དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๙ · หน้า 165b

དབྱིངས་རིན་ཆེན་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ལས་ཅིག་ཅར་དུ་བྱུང་བའི་རིན་ཆེན་རྡོ་རྗེ་བསྒོམས་ཏེ། མདུན་དུ་ཡང་སྔ་མ་བཞིན་དུ་རང་གི་ས་བོན་ལས་རིན་པོ་ཆེ་བསྐྱེད་ལ་དེ་ཉིད་ལག་ཏུ་བླངས་ཤིང་རིན་ཆེན་རིག་པ་འཛིན་པར་

འགྱུར་རོ། །རིན་ཆེན་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཁའ་དབྱིངས་ཆོས་ཀྱི་དབྱིངས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ལས་བྱུང་བའི་ཚེ་དཔག་ཏུ་མེད་པ་བསྒོམས་ལ། སྔ་མ་བཞིན་དུ་མདུན་དུ་རང་གི་ས་

བོན་ལས་པདྨ་བསྐྱེད་ལ་ལག་ཏུ་བླངས་ཤིང་པདྨའི་རིག་པ་འཛིན་པར་འགྱུར་རོ། །པདྨོ་རིགས་ཆེན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །མཁའ་དབྱིངས་དམ་ཚིག་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་ནི་དེ་བཞིན་ཉིད་ལས་བྱུང་བའི་བདག་ཉིད་དོན་

ཡོད་གྲུབ་པར་བསྒོམས་ལ། སྔ་མ་བཞིན་དུ་རང་གི་ས་བོན་རལ་གྲི་བསྐྱེད་ལ། དེ་ཉིད་ལག་ཏུ་བླངས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དམ་ཚིག་ཆེན་པོའི་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེས་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། དགུག་པ་དང་། རྣམ་

པར་སྡང་བ་དང་། གསོད་པ་ལ་སོགས་པའི་ལས་རྣམས་བྱ་བ་དང་། ཇི་སྲིད་འཁོར་བའི་བར་དུ་འགྲོ་བའི་དོན་བྱ་བ་སྟེ། རིག་པ་འཛིན་པའི་དངོས་གྲུབ་ལྔ་བསྟན་ཏོ། །གལ་ཏེ་ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་ཕྱག་མཚན་བསྒྲུབ་པར་འདོད་ན་དེའི་ཚེ་ལྷ་མོ་རྣམས་

ཀྱི་ཕྱག་མཚན་ནི་འཁོར་ལོ་ལ་སོགས་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་མཚན་ནི་མེ་ལོང་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་མཚན་ནི་ནཱ་ག་གེ་སར་གྱི་ཡལ་ག་ལ་སོགས་པ་དང་། ཁྲོ་བོ་རྣམས་ཀྱི་ཕྱག་མཚན་ནི། རྩེ་གསུམ་ཡེ་ཤེས་ལྕགས་ཀྱུ་

སོགས། །ཞེས་པ་སྟེ། སོགས་པའི་སྒྲས་ནི་ཐོ་བ་དང་། དབྱིག་པ་དང་། པདྨ་དང་། རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་བསྐྱེད་ལ་རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་ཁྱད་པར་གྱིས་བདག་ཉིད་དང་དེ་རྣམས་བསྐྱེད་ལ། བསམ་གཏན་ནི་སྔར་བཤད་པའི་ཕྱག་རྒྱ་ཆེན་པོ་ཡོངས་སུ་

เล่ม ๒๙ · หน้า 166a

གྱུར་པས་བླངས་ཏེ། སྐུ་གསུང་ཐུགས་ནི་ཁམས་གསུམ་པའི་ཕྲིན་ལས་དང་། སྒྲུབ་པ་ནི་སྤྲིན་དྲལ་བ་དང་། ཆར་རེངས་པ་དང་། འབྱུང་པོ་དབབ་པ་དང་། ཆར་འབེབས་པ་དང་། བསྐལ་པ་ཉིད་དུ་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་པ་ནི་བདག་བྱིན་གྱིས་བརླབ་

པ་དང་བསྐྱེད་པའི་རིམ་པ་དག་གོ། །ཆེན་པོ་ནི་འགྲོ་བའི་དོན་མཛད་པའི་ཕྱིར་ཆེན་པོ་དང་། དམ་ཚིག་གི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ངེས་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འཁོར་ལོ་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །དེ་རྣམས་ཀྱི་

དངོས་གྲུབ་ནི་འབྲས་བུ་ཐོབ་པ་དེ་ཉིད་མི་ལྡོག་པས་ན་རྡོ་རྗེ་གང་ལས་བྱུང་བ་དེ་ནི་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་ཏོ་ཞེས་སྔ་མ་དང་སྦྱར་རོ། །དོན་འདི་ཉིད་རྫོགས་པའི་རིམ་པས་དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལ་འཇུག་པར་བྱ་སྟེ། རྣམ་པར་སྣང་མཛད་ཁྱབ་

བྱེད་རླུང་། །འཁོར་ལོ་ལུས་ཀུན་ཚིག་རྣམས་སོ། །ལག་པ་སྟོང་པ་ཉིད་བསྡུས་ལ། །འཁོར་ལོའི་རིག་པ་འཛིན་པར་འགྱུར། །མི་བསྐྱོད་པ་ནི་མེ་དང་མཉམ། །རྡོ་རྗེ་སྙིང་གའི་དཀྱིལ་འཁོར་འདོད། །ལག་པ་དེར་ནི་ཐིམ་བྱེད་ན། །རྡོ་རྗེའི་རིག་པ་འཛིན་པར་འགྱུར། །གྱེན་དུ་འགྲོ་བའི་འོད་

དཔག་མེད། །པདྨ་ལྐོག་མའི་དཀྱིལ་འཁོར་ཡིན། །ལག་པ་དེར་ནི་བསྡུ་བྱེད་ན། །པདྨའི་རིག་པ་འཛིན་པར་འགྱུར། །གསང་བའི་པདྨ་རིན་ཆེན་མཛོད། །རིན་ཆེན་འབྱུང་ལྡན་ཐུར་དུ་སེལ། །ལག་པ་དེར་ནི་ཉེར་བསྡུ་ན། །རིན་ཆེན་རིག་པ་འཛིན་པར་འདོད། །སྲོག་གི་རླུང་ནི་

གདོན་མི་ཟ། །རལ་གྲི་ལྟེ་བའི་དཀྱིལ་འཁོར་ཏེ། །ལག་པ་དེར་ནི་ཉེར་བསྡུ་བས། །རལ་གྲི་རིག་པ་འཛིན་པར་འདོད། །རྒྱུ་བ་ལ་སོགས་རླུང་གང་ཡིན། །དེ་རྣམས་རྩེ་གསུམ་ཀྱོ་བ་སོགས། །དེ་རྣམས་གང་ཞིག་ཉེར་བསྡུས་པ། །དེ་ན་དེ་ཡི་རིག་འཛིན་འདོད། །ཅེས་གསུངས་ཏེ། རྫོགས་པའི་

རིམ་པའོ། །ད་ནི་འོག་ནས་བཤད་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་ཀྱི་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། ལམ་གྱི་བཞི་མདོ་འམ་ཤིང་གཅིག་དྲུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་གྱི་བཞི་མདོ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སམ། ཕྱོགས་མཚམས་སུ་

เล่ม ๒๙ · หน้า 166b

ལམ་བཞིའོ། །ཤིང་གཅིག་དྲུང་ཞེས་པ་ནི་གང་དུ་ཤིང་གི་རིགས་ཅམ་གཞན་མད་པའོ། །མཚན་གཅིག་ནི་འབའ་ཞིག་པའི་མཆོད་རྟེན་ལ་སོགས་པའི་མཚན་མའི་གནས་སོ། །ཞི་གནས་ནི་མ་མོའི་རིགས་ཀྱི་གནས་ཏེ། གནས་དེ་རྣམས་ལ་འོག་ནས་བཤད་པར་འགྱུར་བའི་རྡོ་རྗེ་བསྒྲུབ་བྱ་རྣམས་

འགུགས་པའི་ཁྱད་པར་ཕུལ་དུ་བྱུང་བ་སྒྲུབ་པ་ནི་བསྒྲུབ་པར་བྱའོ། །གང་གིས་ཤེ་ན། སྒྲུབ་པ་པོ་ནི་རྣལ་འབྱོར་པ་སྟེ། རྟག་ཏུ་ཞེས་པ་ནི་བརྩམ་པའི་དུས་ནས་བརྩམས་ཏེ། ཇི་སྲིད་རྫོགས་པའི་བར་དུའོ་ཞེས་སྟོན་ཏོ། །ཡང་ན་ལམ་གྱི་བཞི་མདོ་ནི་ལས་ཀྱི་ཕྱག་རྒྱ་མ་དང་ཤིང་གཅིག་དྲུང་ནི་དམ་ཚིག་གི་ཕྱག་རྒྱ་མ་དང་། མཚན་མ་

གཅིག་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་། ཞི་གནས་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་རྣམས་ལ་བརྟེན་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། བསྐྱེད་པའི་རིམ་པའོ། །སྦྱོར་བ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ནི་རེ་ཞིག་དང་པོ་བསྒྲུབ་བྱ་སྦྱོར་གསུམ་ནི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་

འཛིན་སེམས་དཔའ་དང་ལྡན་པར་བསྒོམས་ལ་བདག་ཉིད་དང་སྦྱོར་བ་གསུམ་དང་མི་བསྐྱོད་པའི་རང་བཞིན་དུ་བྱས་ཏེ། རྡོ་རྗེ་ཅན་ནི་ལག་ན་ཡོད་པའི་མཚོན་ཆ་ཡང་སྦྱོར་བ་གསུམ་དུ་བསྒོམས་ལ། རྡོ་རྗེ་དེ་ཡང་ཀྱོ་བའི་རྣམ་པ་དང་མདོག་ནག་པོར་སྤྲོས་ཏེ། སྐུ་གསུང་ཐུགས་ནི་བསྒྲུབ་

བྱའི་སེམས་དཔའ་གསུམ། སངས་རྒྱས་ནི་སངས་རྒྱས་ཀྱི་བདག་ཉིད། ཡེ་ཤེས་བློ་ལྡན་ནི་རྣལ་འབྱོར་པས་དགུག་སྟེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་དེ་ཉིད་ཀྱིས་འདྲེན་པས་མདུན་དུ་ཕྱིན་པར་བསམ་པར་བྱའོ། །སངས་རྒྱས་དགུག་པ་དམ་པ་ཡིན། །ཞེས་པ་ནི་སངས་རྒྱས་ནི་བསྒྲུབ་བྱ་

རྣམས་ཏེ། དགུག་པ་དམ་པ་ནི་དེ་རྣམས་སྐད་ཅིག་མ་ཙམ་གྱིས་འགྲུབ་པའོ་ཞེས་སྟོན་ཏོ། །ཏིང་ངེ་འཛིན་དེ་ཉིད་ཀྱིས་ཕྱོགས་བཅུར་གནས་ལ་གང་ཞིག་དམ་ཚིག་ནི་རང་གི་དམ་ཚིག་གིས་ཏེ་ཁྱབ་འཇུག་དང་ཞི་བའི་སྔགས་ཀྱི་དམ་ཚིག་གིས་འབྱུང་བའི་སྒྲུབ་པ་སྟེ། གཞན་གྱི་རྣལ་འབྱོར་

རྣམས་སོ། །དེ་དག་ཀྱང་རྡོ་རྗེ་ནི་རྡོ་རྗེ་ལྕགས་ཀྱུ་འདིས་བཀུག་ནས། ཉེ་བར་སྤྱད་པ་ནི་རང་གི་བསྟན་པ་ལ་གཞུག་པར་བྱའོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་ནི་དཔག་ཏུ་མེད་པའི་བསྒྲུབ་བྱ་རྣམས་ཏེ། དེ་དག་རྡོ་རྗེ་ནི་རྡོ་རྗེ་ལྕགས་ཀྱུས་དགུག་པ་ནི་འདྲེན་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་

เล่ม ๒๙ · หน้า 167a

དེ་ནི་དེ་བཞིན་དུ་བཤད་པའོ། །རྣམ་པར་སྣང་མཛད་འཁོར་ལོ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་བྱ་དང་སྒྲུབ་པ་དང་སྒྲུབ་པ་པོ་རྣམས་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བསམས་ལ། སྔ་མ་བཞིན་དུ་

འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། ལྕགས་ཀྱུ་རྣམས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་སྦྱོར་བས་བསྒྲུབ་བྱ་བཀུག་ལ་བཀའ་ཉན་དུ་གཞུག་གོ། །ཁམས་གསུམ་གྱི་དམ་ཚིག་ནི་བསྒྲུབ་བྱ་རྣམས་ཏེ། དེ་དག་འཁོར་ལོ་ལ་སོགས་པའི་ལྕགས་ཀྱུ་རྣམས་ཀྱིས་དགུག་པའི་

ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །གལ་ཏེ་རིགས་ལྔ་བསྒོམ་པས་བསྒྲུབ་བྱ་དགུག་པར་འགྲུབ་པར་མི་འགྱུར་ན། དེའི་ཚེ་རྡོ་རྗེ་སེམས་དཔའི་བསྒོམ་པས་དེ་ཉིད་བྱ་བ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། རྣམ་པ་མཆོག་རྣམས་ཀུན་ལྡན་པའི། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། རྣམ་པ་ཀུན་ནི་དེ་བཞིན་གཤེགས་པ་ལྔ་སྟེ། མཆོག་ནི་ཕུལ་དུ་བྱུང་བ་དེ་རྣམས་དང་ལྡན་པའི་སངས་རྒྱས་སྐུ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམས་ལ། དེ་ཉིད་ཀྱི་ཕྱག་དྲུག་པོ་ལ་འཁོར་ལོ་དང་། རིན་པོ་ཆེ་དང་། རྡོ་རྗེ་དང་། པདྨ་དང་། རལ་གྲི་དང་། སྣ་ཚོགས་རྡོ་རྗེ་རྣམས་ལྕགས་ཀྱུའི་རྣམ་

པ་བསམས་ལ། དེ་དག་གི་སྔ་མ་བཞིན་དུ་རླུང་གི་དཀྱིལ་འཁོར་ལ་གནས་པའི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་བསྒྲུབ་བྱ་བཀུག་ལ་མདུན་དུ་བཞག་ལ་དེ་རང་གི་བཀའ་བཞིན་ལ་འཇུག་པར་བྱའོ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །ཞེས་པ་ནི་རིགས་དྲུག་དང་ལྡན་པའི་ལྕགས་ཀྱུའི་སྦྱོར་བས་

གནས་ནི་སྣོད་ཀྱི་འཇིག་རྟེན་དང་། ལས་ལ་བརྟེན་པའི་ཕྱིར་ལས་ནི་སེམས་ཅན་གྱི་འཇིག་རྟེན་ཏེ། དེ་དག་བྱེད་པར་གྱུར་པ་ནི་རང་གི་བཞིན་ལ་འཇུག་པར་བྱེད་པ་སྟེ། དེ་ནི་གནས་ལས་བྱེད་པར་འགྱུར། །ཞེས་རྣལ་འབྱོར་པ་ཡིན་ནོ་ཞེས་སྟོན་ཏེ། བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་

པའི་རྣལ་འབྱོར་པ་རྣམས་ཀྱིས་དགུག་པ་བཤད་པར་བྱ་སྟེ། སྦྱོར་གསུམ་ནི་རྣམ་པར་ཤེས་པ་གསུམ་མོ། །དེ་རྣམས་ཉིད་སྔགས་ནི་རྣམ་པར་རྟོག་པ་རྣམས་སྐྱེད་པར་བྱེད་པའི་ཕྱིར། སྐྱེས་བུ་ནི་སོ་སོར་ངེས་པའི་ནུས་པ་དང་ལྡན་པའོ། །རྣམ་པར་ཤེས་པ་དེ་གསུམ་ནི་རྣམ་པ་གསུམ་གྱི་

เล่ม ๒๙ · หน้า 167b

ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་ཞེས་བྱ་བའི་རང་བཞིན་རྣམས་དང་སྦྱོར་བ་ནི་རྒྱུ་དང་འབྲས་བུའི་འབྲེལ་པ་སྟེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་བསྒོམས་ནས་སྐུ་གསུང་ཐུགས་ནི་ཟླ་བ་དང་ཉི་མའི་སྣང་བ་དང་སྣང་བ་མེད་པའི་སྣང་བ་རྣམས་ཏེ། དེ་ཉིད་རྣོ་བའི་ཕྱིར་ཀྱོ་བ་སྟེ། དེ་རྣམས་ཀྱི་སངས་རྒྱས་

ནི་རྣམ་པར་ཤེས་པ་གསུམ་མོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་བློ་ལྡན་ནི་རང་བཞིན་གྱི་རྒྱུར་གྱུར་པའོ། །རླུང་གི་དཀྱིལ་འཁོར་ནི་ལྟེ་བའི་དཀྱིལ་འཁོར་གྱི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་གནས་པའི་རྗེས་སུ་འཇུག་པའི་དབྱངས་དང་ཆོ་ག་དང་དེ་གཉིས་ཀ་དང་བྲལ་བའི་ཡེ་

ཤེས་གསུམ་པོས་སངས་རྒྱས་ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་འོད་གསལ་བ་ལ་དགུག་པ་དམ་པ་ནི་འཁོར་བ་ཟད་པར་བྱེད་པའི་ཉེ་བར་བསྡུ་བར་བྱའོ། །འབའ་ཞིག་པའི་ཡེ་ཤེས་གསུམ་མ་ཡིན་གྱི། འོན་ཀྱང་དམ་ཚིག་བཅུ་ནི་རླུང་བཅུ་སྟེ། དེ་རྣམས་ལས་བྱུང་བ་ནི་རང་བཞིན་རྣམས་

ཏེ། དེ་དག་ཀྱང་དགུག་པ་ནི་སྔར་བཤད་པའི་རིམ་པས་ཡང་དག་པར་བསྡུས་ལ། ཉེ་བར་སྤྱད་པ་ནི་འོད་གསལ་བ་ལ་གཞག་པར་བྱའོ། །ཇི་སྐད་དུ་གང་དང་གང་དུ་གནས་པ་རང་བཞིན་དེ་དང་དེ་འཛིན་པའོ། །ཇི་སྲིད་དུ་རླུང་ནི་མི་སྤྲོ་བས། སྣང་བ་མི་གཡོ་མི་འགྱུར་རོ། །ཞེས་འབྱུང་ངོ་། །

ནམ་མཁའི་དབྱིངས་ནི་རྣམ་པར་ཤེས་པ་གསུམ་དང་། དམ་ཚིག་ནི་རང་བཞིན་རྣམས་ཏེ། དེ་དག་འགུགས་པ་ནི་མི་སྣང་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ། རྣམ་པར་སྣང་མཛད་ནི་ཁྱབ་བྱེད་ཀྱི་

རླུང་སྟེ། དེ་ཉིད་ཀྱི་འཁོར་ལོ་ཆེ་ནི་ཚིགས་ཐམས་ཅད་དང་རྩ་རྒྱུས་དང་ལྡན་པའི་ལུས་སོ། །ཇི་ལྟ་བུ་ཞེ་ན། རྒྱལ་བ་ནི་རྩ་བདུན་ཁྲི་ཉིས་སྟོང་སྟེ། དེ་རྣམས་ཀྱི་གནས་སོ། །དེ་ཉིད་ལྕགས་ཀྱུ་ནི་ལྕགས་ཀྱུ་དང་འདྲ་བའི་ཤིན་ཏུ་རྣོ་བའི་འོད་ཟེར་གྱི་ཚོགས་ཀྱི་ནང་དུ་ཤིན་ཏུ་སྣང་བར་བྱེད་པའོ། །

ཇི་ལྟར་ཞེ་ན། རྐང་པ་ནས་བརྩམས་ཏེ་ཚངས་པའི་བུ་གའི་བར་དང་ཚངས་པའི་བུ་ག་ནས་རྐང་པའི་བར་དུའོ། །དེ་ནས་ཁམས་གསུམ་པ་ཡང་མི་སྣང་བར་བྱ་བའོ། །གཞན་ཡང་དེ་ཉིད་བསྒོམ་པར་བྱ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས། མན་ངག་ཐོབ་

เล่ม ๒๙ · หน้า 168a

པའི་སློབ་མ་ཡིས། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །པདྨ་ནི་མདོག་དམར་པོ་སྟེ། གྲུ་གསུམ་པའི་ལྐོག་མའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་མདོག་དཀར་པོའི་ཟླུམ་པོ་སྟེ་སྙིང་གའི་དཀྱིལ་འཁོར་རོ། །སོགས་པའི་སྒྲས་ནི་མདོག་ལྗང་གུའི་དབྱིབས་ཅན་ཏེ་ལྟེ་བའི་དཀྱིལ་འཁོར་རོ། །

དེ་བཞིན་དུ་མདོག་སེར་པོའི་གྲུ་བཞི་པ་སྟེ། གསང་བའི་དཀྱིལ་འཁོར་བསྒོམས་ལ། དམ་ཚིག་ནི་སྲོག་ལ་སོགས་པ་སྟེ། དེ་རྣམས་དགུག་པ་ནི་མདོག་དམར་པོ་ལ་སོགས་པའི་གཡས་པ་ལ་སོགས་པའི་དབྱིབས་སྤྲོ་བར་བྱའོ། །མཆོག་ནི་དེ་ཉིད་ཕུལ་དུ་བྱུང་བ་སྟེ། ནང་ནི་བདག་ཉིད་ཀྱི་དུས་ཀྱི་རང་

བཞིན་ནོ། །ཁམས་གསུམ་གྱི་དམ་ཚིག་ནི་དཀྱིལ་འཁོར་བཞི་སྟེ། དེ་རྣམས་དགུག་པ་ནི་སྤྲོ་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རྣམ་པ་མཆོག་རྣམས་ཀུན་ལྡན་པའི། །ཞེས་པ་ནི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་ནི་སངས་རྒྱས་སྐུ་ནི་འོད་

གསལ་བ་ལས་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པ་ནི་སྤྲོ་བར་བྱའོ། །ད་ཉིད་ཀྱི་ལག་ཏུ་ནི་སྙིང་གར་སྐུ་གསུང་ཐུགས་ནི་ཁམས་གསུམ་པ་རྣམས་བསྒོམས་ལ་སྐྱོ་བ་ལ་སོགས་ནི་སྒྱུ་མའི་དཔེ་བཅུ་གཉིས་བསྒོམ་པར་བྱའོ། །འདི་དག་ལྟ་བུ་སྦྱོར་བ་ཡིས། །ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་

པས་གནས་ནི་ཀུན་རྫོབ་ཀྱི་བདེན་པ་དང་། ལས་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་བྱེད་པར་གྱུར་པ་ནི་མཉམ་པར་བྱེད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །གཞན་ཡང་རིམ་པ་གཞན་གྱིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བཤད་པར་བྱ་བའི་ཕྱིར། རྣམ་པ་མཆོག་རྣམས་ཀུན་ལྡན་

པའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་རྣམས་ནི་རྣམ་པར་ཤེས་པ་དང་རླུང་དང་སྲོག་གི་དབང་པོ་རྣམས་སོ། །མཆོག་ནི་མིག་གི་དབང་པོ་ལ་སོགས་པའོ། །དེ་རྣམས་ཨོཾ་པ་ནི་གང་ནས། ཨོཾ་ད་ནི་གང་ལས་སོང་བ་དེ་ནི་རྣམ་པ་མཆོག་རྣམས་ཀུན་ལྡན་པ་སྟེ། རོའི་ལུས་པོ་དེ་ཉིད་ཀྱི་སྐུ་ནི་ལུས་

པོའོ། །རྡོ་རྗེ་ནི་བདག་ཉིད་ཀྱི་ཡི་གེ་གསུམ་གྱི་རང་བཞིན་རྣམ་པར་ཤེས་པ་སྟེ། དེ་ཉིད་གྱེན་དུ་འདྲེན་པའི་ས་བོན་གྱིས་བསྐུལ་ཞིང་ཚངས་པའི་བུ་ག་ལས་བྱུང་སྟེ། རོ་དེ་ཉིད་ཀྱི་སྙིང་གར་ཞུགས་པར་བསམས་ན་དེའི་ཚེ་རྙིང་པའི་ལུས་སྤངས་པས་སར་པའི་ལུས་ཐོབ་སྟེ། རྡོ་རྗེའི་སྐུར་གྱུར་པ་སྟེ། རྣམ་

เล่ม ๒๙ · หน้า 168b

པར་སྣང་མཛད་ཉིད་དུ་བྱེད་པའོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་ནི་དང་པོ་ལྕེ་སྟོང་པར་བསྒོམས་ལ། དེའི་རྗེས་ལ་ཨཱ་ལི་དང་ཀཱ་ལིའི་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་ལྕེ་ནི་རྡོ་རྗེའི་རྩེ་མོར་བསྒོམས་ལ། དེའི་སྟེང་དུ་དབང་ཕྱུག་གི་ས་བོན་ལས་པདྨ་ཕྲ་མོ་བསམས་ལ། དེའི་ལྟེ་བར་ཡང་ས་བོན་

དེ་ཉིད་བཀོད་ལ་དེ་ལྟ་བུའི་རྡོ་རྗེའི་ལྕེས་གང་ཡང་རུང་བ་ཀློག་པ་དེ་ཉིད་ལན་ཅིག་གིས་བཟུང་ཞིང་། རྡོ་རྗེ་གསུང་ནི་སྣང་བ་མཐའ་ཡས་དང་འདྲ་བར་འགྱུར་ཏེ། སྣང་བ་མཐའ་ཡས་ཉིད་དུ་བྱེད་པའོ། །དེ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་རང་གི་སྙིང་གའི་པདྨའི་དབུས་སུ་གསང་གསུམ་ནི་ཡི་གེ་

གསུམ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དམ་ཚིག་ནི་རྩེ་ལྔ་པའི་རྡོ་རྗེ་འབར་བ་བསམས་ཏེ། དེའི་སྟེང་དུ་ཡང་མཆོད་པའི་མཆོག་ནི་ཡི་གེ་གསུམ་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་གསུམ་གྱིས་ཁམས་གསུམ་པའི་སྙིང་གའི་པདྨའི་ཡི་གེ་གསུམ་གྱི་འོད་ཟེར་རྣམས་

བཀུག་ལ་དེ་ནས་མཆོད་པའི་འོད་ཟེར་རྣམས་ཀྱིས་མཆོད་ནས་ཞེས་པ་ནི་དེ་ཉིད་དུ་ཞུགས་ཏེ། རབ་ཏུ་བསྒྲུབ་པ་ནི་ཐུགས་རྡོ་རྗེ་འཛིན་པའི་དངོས་གྲུབ་སྟེ། གཞན་གྱི་སེམས་ཤེས་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་སྟེ་མི་བསྐྱོད་པ་ཉིད་དུ་བྱ་བའོ། །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི། །ཞེས་པ་ནི་མི་ཟད་པའི་སྐུ་

གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་གསང་བ་བླ་མའི་ཞལ་ནས་ཐོབ་པ་དང་། སྙིང་པོ་ནི་ལུས་ལ་སོགས་པ་ཡོངས་སུ་ཤེས་པས་འདུས་པ་ནི་མདོར་བསྡུས་པའོ་ཞེས་སྟོན་ཏོ། །གསང་བ་ཆེན་པོ་ནི་སྐུ་ལ་སོགས་པའི་གསང་བ་རྣམས་ཏེ། དེ་དག་བསྡུས་པ་ནི་སྙིང་པོའི་དོན་སྟོན་པར་མཛད་པའི་རྡོ་རྗེ་འཆང་

ཆེན་པོས་དེ་སྐད་གསུངས་སོ་ཞེས་སྔ་མ་དང་སྦྱར་ཏེ། བསྐྱེད་པའི་རིམ་པའོ། །ད་ནི་ཁྲོ་བོའི་རྒྱལ་པོ་རྣམས་ཚིམ་པར་བྱ་བའི་ཕྱིར་གཏོར་མ་དབུལ་བ་སྟེ། དེ་ཉིད་བཤད་པར་བྱ་བའི་ཕྱིར། ཤ་ཆེན་དམ་ཚིག་མཆོག་གིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་ཤིང་ལ་བཙུགས་པའི་སྐྱེས་

པའམ། འགེགས་ནས་ཤི་བའི་གདོལ་པ་ལ་སོགས་པ་རྡོ་རྗེ་བདུད་རྩི་ལས་གསུངས་པའི་རོ་ལངས་ཀྱི་ཆོ་གས་དེ་ཉིད་འབབ་ཅིང་འདས་པ་ལ་སོགས་པ་དྲིས་ལ་དེས་བྱིན་པའི་ཤ་གང་ཡིན་པ་དེ་ནི་ཤ་ཆེན་ཡིན་གྱི། གཞན་ནི་རྩྭ་མཆོག་དང་འདྲ་བ་མ་ཡིན་ཏེ། དེ་ཉིད་དམ་ཚིག་མཆོག་ནི་དོན་ཡོད་གྲུབ་

เล่ม ๒๙ · หน้า 169a

པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དོན་ཡོད་གྲུབ་པའི་རིགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། སྟོབས་པོ་ཆེ་དག་ལ་གཏོར་མ་ཕུལ་ལ་དེ་ནས་ཀྱང་ཚོགས་ཀྱི་འཁོར་ལོ་སྤྱོད་ན། རྡོ་རྗེ་གསུམ་མཆོག་ནི་གཞན་གྱིས་མི་ཐུབ་པའི་དོན་ཡོད་གྲུབ་པའི་སྐུ་བསྒྲུབ་པ་ནི་ཐོབ་པར་བྱ་

བའོ། །བཤང་གཅི་དམ་ཚིག་མཆོག་གིས་ནི། །ཞེས་པ་ལ་སོགས་པ་ལ། ཤ་ཆེན་དེ་ཉིད་བཤང་གཅི་ལ་སོགས་པ་དང་ལྡན་པར་བྱས་ལ། དམ་ཚིག་མཆོག་ནི་སྦྱང་བ་ལ་སོགས་པས་འདུས་བྱས་པའི་གཏོར་མ་ཕུལ་ཏེ། ཚོགས་ཀྱི་འཁོར་ལོར་ཡང་སྤྱོད་ན། རིག་པ་འཛིན་པའི་དངོས་གྲུབ་ནི་སྔར་

བཤད་པའི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། གཙོ་བོའི་ནི་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གླང་པོའི་ཤ་ཐུགས་རྡོ་རྗེའི་ས་བོན་གྱི་བྱིན་གྱིས་བརླབས་པར་བྱས་ལ། རྡོ་རྗེའི་རིགས་ཅན་གཙུག་ཏོར་འཁོར་

ལོས་སྒྱུར་བ་དང་གནོད་མཛེས་ཀྱི་རྒྱལ་པོ་དག་ལ་གཏོར་མ་ཕུལ་ཏེ་ཚོགས་ཀྱི་འཁོར་ལོ་ལ་ཡང་སྤྱོད་ན་མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཁ་ན་མ་ཐོ་བ་མེད་པ་རྟའི་ཤ་སྣང་བ་མཐའ་ཡས་ཀྱི་ས་བོན་གྱི་བྱིན་གྱིས་བརླབས་ལ། དེའི་རིགས་ཅན་པདྨ་མཐར་བྱེད་དང་། དབྱིག་སྔོན་ཅན་དག་ལ་གཏོར་མ་ཕུལ་

ཏེ་སྔ་མ་བཞིན་དུ་སྤྱོད་ན་མི་སྣང་བ་སྟེ་གྲིབ་མ་མི་མངོན་པ་ལ་བདག་པོ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཁྱི་ཤ་ནི་རིན་ཆེན་འབྱུང་ལྡན་གྱི་ས་བོན་གྱི་བྱིན་གྱིས་བརླབས་ལ། དེའི་རིགས་ཅན་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དག་ལ་གཏོར་མ་ཕུལ་ཏེ་སྔ་མ་བཞིན་དུ་སྤྱོད་ན་དངོས་གྲུབ་ཐམས་ཅད་དེ་

དབང་དང་དགུག་པ་ལ་སོགས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་བ་ལང་གི་ཤ་ཡང་རྣམ་པར་སྣང་མཛད་ཀྱི་ས་བོན་གྱི་བྱིན་གྱིས་བརླབས་ལ། དེའི་རིགས་ཅན་གཤིན་རྗེ་མཐར་བྱེད་དང་མི་གཡོ་བ་དག་ལ་གཏོར་མ་ཕུལ་ཏེ་སྔ་མ་བཞིན་དུ་སྤྱོད་ན་དགུག་པའི་དངོས་གྲུབ་ཐོབ་པར་

འགྱུར་རོ། །ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། མེད་པ་ནི་ལྕགས་ཀྱུ་ལྔ་རྣམས་མ་རྙེད་ན་དེ་དག་ཐམས་ཅད་བསམ་གཏན་གྱིས་ཀྱང་བྱའོ་ཞེས་སྟོན་ཏོ། །ཇི་སྐད་དུ། བཟླས་པ་དཀའ་ཐུབ་ཐམས་ཅད་ནི། །ཡུན་རིང་དུ་ནི་བྱས་ན་ཡང་། །གཡེང་བའི་སེམས་ཀྱིས་དེ་

เล่ม ๒๙ · หน้า 169b

བྱས་ན། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་འབྱུང་ངོ་། །དེ་བས་ན་ཡིད་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན་ཞེས་སྟོན་ཏོ། །དེ་ལྟ་བུའི་ལྕགས་ཀྱུའི་གཏོར་མའི་ཆོ་ག་རྡོ་རྗེ་སྦྱོར་བ་ནི་དེ་བཞིན་གཤེགས་པའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ན་རྣལ་འབྱོར་པ་སྟེ་སངས་རྒྱས་ཐམས་

ཅད་ཀྱིས་བྱིན་གྱིས་རློབ་པ་ནི་དེ་རྣམས་ཀྱིས་སྟོན་པར་འགྱུར་རོ་ཞེས་སྟོན་ཏོ། །དཔལ་གདན་བཞི་ལས་ཀྱང་ཇི་སྐད་དུ། དེ་ནས་མཆོད་པའི་ཁྱད་པར་ཏེ། །རྟོག་པ་རྟོག་མིན་དང་བྲལ་བ། །ལྕགས་ཀྱུ་ལ་སོགས་ལྔ་པོ་ནི། །དེ་ཉིད་ལྔ་པོ་དག་ཏུ་བྱ། །ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ། །ཡེ་ཤེས་ཀྱི་ལྷ་འདོད་པ་

ཡིན། །རྡོ་རྗེ་ལྕགས་ཀྱུར་མི་བསྐྱོད་པ། །ཁྱི་ཡི་ལྕགས་ཀྱུར་རིན་ཆེན་འབྱུང་། །དོན་ཡོད་རྒྱལ་པོ་ལྕགས་ཀྱུ་ལ། །གཡོ་བའི་ལྕགས་ཀྱུར་འོད་དཔག་མེད། །དེ་ལྟར་ལྕགས་ཀྱུ་ལ་སོགས་པ། །དེ་ཉིད་ཐམས་ཅད་རབ་སྦྱོར་བྱ། །གལ་ཏེ་ལྷ་མིའི་འཕང་འདོད་ན། །རྣལ་འབྱོར་མ་ཀུན་ཚིམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་

འབྱུང་སྟེ་བསྒྲུབ་པའོ། །ཤ་ཆེན་ལ་སོགས་པ་ནི་བཤད་པའི་རྒྱུད་ལ་འཇུག་པར་བྱ་སྟེ། ཀུན་གཞི་རྣམ་ཤེས་གང་ཡིན་པ། །དེ་ནི་ཤ་ཆེན་བཤད་པའོ། །དེ་ཉིད་སྟོང་ཉིད་དམ་ཚིག་སྟེ། །རྡོ་རྗེ་གསུམ་གྱི་དམ་ཚིག་འགྱུར། །གླང་ཤ་ཡིད་དུ་བཤད་པ་སྟེ། །སྟོང་པ་ཉིད་ལ་དེ་ཕུལ་ལ། །རྣལ་འབྱོར་པ་དེ་དངོས་གྲུབ་

སྣོད། །རྟ་ཡི་ཤ་ནི་མིག་ཡིད་དང་། །དེ་བཞིན་རྣ་བའི་རྣམ་པར་ཤེས། །གང་ཞིག་ཆོས་དབྱིངས་རབ་གནས་བྱེད། །དེ་ནི་དེ་ཉིད་རིག་པའོ། །ཁྱི་ནི་ལྕེ་ཡི་རྣམ་ཤེས་ཏེ། །ཤ་ནི་དེ་ཉིད་བརྟག་པའོ། །ཕུལ་བ་སྟོང་ཉིད་བཤད་པ་སྟེ། །རྣལ་འབྱོར་པ་དེས་དངོས་གྲུབ་ཐོབ། །ཇི་བཞིན་བ་ལང་ལུས་ལ་ཆགས། །སྣ་

ཡི་རྣམ་ཤེས་བཤད་པའོ། །དེ་ཡི་ཤ་ནི་བརྟག་བྱས་ནས། །གང་གིས་སྟོང་བྱས་རྣལ་འབྱོར་དེ། །ཞེས་གསུངས་སོ། །ད་ནི་ཏིང་ངེ་འཛིན་ལས་དལ་བ་ཚིམ་པ་བཤད་པར་བྱ་བའི་ཕྱིར། རྣམ་པ་མཆོག་རྣམས་ཀུན་ལྡན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་རང་ཅིག་ཅར་དུ་རང་གི་བདག་

ཉིད་རྣམ་པ་མཆོག་རྣམས་ཀུན་ལྡན་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་རྣམ་པར་རྫོགས་པ་གང་ཡང་རུང་བའི་དེ་བཞིན་གཤེགས་པ་བསམས་ལ། སྐུ་གསུང་ཐུགས་རྡོ་རྗེ་ཅན་སྤྱི་བོ་ལ་སོགས་པར་བཀོད་ལ། སྙིང་གར་ཡེ་ཤེས་ནི་ཡེ་ཤེས་སེམས་དཔའ་དང་། དམ་ཚིག་ནི་

เล่ม ๒๙ · หน้า 170a

དམ་ཚིག་སེམས་དཔའ་དགོད་པར་བྱ་སྟེ། དབུ་རྒྱན་ནི་སྤྱི་བོར་མཐོ་གང་ཙམ་འདས་ལ། རྡོ་རྗེ་ནི་ཆ་བཅུ་དྲུག་སྟེ་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་མཆོག་འཛིན་པ་ནི་བདུད་རྩིའི་རྒྱུན་འཛག་པའི་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེ་ལས་བྱུང་བ་འོ་མའི་རྒྱ་མཚོའི་དབའ་རླབས་དང་

འདྲ་བའི་བདུད་རྩིའི་རྒྱུན་རྐན་གྱི་བུ་གར་བཞག་པའི་ལྕེས་མྱང་བར་བྱས་ལ། སངས་རྒྱས་ཐམས་ཅད་ནི་རང་གི་ལུས་ངག་ཡིད་མཉེས་པར་བྱེད་པའོ། །དམ་ཚིག་ནི་ཚིམ་པའི་ཆོ་གའོ། །མཆོག་ནི་ཕྱིའི་ཟས་ལ་མི་ལྟོས་པ་སྟེ། བསམ་གཏན་གྱི་བཟའ་བ་ཙམ་བསྒྲུབ་པར་བྱའོ་ཞེས་སྟོན་ཏོ། །དམ་

ཚིག་ནི་སྒྲུབ་པ་པོས་གལ་ཏེ་དེ་ལྟར་བྱེད་ན། དེའི་ཚེ་སྒྲུབ་པ་པོ་དེའི་དངོས་གྲུབ་ཐམས་ཅད་ནི་ས་འོག་ལ་འཇུག་པ་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་དང་། འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བྱ་བ་ནི་སྒྲུབ་པར་བྱེད་པ་སྟེ་

ཟས་ལ་མི་ལྟོས་པ་ལས་ཐམས་ཅད་ཀྱི་ཚོགས་འགྲུབ་པའི་ཕྱིར་ཏེ། བསྐྱེད་པའི་རིམ་པ་དང་བསྒྲུབ་པ་དག་གོ། །ཡང་ན་རྣམ་པ་མཆོག་རྣམས་ཀུན་ནི་ཨཱ་ལིའི་ཕྲེང་བ་དང་ལྡན་པ་ནི་ཀཱ་ལིའི་ཕྲེང་བའོ། །དེ་ལས་བྱུང་བའི་སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་རིན་ཆེན་འབྱུང་ལྡན་དུ་བདག་ཉིད་བསམས་

ལ། །དེའི་སྙིང་གར་ཡེ་ཤེས་དམ་ཚིག་ནི་ཨཱ་ལིའི་སྡེ་ཚན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་དབུ་རྒྱན་ནི་དེའི་སྟེང་དུ་རྡོ་རྗེ་འཛིན་པ་བཞིན་དུ་རྣོ་བའི་ངོ་བོ་ཡི་གེ་བཀོད་ལ། སྣང་བ་འབར་བའི་རྣམ་པ་ཡི་གེ་དེས་དེ་འོད་དུ་ཞུ་བར་བསྒོམས་ལ་དེའི་

བདུད་རྩིའི་རྒྱུན་རྣམས་སྲོག་གི་རླུང་གིས་གྱེན་དུ་འདྲེན་པ་དང་། རྩོལ་བའི་རླུང་གིས་ཐུར་དུ་འདྲེན་ཞིང་ཚིམ་སྟེ། རྣལ་འབྱོར་པ་དེ་བསམ་གཏན་གྱི་བཟའ་བ་ཅན་དུ་གྱུར་ཏེ། བསྐྱེད་པའི་རིམ་པའོ། །སངས་རྒྱས་ཐམས་ཅད་མཉེས་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་

དུའོ། །རྫོགས་པའི་རིམ་པ་ཚིམ་པའི་ཆོ་ག་འདི་ཉིད་རྣམ་པ་གཞན་གྱིས་བཤད་པར་བྱ་སྟེ། རྣམ་པ་མཆོག་རྣམས་ཀུན་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་དང་ལྡན་པ་ནི་གང་བ་སྟེ་རང་གི་རིག་མའི་པདྨའོ། །སྐུ་གསུང་ཐུགས་ནི་དེ་རྣམས་ཀྱི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས།

เล่ม ๒๙ · หน้า 170b

རྡོ་རྗེ་ནི་རྡོ་རྗེའི་རྣམ་པའི་ལྕེ་སྟེ། ལྕེ་དེ་ཉིད་ཀྱིས་སྙིང་གའི་པདྨ་དེའི་ནང་དུ་ཞུགས་པས་ཡེ་ཤེས་དམ་ཚིག་མཆོག་ནི་བྱང་ཆུབ་ཀྱི་སེམས་དབུ་རྒྱན་ནི་ཁར་འཛིན་ཞིང་རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པས་སྤྱོད་ན་དེའི་ཚེ་སངས་རྒྱས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་མཉེས་ཞིང་

ཚིམ་པར་བྱས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དམ་ཚིག་མཆོག་འདི་ཞེས་པ་ནི་མཆོག་ནི་སྦས་པར་བྱ་བ་དང་། དམ་ཚིག་གི་སྤྱོད་པ་རྣལ་འབྱོར་པས་སྤྱད་པར་བྱའོ། །རྣལ་འབྱོར་པ་ཇི་ལྟ་བུ་ཞེ་ན། དམ་ཚིག་མཆོག་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་དེ་བྱེད་ན་དེའི་ཚེ་དངོས་གྲུབ་ཐམས་

ཅད་ནི་ལྷའི་མིག་ལ་སོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ནི་བདུད་རྩི་ལྔ་བཟའ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་སྐུ་སྟེ། དེ་ཉིད་དུ་འགྱུར་བ་ནི་འགྲུབ་པར་བྱེད་པའི་ཏིང་ངེ་འཛིན་ཀྱང་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་

རིམ་པ་དང་སྒྲུབ་པ་དག་གོ། །ད་ནི་བཟའ་བའི་དུས་སུ་བསམ་གཏན་བཤད་པར་བྱ་བའི་ཕྱིར། ལྕེ་ཡི་དམ་ཚིག་རྡོ་རྗེ་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོར་རང་གི་ལྕེ་སྟོང་པ་ཉིད་དུ་བསམས་ལ། དེའི་རྗེས་ལ་ངག་གི་དབང་ཕྱུག་གི་ས་བོན་དམར་པོ་ལས་

བྱུང་བའི་དེ་ཉིད་པདྨའི་འདབ་མའི་རྣམ་པར་བསྒོམས་ལ། དེའི་སྟེང་དུ་ཐུགས་རྡོ་རྗེའི་ས་བོན་ཡི་གེ་ཧཱུཾ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་ཕྲ་མོའི་རྡོ་རྗེ་དཀར་པོ་བསམས་ལ། ལག་པ་གཡོན་པ་དང་གཡས་པ་དག་ལ་ཡི་གེ་དང་པོ་དང་རཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་

བ་དང་ཉི་མའི་དཀྱིལ་འཁོར་བསམས་ལ། སོར་མོ་རྣམས་ཀྱང་ཡི་གེ་ཨོཾ་ལ་སོགས་པ་དང་ལཾ་ལ་སོགས་པས་དེ་བཞིན་གཤེགས་པ་དང་ལྷ་མོའི་གཟུགས་རྣམས་ཀྱི་རང་བཞིན་དུ་བྱས་ལ། རང་གི་ཁ་ཡང་ཡི་གེ་རཾ་ལས་བྱུང་བའི་མེ་ཐབ་ཏུ་བསྒོམས་ཏེ། ལྐོག་མ་དང་སྙིང་ག་

དང་ལྟེ་བ་དང་གསང་བའི་གནས་རྣམས་ལ་དཀར་མོ་ལ་སོགས་པ་དང་སྙོམས་པར་ཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྒོམས་ལ། བཟའ་བ་དང་བཏུང་བ་ལ་སོགས་པ་ནི་སྦྱོར་བ་ལ་སོགས་པའི་རིམ་པས་བདུད་རྩི་ལྔར་བྱ་ལ། སྦྱར་བ་དེ་ཉིད་ཀྱིས་སྤྱོད་ན་རྡོ་རྗེ་

เล่ม ๒๙ · หน้า 171a

གསུམ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱང་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་ཡིན་ནོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པ་དག་གིས་ཀྱང་ལྕེའི་རྩེ་མོར་ཡི་གེ་ཨོཾ་དང་ཨཱཿདག་བཀོད་ལ་བསྒོམ་པར་བྱའོ། །འདི་ནི་རྡོ་རྗེ་

ཚུལ་མཆོག་ནི། །ཞེས་པ་ནི་སྔགས་ཀྱི་ཐེག་པ་ལ་ཁྱད་པར་གྱི་བསམ་གཏན་ནོ། །ཏིང་ངེ་འཛིན་གྱི་སྦྱོར་བ་འདིས་རྡོ་རྗེ་མི་ཕྱེད་གསུམ་ནི་རྡོ་རྗེ་འཆང་སྟེ། དེ་དང་འདྲ་བར་རྣལ་འབྱོར་པར་འགྱུར་རོ་ཞེས་ཕན་ཡོན་ནོ། །རིན་ཆེན་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་དག་གིས་ཀྱང་སྦྱོར་བ་ཉིད་ཀྱིས་བྱ་

སྟེ་གང་གི་ཕྱིར་གལ་ཏེ་ཡིད་བཞིན་གྱི་ནོར་བུ་དང་དམ་ཚིག་གི་རིགས་དག་ནི་ང་རྒྱལ་དང་ཕྲག་དོག་གི་རང་བཞིན་ཡིན་པའི་ཕྱིར་ཞེ་སྡང་གི་རིགས་ལ་བསྡུ་ན། དེའི་ཚེ་དེ་དག་གི་རྣལ་འབྱོར་པ་དག་གིས་ལྕེའི་རྩེ་མོར་ཡི་གེ་ཧཱུཾ་དགོད་པར་བྱའོ། །གལ་ཏེ་ཕྲག་དོག་ནི་ཞེ་སྡང་ལས་བྱུང་བ་དང་། ང་རྒྱལ་ནི་གཏི་

མུག་ལས་བྱུང་བའི་ཕྱོགས་ཡིན་ན་དེའི་ཚེ་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་དགོད་པ་དང་། རིན་ཆེན་གྱི་རྣལ་འབྱོར་པས་ཨཱོཾ་དགོད་པར་བྱ་སྟེ། དེ་དག་གི་སྔགས་དགོད་པ་ནི་གུད་དུ་མ་བསྟན་ཏོ་ཞེས་ཁྱད་པར་ཏེ་བསྐྱེད་པའི་རིམ་པ་དང་ལས་ཀྱི་རྒྱལ་བ་མཆོག་གོ། །དམ་ཚིག་རྡོ་རྗེ་ནི་བཟའ་

བའོ། །དེའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བདུད་རྩིར་བྱ་བ་ནི་བདུད་རྩིའི་ཕྲེང་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་དོ། །ད་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་རྫུ་འཕྲུལ་བསྟན་པར་བྱ་སྟེ། རྡོ་རྗེ་དམ་ཚིག་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་གྲུབ་མཆོག་ནི་དེའི་རྣམ་པར་བྱུང་ན་

སྐུ་གསུམ་རྡོ་རྗེ་ཅན་ཏེ་དེ་ཉིད་དུ་འགྱུར་རོ། །ཕྱོགས་བཅུ་ལ་གནས་པའི་སེམས་ཅན་ཐམས་ཅད་གང་ཡིན་པ་དེ་རྣམས་ལ་ནོར་བུར་ཡིད་བཞིན་རྒྱ་མཚོ་སྟེ། མངོན་པར་འདོད་པའི་དོན་རྫོགས་པར་འགྱུར་བ་དང་། འོད་ཀྱི་དཀྱིལ་འཁོར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་པ་དང་།

རྡོ་རྗེ་བདག་ཉིད་ནི། རྡོ་རྗེ་ལུས་ཅན་དུ་ཡང་འགྱུར། །ཞེས་པ་ཕན་ཡོན་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེ་གསུམ་ནི་ཡི་གེ་གསུམ་སྟེ། དེའི་དམ་ཚིག་ནི་ཡན་ལག་མ་ཉམས་པའི་བཟླས་པ་སྟེ། དེ་ཉིད་གྲུབ་མཆོག་ནི་རྫོགས་པས་ན། སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་

เล่ม ๒๙ · หน้า 171b

སྔ་མ་བཞིན་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་ཡིན་ལ། དེ་ཉིད་ཀྱི་གྲུབ་པ་ནི་སྐུ་རྫོགས་པས་ན་སངས་རྒྱས་སྐུ་ནི་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ། །གངྒཱའི་བྱེ་སྙེད་ཐམས་ཅད་དུ། །ཞེས་པ་ནི་དེ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་

རྣམ་པར་སྤྱོད་པ་ནི་སའི་ཁམས་ཀྱི་རང་བཞིན་གྱིས་རྣམ་པར་དག་པར་བྱེད་པ་སྟེ་བསྐྱེད་པའི་རིམ་པའོ། །འཁོར་ལོ་ནི་རྣམ་པར་ཤེས་པ་གསུམ་དང་། དམ་ཚིག་ནི་རང་བཞིན་རྣམས་ཏེ། དེ་དག་གྲུབ་པ་ནི་འོད་གསལ་བ་ཉིད་དུ་བྱེད་པ་སྟེ། དེ་ཉིད་མཆོག་ཡིན་པས། སངས་རྒྱས་སྐུ་

དང་འདྲ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །དམ་ཚིག་ཐམས་ཅད་ནི་མི་བསྐྱོད་པ་སྟེ། དེ་ཉིད་དམ་པ་ནི་དེའི་རྣམ་པ་མངོན་དུ་བྱེད་པ་སྟེ། དེ་རྫོགས་པས་ན་རིག་པ་འཛིན་པ་ནི་གཙོ་བོར་འགྱུར་ཞེས་པ་ནི་སྔ་མ་བཞིན་ཏེ། བདག་ལ་བྱིན་

གྱིས་བརླབ་པའི་རིམ་པའོ། །ཡང་ན་དམ་ཚིག་ཐམས་ཅད་ནི་འོད་གསལ་བ་སྟེ། དེ་ཉིད་ལས་ཅིག་ཅར་དུ་གང་ཞིག་སྐུ་འཕྲོ་བ་དེ་ཉིད་སྒྱུ་མ་དང་འདྲ་བའི་ཕྱིར་མཆོག་སྟེ། དེ་གྱུར་པས་ན། རིག་པ་འཛིན་པའི་གཙོ་བོར་འགྱུར། །ཞེས་པ་ནི་སྔ་མ་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་

རིམ་པའོ། །རྡོ་རྗེ་སྐུ་ནི་རབ་བསྒོམས་པས། །ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ནམ་མཁའི་དབྱིངས་ཀྱི་རང་བཞིན་ནི་རིན་ཆེན་དཔལ་ལོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །མཆོག་ཏུ་འགྲུབ་པ་ནི་སྣང་བ་མཐའ་ཡས་སོ། །དེ་རྣམས་ཀྱི་རྡོ་རྗེ་སྐུ་ནི་རྣམ་པ་སྟེ་དེ་ཉིད་བསྒོམ་པ་ནི་

དམིགས་པས་མི་སྣང་བ་ནི་ཐ་མལ་པའི་ལུས་ངག་ཡིད་མེད་པས་སྟོང་ཁམས་དག་ཅེས་བྱ་བ་འོད་ཀྱིས་འཇིག་རྟེན་གྱི་ཁམས་རྣམས་སྣང་བར་བྱེད་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་བཞི་པ་སྟེ། དེ་ཉིད་ཀྱི་མཆོག་ཏུ་

གྲུབ་པ་ནི་དེ་ལ་རྗེས་སུ་ཞུགས་པའོ། །དེ་བཞིན་དུ་རྡོ་རྗེ་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ཏེ། དེ་བསྒོམ་པ་ནི་ཐོབ་པས་སོ། །མི་སྣང་བ་ཐམས་ཅད་ནི་འདོད་ཆགས་ཀྱི་རྣམ་པར་རྟོག་པ་ཟད་པས་རང་གི་འོད་ཀྱིས་སྟོང་ཁམས་དག་སྣང་བར་བྱེད་པ་སྟེ། མངོན་པར་

เล่ม ๒๙ · หน้า 172a

བྱང་ཆུབ་དང་ཟུང་འཇུག་གི་རིམ་པ་དག་ལའོ། །ད་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ང་རྒྱལ་གྱིས་མངོན་ཤེས་དྲུག་བཤད་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་ལས་འཕྲོག་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་རྣམ་པར་སྣང་མཛད་གྲུབ་པས་ལྷའི་མིག་

ཐོབ་པའོ། །རིན་ཆེན་འབྱུང་ལྡན་གྲུབ་པས་ལྷའི་རྣ་བའོ། །མི་བསྐྱོད་པ་གྲུབ་པས་གཞན་གྱི་སེམས་ཤེས་པའོ། །འོད་དཔག་མེད་གྲུབ་པས་སྔོན་གྱི་གནས་རྗེས་སུ་དྲན་པའོ། །དོན་ཡོད་གྲུབ་པ་གྲུབ་པས་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རྫུ་འཕྲུལ་ལོ། །རྡོ་རྗེ་འཆང་ཆེན་པོ་གྲུབ་པས་ཟག་

པ་ཟད་པར་གྱུར་པའོ། །དེ་ཉིད་བཤད་པར་བྱ་སྟེ། སངས་རྒྱས་ཀུན་ལས་འཕྲོག་པ་ནི་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་རིམ་པས་དེ་བཞིན་གཤེགས་པ་དྲུག་གི་སྐུ་དམིགས་པས། ལྷའི་བུ་མོ་མཆོག་ནི་རིགས་ཀྱི་མ་མོ་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ལ་སྤྱོད་པ་ནི་དེ་རྣམས་ཀྱིས་

འཁྱུད་པའི་རིགས་དྲུག་གི་རྣལ་འབྱོར་པ་གང་གིས་བསྒོམས་པ་དེ་ལ་འདིར་འོག་ནས་འཆད་པའི་འབྲས་བུ་འབྱུང་ངོ་ཞེས་དགོངས་པ་སྟེ། གངྒཱའི་བྱེ་སྙེད་སངས་རྒྱས་རྣམས། །ཞེས་པ་ནི་དེ་དང་འདྲ་བའི་སངས་རྒྱས་རྣམས་དང་། རྡོ་རྗེ་གསུམ་ནི་ཁམས་གསུམ་ལ་གནས་པའི་སེམས་

ཅན་རྣམས་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་མཐོང་པར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བའི་སྒྲ་རྣམས་གང་ཡིན་པ་དེ་དག་ཀྱང་རྣ་བའི་ནང་དུ་ཞུགས་པའི་སྒྲ་བཞིན་དུ་མངོན་ཤེས་གཙོ་བོར་གྱུར་པས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བའི་སྐུ་གསུང་ཐུགས་མཚན་པ་ནི་ལུས་

ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་རོལ་མོ་ཤེས་པར་འགྱུར་རོ། །དེ་བཞིན་དུ་དེ་དང་འདྲ་བའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་དག་ན་གནས་པ་ནི་ཡུལ་དང་དུས་དང་རྣམ་པར་

ངེས་པའི་བདེ་འགྲོ་དང་ངན་འགྲོར་འགྲོ་བ་ཤེས་པར་གྱུར་པ་སྟེ། ཞག་གསུམ་ལོན་པ་བཞིན་དུ་ཞེས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ། །དེ་བཞིན་དུ་འགྲོ་བ་གདུལ་བར་བྱ་བའི་ཕྱིར་དེ་དང་འདྲ་བའི་སངས་རྒྱས་སྤྲིན་ལ་སོགས་པས་བརྒྱན་པའི་དཀྱིལ་འཁོར་རྣམས་སྤྲོ་བར་བྱེད་པའོ། །བསྐལ་

เล่ม ๒๙ · หน้า 172b

པ་གངྒཱའི་བྱེ་སྙེད་དུ། །ཞེས་པ་ནི་དུས་ཀྱི་ངེས་པ་རྣམ་པར་གཅོད་པའོ། །དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་རྣམས་ཀྱི་མངོན་པར་ཤེས་པ་གང་གིས་ཐོབ་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་རོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་ཞེས་

བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་རྣམས་ཉེ་བར་བསྡུས་པའོ། །ད་ནི་ཟག་པ་ཟད་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་མངོན་ཤེས་ལྔ་དོན་སྒྲུབ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་ལྔ་སྟེ། དེ་རྣམས་ཀྱི་མངོན་ཤེས་ནི་ལྷའི་མིག་ལ་སོགས་པ་སྟེ། དེ་རྣམས་

ཀྱི་དོན་ནི་རང་རང་གི་ཡུལ་འཛིན་པ་སྟེ། དེ་ཉིད་ཀྱིས་སྒྲུབ་པ་ནི་དེ་བཞིན་གཤེགས་པ་ལྔ་རོ་གཅིག་པར་བྱེད་པས་རྡོ་རྗེ་འཆང་ཆེན་པོ་རྫོགས་པ་སྟེ། དེའི་རྣམ་པ་བསྒོམས་ན་སངས་རྒྱས་རྣམས་གང་གི་སྐུ་ལ་ཡོད་པ་དེ་ནི་སངས་རྒྱས་སྐུ་སྟེ། རྡོ་རྗེ་འཆང་དེ་ཉིད་དེ་དེ་དང་འདྲ་བར་འགྱུར་རོ། །དེ་ནས།

གངྒཱའི་བྱེ་སྙེད་གྲངས་མེད་པའི། །ཞེས་པ་ནི་དེ་དང་མཚུངས་པའི་གང་ཞིག་འཁོར་ནི་ཤིན་ཏུ་ཕྲ་བའི་སེམས་ཀྱི་བག་ལ་ཉལ་ཏེ། དེ་རྣམས་ཀྱིས་བསྐོར་བ་གང་ཞིག་སྐུ་གསུང་ཐུགས་ནི་ལུས་ལ་སོགས་པའི་བདག་ཉིད་ཀྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། དེ་རྣམས་བགྲོད་པར་གྱུར་པ་ནི་

རྣམ་པར་སྦྱང་བར་བྱེད་པའོ། །འཇིག་རྟེན་ཁམས་ཀུན་ཞེས་པ་ནི་འགྲོ་བ་རྣམས་ཀྱི་ཡང་སྦྱོང་བར་བྱེད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་རིམ་པ་གཉིས་ཀྱི་ཐུན་མོང་རྙེད་པ་ལ་སོགས་པ་བཤད་པར་བྱ་བའི་ཕྱིར། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་སྟོང་པ་

ཉིད་ཀྱི་ཏིང་ངེ་འཛིན་གང་གིས་མངོན་དུ་བྱ་བ་དེ་ནི་བསྙེན་པ་ཡིན་ལ་དེ་ཉིད་དམ་ཚིག་ནི་ཐམས་ཅད་རོ་མཉམ་པར་བྱེད་པའི་ཕྱིར་ཏེ། དེ་ཉིད་ཀྱི་སྦྱོར་བ་ནི་ཨོཾ་ཤཱུ་ནྱ་ཏཱ་ལ་སོགས་པའི་སྔགས་དང་སྦྱོར་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །དེའི་རྗེས་ལ་ཉེ་བར་ནི་སྟོང་པ་ཉིད་དང་

སྐུ་བསྒོམས་པའི་བར་ན་སྒྲུབ་པ་ནི་ས་བོན་གང་གིས་བསྡུས་པར་བྱེད་པ་སྟེ་དེ་ནི་ཉེ་བར་སྒྲུབ་པའོ། །འབྱུང་བ་དེ་ཉིད་ལས་ཟླ་བ་དང་ཉི་མ་ལ་སོགས་པ་དང་ཕྱག་མཚན་འབྱུང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །སྒྲུབ་པ་ནི་སྐུ་སྒྲུབ་པ་སྟེ། དེ་ཉིད་ཀྱི་དོན་དུ་དམ་ཚིག་ནི། ཁྱོད་ནི་རྡོར་

เล่ม ๒๙ · หน้า 173a

སེམས་ཞེས་བྱ་བ་ལ་སོགས་པས་ལྷ་མོ་རྣམས་ཀྱིས་བསྐུལ་བ་སྟེ། དེ་ནི་ལས་འཛིན་པའི་བསྡུ་བའོ། །དེ་ནས་སྒྲུབ་པ་པོ་ཞེས་བྱ་བ་ལ། ཆེན་པོ་ནི་སྐུ་ལ་སོགས་པ་དང་མིག་ལ་སོགས་པ་སྟེ། དེ་རྣམས་བྱིན་གྱིས་བརླབ་པ་སྒྲུབ་པ་ནི་སྒྲུབ་པ་ཆེན་པོ་སྟེ་ཡན་ལག་བཞི་པའོ། །དེ་ནི་མདོར་

བསྟན་པ་ཡིན་ནོ། །རྡོ་རྗེ་བྱེ་བྲག་ཤེས་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ལ། བཞི་པོ་དེ་རྣམས་རྡོ་རྗེ་བྱེ་བྲག་ནི་རྡོ་རྗེ་བཞི་པོའི་བརྡས། ཤེས་བྱས་ལ་ནི་བསྒོམས་ཏེ་ལས་རྣམས་ནི་རྫོགས་པའི་རིམ་པའི་བྱ་བ་སྒྲུབ་པར་བྱེད་པའོ། །ཡང་ན་བསྐྱེད་པའི་རིམ་པས་ལྷའི་སྐུ་རྫོགས་པས་ལས་རྣམས་ནི་ཞི་བ་ལ་སོགས་

པ་བྱའོ། །རྒྱས་པར་བསྟན་པར་བྱ་སྟེ། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་ལ། བསྙེན་པ་མཆོག་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། བྱང་ཆུབ་ནི་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་སྟོང་པ་ཉིད་བསྒོམ་པའོ། །ལ་ལ་ན་རེ་མཆོག་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བརྩམས་

ཏེ་ཚངས་པའི་གནས་བཞི་བསྒོམས་པའི་མཐར་ཡིན་པའི་ཕྱིར་རམ། བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པའི་ཕྱིར་རོ་ཞེས་ཟེར་རོ། །ཉེ་བར་སྒྲུབ་པ་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས། གང་ཞིག་སྐྱེ་མཆེད་ནི་སྔགས་སྤྲོ་བ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བ་དང་ཉི་མ་དང་པདྨའི་

གང་ན་རྣམས་ཏེ། དེ་རྣམས་རྣམ་པར་དཔྱད་པ་ནི་དེ་དག་གི་སྟེང་དུ་ཡི་གེ་གསུམ་ལ་སོགས་པ་དགོད་པའོ། །དེ་བཞིན་དུ་བསྒྲུབ་པའི་ཚེ་ན་བསྐུལ་བའི་ལྷ་མོས་བསྐུལ་བ་ལས་བྱུང་བའི་སྔགས་ཀྱི་བདག་པོ་ནི་དབུས་ཀྱི་གཙོ་བོ་སྟེ་དེ་ཉིད་བསྒོམ་པ་ནི་རྫོགས་པའོ། །སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ། གཟུགས་ནི་

དབུས་ཀྱི་གཙོ་བོར་དང་དཀྱིལ་འཁོར་པ་རྣམས་ཀྱི་གང་ཞིག་རང་སྔགས་རྡོ་རྗེ་ཅན་ནི་སྐུ་ལ་སོགས་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་དག་བྱིན་གྱིས་བརླབ་པའོ། །སྐབས་ཀྱི་ཁྱད་པར་བཤད་པར་བྱ་སྟེ། ཕྱིར་མི་ལྡོག་པའི་དབང་ཐོབ་པས་དབུ་རྒྱན་ཞེས་པ་ནི་དབུ་ལ་བདག་པོ་

ནི་དེ་བཞིན་གཤེགས་པ་རྣམས་ལ་རྡོ་རྗེ་སེམས་དཔའ་དང་། གཞན་རྣམས་ལ་རིགས་དང་མཐུན་པའི་སྐུ་བསྒོམས་ན་ཡེ་ཤེས་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་འགྲུབ་པར་འགྱུར་ཏེ། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་

เล่ม ๒๙ · หน้า 173b

རྣམས་སོ། །ལེའུ་བཅོ་བརྒྱད་པ་ལས། དང་པོ་བྱང་ཆུབ་སྟོང་པ་ཉིད། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་སྐུ་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །ཞེས་གསུངས་སོ། །རིམ་པ་གཞན་གྱིས་བཤད་པར་བྱ་བ་སྟེ། བསྙེན་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་

བདུད་རྩིས་ནི་ཡན་ལག་དྲུག་གི་རྣལ་འབྱོར་བསྙེན་པར་བྱ་བ་སྟེ། མཆོག་གི་བསྙེན་པ་བྱའོ་ཞེས་སྟོན་ཏོ། །འདུས་པའི་ཕྱི་མ་ལས་ཀྱང་། ཐ་མ་མཆོག་གི་དབྱེ་བ་ཡིན། །བསྙེན་པ་རྣམ་པ་གཉིས་སུ་འདོད། །རྡོ་རྗེ་བཞི་པོས་ཐ་མ་དང་། །ཡན་ལག་དྲུག་གི་མཆོག་ཡིན་ནོ། །ཞེས་གསུངས་སོ། །དེ་

ལ་ཡན་ལག་དྲུག་ནི་སྔར་བཤད་ཟིན་ཏེ། ཡན་ལག་དྲུག་པོ་དེ་དག་གིས་ཡོངས་སུ་རྫོགས་པའི་མཆོག་གི་རྣལ་འབྱོར་ལེའུ་བཅོ་བརྒྱད་པ་ལས་རྒྱས་པར་འཆད་པར་འགྱུར་རོ། །འདིར་མ་བསྟན་ཏོ། །ཡན་ལག་དྲུག་གི་རྣལ་འབྱོར་དེ་ཡང་སྔགས་རྣམས་ཐམས་ཅད་ནི་རྫོགས་པའི་རིམ་པའི་

རྣལ་འབྱོར་པ་རྣམས་ཀྱི་སྔགས་ཀྱི་དེ་ཉིད་ནི། ཀུན་རྫོབ་དང་དོན་དམ་པ་སྟེ། དེ་དག་གི་དོན་ནི་དབྱེར་མེད་པ་སྒྲུབ་པ་སྟེ། སྔགས་ཀྱི་དེ་ཉིད་དོན་སྒྲུབ་པ་སྟེ་རྣལ་འབྱོར་རོ། །ཡན་ལག་དྲུག་པའི་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱིས་གནས་པར་བྱ་བའི་ཕྱིར། དགོན་པ་ཆེན་པོའི་ས་ཕྱོགས་

དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་པ་ཆེན་པོ་ནི་འཇུག་པའི་རྣམ་པར་ཤེས་པ་ལྡོག་པའོ། །ས་ཕྱོགས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པའོ། །དབེན་པ་ནི་ས་བརྒྱད་པ་ལ་ཀུན་གཞི་རྣམ་པར་ཤེས་པ་ལྡོག་པའོ། །ཆེན་པོ་ནི་ས་དགུ་པ་ལ་ལས་ཀྱི་དབང་ཉིད་དོ། །

རི་བོ་ནགས་འདབ་ཆུ་ངོགས་ཞེས་པ་ནི་ས་བཅུ་པ་དང་བཅུ་གཅིག་པ་དག་ལ་ཡེ་ཤེས་ཀྱི་དབང་ཉིད་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །གནས་དེ་རྣམས་ལ་ཡན་ལག་དྲུག་གི་རྣལ་འབྱོར་སློབ་པའི་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །སྒྲུབ་པ་ཆེན་པོ་ནི་མཆོག་གི་སྒྲུབ་པ་སྟེ། ཡན་ལག་

དྲུག་གིས་བསྒོམ་པའོ། །དེ་གཙོ་བོར་གྱུར་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱོར་ཏེ། རྫོགས་པའི་རིམ་པའོ། །གཉི་གའི་རྣལ་འབྱོར་པ་རྣམས་ཀྱི་ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། ཡང་ན་རྡོ་རྗེ་བཞི་དག་གི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་

เล่ม ๒๙ · หน้า 174a

བཞི་ནི་སྟོང་པ་ཉིད་ལ་སོགས་པའི་རིམ་པས་བསྙེན་པ་ལ་སོགས་པ་བྱས་ན་དངོས་གྲུབ་ནི་སྔགས་ཀྱི་སྐུ་ཐོབ་པར་འགྱུར་རོ། །སྐུ་གསུམ་དམ་ཚིག་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རོ་མཉམ་པར་གྱུར་པའི་འོད་གསལ་བའོ། །དེ་ཉིད་ལས་རྣལ་འབྱོར་ནི་ཅིག་ཅར་དུ་སྒྱུ་

མའི་སྐུ་བླང་བྱ་སྟེ། དེ་བསྒོམས་ན་དངོས་གྲུབ་ནི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་ཏེ། བསྐྱེད་པ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་བཟླས་པའི་གྲངས་ཀྱིས་བྱང་ཆུབ་བཤད་པར་བྱ་བའི་ཕྱིར། དུས་བཞི་དག་ཏུ་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་

བཞི་ནི་མཚན་མོ་དང་ཉིན་མོ་ལའོ། །དེ་བས་ན་དུས་བཞིའི་བདག་ཉིད་ཀྱི་མཚན་མོ་དང་ཉིན་མོའི་ནང་ནས། སྲོག་དང་རྩོལ་བའི་འཇུག་པ་ལ་སོགས་པའི་རིམ་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཟླས་པ་སྟེ། དེ་བཞིན་གཤེགས་པ་དྲུག་གཙོ་བོར་གྱུར་པའི་ཕྱིར་རོ། །གནས་ལྔ་ནི་ཞག་ལྔ་ལྔས་བཟླས་པ་འབུམ་

ཕྲག་རེ་བཟླས་པར་བྱས་ལ་ཟླ་བ་གཅིག་གིས་འབུམ་ཕྲག་དྲུག་བཟླས་པའོ། །གང་གིས་ཤེ་ན་བློ་ལྡན་ནི་གྲངས་བརྗེད་མི་ངས་པའི་རང་བཞིན་ཅན་གྱིས་སོ། །ཨོཾ་ཞེས་པ་ནི་དེས་ཉེ་བར་མཚོན་པའི་ཡི་གེ་གསུམ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེ་ནི་འཇུག་པ་ལ་སོགས་པའི་རིམ་པས་བསྒོམས་ན་ཞེས་པ་ནི་བཟླས་

པར་བྱས་ན། སྡོམ་པ་ནི་འོད་གསལ་བ་སྟེ་དེ་ཉིད་ཐོབ་པར་འགྱུར་རོ། །ཡང་ན་ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད་དེའི་བཟླས་པ་ནས་བརྩམས་ཏེ། ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་བར་དུའོ། །བསྒོམས་ན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུའོ། །རླུང་གི་གྲངས་བཤད་པར་བྱ་སྟེ། ཞག་བདུན་ཞེས་

བྱ་བ་ལ་སོགས་པ་ལ། ཞག་ཅེས་པ་ནི་ཉིན་མཚན་རེའོ། །བདུན་དང་ཟླ་ཕྱེད་ནི་ཉི་ཤུ་རྩ་གཉིས་ཏེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། ཉི་ཤུ་རྩ་གཉིས་པའི་སྒྲས་ནི་དྲུག་བརྒྱ་མཚོན་པར་འགྱུར་ཏེ། སྲོག་དང་རྩོལ་བ་དེ་རྣམས་ཟླ་བ་གཅིག་ནི་ཞག་སུམ་ཅུ་སྟེ། འབུམ་ཕྲག་དྲུག་བཟླས་པར་བྱའོ། །ཇི་

ལྟར་ཞེ་ན་ཕྱེད་དང་གཉིས་ཞེས་པ་ནི་འབུམ་ཕྲག་ཕྱེད་དང་བཅས་པའི་འབུམ་ཕྲག་གཅིག་ནི་ཕྱེད་དང་གཉིས་ཏེ། སྟོང་ཕྲག་བརྒྱད་དང་བཅས་པའི་འབུམ་ཕྲག་གཅིག་སྟེ། དེ་བཞིན་གཤེགས་པ་རེ་རེའི་བཟླས་པ་ཡིན་ནོ། །གང་གི་ཕྱིར་བརྒྱད་སྟོང་དང་བཅས་པའི་འབུམ་ཕྲག་ནི་འབུམ་ཕྲག་གཅིག་

เล่ม ๒๙ · หน้า 174b

བཟླས་པ་ཡིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་པས་དེ་ལྟ་བུའི་རྡོ་རྗེ་དམ་ཚིག་སྟེ་རྡོ་རྗེ་བཟླས་པ་བསྒྲུབས་ན་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། སྔགས་ནི་གཞན་མེད་བཟླས་བྱས་ནས། །སྒྲུབ་པའི་བདག་ཉིད་ཀྱིས་

བསྒྲུབ་བྱ། །ཟླ་བ་གཅིག་གིས་ཁམས་གསུམ་པ། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །སྔགས་ནི་རྣམ་ཤེས་ལས་བྱུང་བའི། །འབུམ་ཕྲག་དྲུག་ཏུ་བཟླས་བྱས་ནས། །རྡོ་རྗེ་སེམས་དཔའ་ལ་བཏུད་ན། །ཟླ་བ་ཉ་ཡིས་དེ་འགྲུབ་འགྱུར། །ཞེས་འབྱུང་ངོ་། །དེ་ཉིད་ཀྱི་དབྱེ་བ་གཞན་བཤད་པར་བྱ་སྟེ།

ཞག་གྲངས་བྱེ་བྲག་ནི་ཉིན་མོ་དང་མཚན་མོ་སྟེ། དེ་ཉིད་ཀྱིས་རབ་བསྐུལ་བ་ནི་ཟླ་བའི་གྲངས་ཀྱིས་སོ། །ཇི་བཞིན་ཞེས་པ་ནི་འབུམ་ཕྲག་དྲུག་གང་བཤད་པ་སྟེ་ཉིད་ཀྱི་བཟླས་པ་རེ་ཞིག་བཞག་ལ། ཟླ་བ་ཕྱེད་ནི་དཀྱིལ་འཁོར་བཞིའི་ནང་དུ་དམར་མོ་ལ་སོགས་པའི་འོད་ཟེར་གྱི་རིམ་པས་གསང་བ་

མཆོག་ནི་སྣང་སྟེ། དེ་ལས་བྱུང་བ་ནི་གཡས་ལ་སོགས་པའི་རིམ་པས་འཛིན་པའི་རླུང་རྣམས་ཀྱིས་དངོས་གྲུབ་ནི་རྡོ་རྗེ་འཆང་གི་དངོས་གྲུབ་གསུངས་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། ཡ་ཡི་དོན་གྱིས་གང་ཅིའང་རུང་། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ད་ནི་ལེའུ་དྲུག་

པ་ལས་གསུངས་པའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པ་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྣམས་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཉེ་བར་ནི་མངོན་དུ་ལུས་སྐུའི་རྡོ་རྗེས་འགྲུབ་པ་ནི་མངོན་དུ་བྱེད་པ་སྟེ་དེ་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ངེས་པར་བྱ་བའི་ཕྱིར་སྡོམ་པ་སྟེ། དེ་ཡུལ་

ཏིང་ངེ་འཛིན་གང་ལ་ཡོད་པའི་དེ་ནི་དེ་བཞིན་དུ་བཤད་པའོ། །སངས་རྒྱས་སྐུ་འཛིན་ནི་རྣམ་པར་སྣང་མཛད་དེ། དཔལ་ལྡན་ནི་ཉིད་ཀྱི་རིག་མ་དང་བཅས་པའོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱིས་མི་ཕྱེད་པས་བསྒོམ་པ་སྟེ་དེའི་རང་བཞིན་ནོ། །རང་གི་ལུས་ལ་བྱིན་གྱིས་བརླབ་པའི་གནས་ནི་

རྟག་ཏུ་བཞུགས་པ་ཉིད་དེ། རྡོ་རྗེ་སྐུ་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱིས་མཛད་དོ་ཞེས་གསོལ་བ་གདབ་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས་བཤད་ནས་སྤྲུལ་པའི་སྐུའི་སྒོ་ནས་བཤད་པར་བྱ་སྟེ། ཕྱོགས་བཅུ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གསུང་བྱིན་གྱིས་བརླབ་པ་

เล่ม ๒๙ · หน้า 175a

བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པའི་སྡོམ་པ་ནི་ངག་སྣང་བ་མཐའ་ཡས་ཉིད་དུ་བྱེད་པ་སྟེ། དེ་ཡུལ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཆོས་ནི་སྣང་བ་མཐའ་ཡས་སོ། །ཡན་ལག་བཅུ་གཉིས་པ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་ན་དེ་ཉིད་

གསུང་གི་ལམ་མོ། །གོས་དཀར་མོ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །དེ་ལྟ་བུའི་གསུང་རྡོ་རྗེས་ངག་ལ་བྱིན་གྱིས་བརླབ་པ་ནི་ཡང་དག་པར་བཞུགས་པར་མཛད་དོ་ཞེས་གསོལ་བ་གདབ་པའོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་སྐུའི་སྒོ་ནས་གསོལ་བ་བཏབ་པ་སྟེ་སྔ་མ་བཞིན་ནོ། །

ཐུགས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཆེན་པོ་སེམས་ཏེ། དེ་ཉིད་སྒྲུབ་པ་ནི་མི་བསྐྱོད་པ་ཉིད་དུ་བྱེད་པ་སྟེ། དེ་ཉིད་སྡོམ་པ་སྟེ་དེའི་ཡུལ་དང་ལྡན་པའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །རྡོ་རྗེ་ཐུགས་འཛིན་ནི་མི་བསྐྱོད་པའོ། །མཱ་མ་ཀཱི་དང་ལྡན་པས་ན་

དཔལ་ལྡན་ནོ། །རྡོ་རྗེ་མི་ཕྱེད་གསུམ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་སྤྲུལ་པའི་སྐུའི་སྒོ་ནས་གསོལ་བ་གདབ་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ངེས་པར་བྱ་བ་ཉིད་བཤད་པར་བྱ་བ་སྟེ། སངས་རྒྱས་ཞེས་བྱ་བ་ལ་སོགས་

པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དང་། རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པ་དང་། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་འབྱོར་པ་སྟེ། རྣལ་འབྱོར་པ་དེ་རྣམས་ཀྱིས་གལ་ཏེ་རྨོངས་པའི་དབང་གིས་ལེའུ་དྲུག་པ་ལས་གསུངས་པའི་ས་བོན་གྱི་སྔགས་དགོད་

པར་ཀློག་ཅིང་ཚིགས་སུ་བཅད་པ་དེ་རྣམས་ལས་འདའ་བར་བྱེད་ན་དེའི་ཚེ་རྣལ་འབྱོར་པ་དེ་རྣམས་ཚལ་པར་འགས་པའོ། །རྣལ་འབྱོར་པ་དེ་རྣམས་ཀྱི་ཡང་སྔགས་དེ་དག་བེམས་པོའི་ངོ་བོར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་བས་ན་ཡི་གེའི་

སྔགས་ཙམ་ལ་མངོན་པར་ཞེན་པར་མི་བྱ་སྟེ། ཇི་སྲིད་དེའི་སྲོག་དང་འདྲ་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །ཇི་སྐད་དུ། སྔགས་ནི་ཡི་གེའི་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ།

เล่ม ๒๙ · หน้า 175b

དེ་རྣམས་ཀྱི་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའོ། །དམ་ཚིག་ནི་ལྕགས་ཀྱུ་རྣམས་སོ། །སྒྲུབ་པ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །མཆོག་ནི་མངོན་པར་ཤེས་པ་ལ་སོགས་པ་སྟེ། དེའི་ལེའུ་གང་ལས་བསྟན་པ་དེ་ནི་དེ་བཞིན་དུ་བཤད་པའོ། །རྒྱུད་

འགྲེལ་ལས་ལེའུ་བཅུ་གཉིས་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་གཉིས་པའི་ཚིགས་སུ་བཅད་པའི་གྲངས་ནི་བཞི་བརྒྱ་ལྔ་བཅུའོ།། །།ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལས་ཀྱི་ཚོགས་རྣམས་བྱེད་པ་སྟེ། དེའི་ཕྱིར་ལེའུ་བཅུ་

གསུམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་འོག་རོལ་དུ་བཅོམ་ལྡན་འདས་ནི་ཉོན་མོངས་པ་འཇོམས་པའི་ཕྱིར་ཏེ། བདེ་གཤེགས་ཀུན་ནི་མི་བསྐྱོད་པ་ལ་སོགས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། རྡོ་རྗེ་

དབྱངས་སོ་ཞེས་དང་སྦྱར་རོ། །མི་བསྐྱོད་པ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ནི་ལྔ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའོ། །མཆོག་ནི་དེ་རྣམས་ལས་བྱུང་བའི་ཞི་བ་ལ་སོགས་པའི་ལས་རྣམས་ཏེ། དེ་དག་ལ་འཛིན་པས་ན་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །སེམས་ཅན་ཀུན་དོན་ནི་མྱ་ངན་ལས་འདས་པའི་གྲོང་

ཁྱེར་ལ་ཞུགས་པ་སྟེ། དེའི་དོན་དུ་ཡང་དག་འབྱུང་བ་ནི་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །བློ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་གང་ལ་ཡོད་པ་དེ་ནི་བློ་ལྡན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་བྱའོ། །བཅོམ་ལྡན་འདས་ཇི་ལྟ་

བུ་ཞེ་ན། ཆེན་པོ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ལ་སྟོན་པར་མཛད་པས་ན་ཆེན་པོའོ། །རྣམ་པ་སྣ་ཚོགས་པའི་ལས་ཀྱི་ཚོགས་ཀྱིས་གདུག་པ་རྣམས་འདུལ་བར་མཛད་པས་ན་ཐུབ་པའོ། །ཐམས་ཅད་ནི་སྐུ་གསུང་ཐུགས་ཀྱི་དོན་ནི་རང་བཞིན་མེད་པར་བྱ་བ་རྡོ་རྗེ་བཟླས་པ་སྟེ། དེ་ཉིད་མི་

གཡོ་བ་ཡིན་པས་ན་རྡོ་རྗེའོ། །དེ་སྟོན་པར་མཛད་པས་ན་དོན་ཀུན་རྡོ་རྗེ་ཅན་ནོ། །མཆོད་པ་ནི་ཕྱི་ནང་གསང་བ་ལ་སོགས་པ་དང་། དམ་ཚིག་ནི་བསྲུང་བ་དང་བཟའ་བར་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དེ་ཉིད་ནི་དོན་དམ་པ་མཁྱེན་པས་ན་དེ་ལ་ཕྱག་འཚལ་བ་ནི་བཏུད་དེ།

เล่ม ๒๙ · หน้า 176a

དབྱངས་ནི་དད་པ་དང་བཅས་གསོལ་བ་གདབ་པའི་ཚིག་གསུངས་པ་ནི་སྟོན་ཏེ། བསྐྱེད་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དང་བསྒྲུབ་པ་རྣམས་སོ། །ཨེ་མའོ་ནི་ངོ་མཚར་བའོ། །སངས་རྒྱས་ཚུལ་རེ་བཟང་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ནི་བཅོམ་ལྡན་འདས་ཀྱིས་

གསུངས་པ་གང་ཡིན་པ་དེ་ནི་ངོ་མཚར་བར་འགྱུར་བའོ། །དེ་བཞིན་དུ་བྱང་ཆུབ་ཚུལ་རེ་བཟང་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་དངོས་གྲུབ་ཀྱི་བསྒོམ་པའི་རིམ་པ་གང་ཡིན་པ་དེ་ཡང་ངོ་མཚར་བར་གྱུར་པའོ། །དེ་བཞིན་དུ་ཆོས་ཀྱི་ཚུལ་རེ་བཟང་ནི་ལྕགས་ཀྱུ་ལ་སོགས་པ་སྦྱང་ཞིང་

སྤྱོད་པ་གང་ཡིན་པ་དེ་ཡང་ངོ་མཚར་བའོ། །དེ་བཞིན་དུ་སྔགས་ཀྱི་ཐབས་འཛིན་པས་ན་སྔགས་ནི་རྡོ་རྗེ་བཞི་དང་ཡན་ལག་དྲུག་པའི་རྣལ་འབྱོར་རོ། །ཚུལ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟེ་ངོ་མཚར་བའོ། །དེ་བས་ན་འདི་དག་ཐམས་ཅད་ཁོ་བོ་ཅག་གིས་བསྟན་པར་བྱ་སྟེ། ཁོང་

དུ་ཆུད་པ་ཡིན་གྱིས་འོན་ཀྱང་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་བདག་ཅག་ལ་འདི་ལྟར་སྣང་སྟེ། ཆོས་ནི་བརྟན་པ་དང་གཡོ་བའི་དངོས་པོ་འདི་དག་དོན་དམ་པར་དཔྱད་ན་མ་སྐྱེས་པ་སྟེ་ཐོག་མ་ཉིད་དུ་སྐྱེས་པའོ། །དེ་བཞིན་དུ་ཁྱད་པར་ཅན་ནི་འདི་ནི་དངོས་པོ་ཡོད་དོ་ཞེས་པའི་རྟོག་པ་ལས་

འདས་ནས་གནས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་མི་རྟོག་པ་ནི་མིང་དང་རིགས་ལ་སོགས་པའི་རྟོག་པ་ལས་འདས་པ་སྟེ། ཆོས་ཅན་ཡོད་ན་ཆོས་རྣམས་ཀྱི། །འཇིག་རྟེན་པ་ལ་བསམ་པ་འཇུག །ཅེས་རིག་པས་སོ། །དེ་བས་ན་ཡང་དག་པ་ནི་ངག་གི་སྤྱོད་ཡུལ་ལས་འདས་པ་སྟེ།

དངོས་པོ་དང་དངོས་པོ་མེད་པ་ཉིད་དུ་བརྗོད་དུ་མི་ནུས་པའོ། །དེ་དང་འདྲ་བ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཀྱི་ཡུལ་དུ་ཡེ་ཤེས་འབྱུང་བ་ནི་རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལོངས་སྤྱོད་རྫོགས་པའི་སྐུ། རབ་ཏུ་བཤད་པ་ནི་བསྟན་པ་སྟེ་ངོ་མཚར་བའོ། །

འདི་དང་འདྲ་བའི་བཅོམ་ལྡན་འདས་ཀྱིས་བསྟན་པ་དེ་ནི་སྐུ་དྲིན་ཆེ་སྟེ་ཁོ་བོ་ཅག་གིས་རྟོགས་སོ། །འོན་ཀྱང་བཅོམ་ལྡན་འདས་དབང་ཕྱུག་ཆེན་པོ་ཐོབ་པ་སྟེ། རྡོ་རྗེ་བཟླས་པ་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་བཟླས་པ་བཤད་དུ་གསོལ་ཏེ་བཀའ་སྩོལ་ཅིག་པའོ། །ཇི་ལྟར་ཞེ་ན། ཡིད་འོང་སྟེ་ངག་གི་སྤྲོས་

เล่ม ๒๙ · หน้า 176b

པ་ལས་འདས་པའོ། །སྔགས་རྣམས་ཀུན་བསྡུས་པས་ནི་ཨཱ་ལི་དང་ཀཱ་ལིས་ཡང་དག་པར་བསྡུས་པ་ཡི་གེ་གསུམ་སྟེ། དེ་ལ་དམིགས་པས་ན་དེ་ཡང་སྔགས་རྣམས་ཀུན་བསྡུས་པའོ། །ཡེ་ཤེས་ཆེ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པས་ན་ཡེ་ཤེས་ཆེའོ། །སྐུ་གསུམ་ནི་རྣམ་པར་

སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་མོ། །དེ་དག་ཡན་ལག་མ་ཉམས་པའི་བཟླས་པའི་རིམ་གྱིས་མི་ཕྱེད་པས་ན་སྐུ་གསུམ་ནི་མི་ཕྱེད་པའོ། །ཉིན་མོ་དང་མཚན་མོ་རྒྱུན་མ་ཆད་པར་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་འབྱུང་བས་ན་དཀྱིལ་འཁོར་བཞིན་དཀྱིལ་འཁོར་རོ། །

ཡང་ན་ཆུའི་དཀྱིལ་འཁོར་ལ་སོགས་པ་ལས་གཡས་ལ་སོགས་པའི་དབྱེ་བས་འབྱུང་བས་ན་དཀྱིལ་འཁོར་རོ། །དེ་ལྟ་བུའི་རྡོ་རྗེ་བཟླས་པ་གསུངས་ཞེས་པ་ནི་བཤད་དུ་གསོལ་བ་སྟེ། གང་གིས་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ་ནི། ཡན་ལག་མ་ཉམས་པའི་བཟླས་པའི་རིམ་པས། སངས་རྒྱས་

ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་བཟླས་པའི་སྦྱོར་བས། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབ་པ་ནི། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་རྣལ་འབྱོར་པར་འགྱུར་རོ། །འབའ་ཞིག་པའི་རྡོ་རྗེ་བཟླས་པ་ནི་བཅོམ་ལྡན་འདས་ཀྱིས་

གསུང་བ་མ་ཡིན་ཏེ། འོན་ཀྱང་ཇི་སྲིད་རིགས་ནི་དེ་བཞིན་གཤེགས་པ་ལྔའི་དབྱེ་བ་དང་། གསང་སྔགས་ཐམས་ཅད་ནི་རྡོ་རྗེ་འཆང་སྟེ་དེའི་དབྱེ་བས་སོ། །ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་མཚན་ནི་སྐུ་གསུང་ཐུགས་འོད་གསལ་བ་ཉིད་དུ་མཚོན་པ་སྟེ། གང་གིས་ཐོབ་པར་འགྱུར་བ་དེ་

ནི་དེ་བཞིན་དུ་བཤད་པའོ། །ཡང་ཇི་ལྟ་བུ་ཞེ་ན། སྔགས་ནི་ཡི་གེ་གསུམ་གྱི་བདག་ཉིད་དུ་བསྡུ་བ་སྟེ། དེ་རྣམས་ཀྱི་བཟླས་པ་ནི་དབྱངས་བརྗོད་པ་དང་བྲལ་བ། དེ་རིང་གསུང་ཞེས་པ་ནི། བཀའ་སྩལ་པར་མཛོད་ཅིག་ཅེས་སྟོན་ཏོ། །ཡེ་ཤེས་རྒྱ་མཚོ་ནི་བྱང་ཆུབ་སེམས་དཔའ་

འདི་རྣམས་དང་། བདག་ཅག་རྣམས་གསན་པ་ནི་ཐོས་ནས་དེ་ཉིད་མངོན་དུ་བྱེད་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་བདག་ཅག་གིས། འདི་ལྟར་ཐོས་མཐོང་བ་སྟེ། དུས་གསུམ་ལས་འབྱུང་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ལ་བཞུགས་པའི་སངས་རྒྱས་

เล่ม ๒๙ · หน้า 177a

ནི་གྲུབ་པ་རྣམས་དང་། དེ་བཞིན་དུ་འབྱུང་བ་ནི་སྨོན་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་སྟེ། སློབ་བཞིན་པ་རྣམས་སོ། །དེ་དག་ཐམས་ཅད་རྡོ་རྗེ་སྔགས་ནི་རྡོ་རྗེ་བཟླས་པ་བསྒོམས་ན། སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི། རྡོ་རྗེ་འཆང་ཆེན་པོའི་མཉམ་མེད་ནི་ཐུན་

མོང་མ་ཡིན་པའི་ཡེ་ཤེས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུར་པ་དང་། འཐོབ་པའོ། །དེ་བས་ན་དེ་ལྟ་བུའི་རྡོ་རྗེ་བཟླས་པ་བཤད་དུ་གསོལ་ཞེས་གདབ་པས་བསྐྱེད་པའི་རིམ་པ་དང་བསྒྲུབ་པ་དང་རྡོ་རྗེ་བཟླས་པ་རྣམས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་

ཞེས་པ་ནི་དེ་བཞིན་གཤེགས་པས་གསོལ་བ་བཏབ་པའི་འོག་ཏུའོ། །རྡོ་རྗེ་ནི་ཡན་ལག་མ་ཉམས་པའི་བཟླས་པ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །འཇུག་པ་ལ་སོགས་པའི་རིམ་པས་སེམས་འདུལ་བར་མཛད་པས་ན་སྟོན་པའོ། །ནམ་མཁའ་བཞིན་དུ་དམིགས་པ་མེད་པའི་རྡོ་རྗེ་ནི། ནམ་མཁའི་

རྡོ་རྗེ་དེ་ཉིད་ཡེ་ཤེས་རྣམས་ཏེ་སྲོག་ལ་སོགས་པའི་རླུང་རྣམས་སོ། །དེ་རྣམས་གང་ལས་བྱུང་བ་དེ་ནི་ནམ་མཁའ་རྡོ་རྗེ་ཡེ་ཤེས་འབྱུང་སྟེ། འོད་གསལ་བའི་ངོ་བོའོ། །དཀྱིལ་འཁོར་སྤྲོས་ནས་ཞི་བ་ལ་སོགས་པ་མཛད་པས་ན་བྱེད་པའོ། །མཚན་མོ་དང་ཉིན་མོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྲོག་

དང་རྩོལ་བར་སྤྲུལ་པས་ན་བསྐྱེད་པའོ། །དམ་པ་ནི་སྔགས་ཀྱི་ཚོགས་ཏེ་དེ་རྣམས་བསྐྱེད་པའི་ཕྱིར་མཆོག་ནི་ཡི་གེ་ཕྱི་མོ་སྟེ་དེ་ཉིད་ཀྱང་བསྡུ་བའི་ཕྱིར་གཙོ་བོ་ནི་ཡི་གེ་གསུམ་སྟེ། དེའི་བདག་ཉིད་ཡིན་པའི་ཕྱིར་དམ་པ་མཆོག་གི་གཙོ་བོའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་རྡོ་

རྗེ་བཟླས་པ་འདི་ནི་མི་ཕྱེད་པའི་བཟླས་པ་གསུངས་སོ་ཞེས་པ་ནི་བཀའ་སྩལ་པ་སྟེ། སྡུད་པ་པོ་ཚིགས་སུ་བཅད་པའོ། །འདིར་ན་རྡོ་རྗེ་བཟླས་པ་བཅུ་གཅིག་ཡོད་པ་སྟེ། དེ་ལ་དང་པོ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་བཟླས་པ་བཤད་པར་བྱ་བའི་ཕྱིར། སྔགས་ཀྱི་དོན་ཀུན་བཟླས་པ་ནི། །

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀུན་ནི་ཨཱ་ལི་ཀཱ་ལིའི་རང་བཞིན་ཏེ། དེ་རྣམས་ཀྱི་དོན་ནི་ཡི་གེ་གསུམ་སྟེ། དེ་ཉིད་བཟླས་པ་ནི་འཇུག་པ་ལ་སོགས་པས་སོ། །བཟླས་པ་དེ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུང་ནི་དེ་བཞིན་གཤེགས་པ་གསུམ་གྱིས་མི་ཕྱེད་ནི་གཅིག་ཏུ་གྱུར་པའི་མཚན་ནི་

เล่ม ๒๙ · หน้า 177b

མཚན་ཉིད་གང་ལ་ཡོད་པ། དེ་ནི་རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན་པའོ། །དབྱེ་བ་གསུམ་གྱིས་གནས་པའི་གང་ཞིག་རྡོ་རྗེ་ནི་སྐུ་གསུང་ཐུགས་ཀྱི་གནས་ཏེ་སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སོ། །དེ་དག་གི་མཐའ་ནི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་གནས་པའི་ཡི་གེ་ཨའོ། །

ཡི་གེ་ཨ་དེ་ཉིད་ལ་དགོད་པ་ནི། དེ་རྣམས་ཐིམ་པར་བྱས་ན། རྡོ་རྗེ་འདི་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པ་འདི་བཤད་པ་ཡིན་ནོ། །ཡི་གེ་ཨ་དེ་ལ་ཐམས་ཅད་ཐིམ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཞུགས་ཏེ། འཇུག་པ་ལ་སོགས་པ་དང་བྲལ་བའི་རྣལ་འབྱོར་པས་གནས་པར་བྱ་སྟེ། རྡོ་རྗེ་

འཆང་ཆེན་པོའི་བཟླས་པའོ། །སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ། །ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱི་དོན་བྱ་བའི་ཕྱིར་ཡི་གེ་ཧཱུཾ་ལ་སོགས་པའི་རིམ་པས་སྤྲོ་བ་བྱས་ལ། སྐུ་གསུང་ཐུགས་ཀྱི་གནས་ནི་ཡི་གེ་ཧཱུཾ་ལ་སོགས་པ་དེ་ཉིད་དེ། དེ་རྣམས་ལ་དམིགས་ནས་སྤྲོ་བ་ནི་འོད་

ཟེར་གྱི་འཁོར་ལོ་སྤྲོ་བར་བྱའོ། །རྡོ་རྗེ་བཟླས་པ་འདི་ཡིས་ནི། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པས། རྡོ་རྗེ་གསུམ་གྱི་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་འདྲ་བར་རྣལ་འབྱོར་པ་འགྱུར་རོ་ཞེས་ཕན་ཡོན་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོའི་སྤྲོ་བའི་རྣམ་པ་གཞན་བཤད་པའི་

ཕྱིར། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ནི་སྣང་བ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཡི་གེ་ཨ་དེ་ཉིད་ལས་སྤྲོས་ཏེ། མཆོད་པའི་མཆོག་བརྟགས་པ་ནི་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །

ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡང་ན་དེ་བཞིན་དུ་སངས་རྒྱས་རྣམས་བསྒོམས་ལ་ཡི་གེ་ཨ་ལས་ཡི་གེ་གསུམ་སྤྲོས་ཏེ། མཆོད་པའི་མཆོག་བརྟགས་པ་ནི་བླ་ན་མེད་པའི་མཆོད་པའི་ཚོགས་འགྲུབ་པ་དང་། བྱང་ཆུབ་སྟེར་བར་བྱེད་པ་ནི་སངས་རྒྱས་ཉིད་ཐོབ་པར་

བྱེད་པའོ་ཞེས་སྟོན་ཏོ། །ཡང་ན་དབྱེ་བ་རྣམས་གསུམ་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ཨ་ལས་བྱུང་བའི་ཡི་གེ་གསུམ་གྱི་འོད་ཟེར་རྣམས་སོ། །དབྱེ་བ་གསུམ་ནི་ལྷ་མོ་དང་ཁྲོ་བོ་དང་བྱང་ཆུབ་སེམས་དཔའི་དབྱེ་བས་སྤྲོ་བར་བྱའོ། །ཇི་ལྟར་ཞེ་ན། སོ་སོ་དག་ཏུ་ཞེས་པ་ནི་རིགས་ཀྱི་དབྱེ་བས་

เล่ม ๒๙ · หน้า 178a

སོ། །དེ་རྣམས་ཀྱི་ཡང་སྐུ་གསུང་ཐུགས་བདག་མེད་པའི་ངོ་བོ་བལྟས་ལ། ཡེ་ཤེས་སེམས་ནི་དམིགས་པ་མེད་པའི་སེམས་ཀྱིས། ཡང་དག་སྤྲོ་བ་ནི་ནམ་མཁའ་ལ་སྤྲོ་བར་བྱའོ། །རིགས་གསུམ་གྱི་དབྱེ་བས་བརྗོད་པ་ནི་སྤྲོས་ཏེ། ཡང་སྤྲོ་བ་ནི་ཡི་གེ་གསུམ་པོ་དེ་ཉིད་དུ་ཐིམ་

པར་བྱའོ། །རྫོགས་པ་ནི་སྤྲོ་བ་རྫོགས་ནས་ཡི་གེ་གསུམ་ཡང་ཡི་གེ་ཨ་ལ་བསྡུས་པ་ནི་ཐིམ་པར་བྱའོ། །འདི་ཞེས་པ་ནི་རྡོ་རྗེ་བཟླས་པ་འདི་སངས་རྒྱས་རྣམས་ཀུན་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་སྤྱན་ཕྱེ་བ་ཞེས་པ་ནི་རྣམ་པར་མི་རྟོག་པའི་

ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པས་སོ། །སངས་རྒྱས་རྣམས་ཀུན་གྱིས་ཞེས་པའི་དྲུག་པ་ནི་བྱེད་པ་པོའི་དོན་དུ་སྟེ། རྡོ་རྗེ་འཆང་ཆེན་པོའི་བཟླས་པའོ། །སྐུའི་རྡོ་རྗེ་རྫོགས་བྱང་ཆུབ། །ཅེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོ་རང་གི་བདག་ཉིད་རྣམ་པར་སྣང་མཛད་དུ་

ཅིག་ཅར་དུ་བསམས་ཏེ། ཡི་གེ་ཨོཾ་ལ་ཡི་གེ་གཉིས་ཐིམ་སྟེ་དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་འཛིན་ཞིང་ཁམས་གསུམ་པ་ཡང་རང་གི་ལུས་ལ་ཞུགས་པར་བྱས་ན་སྐུའི་རྡོ་རྗེའི་རྫོགས་པའི་བྱང་ཆུབ་ལ། དངོས་དང་དངོས་མེད་རྣམ་དཔྱད་པ། །ཞེས་པ་ནི་རང་དང་གཞན་རྣམས་ཡོད་པ་དང་

མེད་པ་ལས་འདས་པར་བསམས་ཏེ། འདི་སངས་རྒྱས་ཀུན་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སྐུའི་བཟླས་པ་བཤད་པ་སྟེ། སྐུའི་བཟླས་པའོ། །གསུང་གི་དམ་ཚིག་རྫོགས་བྱང་ཆུབ། །ཅེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རང་གི་བདག་ཉིད་ཅིག་ཅར་དུ་ངག་གི་དབང་

ཕྱུག་ཏུ་བསམས་ལ། ཡི་གེ་ཨཱཿལ་ཡི་གེ་གཉིས་ཐིམ་ཞིང་། དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་འཛིན་ཏེ། ཁམས་གསུམ་པའི་ཟིན་པ་དང་མ་ཟིན་པ་ལ་སོགས་པའི་སྒྲ་རྣམས་གཅིག་ཏུ་བྱས་པས། སྒྲ་དང་སྒྲ་མིན་རྣམ་དཔྱད་པ་ནི། ཡོད་པ་དང་མེད་པ་ལས་འདས་པར་རང་གཞན་

གྱི་སྒྲ་རྣམས་བསྒོམས་ནས་གནས་པ་གང་ཡིན་པ་དེ་ནི་གསུང་གི་བཟླས་པར་བཤད་པ་སྟེ། གསུང་གི་བཟླས་པའོ། །ཐུགས་ཀྱི་དམ་ཚིག་རྫོགས་བྱང་ཆུབ། །ཅེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཐུགས་ཀྱི་དམ་ཚིག་ནི་ཡི་གེ་ཧཱུཾ་ལ་ཁམས་གསུམ་པའི་སེམས། རྫོགས་པའི་

เล่ม ๒๙ · หน้า 178b

བྱང་ཆུབ་ཅེས་བྱ་བས་ཐིམ་པར་བསྟན་ལ། སྤྲོས་པའི་དྲ་བ་ཐམས་ཅད་འདི་སེམས་ལ་གནས་པ་ཞེས་བྱ་བ་ནི་གང་ཞིག་རྡོ་རྗེ་བཞིན་དུ་བརྟན་པའོ། །རྣམ་པར་དཔྱད་པ་ནི་སྒོམ་པ་སྟེ། དེ་ཉིད་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བར་བརྗོད་པ་རྡོ་རྗེ་བཟླས་པ་ཞེས་བཤད་པ་སྟེ། ཐུགས་ཀྱི་བཟླས་པའོ། །དོན་གྱི་རྗེས་

འགྲོའི་བཟླས་པའི་ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་ཡི་གེ་གསུམ་གྱི་དོན་ཏེ། དེ་ཡེ་ཤེས་གསུམ་གྱི་རང་བཞིན་དེ་བཞིན་གཤེགས་པ་གསུམ་མོ། །དེ་རྣམས་དང་རྗེས་སུ་འགྲོ་བ་ནི་འཇུག་པ་ལ་སོགས་པའི་རང་བཞིན་གྱིས་དེའི་ངོ་བོ་ཉིད་ཀྱིས་བཟླས་པས་དང་པོའི་སེམས་དབང་དུ་བྱས་ལ། དེའི་

འོག་ཏུ་ཐམས་ཅད་འདིར་སྟོང་པ་ཡིན་ནོ་ཞེས་ངོ་བོ་ཉིད་མེད་པ་དང་། རྣམ་པར་རྟོག་པ་ཐམས་ཅད་མེད་པས་བཟང་པོ་སྟེ། དེས་སངས་རྒྱས་ཐམས་ཅད་ནི་སྣོད་དང་འཇིག་རྟེན་གྱི་ཁམས་དང་། དུས་གསུམ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱང་། གང་ཞིག་ངོ་བོ་ཉིད་མེད་པ། །ཞེས་བྱ་བའི་

རྣམ་པར་དཔྱད་པ། དེ་ནི་རིན་ཆེན་འབྱུང་ལྡན་གྱི་བཟླས་པ་སྟེ། ནམ་མཁའི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཇི་སྲིད་ཁྱབ་པར་བྱེད་པ་སྟེ། རིན་པོ་ཆེའི་བཟླས་པའོ། །སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་གསུམ་པོ་དེ་ཉིད་དོན་ཡོད་གྲུབ་

པའི་ཏིང་ངེ་འཛིན་སྔོན་དུ་འགྲོ་བར་བསམས་ལ། དཀྱིལ་འཁོར་བཞི་པོ་ལས་སྐུའི་སྤྲིན་རྣམས་ནི་སྣ་ཚོགས་པའི་རིགས་དང་ལྡན་པའི་དེ་བཞིན་གཤེགས་པའི་ཚོགས། སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། །ཞེས་པ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་ཐམས་ཅད་ལ་སྤྲོ་བ་སྟེ།

བཞུད་ཅིང་བྱོན་པ་ནི་སྤྲོ་བ་དང་བསྡུ་བས་རྡོ་རྗེའི་དོན་ནི་སེམས་ཅན་གྱི་དོན་བྱས་ལ། གང་ཞིག་གནས་པར་གྱུར་པ་དེ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་དང་། རླུང་གི་ཁམས་རྣམ་པར་དག་པས་ལས་ཐམས་ཅད་པ་དང་། དམ་ཚིག་གིས་རིགས་ཀྱི་བདག་ཉིད་ཀྱི་ཐོགས་

མེད་ཀྱི་བཟླས་པ་ནི་དོན་ཡོད་གྲུབ་པའི་བཟླས་པའོ། །ཁྲོ་བོའི་དམ་ཚིག་ཡེ་ཤེས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། དབྱངས་བརྗོད་པ་མེད་པའི་བཟླས་པ་ཡོངས་སུ་སྤངས་ལ་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་བྱ་བའི་ཕྱིར་གསལ་བའི་ངང་གི་སྔགས་ནི་སྦྲུལ་ལ་སོགས་པ་སྟེ། ཡི་གེ་

เล่ม ๒๙ · หน้า 179a

ནི་ཨོཾ་ལ་སོགས་པའི་ས་བོན་རྣམས་ཏེ། དེ་དག་རང་གི་རྡོ་རྗེ་ནི་ལྕེས། དཀྱིལ་འཁོར་ནི་དཀྱིལ་འཁོར་བཞིན་དུ་གསལ་བ་དེ་བཞིན་དུ་བརྗོད་པར་བྱ་བ་སྟེ། ཇི་བཞིན་དུ་ཐོས་པ་ནི་རྣལ་འབྱོར་པ་རང་དང་གཞན་གྱིས་ཀྱང་ཐོས་པར་འགྱུར་རོ། །ཁྲོ་བོའི་དམ་ཚིག་ནི་མྱུར་

བ་དང་དལ་བུས་བྲལ་བའི། གང་ཞིག་ཡེ་ཤེས་ནི་བར་པའི་ངག་སྟེ་དེས་བཟླས་པ་གང་ཡིན་པ་དེ་ནི་ཁྲོ་བོའི་བཟླས་པར་བཤད་པ་སྟེ། ཁྲོ་བོའི་བཟླས་པའོ། །འདོད་པའི་དོན་གྱིས་མྱོས་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། ལྟེ་བའི་འཁོར་ལོར་

ཡི་གེ་ཨོཾ་ལ་ཡི་གེ་གཉིས་ཐིམ་པར་བསམས་ལ། འདོད་པའི་དོན་ནི་ལོངས་སྤྱོད་པའི་དོན་དུ། མྱོས་འགྱུར་བ་ནི་གཡེང་བར་འགྱུར་བ། ཀུན་དུ་ནི་རྣམ་པ་ཐམས་ཅད་དུ། སྲོག་ནི་ལུས་པོ་ལ་ཕན་པར། །བརྟགས་པ་ནི་འཚོ་བར་འདོད་པ་སྟེ། སེམས་ཅན་དེ་རྣམས་འོད་ཟེར་གྱིས་བཀུག་ལ་

དེ་ཉིད་དུ་ཐིམ་ཞིང་། གཏི་མུག་གནས་ནི་གཏི་མུག་རྣམ་པར་དག་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་གཏི་མུག་རྣམ་པར་དག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ་གནས་ཤིང་བཟླས་པ་གང་ཡིན་པ་དེ་ནི་གཏི་མུག་བཟླས་པར་བཤད་པ་སྟེ། གཏི་མུག་གི་བཟླས་པའོ། །འདོད་

ཆགས་རྡོ་རྗེ་ལས་བྱུང་ཚིག །ཅེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ལྟེ་བའི་འཁོར་ལོའི་ཡི་གེ་ཨ་བཀོད་ལ། ལུས་ངག་སེམས་ལ་གནས་པ་ནི་ཁམས་གསུམ་པའི་སེམས་ཅན་རྣམས་ཏེ། དེ་དག་གི་ཚིག་འདོད་ཆགས་ནི་བདག་དང་བདག་གི་མངོན་པར་ཞེན་པ་གནས་ངན་ལེན་

པས་བརྟན་པའི་ཕྱིར་རྡོ་རྗེ་ལས་བྱུང་བ་སྟེ། དེ་ལྟ་བུའི་སྒྲའི་བདག་ཉིད་ཀྱི་ཚིག་དེའི་འོད་ཟེར་གྱིས་བཀུག་ཅིང་། འདོད་ཆགས་མཚོར་གནས་ནི་འདོད་ཆགས་རྣམ་པར་དག་པའི་གནས་ལ་སེམས་ཅན་ཐམས་ཅད་བདག་གིས་གཞག་པར་བྱའོ་ཞེས་རྣལ་འབྱོར་པ་གང་གིས་དམིགས་པར་བྱེད་པ་དེ་

ཉིད་འདོད་ཆགས་བཟླས་པར་བཤད་པ་སྟེ། འདོད་ཆགས་ཀྱི་བཟླས་པའོ། །ཞེ་སྡང་རྡོ་རྗེ་ལས་བྱུང་སེམས། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་ཡི་གེ་ཧཱུཾ་བཀོད་ལ། དེའི་འོད་ཟེར་གྱིས་

เล่ม ๒๙ · หน้า 179b

ལུས་ངག་སེམས་ནི་ཁམས་གསུམ་པ་ལ་གནས་པའི་ཞེ་སྡང་གི་ངོ་བོ་སེམས་གང་ཡིན་པ་དེ་བཀུག་ལ་དེ་ཉིད་དུ་ཐིམ་ཞིང་སེམས་ཅན་ཐམས་ཅད་བདག་གིས་ཞེ་སྡང་གནས་ནི་ཞེ་སྡང་རྣམ་པར་དག་པའི་གནས་ལ་གཞག་པར་བྱའོ་ཞེས་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ཞེ་སྡང་གི་བཟླས་པར་བཤད་

པ་སྟེ་ཞེ་སྡང་གི་བཟླས་པའོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་སྤྱི་བོ་ལ་སོགས་པའི་གནས་རྣམས་ཏེ། དེ་དག་གི་དེ་ཉིད་ནི་ཡི་གེ་གསུམ་དེ་ཉིད་དོ། །དེ་རྣམས་དབུ་མ་ནི་གནས་པའི་རླུང་ལ་འཇུག་པ་དང་

ལྡང་བ་དག་བཞག་ཅིང་དེ་ཉིད་གནས་པའི་ཚུལ་གྱིས། དམ་ཚིག་རྡོ་རྗེ་ནི་འོད་གསལ་བ་ལ་ཐིམ་ཞིང་། དབའ་རླབས་མེད་པའི་རྒྱ་མཚོ་ཆེན་པོ་དང་འདྲ་བའི་གནས་པ་གང་ཡིན་པ་དེ་ནི་དམ་ཚིག་རྡོ་རྗེ་རྡོ་རྗེའི་བཟླས་པའི་རྣལ་འབྱོར་པ་རྣམས་ཀྱི་མ་ནིང་གི་བཟླས་པར་བཤད་པ་སྟེ། བུད་མེད་དེ་འཇུག་

པ་མ་ཡིན་པ་དང་། སྐྱེས་པ་སྟེ་ལྡང་བ་མ་ཡིན་ཏེ། མ་ནིང་གི་བཟླས་པ་ནི་བརྗོད་དུ་མེད་པའོ་ཞེས་སྟོན་ཏོ། །ཇི་སྐད་དུ། དམིགས་བཅས་དེ་གཞན་དབྱེ་བ་ནི། །གནས་པ་རྣམ་པ་གཉིས་བཤད་དེ། །དམིགས་བཅས་གཉིས་གང་ལས་གྲོལ་བ། །དམིགས་པ་མེད་པ་འོད་གསལ་བའོ། །

ཞེས་འབྱུང་སྟེ། མ་ནིང་གི་བཟླས་པའོ། །དེ་ནི་རྡོ་རྗེ་བཟླས་པ་བཅུ་གཅིག་པའོ། །ད་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་དེ་ཉིད་དོན་བསྒོམས་པ། །ཞེས་བྱ་

བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བདག་པོ་ནི་རྣལ་འབྱོར་པ་རྣམས་སོ། །ཐམས་ཅད་ཅེས་པ་ནི་རིགས་ལ་སོགས་པ་ཡོངས་སུ་སྤངས་པའོ། །འདོད་ཆགས་ནི་འདོད་ཆགས་རྣམ་པར་དག་པའི་རིགས་ཏེ། དེའི་དེ་ཉིད་ནི་ཡི་གེ་ཨཱཿསྟེ་དེའི་དོན་དེ་ལས་འབྱུང་བའི་སྣང་བ་མཐའ་ཡས་ཀྱི་

དཀྱིལ་འཁོར། རྣལ་འབྱོར་པ་གང་གིས་བསྒོམས་པ་དེ་ནི་འདོད་ཆགས་དེ་ཉིད་དོན་བསྒོམ་པའོ། །དེ་ཡང་འདོད་ཆགས་བྱང་ཆུབ་ནི་འདོད་ཆགས་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་མཛད་པ་ནི་མངོན་དུ་བྱེད་པའོ། །ཇི་ལྟ་བུ་ཞེ་ན། སེམས་ཅན་ཀུན་ལ་ཕན་འདོད་པའི། །ཞེས་པ་

เล่ม ๒๙ · หน้า 180a

ནི་སེམས་ཅན་ཐམས་ཅད་ལ་འདོད་ཆགས་རྣམ་པར་དག་པས་ཕན་འདོགས་པའོ་ཞེས་སྟོན་ཏོ། །རྣལ་འབྱོར་པ་དེ་རྣམས་གལ་ཏེ་སྤྲོས་པ་དང་བཅས་པའི་སྤྱོད་པ་བྱེད་ན་དེའི་ཚེ། རིག་པ་ཆེན་པོ་སྤྱན་ལ་སོགས། །ཞེས་པ་ནི་རིགས་ཀྱི་ལྷ་མོ་བཞི་དང་འདོད་པའི་ཡོན་ཏན་

ཏེ། དེ་ལ་བརྩོན་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་འདོད་པའི་ལོངས་སྤྱོད་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་དང་ཇི་ལྟར་འདོད་པ་ནི་སྤྲོས་པ་མེད་པའི་སྤྱོད་པས་འདོད་ཆགས་རྣམས་བསྟེན་པ་ནི་ལོངས་སྤྱོད་ན་འགྲུབ་པ་ནི་རྣལ་འབྱོར་པ་དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་

འགྱུར་རོ། །གཏི་མུག་དམ་ཚིག་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་ནི་གཏི་མུག་རྣམ་པར་དག་པའི་ངོ་བོ་རྣམ་པར་སྣང་མཛད་དེ། དེའི་དམ་ཚིག་ནི་ཡི་གེ་ཨོཾ་སྟེ་དེ་ལས་བྱུང་བ་ནི་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རིམ་པ་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་དག་གི་རྒྱལ་

པོ་རྡོ་རྗེ་ཅན་ནི་དེ་རྣམས་དང་ལྡན་པའི་རྣམ་པར་སྣང་མཛད་རིག་པའི་རྒྱལ་པོའོ། །དེ་རྣམས་ཐམས་ཅད་མ་ནིང་གི་གཏི་མུག་སྟེ། དེའི་གནས་ནི་དེ་ཉིད་རྣམ་པར་དག་པ་སྟེ། གཏི་མུག་རྣམ་པར་དག་པའི་གནས་དེ་ལ། འགྲུབ་པ་ནི་བདག་ཉིད་ཆེ་བ་ཐོབ་པས་དངོས་གྲུབ་དམ་པ་ནི་གཏི་མུག་

རྣམ་པར་དག་པ་སེམས་ཅན་ཐམས་ཅད་ལ་རབ་ཏུ་སྟེར་བའོ། །ཁྲོ་བོ་ཞེ་སྡང་གནས་པ་སྐྱེས། །ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནི་མི་བསྐྱོད་པའོ། །དེ་ཉིད་ཀྱི་གནས་ནི་ཡི་གེ་ཧཱུཾ་སྟེ་དེ་ལས་སྐྱེས་པ་ནི་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་མི་བསྐྱོད་པ་དེ་

ཉིད་དོ། །ཇི་ལྟ་བུ་ཞེ་ན། རྟག་པ་གསོད་པ་ནི་ཞེ་སྡང་རྣམ་པར་དག་པ་ལ་སོགས་པ་ནི་བརྩོན་པ་དང་ལྡན་པའོ། །བཅོམ་ལྡན་འདས་དེ་ཉིད་ཀྱང་སྒྲུབ་པ་པོ་རྣམས་མཆོག་གི་ཆོས་ཅན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོས་པར་མཛད་པ་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། གསོད་པ་ནི་ཞེ་སྡང་དང་ཁྲོ་བ་

གསོད་པ་སྟེ། དེའི་དོན་ནི་དགོས་པས་སོ་ཞེས་སྟོན་ཏོ། །ཆེན་པོ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སེལ་བར་བྱ་བའི་ཕྱིར་སྐྱེས་བུ་ནི་སྣང་བ་མཐའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་སྒོམ་པ་གང་ལས་བྱུང་བ་དེ་ནི་སྐྱེས་བུ་ཆེན་པོའི་དམ་

เล่ม ๒๙ · หน้า 180b

ཚིག་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་རྗེ་བདག་པོ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་དག་ཐམས་ཅད་འདོད་ཆགས་ནི་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་

རྣམས་ཀྱི་དེ་ཉིད་ནི་བཞི་པ་སྟེ་དེའི་དོན་སྒོམ་པ་ནི་མངོན་དུ་བྱེད་པ་སྟེ། འདོད་ཆགས་དེ་ཉིད་དོན་སྒོམ་པའོ། །དེའི་ཚེ་དེ་རྣམས་ཀྱིས་འདོད་ཆགས་ལ་སོགས་པའི་གསུམ་པོ་རྣམ་པར་དག་པ་ལས་བྱུང་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་མཛད་པ་ནི་ཐོབ་པར་འགྱུར་རོ། །སེམས་ཅན་

ཀུན་ནི་སྨིག་རྒྱུ་ལ་སོགས་པའི་མཚན་མ་རྣམས་ཏེ། དེ་དག་གིས་ཕན་འདོད་པ་ནི་དེ་ཁོ་ན་ཉིད་བསྟན་པར་བྱེད་པའོ། །སྤྱན་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་མ་ལ་སོགས་པའོ། །རིག་པ་ཆེན་མོ་ནི་དེ་རྣམས་ཉིད་བྱེད་པ་ཡན་ལག་འཁྲུག་པའི་སྦྱོར་བ་ལ་མཁས་པའོ། །འདོད་པ་ནི་འདོད་

ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དོན་ནི་ལྷན་ཅིག་སྐྱེས་པ་བསྟན་པ་སྟེ། དེ་ལ་བརྩོན་པ་ནི་མཚོན་པར་བྱེད་པའོ། །དེ་རྣམས་ལ་བརྟེན་ནས་འདོད་པའི་ལོངས་སྤྱོད་ནི་དགའ་བ་ལ་སོགས་པའི་རིམ་པས། ཇི་ལྟར་འདོད་པ་ནི་འདོད་པའི་ལྷའི་རྣམ་པ་བསྒོམ་པས་རྣལ་འབྱོར་པ་རྣམས་

འགྲུབ་པ་ནི་དངོས་གྲུབ་ཐོབ་པར་གྱུར་ཏེ་མངོན་པར་བྱང་ཆུབ་པའི་རིམ་པའོ། །གཏི་མུག་ནི་ཡི་གེ་ཨོཾ་མོ། །དམ་ཚིག་ནི་ཡི་གེ་ཨཱཿའོ། །འབྱུང་བ་ནི་ཡི་གེ་ཧཱུཾ་ངོ་། །དེ་རྣམས་རིག་པ་ནི་སྔགས་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རྒྱལ་པོ་སྟེ་བདག་པོའོ། །དེ་བཞིན་གཤེགས་པའི་རང་བཞིན་ཡིན་

པའི་ཕྱིར་རྡོ་རྗེ་ཅན་ནོ། །དེ་རྣམས་ཀྱི་མ་ནིང་གི་གནས་ནི་འཇུག་པ་ལ་སོགས་པ་དང་བྲལ་བའི་བཟླས་པ་སྟེ། དེ་འབྱུང་བས་ན་འགྲུབ་པ་ནི་དེ་རྣམས་རྫོགས་པས་སྒྲུབ་པ་པོའི་རྣལ་འབྱོར་པ་ལ་མཆོག་གི་དངོས་གྲུབ་སྟེར་བ་སྟེ་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་བཞིན་དུ་ཁྲོ་བ་ཞེས་བྱ་བ་ལ་

སོགས་པ་ལ། ཁྲོ་བ་དང་ཞེ་སྡང་གི་གནས་ནི་ཁྲོ་བ་ལ་སོགས་པའི་རིགས་ལས་སྐྱེས་པ་ནི་ཁྱི་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན། རྟག་ཏུ་ནི་དུས་ཐམས་ཅད་དུ་གསོད་པ་ལ་བརྩོན་པ་ནི་ཕྱུགས་ཡིན་པའི་ཕྱིར་གཞན་རྣམས་ལ་རྣམ་པར་འཚེ་བ་ཅན་ཏེ། དེ་རྣམས་ཀྱིས་ཁ་ན་མ་ཐོ་བ་མེད་

เล่ม ๒๙ · หน้า 181a

པའི་ལྕགས་ཀྱུ་རྙེད་ལ། གསོད་པའི་དོན་ནི་སྦྱོང་བ་ལ་སོགས་པའི་རིམ་པས་ཐ་མལ་པའི་རྣམ་པར་རྟོག་པ་སེལ་བས་གཏོར་མར་ཕུལ་ན་མཆོག་གི་ཆོས་ཅན་ནི་རྣམ་པར་རྟོག་པ་མེད་པའི་སྒྲུབ་པ་པོ་སྟེ། དེ་ལ་གྲུབ་པར་གྱུར་པ་ནི་རྣམ་པར་སྣང་མཛད་ལ་སོགས་

པའི་དངོས་གྲུབ་སྟེར་བ་སྟེ་སྒྲུབ་པའོ། །ཆེན་པོ་ནི་མངོན་པར་བྱང་ཆུབ་པ་དང་རྡོ་རྗེ་བཟླས་པ་དག་གོ། །སྐྱེས་བུ་ནི་སྐྱེས་པ་ལ་སོགས་པའི་ཤ་རྣམས་ཀྱིས་དམ་ཚིག་ནི། ལྕགས་ཀྱུ་ཉེ་བར་ཕུལ་བ་གང་ལས་བྱུང་བ་དེ་ནི་སྐྱེས་བུ་ཆེན་པོའི་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་

སྩལ་ཏོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །བསྐྱེད་པའི་རིམ་པས་ཞི་བ་ལ་སོགས་པ་བཤད་པར་བྱ་བའི་ཕྱིར། ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྙིང་ག་ནི་ཡེ་ཤེས་སེམས་དཔའི་སྙིང་གར་ཟླ་བའི་དཀྱིལ་འཁོར་

གྱི་དབུས་སུ་ཨོཾ་ལས་བྱུང་བའི་རྩིབས་བརྒྱད་པའི་འཁོར་ལོ་དཀར་པོ་བསྒོམས་ལ། མདུན་དུ་ཡང་ཡེ་ཤེས་རྡོ་རྗེ་ཅན་ནི་བསྒྲུབ་བྱ་ནད་པ་སྟེ། དེ་ཉིད་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ལ། བསྒྲུབ་བྱ་དེ་ཉིད་ཀྱི་དབུས་ནི་སྒོ་དགུའི་ནང་

འཁོར་ལོ་ནི་ཏིང་ངེ་འཛིན་སེམས་དཔའི་ངོ་བོའི་དོན་ནི་འོད་ཟེར་དགུ་དཀར་པོ་སྤྲོས་ལ་ནད་པའི་སྒོ་དགུ་ལ་ཞུགས་པར་བསམས་ན་དེའི་ཚེ་ཞི་བའོ། །ཡེ་ཤེས་རྡོ་རྗེ་ཅན་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་སྙིང་གར་ཡི་

གེ་ཧཱུཾ་ལས་བྱུང་བའི་ཁ་དོག་ནག་པོ་རྩེ་དགུ་པ་བསམས་ལ། མདུན་དུ་ཡང་ཡེ་ཤེས་རྡོ་རྗེ་ཅན་ནི་གདུག་པའི་བསྒྲུབ་བྱ་རྡོ་རྗེ་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ལ། དེའི་སྒོ་དགུ་ལ་རྡོ་རྗེ་ནི་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་

ནག་པོ་དགུ་སྤྲོས་ལ། གདུག་པའི་སྒོ་དགུ་ལ་ཞུགས་པར་བསམས་ན་དེའི་ཚེ་གསོད་པའོ། །རིན་ཆེན་ཡེ་ཤེས་ཅན་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་སྙིང་གར་ཡི་གེ་སྭཱ་ལས་བྱུང་བའི་ཁ་དོག་སེར་

เล่ม ๒๙ · หน้า 181b

པོའི་རིན་པོ་ཆེ་བསམས་ལ། མདུན་དུ་ཡང་རིན་ཆེན་ཡེ་ཤེས་ཅན་ནི་བསྒྲུབ་བྱ་དབུལ་པོ་རིན་ཆེན་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ཏེ། དེའི་སྒོ་དགུ་ལ་རིན་ཆེན་ནི་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་སེར་པོ་དགུ་སྤྲོས་ལ་དབུལ་

པོའི་སྒོ་དགུ་ལ་ཞུགས་པར་བསམས་ན་རྒྱས་པའོ། །པདྨོ་ཡེ་ཤེས་ཅན་རྣམས་ཀྱི། །ཞེས་པ་ལ་སོགས་པ་ལ། པདྨའི་རིགས་ཀྱི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་དམར་པོ་བསམས་ལ། མདུན་དུ་ཡང་པདྨ་ཡེ་ཤེས་ཅན་

ནི་རྒྱལ་པོ་ལ་སོགས་པའི་བསྒྲུབ་བྱ་པདྨའི་དཀྱིལ་འཁོར་ནི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ཏེ། དེའི་སྒོ་དགུ་ལ་པདྨ་ནི་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་དགུ་དམར་པོ་སྤྲོས་ལ། རྒྱལ་པོ་ལ་སོགས་པའི་སྒོ་དགུ་ལ་ཞུགས་པར་བསམས་ན་དེའི་ཚེ་དབང་ངོ་། །

རལ་གྲི་ཡེ་ཤེས་ཅན་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའི་སྙིང་གར་ཁཾ་ལས་བྱུང་བའི་ཁ་དོག་ལྗང་གུ་རྩེ་བརྒྱད་པའི་རྡོ་རྗེ་རལ་གྲི་བསམས་ལ། མདུན་དུ་ཡང་རལ་གྲི་ཡེ་ཤེས་ཅན་ནི་བསྒྲུབ་བྱ། དམ་ཚིག་དཀྱིལ་

འཁོར་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ལ། དེའི་སྒོ་དགུ་ལ་རལ་གྲི་ནི་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་སྟེ། དེའི་དོན་ནི་འོད་ཟེར་དགུ་ལྗང་གུ་སྤྲོས་ལ། བསྒྲུབ་བྱའི་སྒོ་དགུ་ལ་ཞུགས་པར་བསྒོམས་ན་དེའི་ཚེ་འགུགས་པའོ། དཀྱིལ་འཁོར་ཀུན་གྱི་ངོས་

རྣམས་སུ། །ཞེས་བྱ་བ་ལ་སོགས་པ་ལ། གང་ཞིང་འདི་འོད་ཟེར་དཀར་པོ་ལ་སོགས་སྤྲོས་པ་དེ་ནི་བསྒྲུབ་བྱ་དེ་ཉིད་ཀྱི་ངོས་ནི་ཕུང་པོ་ལྔ་ལ། འོད་ཟེར་ལྔ་ནི་དེ་བཞིན་གཤེགས་པའི་རྣམ་པར་དགོད་པར་བྱ་བ་ནི་འཇུག་པར་བྱའོ། འདིས་ནི་འོད་ཟེར་ལྔའི་དབྱེ་བས་སྤྲོ་བས་སྤྲོ་བ་བྱེད་ན་བྱང་

ཆུབ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་རྣལ་འབྱོར་པས་ཐོབ་པར་གྱུར་པ་ནི་བསྒྲུབ་བྱས་རྙེད་པར་འགྱུར་ཞེས་སྟོན་ནོ། །སྔགས་རྣམས་ཐམས་ཅད་ནི་འཁོར་ལོ་ལ་སོགས་པའི་འོད་ཟེར་རྣམས་ཏེ། དེ་དག་སྤྲོ་བ་ནི་རྣམ་པ་གཉིས་ཞེས་པ་ནི་ཁའམ་བ་སྤུའི་བུ་ག་ཐམས་ཅད་ལས་སྤྲོ་བ་སྟེ། བརྗོད་པ་ནི་

เล่ม ๒๙ · หน้า 182a

བཅོམ་ལྡན་འདས་ཀྱིས་གསུངས་པའོ། །རྡོ་རྗེ་འཆང་ཆེན་པོའི་སྒོ་ནས་སྤྲོ་བ་བཤད་པའི་ཕྱིར། སྐུ་གསུམ་རྡོ་རྗེ་བྱེ་བྲག་གིས། །ཞེས་པ་ལ་སོགས་པ་གསུངས་ཏེ། སྐུ་གསུམ་ནི་ཆོས་ཀྱི་སྐུ་ལ་སོགས་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །

དེ་དག་ཉིད་བྱེ་བྲག་སྤྲོས་པ་གང་ལས་བྱུང་བ་དེ་ནི། སྐུ་གསུམ་རྡོ་རྗེ་བྱེ་བྲག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །འདིའི་ཏིང་ངེ་འཛིན་ལ་དམིགས་ཏེ་སྤྲོ་བ་དང་བསྡུ་བ་བྱའོ། །ཇི་ལྟར་ཞེ་ན་ལུས་ཀྱི་ངོ་བོ་ནི་ཞི་བའི་སྣོད་ཀྱི་བསྒྲུབ་བྱ་ལ། སྐུ་ནི་རྣམ་པར་སྣང་མཛད་ཀྱིས་བསྒྲུབ་བྱ་དེ་ཉིད་ཀྱི་སྤྱི་བོར་ཐིམ་

ཞིང་ཚིམ་པས་སྤྲོ་བ་བྱེད་ན་དེའི་ཚེ་ཞི་བའོ། །དེ་བཞིན་དུ་སེམས་ནི་མངོན་སྤྱོད་ཀྱི་གནས་བསྒྲུབ་བྱ་ལ་ཐུགས་ཀྱི་ངོ་བོ་ཉིད་ནི་མི་བསྐྱོད་པ་སྤྱི་བོར་ཐིམ་ཞིང་འོད་དུ་ཞུ་བ་སྟེ། དེའི་ཚེ་གསོད་པའོ། །ངག་ནི་དབང་དུ་མ་གྱུར་པའི་བསྒྲུབ་བྱ་ལ་གསུང་གི་ངོ་བོ་སྣང་བ་མཐའ་ཡས་ཀྱི་སྤྱི་བོར་

ཐིམ་ཞིང་སྤྲོ་བ་བྱེད་ན་དེའི་ཚེ་དབང་ངོ་། །དེ་བཞིན་དུ་རྒྱས་པ་དང་དགུག་པ་དག་ལ་ཡང་ཤེས་པར་བྱའོ། །དེ་ལྟར་མཆོད་ན་ཞེས་པ་ནི་སྤྲོ་བས་མཆོད་པ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་གནས་སུ་གྱུར་པ་ནི་ཐོབ་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །དབྱེ་བ་གཞན་གྱིས་ཞི་བ་ལ་སོགས་པ་

བཤད་པར་བྱ་སྟེ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ནི་རང་གི་རིག་མའི་པདྨའོ། །དེ་ལ་རྡོ་རྗེ་ལྔ་རྣམས་ནི་འདོད་པའི་གདུགས་ལ་སོགས་པའི་རྩ་ལྔ་བསྒོམས་ལ། རྩ་དབུས་མ་ལ་རང་གི་གཟུགས་ནི་རང་

གི་བདག་ཉིད་བདག་པོ་ནི་མི་བསྐྱོད་པར་བསམས་ཏེ། དཀྱིལ་འཁོར་རྣམ་པ་བཞི་དག་ཏུ་ཞེས་པ་ནི་རུས་སྦལ་མ་ལ་སོགས་པའི་རྩ་བཞི་པོ་ལ། རང་སྔགས་རྡོ་རྗེའི་གཟུགས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཏེ། ཁ་དོག་རྣམ་པ་བཞི་ནི་དཀར་པོ་ལ་སོགས་པའི་སྐུ་མདོག་

དང་ལྡན་པར་བསམས་ལ། དེ་རྣམས་ཀྱི་སྙིང་ག་ནི་ཡེ་ཤེས་སེམས་དཔའི་སྙིང་གར་སྔགས་ཀྱི་དོན་ནི་ཞི་བ་ལ་སོགས་པའི་བསྒྲུབ་བྱ་རྣམས་བསྒོམ་པ་ནི་ཞུགས་པར་བྱའོ། །དེ་ལྟ་བུའི་བསམ་གཏན་ནི་ཏིང་ངེ་འཛིན་གྱིས་རྡོ་རྗེ་ཅན་ནི་སྒྲུབ་པ་པོས་རྡོ་རྗེ་རྣམ་པ་བཞིའི་ལས་ནི་ཞི་བ་ལ་སོགས་

เล่ม ๒๙ · หน้า 182b

པའི་ལས་བྱེད་པ་ནི་རྫོགས་པར་བྱེད་པའོ། ཇི་ལྟ་བུ་ཞེ་ན། སྔགས་ཐམས་ཅད་ནི་བྱ་བ་ལ་སོགས་པའི་ཚུལ་ལ་གནས་པ་ལ་གསང་བ་ནི་སྦས་པར་བྱའོ། །གཞན་ཡང་ནང་གི་བདག་ཉིད་ཡིན་པའི་ཕྱིར་རབ་ཏུ་བཟང་པོའོ། །གཏན་དུ་བསྒྲུབ་པར་བྱ་བའི་ཕྱིར་བརྟག་པའོ། །ཞི་

བ་ལ་ནི་སྤྱན་གྱི་ཚུལ། །ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི་ལས་བྱ་བ་ཡིན་ན་དེའི་ཚེ་སྤྱན་གྱི་ཚུལ་ནི་བསྒྲུབ་བྱ་དཀར་པོར་བསམས་ལ་ཕྱི་རོལ་དུ་སྤྲོ་བར་བྱའོ། །རྒྱས་པའི་ལས་བྱ་བ་ཡིན་ན་རྡོ་རྗེ་པདྨོ་ཅན་ནི་གསེར་གྱི་མདོག་དང་འདྲ་བ་སྤྲོ་བར་བྱའོ། །དབང་གི་ལས་བྱ་བ་ཡིན་ན་ཁྱད་པར་

དུ་སྣང་བས་ན་རྣམ་པར་སྣང་མཛད་ནི་ཉི་མ་སྟེ། དེའི་གནས་ནི་དེ་བྱུང་བས་ཁ་ཕྱེ་བའི་པདྨ་སྟེ། དེ་དང་འདྲ་བའི་མདོག་ཅན་བསྒྲུབ་བྱ་ཕྱི་རོལ་དུ་སྤྲོ་བར་བྱའོ། །རྡོ་རྗེ་ཁྲོ་བོ་ནི་མདོག་ནག་པོ་སྟེ་དེ་དང་འདྲ་བ་སྤྲོ་བར་བྱའོ། །འདི་རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས་ཅད་

ནི་སྒྲུབ་པ་པོ་རྣམས་ཏེ། དེ་དག་གི་གསང་བ་ནི་ཆོས་འབྱུང་སྟེ། དེ་ལ་སྐུ་གསུམ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་ལས་བྱུང་བའི་བསྐྱེད་པ་གང་ལ་ཡོད་པ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྔགས་རྣམས་ཀུན་ནི་ཞི་བ་ལ་སོགས་པའི་གནས་སུ་གྱུར་པ་བསྒྲུབ་བྱ་རྣམས་ཀྱི་དོན་དུ་སྤྲུལ་

པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །བྱ་བ་ནི་ཞི་བ་ལ་སོགས་པ་ཡིན་ལ་དེ་རྣམས་ཉིད་རོལ་མོ་སྟེ་སྤྲོས་པ་དང་བཅས་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་པས་མཚན་པ་ནི་འབྱུང་བ་སྟེ་བསྐྱེད་པའི་རིམ་པའོ། །ཞི་བ་ལ་སོགས་པ་བསྟན་ནས་དྲག་པོ་ཡིན་པའི་ཕྱིར་མངོན་སྤྱོད་བཤད་

པར་བྱ་སྟེ། མ་དད་སྨྲ་བའི་སེམས་ཅན་དང་། །ཞེས་བྱ་བ་ལ་སོགས་པ་ལ། མ་དད་སྨྲ་བ་ནི་མ་དད་པ་གཙོ་བོར་གྱུར་པའི་ཚིག་སྨྲ་བའོ། །དེ་བཞིན་དུ་སློབ་དཔོན་དང་རྡོ་རྗེ་ནི་རྡོ་རྗེ་འཛིན་ལ་སྨོད་པ་ནི་སུན་འབྱིན་པའོ། །གདུག་པའི་སེམས་ཅན་གཞན་རྣམས་ཞེས་པ་ནི་མཚམས་མེད་པ་

ལ་སོགས་པ་བྱེད་པ་རྣམས་འདི་ནི་འོག་ནས་འཆད་པར་འགྱུར་བའི་བར་དུ་བསྒྲུབ་པ་ནི་མངོན་སྤྱོད་བྱའོ། །ཡེ་ཤེས་ཆེན་པོ་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་ཏེ་དེའི་འཁོར་ལོ་ནི་དཀྱིལ་འཁོར་པ་རྣམས་ཏེ། དེ་རྣམས་ཀྱིས་བྱས་པའི་རྡོ་རྗེ་ནི། མངོན་སྤྱོད་གང་གིས་མཛད་པ་དེ་ནི་དེ་བཞིན་དུ་

เล่ม ๒๙ · หน้า 183a

བྱའོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གདུག་པའི་སེམས་ཅན་རྣམས་གང་ཡིན་པ་དེ་རྣམས་ཀྱིས་ཁམས་གསུམ་གནས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ངོ་བོར་བསྒོམ་ཞིང་དགྲའི་རང་བཞིན་རྣམས་ཀྱིས་སེམས་ཅན་དེ་དག་གསོད་པར་བལྟས་

ལ། དེ་ནས་ལས་རྣམས་ནི་མངོན་སྤྱོད་ཀྱི་ལས་བརྩམ་པར་བྱའོ། །འདིས་ནི་གདུག་པ་རྣམས་སྡིག་པ་ཆེན་པོ་ཅན་ཉིད་དུ་བྱེད་པ་བསྟན་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོ་རྣལ་འབྱོར་པས་རང་གི་བདག་ཉིད་སྟོང་པར་བསམས་

ལ། དེའི་དབུས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་མོ་ལྔ་པ་ཁ་བཞི་པ་ནི་སྣ་ཚོགས་རྡོ་རྗེ་བསམས་ཤིང་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི། རྣམ་མཆོག་རྣམ་པ་ཀུན་དང་ལྡན། །ཞེས་པ་ནི་ཞལ་གསུམ་པ་དང་ཕྱག་དྲུག་པ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཧཱུཾ་མཛད་དེ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་

རལ་གྲི་དང་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་རྣམས་ན་དབྱུག་ཏོ་དང་འཁོར་ལོ་དང་ཞགས་པ་བསྣམས་པ། དམ་ཚིག་ལས་བྱུང་བ་ནི་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་དང་ལྡན་པར་བསམས་ལ། སངས་རྒྱས་འཁོར་ལོ་ནི་ཡེ་ཤེས་སེམས་དཔའི་སྙིང་ག་ལས་སྤྲོས་པའི་ཁྲོ་

བོ་བཅུའི་འཁོར་ལོ་འཁོར་གྱི་ངོ་བོར་བསམས་པར་བྱའོ། །དེའི་རྗེས་ལ་ཁྲོ་བོ་བཅུ་དེ་རྣམས་ཀྱི་ལག་པ་གཡས་པ་ལ། སངས་རྒྱས་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཁྲོ་བོ་རྡོ་རྗེར་བསྒོམས་ལ། ཕྱག་ལྷག་མ་རྣམས་ལ་རྡོ་རྗེ་ཧཱུཾ་མཛད་བཞིན་དུ། སྟོབས་པོ་ཆེ་ནི་ཕྱག་མཚན་གཞན་

རྣམས་བསྒོམས་ཤིང་ཡེ་ཤེས་སེམས་དཔའི་སྙིང་གའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་ནས་བྱུང་བའི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུའི་རྣམ་པ་ཉེ་བར་བསྡུས་ཏེ། རང་གི་ལུས་ནི་ཡེ་ཤེས་སེམས་དཔའི་སྙིང་གར་གོང་བུའི་ཚུལ་ནི་ཐིག་ལེའི་ངོ་བོར་ཐིམ་པར་བྱའོ། །སངས་རྒྱས་

ཡེ་ཤེས་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་ཕྱོགས་བཅུ་ལ་སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་ཁྲོ་བོའི་གཟུགས་རྣམས་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བོའི་སྒོ་ནས་འཁྲུགས་པ་ནི་ང་རྒྱལ་དང་ལྡན་པའོ། །མི་སྡུག་ནི་ཞལ་ལ་སོགས་པས་

เล่ม ๒๙ · หน้า 183b

སོ། །འཇིགས་སུ་རུང་ནི་ཤིན་ཏུ་རྣོ་བའི་འོད་ཟེར་འཕྲོ་ལ་རིགས་ཀྱི་རླུང་རྣམས་ཀྱིས་བརྒྱན་པའོ། མཚོན་ཆ་སྣ་ཚོགས་ནི་རལ་གྲི་ལ་སོགས་པ་སྟེ། དེ་རྣམས་འཛིན་པའོ། །བསད་པའི་དོན་གྱིས་དོན་སེམས་པ། །ཞེས་པ་ནི་གདུག་པ་རྣམས་གསོད་པ་སྟེ་ཐུགས་ཀྱིས་སོ། །གདུག་པ་

ཆེན་པོ་རྣམས་ཉིད་ཀྱིས་གསོད་པར་བྱེད་པ་ནི་སྐུའི་སྒོ་ནས་སོ། །རྡོ་རྗེ་སེམས་དཔའ་རང་ཉིད་དམ། །ཞེས་ཕུལ་དུ་བྱུང་བའི་ཚིག་གོ། །དེ་ལྟ་བུའི་ཁྲོ་བོ་རྣམས་སྤྲོས་ཏེ་མངོན་སྤྱོད་བྱས་ལ། སླར་ཡང་སྡུད་ཅིང་དེ་ཉིད་དུ་ཐིམ་པར་བྱའོ། །སངས་རྒྱས་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་

ལ། ལས་དེས་སངས་རྒྱས་ནི་འཇིག་རྟེན་པ་ལ་གནོད་པར་བྱེད་པ་ལ་མཁས་པ་སྟེ། སྐུ་གསུམ་ནི་དཀོན་མཆོག་གསུམ་སྟེ། དེའི་མཆོག་ནི་དམ་པའི་ནོར་ཏེ་དེ་ཉིད་སྩོལ་བ་ནི་འཇིགས་པར་བྱེད་པས་ན། སངས་རྒྱས་སྐུ་གསུམ་མཆོག་སྩོལ་བ་སྟེ། དཀོན་མཆོག་གསུམ་གྱི་ནོར་འཕྲོག་

པར་བྱེད་པའོ། །རྡོ་རྗེ་གསུམ་ནི་ལུས་ངག་ཡིད་ཀྱི་ཉོན་མོངས་པ་རྣམས་ཀྱི་གནས་སོ། །དེ་བཞིན་དུ་དཀྱིལ་འཁོར་ནི་སེམས་ཅན་གྱི་ཁམས། འཁོར་ནི་གནོད་པར་བྱེད་པ་སྟེ་དཀྱིལ་འཁོར་རོ། །དངོས་གྲུབ་ནི་འཚེ་བའི་ཐབས། སྟེར་བ་ནི་འཇིགས་པར་བྱེད་དེ་དངོས་གྲུབ་སྟེར་བར་

གྱུར་པའོ། །དེ་ལྟ་བུའི་གདུག་པ་འཆི་བ་ནི་ཤི་བར་གྱུར་པ་སྟེ། རྨོངས་པ་ནི་གཏི་མུག་དང་ལྡན་པ་གཤིན་རྗེའི་ཁར་ཞུགས་པར་འགྱུར་ཏེ་འདིར་ནི་ཐེ་ཚོམ་མེད་དོ། །དུས་ཀྱི་ངེས་པར་བཤད་པར་བྱ་སྟེ། ཉི་མ་བདུན་ཞེས་པ་ནི་དེ་ལྟ་བུའི་ལས་ཉི་མ་བདུན་དུ་གལ་ཏེ་བྱས་ན་དེའི་ཚེ་འགྲུབ་

པར་འགྱུར་ཏེ། ཉུང་བས་ནི་མི་འགྲུབ་བོ། །སངས་རྒྱས་ཞེས་པ་ནི་ཕུལ་དུ་ཕྱུང་བའི་ཚིག་གོ། །དེས་ནི་འདི་བཤད་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ངོ་བོས་བདག་ཉིད་ཁྲོ་བོ་བཅུ་སྤྲོས་ལ་དེ་རྣམས་ཀྱིས་གདུག་པ་རྣམས་བཀུག་ཅིང་མདུན་དུ་ཁྲོ་བོ་དེ་རྣམས་ཀྱིས་དུམ་བུར་བཅད་ཅིང་ཟ་བར་བྱེད་པར་བསམ་

པར་བྱའོ། །རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །དེའི་དམ་ཚིག་ནི་ཁྲོ་བོ་བཅུའོ། །དེ་རྣམས་ཀྱི་བཀའི་འཁོར་ལོ་ནི་གདུག་པ་གདུལ་བར་བྱ་བའི་ཕྱིར་བཀའ་སྩལ་པའི་ཚོགས་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་བཞིན་དུ་བཤད་པ་སྟེ་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་གཙོ་བོར་གྱུར་པས་

เล่ม ๒๙ · หน้า 184a

མངོན་སྤྱོད་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དབུས་སུ་གནས་པའི་ཡི་གེ་ཨོཾ་ལ་སོགས་པ་ལས་ཡོངས་སུ་གྱུར་པ་ལས་སྐྱེས་པ་འཁོར་ལོ་དང་། རྡོ་རྗེ་དང་། འབར་

ནི་རིན་ཆེན་དང་། རལ་གྲི་དང་། བརྒྱན་པ་ནི་ཤིན་ཏུ་མཛེས་པའི་པདྨ་བསྒོམས་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས་བྱུང་བའི། རྣམ་པ་མཆོག་ནི་ཀུན་དང་ལྡན། །ཞེས་པ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ནི་ཁྱད་པར་དུ་སྣང་བ་སྟེ་དེ་བཞིན་གཤེགས་པ་ལྔའོ། །

དེ་རྣམས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། དུས་གསུམ་དམ་ཚིག་ལས་བྱུང་བ། །ཞེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས་གྱུར་པ་ལས་བྱུང་བའི་ཕྱིར་གྲགས་ཆེན་བསྒོམས་ལ་དེ་རྣམས་ཀྱི་ཕྱག་ན་རྡོ་རྗེ་མེ་སྟག་འཕྲོ་བ་ཅན།

བསྒོམ་པར་ཞེས་པ་ནི། གཙོ་བོའི་ཕྱག་མཚན་བསྟན་པའོ། །ཕྱག་མཚན་ལྷག་མ་རྣམས་ནི་རྡོ་རྗེ་ཧཱུཾ་མཛད་བཞིན་དུ་ཞེས་པ་མན་ངག་གོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅུ་ལས་བྱུང་བའི་རྡོ་རྗེ་སྐུ་ནི་སངས་རྒྱས་རྣམས། འོད་ཟེར་ཚུལ་ནི་སྙིང་གའི་འོད་ཟེར་

སྦྱོར་བས་འགུགས་ཤིང་རང་གི་ལུས་ལ་ཞུགས་ཏེ། དེ་དག་ཉིད་རྡོ་རྗེ་ཐམས་ཅད་ནི་ཁྲོ་བོ་ཐམས་ཅད་ཀྱི་ངོ་བོར་སྤྲོས་ཏེ། དེའི་འོག་ཏུ་ཡེ་ཤེས་མཆོག་གི་གཉེན་ནི་རྣལ་འབྱོར་པས་དེ་རྣམས་ལ་བཀའ་སྩལ་པར་བྱས་ཏེ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྐུ་གསུང་ཐུགས་སྦྱོར་བ་

ཅན་ཁྲོ་བོ་རྣམས། བདག་རྡོ་རྗེ་འཛིན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལས་གང་ཡང་རུང་བ་སྟེ། དཔལ་ལྡན་ནི་སྤྲོ་བར་བྱེད་པ་ཁྱེད་རྣམས་ལ། བཀའི་འཁོར་ལོ་ནི་ཡུལ་གྱི་དབྱེ་བས་བཀའི་ཚོགས། རབ་སྦྱོར་བ་ནི་བཀའ་སྩལ་པར་བྱེད་པ་སྟེ། རྡོ་རྗེ་ནི་ལག་པ་ན་ཐོགས་པའི་

རྡོ་རྗེ། སྐུ་གསུམ་ལས་བྱུང་བ་ནི་གདུག་པ་རྣམས་དགས་པར་བགྱི་བ་ནི་ཁྱེད་རྣམས་ཀྱིས་དགས་པར་བགྱིས་སོ་ཞེས་སྟོན་ཏོ། །གལ་ཏེ་ངའི་བཀའ་འདི་ཁྱེད་རྣམས་ཀྱིས་འདས་པ་ཡིན་ན། དེའི་ཚེ་ཁྱེད་རྣམས་ཀྱི་ལུས་པོ་ཞིག་པར་འགྱུར་རོ། །གདོན་མི་ཟ་ཞེས་པ་ནི་བརྟན་པར་བྱ་བའི་

เล่ม ๒๙ · หน้า 184b

ཚིག་གོ། །དེས་ནི་ཚད་བཤད་པ་ཡིན་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་ལས་གང་ཡང་རུང་བའི་གཟུགས་ལ་དམིགས་ཏེ། རང་གི་སྙིང་གར་སངས་རྒྱས་ཐམས་ཅད་བཞུགས་ཤིང་དེ་རྣམས་ཉིད་ཁྲོ་བོའི་འཁོར་ལོར་སྤྲོས་ཏེ། བཀའ་སྩལ་པར་བྱས་ལ་གདུག་པ་དེ་རྣམས་ཀྱང་སྔ་

མ་བཞིན་དུ་དེ་རྣམས་ཀྱིས་ཟ་བར་བསམས་ལ། སླར་ཡང་བསྡུས་ཏེ་མངོན་སྤྱོད་གྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་རོ། །དེའི་དམ་ཚིག་ནི་བཀའ་སྩལ་པ་སྟེ། དེ་ཉིད་ཀྱིས་རྡོ་རྗེ་ནི་མངོན་སྤྱོད་ཀྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་

བཞིན་ནོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྒོམ་པས་མངོན་སྤྱོད་བསྟན་ནས་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བ་གཙོ་བོར་གྱུར་པས་དེ་ཉིད་བཤད་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་རྡོ་རྗེ་ནི་ནམ་

མཁའི་དབྱིངས་སོ། །དེའི་དབུས་སུ་གནས་པ་སངས་རྒྱས་དཀྱིལ་འཁོར་ནི་སྣང་བའི་རང་བཞིན་གྱི་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་གཤིན་རྗེ་གཤེད་ནི་གཤིན་རྗེ་གཙོ་བོར་གྱུར་པའི། འཁོར་ལོ་ཆེ་ནི་ཁྲོ་བོའི་དཀྱིལ་འཁོར་ཏེ། རང་གི་རྡོ་རྗེ་ནི་རྣམ་

པར་སྣང་མཛད། ཡིན་པ་ནི་སྤྱི་བོ་ལ་མཚན་མ་གང་ལ་ཡོད་པ་དེ་ལྟ་བུ་བསམས་ནས། དེའི་རྗེས་ལ་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ལ། ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཁམས་དེ་ཉིད་ཞུགས་ཏེ། དེ་ཉིད་གཤིན་རྗེ་གཤེད་དང་འདྲ་བ་སྤྲོས་ལ། ཁྲོ་བོ་དེ་

རྣམས་ཀྱིས་དུས་གསུམ་ལས་བྱུང་བའི་སེམས་ཅན། གསོད་པ་ནི་དགྲ་བོ་རྣམས་གསོད་པར་བསྒོམ་པར་བྱའོ། །འདི་ནི་རྡོ་རྗེ་བཀའི་དཀྱིལ་འཁོར་ཞེས་བྱ་བ་ལ། རྡོ་རྗེ་བཀའ་ནི་ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་ཏེ། གདུག་པ་རྣམས་གདུལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་

ཚིག་གི་དོན་ཏོ། །གདུག་པ་ཐམས་ཅད་འཇིག་པའི་ཕྱིར། དམ་ཚིག་ནི་སྐྱེ་བ་གང་ལ་ཡོད་པ་དེ་ནི་དམ་ཚིག་ཐམས་ཅད་དེ་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ལས་འབྱུང་བ་ནི་སྐྱེ་བ་ཡིན་ལ་དེ་གང་ལ་ཡོད་པ་དེ་ནི་དམ་ཚིག་ཐམས་ཅད་ལས་བྱུང་བ་སྟེ། དེ་དང་འདྲ་བའི་ཁྲོ་བོ་རྣམས་

เล่ม ๒๙ · หน้า 185a

སོ། དེ་རྣམས་ཀྱིས་བྱས་པའི་སྐུ་གསུམ་ནི་གདུག་པ་རྣམས། རྡོ་རྗེ་ནི་གསོད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་མོས་པའི་དབང་གིས་མངོན་སྤྱོད་ཀྱི་དབྱེ་བ་གཞན་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་

རྡོ་རྗེའམ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་དེ་བཞིན་གཤེགས་པའི་རྣམ་པའམ། རང་སྔགས་དོན་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་སམ་གཙུག་ཏོར་དམ་ཚིག་ནི་ཁྲོ་བོའི་གཟུགས་ཏེ། དེ་རྣམས་ཀྱི་གཅིག་གཙོ་

བོར་བྱས་ལ། གདུག་པ་འཇིག་པའི་ཕྱིར་བཀའ་སྩལ་པ་སྦྱོར་བར་བྱའོ། །སྔགས་ཀུན་ནི་དཀོན་མཆོག་གསུམ་ལ་སོགས་པ་དང་། ཡེ་ཤེས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། རྡོ་རྗེ་ཅན་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་རྣམས་བསྲུང་བའི་ཕྱིར་ནི་གདུག་པའི་གནོད་པ་བསྲུང་བར་བྱ་བའི་

ཕྱིར། རྡོ་རྗེ་ཐམས་ཅད་ནི་སྒྲུབ་པ་པོ་རྣམས་ཀྱི་ཆོ་ག་དེ་བྱ་བ་ཡིན་ཏེ་ཉེ་བར་བསྡུ་བའོ། །སྦྱོར་བ་ནི་སྔ་མ་བཞིན་དུ་བསྒོམ་པར་བྱ་བ་སྟེ། བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པས་ཀྱང་མངོན་སྤྱོད་བཤད་པར་བྱ་བའི་ཕྱིར། ནམ་མཁའ་རྡོ་རྗེ་དབུས་གནས་པ། །ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། ནམ་མཁའ་རྡོ་རྗེ་ནི་སྙིང་ག་དང་ལྐོག་མ་དང་སྤྱི་བོ་རྣམས་ཏེ། དེའི་དབུས་སུ་གནས་པའི་ཆོས་ནི་ཡི་གེ་ཨཱཿདང་། སྣང་མཛད་ནི་ཡི་གེ་ཨོཾ་དང་། སྐུ་མཆོག་ནི་ལུས་ངག་ཡིད་དག་སྟེ། དེ་དག་གང་ལས་བྱུང་བ་དེ་ནི་སྐུ་མཆོག་ལས་བྱུང་བ་སྟེ། ཐུགས་ཀྱི་

ངོ་བོ་ཡི་གེ་ཧཱུཾ་བསམས་པ་ནི་བཀོད་ལ། སྐུ་གསུམ་དམ་ཚིག་ནི་གདུག་པ་རྣམས་ཀྱི་ལུས་ངག་ཡིད་དེ། དེ་རྣམས་ཀྱི་ཡི་གེ་གསུམ་པོ་དེ་ཉིད་གང་ན་ནི་གཞི་རུ་བརྟག་པ་ནི་བསྒོམ་པར་བྱའོ། །དེའི་རྗེས་ལ་མཁའ་དབྱིངས་ནི་ཡི་གེ་ཧཱུཾ། སངས་རྒྱས་ཐམས་ཅད་ནི་ཡི་གེ་ཨོཾ་དང་ཨཱཿདག་གིས་

ཡོངས་སུ་གང་བ་ནི་གཅིག་ཏུ་གྱུར་པར་བསམས་ལ། ཡི་གེ་ཧཱུཾ་དེ་ཡང་རང་སྔགས་ནི་མི་བསྐྱོད་པ་ཡིན་ལ། དེ་ཡི་གེའི་གནས་ན་ས་བོན་གྱི་ཡི་གེ་སྟེ་ཐུགས་ཀྱི་རྣམ་པ་ནི་དེ་ཉིད་རིམ་གྱིས་འོད་གསལ་བ་ལ་ཐིམ་པར་བསྒོམ་པར་བྱའོ། །དེའི་འོག་ཏུ་སེམས་ཙམ་ནི་འགྲོ་བ་འདི་སྟོང་པ་ཉིད་ཀྱི་

เล่ม ๒๙ · หน้า 185b

རང་བཞིན་ནོ་ཞེས་ཏིང་ངེ་འཛིན་གྱིས་སངས་རྒྱས་རྣམས་ནི་དུས་གསུམ་གྱི་སེམས་ཅན་རྣམས་བསྒོམ་པར་བྱའོ། །ཐུགས་ཀྱི་རྡོ་རྗེ་ནི་འོད་གསལ་བའི་ངོ་བོའི་འགྲོ་བ་འདི་ཡིན་ནོ་ཞེས་བསམས་ནས། དེའི་ཕྱིར་སྐུ་གསུམ་ནི་སྣང་བ་ལ་སོགས་པའི་བདག་ཉིད་ཀྱི་འོད་གསལ་བ་ལ་འཛུད་པ་ནི་ཁ་

སྦྱོར་བྱའོ། །དེ་ནི་འདི་བཤད་པ་ཡིན་ཏེ། སྤྱི་བོ་ལ་སོགས་པར་དགོད་པའི་ཡེ་ཤེས་གསུམ་གྱི་ཐིག་ལེ་རྣམས་ལ། རིམ་པ་ཇི་ལྟ་བ་བཞིན་དུ་གདུག་པ་རྣམས་ཀྱི་ལུས་ངག་ཡིད་ཞུགས་ལ། དེ་རྣམས་ཀྱང་ཕན་ཚུན་དུ་རྗེས་སུ་ཐིམ་པས་འགྲོ་བ་དང་འོད་གསལ་བར་བལྟས་པས་

ཐམས་ཅད་མི་སྣང་བར་བྱ་བ་སྟེ། རྫོགས་པའི་རིམ་པའོ། །རྡོ་རྗེ་རིན་པོ་ཆེ་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཉེ་བར་བསྡུས་པ་ཐོབ་པ་གང་ཞིག་རབ་ཏུ་སྣང་བར་ནི་འོད་གསལ་བ་སྟེ། །དེ་བྱེད་པ་ནི་མངོན་དུ་རྫོགས་པར་བྱེད་པས་ན་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །མངོན་སྤྱོད་བསྟན་

ནས་རེངས་པ་བཤད་པར་བྱ་སྟེ། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོ་རྣལ་འབྱོར་པས་རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ། རྣམ་པའི་མཆོག་རྣམས་ཀུན་ལྡན་པ་ནི་མཚན་ལ་སོགས་པས་བརྒྱན་པར་བསམས་ལ། ཆུ་ནི་རྒྱ་མཚོ་

ལ་སོགས་པའི་སྟེང་དུ། སངས་རྒྱས་ནི་སྣང་བའི་ངོ་བོ་ཉི་མའི་དཀྱིལ་འཁོར་བདུན་ཏེ། རིམ་པ་ནི་མཆོག་བཞི་ལ་བཞི་དང་། སྟེང་དང་འོག་ཏུ་གཉིས་དང་དཀྱིལ་དུ་གཅིག་བཞག་ལ། དེའི་འོད་ཟེར་རྣམས་ཀྱིས་བཀབ་པའི་ཆུའི་སྟེང་དུ་འཆག་པ་ནི་འགྲོ་བར་བྱའོ། །རྐང་པ་

མཉམ་པ་ནི་ཆུ་ལ་བཞག་པའི་རྐང་པ་མཉམ་པ་དག་གིས། སྤྱི་བོ་ནི་ཆུའི་སྟེང་དུ་རྐང་པ་བསྒོམ་པ་ནི་དེ་དག་གིས་འགྲོ་བར་འགྱུར་རོ། །ངོ་བོ་ཉིད་དག་པ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་དང་སྦྱར་རོ། །རྡོ་རྗེ་རྒྱ་མཚོ་ནི་གཏིང་མེད་པའི་རྒྱ་མཚོ་སྟེ། དེ་ཉིད་རྐང་པ་དག་གིས་གནོན་

པ་ནི་རྒལ་བ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཡང་ན་རང་གི་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ལ། སངས་རྒྱས་ནི་རླུང་བཅུ་སྟེ་དེ་རྣམས་རིམ་པར་དགོད་པ་ནི་འཇུག་པ་ལ་སོགས་པའི་རིམ་པས་མཉམ་པར་བྱས་ལ། ཆུ་ནི་བེམས་པོ་སྟེ་རླུང་གི་འཁོར་ལོའི་སྟེང་

เล่ม ๒๙ · หน้า 186a

དུ་འཆག་པ་ནི་རླུང་གི་འཁོར་ལོ་ལས་རྒྱལ་བར་བྱའོ། །རྐང་པ་མཉམ་པ་ནི་སྲོག་དང་རྩོལ་བ་སྟེ། དེ་དག་གི་སྦྱོར་བ་ནི་མ་ནིང་གི་བཟླས་པས་སྤྱི་བོ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་འོད་གསལ་བ་ལ། རྐང་པ་བསྒོམ་པ་ནི། རླུང་རྣམས་ཞུགས་པར་བྱའོ། །བཅོམ་

ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་རྒྱ་མཚོ་ནི་རླུང་རྣམས་ཏེ། དེ་དག་རྐང་པས་གནོན་པ་ནི་མ་ནིང་གི་བཟླས་པས་མི་སྣང་བར་བྱེད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །ངག་རེངས་པ་བཤད་པར་བྱ་བའི་

ཕྱིར། དབང་ཆེན་དཀྱིལ་འཁོར་བསྒོམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དངོས་པོ་དང་བསྒྲུབ་བྱའི་ལྕེ་ལ་གྲུ་བཞི་པ་དང་སེར་པོའི་དབང་ཆེན་གྱི་དཀྱིལ་འཁོར་ཏེ་སའི་དཀྱིལ་འཁོར་བཀོད་ལ། དབུས་སུ་ཞེས་པ་ནི་ལྕེའི་དཀྱིལ་དུ་ཁྲོ་བོ་ནི་ཡི་གེ་ཧཱུཾ་བཀོད་ཅིང་།

སྤྱི་བོ་ནི་ལྕེ་རྩར། ལས་ཀྱི་རྡོ་རྗེ་རྐང་པ་ནི། རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བའི་མ་ནིང་གི་ཡི་གེ་བཞི་ནག་པོ་དང་། ཞགས་པ་དང་ལྕགས་ཀྱུ་འཛིན་པར་བསམས་ལ། དེ་རྣམས་ཀྱི་འོག་ཏུ་ལྐོག་མའི་ཁྲོན་པར་ལྕེ་དེ་ཉིད་འདྲེན་པར་བསམ་པར་བྱའོ། །དེ་ནས་རྩོད་པའི་དུས་སུ་དེ་རྣམས་ཀྱིས་ཅི་

ཡང་སྨྲ་བར་མི་ནུས་ཏེ་ལྕེ་མེད་པའི་ཕྱིར་རོ། །མུ་སྟེགས་ཐམས་ཅད་ནི་གྲངས་ཅན་ལ་སོགས་པའོ། །དེ་ཉིད་ཕས་ཀྱི་རྒོལ་བ་སྟེ་དེ་རྣམས་ཀྱི་འཁྲུལ་འཁོར་ནི་འཇིགས་པའི་ས་བོན་རྣམས་ཀྱིས་གནོན་པ་ནི། ངག་རེངས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་

སྟེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་གསུམ་མཆོག་ཁྲོ་བོའི་ཚུལ། །ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོའི་ཚུལ་ནི་རིགས་ཀྱི་རི་བོ་བརྒྱད་བསམས་ལ། དབུས་སུ་གེ་སར་སེར་པོ་དང་འདྲ་བའི་རིའི་རྒྱལ་པོ་ནི་གསེར་གྱི་རི་བོ་བསྒོམས་ཤིང་། དེ་རྣམས་ཀྱང་ཡི་གེ་ཧཱུཾ་ལས་བྱུང་བར་

བསམས་ནས། སྤྱི་བོ་ནི་རྒྱལ་པོ་ལ་སོགས་པའི་དཔུང་གི་སྤྱི་བོར་མནན་པས་ན་དེའི་ཚེ་སངས་རྒྱས་དཔུང་ཡང་གནོན་བྱེད་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དཔུང་ཐམས་ཅད་ནི་རྒྱལ་པོ་ལ་སོགས་པའི་དཔུང་རྣམས་ཏེ། དེ་རྣམས་གནོན་པའི་

เล่ม ๒๙ · หน้า 186b

ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཡུལ་བཤད་པར་བྱ་སྟེ། དགྲ་བོ་སྐྲག་པའི་དུས་སུ་བསམ་གཏན་འདི་ནི་གནོན་པའི་སྦྱོར་བ་རབ་ཏུ་བརྟག་པ་ནི་བསམ་པར་བྱའོ། །སྦྱོར་བ་འདི་ཉིད་གལ་ཏེ་སངས་རྒྱས་ཀྱིས་ཀྱང་འདས་པ་ན་དེའི་ཚེ་དེ་ཡང་འགག་པ་ནི་འཇིག་པར་འགྱུར་

ཏེ། དེ་ཡང་གནོན་པར་འགྱུར་རོ་ཞེས་སྟོན་ཏེ་བསྐྱེད་པའི་རིམ་པའོ། །ད་ནི་ཕུར་བུ་བརྡེག་པ་བཤད་པར་བྱ་སྟེ། ཧཱུཾ་ལས་ཕུར་བུར་བསམས་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་བྱའི་སྙིང་གར་ཧཱུཾ་ལས་བྱུང་བའི་རྩེ་ལྔ་པ། ཕུར་བུ་ནི་རྡོ་རྗེ་ཕུར་བུ་བཀོད་ལ། དེའི་རྗེས་ལ་

རྡོ་རྗེ་ནི། བདུད་རྩི་འཁྱིལ་པ་ལ་སོགས་པ་གང་ཡང་རུང་བ་སྟེ། སྙིང་ག་ནི་ཕུར་བུ་དེ་ཉིད་ཀྱི་སྟེང་དུ་གནས་ཤིང་རྡོ་རྗེ་ཐོ་བས་བརྡུང་བར་བསམས་ན། སངས་རྒྱས་དཔུང་ཡང་འཇིག་པར་འགྱུར་རོ་ཞེས་ཕུལ་དུ་བྱུང་བའི་ཚིག་གོ། །དགྲ་བོ་རྣམས་རྨོངས་པ་ནི། རྨོངས་པར་

བྱེད་པ་སྟེ་དེ་ཉིད་གནོན་པ་ཡིན་ཏེ། དེའི་དོན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བསྟན་ཏེ། བསྐྱེད་པའི་རིམ་པའོ། །དེ་ནི་ཞི་བ་ཆེན་པོ་བཤད་པར་བྱ་བའི་ཕྱིར། གྲོང་ངམ་ཡང་ན་གྲོང་ཁྱེར་རམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོང་ཁྱེར་ནི་རྒྱལ་པོའི་གནས་དང་།

གྲོང་ནི་ཡུལ་གྱི་ཕྱོགས་གཅིག་དང་། ལྗོངས་ནི་གྲོང་གི་ཚོགས་སུ་འོག་ནས་བཤད་པར་གྱུར་པའི་ཏིང་ངེ་འཛིན། རབ་འབྱོར་བ་ནི་བྱ་བ་ཡིན་ན་དེའི་ཚེ་ནད་ཐམས་ཅད་སྤོང་བར་བྱེད་པའི་ཞི་བ་འབྱུང་བར་འགྱུར་རོ། །རེ་ཞིག་དང་པོར་གྲོང་ལ་སོགས་པ་ལས་ཇི་སྲིད་ནམ་མཁའི་བར་

དུ་དེའི་ཚད་དང་ལྡན་པའི་ཡི་གེ་གསུམ་ལས་བྱུང་བ་དཀར་པོ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རྩེ་ལྔ་པའི་རྡོ་རྗེ་ཆེན་པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམས་ལ། རྡོ་རྗེ་དེ་ཉིད་བསྐལ་པའི་མེ་འབར་བའི་ཚོགས་དང་འདྲ་བའི་འོད་ཟེར་གྱིས་ཕྱོགས་བཅུ་ལ་གནས་

པའི་བགེགས་ཀྱི་ཚོགས་བསྲེགས་པར་བསྒོམས་ལ། འོད་ཟེར་དེ་རྣམས་དེ་ཉིད་དུ་ཉེ་བར་བསྡུས་ནས་དེ་ཉིད་དུ་ཐིམ་པར་བྱ་སྟེ། བགེགས་བསྐྲད་པའི་ཆོ་གའོ། །དེའི་འོག་ཏུ་འོ་མའི་རྒྱ་མཚོ་དང་འདྲ་བའི་འོད་ཟེར་གྱི་ཚོགས་སྤྲོས་ལ། རིན་ཆེན་ཡིད་བཞིན་ནོར་བུ་གང་ལ་

เล่ม ๒๙ · หน้า 187a

ཡོད་པ་དེ་ནི་རིན་ཆེན་ཡིད་བཞིན་གྱི་ནོར་བུ་སྟེ། འོ་མའི་རྒྱ་མཚོ་དང་འདྲ་བའི་འོད་ཟེར་གྱི་ཚོགས་དེ་དག་གིས། ཆོས་ཀྱི་སྤྲིན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གྲོང་ལ་སོགས་པར་གནས་པའི་སེམས་ཅན་དེ་རྣམས་ལ། དབང་བསྐུར་བ་ནི་འོད་ཟེར་

འབབ་པར་བྱའོ། །དེའི་ཚེ་དེ་མ་ཐག་ཏུ་ཆར་འབེབས་པ་སྟེ་ཞི་བའི་རྟགས་སོ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་ལ། བརྟན་པའི་ཏིང་ངེ་འཛིན་འདིས་དགང་དཀའ་བ་ནི་ལུས་ཕྲ་བའི་ནད་པ་རྣམས་རབ་ཏུ་འགེངས་པ་ནི་ཚིམ་པར་འགྱུར་རོ། །ནད་པ་དེ་རྣམས་ཡིད་

བཞིན་གྱི་ནོར་བུ་ནི་དེ་དང་འདྲ་བའི་མདངས་དང་ལྡན་པ་དང་། དཔལ་ལྡན་ནི་རྒྱས་པར་འགྱུར་བ་དང་། སྦྱིན་པའི་རྡོ་རྗེ་སྦྱིན་པ་གཏོང་བས་སྒོམ་བྱེད་པ་ནི་གྲགས་པ་ཡང་ཐོབ་པར་འགྱུར་རོ། །དེའི་རྗེས་ལ་ས་ཉིད་དུ་སངས་རྒྱས་སྤྲིན་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དང་། ཆོས་ཆེན་ནི་

གསུང་གི་རིགས་ཅན་དང་། རྡོ་རྗེ་སེམས་དཔའ་ནི་ཐུགས་ཀྱི་རིགས་ཅན་རྣམས་ཏེ། དེ་དག་སྤྲོས་ན་བསྐལ་པ་གསུམ་གྱི་བར་དུ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་། བྱིན་གྱིས་རློབ་པ་ནི་གནས་པར་འགྱུར་རོ། །བསམ་གཏན་འདི་ཡང་སངས་རྒྱས་ཐམས་ཅད་ནི་ནད་ཐམས་ཅད་

ཀྱི་སྐུ་ནི་ནད་ཀྱིས་ནོན་པའི་ལུས་པོ། སྐྱོན་མེད་པ་ནི་ནད་མེད་པར་འགྱུར་རོ། །སྦས་པའི་ཕྱིར་གསང་བའོ། །ནད་ཐམས་ཅད་ནི་ཚ་བའི་ནད་ལ་སོགས་པ་སྟེ། དེ་རྣམས་མེད་པར་བྱེད་པ་ནི་ཞི་བ་སྟེ། དེ་ཉིད་རྡོ་རྗེ་ནི་ཇི་སྲིད་བསྐལ་པའི་བར་དུ་གནས་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་

དེ་ནི་དེ་བཞིན་དུ་བཤད་པའོ། །གཞན་ཡང་གནས་བསྲུང་བར་བྱ་བའི་ཕྱིར་ཕུར་བུ་འདེབས་པ་བཤད་པར་བྱ་སྟེ། བསམ་གཏན་ལས་བྱུང་མཉམ་བཞག་པ། །ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ལས་བྱུང་བའི་ཕུར་བུས་གནས་གང་དུ་ཞེས་པ་ནི། ལྷ་ཁང་ལ་སོགས་པས་

མཉམ་པར་གཞག་པ་ནི་ཏིང་ངེ་འཛིན་རྣལ་འབྱོར་པས་བརྩམས་ན། དེའི་ཚེ་བསམ་གཏན་སྦྱོར་བ་དེ་ཉིད་ཀྱིས། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི་གནས་དེ་བྱིན་གྱིས་རློབ་པར་འགྱུར་རོ། དེ་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །

เล่ม ๒๙ · หน้า 187b

ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་རྡོ་རྗེ་ཕུར་བུ་སྟོད་ནི་དེའི་རྣམ་པ་དང་། སྨད་ནི་རྡོ་རྗེ་རྩེའི་རྣམ་པ་སྟེ། དེ་ཉིད་བསྒོམས་ལ་ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོར། མེ་སྟག་འབར་བ་ནི་འབར་བའི་མེ་སྟག་དང་ལྡན་པར་བཏབ་ཅིང་ཏིང་ངེ་འཛིན་བྱ་སྟེ།

དཀྱིལ་འཁོར་བརྩམས་པ་ལ་ཡང་ཆོ་ག་དེ་ཉིད་བྱའོ། །འགྲོ་བའི་ཚེར་མ་ནི་བརྒྱ་བྱིན་ལ་སོགས་པ་སྟེ། དེ་རྣམས་འདུལ་བ་ནི་ཁྲོ་བོའི་རྒྱལ་པོ་རྣམས་སོ། །ཞི་བ་ནི་དེ་རྣམས་ཀྱིས་བྱས་པའི་གནས་བསྲུང་བ་སྟེ། དེ་ཉིད་མི་གཡོ་བའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་

བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་རིམ་པ་གཞན་གྱི་ཞི་བ་ལ་སོགས་པ་བཤད་པའི་ཕྱིར། ཞི་བའི་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་ནི་ལུས་ངག་ཡིད་ཀྱི་རང་བཞིན་རྩ་བདུན་ཁྲི་ཉིས་སྟོང་དང་ལྡན་པའི་ལུས་ཏེ། དེའི་དབྱིངས་

ནི་སྨིན་མའི་བར་དུ་ཞི་བའི་དཀྱིལ་འཁོར་ནི། ཨཱ་ལིའི་སྡེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་བསྒོམ་ཞིང་། རང་གི་ཐུགས་ཀར་ནི་རྣམ་པར་སྣང་མཛད་དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་འདོད་པ་ནི་

བསྒྲུབ་བྱ་བཀོད་ལ། ནམ་མཁའི་དབྱིངས་ཀྱང་སྤྱན་ལ་སོགས་པའི་མཆོག་ནི། རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཀྱིས་གདབ་པར་བསམས་ཤིང་བསྡུས་ནས། འོད་ཀྱི་གོང་བུ་ནི་འོད་ཀྱི་ངོ་བོས་ནད་པ་དེའི་སྤྱི་བོ་ལ་དབབ་པར་བྱའོ། །དེའི་རྗེས་ལ་སྨིན་མའི་བར་ནས་ནད་པ་

སྤྲོས་ལ། བ་སྤུའི་བུ་ག་ནས་སངས་རྒྱས་ནི། སྔར་ཉེ་བར་བསྡུས་པའི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དེ་རྣམས་སྤྲོས་ཏེ། དེ་རྣམས་ཀྱང་བདུད་རྩིས་གང་བའི་བུམ་པ་རྣམས་ཀྱིས་ནད་པ་དེ་ལ་དབང་བསྐུར་བ་སྟེར་བར་བསྒོམ་པར་བྱའོ། །དེའི་འོག་ཏུ་ནད་པ་དེ་ཉིད་རྡོ་རྗེ་འདྲ་བ་ནི་

བརྟན་པའི་ལུས་དང་འདྲ་བ་དང་། དཔལ་ལྡན་ནི་སྐད་ཅིག་མ་གཅིག་གིས་ནད་མེད་པར་འགྱུར་རོ། །སངས་རྒྱས་དམ་ཚིག་ནི་རྣམ་པར་སྣང་མཛད་དེ། དེའི་བཀོད་པ་ནི་དེའི་འཁོར་གྱིས་དབང་བསྐུར་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཟླ་བའི་དཀྱིལ་འཁོར་

เล่ม ๒๙ · หน้า 188a

དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་དང་ཟླ་བ་ནི་ཟླ་བ་སྟེ་གསང་བའི་གནས་དང་ལྐོག་མ་དག་གོ། །དེ་དག་གི་དབུས་སུ་གནས་པའི་གསང་ཆེན་ནི་ཡི་གེ་ལཾ་ལས་བྱུང་བ་གྲུ་བཞི་པ་དང་། དཀྱིལ་འཁོར་དམ་པ་ནི་འོད་འབར་བའི་མེའི་དཀྱིལ་འཁོར་གྲུ་

གསུམ་པ་བསྒོམས་ལ། དེ་དག་གི་དཀྱིལ་དུ་རིན་ཆེན་འབྱུང་ལྡན་དང་། ཆོས་འཛིན་པ་ནི་སྣང་བ་མཐའ་ཡས་བསྒོམ་ཞིང་དེ་དག་གི་སྙིང་ག་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་འདོད་པ་ནི་བསྒྲུབ་བྱ་སྟེ་དེ་བཞག་ལ། སྔ་མ་བཞིན་དུ་ནམ་མཁའི་དབྱིངས་ཀྱང་ཉམས་དགའ་བ་

ནི་མཱ་མ་ཀཱི་གཙོ་བོར་གྱུར་པའི་རིན་ཆེན་རིགས་ཅན་དང་། དཀར་མོ་ནི་པདྨའི་རིགས་ཅན་རྣམས་ཀྱིས་བསམས་ཤིང་བསྡུས་ལ། རིན་ཆེན་འོད་དང་ཡིད་བཞིན་ནོར་བུ་ནི་པདྨ་རཱ་ག་སྟེ། དེ་དང་འདྲ་བའི་དེ་རྣམས་ཀྱིས་འདོད་པ་ནི་བསྒྲུབ་བྱའི་ལུས་ངག་ཡིད་ཚིམ་པར་བྱས་ལ་སླར་

ཡང་ཕྱི་རོལ་དུ་སྤྲོས་ཏེ། རིན་ཆེན་ནི་རིན་པོ་ཆེའི་རིགས་དང་། སྤྲིན་ནི་པདྨའི་རིགས་ཏེ་དེ་རྣམས། བརྟུལ་ཞུགས་ཅན་ནི་རྣལ་འབྱོར་པས་ཕྱི་རོལ་དུ་སྤྲོས་ཏེ། ཆོས་ནི་པདྨའི་རིགས་ཅན་དང་། སྤྲིན་ནི་རིན་ཆེན་གྱི་རིགས་རྣམས་ཀྱིས་སྔ་མ་བཞིན་དུ་དབང་བསྐུར་ན་རྒྱས་པ་དང་

དབང་གི་ལས་འགྲུབ་པར་འགྱུར་རོ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསམ་གཏན་ནི་འདས་མ་ཐག་ཏུ་བཤད་པ་བསྟན་པའི་ཏིང་ངེ་འཛིན་གྱིས། དགང་དཀའ་ནི་སྐྱེས་བུ་དབུལ་པོ་ཁེངས་པ་ནི་རྒྱས་པར་བྱའོ། །དེ་བཞིན་དུ་པདྨའི་རིགས་

ཀྱི་ཏིང་ངེ་འཛིན་གྱིས་ཀྱང་བསྒྲུབ་བྱ་ཡིད་བཞིན་ནོར་བུས་ནི་སྒྲུབ་པ་པོ་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་པ་དང་། དཔལ་ནི་ཕུན་སུམ་ཚོགས་པ་སྟེ། དེ་བཏང་པས་ན་དཔལ་ལྡན་ནོ། །དེ་བཞིན་དུ་སྦྱིན་པའི་རྡོ་རྗེ་ནི་རྒྱུན་མ་ཆད་པར་གཏོང་བས་སྒྲུབ་པ་པོ་སྒྲུབ་པ་ནི་དགའ་བར་བྱེད་

པས་ན་སྦྱིན་པའི་རྡོ་རྗེ་སྒྲུབ་པའོ། །ཆོས་ནི་སྣང་བ་མཐའ་ཡས་དང་། དམ་ཚིག་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་དག་གི་སྤྲིན་ནི་རིགས་ཅན་རྣམས་ཏེ། དེ་དག་གིས་བྱས་པའི་བཀོད་པ་སྟེ་དབང་བསྐུར་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ནམ་མཁའི་དབྱིངས་

เล่ม ๒๙ · หน้า 188b

ཀྱི་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་དང་ནམ་མཁའ་དབྱིངས་ནི། ནམ་མཁའི་དབྱིངས་ཏེ་སྙིང་ག་དང་ལྟེ་བ་དག་གོ། །དེ་དག་ནི་དབུས་སུ་གནས་པའི་རྡོ་རྗེ་དཀྱིལ་འཁོར་ནི་ཡི་གེ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དང་ཟླ་གམ་ནི་ཡི་གེ་ཡཾ་

ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བསམས་ཏེ། དེ་དག་གི་སྟེང་དུ་ཡི་གེ་སུཾ་ལས་བྱུང་བའི་རྡོ་རྗེ་ནམ་མཁའ་ནི་མི་བསྐྱོད་པ་དང་། ཆོས་མཆོག་ནི་དོན་ཡོད་གྲུབ་པ་སྟེ། དེ་དག་གི་གཟུགས་ནི་སྐུ་གཉིས་བསམས་ལ། དེ་དག་གི་སྙིང་ག་ནི་ཡེ་ཤེས་སེམས་དཔའི་

སྙིང་གར་འདོད་པ་ནི་བསྒྲུབ་བྱ་བཞག་ལ། དེའི་རྗེས་ལ་ཐུགས་དང་དམ་ཚིག་གི་རིགས་ཅན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནམ་མཁའ་གང་བར་བསྒོམས་ཤིང་འོད་ཟེར་རྣམ་པ་ལྔ་སྤྲོས་པ་དེ་རྣམས་བཀུག་ལ་བསྒྲུབ་བྱ་དེ་ལ་རིགས་དང་མཐུན་པའི་གཟི་བརྗིད་

ཀྱི་ཚོགས་འབབ་ཅིང་སླར་ཡང་བསྒྲུབ་བྱ་དེ་དང་དེ་རྣམས་སྤྲོས་ཏེ་དེ་རྣམས་ཀྱིས་དབང་བསྐུར་ན། རང་དང་མཐུན་པའི་ལས་དག་འགྲུབ་པར་འགྱུར་རོ། །དེ་ནི་ཞེས་པ་གང་ཞིག་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པ་དེ་ནི་དེ་མ་ཐག་ཏུ་སངས་རྒྱས་ཀུན་ནི་མི་བསྐྱོད་པའི་

སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་འཇམ་དཔལ་ནི་ཐུགས་རྡོ་རྗེ་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་སྟེ། དེ་དང་འདྲ་བར་གྱུར་པ་དང་ལས་གནས་ནི་བསྟན་བཅོས་རྣམས་དང་སྡེབ་སྦྱོར་ཏེ། དེ་དག་བྱེད་པས་ན་ལས་གནས་བྱེད་པ་སྟེ་ངག་གི་དབང་ཕྱུག་ཉིད་

དུ་འགྱུར་རོ། །དགྱེས་པའི་བདག་ཉིད་ནི་རྟག་ཏུ་དགྱེས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གིས་དེ་ལ་དབང་བསྐུར་བར་མཛད་པའོ། །དེ་བཞིན་གཤེགས་པ་ཇི་ལྟ་བུ་ཞེ་ན། དགའ་སྟོན་ཆེ་ནི་སངས་རྒྱས་ཀྱི་འབྲས་བུ་གསོལ་བ་ལ་ཤིན་ཏུ་དགྱེས་པའོ་ཞེས་སྟོན་ཏོ། །

དེ་བཞིན་དུ་གང་ཞིག་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས་འགུགས་པ་དེ་ཡང་དབང་དུ་གྱུར་པར་འགྲོ་བ་ཐམས་ཅད་ནི་རང་གི་ལུས། དབང་དུ་གྱུར་པ་ནི་དེའི་མདུན་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་བལྟས་ཙམ་ཞེས་པ་ནི་ལུས་སྣང་བ་ཙམ་གྱིས་བསྐུལ་བ་ནི་འཇིགས་

เล่ม ๒๙ · หน้า 189a

པར་འགྱུར་ཞིང་རྣལ་འབྱོར་པའི་བཀའ་ཡང་བྱེད་དོ་ཞེས་སྟོན་ཏོ། །རིན་པོ་ཆེ་ནི་ཐུགས་ཀྱི་རིན་པོ་ཆེའི་རང་བཞིན་གྱིས་མི་བསྐྱོད་པ་དང་། དམ་ཚིག་གི་རིགས་ཡིན་པའི་ཕྱིར། དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་དག་གི་བཀོད་པ་ནི་དེའི་རིགས་ཅན་

གྱི་ལྷའི་འཁོར་ལོ་སྤྲོ་བས་དབང་བསྐུར་བ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་དབྱེ་བ་གཞན་གྱི་མངོན་སྤྱོད་བཤད་པའི་ཕྱིར། ནམ་མཁའ་རྡོ་རྗེ་སྲིན་པོ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རེ་ཞིག་དང་པོར་

རྣལ་འབྱོར་པས་ཁྲོ་བོའི་རྒྱལ་པོ་བཅུ་ལས་གང་ཡང་རུང་བའི་ཏིང་ངེ་འཛིན་མངོན་དུ་བྱས་ལ་ནམ་མཁའི་དབྱིངས་ཀྱང་ཡི་གེ་ཧཱུཾ་ལས་བྱུང་བའི་སྲིན་པོ་དང་། ཅེ་སྤྱང་དང་། བྱ་རོག་དང་ཁྱི་ལ་སོགས་པས་གང་བར་བསམས་ལ། སྲིན་པོ་ལ་སོགས་པ་དེ་རྣམས་ཀྱང་སྣ་ཚོགས་ནི་

སྣ་ཚོགས་པའི་གཟུགས་དང་ལྡན་པ་དང་། དྲག་ནི་ལུས་དང་། ཁྲོ་བ་ནི་ངག་དང་། རབ་གཏུམ་ནི་ཡིད་ཀྱིས་ཏེ། དེ་ལྟ་བུ་བསམས་ལ། ཡི་གེ་རཾ་ལས་བྱུང་བ་གྲུ་གསུམ་པ་མེའི་དཀྱིལ་འཁོར་ལ་གནས་པ། དགྲ་བོ་ནི་བསྒྲུབ་བྱ་སྐྲ་གྲོལ་བ་དང་གཅེར་བུ་སྟེ། འོག་དང་

སྟེང་དུ་རྡོ་རྗེའི་རྩེ་ཞུགས་པས་ཁྲག་གི་རྒྱུན་སྐྱུག་པ་དང་། ཧ་ཧའི་སྒྲ་སྒྲོག་པ་དང་མིག་བཟློག་པར་བསྒྲུབ་བྱ་བསམས་ལ། སངས་རྒྱས་ནི་དཀོན་མཆོག་གསུམ་ལ་སོགས་པ་གནོད་པ་འདི་ཡིན་ནོ་ཞེས་ཤེས་ནས་ལས་དེ་ནི་དྲག་པོའི་ལས་ཏེ་སྦྱར་བ་ནི་བྱའོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་གི་

སྒྲས་སྲིན་པོ་ལ་སོགས་པ་འགུགས་ཤིང་ཆེ་གེ་མོ་འདི་ཞེས་བྱ་བ་གདུག་པ་ཁྱེད་རྣམས་ཀྱིས་ཟོ་ཤིག་ཅེས་ཀྱང་བསྐུལ་ན་དེ་རྣམས་འོང་ཞིང་བསྒྲུབ་བྱ་དེ་ཉིད་ཀྱི་རྒྱུ་མ་དང་། རྐང་དང་ཁྲག་ལ་སོགས་པའི་ཁམས་ཉི་ཤུ་རྩ་བཞི་ནི་རང་བཞིན་གྱི་གོང་བུ་ཀུན་དེ་རྣམས་ཀྱིས་ཟ་བར་བསམ་པར་བྱའོ། །

དེ་བཞིན་རྣམ་པ་སྣ་ཚོགས་པའི་མཚོན་ཆ་ཐོགས་པའི་གཞན་མ་མོ་དང་སྲིན་མོ་ལ་སོགས་པས་ཀྱང་དུམ་བུར་གྱུར་པ་ཟ་བར་བསམས་ཏེ། དེའི་ཚེ་དགྲ་རྣམས་འཆི་བ་ནི་ཟད་པར་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དང་། རྡོ་རྗེ་འཛིན་པ་མི་

เล่ม ๒๙ · หน้า 189b

བསྐྱོད་པའི་རྣལ་འབྱོར་པ་དང་། ཡང་གི་སྒྲས་ནི་རིན་ཆེན་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གལ་ཏེ་སྦྱོར་བ་འདི་བསྒོམས་ན་དེའི་ཚེ་ཟླ་བ་ཕྱེད་ཀྱི་བར་རམ་ཟླ་བ་ཕྱེད་རྫོགས་ནས་དགྲ་བོ་འཆི་བར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་ཁྲོ་བོ། །དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །དེ་རྣམས་

ཀྱིས་བྱས་པ་དགོད་པ་ནི་དགྲ་བསད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་དེ་བཞིན་ནོ། །ད་ནི་སྔར་བཤད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཞལ་དང་ཕྱག་ལ་སོགས་པའི་དབྱེ་བ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་བཤད་པར་བྱ་སྟེ། སྟོན་ཀར་སྨིན་པ་ཡིན་པས་ན་

འདམ་བུ་ནི་དཀར་བ་ཡིན་ནོ། །རལ་པས་བཅིངས་པའི་དབུ་རྒྱན་ནི་རལ་པའི་ཚོགས་དབུ་རྒྱན་ཏེ། དེ་འཛིན་པས་ན་རལ་པའི་ཐོར་ཚུགས་འཛིན་པའོ། །དེ་དག་ཐམས་ཅད་ཞལ་གསུམ་དང་ཕྱག་དྲུག་པར་བསྒོམ་པར་བྱའོ། །རྡོ་རྗེས་མཚན་པའི་ཨུཏྤལ་ནི་རྡོ་རྗེ་ཨུཏྤལ་ལོ། །

འདི་ནས་བརྩམས་ཏེ་བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བའི་བར་དུ་ཞལ་དང་ཕྱག་དང་སྐུ་མདོག་གི་དབྱེ་བ་ནི་གོ་སླ་བའོ། །འོན་ཀྱང་ཀུན་གྱི། གཡོན་པའི་ཞལ་ནི་སྔོན་པོ་མིན། །གཡས་ཞལ་དམར་པོ་མ་ཡིན་ཏེ། །དཔལ་ལྡན་གསང་བ་འདུས་པ་འདིར། །བསྒོམ་

པར་མཁས་པ་ཤེས་པར་བྱ། །གཙོ་བོའི་ཕྱག་ནི་གཡས་པ་ལ། །འཁོར་ལོ་རྡོ་རྗེ་མཚོ་སྐྱེས་དང་། །རིན་ཆེན་དང་ནི་རལ་གྲི་དག །གཡོན་གྱི་གཙོ་བོར་དྲིལ་བུ་དང་། །དེ་ལས་གཞན་ཡང་ཀུན་གྱི་ཡིན། །ཁྲོ་བོ་རྣམས་ཀྱི་ཕྱག་གཡོན་ལ། །དྲིལ་བུ་གཞན་ནི་བདག་པོ་

འདྲ། །ཕྱོགས་ལ་གཡས་བརྐྱང་མཚམས་ན་གནས། །སྟེང་དང་འོག་གནས་གཡོན་བརྐྱང་བ། །དེ་བཞིན་གཤེགས་པའི་ཅོད་པན་དུ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ལྷ་མོ་བྱང་ཆུབ་སེམས་དཔའ་དང་། །ཁྲོ་བོ་རྣམས་ཀྱིས་རང་བདག་འདོད། །མགོན་པོ་

རྡོ་རྗེ་སྐྱིལ་ཀྲུང་ཅན། །ལྷ་མོ་སངས་རྒྱས་སྲས་དེ་བཞིན། །སྐུ་ནི་སངས་རྒྱས་ཀུན་གྱིས་བརྒྱན། །སྐུ་མདོག་ལྔ་དང་ལྡན་པར་གྲགས། །ཞེས་བསྡུ་བའི་ཚིགས་སུ་བཅད་པ་རྣམས་སོ། །འདིར་ཡི་གེ་ཧཱུཾ་ཁྲོ་བོ་རྣམས་ཀྱིས་བསྐྱེད་པའི་ས་བོན་དུ་ཤེས་པར་བྱ་སྟེ། གལ་

เล่ม ๒๙ · หน้า 190a

ཏེ་ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པ། དེ་བཞིན་དུ་ཡང་ཡི་གེ་ཧཱུཾ་དང་དེ་དག་སྤེལ་བར་བྱའོ་ཞེས་པ་མན་ངག་གོ། །སེང་གེའི་ལྟ་བའི་རིག་པས་རྗེས་སུ་འཇུག་པར་བྱའོ། །གཟི་བརྗིད་ཕུང་པོ་ནི་གཤིན་རྗེ་གཤེད་དོ། །གཙུག་ཏོར་རྒྱལ་པོ་

ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །གང་གཞན་ནི་བའི་རྣ་བ་ཅན་དང་གླང་བོའི་རྣ་བ་ཅན་ལ་སོགས་པ་དང་། རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཁྲོ་བོའི་ལྷ་མོ་རྣམས་སོ། །སྔགས་ཀྱི་འཁོར་ལོ་ཅན་ནི་རྫུ་འཕྲུལ་ལ་སོགས་པའི་རྒྱུད་ལ་སོགས་པ་ལས་གཙུག་ཏོར་བཅུའོ། །དེ་དག་

ཐམས་ཅད་དམ་ཚིག་ནི་ས་བོན་རྣམས་དང་། ལོངས་སྤྱོད་ནི་དེའི་རིགས་རྣམས་ཀྱིས་སོ་སོ་ཞེས་པ་ནི་དབྱེ་བས་གནས་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། དཔག་ཏུ་མེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྣམས་སེམས་ཅན་གདུལ་བར་བྱ་བའི་ཕྱིར་

བཅོམ་ལྡན་འདས་ཀྱིས་གསུངས་པའོ། །སྔགས་རྣམས་ནི་དཔག་ཏུ་མེད་པ་ནི་ཞི་བ་དང་དྲག་པོ་ལ་སོགས་པའི་དབྱེ་བས་དེ་བཞིན་དུ་གསུངས་པའོ། །དེ་བཞིན་དུ། ཁྲོ་བོ་དག་ནི་རེ་རེ་ཡང་། །ཞེས་པ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་འཁོར་ལོ་ཡང་ནམ་མཁའི་དབྱིངས་

ལས་ཀྱང་ལྷག་པ་ཡིན་ཏེ། སྤྲུལ་པའི་བདག་ཉིད་ཀྱི་ཆེ་བ་བསྟན་ཏོ། །ད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིམ་པ་གཉིས་ཀྱིས་བསྐྱེད་པ་བཤད་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་

ནི་དེ་བཞིན་ཉིད་དོ། །དེའི་དབུས་སུ་གནས་པའི་གསལ་བའི་དཀྱིལ་འཁོར་ནི་ཡི་གེ་གསུམ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དེ་བཞིན་དུ་འབྱུང་བའི་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསལ་ཞིང་ཞེས་བྱ་བ་ལ་སོགས་པས་སྐུ་

མདོག་དང་རྒྱན་དང་ལྡན་པའོ། །མེ་ལོང་ལྟ་བུ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་བསམས་ན། ཚེ་འདི་ཉིད་དུ་སངས་རྒྱས་ཆེ་བའི་བདག་ཉིད་ནི། རྣམ་པར་སྣང་མཛད་ཀྱི་རྫུ་འཕྲུལ་ཐོབ་པར་འགྱུར་རོ་ཞེས་པ་སྟེ། ལྷག་མ་ནི་གོ་སླའོ། །རྣམ་པར་སྣང་མཛད་

เล่ม ๒๙ · หน้า 190b

འབྱུང་བ་ནི་བསྐྱེད་པ་སྟེ། དེ་ཉིད་ཕྱིར་མི་ལྡོག་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའི་དབྱིངས་ནི་འོད་གསལ་བ་སྟེ། དེའི་དབུས་སུ་གནས་པ་ནི་དེ་ལས་ཅིག་ཅར་དུ་གསལ་བའི་དཀྱིལ་འཁོར་ལ་

སོགས་པ་བསམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་ཆོས་འབྱུང་གི་གནས་སུ་རྡོ་རྗེ་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་

སྟེང་དུ་སངས་རྒྱས་གཟུགས་ནི་རྡོ་རྗེ་འཆང་ཆེན་པོ་དང་གཅིག་ཏུ་གྱུར་པ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་བསྒོམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡེ་ཤེས་གནས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྡོ་རྗེ་བདག་ཉིད་ཆེ་བ་ནི་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ཚེ་

འདི་ཉིད་དུ་ཐོབ་པར་འགྱུར་རོ་ཞེས་ཕན་ཡོན་བསྟན་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ནམ་མཁའི་དབྱིངས་ནི་སྣང་བ་ལ་སོགས་པ་རྣམ་པར་དག་པ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དམ་ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་

པ་ལྔ་སྟེ། དེ་རྣམས་འབྱུང་བ་ནི་གང་ལས་བསྐྱེད་པ་དང་། མཛེས་པ་ནི་ནམ་མཁའ་དང་འདྲ་བ་རྡོ་རྗེ་ནི་སྐུ་གང་ལ་ཡོད་པ་དེ་ནི་མི་བསྐྱོད་པ་སྟེ། དེ་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་

པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །ཆོས་ཀྱི་དཀྱིལ་འཁོར་ནི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །ཆོས་ཀྱི་སེམས་དཔའ་ནི་སྣང་བ་མཐའ་ཡས་སོ། །ཆོས་ཀྱི་བདག་ཉིད་ཆེ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའི་རྡོ་རྗེ་ནི་

ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའོ། །དེ་ལས་བྱུང་བའི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་དེ་བཞིན་ཉིད་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་དམ་ཚིག་ནི་རིམ་པ་གཉིས་ཏེ། དེ་ལས་བྱུང་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེ་བཞིན་དུ་བཤད་

เล่ม ๒๙ · หน้า 191a

པ་སྟེ། བདག་ལ་བྱིན་གྱིས་བརླབ་པའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །ཟླ་བའི་དཀྱིལ་འཁོར་ནི་རབ་ཏུ་གྲགས་པའོ། །བུད་མེད་སྒྱུ་མ་ནི་བུད་མེད་ཉིད་དུ་ཡིན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་

ལ་བུད་མེད་དང་སྐྱེས་པའི་དབྱེ་བ་མི་དམིགས་པ་སྟེ། འདུས་བྱས་པའི་ཕྱིར་རམ་བུད་མེད་དང་སྐྱེས་བུ་བཞིན་དུ་དེ་ཁོ་ན་ཉིད་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པ་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཕྱིར། །བུད་མེད་སྒྱུ་མ་བཅོམ་ལྡན་འདས་ཀྱི་སྤྲུལ་པའོ། །

རིན་ཆེན་འཁོར་ལོ་སྟེ་བསྐྱེད་པའི་རིམ་པའོ། །ཡང་ནམ་མཁའ་རྡོ་རྗེ་ནི་སྟོང་པ་གསུམ་མོ། །གཞན་ནི་སྔ་མ་བཞིན་ནོ། །སྤྱན་གྱི་དམ་ཚིག་ནི་ལྷ་མོ་སྤྱན་གྱི་དམ་ཚིག །ལྷ་མོ་སྤྱན་བསྐྱེད་པ་ནི། དེ་ཉིད་ཀྱི་ཕྱག་གི་མཆོག་ནི་ཕྱག་མཚན་དང་པོ་འཁོར་ལོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་

དེ་བཞིན་དུ་བཤད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་དོ། །ཁམས་གསུམ་དག་གིས་ཕྱག་བྱས་པ་ནི་འགུགས་པའི་རང་བཞིན་གྱི་ཕྱིར་རོ། །ནམ་མཁའི་དབྱིངས་ནི་རང་

བཞིན་རྣམ་པར་དག་པའོ། །ཡུལ་ནི་མི་བསྐྱོད་པ་སྟེ། དེ་ལས་འོད་ཟེར་གྱི་སྤྲིན་སྤྲོ་བ་སྟེ། དེ་ཉིད་ཀྱིས་རྡོ་རྗེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དག །ཚིམ་པར་བྱེད་པ་ནི་དགྱེས་པར་བྱེད་པའི་མཱ་མ་ཀཱིའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་

བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་ཡེ་ཤེས་གསུམ་མོ། །རྡོ་རྗེ་ཆོས་མ་ནི་གོས་དཀར་མོའོ། །ཆོས་ཀྱི་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཆོས་ཀྱི་དམ་ཚིག་ནི་སྣང་བ་མཐའ་

ཡས་པ་སྟེ། དེ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ཀུན་དུ་སྟོན་པ་ན་མཚོན་པར་བྱས་པའི་ཕྱིར་རྡོ་རྗེ་ནི་གོས་དཀར་མོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་བདག་ལ་བྱིན་གྱིས་བརླབ་པའི་

เล่ม ๒๙ · หน้า 191b

རིམ་པའོ། །དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་དུས་མཚམས་ལ་སོགས་པ་རྣམ་པར་དག་པའོ། །དངོས་གྲུབ་དཀྱིལ་འཁོར་ནི་དོན་ཡོད་གྲུབ་པའི་གཞིར་གྱུར་པ་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ཏིང་ངེ་འཛིན་ནི་བྱ་བ་ནན་

ཏན་གྲུབ་པའི་ཡེ་ཤེས་སོ། །དམ་ཚིག་སྒྲོལ་མ་ནི་དབང་དང་འགུགས་པ་གཙོ་བོར་གྱུར་པ་ལྷ་མོ་སྒྲོལ་མ་སྟེ། དེ་ཉིད་ལས་ཐམས་ཅད་མཛད་པའི་མཆོག་དང་ལྡན་པ་སྟེ། དེ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་། བདག་ལ་བྱིན་གྱིས་

བརླབ་པའི་རིམ་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་བཞི་པའོ། །སྣང་མཛད་དབུ་རྒྱན་དེའི་རིགས་ཡིན་པའི་ཕྱིར་རོ། །གཤིན་རྗེ་གཤེད་ཀྱི་སྤྲོས་པ་ནི་གཤིན་རྗེ་གཤེད་དེ། དེ་ཉིད་སྣང་བ་བཀོད་པ་ནི་འོད་

གསལ་བའི་རྣམ་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ། ཡང་དག་པའི་མཐའོ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར།

གཞན་གྱིས་མི་ཐུབ་པའི་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་ལས་བཀོད་པ་ནི་ཤེས་རབ་མཐར་བྱེད་སྤྲོ་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་སྟོང་པ་ཉིད་དམ་ཐམས་ཅད་སྟོང་པ་ཉིད་དོ། །དཔག་མེད་

དབུ་རྒྱན་ལ་ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །རྟ་བསྐྱེད་པ་ནི་སྣང་བ་མཐའ་ཡས་ཏེ། དེའི་བཀོད་པ་ནི་རྟ་མགྲིན་ཏེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་དང་པོ་སྦྱོར་བའམ་འོད་གསལ་བའོ། །

མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །མི་འཆི་བའི་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ལས་བྱུང་བའི་དམ་ཚིག་ནི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་སྤྲོས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด