྱིས་རང་གི་སྙིང་གར་བསྟོད་པའི་ཚུལ་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་ལ། གཡས་ཀྱིས་ནི་བུད་མེད་ལ་སོགས་པ་རིན་པོ་ཆེ་མཆོག་འཛིན་པས་མཆོག་སྦྱིན་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྟ་མཆོག་གི་རྣལ་
འབྱོར་པས་ནི། གཡོན་གྱིས་རང་གི་སྙིང་གར་བསྟོད་པའི་ཚུལ་དུ་སྣ་ཚོགས་རྡོ་རྗེ་འཛིན། གཡས་རྡོ་རྗེ་འགྱིང་བས་དབང་ཕྱུག་དམ་པ་ཐོབ་པར་འགྱུར་རོ། །ཀུན་དུ་སྣ་ཚོགས་ཀྱི་དམ་ཚིག་གི་རྟོག་པ་སྟེ། རྟོག་པ་དགུ་པའི་འགྲེལ་པའོ།། །།ད་ནི་ཕྱག་རྒྱ་ཉི་ཤུ་རྩ་བདུན་
ཇི་ལྟར་བསྒྲུབ་པ་བསྟན་པའི་འོག་ཏུ། ཀུན་དུ་སྣ་ཚོགས་སྐལ་བ་བཟང་པོ་དཔལ་དམ་ཚིག་གི་རྟོག་པ་ཉེ་བར་བསྟན་པའི་ཕྱིར། དེ་ནས་ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྣ་ཚོགས་ཀྱི་ཕྱག་རྒྱ་ཤེས་པ་ཞེས་བྱ་བ་ནི། ཕྱག་རྒྱ་ཉི་ཤུ་རྩ་བདུན་ཤེས་པའོ། །
འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཀུན་དུ་སྣ་ཚོགས་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བདག་གི་ལྷར་སྦྱོར་བའི་བདག་ཉིད་དུ་བསྒྲུབ་པའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར་སྨིན་མ་མིག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨིན་མ་མིག་ལ་སོགས་པ་གསུངས་པའི་རིམ་གྱིས།
ཆ་ལུགས་ཇི་ལྟ་བ་བཞིན་དུ་གར་བྱེད་པ་སྟེ། ཇི་ལྟར་མཐུན་པར་གར་བྱེད་པས་སོ། །ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །ཡོངས་སུ་དགྲོལ་ཞེས་པ་ནི་བཅིང་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། བདག་ཉིད་ཀྱི་ལྷའི་བདག་ཉིད་ཇི་ལྟ་བ་ལ་སོགས་པའི་སྨིན་མ་དང་།
མིག་ལ་སོགས་པས་བྱས་པ་མེད་ན་ནི་བདག་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་གར་བྱེད་པ་སྔོན་དུ་འགྲོ་བས། ཕྱག་རྒྱ་ཆེན་པོ་ཐམས་ཅད་བཅིང་བར་བྱའོ་ཞེས་པ་སྟེ། སྔར་བཤད་པའི་རྒྱུད་ཀྱི་ཚོགས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་པའོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་
པ་ཐམས་ཅད་ཀྱི་ཕྱག་རྒྱ་འཇིག་པའི་ལན་གྱི་ཕྱག་རྒྱ་བསྟན་པའི་ཕྱིར། དཔལ་གཡོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པ་འགྱིང་བ་དང་བཅས་ཞེས་བྱ་བ་ནི། གཡོན་པ་འགྱིང་བ་དང་བཅས་པས་དྲིལ་བུ་འཛིན་ལ། ལག་པ་གཡས་པས་ནི་པདྨ་ཁུ་ཚུར་
เล่ม ๒๗ · หน้า 116a
བཅངས་ནས་དཔྲལ་བར་གཞག་ལ། ཁྲོས་པས་གྱེན་དུ་བལྟ་བའི་ཚུལ་དུ་བྱས་པ་ནི། དངོས་གྲུབ་ཀྱི་མཆོག་ཐམས་ཅད་ལ་སོགས་པ་སྒྲུབ་པར་བྱེད་དོ། །ཀུན་དུ་སྣ་ཚོགས་པ་ནི་སྐལ་བ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའི་རྟོག་པ་སྟེ། རྟོག་པ་བཅུ་པའི་
འགྲེལ་པའོ།། །།སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་ཅན་འདིས་ཆེ་བ་ཉིད་བསྟན་པ་ཡིན་ནོ། །རྒྱུད་ཀྱི་རྒྱལ་པོ་ཡོན་ཏན་མང་ལྡན་མཁས་པའི་སྤྱོད་ཡུལ་བ། །དོན་རྒྱས་དོན་ལྡན་ཚོགས་ནི་ཤིན་ཏུ་འབྲེལ་སྦས་པའི། །འདིར་ནི་བདག་
གིས་ལོ་འདབ་རྩེ་ཙམ་བླངས་ནས་རྣམ་ཕྱེ་ཡི། །མཆོག་ཏུ་མཁས་པའི་རྗེས་འབྲང་དམ་པ་རྣམས་ནི་ཚད་མ་ཡིན། །དཀའ་འགྲེལ་འདི་ནི་སྦྱར་བ་ཡིས། །བདག་གི་དགེ་བ་གང་ཡིན་དེས། །རབ་ཞི་བཤེས་གཉེན་བཅས་པ་ཡི། །འཇིག་རྟེན་རྡོ་རྗེ་འཛིན་པར་ཤོག །སངས་
རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀའ་འགྲེལ། སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཙཱརྱ་ཤྲདྡྷ་ཀ་ར་ཝརྨ་དང་། དྷརྨཱ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་
གཏན་ལ་ཕབ་པའོ།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด