ตัวบทไม่มีชื่อ — ประโยคแรก: རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་འཇུག་པའི་མན་ངག་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๘ · หน้า 113b
༄། །རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་འཇུག་པའི་མན་ངག་བཞུགས། ༄༅༅། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཁྲུལ་པ་མྱ་ངན་ཐང་ཆེན་ལ། །ཉོན་མོངས་ཉི་མས་རབ་
གདུངས་པའི། །འགྲོ་བ་འཚོ་བའི་ཀླུང་གྱུར་པ། །སྲོག་འཛིན་མགོན་ལ་ཉེར་བཏུད་ནས། །གང་གིས་ཉོན་མོངས་ཞི་བྱེད་པ། །རྟོགས་དཀའ་ཐབས་མང་རྒྱ་མཚོ་ལས། །མཆོག་གྱུར་མགོན་པོས་གསུངས་པའི་དོན། །བླ་མའི་གསུང་ལས་བླངས་པ་བརྗོད། །འདི་ན་གང་དག་
ཉོན་མོངས་ཅན། །ཉོན་མོངས་སྤོང་བ་ཉོན་མོངས་འགྱུར། །ཇི་ལྟར་བཀྲེས་པས་ཁ་ཟས་དང་། །སྐོམ་པ་ཆུ་ལ་རྒྱབ་ཕྱོགས་བཞིན། །དཔེར་ན་མེ་ཡི་བུད་ཤིང་དང་། །མ་ཕྲད་སྡུད་ཅིང་མི་གསལ་ཞིང་། །འཆི་འགྱུར་དེ་ལྟར་འགྲོ་བའི་སེམས། །འདོད་པ་སྤངས་ན་རུང་འགྱུར་
བཞིན། །ཡུལ་ལ་ཤིན་ཏུ་ཆགས་པའི་སེམས། །འདོད་པ་སྤངས་པས་ཟློག་བྱེད་པ། །དེ་ལྟར་མི་འགྱུར་ཐབས་དམན་ཕྱིར། །ཉོན་མོངས་འཕེལ་བ་ཁོ་ནར་ཟད། །གང་དག་ཤིན་ཏུ་བཅིངས་པའི་མི། །འདུག་ན་གཞན་དུ་འགྲོ་བ་ཡི། །བསམ་པ་རྟག་ཏུ་སྟེན་བྱེད་ཅིང་། །ལུས་
སེམས་བདེ་བར་མི་འགྱུར་བཞིན། །སེམས་མི་བདེ་བ་དོན་གཉེར་བས། །དེ་རྙེད་པར་ནི་མ་གྱུར་པར། །ཀུན་ཏུ་རྟོག་པ་རྒྱས་འགྱུར་ཞིང་། །གཉུག་མའི་ཡིད་གནས་མི་འགྱུར་བ། །དཔེར་ན་གླང་ཆེན་མ་རུངས་པ། །གང་ཚེ་ཆང་གིས་རབ་མྱོས་པ། །ཕྱི་ནས་ངང་གིས་དུལ་འགྱུར་
བ། །དེ་ལྟར་སེམས་ཀྱི་གླང་པོ་ཡང་། །ཡུལ་གྱི་ཆང་གིས་རབ་མྱོས་ན། །དམུ་རྒོད་རྟོག་པ་དུལ་འགྱུར་ཞིང་། །གཉུག་མ་རྣལ་འབྱོར་པ་ཡིས་ལེན། །གང་དག་སྤྲོས་པས་མ་སྤྲོས་པའི། །གཉུག་མའི་སེམས་ཡིད་མ་རྙེད་ན། །རྟོག་པའི་དྲ་བས་འཆད་མིན་ཏེ། །རྟོག་
เล่ม ๒๘ · หน้า 114a
ལས་འཁོར་བ་སྣ་ཚོགས་འབྱུང་། །དེ་ཕྱིར་ཡང་དག་གཉུག་མའི་ཡིད། །མཐོང་བར་འདོད་པས་ལུས་དང་སེམས། །ཀུན་རྟོག་རླུང་རྣམས་ཞི་བྱའི་ཕྱིར། །ནམ་ཡང་གདུང་བར་མི་བྱའོ། །དེ་ལྟར་གདུང་བ་སྤངས་པ་ལས། །སེམས་ནི་བདེ་བའི་ངོ་བོར་འགྱུར། །
འཁྲུལ་པའི་སྤྲིན་སྟུག་འགག་འགྱུར་ཞིང་། །འོད་གསལ་དྲི་མེད་ནམ་མཁའ་མཐོང་། །བདེ་དེ་འདོད་པ་ཀུན་ལས་འབྱུང་། །ཡང་དག་བླ་མའི་མན་ངག་གཞན། །ཐབས་དང་བཅས་པའི་རྣལ་འབྱོར་པས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །གཏི་མུག་འཁྲུལ་པ་ལས་ཀྱི་
སྦྲུས། །སྡུག་བསྔལ་དབའ་ཀློང་ཆེར་འཁྲུགས་པའི། །འཁོར་བའི་ཆུ་བོར་བྱིང་བ་ཡི། །འགྲོ་ལ་བརྩེ་བ་ཆེན་པོ་བསྐྱེད། །འདིར་ནི་འདི་དོན་འདིས་མི་ནུས། །ཡང་དག་ཡེ་ཤེས་སྣང་ལྡན་པའི། །ཡི་དམ་རྒྱལ་པོའི་གཟུགས་ཀྱིས་ནི། །སེམས་ཅན་སྐྱབས་ལ་བརྩོན་
པར་བྱ། །རང་གི་བསྐྱེད་པ་ཡི་གེའི་གཟུགས། །དེ་ཉིད་སྙིང་གི་དཀྱིལ་དུ་གཞག །འོད་ཀྱིས་སྡིག་པ་ཟད་བྱས་ཏེ། །འགྲོ་མང་སྡུག་བསྔལ་ཞི་བར་བྱ། །བཏུས་པའི་སྦྱོར་བས་ལྷ་གང་གི །གནས་ལ་དད་པས་དེ་ཉིད་བསམ། །བྱིན་གྱིས་བརླབས་དང་དབང་བསྐུར་བ། །གཞུག་
དང་མཆོད་སོགས་ཐམས་ཅད་བྱ། །དེ་ནས་བཞིན་བཟངས་མིག་ཡངས་མ། །ལང་ཚོ་རྒྱས་ཤིང་སྐྱེ་གནས་དང་། །ནུ་མ་མཁྲང་ཞེང་ཤ་རྒྱས་པའི། །བུ་མོ་ཡིད་འོང་མདུན་དུ་བཞག །གཙུག་ཏུ་མཛེས་དང་རོ་ལྡན་དང་། །བུ་ག་འཕེན་དང་བསྐྱོད་པ་དང་། །མཚམས་སུ་མཛེས་པར་
གྱུར་པ་ཡིས། །མཛེས་པ་མཛེས་པར་བྱ་བ་དང་། །རྣལ་འབྱོར་ལ་ནི་རྟག་གུས་ཤིང་། །ལྷག་པར་ཟབ་མོའི་ཆོས་ལ་དད། །ཁྲོ་མེད་རྣམ་རྟོག་སྤངས་པའི་བདག །ཡོངས་སུ་སྨིན་བྱས་བྱིན་གྱིས་བརླབ། །གཙོ་ཉིད་གང་གི་རིག་མ་རུ། །ཆོ་ག་མཁས་པས་བསྒོམས་ནས་ཀྱང་། །
དེ་རུ་ཡེ་ཤེས་འཁོར་ལོ་གཞུག །མཚན་མ་གཉིས་ཀྱང་སྔགས་ཀྱིས་སྦྱང་། །ལིང་ག་བརྟན་པོར་གྱུར་པ་ནི། །སྐྱེ་གནས་དབུས་སུ་གཞག་པར་བྱ། །དམ་པོར་འཁྱུད་པས་གནས་ནས་ནི། །ཡང་དང་ཡང་དུ་ཙུམྤ་བྱ། །སེན་མོས་ཅུང་ཟད་བྲུད་པ་དང་། །མ་མཆུ་སོ་ཡིས་བཙིར་
เล่ม ๒๘ · หน้า 114b
བར་བྱ། །མིག་ནི་རབ་ཏུ་བསྒྱུར་བྱ་ཞིང་། །ལྕེ་ཡང་ལྕེ་ཡིས་བསྐྱོད་པར་བྱ། །མགྲིན་པར་ང་རོས་དགང་བ་དང་། །གཤུགས་པའམ་ཡང་ན་གསལ་པོ་རུ། །ཆགས་པའི་ཚིག་གིས་སྦྱོར་བ་ཡིས། །ཁ་སྦྱོར་བདེ་བ་དང་པོ་བསྒོམ། །སུམ་ཅུ་རྩ་གཉིས་འདབ་ལྡན་པའི། །རླུང་
གི་རང་བཞིན་པདྨ་ལས། །མགྲིན་པར་འབར་བའི་ཡེ་ཤེས་ནི། །བྱ་བ་གྲུབ་པ་ཉོན་མོངས་འཇོམས། །དེ་རུ་རྡོ་རྗེ་ནུབ་གྱུར་ནས། །རྐེད་པ་བསྐྱོད་པ་སྤངས་ནས་ནི། །ལུས་ངག་སྦྱོར་དང་ལྡན་པ་ཡིས། །དགྲམ་ཞིང་བསྡུ་བ་དག་ཏུ་བྱ། །མིག་ནི་སྣ་རྩེར་ཕབ་ནས་སུ། །གཟུགས་
སོགས་ཡུལ་ལ་མ་ཞེན་པར། །དེ་དག་ལས་སྐྱེས་བདེ་བ་མཆོག །ཡང་དག་ཡེ་ཤེས་གཉིས་པ་བསྒོམ། །བརྒྱད་གཉིས་འདབ་མར་བཅས་པ་ཡི། །ཆུ་ཡི་ངོ་བོ་པདྨ་ལས། །སྙིང་གར་འབབ་པའི་ཡེ་ཤེས་ནི། །སོ་སོར་ཀུན་དུ་རྟོག་པར་བརྗོད། །སྒྱུ་རྩལ་མཁས་པས་བསྐྱོད་བྱ་
ཞིང་། །བུ་མོས་ཀྱང་ནི་རྐེད་པ་བསྐོར། །དབུགས་ཀྱང་ཅུང་ཟད་ཅུང་ཟད་བསྡམ། །དལ་གྱིས་སྒྱུ་རྩལ་ཐམས་ཅད་སྤྱད། །མིག་ནི་མི་འཛུམས་པར་གྱུར་པས། །རེག་ལ་རྟོག་ཅིང་མ་ཞེན་པར། །བདེ་བའི་ཡེ་ཤེས་གསུམ་པ་ནི། །རྣལ་འབྱོར་མཁས་པས་རྟོགས་པར་བྱ། །བཅུ་
དྲུག་ཕྱེད་ཀྱི་འདབ་མར་བཅས། །ཆུ་ཡི་རང་བཞིན་པདྨ་ལས། །ལྟེ་བར་འབབ་པའི་ཡེ་ཤེས་ནི། །མེ་ལོང་ལྟ་བུར་ཡང་དག་བརྗོད། །རིགས་ཀྱི་མཚན་མ་ས་བོན་བཅས། །ནོར་བུར་ཆུད་པར་བསམ་བྱ་ཞིང་། །རླུང་དང་ཡིད་ནི་མི་རྒྱུ་བར། །བྱས་ཏེ་མཁས་པས་འདོད་པ་གཟུང་། །གོས་
མེད་རྟོག་པ་ཉེར་ཞི་བ། །མིག་གཉིས་རབ་ཏུ་གདངས་པ་ཡིས། །རང་བྱུང་གཞོན་མེད་མཁས་མཉམ་པའི། །ཡེ་ཤེས་བཞི་པ་གསལ་པོར་བསྒོམ། །དྲུག་ཅུ་རྩ་བཞིའི་འདབ་ལྡན་པའི། །འདབ་སྐྱེས་ས་ཡི་རང་བཞིན་ལས། །དེ་འདབ་དེ་རུ་ཟིན་གྱུར་པའི། །ཡེ་ཤེས་མཉམ་པ་ཉིད་
དུ་བརྗོད། །གལ་ཏེ་དེར་ནི་མ་ཟིན་ན། །བདེ་བ་ཆེན་པོ་མི་གསལ་ཞིང་། །ཕུང་པོ་སྐྱེ་མཆེད་ཉམས་པ་དང་། །གཉིས་མེད་ཡེ་ཤེས་རྟོགས་མི་འགྱུར། །དར་རས་ལས་བྱས་སྐུད་པ་དྲུག །སོར་བཅུ་དྲུག་གིས་རྐེད་པ་བསྡམས། །བུ་མོའི་ཁྲག་གིས་བསྒོས་པ་དང་། །སྦྲུལ་གྱི་ཤུན་
เล่ม ๒๘ · หน้า 115a
པར་ཡང་དག་ལྡན། །སོར་བཅུ་གཉིས་ལྡན་ཤིང་བུ་ལ། །མཐའ་རུ་སོར་གཉིས་དོར་བ་དང་། །དཀྱིལ་དུ་སྲད་བུས་བཅིངས་ནས་ནི། །སོར་དྲུག་རྡོ་རྗེའི་མདུད་པ་བྱས། །སོར་གཉིས་མཐའ་རུ་སྦྲེལ་བྱས་ནས། །མཁས་པས་རང་གི་རྐེད་པར་བཅིང་། །མདུན་གྱི་
ཤིང་བུས་ཕྲ་བཀོད་དེ། །ལྟེ་བའི་ཕྱོགས་སུ་གཞག་པར་བྱ། །བུ་མོའི་བྱིན་པ་གཡོན་པ་ནི། །སྐྱེས་བུའི་དྲུག་ཁུག་གཡས་པས་བླང་། །དབུགས་བསྡམས་པ་དང་ལྡན་པ་ཡིས། །རྟག་ཏུ་ཐུར་སེལ་བརྐྱང་བར་བྱ། །གླང་པོའི་སྣ་ཡི་སྦྱོར་བ་ནི། །ལག་པ་གླང་པོའི་སྣ་ལྟ་བུ། །སྣ་ལྔ་
སྦྱར་བར་བྱས་པ་ཡིས། །དེ་རུ་སེམས་འགག་ཐེ་ཚོམ་མེད། །སྤུ་ཡི་རྩ་བ་བརྡུངས་པ་ནི། །ལྕགས་ཀྱི་སྣོད་དུ་ཡུན་རིང་བཙོས། །རྩིག་པ་ཕུད་དེ་ཀ་ར་དང་། །ཏིལ་དང་སྦྱར་བ་མཁས་པས་བཟའ། །འདི་ནི་ཟོས་པ་ཙམ་གྱིས་ཀྱང་། །སྟོབས་འཕེལ་མདངས་དང་ལྡན་པ་དང་། །ཐིག་ལེ་
འཛིན་པའི་ཐབས་ཀྱི་མཆོག །སྨན་གྱི་སྦྱོར་བ་དམ་པའོ། །བའམ་ར་ཡི་འོ་མ་རུ། །ཀ་ར་ཧ་ས་དེ་བར་སྦྱར། །འདི་ནི་བཅུད་ལེན་མཆོག་ཏུ་བཤད། །ཐིག་ལེ་འཛིན་པ་ཉིད་ཡིན་ནོ། །བྱ་ཡི་བྲུན་དང་མི་ཁྱི་ཡི། །རུས་པ་བཞིབས་པའི་ལྡེ་གུ་ཡིས། །རྡོ་རྗེ་རྟག་པར་བསྐུ་བྱེད་པའི། །
ས་བོན་འབྱུང་བར་མི་འགྱུར་རོ། །ཁྱིམ་བྱའི་ཚིལ་བུ་ཏིལ་མར་དང་། །བྱིའུ་ཡི་ཤ་རྣམས་ཡང་དག་སྦྱར། །དེ་ཡིས་པདྨ་ལ་བསྐུས་ན། །ཆེ་བའང་ཟུམ་ནས་ཐིག་ལེ་འཛིན། །ལྕུམ་གྱི་རྩ་བ་བརྡུངས་པ་ཡིས། །པདྨར་བསྐུས་ན་དེ་འཛིན་ཏོ། །ས་བོན་མི་འབྱུང་ཐབས་ཀྱི་མཆོག །ཁྱད་
པར་རྫས་ཀྱི་སྦྱོར་བའོ། །སྣ་ཚོགས་ཐབས་ལ་མ་རྨོངས་པས། །ནན་ཏན་བྱས་ཏེ་བཟུང་བ་དེ། །མྱུར་དུ་འབད་པས་ལུས་ངག་དང་། །སེམས་ཀྱི་རྩལ་གྱིས་བཟློག་པར་བྱ། །ལུས་ཀྱི་རྩལ་གྱིས་ལྟེ་བ་བརྡེབས། །དེ་ཚེ་ངག་སྟོབས་ཡི་གེ་ཧཱུཾ། །ལཾ་ཡིག་ཕྲེང་བར་བརྒྱུད་མ་ནི། །དྲངས་
པར་བསམས་པ་སེམས་ཀྱི་སྟོབས། །མཉམ་གནས་བསྐྱོད་པའི་སྦྱོར་བ་ནི། །དགུ་པོ་ལུས་སྟོབས་ཧཱུཾ་ཡིག་གི །ང་རོ་དྲག་པོས་མགྲིན་པར་དགང་། །མཾ་ཡིག་ཕྲེང་བ་སེམས་ཀྱི་རྩལ། །སྙིང་གནས་ལུས་སྟོབས་སྤྲུག་པ་དང་། །ངག་གི་འདྲེན་པ་ཨཱཿཡིག་འདོན། །པཾ་ཡིག་ཕྲེང་
เล่ม ๒๘ · หน้า 115b
བར་བསམས་པ་ཡིན། །གསུང་གི་དབང་ཕྱུག་གནས་སུ་དྲང་། །ལུས་ཀྱི་རྩལ་གྱིས་མགྲིན་པར་དགུག །ངག་ནི་ཨོཾ་ཡིག་འདོད་ལ་བརྩོན། །ཏཱཾ་ཡིག་ཕྲེང་བར་བསམ་པ་ཡིས། །ཕྱག་རྒྱ་ཆེན་པོའི་གནས་སུ་དྲང་། །སྒོ་དགུ་དག་པའི་སྦྱོར་བ་ཡིས། །རླུང་དང་དེ་བསྲེས་རྩ་མིག་དགང་། །
སྡིགས་མཛུབ་འཕེན་པའི་རྩལ་གྱིས་ཀྱང་། །ཡང་དང་ཡང་དུ་སྤྲོ་བར་བྱ། །དེ་ལྟར་སྦྱོར་བ་དེ་དག་གིས། །སྤུ་ཡི་ཁུང་བུའི་གནས་སུ་ཡང་། །བདེ་བའི་ཡེ་ཤེས་གཡོས་གྱུར་ཏེ། །ཀུན་རྟོག་རྡུལ་དང་བྲལ་བར་འགྱུར། །དེ་ནས་རྣལ་འབྱོར་མཁས་པ་ཡིས། །དྷཱུ་ཏཱི་དཀར་པོ་སྟོང་པ་རུ། །
སྙིང་གི་ལམ་ནས་སེམས་བཅུག་པས། །སྣ་ཚོགས་རྟོག་པ་ནུབ་པར་བསྒོམ། །དྷཱུ་ཏཱིའི་ནང་དུ་རང་གི་སེམས། །ཐིག་ལེའི་གཟུགས་ཀྱིས་གནས་པ་ནི། །ཐུར་དུ་བབ་སྟེ་ནོར་བུ་ཡི། །ནང་དུ་ཡང་དག་གནས་པར་བསྒོམ། །ཐམས་ཅད་སྟོང་པ་བདེ་བ་ཆེ། །བརྗོད་མེད་རང་བཞིན་ཤེས་
དཀའ་ཞིང་། །རྣམ་རྟོག་དབའ་རླབས་ཉེར་ཞི་བ། །གསལ་བའི་རོ་ལྡན་ཉམས་སུ་མྱོང་། །བ་སྤུ་གྱེན་དུ་ལོག་པ་དང་། །ལུས་ནི་དྲག་ཏུ་འབར་བ་དང་། །འདར་དང་གཡོ་འགྱུར་མཆི་མ་འཛག །རྔུལ་བར་འགྱུར་བ་དེ་དག་རྟགས། །ཡང་ན་རྟག་པར་དགོད་པ་དང་། །ངུ་བའམ་བརྒྱལ་
ཞིང་འགྱེལ་བར་འགྱུར། །རེག་པ་ལ་སོགས་རྐྱེན་དག་ལས། །བདེ་བ་བཟོད་དཀའ་སྐྱེ་བར་འགྱུར། །རྟོག་མེད་ཉམ་ང་རྣམ་པར་སྤངས། །དགའ་བ་རྒྱས་ཤིང་ངོ་ཚ་མེད། །གླུ་ལེན་སྒྲ་འབྱིན་འདོད་པའི་སེམས། །རང་འབྱུང་བདེ་བའི་རོས་མྱོས་རྟགས། །དེ་ལྟར་ཡང་དག་གོམས་
པ་ལས། །སྣང་བ་ཡེ་ཤེས་ཆེན་པོར་འཆར། །ཕྱག་རྒྱ་མ་ལ་ལྟོས་མེད་པར། །སྒྲིབ་བྲལ་བདེ་བ་རྒྱས་པར་འགྱུར། །བཟང་ངན་བདག་དང་གཞན་ལ་སོགས། །ཡོད་དང་མེད་པའི་སྦྱོར་ཉིད་དང་། །འདིར་ནི་སྐྱོན་དང་ཡོན་ཏན་སོགས། །བདེ་བ་ཆེ་ལ་མི་མཉམ་མེད། །བསྟོད་
གྲགས་རྙེད་ལྡན་བདེར་གྱུར་པ། །འདིར་ནི་སྨད་ཅིང་མ་གྲགས་དང་། །དབུལ་པོ་སྡུག་ཕོངས་གང་གྱུར་པ། །བྱེ་བྲག་མེད་པ་རྟོག་པའི་གདེང་། །མདོར་ན་གང་ཚེ་རྣལ་འབྱོར་པས། །རྩོལ་དང་མི་རྩོལ་ཉེར་ཞི་ཞིང་། །བླང་དོར་མེད་པར་གང་སྤྱོད་པ། །བྱང་ཆུབ་སྤྱད་པ་རླབས་
เล่ม ๒๘ · หน้า 116a
ཆེན་པོ། །དེ་ལྟར་མ་ཉིད་བདེ་བ་ཆེ། །མཐའ་བྲལ་རྒྱུན་མི་འཆད་པ་ཡི། །ཉམས་སུ་མྱོང་བ་མ་བསྟན་པར། །སྒྱུ་འཕྲུལ་ཕྱག་རྒྱ་བཟང་མོ་བསྟེན། །མི་མོ་མཚན་ཉིད་རབ་ལྡན་ཞིང་། །རིགས་ཀྱི་དབྱེ་བས་ཕྱེ་བ་ནི། །རྒྱུད་ལས་གསུངས་བཞིན་རྣལ་འབྱོར་
པས། །ཁ་དོག་མཚན་མ་ཀུན་ཤེས་བྱ། །འགྲོ་ཚོགས་ཆགས་སོགས་ཉོན་མོངས་དང་། །སྡུག་བསྔལ་གདུང་བ་བསིལ་བྱེད་པ། །རྣལ་འབྱོར་མཆོག་གི་རྒྱུད་རྣམས་ལས། །རྒྱལ་བས་གཅིག་ཏུ་བཀའ་སྩལ་པ། །དམ་པའི་མན་ངག་ལ་བརྟེན་ཏེ། །གསང་ཆེན་ཐེག་པའི་
ལམ་གྱི་ཚུལ། །ཡང་དག་སྦྱར་བ་བྱས་པ་ལས། །འཇིག་རྟེན་འཁོར་བ་ནུབ་པར་ཤོག །པཎྜི་ཏ་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་མཛད་པ། རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ནའི་རྣལ་འབྱོར་ལ་འཇུག་པའི་མན་ངག་ཅེས་བྱ་བ་རྫོགས་སོ།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด