སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་དཱི་པོ་དྱོ་ཏ་ན་ནཱ་མ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๐ · หน้า 84a
ཡིན་པ་སྟེ། དེའི་འོད་ཟེར་ནི་དེ་དང་འདྲ་བར་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྟེ། དེ་རྣམས་གང་དུ་འབྱུང་བའི་ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལ་སོགས་པར་དགོད་པ་བསྟན་ནས། དེ་བཞིན་གཤེགས་
པའི་དགོད་པས་ཀྱང་བསྐྱེད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་དོ། །དེའི་དབུས་སུ་ཆུད་པས་ན་ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྟེ། བསྐྱེད་པའི་རིམ་གྱིས་རྫོགས་པའི་སངས་
རྒྱས་ཀྱི་དཀྱིལ་འཁོར་འོད་བཟང་པོ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུར་བསམ་ཞིང་བདག་ཉིད་བསྒོམ་པར་བྱས་ལ། དེའི་མིག་གི་གནས་སུ་རྡོ་རྗེ་རྣམ་པར་སྣང་མཛད་རབ་ཏུ་བསྒོམས་ལ། སྐུ་གསུམ་ཨོཾ་ནི་རབ་ཏུ་བསྒོམ། །ཞེས་བྱ་བ་ལ། སྐུ་གསུམ་ཨོཾ་ནི་རྡོ་རྗེ་རྣམ་པར་སྣང་མཛད་དོ། །རབ་ཏུ་
བསྒོམ་ཞེས་བྱ་བ་ནི། རིམ་བཞིན་དུ་ཞེས་བྱ་བར་སྦྱར་ཏེ། སྐུ་གསུམ་རྣམ་པར་སྣང་མཛད་ཡིན་ཏེ། དེ་སྐྱེས་པའི་ཡི་གེ་ཨོཾ་ནི་སྐུ་གསུམ་ཨོཾ་སྟེ། དེ་མིག་གི་སྦུབས་སུ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཉིད་མིག་གི་དབང་པོའི་རང་བཞིན་དུ་བསྒོམ་མོ། །རྡོ་རྗེ་གསུམ་ནི་
གཟུགས་རྣམ་པ་གསུམ་སྟེ། མིག་གི་དབང་པོའི་ངོ་བོ་ཉིད་ཀྱིས་མཉམ་པར་དམིགས་པས་ན། རྡོ་རྗེ་དམ་ཚིག་གསུམ་ནི་རྣམ་པར་སྣང་མཛད་དོ། །དེ་མིག་ཏུ་བསྒོམས་ཤིང་རྣམ་པར་བསམས་པས་རྣམ་པར་སྣང་མཛད་དེ། རྡོ་རྗེ་འཆང་ཆེན་པོ་དང་སྔ་མ་བཞིན་དུ་དེ་མཉམ་པར་འགྱུར་རོ། །
དེའི་ཕན་ཡོན་བསྟན་པ་ནི་ལུས་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་བསྒོམ་པའི་སྒྲུབ་པ་པོ་གང་ཡིན་པ། ལུས་ལ་སོགས་པའི་རྡོ་རྗེ་རྣམ་པར་སྣང་མཛད་དང་འདྲ་བའི་འོད་དེ། རྣམ་པར་སྣང་མཛད་དང་གཟི་བརྗིད་འདྲ་ཞིང་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། ཡེ་ཤེས་ཀྱི་ལུས་ཀྱིས་མངོན་པར་བྱང་ཆུབ་
ཅིང་། རྟོགས་པར་འགྱུར་བའི་ཕྱིར་ན་ཡེ་ཤེས་བྱང་ཆུབ་པའོ། །སྐུ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ་། །དེ་སྒྲུབ་པར་བྱེད་པས་ན། སྐུ་གསུམ་མི་ཕྱེད་སྒྲུབ་བྱེད་འགྱུར། །ཞེས་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལུས་དང་ངག་
เล่ม ๓๐ · หน้า 84b
དང་སེམས་ཉིད་ཀྱིས་དམིགས་ཤིང་བཟུང་བས་ན། ལུས་དང་ངག་དང་ཡིད་དམིགས་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེའི་མིག་གི་དབང་པོའི་གནས་ན་གནས་ནས་གཟུགས་རྣམ་པ་གསུམ་ཤེས་ཤིང་མངོན་པར་རྟོགས་པས་ན་མངོན་པར་བྱང་ཆུབ་པའོ། །དེ་ཉིད་མི་ཤིགས་པར་འབྱུང་བས་ན་རྡོ་རྗེ་སྟེ།
དེ་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་དེ་སྟོན་པར་བྱེད་པ་ལ་ནི་ལུས་དང་ངག་དང་ཡིད་དམིགས་པ་མངོན་པར་བྱང་ཆུབ་པའི་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །རྣམ་པར་དབེན་པའི་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་གནས་གསུངས་པ་ཡིན་ཏེ། སྐྱེ་བོ་འདུས་པ་
རྣམ་པར་སྤངས་པས་རྣམ་པར་དབེན་པའི་རིའི་རྩེ་མོ་མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པ་སྟེ། ཀླུང་སྟེ་ཆུ་བོ་འབབ་པ་སྐྱེད་མོས་ཚལ་ལ་སོགས་པ་དང་ཉེ་བའི་ཕྱོགས་རྣམས་དང་། དུར་ཁྲོད་ལ་སོགས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཤིང་གཅིག་པ་དང་། ཁང་སྟོང་དང་།
ལྷའི་ཁང་པ་ལ་སོགས་པ་ཡིད་དང་མཐུན་པའི་གནས་གཞན་དག་ཏུ་ཡང་། བསམ་གཏན་བསྡུས་པ་སྟེ། སའི་སྙིང་པོ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས་སུ་བྱ་བ། བཤད་མ་ཐག་པ་དེ་དག་བསྒོམ་པར་བྱའོ་ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ། །རི་བོ་རྣམ་པར་དབེན་པ་སྟེ། ནུ་མ་དང་རྐེད་པ་རྒྱས་
པ་ལ་སོགས་པ་དང་ལྡན་པའི་བུད་མེད་ཀྱི་རི་བོ་དང་། སྦྲུལ་འཚོང་ལ་སོགས་པ་འགྲོ་བ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་བུད་མེད་ཀྱི་འགྲོ་བའི་ཀླུང་དང་། འབབ་ཆུ་རྣམས་དང་དུར་ཁྲོད་ཅེས་བྱ་བ་དུར་ཁྲོད་དང་འདྲ་བར། འཇིག་རྟེན་པ་རྣམས་ཀྱིས་སྨད་པ་གདོལ་པ་དང་། ཁྲུས་མཁན་
མོ་ལ་སོགས་པའི་བུད་མེད་ཀྱི་འགྲོ་བ་རྣམས་དང་། བསམ་གཏན་བསྡུས་པ་འདི་དག་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །དེ་ལྟར་གནས་ཕུན་སུམ་ཚོགས་པ་བསྟན་ཅིང་། རྣམ་པར་སྣང་མཛད་དགོད་པས་ལྷའི་མིག་བསྒྲུབ་པ་བྱས་ནས། དེ་བཞིན་དུ་བདག་པོ་ལ་སོགས་པ་
དགོད་པས། ལྷའི་རྣ་བ་ལ་སོགས་པ་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར། མི་བསྐྱོད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པའི་ཡེ་ཤེས་སྐྱེད་པའི་ས་བོན་ཡི་གེ་ཨོཾ་དེ་ཡོངས་སུ་གྱུར་པ་ལས་བྱུང་བ་ནི་རྡོ་རྗེ་མི་བསྐྱོད་པ་སྟེ། མི་བསྐྱོད་ཡེ་ཤེས་དག་ལ་སོགས། །ཞེས་པ་ནི།
เล่ม ๓๐ · หน้า 85a
མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་པར་གྲུབ་པ་སྟེ། དེ་རྣམས་སྔ་མ་བཞིན་དུ་རྣ་བའི་སྐྱེ་མཆེད་ལ་སོགས་པ་ལ། འོད་གསལ་བ་ལ་དམིགས་པ་སྔོན་དུ་འགྲོ་བས་བསྒོམས་ལ། མངོན་པར་ཤེས་པ་ལྔ་པོའི་སྦྱོར་བ་ཡིས། །ཞེས་པ་
རྡོ་རྗེ་འཆང་ཆེན་པོའི་སྦྱོར་བས་སའི་སྙིང་པོ་ལ་སོགས་པའི་གནས་སུ་སངས་རྒྱས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱི་བསྒོམ་པ་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོ་ནི་སྒྲུབ་པ་པོའོ། །དེ་རྣམས་ཀྱི་དམ་ཚིག་ཆེན་པོའི་རྡོ་རྗེ་ནི་མི་ཕྱེད་པའི་
དམ་ཚིག་གོ། །དེ་སྟོན་པར་མཁྱེན་པས་དམ་ཚིག་ཆེན་པོའི་རྡོ་རྗེ་མངོན་པར་མཁྱེན་པ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་སྟེ་སྒྲ་ཇི་བཞིན་པའོ། །བསྐྱེད་པའི་རིམ་པས་ས་བོན་རྣམ་པར་དགོད་པ་སྔོན་དུ་འགྲོ་བས། མངོན་པར་ཤེས་པ་ལྔ་བསྒྲུབ་པ་ཉེ་བར་བསྟན་ནས། རྫོགས་
པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་ལྔ་པ་ནི་དབང་པོ་རྣམ་པ་ལྔ་སྟེ་མདུང་ལྟར་ཡུལ་རྣམས་ལ་འབིགས་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། མི་ཤིགས་པར་འབྱུང་བའི་ཕྱིར་རོ། །འབར་བ་ལྔ་ནི་རྣམ་པར་ལྡང་བ་ལ་སོགས་པ་འོད་ཟེར་
རྣམ་པ་ལྔའོ། །དེ་རྣམས་ཀྱིས་བརྒྱན་ཞིང་སྤུད་པ་ནི། སྤྲོ་བ་དང་བསྡུ་བས་བསྐྱེད་པའོ། །གནས་ལྔ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །དེ་རུ་རབ་ཏུ་སྦྱོར་ཞིང་རབ་ཏུ་འབྱུང་བས་རྡོ་རྗེ་མངོན་ཤེས་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། དེ་དང་འདྲ་བར་འགྱུར་བའོ། །མེ་སྟག་མང་པོ་འཁྲུག་པ་ཡི། །
ཞེས་པ་ནི། འོད་ཟེར་ལྔའི་བདག་ཉིད་ཅན་ནོ། །རང་སྔགས་ནི་འཇུག་པ་ལ་སོགས་པའི་རང་བཞིན་ཅན་ཡི་གེ་གསུམ་མོ། །དེ་རྒྱུན་མི་འཆད་པར་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་ཉིན་དང་མཚན་དུ་རབ་ཏུ་བསྐོར་བས་ན་འཁོར་ལོའོ། །རྡོ་རྗེ་ལྔ་ནི་ཁ་དོག་ལྔ་སྟེ། དེ་རྣམས་ཀྱི་སྦྱོར་བས་དྲངས་
པས་རྡོ་རྗེ་མངོན་ཤེས་དང་འདྲ་བར་འགྱུར་རོ། །རྡོ་རྗེ་ནམ་མཁའ་ནི་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེའི་དཀྱིལ་དུ་ཆུད་པ་ནི་གནས་པ་སྟེ། འཁོར་ལོ་ནི་དབང་པོའི་ཚོགས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེས་ཉེ་བར་མཚོན་པའི་འབར་བའི་འོད་ནི་དཀར་
เล่ม ๓๐ · หน้า 85b
པོ་ལ་སོགས་པའི་འོད་ཟེར་ཏེ། འོད་དེ་དང་འདྲ་བ་ནི་དེ་དང་མཉམ་པའི་ཁ་དོག་བསམ་ཞིང་ཤེས་པར་བྱ་བའོ། །སངས་རྒྱས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ནི་འདིར་ཕུང་པོ་ལྔའོ། །འཇུག་པ་ནི་མཉམ་པར་སྦྱོར་བས་སོ། །སངས་རྒྱས་ནི་འདིར་ཕུང་པོ་ལྔའོ། །དེ་རྣམས་ཀྱི་གནས་ནི་
ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་འདྲ་བར་འགྱུར་བའོ། །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གཞན་དག་ཉེ་བར་བསྟན་པའི་ཕྱིར། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་པའི་ཕྱིར་ན་སངས་རྒྱས་ཏེ་གང་ཞིག་རྟོགས་ཤེ་ན། ཤེས་བྱའི་དཀྱིལ་
འཁོར་རོ། །བདག་གི་ལུས་ནི་ཁམས་གསུམ་པའི་ལུས་སུ་ལྷག་པར་མོས་པའོ། །སྣང་མཛད་གཞག་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དུ་བརྟག་པའོ། །སྙིང་གར་ཡི་གེ་ཨོཾ་བསམས་ལ། །ཞེས་བྱ་བ་ནི། ཁམས་གསུམ་པའི་ངོ་བོ་ཉིད་ཀྱི་སྐུ་རྡོ་རྗེའི་ཐུགས་ཀར་ཡི་གེ་ཨོཾ་ཞེས་བྱ་བ། ཡེ་ཤེས་
སེམས་དཔའ་བསམས་ལ་སྔགས་ལ་ཞེས་བྱ་བ་ཡེ་ཤེས་སེམས་དཔའ་ལ། རྣམ་པར་ཤེས་པ་བསྒོམ་པ་ནི་ཐིག་ལེའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་གྱི་སེམས་དཔའ་བསྒོམ་པར་བྱའོ། །དེ་ལྟར་སློབ་པར་བྱེད་པའི་རྣལ་འབྱོར་པས། སེམས་འགོག་པའི་རྡོ་རྗེའི་དབུས་སུ་ཆུད་པས་ཐིག་ལེར་
བསྒོམ་པ་ཡང་སྤངས་ནས། གང་གི་ཚེ་འོད་གསལ་བའི་མཐར་ཐུག་པར་གྱུར་པ་དེའི་ཚེ། རྣལ་འབྱོར་པ་དེ་སངས་རྒྱས་ཀུན་གྱི་མཆོག་རྡོ་རྗེ་འཛིན་པ་ཆེན་པོ་དེ་སྒྲུབ་པར་བྱེད་པས་ན། སངས་རྒྱས་ཐམས་ཅད་ཀྱི་མཆོག་སྒྲུབ་པར་འགྱུར་ཞིང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་
བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་འདྲ་ལ། ཚོགས་གཉིས་དང་ཉེ་བར་ལྡན་པས། དཔལ་ལྡན་ཏེ་དེ་ལྟ་བུར་འགྱུར་བའོ། །དེ་བཞིན་དུ་རང་གི་སེམས་ཁམས་གསུམ་པའི་སེམས་ཀྱི་ངོ་བོ་ཉིད་མི་བསྐྱོད་པར་བསྒོམ་པར་བྱའོ། །དེ་ནས་ཁམས་གསུམ་པའི་དམ་ཚིག་སེམས་དཔའི་སྙིང་གར་ཡི་གེ་
ཧཱུཾ་ཡེ་ཤེས་སེམས་དཔའ་བསྒོམས་ནས། སེམས་ནི་ཐིག་ལེར་གྱུར་པར་གཞག །ཅེས་བྱ་བ། དམ་ཚིག་སེམས་དཔའི་སྙིང་གར་གནས་པའི་ཡེ་ཤེས་སེམས་དཔའ་ཞེས་གྲགས་པ་ལ། རང་གི་སེམས་ཐིག་ལེར་གྱུར་པ་ཏིང་ངེ་འཛིན་གྱི་སེམས་དཔའི་གཟུགས་ཅན་གཞག་གོ། །
เล่ม ๓๐ · หน้า 86a
རང་གི་གསུང་རྡོ་རྗེ་ཡང་སྔ་མ་བཞིན་དུ་ཁམས་གསུམ་པའི་རང་གི་ངོ་བོ་ཉིད་དུ་བསམས་ལ། དེ་ཚེ་དཔག་ཏུ་མེད་པར་རབ་ཏུ་བསྒོམས་ནས། དམ་ཚིག་སེམས་དཔའི་སྙིང་གར་ཡི་གེ་ཨཱཿཡེ་ཤེས་སེམས་དཔའ་བསམས་ཏེ། རྡོ་རྗེ་ཞེས་པ་རང་གི་སེམས་ཏིང་ངེ་འཛིན་
སེམས་དཔར་གཏོགས་པར་གཞག་ཅིང་དགོད་པར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། བཤད་མ་ཐག་པའི་དམ་ཚིག་གསུམ་གྱི་ཕན་ཡོན་ཉེ་བར་སྡུད་པ་ཡིན་ཏེ། དམ་ཚིག་མཆོག་ནི་བསྐྱེད་པའི་རིམ་པ་བསྒོམ་པའོ། །དེའི་མཆོག་ཡིན་པས་ན་དམ་ཚིག་གི་མཆོག་གི་མཆོག་གོ། །
རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་དོ། །དེས་རང་གི་ལུས་དང་ངག་དང་ཡིད་རྡོ་རྗེ་དང་མི་ཕྱེད་པ་ཉིད་དུ་བསྒོམ་པ་ནི། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའོ། །འགོག་པའི་དམ་ཚིག་ནི་འཛིན་པའོ། །གང་གིས་ཤེས་པ་དེ་ནི་འགོག་པའི་དམ་ཚིག་ཡེ་ཤེས་སོ། །སངས་
རྒྱས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་ཐ་མལ་པའི་ལུས་དང་བྲལ་ནས། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ལུས་ཡོངས་སུ་ལེན་པ་སྟེ། དེ་འཐོབ་ཅིང་རྙེད་པར་འགྱུར་བས་ན་སངས་རྒྱས་དངོས་གྲུབ་ཐོབ་འགྱུར་བའོ། །དོན་
འདི་ཉིད་རྣམ་པ་གཞན་གྱིས་གསལ་བར་བྱ་བའི་ཕྱིར། རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནམ་མཁའ་ནི་འོད་གསལ་བའོ། །དེར་འཛིན་པས་ན་ནམ་མཁའི་དབྱིངས་ཏེ། ཁམས་གསུམ་པ་དེར་གནས་པར་བསྒོམ་པར་བྱའོ། །གསལ་བའི་དཀྱིལ་
འཁོར་བསྒོམ་པར་བྱ་བ་ནི། སྐུ་རྡོ་རྗེའོ། །ཁམས་གསུམ་པའི་ལུས་དང་ངག་དང་སེམས་ལ་ཡི་གེ་ཨོཾ་ཡེ་ཤེས་སེམས་དཔའ་བསྒོམས་ཏེ། ཁམས་གསུམ་པའི་ལུས་དང་ངག་དང་སེམས་ཉེ་བར་བཅོམ་ནས། ཡེ་ཤེས་ཀྱི་སྐུ་བསྒོམ་མོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་བསྒོམ་
པས་ཅིར་འགྱུར་ཞེ་ན། བསམས་ན་དེ་ནི་བསྐལ་པར་གནས། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བའི་རྟོག་པ་ཡོངས་སུ་རྫོགས་པར་བྱེད་པས་བསྐལ་པ་སྟེ། དེར་གནས་པ་འཁོར་བ་ཇི་སྲིད་པར་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་ནས། སྐྱེ་བོ་
เล่ม ๓๐ · หน้า 86b
མ་ལུས་པའི་མངོན་པར་འདོད་པའི་དོན་རྫོགས་པར་ནུས་པས་གནས་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཏིང་ངེ་འཛིན་གཉིས་པོ་དག་ཀྱང་བཤད་པ་འདི་ཉིད་ཀྱིས་ཤེས་པར་བྱའོ། །རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་གིས་ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པས་འགྲོ་བའི་དོན་རྟོག་ཅིང་
རྫོགས་པར་བྱེད་པས་ན། རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཡིན་ཏེ། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི་སྟེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་རྣམ་པ་གཉིས་པོ་འདི་ལ། བླ་མ་རྣམས་
ཀྱིས་དབང་བསྐུར་ཞིང་གནང་བ་ཐོབ་པ་ཕྱིན་ཆད་ནས་བརྩམས་ཏེ། འདི་རྣལ་འབྱོར་པ་གང་ཞིག་ཀློག་པ་དང་གཞན་རྣམས་ལ་སྟོན་པ་དང་། སེམས་ཀྱང་རུང་སྟེ་ཞེས་བྱ་བ་སྟེ། གང་རང་ཉིད་སློབ་པ་དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར་ཏེ། སྒོམ་པ་པོ་ཉིད་འབའ་ཞིག་ཏུ་ནི་མ་ཟད་དོ་ཞེས་
བྱ་བར་དགོངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཨོཾ་ལ་སོགས་པ་སྟེ། དེས་བསྐྱེད་པའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ནི་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལས་ཡང་
དག་པར་བྱུང་བའི་སྐྱེས་བུ་ནི་རིག་པའི་སྐྱེས་བུའོ། །དེ་ཉིད་ནི་ཡེ་ཤེས་ཀྱི་དམ་ཚིག་ཡིན་པས་ན་མཆོག་སྟེ། གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་ནི། དེ་ཁོ་ན་ཉིད་ཀྱང་ཡིན་ལ་རིག་པའི་སྐྱེས་བུའི་མཆོག་ཀྱང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རྡོ་རྗེའི་རིག་པའི་སྐྱེས་བུ་མཆོག་གི་ལེའུ་སྟེ་དགོངས་པས་བཤད་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཅིག་པ་མཐའ་དྲུག་གིས་བཤད་པའོ།། །།དེ་ལྟར་ལས་ཀྱི་ལམ་རྣམ་པར་དག་པ་
བསྟན་ནས། རིམ་པ་གཉིས་ཀྱི་ཕྱག་རྒྱ་ཆེན་པོ་ཡོངས་སུ་ཐིམ་པ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་གསུངས་ཏེ། ས་འོག་དང་ས་སྟེང་དང་ས་བླ་བ་རྣམས་ལ་སྟོན་པར་མཛད་པས་ན་སྟོན་པའོ། །དེ་ཉིད་ནི་འབྱིན་པ་པོ་ཡིན་པས་
เล่ม ๓๐ · หน้า 87a
ན་སྐྱེད་པའོ། །ཡེ་ཤེས་མཆོག་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་འཇོག་པས་སྒྲུབ་པར་མཛད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པའོ། །དེ་
རྡོ་རྗེ་གསུང་གིས་འོག་ནས་བཤད་པའི་མཚན་ཉིད་བཀའ་སྩལ་པའོ། །མཁའ་དང་མཚུངས་པ་ཞེས་བྱ་བ་ལ། མཁའ་ནི་གོ་འབྱེད་པའོ། །དེ་དང་མཚུངས་པ་ནི་དོན་དམ་པའི་བདེན་པའོ། །དེ་དང་མཉམ་ཞིང་གཅིག་ཏུ་གྱུར་པ་ནི་མཁའ་དང་མཚུངས་པར་མཉམ་པར་གྱུར་པ་སྟེ། ཐམས་ཅད་
ཀྱང་དོན་དམ་པའི་བདེན་པའི་མཐར་ཐུག་པའི་ཕྱིར་རོ། །དེ་ལྟར་ནམ་མཁའ་དང་མཉམ་པར་གྱུར་པ་ཐོབ་པས། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་ངོ་བོ་ཉིད་དོ། །དེ་ཉིད་ཀྱིས་ན་ཆོས་རྣམས་རང་བཞིན་དག་པ་ལ། རོལ་མོ་བཞིན་དུ་སྤྲོས་པར་གྱུར་པ་
འོག་ནས་འཆད་པ་འདི་དག་རབ་ཏུ་བསྒོམ་པ་སྟོན་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །དངོས་གྲུབ་ཐམས་ཅད་སྒྲུབ་པའི་གནས་བསྟན་པར་བྱ་བའི་ཕྱིར། དགོན་པ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་པ་ཆེན་པོའི་ས་ཕྱོགས་ཞེས་བྱ་བ་མཆོག་ཏུ་གྱུར་པའི་
ས་ཕྱོགས་དང་། ཆུའི་ཚོགས་ལ་སོགས་པས་ཡིད་དུ་འོང་ཞིང་། མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པའི་རི་བོ་དང་། སྐྱེ་བོས་རྣམ་པར་དབེན་པའི་ས་ཕྱོགས་གཞན་རྣམས་སུ་ཡང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་གང་དུ་བསྡུས་ཤིང་བསགས་པར་
གྱུར་པ་དེ་ནི། དངོས་གྲུབ་ཐམས་ཅད་བསྡུས་པ་སྟེ་བསྒྲུབ་པར་བྱ་བ་སངས་རྒྱས་ཉིད་བསྒྲུབ་པར་བྱ་བ་སྟེ། དྲང་བའི་དོན་ཏོ། །ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། ནམ་མཁའ་བརྟགས་པའི་སྦྱོར་བ་ཡིས། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་པའི་སྦྱོར་བ་ཡིས། །གནས་
ཆེན་པོ་ནི་ས་ཕྱོགས་ཡིན། །འདིར་ནི་ལོངས་སྤྱོད་རྫོགས་པ་ཤིང་། །དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན། །སྤྲུལ་པའི་འབྲས་བུས་ཡང་དག་བརྒྱན། །ཡང་དག་རྫོགས་པའི་བྱང་ཆུབ་རི། །དངོས་མེད་དབེན་པ་ཉམས་དགའ་བའོ། །རྡོ་རྗེ་ཞེས་བྱ་དེར་བསྒྲུབ་བྱ། །ཞེས་བྱ་བ་སྟེ།
เล่ม ๓๐ · หน้า 87b
ངེས་པའི་དོན་ཏོ། །མཾ་ཞེས་བྱ་བ་ནི་འོག་ནས་འཆད་པའི་ཏིང་ངེ་འཛིན་སྟོན་པའི་ས་བོན་ནོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ཀྱི་རང་བཞིན་གྱིས་བསྟེན་ཅིང་བསྙེན་པ་ཡིན་པས་འཇམ་པའོ། །དེ་ཉིད་ནི་མི་ཕྱེད་པ་ཉིད་པས་ན་རྡོ་རྗེའོ། །དེའི་རབ་ཏུ་བསྒོམ་པ་ནི་རྡོ་རྗེ་འཇམ་པ་རབ་
ཏུ་བསྒོམ་པར་བྱ་བའོ། །གང་དུ་ཞེ་ན། རང་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལའོ། །རང་གི་ལུས་ལ་སོགས་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། དེ་ནས་ཁམས་གསུམ་པའི་ལུས་དང་སེམས་ལ་སྤྲོས་པས་ཀྱང་བྱས་ཏེ། དེ་ནས་ནི་རྡོ་རྗེ་འཇམ་པ་དང་འདྲ་བར་འགྱུར་རོ། །དཔག་ཚད་
བརྒྱ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཚད་བརྒྱ་པ་ནི་དཔག་ཚད་བརྒྱ་སྟེ། ཁྱོན་དེ་ཙམ་དུ་ཆེ་ཞིང་ཚད་མེད་གྲངས་མེད་པའོ། །རྡོ་རྗེ་འབར་བ་ནི་རང་གི་སྐུ་གང་ཡིན་པ་དེ་ནི་འབར་བའི་རྡོ་རྗེ་སྟེ། དེའི་འོད་ཀྱི་སྣང་བའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པས་
ན། རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །སྒྱུ་མ་ལྟ་བུའི་སྐུ་མངའ་བས་ན་དག་པའི་བདག་ཉིད་དོ། །འོད་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གསལ་བར་བྱེད་པས་ན་སྣང་བར་འགྱུར་བའོ། །དེས་འདི་ལྟར་གྱུར་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པས། ཚངས་པ་ལ་སོགས་པའི་
ལྷ་རྣམས་ཀྱིས་ནམས་ཀྱང་སྟེ། ནམ་ཡང་མཐོང་བར་མི་ནུས་ན། གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་ཅེས་བྱ་བ་ནི། འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེ་ནི་སོ་སོའི་སྐྱེ་བོ་
རྣམས་ཀྱིས་མི་མཐོང་ཞིང་མི་རེག་པ་ཉིད་ཀྱིས་ན། ཏིང་ངེ་འཛིན་འདི་ནི་མི་སྣང་བ་ཞེས་བྱའོ། །སྒྱུ་མའི་རང་བཞིན་གྱི་སྐུ་འདི་ཉིད་འོད་གསལ་བས་རྣམ་པར་སྦྱངས་པས་བསྒྲུབ་པར་བྱ་བའི་ཕྱིར། རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མི་ཕྱེད་གསུམ་ནི་ཐུགས་ཏེ། དེ་
ལས་བྱུང་བའི་ཡུལ་དང་དབང་པོ་རྣམས་ཀྱིས་སོ། །བཤང་གཅི་ནི་ཡུལ་དང་དབང་པོ་རྣམས་ཏེ། དེ་ཕན་ཚུན་བསྲེས་པས་ན་དམ་ཚིག་ལྔ་རྣམས་ཀྱིས་སོ། །ལྕགས་གསུམ་ལས་བྱུང་བ་ནི་སྣང་བ་རྣམ་པ་གསུམ་དང་ལྡན་པའི་སྐུར་བྱས་ཤིང་བསྐྱེད་ནས། ཁ་སྟེ་འོད་གསལ་བར་རིལ་
เล่ม ๓๐ · หน้า 88a
པོར་འཛིན་པའམ་རྗེས་སུ་གཞིག་པ་དག་གིས་བཅུག་ནས་བསྒོམ་པར་བྱའོ། །འོད་གསལ་བ་དེར་སངས་རྒྱས་ཀུན་གྱིས་ཏེ་རྟོག་གེ་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང་ཡུལ་མ་ཡིན་པའི་ཐུགས་ཀྱི་ཡེ་ཤེས་སྐུ་བསྒོམ་པར་བྱའོ། །གང་དེ་ལྟར་སྒོམ་པའི་རྣལ་འབྱོར་པ་དེ་ནི། དེ་
མ་ཐག་ཏུ་དེ་ལྡང་བར་གྱུར་པའི་མཚན་ཉིད་ཅན་ཉིད་དུ་རྡོ་རྗེ་འཇམ་པ་དང་འོད་འདྲ་བར་འགྱུར་རོ་ཞེས་པ་སྟེ། དགོངས་པས་བཤད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཏིང་ངེ་འཛིན་ཉེ་བར་བསྟན་ནས། འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཉེ་བར་
བསྟན་པར་བྱ་བའི་ཕྱིར། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ལ། འཁོར་ལོ་རྩིབས་བརྒྱད་པ་མདོག་དཀར་བ་ཕན་ཚུན་བསྣོལ་མར་འཕྲོ་བ་ལྟ་བུའི་འོད་ཟེར་རྣམས་ཀྱིས་བརྒྱན་པ་འོད་ཟེར་མདངས་ཅན་འཕྲོ་བ་རང་གི་
སྔགས་ཏེ། རྣམ་པར་སྣང་མཛད་བསྐྱེད་པའི་ཡི་གེ་ཨོཾ་ལས། འཁོར་ལོ་བསྐྱེད་ལ་མདུན་དུ་བསྒོམས་ནས། སངས་རྒྱས་ཐམས་ཅད་ཀྱིས་ཏེ། དེ་བཞིན་གཤེགས་པའི་རིགས་དང་ལྡན་པའི་བཞུགས་པའི་གནས་ཏེ། གཞིར་གྱུར་པར་བསྒོམས་ལ། ཇི་སྲིད་དུ་དྲོ་བར་གྱུར་པའམ། དུ་བ་
འཐུལ་བའམ་རབ་ཏུ་འབར་བར་གྱུར་པ་དེ་སྲིད་དུ་བསྒོམས་ལ། དེ་བླངས་ནས་འདུག་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི། སངས་རྒྱས་དང་འདྲ་བ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཐོབ་པའི་རིག་པ་འཛིན་པའི་མཐུ་བསྟན་པར་བྱ་བའི་ཕྱིར། རི་རབ་
སུམ་ཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་རབ་སུམ་ཅུ་རྩ་དྲུག་གི་ཚད་ཀྱི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཚད་ཀྱི་རྗེས་སུ་འབྲང་བའི་འཁོར་དེ་ལ་འབྱུང་བར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཐམས་ཅད་ཀྱང་རྡོ་རྗེ་འཛིན་པ་དང་འདྲ་བར་རྣམ་པར་མི་འཇིག་པའི་ངོ་བོ་ཉིད་དོ། །ཏིང་ངེ་
འཛིན་གང་གིས་འཁོར་ལོ་དང་མཉམ་པ་ཐོབ་པ་དེ་ནི། འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་འདྲ་བར་བལྟ་བར་བྱ་སྟེ། རང་གི་སྔགས་ནི་ཡི་གེ་ཧཱུཾ་ངོ་། །དཀྱིལ་འཁོར་ནི་ནམ་མཁའི་
เล่ม ๓๐ · หน้า 88b
དཀྱིལ་འཁོར་རོ། །བུད་མེད་རྣམས་ཡོན་ཏན་ཅན་གྱི་གནས་སུ་འགྱུར་ཞེས་བྱ་བ་ནི། འདོད་པའི་དབང་ཕྱུག་ཏུ་འགྱུར་བར་སྟོན་ཏེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བའི་ཕྱིར་རོ། །དྲག་པོ་དག་གིས་ཕྱག་བྱས་པ། །ཞེས་བྱ་བའི་ལྷག་པའི་ཚིག་གིས་ནི། ཁམས་གསུམ་གྱིས་ཕྱག་བྱ་བ་ཉིད་
དུ་སྟོན་ཏེ། དྲག་པོ་ནི་ཁམས་གསུམ་གྱིས་ཕྱག་བྱས་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཆེན་པོར་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོར་འགྱུར་བའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ནི་མཉམ་པར་འགྲོ་ཞིང་བཞུད་པས་ན་མཉམ་པ་སྟེ། མཁའ་འགྲོ་མ་ཡིན་པས་ན་རྡོ་རྗེའི་དམ་
ཚིག་ལྷན་ཅིག་སྤྱོད་པ་སྡུག་པ་རྣམས་ཏེ། དེ་དང་དེ་རྣམས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་རྣམས་ནི་འོད་དཔག་ཏུ་མེད་པའི་རིགས་དང་ལྡན་པ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་བསྐྱེད་པའི་གཞིའོ། །རྡོ་རྗེ་ཆོས་ནི་འཇིག་རྟེན་དབང་ཕྱུག་སྟེ། དེ་
དང་འདྲ་བར་འགྱུར་བའོ། །རི་རབ་ཅེས་བྱ་བ་ལ་སོགས་པ་ལ། རི་རབ་སུམ་ཅུ་རྩ་དྲུག་ལས་བྱུང་བའི་རྡུལ་ཕྲ་རབ་ཇི་སྙེད་པ་གང་ཡིན་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་དག་པའི་བདག་ཉིད་ནི་པདྨའི་རིགས་ཀྱི་སངས་རྒྱས་ཏེ་ཐབས་ཀྱི་ངོ་བོ་ཉིད་དང་། མཆོད་པའི་མཆོག་སྟེ་ཤེས་རབ་ཀྱི་
ངོ་བོ་ཉིད་དང་། དེ་རྣམས་ཀྱི་དཀྱིལ་འཁོར་ཏེ་ཚོགས་དེར་འཇོག་པར་བྱེད་ཅིང་། སྔགས་དང་ཕྱག་རྒྱའི་ཚོགས་ཐམས་ཅད་རང་གི་བདག་པོ་ཉིད་ཀྱིས་སྒྲུབ་པ་པོ་ལ་དབང་བསྐུར་བའོ་ཞེས་བྱ་བའི་བར་དུའོ། །པདྨོ་ནི་པདྨའི་རིགས་དང་ལྡན་པ་རྣམས་སོ། །དེ་དང་མཉམ་པ་ནི་ཏིང་ངེ་འཛིན་
གང་ལ་དབྱེར་མི་ཕྱེད་པའི་དོན་དེ་ལ་དེ་སྐད་ཅེས་བྱའོ། །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསང་བ་གསུམ་ལ་བསྙེན་བཀུར་བྱེད། །ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསུམ་ལ་
བསྙེན་བཀུར་བྱེད་ཅིང་རྟོགས་པར་འགྱུར་བ་སྟེ། དེའི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུའོ། །འོད་ཟེར་ལྔ་དང་ལྷག་པ་དང་ཆད་པ་མེད་པར་མཉམ་པའི་མདོག་གང་ཡིན་པ་དེ་ནི། འོད་ཟེར་ལྔའི་མདོག་འདྲའི་འོད་དོ། །རང་གི་སྔགས་ཀྱིས་ཞེས་བྱ་བ་ནི་རང་གི་སྔགས་
เล่ม ๓๐ · หน้า 89a
ལས་ཞེས་བྱ་བར་རིགས་སོ། །རལ་གྲི་ནི་འོད་ཟེར་ལྔ་པ་གང་ཡིན་པའོ། །མིག་ཡངས་ནི་སྒྲུབ་པ་པོའོ། །ལག་ན་ཐོགས་པ་ནི་ལག་གིས་བླངས་པའོ། །རྡོ་རྗེ་གསུམ་ལས་བྱུང་བའི་རིག་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་པས་ན། རྡོ་རྗེ་གསུམ་རིག་
འཛིན་པར་འགྱུར། །ཞེས་བྱ་བའོ། །ཁམས་གསུམ་པོ་ཀུན་གྱི་གང་རྫུ་འཕྲུལ་ཆེ་བའི་ཆེ་བ་དེ་རྣམས་ཀྱིས། མཆོད་པ་དང་ཚངས་པ་སྟེ། ཚངས་པའི་གཙོ་བོ་དང་དབང་པོ་སྟེ་བརྒྱ་བྱིན་དང་ལྷ་མིན་ཏེ། ལྷ་མ་ཡིན་གྱི་གཙོ་བོ་དེ་དག་གིས་ཀྱང་ཕྱག་བྱས་པར་འགྱུར་བ་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་
ཁམས་སུ་གཅིག་པུ་དཔའ་བ་སྟེ། དེར་བདག་པོར་གྱུར་པས་སོ། །གསང་བ་ནི་ཐ་མལ་པའི་སྒྲུབ་པ་ལ་གནས་པའོ། །དེ་རྣམས་ཀྱི་མཆོག་ནི་གཙོ་བོ་སྟེ་དེར་འགྱུར་བའོ། །གང་རྣམས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ཏེ་སྒྲུབ་པ་པོ་གང་འདོད་ཅིང་གསོལ་བ་
འདེབས་པ་རྡོ་རྗེ་ཐུགས་ལས་རབ་ཏུ་བྱུང་ཞིང་། ཡིད་ལ་ཀུན་དུ་རྟོག་པའི་དེ་ལྟ་བུ་སྟེ། དེ་འདྲ་བའི་ངོ་བོ་ཉིད་ཀྱི་དངོས་གྲུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེར་ཞིང་སྩོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རལ་གྲི་ནི་རལ་གྲི་ཐམས་ཅད་དེ། དེ་དང་
དབྱེར་མེད་པས་ཏིང་ངེ་འཛིན་ཀྱང་རལ་གྲི་ཐམས་ཅད་ཅེས་བྱའོ། །དེ་ལྟར་འཁོར་ལོ་དང་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་བསྟན་ནས། ད་ནི་ཕྱི་རོལ་གྱི་རྫས་ལས་བྱུང་བའི་རི་ལུའི་དངོས་གྲུབ་མ་ཡིན་པ་སྔགས་ཉིད་ཀྱི་རི་ལུའི་དངོས་གྲུབ་ངེས་པར་བསྟན་པར་བྱ་བའི་ཕྱིར། ཨོཾ་ནི་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨོཾ་ཉིད་ཙ་ན་ཀའི་འབྲས་བུའི་ཚད་ཙམ་གྱི་རི་ལུ་བསམས་ལ། དབུས་ཏེ་རི་ལུའི་ནང་དུ་རང་གི་ལྷའི་གཟུགས་ཏེ། ས་བོན་བདག་པོའི་གཟུགས་སུ་བསམས་ལ་ཁ་སྟེ་མགོའི་སྒོར་འཇུག་པའི་རང་བཞིན་དུ་རྣམ་པར་བསམས་ཤིང་། བསྒོམ་པ་
ཡང་དང་ཡང་དུ་བསླབ་པར་བྱའོ། །གང་དེ་ལྟར་སློབ་པ་དེ་ནི་དེ་མ་ཐག་ཏུ་སྟེ་དེ་ནས་བརྩམས་ནས། བྱང་ཆུབ་སེམས་དཔའ་དང་འོད་འདྲ་བར་འགྱུར་ཏེ། བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །སེམས་དཔའ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་དག་མི་གཉིས་པར་གནས་པ་གང་ཡིན་པ་དེ་
เล่ม ๓๐ · หน้า 89b
བྱང་ཆུབ་སེམས་དཔའ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་དང་འདྲ་བའི་འོད་དེ་རྫུ་འཕྲུལ་གང་ལ་ཡོད་པ་ནི། བྱང་ཆུབ་སེམས་དཔའི་འོད་འདྲར་འགྱུར། །ཞེས་བྱ་སྟེ་སྒྲུབ་པ་པོ་དེ་ལྟ་བུར་འགྱུར་བའོ། །གཟི་བརྗིད་བལྟ་བར་དཀའ་བས་ན། །ཉི་མ་ཤར་བའི་འོད་འདྲ་ཞིང་། །ཞེས་བྱའོ། །འཛམ་བུ་
ཆུ་བོའི་གསེར་གྱི་མདོག །ཅེས་བྱ་བ་ནི་ཕན་ཡོན་ནོ། །དེ་བཞིན་དུ་ཡི་གེ་ཨཱཿ་གནས་པའི་བདག་ཉིད་ཅན་མདོག་དམར་པོ་ཁ་སྟེ་ལྐོག་མའི་གནས་སུ་བསམ་པའོ། །བྱང་ཆུབ་ཡེ་ཤེས་ནི་རྡོ་རྗེ་འཆང་ཆེན་པོའོ། །ཡི་གེ་ཧཱུཾ་ཡང་རི་ལུའི་གཟུགས་ཀྱིས་སྙིང་གའི་པདྨ་དཀར་པོའི་སྟེང་དུ་ལྡང་
བའི་བདག་ཉིད་ཅན་བསམ་པར་བྱའོ། །ད་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་ཀྱང་གྲུབ་པ་བསྟན་པར་བྱ་བའི་ཕྱིར། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་དོ། །དེར་གསལ་བའི་དཀྱིལ་འཁོར་ཏེ། ཟླ་བའི་དཀྱིལ་འཁོར་
རྣམ་པར་བསམས་ལ། དེའི་དཀྱིལ་དུ་གནས་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ནས། དེའི་ལག་ཏུ་འཁོར་ལོ་རྩིབས་བརྒྱད་པ་བསྒོམས་ནས། འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །འདི་དག་ཇི་ལྟར་བྱ་ཞེ་ན། འཁོར་ལོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། འཁོར་ལོ་ཆེན་པོའི་རིགས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཏེ། དེ་དང་པོར་བསྒོམས་ལ་སངས་རྒྱས་སྐུར་ནི་རབ་སྦྱོར་ཞིང་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས། ཡེ་ཤེས་འདི་ནི་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་སྒྲུབ་པ་འདི་ནི། ཡེ་ཤེས་རྡོ་
རྗེ་ཞེས་བྱ་བ་སྒྲུབ་པ་པོས་བསྒྲུབ་པར་བྱའོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ལ་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་དབུས་སུ་གནས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་མི་བསྐྱོད་པར་བདག་ཉིད་བསྒོམས་པ་སྟེ། ལག་ཏུ་རྡོ་རྗེ་ཞེས་
བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་ནམ་མཁའི་དབྱིངས་ལ་རིན་པོ་ཆེ་བསམས་ལ། དེའི་དབུས་སུ་གནས་པར་རིན་ཆེན་རྡོ་རྗེ་སྟེ། རིན་ཆེན་འབྱུང་ལྡན་དུ་བདག་ཉིད་བསྒོམ་མོ། །ལག་ཏུ་རིན་ཆེན་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ནམ་མཁའི་དབྱིངས་ལ་ཆོས་ཀྱི་དབྱིངས་ཏེ།
เล่ม ๓๐ · หน้า 90a
པདྨ་འདབ་མ་བརྒྱད་པ་བསམས་ལ། དེའི་དབུས་སུ་གནས་པར་ཚེ་དཔག་ཏུ་མེད་པར་བདག་ཉིད་རབ་ཏུ་བསྒོམས་ནས། ཐམས་ཅད་སྔ་མ་བཞིན་དུ་བསྐྱེད་པར་བྱའོ། །ནམ་མཁའི་དབྱིངས་ལ་དམ་ཚིག་གི་དབུས་སུ་གནས་པ་སྟེ། སྣ་ཚོགས་རྡོ་རྗེ་ལ་གནས་
པར་རོ། །གདོན་མི་ཟ་བ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་ལྟར་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་སྒྲུབ་པ་བཤད་ནས། གཞན་ཡང་ཁྲོ་བོའི་རྒྱལ་པོའི་མཚན་མ་ལ་སོགས་པ་དག་ཀྱང་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རྩེ་གསུམ་ཞེས་བྱ་བ་
ལ་སོགས་པ་སྨོས་པ་ཡིན་ཏེ། རྡོ་རྗེའི་ཁྱད་པར་གྱིས་བསྒྲུབས་ན། །ཞེས་བྱ་བ་ནི། མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པ་སྟེ། མི་བསྐྱོད་པའི་བསམ་གཏན་དེས་ནི་ཏྲི་ཤཱུ་ལ་ལ་སོགས་པ་འདི་དག་འགྲུབ་པར་འགྱུར་རོ། །གང་གིས་བསྒྲུབ་ཅེ་ན། སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡིས། །
ཞེས་བྱ་བ་གསུངས་ཏེ། སྐུ་གསུང་ཐུགས་ནི་གང་ཐ་མལ་པའི་དངོས་པོ་སྤངས་ནས། ཕུལ་དུ་བྱུང་བའི་དངོས་པོར་སྒྲུབ་པར་ནུས་པ་དེ་ནི། སྐུ་གསུང་ཐུགས་ཀྱི་སྒྲུབ་པ་སྟེ། དེས་འགྲུབ་པར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་ནོ། །དམ་ཚིག་ཆེན་པོ་ནི་ཐེག་པ་ཆེན་པོའོ། །
དེའི་དངོས་གྲུབ་ནི་བཤད་མ་ཐག་པ་སྟེ། དེ་སྟོན་པའི་རྡོ་རྗེ་ནི་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། རབ་ཏུ་བྱེད་པ་ཉེ་བར་སྡུད་པའོ། །དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པར་བྱ་བའི་ཕྱིར། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། བྲམ་ཟེའི་རིགས་ལ་སོགས་པ་ལས་བྱུང་བའི་ཕྱག་རྒྱ་རྣམ་པ་བཞི་དང་ངམ། ཡང་ན་ཤིང་གཅིག་དྲུང་སྟེ་གཅིག་པུ་ཉིད་དང་ངོ་། །མཚན་མ་གཅིག་ཅེས་པ་ནི་རབ་ཏུ་མཉམ་པའི་ཆ་ལུགས་འཛིན་པའོ། །ཞི་བའི་གནས་ནི་གདོལ་པ་ལ་སོགས་པའི་བུད་
མེད་རྣམས་ཏེ། དེ་དག་ལས་ཇི་ལྟར་རྙེད་པའི་གནས་རྣམས་སུ། རྡོ་རྗེ་ཡེ་ཤེས་གསུམ་པོ་དགུག་ཅིང་གང་གིས་རྗེས་སུ་མྱོང་བ་དེ་ནི། རྡོ་རྗེ་དགུག་པའི་སྙོམས་པར་ཞུགས་པའི་མཚན་ཉིད་དེ་དེ་བསྒྲུབ་པར་བྱའོ། །ཁྱད་པར་གྱིས་ཞེས་པ་ནི་ཕུལ་དུ་བྱུང་བས་བྱ་བ་སྟེ། ཡུལ་
เล่ม ๓๐ · หน้า 90b
གཞན་དག་ནི་འཇུག་པ་བུལ་བ་ཡིན་པའི་ཕྱིར་རོ། །དགོངས་པས་བཤད་པའོ། །དེ་ལྟར་ཁྱད་པར་རྟོགས་པས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སེམས་འདུན་པར་བྱ་བའི་ཕྱིར། སྦྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་གསུམ་རྡོ་རྗེ་
ཅན་ཞེས་བྱ་བ་ནི། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་ཞེས་བྱ་བ་ནི། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་སྔགས་ཀྱི་སྐྱེས་བུའོ། །བསམ་ཞེས་བྱ་བ་ནི་བདག་ཉིད་བསྐྱེད་པའོ། །སངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །ཡེ་ཤེས་
ཡེ་ཤེས་བློ་ལྡན་ནི་གཉིས་སུ་མེད་པའི་ཡེ་ཤེས་འདོད་པ་རྣམས་སོ། །སྐུ་གསུང་ཐུགས་ཀྱི་ཀྱོ་བ་ཏང་། །ཞེས་བྱ་བ་ནི། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱོ་བ་ཏང་གི་རང་བཞིན་དུ་བསམས་པའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཡེ་ཤེས་བློ་ལྡན་དགུག་པའི་ཕྱིར་རོ། །
དེ་ཉིད་ཀྱི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཡོ་བའི་གཟུགས་ཅན་བསམས་ལ་བསྒྲུབ་པར་བྱ་བ་དེར་བཞག་སྟེ། དེའི་ལུས་དང་ངག་དང་ཡིད་ལ་བདག་ཉིད་ཀྱི་འོད་
ཟེར་གྱི་ཀྱོ་བ་ཏང་བཏང་ལ། རིམ་གྱིས་རིམ་གྱིས་བདག་གི་གམ་དུ་འོངས་ཏེ། རླུང་གི་དཀྱིལ་ལས་བབས་ནས། ཡི་གེ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་ལ་འདུག་སྟེ། འདུད་པ་བྱེད་པར་བསམ་མོ། །སངས་རྒྱས་དགུག་པ་ཞེས་བྱ་བ་ནི་གང་བཤད་མ་
ཐག་པའི་ཆོ་ག་དེ་ནི། སྐྱེ་བོ་སྐལ་བ་དང་ལྡན་པའི་སེམས་དགུག་པའི་དམ་པ་ཡིན་ཏེ། གཞན་དག་ཏུ་ནི་ཆོ་ག་ཐུན་མོང་མ་ཡིན་བའོ། །སྦྱོར་བ་འདི་ཉིད་ཀྱི་དམ་ཚིག་ལས་བྱུང་བ་ཕྱོགས་བཅུ་ན་གནས་པའི་ལྷ་མོ་རྣམས་ཀྱང་བཀུག་ལ་ཉེ་བར་ལོངས་སྤྱད་པར་བྱ་ཞིང་རང་གི་ལུང་བསྒོ་བ་
ལ་གཟུང་བར་བྱའོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་ནི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་དགུག་པ་ནི་མི་ཕྱེད་པའི་དགུག་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ཀྱི་འཁོར་ལོ་ཆེན་པོ་ནི། རྣམ་པར་སྣང་མཛད་ཀྱི་མཚན་མར་
เล่ม ๓๐ · หน้า 91a
གྱུར་པའི་འཁོར་ལོ་སྟེ། རྣམ་པར་སྣང་མཛད་ཀྱི་རིགས་དང་ལྡན་པ་རྣམས་ཀྱི་སྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །རྒྱལ་གནས་ལྕགས་ཀྱུ་བསམས་ནས་ནི། །ཞེས་བྱ་བ་ནི། དེ་ཀྱོ་བ་ཏང་འདྲ་བར་བསྒོམས་ལ་བསྒྲུབ་པར་བྱ་བའི་སྙིང་གར་བཏང་སྟེ། སྔ་མ་བཞིན་
དུ་དགུག་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་མཚན་མ་ལྷག་མ་རྣམས་ཀྱིས་ཀྱང་དགུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་པདྨ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁམས་གསུམ་གྱི་དམ་ཚིག་ནི་གནོད་སྦྱིན་མོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དགུག་པ་ནི་
ཁམས་གསུམ་གྱི་དམ་ཚིག་དགུག་པའོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པར་ཡོངས་སུ་བསྐྱེད་པའི་སངས་རྒྱས་ཀྱི་སྐུ་སྟེ། རྡོ་རྗེ་འཆང་ཆེན་པོར་བདག་ཉིད་རྣམ་པར་བསྒོམས་ལ། ལག་ཏུ་སྟེ་དེའི་ལག་པར་སྐུ་དང་
གསུད་དང་ཐུགས་ཏེ་བསྒྲུབ་པར་བྱ་བའོ། །ཀྱོ་བ་ལ་སོགས་རབ་ཏུ་བསྒོམ། །ཞེས་བྱ་བ་ནི། ཀྱོ་བ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱ་བ་སྟེ། ལྕགས་ཀྱུས་དྲངས་ནས་ཞགས་པས་བཅིངས་ཏེ། རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས་བཀུག་པ་སྟེ། ལག་པ་བཟུང་ནས་རྒྱས་
གདབ་པར་བྱའོ་ཞེས་བྱ་བར་དགོངས་སོ། །རྒྱས་བཏབ་པ་འདི་ལྟ་བུའི་སྦྱོར་བ་ཡིས་ནི་སྒྲུབ་པ་པོ་དེ་ནི་གནས་ཏེ་རྡོ་རྗེ་སེམས་དཔའི་གོ་འཕང་ངོ་། །དེའི་ལས་ནི་དེ་ཉམས་སུ་ལེན་པའི་བྱ་བ་དེ་བྱེད་པར་འགྱུར་ཞེས་བྱའོ། །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པས་ནི། བཤད་མ་
ཐག་པའི་དོན་ཉིད་རྣམ་པར་འགྲེལ་ཏེ། རྡོ་རྗེའི་སྐུ་ནི་རང་གི་ལུས་སོ། །བསྒོམ་པ་ནི་ཇི་སྐད་དུ་གསུངས་པའི་མཚན་ཉིད་དང་ལྡན་པར་བསྒོམ་པ་ནི། རྣམ་པར་སྣང་མཛད་དུ་བྱ་བའོ། །ལྕེ་ཉིད་རྡོ་རྗེ་ཡིན་པས་ན་རྡོ་རྗེའི་ལྕེའོ། །དེའི་སྦྱོར་བ་ནི་སྔགས་འདོན་པའོ། །དེས་ནི་གསུང་སྟེ་འོད་
དཔག་ཏུ་མེད་པ་དེ་དང་འདྲ་བར་འགྱུར་རོ་ཞེས་པ་སྟེ། འོད་དཔག་ཏུ་མེད་པ་ཉིད་དུ་བྱེད་པའོ། །རང་གི་ལྷའི་ང་རྒྱལ་དང་ལྡན་པས་ལག་པར་གནས་པའི་བསྒྲུབ་པར་བྱ་བ་སྟེ། བཟླས་པར་བྱ་བའི་སྔགས་ཀྱི་དོན་བསམས་ན་རྡོ་རྗེ་འདྲ་བར་འགྱུར་ཞེས་བྱ་བ་ལ། རྡོ་རྗེ་ནི་མི་བསྐྱོད་པ་
เล่ม ๓๐ · หน้า 91b
སྟེ། དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བ་སྟེ། འདི་ནི་མི་བསྐྱོད་བ་ཉིད་དུ་བྱེད་པའོ། །རྣམ་པ་འདི་དག་གིས་གསང་བ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་དེ་དང་མཉམ་པར་འགྲོ་ཞིང་སྐུ་ལ་སོགས་པའི་ངོ་བོར་གྱུར་པས་ན་གསང་གསུམ་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་
པའོ། །དེ་རྣམས་ཀྱི་མཆོད་པའི་མཆོག་ནི་མཆོད་པ་སྟེ། རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་མཚན་ཉིད་ཀྱི་མཆོད་པས་མཆོད་ནས་རབ་ཏུ་བསྒྲུབ་པར་བྱ་ཞིང་བཤད་མ་ཐག་པའི་སྦྱོར་བ་འདི་རྫོགས་པར་བྱའོ། །གང་བཤད་མ་ཐག་པའི་ཆོ་ག་དེ་ནི་སངས་
རྒྱས་ཐམས་ཅད་ཀྱི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་གསང་བ་སྟེ་སྦ་བར་བྱ་བ་དང་། སྙིང་པོ་སྟེ་མཆོག་ཏུ་གྱུར་པ་རྣམས་གང་གིས་བསགས་ཤིང་བསྡུས་པར་གྱུར་པའི་ཆོ་ག་དེ་ནི་གསང་བའི་སྙིང་པོ་བསྡུས་པ་ཡིན་ཞེས་བྱའོ། །གསང་བ་ཆེན་པོ་ནི་ལྷ་
ལ་སོགས་པ་དགུག་པའོ། །དམ་ཚིག་འདའ་བར་བྱ་བ་མ་ཡིན་པར་གྱུར་པ་གང་ཡིན་པ་དེ་ནི། གསང་བ་ཆེན་པོའི་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་ཅེས་གསུངས་སོ་ཞེས་བྱ་བ་ནི་སྡུད་པ་པོའི་དམ་ཚིག་གོ། །ལས་ཀྱི་དབྱེ་བས་ཉེ་བར་ལོངས་སྤྱོད་པ་བསྟན་
པར་བྱ་བའི་ཕྱིར། ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེ་བ་ནི་མི་སྟེ་དེ་རྣམས་ཀྱི་ཤ་ནི་ཤི་བའི་རོ་ལས་བྱུང་བས་ན་དམ་ཚིག་མཆོག་སྟེ། དེས་གཏོར་མ་བྱིན་ལ་རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་རང་གི་ལུས་བསྒྲུབ་པར་བྱས་ན། ནམ་མཁའ་ལ་གནས་པ་ཐོབ་པར་
འགྱུར་རོ། །དེ་ཡང་ཁ་ན་མ་ཐོ་བ་མེད་པར་རྙེད་པའི་མིའི་ཤས། བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ལ་ནམ་མཁའ་ལ་སྤྱོད་པ་ཉིད་བསྒྲུབ་པར་བྱའོ། །དམ་ཚིག་མཆོག་གིས་ཞེས་བྱ་བ་ནི། ཤ་ཆེན་ལ་སོགས་པ་བཤང་
གཅི་དང་ལྡན་པ་ནི་དམ་ཚིག་མཆོག་སྟེ། དེས་རིག་པ་འཛིན་པ་ཉིད་བསྒྲུབ་པར་འདོད་ན་གཏོར་མ་སྦྱིན་པར་བྱའོ། །གླང་པོ་ཆེ་ཉིད་ཀྱི་ལུས་རང་ཤི་བ་དེའི་ཤ་ལས་མངོན་པར་ཤེས་པ་ལྔ་འདོད་པས་གཏོར་མ་སྦྱིན་པར་བྱའོ། །དེ་བཞིན་དུ་རྟའི་ཤས་ནི་མི་སྣང་བའི་དངོས་གྲུབ་བསྒྲུབ་
เล่ม ๓๐ · หน้า 92a
པར་བྱའོ། །ལས་ཀྱི་དབྱེ་བས་གསུངས་པའི་ཤ་རྣམས་མ་རྙེད་པ་ལ་ཆོ་གར་བྱ་བ་བསྟན་པར་བྱ་བའི་ཕྱིར། ཁྱི་ཤ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱིའི་ཤས་ནི་སྔར་བསྟན་པའི་དངོས་གྲུབ་རྣམས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱའོ། །དེ་བཞིན་དུ་
ཁ་ན་མ་ཐོ་བ་མེད་པའི་བ་ལང་གི་ཤ་ལ་ཉེ་བར་ལོངས་སྤྱོད་པས་རྡོ་རྗེ་སྟེ། བསྒྲུབ་པར་དཀའ་བ་རྒྱལ་པོ་ལ་སོགས་པ་དགུག་པ་བསྒྲུབ་པར་བྱའོ། །ཁ་ན་མ་ཐོ་བ་མེད་པའི་ཤ་མེད་ན་ཆོ་གར་བྱ་བ་བསྟན་པར་བྱ་བའི་ཕྱིར། ཤ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་
བཤད་པའི་ཤ་རྣམས་མ་རྙེད་ན་བསྒོམ་པས་ཤ་རྣམས་བསྐྱེད་པར་བྱའོ། །ཡང་ན་བག་ཕྱེ་ལ་སོགས་པ་ལས་མིའི་གཟུགས་ལ་སོགས་པ་བྱས་ལ། དེའི་ངོ་བོ་ཉིད་ལས་སྲོག་དང་བྲལ་བར་བསམས་ནས་དེའི་ཡན་ལག་གིས་བསྒྲུབ་པར་བྱའོ། །རྡོ་རྗེ་སྦྱོར་བ་སྟེ་མི་ཤིགས་པའི་
ཁ་ཟས་ཀྱི་ཆོ་ག་བཤད་མ་ཐག་པ་འདི་བྱས་ན། སྒྲུབ་པ་པོ་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་ཅིང་། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །ལྷ་རྣམས་རྒྱས་པར་བྱ་བའི་ཕྱིར་ཚིམ་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། རྣམ་པའི་ཀུན་
མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསམས་ལ། དེའི་འོག་ཏུ་སྙིང་གའི་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡེ་ཤེས་དམ་ཚིག་སྟེ། ཡེ་ཤེས་སེམས་དཔའ་བསྒོམས་ནས། དེའི་ཡང་ཐུགས་
ཀར་ཏིང་ངེ་འཛིན་སེམས་དཔའ་བསམ་ཞིང་དབུ་རྒྱན་ཏེ། སྤྱི་གཙུག་གི་གནས་སུ་རྡོ་རྗེ་འཛིན་པ་ཞེས་བྱ་བ་རྡོ་རྗེ་འཆང་ཆེན་པོ་ཟླ་བའི་འོད་ཟེར་གྱི་ཚོགས་དང་འདྲ་བའི་བདུད་རྩི་འཛག་པས། སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་དང་ཡེ་ཤེས་དང་། ཏིང་ངེ་འཛིན་གྱི་སེམས་དཔའ་ཞེས་བྱ་བར་
གྲགས་པ་ཚིམ་ཞིང་མཉེས་པར་འགྱུར་བར་བསམ་པར་བྱ་སྟེ། བཤད་མ་ཐག་པ་འདི་ནི་དམ་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ཞིང་། ཁྱད་པར་དུ་གྱུར་པ་ཡིན་པས་དམ་ཚིག་མཆོག་གོ། །དེ་ལྟ་བུའི་མཆོག་ཏུ་འགྱུར་བའི་དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག་གི་བསམ་གཏན་རབ་ཏུ་
เล่ม ๓๐ · หน้า 92b
བྱ་བ་སྟེ་བསྒོམ་པར་བྱ་བའོ། །དམ་ཚིག་མཆོག་གིས་ནི་སྒྲུབ་པ་པོས་སོ། །དམ་ཚིག་ཐམས་ཅད་ནི་སྒྲུབ་པ་པོ་དེ་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེས་ཚིམ་པར་འགྱུར་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིགས་ཀྱི་དབྱེ་བས་བསྟན་པར་བྱ་བའི་ཕྱིར། ལྕེ་
ཡི་དམ་ཚིག་རྡོ་རྗེ་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེ་ནི་རིགས་ལྔའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་མི་བསྐྱོད་པའི་རིགས་ཏེ། དེར་གནས་ནས་ལྕེ་ལ་རྡོ་རྗེ་ཅན་གྱི་ཧཱུཾ་སྟེ། ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བསྒོམས་ཏེ། ཟས་ལ་སོགས་པ་གང་ཅི་ཡང་
རུང་བ་ལ་སྤྱོད་པ་དེ་དག་བདུད་རྩི་ལྔའི་སྦྱོར་བས་ཏེ། བདུད་རྩི་ལྔར་བྱས་ནས་ཉེ་བར་སྤྱོད་ཅིང་ཟོས་ན་རྡོ་རྗེ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཤིན་ཏུ་སྦྱངས་པ་འཐོབ་པར་འགྱུར་ཏེ། བཤད་མ་ཐག་པའི་ཟས་སུ་བྱ་བའི་མཚན་ཉིད་འདི་ནི་རྡོ་རྗེའི་ཚུལ་མཆོག་སྟེ། ཡི་གེ་ཨཱཿདང་ཡི་གེ་ཨོཾ་གྱི་དམ་
ཚིག་དག་གིས་ཀྱང་བྱ་སྟེ། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས། ལྕེ་ལ་ཨཱཿཡོངས་སུ་གྱུར་པའི་མཚན་ཉིད་ཅན་པདྨ་བསམ་པར་བྱ་ལ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་ལོ་བསམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །འདི་ལྟ་བུས་
ཟས་སུ་བྱས་པའི་སྦྱོར་བས་ནི། སྐུ་ལ་སོགས་པ་ལས་སུ་རུང་བ་ཐོབ་ནས། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ། །རྡོ་རྗེ་དམ་ཚིག་ནི་བདུད་རྩིར་བྱེད་པའི་མཚན་ཉིད་ཅན་གྱི་བསམ་གཏན་གྱི་ཁྱད་པར་རོ། །བདུད་རྩི་ཕྲེང་བ་ནི་བདུད་རྩིའི་ཚོགས་ཏེ་རྡོ་རྗེའི་དམ་ཚིག་གིས་བདུད་རྩིའི་ཕྲེང་བ་
གང་དུ་བསྐྱེད་པའི་ཏིང་ངེ་འཛིན་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པའི་བྱ་བའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྟན་ནས། དེ་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པར་བྱ་
བའི་ཕྱིར། རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་ཏེ། དེ་གང་དུ་མཉམ་པར་ཐིམ་པར་གྱུར་པ་དེ་ནི་རྡོ་རྗེ་དམ་ཚིག་གསུམ་སྟེ། དོན་དམ་པའི་བདེན་པ་ཡིན་ལ་དེ་ཉིད་ནི་གྲུབ་མཆོག་གོ། །དེ་ལས་སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་
เล่ม ๓๐ · หน้า 93a
རྫོགས་པ་དང་སྤྲུལ་པའི་མཚན་ཉིད་ཅན་གྱི་སྐུ་གསུམ་པོ་སྟེ། དེའི་རྡོ་རྗེ་གང་ལ་ཡོད་པ་དེ་ནི་སྐུ་གསུམ་རྡོ་རྗེ་ཅན་ཏེ། རྡོ་རྗེ་འཆང་ཆེན་པོའོ། །འགྱུར་བ་ནི་འབྱུང་བའོ། །དེ་ལྟར་རྫོགས་པའི་ཆོ་འཕྲུལ་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཕྱོགས་བཅུ་ན་རྫོགས་པར་གྱུར་པས་གནས་པའི་སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་རྒྱ་མཚོར་འགྱུར་བས་ན། ནོར་བུ་ཡིད་བཞིན་རྒྱ་མཚོར་འགྱུར། །ཞེས་བྱ་སྟེ་དེ་དང་འདྲ་བར་འགྱུར་བའོ། །རྡོ་རྗེའི་བདག་ཉིད་ནི་རྡོ་རྗེའི་སྐུའོ། །སྣང་བར་བྱེད་ཅིང་རང་གི་ལུས་ཀྱི་འོད་ཉིད་ཀྱིས་
གསལ་བར་བྱེད་པས་སྣང་བར་བྱེད་པ་སྟེ་དེས་ཁྱབ་པར་བཤད་པའོ། །འཁོར་ལོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་དེ། དེ་དང་འབྲེལ་པའི་དངོས་གྲུབ་ནི་འཁོར་ལོའི་དམ་ཚིག་གྲུབ་པའོ། །དེ་ཉིད་མཆོག་སྟེ། དེ་ལ་སངས་རྒྱས་ཀྱི་སྐུ་
དང་འདྲ་བར་འགྱུར་ཞིང་དེ་དང་མཚུངས་པར་འགྱུར་བའོ། །དེ་ལྟར་མི་བསྐྱོད་པ་ལ་སོགས་པ་དང་རབ་ཏུ་འབྲེལ་པའི་དངོས་གྲུབ་ཀྱི་རྒྱུ་ནི། དེའི་ཉེ་བར་མཚོན་པ་ལས་ཤེས་པར་བྱའོ། །གངྒཱའི་བྱེ་སྙེད་ཅེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་དངོས་པོ་ཐམས་ཅད་ཀྱིས་གྲུབ་པས་ན། གངྒཱའི་
ཀླུང་གི་བྱེ་མ་སྙེད་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་སྤྱོད་པར་འགྱུར་རོ། །དམ་ཚིག་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཐམས་ཅད་ནི་མཁའ་འགྲོ་དང་། མཁའ་འགྲོ་མའི་དམ་ཚིག་ཐམས་ཅད་དེ་དེ་རྣམས་ཀྱི་དམ་པའོ། །དེ་རྣམས་ཀྱི་རིག་པ་ནི་དེ་སྒྲུབ་
པའི་སྔགས་ཡིན་ལ་དེ་འཛིན་པར་བྱེད་པས་ན། རིག་པ་འཛིན་པ་སྟེ་དེ་རྣམས་ཀྱི་ཡང་གཙོ་བོར་འགྱུར་བའོ། །རྡོ་རྗེ་སྐུ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྐུ་ནི་རབ་བསྒོམས་པས། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒོམས་པས་སོ། །ཐམས་ཅད་དམ་ཚིག་མཆོག་ཏུ་འགྲུབ། །ཅེས་བྱ་བ་ནི།
བཤད་མ་ཐག་པའི་མཁའ་འགྲོ་ལ་སོགས་པའི་དམ་ཚིག་མཆོག་འགྲུབ་པར་འགྱུར་བའོ། །མི་སྣང་གྱུར་པ་ཐམས་ཅད་ལ། །ཞེས་བྱ་བ་ནི། ངག་གི་བྱ་བ་དང་ལུས་ཀྱི་ཡན་ལག་མི་སྣང་བར་གྱུར་པ་ལ་གནས་པའོ། །སྟོང་ཁམས་དག་ནི་སྣང་བར་བྱེད། །ཅེས་བྱ་བ་ནི། སྟོང་གསུམ་གྱི་
เล่ม ๓๐ · หน้า 93b
འཇིག་རྟེན་གྱི་ཁམས་སྣང་བ་གཅིག་གིས་སྣང་བར་བྱེད་པས་ཀྱང་། སངས་རྒྱས་ཀུན་ལས་དངོས་གྲུབ་ཐམས་ཅད་དང་འབྲེལ་པའི་ཕུན་སུམ་ཚོགས་པ་རྣམས་འཕྲོག་ཅིང་ལེན་པར་བྱེད་པ་དང་། ལྷའི་མཆོག་སྟེ་བརྒྱ་བྱིན་ལ་སོགས་པ་དེ་རྣམས་ཀྱི་བུ་མོ་བཀུག་ནས། ཉེ་བར་ལོངས་སྤྱོད་པ་རྗེས་སུ་
མྱོང་བར་འགྱུར་བའོ། །གངྒཱའི་ཞེས་བྱ་བ་ལ་སོགས་པ་ལ། གངྒཱའི་བྱེ་མའི་ཚད་སྙེད་ཀྱི་རྒྱལ་བ་རྣམས་རྡོ་རྗེ་གསུམ་སྟེ་རྡོ་རྗེ་འཆང་ཆེན་པོ་དེའི་གནས་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྟེ་དེ་ན་བཞུགས་པ་རྣམས། རང་གི་ལག་པའི་མཐིལ་དུ་བཞག་པའི་སྐྱུ་རུ་ར་བཞིན་དུ་
རྡོ་རྗེའི་མིག་གིས་ཏེ། ལྷའི་མིག་ཤིན་ཏུ་ཕྲ་ཞིང་རྣམ་པར་དག་པས་མཐོང་བར་འགྱུར་བའོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན་གང་སྒྲར་གྲག་པ་ཟིན་པ་དང་མ་ཟིན་པ་དང་གཉི་གའི་འབྱུང་བ་ཆེན་པོ་ལས་བྱུང་བ་ཇི་སྙེད་པ་དེ་ཐམས་ཅད་རྣ་བའི་དྲུང་ན་འཁོད་པ་བཞིན། མངོན་ཤེས་ཏེ་རྫུ་
འཕྲུལ་གྱིས་ཐོས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱིས་མཚན་པའི་འཇིག་རྟེན་གྱི་ཁམས་རྣམས་ན། སེམས་ཅན་རྣམས་རོལ་མོ་པའི་གར་མཁན་དང་འདྲ་
བར་སྣ་ཚོགས་པར་བྱུང་བའི་སེམས་ཞེས་བྱ་བ། རང་བཞིན་བརྒྱ་དྲུག་ཅུའི་རྒྱུར་གྱུར་པ་རིག་པར་འགྱུར་རོ། །འཁོར་བ་དག་ན་གནས་པ་ཡི། །ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་འཁོར་བ་ཐོག་མ་མེད་པར་འགྲོ་བ་ལྔར་ཡོངས་སུ་འཁོར་བ་དེར་འབྱུང་བའི་
སྔོན་གྱི་གནས་ཏེ། སྔོན་གྱི་སྐྱེ་བ་གཏན་ཚིགས་ཏེ་ལུས་ཀྱི་ཁྱད་པར་ཞག་གསུམ་ལོན་པ་བཞིན་ཏེ། ཞག་གསུམ་འདས་པ་བཞིན་དུ་དྲན་པར་འགྱུར་རོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བདག་ཉིད་ཀྱི་ལུས་ལ་སངས་རྒྱས་སྤྲིན་ལ་སོགས་པས་བརྒྱན་པ་སྟེ། རྣམ་པར་སྣང་མཛད་ལ་
སོགས་པ་རིགས་ལྔའི་ལྷ་རྣམས་ཀྱི་འཁོར་ལོས་བརྒྱན་ནས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པར་གནས་ནས་སྤྲོ་བས་ཡུལ་དེ་འགེངས་སོ། །རྡོ་རྗེ་འཕྲུལ་མཆོག་ཅེས་བྱ་བ་ནི་འོད་གསལ་བ་སྟེ། དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་རྫུ་འཕྲུལ་མཆོག་ལྡན་ནོ། །འགེངས་པ་ནི་
เล่ม ๓๐ · หน้า 94a
སྤྲུལ་པ་སྤྲོ་བའོ། །དམ་ཚིག་མངོན་པར་མཁྱེན་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་པའོ། །དེ་ལ་མངོན་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་ཞེས་བྱ་བ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྤྱན་ནི་འོད་གསལ་བས་རྣམ་པར་དག་པས་གཟིགས་
པ་གང་ཡིན་པ་དེ་ནི་རྡོ་རྗེ་སྤྱན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །འདི་དག་གིས་གཞན་གྱི་དོན་དུ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་མངོན་པར་ཤེས་པ་ནི་ལྷའི་མིག་ལ་སོགས་པའོ། །དེས་དོན་གྲུབ་པ་ནི་གཞན་གྱི་དོན་ཕུན་
སུམ་ཚོགས་པའོ། །སངས་རྒྱས་སྐུ་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི། ཇི་ལྟར་སངས་རྒྱས་ཀྱི་སྐུ་དཔག་ཏུ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་དོན་བྱ་བ་ཡང་མཐའ་ཡས་པའོ། །དེ་ལྟར་གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་ནས་ཇི་ལྟར་གནས་པར་འགྱུར་ཞེ་ན། གངྒཱའི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གངྒཱའི་བྱེ་མའི་ཚད་སྙེད་ཀྱི་གྲངས་མེད་པའི་མི་ཕྱེད་པའི་འཁོར་གྱི་གཡོག་རྣམས་མཆོད་པའི་ཚོགས་དང་བཅས་ཤིང་ལྷའི་བཞོན་པ་ལ་ཞོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། མདུན་དུ་བདར་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་དུ་རྣམ་པར་སྤྱོད་ཅིང་
གནས་པར་འགྱུར་རོ། །འབྲས་བུའི་ཕྱོགས་གཅིག་བཞུགས་པའི་ཚིག་ལས་བརྩམས་ནས་ཅི་རིགས་པར་མཆོག་དང་ཐ་མལ་པའི་བསྒྲུབ་པ་ཉེ་བར་བསྟན་ནས། ད་ནི་བསྐྱེད་པའི་རིམ་པའི་བསྒྲུབ་པའི་ཡན་ལག་ཡང་གསལ་བར་བྱ་བའི་ཕྱིར། བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་
སོགས་པ་གསུངས་ཏེ། བསྙེན་ཞིང་དམིགས་པར་བྱ་བ་ཡིན་པས་ན་བསྙེན་པ་སྟེ། དེ་བཞིན་ཉིད་ཡིན་ལ་དེ་ཉིད་ནི་དམ་ཚིག་གོ། །དེ་ནས་སའི་ཆ་ལ་སོགས་པ་ཡང་དག་པར་སྦྱར་ཞིང་བསྐྱེད་པ་ནི། བསྙེན་པའི་དམ་ཚིག་སྦྱོར་བ་སྟེ་ཡན་ལག་དང་པོའོ། །སྟོང་པ་ཉིད་དམིགས་ནས་ཉི་མ་ལ་
སོགས་པ་དམིགས་པ་ནི་ཉེ་བར་སྒྲུབ་པ་སྟེ། དེ་ཉིད་ཀྱི་སྔགས་རྣམ་པར་དགོད་པའི་མཐར་ཐུག་པར་འབྱུང་བ་ནི། ཉེ་བར་སྒྲུབ་པ་འབྱུང་བ་སྟེ་གཉིས་པའོ། །སྒྲུབ་པའི་དོན་གྱི་དམ་ཚིག་དང་། །ཞེས་བྱ་བ་ནི། སྒྲུབ་པ་ཉེ་བར་བཞག་པའི་དོན་དུ་གསོལ་བ་འདེབས་པ་ནི། སྒྲུབ་པའི་དོན་
เล่ม ๓๐ · หน้า 94b
གྱི་དམ་ཚིག་སྟེ་མཉམ་པར་གྱུར་པས་ན་དམ་ཚིག་ཅེས་བྱ་བས་ཏིང་ངེ་འཛིན་གྱི་སེམས་དཔའ་དང་། ཡེ་ཤེས་སེམས་དཔའ་ནི། སྒྲུབ་པའི་དོན་གྱི་དམ་ཚིག་སྟེ་གསུམ་པའོ། །ལྷག་མ་དཀྱིལ་འཁོར་གྱི་མཆོག་དང་། ལས་ཀྱི་མཆོག་གི་མཐར་ཐུག་པ་ནི་གཞན་གྱི་དོན་ཆེན་པོ་སྒྲུབ་པས་ན། སྒྲུབ་པ་ཆེན་པོ་སྟེ་དེ་ནི་
བཞི་པའོ། །དེ་ལྟར་ཡན་ལག་བཞི་པོ་ཤེས་པར་བྱས་ལ། རྡོ་རྗེའི་བྱེ་བྲག་སྟེ་རིགས་ཀྱི་བྱེ་བྲག་གིས། དེ་ནས་ཞེས་པ་དེའི་འོག་ཏུ་ལས་རྣམས་ཞེས་བྱ་བ་འོག་ནས་བཤད་པ་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བ་སྟེ། མདོར་བསྟན་པའི་ཡན་ལག་སྟོན་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ནི་
བསྙེན་པའོ། །དེ་ཉིད་ལ་རྩེ་གཅིག་ཏུ་བྱེད་ཅིང་སེམས་ལ་འཇོག་པས་ན་ཏིང་ངེ་འཛིན་ནོ། །རབ་སྦྱོར་བ་ནི་ཡང་དག་པར་སྦྱོར་བའོ། །དེ་གང་ཞེ་ན། སའི་ཆ་ལ་སོགས་པ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་བར་དུ་ལྷག་པར་མོས་པས་བསྐྱེད་པ་སྟེ། བསྙེན་པའི་ཏིང་ངེ་འཛིན་དང་རབ་ཏུ་སྦྱོར་
བ་ནི་བསྙེན་པའི་ཏིང་ངེ་འཛིན་རབ་སྦྱོར་བ་སྟེ་དེ་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བའི་སྔགས་ཀྱི་དོན་རབ་ཏུ་རྣམ་པར་དཔྱད་པ་ལས་བྱུང་བའི་བྱང་ཆུབ་ཀྱི་མཆོག་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་བསྒོམ་པར་བྱས་ནས། ཉི་མ་དང་ཟླ་བ་དང་པདྨ་ལ་སོགས་པའི་རིམ་གྱིས་གོང་ནས་གོང་དུ་བཞག་ལ།
དེའི་སྟེང་དུ་ཡི་གེ་གསུམ་རྣམ་པར་བཀོད་དེ་དེ་ཐམས་ཅད་བསྡུས་པ་ལས། ཟླ་བའི་དཀྱིལ་འཁོར་བསམ་ཞིང་དེའི་སྟེང་དུ་ཡང་ཡི་གེ་གསུམ་པོ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན། ཕྱག་མཚན་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་པ་ནི། ཉེ་བར་ཏེ་
གང་དུ་བསྒྲུབ་ཅིང་བསྐྱེད་པས་ན་ཉེ་བར་སྒྲུབ་པའོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོར་གྲུབ་པའོ། །དེའི་མཆོག་ནི་ཐོག་མར་གྱུར་པ་ཨོཾ་ལ་སོགས་པའི་སྔགས་གང་ཡིན་པ་དེ་ནི། ཉེ་བར་སྒྲུབ་པ་གྲུབ་མཆོག་ལའོ། །སྔགས་ཀྱི་ཡི་གེ་མ་ལུས་པར་རྣམ་པར་བཀོད་ལ་ཕྱག་རྒྱ་ཆེན་པོའི་
གཟུགས་དེ་ལ། རྡོ་རྗེ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་ནས་གནོད་མཛེས་ཀྱི་བར་དེ་རྣམས་ཀྱི་སྐྱེ་མཆེད་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཀྱི་རིམ་པ་གསུམ་པའི་གོ་རིམས་ཀྱིས་ངེས་པར་བྱས་ལ། རྒྱུ་དང་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་དཔྱད་ནས་སྒྲུབ་ཅིང་
เล่ม ๓๐ · หน้า 95a
བྱིན་གྱིས་བརླབ་པའི་ཕྱིར་མཉེས་པར་བྱས་པ་གང་ཡིན་པ་དེ་ལ་ནི། སྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་གང་ཞེ་ན། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སོ། །སྔགས་ཀྱི་
བདག་པོ་བསྒོམས་པ་ཡིས། །ཞེས་བྱ་བ་ལ། སྔགས་ནི་ཡི་གེ་ཨོཾ་ལ་སོགས་པ་སྟེ། ཏིང་ངེ་འཛིན་སེམས་དཔའ་དང་བདག་པོ་དང་ཡེ་ཤེས་སེམས་དཔའ་རྣམས་ནི་སྔགས་ཀྱི་བདག་པོ་སྟེ། རིགས་ཀྱི་དབྱེ་བས་ཅི་རིགས་པར་བསྒོམས་པ་ནི། སྔགས་ཀྱི་བདག་པོར་བསྒོམས་པ་ཡིས། །
ཞེས་བྱའོ། །སྒྲུབ་པ་ཆེན་པོ་ཞེས་གསུངས་པའི་སྒྲུབ་པ་ཆེན་པོ་དེ་སྐྱེད་པར་བྱེད་པའི་ཚེ་ན་རྡོ་རྗེ་ཅན་གྱིས་ཏེ། རང་གི་ལྷག་པའི་ལྷའི་སྦྱོར་བ་དང་ལྡན་པའི་སྔགས་པས། རྡོ་རྗེ་དང་པདྨ་མངོན་པར་འདུས་བྱས་པ་སྔོན་དུ་འགྲོ་བའི་སྙོམས་པར་འཇུག་པ་བྱས་ལ་རང་གི་སྔགས་བཛྲ་དྷཱྀཀ་ཅེས་བྱ་བ་ལ་སོགས་
པ་དེ་ལས་བྱུང་བའི་རྡོ་རྗེ་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་རང་སྔགས་རྡོ་རྗེ་ཅན་ནོ། །དེ་རྣམས་ཀྱི་གཟུགས་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་བསྒོམས་ནས། དབུ་རྒྱན་ལ་ནི་བདག་པོ་བསམ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་རལ་པ་
དང་། དབུ་རྒྱན་ལ་ནི་བདག་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་བསམས་ལ། དེའི་རིགས་ལྷག་མ་རྣམས་ནི་དབུ་རྒྱན་ལ་ནི། རྣམ་པར་སྣང་མཛད་ལ་སོགས་པ་བསམས་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བ་དངོས་གྲུབ་འཐོབ་པར་འགྱུར་བ་སྟེ། སྒྲ་ཇི་བཞིན་པའོ། །དེ་ལྟར་སྦྱོར་བ་བཞིའི་རིམ་གྱིས་
རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་བསྟན་ནས། ད་ནི་ཡན་ལག་དྲུག་གི་རིམ་གྱིས་རྡོ་རྗེ་འཆང་ཆེན་པོར་རྫོགས་པར་བྱ་བ་གསུངས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །ཐ་མལ་པ་ནི་རྡོ་རྗེ་བཞིས། །
མཆོག་གི་ཡན་ལག་དྲུག་གིས་སོ། །ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། བསྙེན་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་ཅིང་ཐར་པ་འདོད་པ་རྣམས་ཀྱིས་བསླབ་པར་བྱ་བ་ཡིན་པས་ན་བསྙེན་པའོ། །དེ་གང་ཡིན་ཞེ་ན། ཡོངས་སུ་དག་པའི་ལྷའི་སྐུའོ། །
เล่ม ๓๐ · หน้า 95b
དེ་ནི་ཡེ་ཤེས་བདུད་རྩི་སྟེ། ཡན་ལག་དྲུག་གི་སྦྱོར་བས་བྱ་ཞིང་བསྐྱེད་པར་བྱའོ། །ཐམས་ཅད་དུ་ནི་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་དུའོ། །རྟག་ཏུ་ནི་དུས་ཐམས་ཅད་དང་སྤྱོད་ལམ་ཐམས་ཅད་དུའོ། །ནི་ཞེས་བྱ་བ་ནི་ངེས་པའོ། །འདི་ནི་ཞེས་པ་ནི་ཡེ་ཤེས་བདུད་རྩི་ཞེས་བྱ་བའི་ཡན་ལག་
དྲུག་གི་སྦྱོར་བའོ། །སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །སྔགས་ནི་སྤྲུལ་ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་ནི་ལྷའི་དེ་ཁོ་ན་ཉིད་དོ། །དེ་དག་གི་དོན་ནི་འབྲས་བུ་སྟེ། དེ་བསྒྲུབས་པས་སྔགས་ཀྱི་དེ་ཁོ་ན་ཉིད་དོན་སྒྲུབ་པའོ། །དེ་
བས་ན་སྒྲུབ་པའི་ཡན་ལག་དྲུག་པོ་འདི་དག་གིས་བསྒྲུབས་ཏེ། དེ་བས་ན་དེ་ཉིད་ཀྱི་བསྙེན་པ་ལ་སོགས་པ་བྱའོ། །དེའི་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་བཤད་པ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པའི་ཡན་ལག་དྲུག་ཏུ་ནི། །བྱས་ནས་མཆོག་ཏུ་བསྒྲུབ་པར་བྱ། །
གཞན་དག་གིས་ནི་བསྒྲུབ་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་དང་། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །བསྟན་པ་འདི་བཤད་པར་བྱ་བའི་ཕྱིར། དབང་པོ་བཅུ་པོ་
རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །
རྟོག་དང་དཔྱོད་དང་དགའ་བ་དང་། །དེ་བཞིན་བདེ་བ་ཉིད་དང་ཡང་། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །གསང་བ་གསུམ་བྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །
དགའ་ལ་རེག་པ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །
เล่ม ๓๐ · หน้า 96a
གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ལྔ་ཡི་རྩེ་མོར་རབ་ཏུ་བརྟགས། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པ་བཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་
བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་
པ་སྟེ། །མེ་མར་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་
བ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམས། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བཏགས་པ་ཡིན། །ཞེས་གསུངས་
སོ། །སོ་སོའི་བཤད་པ་བསྟན་པར་བྱ་བའི་ཕྱིར། དབང་པོ་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་རྣམས་དང་དབང་པོ་རྣམས་ཀྱི་ཡུལ་གཉི་ག་ནི་དབང་པོ་སྟེ། དབང་པོ་བཅུ་པོ་ཡུལ་དང་ཡུལ་ཅན་དེ་རྣམས་ཀྱི་རང་གི་འཇུག་པ་ནི། ཇི་ལྟར་རང་ཉིད་ཀྱི་གཟུང་བ་དང་། འཛིན་
པའི་རང་བཞིན་གྱིས་འཇུག་པ་ནི་རང་གི་འཇུག་པའོ། །དེར་གནས་པས་ན་རང་གི་འཇུག་གནས་སོ། །ཐམས་ཅད་དུ་ནི་དམན་པ་དང་། བར་མ་དང་། མཆོག་གི་བྱེ་བྲག་གིས་སོ། །འདོད་པ་སོ་སོར་སྡུད་པས་ན། །ཞེས་བྱ་བ་ནི། འདོད་ཅིང་ཆགས་པར་བྱ་བ་ཡིན་པས་ན། འདོད་པ་སྟེ་
གཟུགས་ལ་སོགས་པའོ། །དེ་རྣམས་ལ་དབང་པོ་རྣམས་ཀྱིས་གང་སོ་སོར་ཡང་དང་ཡང་དུ་སྡུད་ཅིང་ལེན་པས་ན། སོ་སོར་སྡུད་པ་ཞེས་བྱ་སྟེ། ཡན་ལག་དང་པོའི་བཤད་པའོ། །སོ་སོར་སྡུད་པ་རྣམ་པར་སྦྱང་བར་བྱ་བའི་དོན་དུ། ཡན་ལག་གཉིས་པ་བསྟན་པའི་ཕྱིར། འདོད་
เล่ม ๓๐ · หน้า 96b
པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ལྔ་ནི་དབང་པོ་ལྔའི་ཡུལ་དུ་གྱུར་པ་གཟུགས་ལ་སོགས་པ་ནི་མདོར་བསྡུས་ནས་ཏེ་དབང་པོ་རྣམས་དང་གཅིག་ཏུ་གྱུར་ནས་སོ། །སངས་རྒྱས་ལྔ་ནི་མིག་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྦྱོར་བ་ནི་ཡང་དག་པར་སྦྱོར་བས་སངས་རྒྱས་ལྔ་
རུ་སྦྱོར་བ་ཡིས་ཏེ། དེ་བས་ན་གཟུགས་ལ་སོགས་པ་རྣམས་ཀྱང་སངས་རྒྱས་ཡིན་ནོ། །དེ་ལྟར་གྱུར་པའི་ཡོངས་སུ་དག་པའི་བརྟག་པ་དེ་ནི་བསམ་གཏན་ཞེས་བཤད་དོ། །དེ་ཡང་རྟོག་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། རྟོག་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་དབྱེ་བ་བཤད་པའོ། །དབང་པོ་དང་ཡུལ་དང་དབང་
པོའི་ཤེས་པ་ནི་གསང་བ་གསུམ་སྟེ། དབང་པོ་ལྔ་དང་དབང་པོའི་ཤེས་པ་དང་དེའི་ཡུལ་རྣམས་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་གང་རྟོག་པ་དེ་ནི་རྟོག་པའོ། །དེ་ཉིད་ལ་རྣམ་པར་དཔྱོད་པ་ནི་གནས་པ་ལ་དཔྱད་པའོ། །དེ་ལྟར་དཔྱད་ནས་དེ་ཁོ་ན་ཉིད་ལ་
འཇུག་པ་ལ་མངོན་པར་ཕྱོགས་པས། གང་ཡིད་བདེ་བའི་མཚན་ཉིད་ཅན་དེ་ནི་དགའ་བ་ལ་རེག་པའོ། །དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས། ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བདེ་བ་གང་ཐོབ་པ་དེ་ནི་བདེ་བས་བསྡུས་པའོ། །དེ་ལྟར་སྦྱངས་པ་ལས་
རབ་ཀྱི་མཐར་ཐུག་པར་སོན་པའི་ཕྱིར། ཤེས་པ་སྟེ་མིག་ལ་སོགས་པ་དྲུག་གི་འཇུག་པའི་རྣམ་པར་ཤེས་པ་དང་། ཤེས་བྱ་སྟེ། གཟུགས་ལ་སོགས་པ་ནས་ཆོས་ཀྱི་ཁམས་ཀྱི་བར་དུ་བྱུང་བ་ནི་ཤེས་དང་ཤེས་བྱ་བྱུང་བའོ། །དེའི་ཟད་པ་ནི་སེམས་ཀྱི་གཟུང་བ་དང་འཛིན་པ་སྟོང་པ་
ཉིད་དེ། དེ་བས་ན་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་སེམས་རྩེ་གཅིག་པ་ལ་ནི་རང་སེམས་ཞེས་བྱའོ། །དེ་ལྟ་བུའི་སེམས་དེ་ནི་སངས་རྒྱས་ཀུན་དངོས་ཞི་བ་སྟེ། སྣང་བ་ཙམ་དང་ཐམས་ཅད་སྟོང་པར་གཅིག་ཏུ་མཐར་ཐུག་པར་འབྱུང་བར་འགྱུར་ཏེ། ཡན་ལག་གཉིས་པའི་དབྱེ་བ་
རྣམ་པ་ལྔའོ། །ཡེ་ཤེས་ལྔའི་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་ཏེ། ཡང་དེ་ཉིད་ས་ལ་སོགས་པའི་བདག་ཉིད་ཅན་རང་གི་རྡོ་རྗེའི་བུ་ག་ལས་བྱུང་ནས། པདྨའི་སྣའི་རྩེ་མོར་གོང་བུའི་གཟུགས་ཀྱིས་ཏེ། བྱང་ཆུབ་ཀྱི་
เล่ม ๓๐ · หน้า 97a
སེམས་ཀྱི་ཐིག་ལེའི་གཟུགས་ཀྱིས་བསྒོམ་པར་བྱའོ། །དེ་ཉིད་གྱེན་དུ་འགྲོ་བའི་དབུགས་ནི་ཁ་དོག་སྣ་ལྔ་པ་སྟེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱིས་ན་རིན་པོ་ཆེའོ། །སྲོག་ནི་འཚོ་བའོ། །རྩོལ་ཞིང་རིང་དུ་སྤྲོས་པ་གང་ཡིན་པ་དེ་ནི། སྲོག་དང་རྩོལ་བ་ཞེས་
བྱར་བཤད། །ཅེས་བྱ་བར་ཤེས་པར་བྱ་སྟེ། དེ་ཉིད་འཇུག་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཉིན་དང་མཚན་དུ་ཟློས་པར་གྱུར་པའི་ཕྱིར་རོ། །རང་སྔགས་སྙིང་གར་ཏེ་རང་གི་སྙིང་གའི་པདྨ་ལ་བསམས་ནས། སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་བྱ་བ་མི་ཤིགས་པར་གཏོགས་པར་དགོད་པ་སྟེ་
ཡན་ལག་གསུམ་པའོ། །རང་གི་གཟུགས་ལ་སོགས་པའོ། །དབང་པོ་ནི་མིག་ལ་སོགས་པ་སྟེ། དེ་ལ་དབང་པོ་གཉིས་དགག་ཅིང་ངེས་པར་ཐིམ་ནས། དེའི་འོག་ཏུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་རིན་པོ་ཆེ་སྟེ། སེམས་ཀྱི་རིན་པོ་ཆེ་སྲོག་དང་རྩོལ་བ་དང་བཅས་པར་དགག་ཅིང་། ནུབ་
པར་གྱུར་པའི་གཟུང་བ་གང་ཡིན་པ་དེ་ནི་འཛིན་པ་ཡིན་པར་བཤད་དེ། དེ་གང་ཞེ་ན། ཡང་དག་པའི་མཐའ་ཞེས་བྱ་བའོ། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མར་ཉེར་འཛིན་འབྱུང་བར་འགྱུར། །ཞེས་བྱ་བ་ལ། འགོག་པའི་རྡོ་རྗེ་ནི་འོད་གསལ་བའོ། །དེར་གྱུར་པ་ནི་
སེམས་དེར་གྱུར་པའོ། །མཚན་མ་རྣམས་ཀྱི་ཉེ་བར་འཛིན་པ་ནི་མཚན་མར་ཉེར་འཛིན་ཏེ་མཚན་མར་སྣང་བའོ། །འབྱུང་བར་འགྱུར་བ་ནི་སྐྱེ་བར་འགྱུར་བའོ། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེ་གསུངས་པ་ཡིན། །ཞེས་བྱ་བ་ནི། ས་ཆུ་ལ་ཐིམ་པར་གྱུར་པ་ལས་སྨིག་
རྒྱུ་དང་འདྲ་བར་སྣང་བར་འགྱུར་བ་ནི་མཚན་མ་དང་པོའོ། །དེ་བཞིན་དུ་ཆུ་མེ་ལ་ཐིམ་པར་གྱུར་པ་ལས་དུ་བ་ལྟ་བུ་སྟེ་གཉིས་པའོ། །མེ་རླུང་ལ་ཐིམ་པར་གྱུར་པ་ལས་ནམ་མཁའ་སྣང་བར་གྱུར་པ་ལྟ་བུ་སྟེ་གསུམ་པའོ། །ཁམས་ཕྲ་བ་ཀུན་སྣང་བ་གསུམ་དུ་སོང་བ་ལས་མེ་མར་ལྟར་
སྣང་བའི་ཚོགས་ཀྱི་ངོ་བོ་ཉིད་ནི་བཞི་པའོ། །རང་བཞིན་ཀུན་དུ་སྣང་བ་ཐིམ་པར་གྱུར་པ་ལས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་ཞིང་རྟག་ཏུ་སྣང་བ་འོད་གསལ་བ་ཙམ་དུ་གྱུར་པ་ནི་ལྔ་པའོ། །མཚན་མ་ལྔ་པོ་དེ་དག་གིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ཡང་ཇི་
เล่ม ๓๐ · หน้า 97b
སྐད་དུ་ལས་ཀྱི་མཐའ་རྣམ་པར་འབྱེད་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་འགྱུར་ཞིང་། །རླུང་ཡང་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་གཟུང་བ་དེ་ཉིད་ནི། །འོད་གསལ་བར་ཡང་འཇུག་པ་ཡིན། །ཞེས་གསུངས་པས་སོ། །
བརྟན་པར་གྱུར་ཅིང་རྣམ་པར་དག་པར་གྱུར་ནས། རྡོ་རྗེའི་ལམ་ནས་འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་འོད་གསལ་བར་འཇུག་པས་ནམ་མཁའི་ཁམས་ཏེ། འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲོ་བར་བྱ་ཞིང་ཆོས་ཀྱི་སྐུའི་ཚུལ་གྱིས་ཁྱབ་པར་བྱའོ། །དེ་དག་ནི་འཛིན་པའི་
ཡན་ལག་ཅེས་བྱ་བ་བཞི་པའོ། །དེ་ལྟར་བདག་ཉིད་འོད་གསལ་བར་སོང་བར་རྣམ་པར་བསྒོམ་ཞིང་མངོན་སུམ་དུ་བྱས་ནས། གང་སྔོན་རྗེས་སུ་དྲན་པ་སྨིག་རྒྱུ་འདྲ་བ་ལ་སོགས་པའི་རྣམ་པས། ཡང་དག་པའི་མཐའ་ཐོབ་པ་དེ་དང་འདྲ་ཞིང་། དེ་ཉིད་ཀྱི་རིམ་གྱིས་སྤྲོ་བར་བྱ་ཞིང་བསྐྱེད་
པར་བྱ་སྟེ། བཤད་མ་ཐག་པ་དེ་དག་ནི་རྗེས་སུ་དྲན་པ་ཞེས་བཤད་པ་ཡིན་པར་ཤེས་ཤིང་ཁོང་དུ་ཆུད་པར་བྱའོ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཞེས་བྱ་བ་ལ། སོ་སོར་སྣང་བ་ནི་ཡང་དག་པར་རིག་པ་སྟེ། དེ་ལས་རྗེས་སུ་དྲན་པའི་ཡན་ལག་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་
ནོ། །ཐབས་དང་ཞེས་བྱ་བ་ལ་སོགས་པ་ལ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་སྦྱོར་བས་དངོས་པོ་ཐམས་ཅད་དེ། རྒྱུ་བ་དང་མི་རྒྱུ་བས་གནོད་པས་གོང་བུའི་ཚུལ་གྱིས་ཏེ། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་
ཏུ་བྱས་ནས། རྒྱུ་བ་དང་མི་རྒྱུ་བ་དེའི་དབུས་སུ་ཟུང་དུ་འཇུག་པའི་བདག་ཉིད་ཅན། རྡོ་རྗེ་འཆང་ཆེན་པོའི་གཟུགས་རྣམ་པར་བསྒོམ་པར་ཤེས་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཡུད་ཀྱིས་ཤེས་པ་སྟེ་སྐད་ཅིག་ཙམ་གྱིས་སོ། །ཡེ་ཤེས་རྫོགས་བྱེད་པ་ཞེས་པ་སྟེ། ཡེ་ཤེས་ཀྱི་སྐུ་
རྫོགས་པར་བྱེད་པ་ནི་ཏིང་ངེ་འཛིན་ཏེ། ཡན་ལག་དྲུག་པ་ཡིན་པར་བཤད་དོ། །དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། ལྷ་བསྐྱེད་པའི་དབྱེ་བ་འདི་ཉིད་གསལ་བར་གསུངས་ཏེ། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་། །གཟུགས་ཉིད་ཡོངས་སུ་
เล่ม ๓๐ · หน้า 98a
རྫོགས་པ་སྟེ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །སྔགས་ཀྱིས་བྱིན་བརླབས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས། །བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་ས་བོན་སྐྱེ་བ་ཆེ། །ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡིས། །རིམ་
གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་གསུངས། །བསྡུ་དང་སྤྲོ་བར་བྱ་བ་ལས། །རྣམ་པའི་མཆོག་དང་ལྡན་པ་དག །སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་འབྱུང་བ་དང་། རྣམ་པར་སྣང་
མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང་། ལྷའི་རྣལ་འབྱོར་རྣམ་པ་གཉིས་སྟོན་ཏེ། གསང་བའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་རྟོགས་པའི་ངོ་བོ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་
པ་ནི་མཚན་མ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་བྱ་བ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ། །
མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་འགྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བསྟེན་པར་བྱ། །ཞེས་བྱ་བ་སྟེ་དགོངས་པས་བཤད་པའོ། །དེ་ལྟར་ལྷའི་རྣལ་
འབྱོར་རྣམ་པ་གཉིས་བསྟན་ནས། ད་ནི་བསྒྲུབ་པའི་གནས་བསྟན་པར་བྱ་བའི་ཕྱིར། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲང་བའི་དོན་ཏོ། །འདིར་ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། མེ་ལོང་ཞེས་བྱ་དགོན་པ་ཆེ། །མཉམ་ཉིད་ཅེས་བྱ་ས་ཕྱོགས་སོ། །སོ་སོར་རྟོག་བྱ་
རབ་ཏུ་དབེན། །རྣམ་པར་དག་པ་རི་བོ་ནགས། །བྱ་བ་སྒྲུབ་པའི་ཆུ་ངོགས་སུ། །གྲུབ་པ་ཉིད་ནི་བདེ་ཐོབ་པའོ། །ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། །དེ་ལྟར་རྣལ་འབྱོར་པ་རྣམ་པ་གཉིས་ཀྱིས་གནས་ཕུན་སུམ་ཚོགས་པ་བསྟེན་པར་བྱས་ནས། དེ་རྣམས་ཉིད་ཀྱི་སྒྲུབ་པ་མདོར་བསྡུས་པ་
เล่ม ๓๐ · หน้า 98b
བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྱིར། རྡོ་རྗེ་བཞི་པོ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བཤད་པ་ནི། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་
པ་ཡི་གེ་དགོད་པའོ། །ཞེས་བྱ་བ་སྟེ་དྲང་བའི་དོན་ཏོ། །མཆོག་གི་སྒྲུབ་པ་ལ་གནས་པ་རྣམས་ཀྱིས་ཀྱང་། རྡོ་རྗེ་རྣམ་པ་བཞི་ནི་སྟོང་པ་ཉིད་རྣམ་པ་བཞི་ཡིན་ཏེ། དེས་བསྙེན་པ་བྱ་ཞིང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །བརྟུལ་ཞུགས་བརྟན་པ་ནི་
བརྩོན་འགྲུས་བརྟུལ་བ་ཅན་གྱིས་སོ། །སྐུ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་བདག་མཉམ་པར་གྱུར་པའོ། །དེ་ལྟར་བཤད་མ་ཐག་པའི་རྡོ་རྗེ་བཞི་དག་གིས་བསྒོམས་ཤིང་། ངོ་བོ་ཉིད་ཡོངས་སུ་ཤེས་པས་བསླབས་ན་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་
འགྱུར་ཞིང་མྱོང་བར་འགྱུར་བ་སྟེ། ངེས་པའི་དོན་ཏོ། །དུས་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། དུས་བཞི་ནི་ལྷ་མོ་བཞི་རྣམས་ཏེ། དེ་རྣམས་ཀྱི་རབ་ཏུ་སྦྱོར་བ་ནི། འཁྱུད་པ་ལ་སོགས་པའི་རྣམ་པས་དེ་མཉེས་པར་བྱས་པ་སྟེ། དེས་ན་དུས་བཞི་དག་ཏུ་རབ་སྦྱོར་བས་སོ། །བློ་དང་ལྡན་པ་
ནི་ཤིན་ཏུ་དགའ་བ་ཤེས་པའོ། །གནས་ལྔར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ། ཁྱད་པར་ཅན་གྱི་ཡུལ་མངོན་དུ་གྱུར་པ་རྣམས་ལའོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། བློ་དང་ལྡན་པ་དེས་ཡི་གེ་ཨོཾ་རྡོ་རྗེའི་རྩེ་མོར་བསྒོམས་ནས་ཡེ་ཤེས་རྡོ་རྗེ་སྟེ། ཨོཾ་དེས་བྱིན་གྱིས་བརླབས་
པའི་རང་གི་རྡོ་རྗེས་དགའ་བ་བྱས་ལ། སྡོམ་པ་སྟེ་བདེ་བ་དམ་པ་བསྟེན་ཅིང་སྦྱིན་པར་བྱའོ། །དེ་ལྟར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་ཅིང་། ལེགས་པར་བསླབས་པའི་ཕྱག་རྒྱ་རྣམས་དང་ལྷན་ཅིག་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་དོན་ལ་སློབ་པར་བྱེད་པ་དག་གི་ཕན་ཡོན་བསྟན་པར་བྱ་
བའི་ཕྱིར། ཞག་བདུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་རབ་ཀྱི་དངོས་གྲུབ་ཀྱི་དུས་ནི་ཉིན་ཞག་བདུན་ནོ། །དབང་པོ་འབྲིང་གིས་ནི་ཟླ་བ་ཕྱེད་དེ། ཉིན་ཞག་བཅོ་ལྔའོ། །དབང་པོ་ཐ་མས་ནི་ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་ཏེ། ཟླ་བ་ཕྱེད་ཀྱིས་ལྷག་པའི་ཟླ་བ་ནི་ཟླ་བ་ཕྱེད་
เล่ม ๓๐ · หน้า 99a
དང་གཉིས་ཏེ། དེས་དབང་པོ་ཐ་མས་འགྲུབ་པར་འགྱུར་རོ། །རྡོ་རྗེ་འོད་གསལ་བའོ། །དམ་ཚིག་ནི་དེ་དང་མཉམ་ཞིང་དུས་གཅིག་པར་གྱུར་པས་རྫོགས་པར་གྱུར་པ་སྟེ། རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བསྒྲུབས་ཤིང་དེར་གྱུར་པར་བདག་ཉིད་བསྐྱེད་ན་
དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་བདག་ཉིད་ཅན་མྱུར་ཞིང་རིང་པོ་མི་ཐོགས་པར་འཐོབ་པར་འགྱུར་རོ། །རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་དུས་ཀྱི་དབྱེ་བ་བསྟན་ནས། དེ་ལས་བཟློག་པའི་ཏིང་ངེ་འཛིན་མཆོག་ལ་གནས་པའི་དུས་ཀྱི་ངེས་པར་བསྟན་པར་བྱ་བའི་ཕྱིར།
ཞག་གྲངས་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་པོ་པའི་སེམས་ཅན་རྣམས་ལ་ནི། ཞག་བདུན་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་གིས་རབ་ཏུ་བསྐུལ་ནས་ང་ཡིས་སྔོན་རྒྱས་པར་སྤྲོས་ཏེ་བསྟན་ཅིང་བཤད་དོ། །ད་ནི་ཏིང་ངེ་འཛིན་མཆོག་ལ་གནས་པའི་བཤད་པ་ཡིན་ནོ་
ཞེས་དགོངས་པ་ནི་སྔ་མ་བཞིན་ཏེ། སྒྲ་ཇི་བཞིན་པའོ། །ཟླ་བ་ཕྱེད་ནི་ཀུན་རྫོབ་དང་དོན་དམ་པའོ། །དེ་གཉིས་ཀྱི་ནང་ནི་བར་ཏེ། གང་ཡིན་ཞེ་ན། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གཉིས་སུ་མེད་པའི་རྣམ་པས་གནས་པ་དེ་ལས་ཟླ་བ་ཕྱེད་ཀྱིས་དངོས་གྲུབ་སྟེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་
ཐོབ་པར་གསུངས་སོ། །གང་གིས་གསུངས་ཤེ་ན། གསང་བ་མཆོག་ལས་བྱུང་བ་ཞེས་བྱ་བ་སྟེ། གསང་བའི་མཆོག་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་སྟེ། དགོངས་པས་བཤད་པའོ། །བཤད་མ་ཐག་པའི་
རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་འཇུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་གི་རྒྱན་ནོ། །སྒྲུབ་པ་པོས་སྐུ་
ཉེ་བར་ཐོབ་ཅིང་སྒྲུབ་པ་པོ་སྒྲུབ་པར་བྱེད་ལ་སྣོད་དུ་རུང་བར་བྱེད་པས་ན་ཉེ་བར་སྒྲུབ་པ་སྟེ་སྐུ་རྡོ་རྗེའོ། །དེར་སྡུད་ཅིང་གསོལ་བ་འདེབས་པས་ན། ཉེ་བར་སྒྲུབ་པའི་སྡོམ་པ་སྟེ་རྣམ་པར་སྣང་མཛད་དོ། །དེའི་ཡུལ་ནི་འོག་ནས་བཤད་པའི་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་
เล่ม ๓๐ · หน้า 99b
བཅད་པ་སྟེ། སངས་རྒྱས་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་སྐུ་དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་པས་ན་སངས་རྒྱས་སྐུ་འཛིན་ཏོ། །དཔལ་ནི་སངས་རྒྱས་སྤྱན་ནོ། །དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །
དེས་མི་ཕྱེད་པ་ཉིད་ཀྱིས་གཅིག་པོའི་བདག་ཉིད་དུ་བདག་གི་ལུས་བྱིན་གྱིས་བརླབ་པའི་གནས་སུ་རབ་ཏུ་གནས་པར་མཛོད་ཅིག་པ་སྟེ། སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དོ། །དེ་ལྟར་བདག་པོ་ལ་གསོལ་བ་བཏབ་ནས། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་དེའི་འཁོར་རྣམས་ལ་གསོལ་བ་འདེབས་པའོ། །
དེ་ལ་ཞེས་བྱ་བ་ལ་སོགས་པས་ནི། གསུང་བྱིན་གྱིས་བརླབ་པ་ལ་འཇུག་པ་ཡིན་ཏེ། སྒྲུབ་པ་པོ་གསུང་གི་ངོ་བོ་ཉིད་ལ་གནས་ནས། སྒྲུབ་ཅིང་སྐྱེད་པ་ཡིན་པས་ན་སྒྲུབ་པ་པོའོ། །དེར་སྡུད་ཅིང་གསོལ་བ་འདེབས་པས་ནི་སྒྲུབ་པའི་སྡོམ་པ་སྟེ། འོད་དཔག་ཏུ་མེད་པའོ། །དེའི་ཡུལ་ནི་འོག་ནས་
བཤད་པའི་ཚིགས་སུ་བཅད་པའོ། །ཆོས་ནི་འོད་དཔག་ཏུ་མེད་པའོ། །གསུང་གི་ལམ་ནི་གསུང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དཔལ་ནི་གོས་དཀར་མོ་སྟེ་དེ་དང་ལྡན་པས་དཔལ་ལྡན་ནོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་
ཐུགས་བྱིན་གྱིས་བརླབ་པ་གསུངས་པ་ཡིན་ཏེ། སྒྲུབ་པ་པོ་ནི་ཐུགས་ཆེན་པོའོ། །དེ་ལ་གནས་ནས་སྒྲུབ་པ་པོ་སེམས་ལ་དབང་ཐོབ་པ་ལ་སྦྱོར་བས་ན་སྒྲུབ་པ་པོའོ། །དེར་སྡུད་པས་ན་སྡོམ་པ་སྟེ་མི་བསྐྱོད་པའོ། །དེའི་ཡུལ་ནི་ཚིགས་སུ་བཅད་པའོ། །རྡོ་རྗེ་ལྟ་བུའི་ཐུགས་ནི་
རྡོ་རྗེ་ཐུགས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པར་ཆགས་པའོ། །དེ་ལྟ་བུའི་ཐུགས་འཛིན་པར་མཛད་པས་ན། རྡོ་རྗེ་ཐུགས་འཛིན་ཏེ་མི་བསྐྱོད་པའོ། །མཱ་མ་ཀཱི་དང་ཡང་དག་པར་ལྡན་པས་ན་དཔལ་ལྡན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་
བྱིན་གྱིས་བརླབ་པའི་མཐར་ཐུག་པས། ལྷའི་རྣལ་འབྱོར་རྒྱས་པར་བསྟན་ནས་དེ་ཉིད་ངེས་པར་བྱའོ་ཞེས་བྱ་བའི་སྒོ་ནས་ཉེ་བར་སྡུད་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་དབྱེར་མེད་པས་ན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་
เล่ม ๓๐ · หน้า 100a
པའོ། །དེ་བཞིན་དུ་ཆོས་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་འབྱོར་པའོ། །གལ་ཏེ་རྨོངས་པའི་བདག་ཉིད་ཅན་མན་ངག་མ་ཐོབ་པས། རྨོངས་པས་ཟིལ་གྱིས་མནན་ནས་འདས་པར་གྱུར་ཅིང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་
བརླབ་པ་དང་ཐ་དད་པ་ཉིད་ཀྱིས་རྟོག་པ་ན། ཚལ་པར་འགས་ཤིང་བསྐྱེད་པའི་རིམ་པ་ལས་རིང་དུ་གྱུར་པར་འདིར་ངའི་ཚིག་ལ་ཡིད་གཉིས་དང་སོམ་ཉི་མ་བྱེད་ཅིག་ཅེས་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་མི་ཕྱེད་པའི་ངོ་བོ་
ཉིད་ཀྱི་སྦྱོར་བ་བཞི་ནི་རྡོ་རྗེའི་སྦྱོར་བའོ། །དེ་འདིས་མཉམ་པར་བྱས་པས་ན་དམ་ཚིག་གོ། །དེ་ཉིད་ནི་བསྒྲུབ་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན་སྒྲུབ་པའོ། །རྫོགས་པའི་རིམ་པ་ཐོབ་པར་བྱེད་པས་ན་མཆོག་གོ། །བསྟན་པ་ནི་རབ་ཏུ་བཤད་པའོ། །ལེའུ་ནི་གཞུང་གི་ཚོགས་སོ། །སོ་སོའི་
མིང་ལ་ལྟོས་པས་ན་བཅུ་གཉིས་པ་སྟེ། སྒྲ་ཇི་བཞིན་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཉིས་པ་མཐའ་དྲུག་གིས་བཤད་པའོ།། །།རིམ་པ་གཉིས་ལ་སློབ་པ་ལ་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་
རྣམས་མོས་པར་བྱ་བའི་ཕྱིར། ལས་ཀྱི་ཚོགས་རྣམས་ཀྱང་བླང་བར་བྱའོ་ཞེས་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གསུམ་པ་གསུངས་ཏེ། དེ་ནས་ནི་བསྙེན་པ་ལ་སོགས་པའི་ཆོ་གའི་འོག་ཏུའོ། །འདོད་པའི་དབང་ཕྱུག་ལ་སོགས་པ་དང་ལྡན་པས་
བཅོམ་ལྡན་འདས་སོ། །བདེ་གཤེགས་ཀུན་ནི་མི་བསྐྱོད་པ་ལ་སོགས་པའོ། །ཡེ་ཤེས་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་གཙོ་བོ་ཡིན་པས་ན་མཆོག་སྟེ། དེ་འཛིན་པས་ན་ཡེ་ཤེས་རྡོ་རྗེའི་མཆོག་འཛིན་པ་དང་ངོ་། །སེམས་ཅན་ཀུན་གྱི་དོན་ནི་དགོས་པ་སྟེ། ཞི་བ་
ལ་སོགས་པའོ། །དེའི་དོན་དུ་ཡང་དག་པར་བྱུང་བ་ནི་བརྩོན་པའོ། །དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྟེ་སའི་སྙིང་པོ་ལ་སོགས་པའོ། །བློ་ལྟ་བུ་ནི་ཕྱག་རྒྱ་དང་ལྡན་པ་སྟེ། དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་
เล่ม ๓๐ · หน้า 100b
ཅད་ཀྱི་ཐུགས་ལ་བཞུགས་པས་ན་ཐུབ་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡང་དག་པར་སྦྱིན་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པས་ན་དོན་ཀུན་རྡོ་རྗེ་ཅན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པ་ཆེན་པོ་ཡིན་པས་ན་སྟོན་པ་ཆེ་སྟེ་རྡོ་རྗེ་འཆང་ཆེན་
པོའོ། །བདེན་པ་གཉིས་ཡོངས་སུ་མཁྱེན་པས་ན་དམ་ཚིག་དེ་ཉིད་མཁྱེན་པ་སྟེ། དེ་ལ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་མཆོད་དེ། རྡོ་རྗེའི་དབྱངས་འདི་གསུངས་པ་སྟེ། ལས་ཀྱི་ཚོགས་ལ་གསོལ་བ་འདེབས་པའི་ཚིག་ནི་རྡོ་རྗེའི་དབྱངས་ཡིན་ལ། དེས་གསུངས་པ་མཛད་པ་སྟེ།
སྒྲ་ཇི་བཞིན་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སངས་རྒྱས་ཀྱི་ཚུལ་ནི་སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་གིས་སྦྱོར་བའོ། །རྡོ་རྗེ་བཞི་འདའ་བར་མི་བྱ་བ་ཡིན་པས་བཟང་པོའོ། །སྦྱོར་བ་དྲུག་གི་བསྔགས་པ་བསྟན་ནས། བདེན་པ་གཉིས་བསྲེས་པ་ལ་
མངོན་པར་བསྟོད་པ་གསུངས་པ་ནི། ཡང་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ནི་སྦྱོར་བ་དྲུག་གོ། །དེའི་ཚུལ་ནི་བདེན་པ་གཉིས་ཀྱི་ངེས་པར་སྦྱོར་བའོ། །དེ་ཉིད་ཕུལ་དུ་བྱུང་བས་མཆོག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དོན་བསྡུས་པ་ཡིན་
པའི་ཕྱིར་རོ། །གཞན་ཡང་ཨེ་མའོ་ཞེས་བྱ་བ་ལ་ཆོས་ནི་བདེན་པ་གཉིས་སོ། །དེའི་ཚུལ་ནི་གཅིག་ཏུ་བྱས་པའོ། །དེ་ཞི་བ་ནི་སྤྲོས་པ་རྣམས་དང་བྲལ་བའོ། །གཞན་ཡང་ཨེ་མའོ་ཞེས་བྱ་བ་ལ་སོགས་པས་ནི་བསྟོད་པ་ཉེ་བར་སྡུད་པ་ཡིན་ཏེ། སྔགས་ནི་དེ་བཞིན་གཤེགས་པ་རྣམས་
སོ། །དེ་རྣམས་ཀྱི་ཚུལ་ནི་བྱང་ཆུབ་འཐོབ་པའི་ཐབས་སོ། །བརྟན་པ་ནི་མི་ཕྱེད་པ་སྟེ། ཉན་ཐོས་ལ་སོགས་པས་མི་ཤིགས་པའི་ཕྱིར་ཏེ། དགོངས་པས་བཤད་པའོ། །མ་སྐྱེས་པ་ཡི་ཞེས་བྱ་བ་ལ་སོགས་པ་ལ། མ་སྐྱེས་ཤིང་གཟོད་མ་ནས་ཞི་བའི་ཆོས་ཕུང་པོ་ལ་སོགས་པ་རྣམས་ལ། བྱང་
ཆུབ་འཐོབ་པར་བྱེད་པའི་ངོ་བོ་ཉིད་ཀྱིས་ཕུལ་དུ་བྱུང་ཞིང་ཁྱད་པར་ཅན་ཡིན་པ་དང་། མ་སྐྱེས་ཤིང་རྣམ་པར་མི་རྟོག་པ་སྟེ། བརྟག་པ་དང་བྲལ་ཞིང་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཡོད་པར་བདེན་ཞིང་ཡང་དག་པ་རྣམས་ཏེ། དེ་ལྟར་གྱུར་པའི་ཆོས་རྣམས་ཡན་ལག་དྲུག་གི་སྦྱོར་
เล่ม ๓๐ · หน้า 101a
བའི་ཐབས་ཀྱིས་ཡེ་ཤེས་འབྱུང་བ་སྟེ། རྡོ་རྗེ་སེམས་དཔའ་སྐྱེ་བར་བཅོམ་ལྡན་འདས་ཀྱིས་མང་དུ་གསུངས་ཤིང་བཀའ་སྩལ་པ་དེ་ནི་ངོ་མཚར་ཆེའོ་ཞེས་པ་སྟེ་དགོངས་པ་མ་ཡིན་པས་བཤད་པའོ། །དེ་ལྟར་བསྟོད་པས་བཅོམ་ལྡན་འདས་མཉེས་པར་བྱས་ནས། མངོན་པར་འདོད་པའི་
དོན་གྱི་ཕྱིར་གསོལ་བ་འདེབས་པ་བསྟན་པར་བྱ་བའི་ཕྱིར། སྔགས་རྣམས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་རྣམས་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལི་ལས་བྱུང་བ་རྣམས་སོ། །དེ་གང་དུ་བསགས་ཤིང་བསྡུས་པ་ནི་བསྡུས་པའོ། །རྡོ་རྗེ་བཟླས་པ་ནི་དོན་ཡོད་པའི་
བཟླས་པའོ། །ཡེ་ཤེས་ཆེན་པོ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །སྐུ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་འཇུག་པ་དང་གནས་པ་དང་ལྡང་བའི་ཚུལ་གྱིས་འཇུག་པའི་གནས་ནི། དཀྱིལ་འཁོར་ཏེ་དེ་བཤད་དུ་གསོལ་ཞེས་པའོ། །དེ་ཉིད་ཀྱི་ཁྱད་པར་བསྟན་
པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སྟེ། རྡོ་རྗེ་མི་ཕྱེད་པ་གསུམ་བསྒོམ་པའི་སྒྲབ་པ་པོ་གང་གིས་འཐོབ་པར་འགྱུར་བ་དེ་བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་བཟླས་པ་ནི་རྡོ་རྗེའི་བཟླས་བརྗོད་
དོ། །དེའི་སྦྱོར་བ་ནི་འཇུག་པ་ལ་སོགས་པའི་ཚུལ་གྱིས་ཡོངས་སུ་ཟློས་པའོ། །དེ་ཡིས་སངས་རྒྱས་ཀུན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཅིང་བདག་གིར་མཛད་པའོ། །རིག་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གསང་སྔགས་ཐམས་ཅད་ནི་སྦྲུལ་
ཞེས་བྱ་བ་ལ་སོགས་པའི་རིགས་ཏེ། ཚོགས་རྣམས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ནི་སྐུ་ལ་སོགས་པའི་ངོ་བོའོ། །གསང་སྔགས་ཟློས་པ་ནི་རྡོ་རྗེ་བཟླས་པའོ། །དེ་རིང་ཞེས་པ་ནི་ད་ལྟའོ། །གསུངས་ཤིག་པ་ནི་བཀའ་སྩོལ་ཅིག་པའོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་
རྒྱ་མཚོ་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །གསན་པ་ནི་ཤེས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་པ་ནི། བསླབ་པ་ལ་གནས་པའོ། །སངས་རྒྱས་དུས་གསུམ་ལས་བྱུང་རྣམས། །ཞེས་པ་ནི། འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཅན་དུ་གྱུར་པའོ། །བྱུང་
เล่ม ๓๐ · หน้า 101b
བ་ནི་རྫོགས་པའོ། །གང་ཞེ་ན། སློབ་པའི་རྣལ་འབྱོར་པའོ། །རྡོ་རྗེ་སྔགས་ནི་རབ་བསྒོམས་པས། །ཞེས་བྱ་བ་ནི། རྡོ་རྗེ་བཟླས་པ་ཡོངས་སུ་ཤེས་པས་སོ། །ཡེ་ཤེས་མཉམ་མེད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཐོབ་པར་འགྱུར་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་
གསོལ་བ་བཏབ་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་མ་ཐག་ཏུའོ། །ནམ་མཁའ་རྡོ་རྗེ་ནི་དོན་དམ་པའི་བདེན་པའོ། །ཡེ་ཤེས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉི་ག་ལས་བྱུང་བས་ན་ནམ་མཁའ་རྡོ་རྗེ་ཡེ་ཤེས་ལས་བྱུང་བ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །བྱེད་ཅེས་བྱ་བ་ལ་སོགས་
པས་ནི་དེ་ཉིད་ཀྱི་ཁྱད་པར་སྟོན་པ་ཡིན་ཏེ། ཞི་བ་ལ་སོགས་པའི་བྱ་བ་རྣམས་སྐྱེད་པས་ན་བྱེད་པའོ། །དབང་དུ་གྱུར་པ་མ་ཡིན་པའི་མངོན་སྤྱོད་ལ་སོགས་པའི་ལས་སྤྱོད་པས་སྐྱེད་པའོ། །དམ་པ་ན་ཚངས་པ་ལ་སོགས་པའོ། །དེ་རྣམས་ཀྱི་མཆོག་ནི་དགྲ་བཅོམ་པ་ལ་སོགས་པའོ། །
དེ་རྣམས་པས་ཀྱང་ལྷག་པར་གྱུར་པས་དམ་པ་མཆོག་གི་གཙོས་ཏེ། བཅོམ་ལྡན་འདས་ཉིད་དེ་དེས་རང་ཉིད་ཀྱི་རྡོ་རྗེ་བཟླས་པ་འདི་གསུངས་ཤིང་བཀའ་སྩལ་པའོ། །སྔགས་ཀྱི་དོན་ཀུན་ཞེས་བྱ་བ་ལ་སོགས་པ་ལ། གསང་སྔགས་ཐམས་ཅད་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པའོ། །
དེ་རྣམས་ཀྱི་གོས་ནི་ཡི་གེ་གསུམ་མོ། །དེའི་བཟླས་པ་ནི་འཇུག་པ་ལ་སོགས་པ་གསུམ་མོ། །དེ་རྣམས་ཡོད་པ་ནི་རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན་པ་སྟེ། དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་བཟླས་པ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་རྣམ་པར་དབྱེ་བའི་ཕྱིར་རྡོ་རྗེ་དབྱེ་བ་ཞེས་བྱ་བ་ལ་སོགས་
ཕེ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་གནས་ནི་ཉེ་བར་ལེན་པའོ། །དེ་གང་ཡིན་ཞེ་ན། སྤྲུལ་པའི་སྐུ་ལེན་པའོ། །དེ་ཡོད་པ་ལ་སྤྲོ་བ་རྣམ་པ་གསུམ་པོ་འཇུག་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བྱ་བ་རྫོགས་པར་བྱའོ། །འདིའི་ཕན་ཡོན་ནི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་
པ་སྟེ། རྡོ་རྗེ་བཟླས་པ་བཤད་མ་ཐག་པ་འདི་ཡིས་ནི། རྡོ་རྗེ་གསུམ་སྟེ་སྐུ་ལ་སོགས་པའོ། །དེའི་ཐུགས་ནི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཐ་མི་དད་པར་གྱུར་པ། ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བར་འགྱུར་བའོ། །བླ་ན་མེད་པའི་མཆོད་པ་བསྟན་
เล่ม ๓๐ · หน้า 102a
པར་བྱ་བའི་ཕྱིར། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཞེས་བྱ་བ་སྤྲུལ་པའི་སྐུ་འཛིན་པ་བསྒོམ་ཞིང་བསྐྱེད་ནས། སངས་རྒྱས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་ཀྱི་མཆོད་པའི་མཆོག་གི་ཁྱད་
པར་བརྟག་པར་བྱའོ། །གང་གིས་ཞེ་ན། ཡེ་ཤེས་རྡོ་རྗེ་སྟེ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པས་སོ། །རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ་སྔས་བཞིན་ནོ། །ཕྱི་རོལ་གྱི་མཆོད་པ་ལ་མངོན་པར་ཞེན་པ་སྤང་བར་བྱ་བའི་ཕྱིར། ཡང་སངས་རྒྱས་རྣམས་ཀྱི་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པའི་མཆོག་བརྟག་པ་ཞེས་པ་མ་ལུས་པའི་མཆོད་པའི་ཚོགས་བསམས་ནས། འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སུ་བསྒོམས་ནས་མཆོད་པ་བྱ་སྟེ། བླ་ན་ཡོད་པ་དང་བཅས་པའི་མཆོད་པའི་ཚོགས་དེ་
བཞིན་གཤེགས་པའི་སྐུ་ལ་སོགས་པར་ཡེ་ཤེས་རྡོ་རྗེས་ཁོང་དུ་ཆུད་པར་བྱའོ། །འདི་ནི་ཞེས་པ་ནི་འདི་ལྟ་བུའི་ཡོངས་སུ་ཤེས་པའོ། །བྱང་ཆུབ་མཆོག་ཐོབ་པའོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐྱེད་པ་སྟེ་ཕན་ཡོན་ནོ། །དེ་ལྟར་དབང་པོ་རབ་དང་ལྡན་པའི་མཆོད་
པ་བསྟན་ནས། དབང་པོ་ཐ་མལ་པ་རྣམས་ཀྱི་ཡང་བསྟན་པར་བྱ་བའི་ཕྱིར། ཡང་ན་དབྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ན་ཞེས་བྱ་བ་ནི་རྣམ་པ་གཞན་སྟོན་པའི་ཚིག་གི་ཕྲད་དོ། །དབྱེ་བ་རྣམ་པ་གསུམ་གྱིས་ཞེས་བྱ་བ་ནི། ལྷ་རེ་རེའི་སྤྲུལ་པ་ཡང་སྐུ་ལ་སོགས་
པའི་དབྱེ་བ་རྣམ་པ་གསུམ་གྱིས་སོ་སོར་ཐ་དད་པར་སྤྲོ་ཞིང་། རང་གི་ལུས་ཀྱི་དཀྱིལ་འཁོར་ལས་ཉེ་བར་འབྱིན་པའི་བྱ་བ་བྱེད་པའོ། །སྤྲུལ་པའི་དཀྱིལ་འཁོར་པ་རྣམས་ཀྱི་ཉེ་བར་དམིགས་པ་དགག་པར་བྱ་བའི་ཕྱིར། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་
གསུང་དང་ཐུགས་ཀྱི་བདག་མེད་པ་སྟེ། ལྷ་དེ་རྣམས་ཀྱི་སྐུ་ལ་སོགས་པ་དངོས་པོ་མེད་པ་རང་གི་ཡེ་ཤེས་ཀྱི་སེམས་ཏེ། སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཡང་དག་པར་སྤྲོ་ཞིང་གསལ་བར་བྱའོ། ཁ་སྦྱར་བ་བསྟན་པར་བྱ་བའི་ཕྱིར། བརྗོད་ནས་
เล่ม ๓๐ · หน้า 102b
རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སྤྲུལ་པའི་ལྷའི་སྐུ་བརྗོད་པ་སྟེ་གནས་ནས་བསྐྱོད་ནས། སྤྲོ་བ་སྟེ་ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་བདག་ཉིད་དུ་གཞག་པར་བྱ་བ་དང་། རྫོགས་ནས་ཏེ་ཁ་སྦྱར་བར་བྱ་བའི་གནས་སྐབས་སུ་རབ་ཏུ་བསྡུ་བ་སྟེ། ཏིང་ངེ་འཛིན་གྱི་སེམས་
གཞུག་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཡེ་ཤེས་ཀྱི་སྤྱན་ཕྱེ་བ་ནི་ཡེ་ཤེས་ཀྱི་མིག་རྣམ་པར་གདངས་པ་རྣམས་ཀྱིའོ། །སངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིའོ། །སྐུ་རྣམ་པར་སྣང་མཛད་དོ། །གང་གིས་དེ་མངོན་པར་བྱང་ཆུབ་ཅིང་རྫོགས་པར་
བྱེད་པ་དེ་ནི། སྐུའི་རྡོ་རྗེ་རྫོགས་པའི་བྱང་ཆུབ་སྟེ་ཡི་གེ་ཨོཾ་མོ། །དེའི་གཟུང་བ་མེད་པ་ནི་སྤྱོད་ཡུལ་ཇི་ལྟ་བ་བཞིན་དུ་མེད་པའི་དངོས་པོ་དང་། ངོ་བོ་ཉིད་དང་བྲལ་བས་དངོས་པོ་མེད་པ་ཉིད་དུ་ཡོངས་སུ་ཤེས་པ་དེ་ནི། དངོས་དང་དངོས་མེད་རྣམ་དཔྱད་པ་སྟེ། དེ་ནི་སངས་རྒྱས་ཀྱི་སྐུ་
ཞེས་བྱ་བར་བཤད་དེ། དེ་ནི་སྐུའི་བཟླས་པ་ཞེས་བྱའོ། །གསུང་གི་དམ་ཚིག་ནི་འོད་དཔག་ཏུ་མེད་པའོ། །དེའི་མངོན་པར་བྱང་ཆུབ་པ་ནི་ཡི་གེ་ཨཱཿ་འོ། །དེ་སྒྲས་བརྗོད་ཅིང་རྣ་བའི་དབང་པོས་འཛིན་པས་ན་སྒྲའོ། །དེ་ལས་བཟློག་པ་ནི་སྒྲ་མིན་པ་སྟེ། རྣ་བས་ཟིན་པའམ་མ་ཟིན་པ་
ཞེས་པའི་བར་དུའོ། །བརྟག་པ་ནི་སྒྲ་དང་སྒྲ་མིན་པ་ལ་རྣམ་པར་དཔྱད་པའོ། །དེ་ནི་གསུང་གི་རྡོ་རྗེའི་བཟླས་པར་བཤད། ཅེས་བྱ་བའོ། །ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པའོ། །དེའི་རྫོགས་པའི་བྱང་ཆུབ་ནི་ཡི་གེ་ཧཱུཾ་ངོ་། །དེའི་གནས་པ་ནི་རྡོ་རྗེའི་ངོ་བོ་ཉིད་དོ། །དེའི་རྣམ་པར་
དཔྱད་པ་ནི་ཐུགས་ཀྱི་ཇི་ལྟ་བ་ཉིད་ཡོངས་སུ་ཚོལ་བ་སྟེ། དེ་ནི་ཐུགས་ཀྱི་བཟླས་པ་ཞེས་བྱའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་སྒོ་ནས་རྡོ་རྗེ་བཟླས་པ་བཤད་ནས། རྡོ་རྗེ་བཟླས་པའི་གཙོ་བོ་བསྟན་པར་བྱ་བའི་ཕྱིར། དོན་གྱི་རྗེས་འགྲོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨོཾ་
ལ་སོགས་པའི་དོན་ནི་འཇུག་པ་ལ་སོགས་པ་སྟེ། དེ་རྟོགས་ཤིང་རྗེས་སུ་འགྲོ་བའི་བཟླས་པ་གང་ཡིན་པ་དེ་ནི་དོན་གྱི་རྗེས་འགྲོའི་བཟླས་པའོ། །རྒྱུ་དེས་ན་ངོ་བོ་ཉིད་མེད་ཅིང་དངོས་པོ་དང་བྲལ་ཞིང་མི་ཤིགས་པས་བཟང་ལ། རྒྱུན་མི་འཆད་པར་རྣམ་པར་འཕྲོ་བའི་ཚུལ་གྱིས་དུས་གསུམ་
เล่ม ๓๐ · หน้า 103a
གྱི་སངས་རྒྱས་ཏེ། དུས་གསུམ་དུ་བྱུང་བའི་དེ་བཞིན་གཤེགས་པ་རྣམས་རྣམ་པར་དཔྱད་ཅིང་ཡོངས་སུ་ཤེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཤིགས་པའི་ཚུལ་གྱིས་རྟོགས་པ་དེ་ནི། རིན་ཆེན་བཟླས་པ་ཞེས་བཤད་དོ། །ཡང་ལྡང་བ་བསྟན་པར་བྱ་
བའི་ཕྱིར། སངས་རྒྱས་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་ཞེས་པ་སྙིང་གའི་པདྨ་ལས་ཐམས་ཅད་དུ་སྟེ། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སུ། སྐུའི་སྤྲིན་རྣམས་ཏེ་མི་ཤིགས་པས་བཞུད་ཅིང་བྱོན་པའི་རྡོ་རྗེའི་དོན་ཏེ། འཇུག་པ་དང་གནས་པ་དང་ལྡང་
བའི་བདག་ཉིད་ཅན་གྱི་སྤྲོ་བ་གང་ཡིན་པ་དེ་ནི། ཐོགས་མེད་བཟླས་པ་ཞེས་བཤད་དོ། །དེ་ལྟར་ཡིད་ཀྱི་བཟླས་པ་བཤད་ནས། ངག་གི་བཟླས་པ་བསྟན་པར་བྱ་བའི་ཕྱིར་ཁྲོ་བོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་སོ། །དེ་རྣམས་ཀྱི་དམ་
ཚིག་ནི་བསྐྲད་པ་ལ་སོགས་པའི་ཆོ་ག་སྟེ། དེ་ཡོངས་སུ་ཤེས་པས་སོ། །རང་གི་རྡོ་རྗེ་ནི་རང་གི་ལྕེ་སྟེ། དེས་སྒྲ་བསྒྲགས་ཤིང་སྐད་དུ་འདོན་པའོ། །དཀྱིལ་འཁོར་ནི་ལུས་ཏེ་དེ་ནི་རང་གི་རྡོ་རྗེའི་དཀྱིལ་འཁོར་དུའོ། །སྔགས་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ཡི་གེའི་
ཚིག་ནི་ཡི་གེ་ཨོཾ་ལ་སོགས་པའོ། །གྲག་པ་ནི་རང་ངམ་གཞན་གྱིས་ཐོས་པར་རོ། །དེ་ལྟ་བུའི་བཟླས་པ་ནི་ཁྲོ་བོའི་བཟླས་པ་ཞེས་བྱའོ། །འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེའི་དོན་གྱིས་མྱོས་པར་གྱུར་པ་ནི་དེ་ཚོལ་བ་ལྷུར་ལེན་པའོ། །ཀུན་ཏུ་སྐྱོབ་ཅིང་ཕན་
པར་དགའ་བ་ནི། རང་གི་དོན་ཕུན་སུམ་ཚོགས་པའི་མཐར་ཐུག་པས་སོ། །སེམས་ཅན་དེ་རྣམས་གཏི་མུག་སྟེ་རྣམ་པར་སྣང་མཛད་དོ། །དེའི་གནས་ནི་གཏི་མུག་རྣམ་པར་དག་པ་སྟེ། དེར་འཇོག་པར་གང་སེམས་པ་དེ་ནི་གཏི་མུག་བཟླས་པ་ཞེས་བྱའོ། །འདོད་ཆགས་ནི་བུད་
མེད་དང་སྐྱེས་པ་ཕན་ཚུན་ཆགས་པའོ། །དེ་བརྟན་པས་ན་རྡོ་རྗེའོ། །དེ་ལས་བྱུང་བའི་ཚིག་ནི་དེ་ལས་སྐྱེས་པའི་ཚིག་གོ། །ལུས་དང་ངག་སེམས་ལ་གནས་པའི། །ཞེས་བྱ་བ་ནི། ལུས་ལ་སོགས་པ་ཡིད་དུ་འོང་བར་གཏོགས་པའི་ཚིག་ཐོས་པའོ། །སེམས་ཅན་ནི་འདོད་ཆགས་
เล่ม ๓๐ · หน้า 103b
ཅན་དེ་རྣམས་སོ། །འདོད་ཆགས་རྒྱ་མཚོ་ནི་འོད་དཔག་ཏུ་མེད་པའོ། །དེའི་གནས་ནི་འདོད་ཆགས་རྣམ་པར་དག་པ་སྟེ། དེར་འཇོག་པར་རྣལ་འབྱོར་པས་གང་བསྒོམ་པ་དེ་ནི་འདོད་ཆགས་བཟླས་པ་ཞེས་བཤད་དོ། །ཞེ་སྡང་ནི་སེམས་ཅན་ལ་མངོན་པར་འཁུ་བ་སྟེ་དེ་ཉིད་ནི་རྡོ་རྗེའོ། །དེ་ལས་
བྱུང་བའི་སེམས་ནི་ལུས་དང་ངག་དང་སེམས་ལ་གནས་པའི་ལུས་ལ་སོགས་པའི་ཡུལ་མཁྱེན་ནས། སེམས་ཅན་ཞེས་པ་ཞེ་སྡང་དང་ལྡན་པ་རྣམས་ཞེ་སྡང་སྟེ་མི་བསྐྱོད་པའོ། །དེའི་གནས་ནི་འོད་གསལ་བ་སྟེ། དེར་གཞག་པའི་བྱ་བ་གང་ཡོངས་སུ་ཤེས་པ་དེ་ནི་ཞེ་སྡང་གི་བཟླས་པ་ཞེས་བྱའོ། །དམ་ཚིག་རྡོ་
རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དེ་ཉིད་ནི་འོད་གསལ་བའོ། །དབུ་མ་དམ་ཚིག་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་དབུས་ཏེ་སྙིང་པོར་གྱུར་པའོ། །དེ་ཉིད་དམ་ཚིག་རྡོ་རྗེ་ཡི་སྟེ། སྒྲུབ་པ་པོ་ཐམས་ཅད་ཀྱི་བཟླས་པ་མ་ནིང་སྟེ། དངོས་པོ་མེད་པའི་བཟླས་པ་ཞེས་
བཤད་དེ་དགོངས་པས་བཤད་པའོ། །འདོད་ཆགས་དེ་ཉིད་ཅེས་བྱ་བ་སྟེ། ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མ་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་ནི། འདོད་ཆགས་ཀྱི་ཡང་དག་པའམ་དེ་ཁོ་ན་ཉིད་དོ། །དེའི་དོན་ནི་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །
དེ་ཤེས་པས་ན་འདོད་ཆགས་དེ་ཉིད་དོན་སྒོམ་པའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བདག་པོར་གྱུར་པ་གང་ཡིན་པ་དེ་རྣམས་ནི་རྡོ་རྗེ་བདག་པོ་སྟེ། དེ་ཐམས་ཅད་ནི་སྒྲུབ་པ་པོ་རྣམ་པ་གཉིས་སོ། །སེམས་ཅན་ཀུན་ལ་ཕན་འདོད་པའི་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་བྱང་
ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ་། །འདོད་ཆགས་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔའོ། །རྫོགས་པར་མཛད་པ་ནི་མཐར་ཕྱིན་པར་མཛད་པའོ། །འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་ནི་སྐྱེས་པ་འབའ་ཞིག་གིས་སྒྲུབ་པར་མ་ཟད་ཀྱི་བུད་མེད་ཀྱང་སྒྲུབ་པར་བྱེད་དོ་ཞེས་བསྟན་
པར་བྱ་བའི་ཕྱིར། རིག་པ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་ཆེན་མོ་ནི་ལེགས་པར་བསླབ་པའི་ཕྱག་རྒྱའོ། །སྤྱན་ལ་སོགས་པ་ནི་པདྨ་སྤྱན་ལ་སོགས་པའོ། །འདོད་པ་དེ་ནི་གཟུགས་ལ་སོགས་པའོ། །དེ་རྣམས་ཀྱི་དོན་ནི་དེ་རྣམ་པར་དག་པའོ། །དེ་ལ་བརྩོན་པ་
เล่ม ๓๐ · หน้า 104a
ནི་དེ་བསྒོམ་པ་ལྷུར་ལེན་པའོ། །འདོད་པའི་ལོངས་སྤྱོད་ནི་ཡུལ་རྣམས་སོ། །ཇི་ལྟར་འདོད་པ་ནི་ཇི་ལྟར་བདེ་བར་རོ། །བསྟེན་ན་ཞེས་པ་ནི་བསླབས་པར་གྱུར་པའོ། །འགྲུབ་པར་འགྱུར་བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་འགྱུར་བ་སྟེ། སྒྲ་ཇི་བཞིན་པའོ། །གཏི་
མུག་དམ་ཚིག་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་གི་དམ་ཚིག་ནི་རྣམ་པར་སྣང་མཛད་དོ། །དེ་ལས་བྱུང་བ་ནི་དེ་ལས་སྐྱེད་པའོ། །རིག་པའི་རྒྱལ་པོ་ནི་གཙུག་ཏོར་ལ་སོགས་པའོ། །རྡོ་རྗེ་ཅན་ནི་སའི་སྙིང་པོ་ལ་སོགས་པའོ། །མ་ནིང་དག་གིས་གནས་འགྲུབ་པ། །ཞེས་
བྱ་བ་ལ། མ་ནིང་གི་གནས་ནི་ཡི་གེ་ཨོཾ་ལ་སོགས་པ་སྟེ། དེ་ལས་བྱུང་བའི་དངོས་གྲུབ་དམ་པ་ནི། བྱང་ཆུབ་རབ་ཏུ་སྟེར་ཞིང་འགྲུབ་པར་འགྱུར་བའོ། །ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའོ། །ཞེ་སྡང་གི་གནས་ནི་ཡི་གེ་ཧཱུཾ་སྟེ། དེ་ལས་སྐྱེས་པ་ནི་དེ་ལས་བྱུང་བའོ། །གསོད་ལ་རྟག་ཏུ་
བརྩོན་པ་ནི་གདུག་པ་རྣམས་གདུལ་བའི་ལས་ཅན་ནོ། །མཆོག་གི་ཆོས་ཅན་ནི་ཤིན་ཏུ་བརྟུལ་བ་ཅན་གྱི་སྒྲུབ་པ་པོའོ། །གསོད་པའི་དོན་གྱིས་ཞེས་བྱ་བ་ནི་དྲག་པོའི་ལས་ཀྱིས་སོ། །འགྲུབ་པར་འགྱུར་བ་ནི་མངོན་པར་འདོད་པའི་དོན་འགྲུབ་པར་བྱེད་པ་སྟེ། དྲང་བའི་དོན་ཏོ། །གཏི་མུག་གི་དམ་ཚིག་
ནི་མ་རིག་པའོ། །དེ་ལས་བྱུང་བ་ནི་ཉེ་བར་ལེན་པའི་ཕུང་པོ་བླངས་པའོ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ནི་སྐྱེས་པ་དང་བུད་མེད་དོ། །མ་ནིང་ནི་མ་རིག་པ་སྟེ་དེའི་གནས་ནི་འོད་གསལ་བ་སྟེ། དེར་དེ་མངོན་སུམ་དུ་བྱེད་པས་གྲུབ་པ་ནི་རྫོགས་པའོ། །དངོས་གྲུབ་དམ་པ་ནི་དངོས་གྲུབ་ཁྱད་པར་
ཅན་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །རབ་ཏུ་སྟེར་བ་ནི་སྒྲུབ་པ་པོ་རྣམས་ལ་སྩོལ་བར་མཛད་པའོ། །ཁྲོ་བོ་ནི་ཐབས་ཀྱི་རང་བཞིན་ནོ། །ཞེ་སྡང་གི་གནས་ནི་ཤེས་རབ་བོ། །དེ་ལས་སྐྱེས་པ་ནི་དེ་ལས་བྱུང་བའོ། །གསོད་ལ་རྟག་ཏུ་བརྩོན་པ་ནི་འཆི་བའི་བདག་ཉིད་ཅན་ནོ། །མཆོག་
གི་ཆོས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་གང་ལ་ཡོད་པ་དེ་ནི་མཆོག་གི་ཆོས་ཅན་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །དེ་ལྟར་གྱུར་པའི་རང་བཞིན་གྱིས་གསོད་པའི་དོན་ཏེ། གསོད་པ་ནི་ཕུང་པོ་ལ་སོགས་པ་དངོས་པོ་མེད་པར་བྱས་པའོ། །ངེས་པའི་དོན་ནི་བདེན་པ་གཉིས་སུ་མེད་པར་གྱུར་
เล่ม ๓๐ · หน้า 104b
པ་ལས་རྡོ་རྗེ་འཆང་ཉིད་དུ་སྐྱེས་པའོ། །དེའི་རང་བཞིན་འགྲུབ་པར་འགྱུར་ཞིང་དབང་དུ་འགྱུར་བའོ། །སྐྱེས་བུ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། སྡུད་པར་བྱེད་པའི་ཚིག་སྟེ། ངེས་པའི་དོན་ཏོ། །གཞན་ཡང་བསམ་གཏན་གཞན་དག་བསྟན་
པར་བྱ་བའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་འཁོར་ལོ་ཅན་ཏེ། ཡེ་ཤེས་སེམས་དཔའི་སྙིང་གའི་དབུས་སུ་སྟེ། ཐུགས་ཀའི་དབུས་སུ་གནས་པར་འཁོར་ལོ་ཞེས་པ་རྣམ་པར་སྣང་མཛད་ཀྱི་མཚན་མ་བསྒོམ་སྟེ། ཇི་ལྟ་བུ་ཞེ་ན། གསལ་བའི་དཀྱིལ་འཁོར་ཏེ་
ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་གནས་པར་བསམ་མོ། །དབུས་སུ་ནི་འཁོར་ལོའི་དབུས་སུའོ། །འཁོར་ལོའི་དོན་སྒོམ་མོ་ཞེས་བྱ་བ་ནི། འཁོར་ལོའི་དོན་བསྒྲུབ་པས་ན་འཁོར་ལོའི་དོན་བསྒྲུབ་པར་བྱ་བ་སྟེ། དེ་བསྒོམ་པར་བྱའོ། །དེས་འདི་སྐད་སྟོན་པར་འགྱུར་ཏེ། རྣམ་པར་
སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་དཀྱིལ་འཁོར་གྱི་སྟེང་དུ་འཁོར་ལོ་རྣམ་པར་བསྒོམས་ལ་བསྒྲུབ་པར་བྱ་བ་བཀུག་སྟེ། དེར་བཅུག་ལ་བཞག་སྟེ། ཇི་ལྟ་བ་བཞིན་དུ་ཞི་བའི་ལས་བྱའོ། །དེ་བཞིན་དུ་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས།
ཡེ་ཤེས་རྡོ་རྗེ་ཅན་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་སྟེ། དེར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་བསྒོམས་ལ། དེར་རྡོ་རྗེའི་སྔགས་ཀྱི་དོན་བསྒོམ་པར་བྱ་སྟེ། རྡོ་རྗེའི་སྔགས་ནི་ཡི་གེ་ཧཱུཾ་ངོ་། །དེས་དོན་དུ་གཉེར་ཞིང་གཟིར་
བར་བྱེད་པས་ན། རྡོ་རྗེའི་སྔགས་དོན་ནི་བསྒྲུབ་པར་བྱའོ། །དེ་བསྒོམ་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་དང་ལྡན་པས། རིན་ཆེན་ཡེ་ཤེས་ཅན་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རིན་པོ་ཆེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་རིན་པོ་ཆེ་རྣམ་པར་བསྒོམས་ལ། དེར་རིན་པོ་ཆེའི་སྔགས་
ཀྱི་དོན་བསྒོམ་པར་བྱ་སྟེ། རིན་ཆེན་སྔགས་ནི་ཡི་གེ་སཱའོ། །དེས་དོན་དུ་གཉེར་ཞིང་རྒྱས་པར་འགྱུར་བས་ན་རིན་ཆེན་སྔགས་དོན་ནི་བསྒྲུབ་པར་བྱ་བ་སྟེ། དེ་བསྒོམ་པ་ལ་ཡང་དེ་སྐད་ཅེས་བྱའོ། །འོད་དཔག་མེད་ཀྱི་སྦྱོར་བ་དང་ལྡན་པས། པདྨོ་ཡེ་ཤེས་ཅན་ཏེ་རང་གི་སྙིང་གར་
เล่ม ๓๐ · หน้า 105a
བཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཆོས་ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་པ་སྟེ། པདྨ་ལ་གནས་པའི་པདྨ་བསམས་ལ། དེར་པདྨའི་སྔགས་ཀྱི་དོན་བསྒོམ་པ་སྟེ། པདྨའི་སྔགས་ནི་ཡི་གེ་ཨཱཿའོ། །དེས་དོན་དུ་གཉེར་ཞིང་དབང་དུ་བྱེད་པས་ན་པདྨའི་སྔགས་དོན་
ནི། བསྒྲུབ་པར་བྱ་བ་སྟེ་དེའི་དོན་བསྒོམ་པར་བྱའོ། །དོན་ཡོད་པར་གྲུབ་པའི་སྦྱོར་བ་དང་ལྡན་པས། རལ་གྲི་ཡེ་ཤེས་ཅན་ཏེ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དམ་ཚིག་གི་དཀྱིལ་འཁོར་གྱི་དབུས་ན་གནས་པ་སྟེ། སྣ་ཚོགས་རྡོ་རྗེའི་སྟེང་ན་གནས་པའི་རལ་གྲི་བསམ་པར་བྱའོ། །དེར་
རལ་གྲི་སྔགས་ཀྱི་དོན་བསྒོམ་པ་སྟེ། རལ་གྲིའི་སྔགས་ནི་ཡི་གེ་ཧཱའོ། །དེས་དོན་དུ་གཉེར་ཞིང་རྣམ་པ་ཐམས་ཅད་ཀྱིས་སྒྲུབ་པར་བྱེད་པས་ན། རལ་གྲིའི་སྔགས་དོན་ནི་བསྒྲུབ་པར་བྱ་བ་སྟེ་དེས་བསྒོམ་པར་བྱའོ། །འདི་ཉིད་ཀྱི་ཆོ་གའི་ལྷག་མ་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ཀུན་ནི་འཁོར་ལོ་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་ངོས་རྣམ་པ་བཞི་རྣམས་སུ་སངས་རྒྱས་ལྔ་རྣམས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གོ་རིམས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །འོད་ཟེར་ལྔ་ཡི་བྱེ་བྲག་གིས། །ཞེས་བྱ་བ་
ནི། ལས་དང་རྗེས་སུ་མཐུན་པའི་ཁ་དོག་གིས་སྤྲོ་བར་བསྒོམ་མོ། །དེས་ཅིར་འགྱུར་ཞེ་ན། བྱང་ཆུབ་སྟེ་མངོན་པར་འདོད་པའི་འབྲས་བུ་འགྲུབ་པ་འཐོབ་པར་འགྱུར་རོ། །ད་ནི་རིམ་པའི་དབྱེ་བས་སྤྲོ་བ་བསྟན་པར་བྱ་བའི་ཕྱིར། སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་
རྣམས་ཐམས་ཅད་ནི་སྒྲུབ་པ་པོ་ཐམས་ཅད་ཀྱི་སྟེ། སྤྲོ་བ་ནི་ལྷ་རྣམས་སྤྲུལ་པའོ། །བྱེ་བྲག་རྣམ་པ་གཉིས་ནི་རྫོགས་པ་དང་མ་རྫོགས་པའི་བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས་སོ། །བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཀྱི་བསྟན་པར་བྱ་བའི་ཕྱིར། སྐུ་གསུམ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། སྐུ་རྡོ་རྗེ་ལ་སོགས་པའི་བྱེ་བྲག་གིས་སྤྲོ་བ་དང་བསྡུ་བའི་དགོད་པས་ལྷ་རྣམས་སྤྲོ་བ་དང་བསྡུ་བ་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ལུས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུའི་ངོ་བོ་ཉིད་ནི་ལུས་ཀྱི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དོ། །སེམས་
เล่ม ๓๐ · หน้า 105b
ཀྱིས་ནི་བདག་ཉིད་ཀྱི་སེམས་ཐུགས་ཀྱི་ངོ་བོ་ཉིད་དེ། མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་སོ། །ངག་གི་བདག་ཉིད་ཀྱི་ཚིག་གི་ཚོགས་སོ། །གསུང་གི་ངོ་བོ་ཉིད་ནི་འོད་དཔག་ཏུ་མེད་པའི་རང་བཞིན་གྱིས་སོ། །དེས་མཆོད་པར་ཤེས་ནས་མཆོད་པའི་གནས་ཏེ། འདོད་པའི་དོན་ཡང་དག་པར་འགྲུབ་
པ་འཐོབ་པར་འགྱུར་ཞིང་རྙེད་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་འཁོར་ལོ་ནི་བསྡུས་པ་སྟེ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་དེས་རྡོ་རྗེ་ལྔ་རྣམས་ཞེས་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དེ་རྣམ་པར་བསྒོམ་པར་བྱའོ། །
དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་སྐུ་རྡོ་རྗེ་སྟེ་དམ་ཚིག་སེམས་དཔའི་དབུས་སུ་ཞེས་བྱ་བ་སྙིང་གར་བདག་པོ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀར་རང་སྔགས་རྡོ་རྗེའི་གཟུགས་ཞེས་བྱ་བ་ཏིང་ངེ་འཛིན་སེམས་དཔའི་གཟུགས་ཏེ་སྐུ་བསམ་པར་བྱའོ། །ཡང་དཀྱིལ་
འཁོར་རྣམ་པ་བཞི་སྟེ། ཆུ་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཞི་པོ་དག་ཁ་དོག་རྣམ་པ་བཞི་ཞེས་བྱ་བ་དཀར་པོ་ལ་སོགས་པར་ཀུན་ཏུ་བརྟགས་ཤིང་བསམས་ལ། སྙིང་གར་ཏེ་ཆུ་ལ་སོགས་པའི་དཀྱིལ་འཁོར་གྱི་དབུས་སུ་སྔགས་ཞེས་པ་ཡི་གེ་ཨོཾ་ལ་སོགས་པ་དེ་རྣམས་ཀྱི་
དོན་འཇུག་པ་ལ་སོགས་པ་སྟེ། དེ་རྣམས་བསྒོམ་ཞིང་ཡོངས་སུ་ཤེས་པར་བྱའོ། །རྡོ་རྗེ་རྣམ་པ་བཞི་ནི་ཆུ་ལ་སོགས་པའི་དཀྱིལ་འཁོར་བཞི་སྟེ། དེའི་ལས་ནི་ཞི་བ་ལ་སོགས་པའོ། །དེ་རྣམས་བསམ་གཏན་རྡོ་རྗེ་ཅན། །ཞེས་པ་རྣལ་འབྱོར་པས་ལས་དེ་དག་བྱེད་ཅིང་རྫོགས་པར་
བྱེད་པའི་ཆོ་ག་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་མཆོག་ཏུ་བཟང་ཞིང་རྟག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་ལས་བརྒྱུད་པ་ལས་འོངས་པ་ཡིན་ནོ། །དེ་བས་ན་གསང་བ་སྟེ། ལས་དང་པོ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་བཞི་པོ་དེ་
དག་ལས་ཀྱི་བྱེ་བྲག་གིས་བསྟན་པར་བྱ་བའི་ཕྱིར། ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བ་ནི་རིམས་ལ་སོགས་པ་སེལ་བར་བྱེད་པའི་མཚན་ཉིད་ཅན་གྱི་ལས་ལ་ནི་སྤྱན་གྱི་ཚུལ་ཏེ། ཁ་དོག་དཀར་པོ་དལ་བའི་རང་བཞིན་ཅན་གྱི་ཆུའི་དཀྱིལ་འཁོར་བསྒོམ་པར་བྱའོ། །
เล่ม ๓๐ · หน้า 106a
རྒྱས་པ་སྟེ་ནོར་འཕེལ་བར་བྱ་བ་ལ་སོགས་པ་ལ་ནི་རྣམ་པར་སྣང་མཛད་ལ་གནས་ཏེ་ཞེས་བྱ་བར་སྦྱར་ཏེ། གསེར་ཞུན་མ་ལྟར་རྣམ་པར་མཛེས་ཤིང་འབར་བས་ན་རྣམ་པར་སྣང་མཛད་དེ། རིན་ཆེན་འབྱུང་ལྡན་ནོ། །དེའི་གནས་ནི་སེར་པོར་སྣང་བ་གཉི་ག་ལས་འབྱུང་བ་དབང་ཆེན་
གྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་དབང་ལ་ནི་རྡོ་རྗེ་པདྨོ་ཅན་ཞེས་བྱ་བར་སྦྱར་ཏེ། དབང་ཞེས་པ་མ་ཆགས་པ་རྣམས་རྗེས་སུ་ཆགས་པར་བྱ་བའི་ཕྱིར། པདྨོ་རྡོ་རྗེ་ཅན་འོད་ཟེར་དམར་པོའི་རང་བཞིན་ཅན་གཡས་ཀྱི་སྒོ་ནས་འབྱུང་བ་མེའི་དཀྱིལ་འཁོར་བསྒོམ་མོ། །མངོན་སྤྱོད་དེ་གསད་པ་ལ་སོགས་
པ་དྲག་པོའི་ལས་རྣམས་ལ་ནི་རྡོ་རྗེ་ཁྲོ་བོ་སྟེ། འོད་ཟེར་ནག་པོའི་ངོ་བོ་ཉིད་གཡོན་གྱི་སྒོ་ནས་འབྱུང་བ་རླུང་གི་དཀྱིལ་འཁོར་བསྒོམ་མོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་བཤད་མ་ཐག་པའི་དཀྱིལ་འཁོར་བཞི་པོ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་སྟེ། སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་བ་ཞེས་པ་
སྦ་བར་བྱ་བ་དང་། སྐུ་གསུམ་ལས་བྱུང་བ་སྟེ་རྡོ་རྗེ་འཆང་ཆེན་པོས་བསྟན་པའོ། །སྔགས་རྣམས་ཀུན་ནི་ཞེས་པ་ལྷ་ཐམས་ཅད་དང་འབྲེལ་པར་གྱུར་པའི་བྱ་བའི་རོལ་མོ་སྟེ། ཞི་བ་ལ་སོགས་པའི་ལས་གསུངས་པའོ། །དེས་མཚན་པ་ནི་མཚན་པར་བྱས་པའི་གསང་བའོ་ཞེས་བྱ་བར་
སྦྱར་རོ། །ལས་རྣམ་པ་བཞིའི་ནང་ནས་མངོན་སྤྱོད་ཀྱི་ལས་བཀར་ཏེ་བསྟན་པར་བྱ་བ་ལ། དེ་རྣམ་པར་ཕྱེ་བས་དེ་ཉིད་ཀྱི་ཡུལ་བསྟན་པར་བྱ་བའི་ཕྱིར། མ་དད་སྨྲ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་དད་པ་ནི་སྣོད་མ་ཡིན་ཏེ། དཀོན་མཆོག་གསུམ་ལ་སོགས་པ་སྨོད་པར་
སྨྲ་བའི་སེམས་ཅན་ལོག་པར་ལྟ་བ་དང་། རྡོ་རྗེ་སློབ་དཔོན་ཏེ་བླ་མར་གྱུར་པ་དེ་རྣམས་ལ་སྨོད་པ་དང་། གཞན་ཡང་གདུག་པའི་སེམས་ཅན་ཏེ། མཚམས་མེད་པ་ལ་སོགས་པ་བྱེད་པ་རྣམས་ལའང་རབ་ཏུ་བསྐུལ་བ་སྟེ། ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་བའི་
མཚན་ཉིད་ཅན་གྱི་ལས་འོག་ནས་བཤད་པ་འདི་དག་བྱའོ། །ཡེ་ཤེས་ཆེན་པོའི་འཁོར་ལོའི་རྡོ་རྗེ་ནི། རིགས་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་དེ་སྐད་ཅེས་གསུངས་པའོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་
เล่ม ๓๐ · หน้า 106b
ལ། །ཁམས་གསུམ་ན་གནས་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པར་གཏོགས་པའི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་རྣམས། སངས་རྒྱས་ཀྱི་སྐུར་ཞེས་བྱ་བ་ལ་སངས་རྒྱས་ཀྱི་སྐུ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་སྒྲུབ་པ་པོས་རྣམ་པར་བསྒོམ་ཞིང་ལྷག་པར་མོས་
ནས་དགྲ་བོས་ཞེས་པ་བསྒྲུབ་པར་བྱ་བའི་དགྲ་བོས་སེམས་ཅན་དེ་རྣམས་གསོད་པར་བསམ་ཞིང་བསྒོམས་ནས་སོ། །དེ་ནས་ལས་རྣམས་བརྩམ་པར་བྱ། །ཞེས་བྱ་བ་ནི། བཤད་མ་ཐག་པའི་རིམ་པས་སྡིག་པ་ཉེ་བར་བསྒྲག་པ་བྱས་ལ། ཁ་སྦྱར་དབྱེ་བ་སྔོན་དུ་འགྲོ་བས་ཆད་པས་གཅད་པར་བྱའོ། །ནམ་མཁའི་དབྱིངས་ཀྱི་
དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དང་པོར་རེ་ཞིག་སྒྲུབ་པ་པོས་ནམ་མཁའི་དབུས་སུ་གནས་པ་སྟེ། འོད་གསལ་བའི་ནང་དུ་ཆུད་པར་བྱས་ལ་དེའི་འོག་ཏུ་བདག་ཉིད་ཉི་མའི་དཀྱིལ་འཁོར་ལྟ་བུར་ཡོངས་སུ་གྱུར་པར་བསམས་ནས། དེའི་སྟེང་དུ་ཧཱུཾ་རིང་པོ་ལས་
བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་བཞི་པ་མཆེ་བ་གཙིགས་པ། ཨིནྡྲ་ནཱི་ལའི་མདོག་ཅན་ཕྱག་དྲུག་པ། རྣམ་པའི་མཆོག་རྣམས་ཀུན་དང་ལྡན། །ཞེས་བྱ་བ་ནི། ཁྲོ་བོའི་རྣམ་པ་ཐམས་ཅད་ཀྱི་ཁྱད་པར་དང་ལྡན་པ།
གཡོན་བརྐྱང་བས་བཞུགས་པ། དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྡོ་རྗེ་སེམས་དཔའ་མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམ་མོ། །དུས་གསུམ་དམ་ཚིག་ནི་བཤད་མ་ཐག་པའི་རྡོ་རྗེ་འཆང་ངོ་། །དེ་ལས་བྱུང་བའི་སངས་རྒྱས་འཁོར་ལོ་ནི། རྣམ་པར་སྣང་མཛད་ལ་སོགས་
པའི་ལྷའི་ཚོགས་ཏེ། དེ་རྣམ་པར་བསྒོམས་ལ། སངས་རྒྱས་ཀྱི་འཁོར་ལོ་སྟོབས་ཆེ་བ་བཤད་མ་ཐག་པ་འདི། རྡོ་རྗེ་སེམས་དཔའི་ལག་པ་གཡས་པ་སྟེ་གཡས་ལོགས་སུ་བསམ་པར་བྱའོ། །དོན་གྱི་ཤུགས་ཀྱིས་ནི་རིགས་ལྔའི་བདག་ཉིད་ཅན་གྱི་ལྷ་མོའི་འཁོར་ལོ་ནི་གཡོན་
དུ་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །ཞེས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་སོ། །སངས་རྒྱས་སྐུ་ཡི་བྱེ་བྲག་གིས། །ཞེས་བྱ་བ་ནི། རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་སོ། །བསྡུས་
เล่ม ๓๐ · หน้า 107a
ཏེ་གོང་བུའི་ཚུལ་གྱིས་སུ། །ཞེས་བྱ་བ་ནི། རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཇི་ལྟ་བ་བཞིན་དུ་གཅིག་ཏུ་བྱས་ལ། ལྷ་རྣམས་ཀྱི་ཚོགས་དེ་དག་རང་གི་ལུས་ལ། དེ་དག་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཚུལ་གྱིས་གཞུག་པར་བྱ་ཞིང་གཟུང་བར་བྱའོ། །ཡང་གཞུག་པར་བྱས་པའི་འོག་
ཏུ་ཡེ་ཤེས་འཁོར་ལོ་ཅན་ཏེ། ཡེ་ཤེས་ཀྱི་ལུས་ལ་གནས་པ་རྣམས་ཀྱི་སྤྲོ་བ་སྟེ་འབྱིན་པའི་བྱ་བ་དག་བྱའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོས་པས་འཁྲུགས་པ་ལ་སོགས་པའི་རང་གི་ངོ་བོར་བསམས་ལ་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྲོ་བས་ཞེས་བྱ་བ་ནི་
ཡིད་དོ། །འཁྲུགས་པ་ནི་ལུས་ཀྱིས་སོ། །དེའི་ཕྱིར། མི་སྡུག་འཇིགས་སུ་རུང་བའི་གཟུགས། །ཞེས་བྱ་བ་གསུངས་ཏེ། མི་སྡུག་པ་ཉིད་ནི་སྨིན་མ་བསྐྱོད་པ་དང་སྤྱན་དམར་བ་དང་། ཞལ་མཆེ་བ་གཙིགས་པ་དང་ལྡན་པའི་ཕྱིར་རོ། །འཇིགས་སུ་རུང་བ་ནི་སྐུ་ཆེ་བ་དང་ལྡན་ཞིང་། སྦྲུལ་སྐ་རགས་
སུ་བཅིངས་པ་ལ་སོགས་པས་བརྒྱན་པས་འཇིགས་སུ་རུང་བའི་གཟུགས་ཅན་ནོ། །མཚོན་ཆ་སྣ་ཚོགས་མཆོག་འཛིན་པ་ནི། དགྲ་སྟ་དང་ཐོ་བ་ལ་སོགས་པ་ཕྱག་ན་བསྣམས་པའི་ཕྱིར་རོ། །གསོད་པའི་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དོན་ནི་བྱེ་བྲག་གོ། །དེ་འབའ་ཞིག་སེམས་པ་ནི་
གདུག་པ་ཆེན་པོ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་ཅིང་སུན་འབྱིན་པའི་གདུག་པ་རྣམས་གསོད་ཅིང་འཇོམས་པའོ། །རྡོ་རྗེ་སེམས་དཔའ་འང་གསོད་པར་བསྒོམ། །ཞེས་བྱ་བ་ནི། གལ་ཏེ་རྡོ་རྗེ་སེམས་དཔའ་འང་འདི་ལྟ་བུའི་མ་རུངས་པར་གྱུར་ན། དེ་ལ་ཡང་འཚེ་ན། གཞན་རྣམས་ལ་ལྟ་སྨོས་
ཀྱང་ཅི་དགོས་ཞེས་བདག་ཉིད་ཀྱི་ནུས་པ་སྟོན་པ་ཡིན་ནོ། །འགྱོད་པ་བཟློག་པར་བྱ་བའི་ཕྱིར་སངས་རྒྱས་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །ཆོས་ཀྱི་སྐུ་ལ་སོགས་པའི་མཆོག་གསུམ་སྟོན་པའི་ལུང་སྩོལ་བར་མཛད་པས་ན། སྐུ་གསུམ་
མཆོག་སྩོལ་བའོ། །རྡོ་རྗེ་གསུམ་ནི་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་གྱི་གནས་ནི་ཁམས་གསུམ་ཡིན་ལ། དེའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་གནས་སོ། །དངོས་གྲུབ་ནི་མངོན་པར་འདོད་པའི་དོན་ཏེ། དེ་སྒྲུབ་པ་པོ་ལ་སྟེར་བར་འགྱུར་རོ། །རྨངས་
เล่ม ๓๐ · หน้า 107b
པ་ནི་དངོས་གྲུབ་གཞན་ལ་རག་ལས་པས་རྨོངས་པས་ན་རྨོངས་པ་ལ། །འདིར་ཞེས་པ་ནི་དངོས་གྲུབ་མི་སྟེར་བ་ལའོ། །ཐེ་ཚོམ་ནི་ཡིད་གཉིས་མི་བྱ་བའོ། །དྲག་པོའི་ཆོ་ག་འདི་ནི་ཉིན་ཞག་བདུན་དུ་བྱའོ། །བཞན་དུ་ཉིན་ཞག་བདུན་ཚུན་ཆད་ཀྱིས་ནི་སངས་རྒྱས་ཀྱིས་ཀྱང་མི་འགྲུབ་བོ། །དེ་ལ་
འདིར་སྦྱོར་བ་ནི་འདི་ཡིན་ཏེ་བཤད་མ་ཐག་པའི་རིམ་པས། རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྐྱེད་ལ། ཇི་སྐད་བཤད་པའི་ཁྲོ་བོའི་ལྷ་རྣམས་སྤྲོ་བར་བྱས་ལ། དེའི་དབུས་ན་གནས་པའི་གནོད་མཛེས་ལ་ལུང་བསྒོ་བས། དེས་མགྲིན་པ་ཞགས་པས་བཅིངས་ནས། ལྕགས་ཀྱུས་དྲངས་པར་
འགྱུར་བཞིན་དུ། རླུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་མེའི་དཀྱིལ་འཁོར་ལ་བསྒྲུབ་པར་བྱ་བ་སྐྲ་གྲོལ་ཞིང་ལུས་ཏིལ་མར་གྱིས་བསྐུས་པ། སྲོག་བྱེ་བ་སྐྱབས་མེད་པ་འགྱོད་པ་སྐྱེས་པ་མདུན་དུ་རྣམ་པར་བསམས་ལ། ཁྲོ་བོའི་ལྷ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་པས་གཅོད་པར་བྱེད་ཅིང་
སྲོག་དང་བྲལ་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བསྒོམ་མོ། །རྡོ་རྗེའི་དམ་ཚིག་ནི་ཁྲོ་བོ་རྣམས་སོ། །དེ་རྣམས་ཀྱི་ཡེ་ཤེས་ནི་འདི་ལྟར་རྣམ་པར་གཙེས་ཤིག་ཅེས་བྱ་བ་ཁོང་དུ་ཆུད་པར་བྱ་བ་སྟེ། དེ་ནི་རྡོ་རྗེའི་དམ་ཚིག་ཡེ་ཤེས་ཡིན་ལ་དེ་ཉིད་བཀའི་འཁོར་ལོ་སྟེ་རྣམ་པར་འཚེ་བའི་ཕྱིར་རོ། །
དེའི་ཕྱིར་ཏིང་ངེ་འཛིན་འདི་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་མི་བསྐྱོད་པའི་རྣལ་འབྱོར་པའི་བཀའི་འཁོར་ལོ་དང་པོར་ཡང་དག་པར་བསྟན་ནས། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཡང་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཇི་སྐད་དུ་གསུངས་པའི་རིམ་པས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བསྐྱེད་ལ་དེའི་འོག་ཏུ། དུས་གསུམ་དམ་ཚིག་ལས་བྱུང་བ། །ཞེས་པ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་གྲགས་པ་ཆེན་པོ་ཁྲོས་པ་རྣམ་པར་བསམས་ལ། དེའི་ཕྱག་ཏུ་
རྡོ་རྗེ་མེ་སྟག་རྣམ་པར་འཕྲོ་བས་འཁྲུགས་པའི་རྡོ་རྗེ་ཁ་གྱེས་པ་བསྣམས་པར་བསྒོམ་མོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །ཞེས་བྱ་བ་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ནི། རྡོ་རྗེ་སྐུའི་ཁྱད་པར་གྱིས་ཏེ། བུད་མེད་དང་སྐྱེས་པའི་བྱེ་བྲག་གིས་བྱུང་བ། རང་གི་
เล่ม ๓๐ · หน้า 108a
ལུས་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་གཅིག་ཏུ་བྱས་ཤིང་བསྡུས་ནས་དྲངས་ལ་དེ་བཞིན་གཤེགས་པ་དེ་དག་གི་ལུས་ལ་གཟུད་ཅིང་གཞུག་གོ། །སྤྲོ་བ་རྡོ་རྗེ་ཐམས་ཅད་ཀྱི་སྟེ། རང་གི་ལུས་ལ་གནས་པའི་དཀྱིལ་འཁོར་པ་རྣམས་ཀྱི་སྤྲོ་བ་སྟེ། འབྱིན་པའི་བྱ་བ་དེ་ཡེ་ཤེས་
མཆོག་གི་གཉེན་ཏེ་སྒྲུབ་པ་པོས་བྱའོ། །དེ་ནས་དེ་རྣམས་ལ་བཀའ་བསྒོ་བའི་ཚུལ་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན་ནི། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ནོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་
དང་། དེའི་སྲས་རྣམས་བདག་ལ་གསོན་ཅིག་པའོ། །ཅི་ཞིག་ཅེ་ན། བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀའ་ཡི་འཁོར་ལོ་རབ་སྦྱོར་བ། །ཞེས་བྱ་བ་ངེས་པར་རྫོགས་པར་བྱེད་པ་དེ་ནི། བདག་ཡིན་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་འགའ་ཞིག་འདིར་བདག་གིས་
བསྒོ་བ་མི་བྱེད་ཅིང་འདས་ན། རང་གི་ལག་ན་གནས་པའི་རྡོ་རྗེ་ཀུན་ནས་རབ་ཏུ་འབར་བའི་གཟུགས་ཅན་འབར་བས་ཀུན་ནས་བསྐོར་བའི་རྡོ་རྗེ་འདི་ཡིས་སྐུ་གསུམ་ལས་བྱུང་བ་སྟེ། སྐུ་གསུམ་གཅིག་ཏུ་གྱུར་པས་དགས་པར་བགྱི་ཞིང་ཕྱེ་མར་བྱའོ། །དེས་ན་དེ་ཞིག་པར་འགྱུར་ཞིང་
རྣམ་པར་འཇིག་པར་འགྱུར་བ་འདིར་གདོན་མི་འཚལ་ལོ་ཞེས་པ་སྟེ་བདག་ཉིད་བདག་པོ་ཡིན་པར་སྟོན་ཏོ། །འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་དོ། །དེ་ལས་བྱུང་བ་ནི་ཡེ་ཤེས་རྡོ་རྗེ་ཡིན་ལ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ། ཏིང་ངེ་འཛིན་འདི་ལ་ཡང་མིང་དེ་སྐད་ཅེས་བྱའོ། །དེ་བཞིན་
དུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཡང་། དེ་ཡོངས་སུ་གྱུར་པར་སྦྱར་བར་བྱའོ། །དེ་ཡི་འཁོར་རྣམས་ཀྱི་ཡང་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན་ནི་བདག་ཉིད་དོ། །ནམ་
མཁའ་རྡོ་རྗེའི་དབུས་གནས་པ། །ཞེས་པ་ནི། འོད་གསལ་བར་ཞུགས་པར་བསམ་པ་སྟེ། དེ་ལས་རང་གི་རྡོ་རྗེ་ཞེས་བྱ་བ་རང་ཉིད་གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཆེ་སྟེ། འཁོར་དང་བཅས་པ་རབ་ཏུ་བརྟག་པར་བྱའོ། །དུས་གསུམ་སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །
เล่ม ๓๐ · หน้า 108b
སེམས་དཔའ་རྣམས་ནི་བྱམས་པ་ལ་སོགས་པ་རྣམས་ཀྱང་སྐུ་གསུམ་དཀྱིལ་འཁོར་ཏེ། སྐུ་དང་གསུང་དང་ཐུགས་ལ་ཞུགས་པར་བརྟག་པར་བྱའོ། །གཤིན་རྗེ་གཤེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་སྟེ་ཕྱིས་ཀྱང་སངས་རྒྱས་ཞེས་བྱ་བ་ཞི་བའི་ངོ་བོར་གནས་པ་རྣམས། གཤིན་རྗེ་གཤེད་
ཀྱི་མདོག་དང་འདྲ་བར་སྤྲོ་བར་བྱའོ། །དེ་བཞིན་གཤེགས་པ་དང་སེམས་དཔའ་རྣམས་སྤྲོས་པས། དུས་གསུམ་ལ་བཞུགས་པ་ཞེས་པ། སྐུ་གསུམ་གྱི་བདག་ཉིད་ཅན་ཡང་འདི་ལྟར་བསྒོམ་པར་བྱའོ། །གདུག་སེམས་ཅན་ཞེས་པ་ནི། བྱ་བ་མ་ཡིན་པ་བྱེད་པ་དང་ལྡན་པའི་སེམས་ཡོད་པའི་དགྲ་
བོ་རྣམས་ཏེ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་ཞུགས་པ་རྣམས་ཁྲོས་པས་གསོད་པར་བསྒོམ་པར་བྱའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་བཀའ་ནི་གདུག་པ་རྣམས་གཞོམ་པའི་ཕྱིར་བསྐུལ་བའོ། །དེ་ཉིད་ནི་གཙོ་བོར་གྱུར་པས་ན་དཀྱིལ་ཏེ་སྙིང་
པོའོ། །དེ་ལེན་ཅིང་འཛིན་ལ་བདག་གིར་བྱེད་པས་ན་དཀྱིལ་འཁོར་ཏེ། དེ་གང་ཡིན་ཞེ་ན། དཀྱིལ་འཁོར་གྱི་བདག་པོ་ཉིད་དོ། །དམ་ཚིག་ཐམས་ཅད་ན་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་བ་ནི་གཤིན་རྗེ་གཤེད་དེ། དེ་དང་མཉམ་ཞིང་གཅིག་པ་ནི་སྐུ་གསུམ་གྱི་ཡེ་ཤེས་རྡོ་རྗེ་སྟེ། འཁོར་
གྱི་ཁྲོ་བོ་རྣམས་སོ། །ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ལྷ་ཐམས་ཅད་ཀྱི་ཐུན་མོང་གི་བཀའི་འཁོར་ལོ་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་
རྣམས་དང་། དེའི་ལྷ་མོ་རྣམས་ཀྱིས་བཀའི་འཁོར་ལོ་སྦྱར་བར་བྱའོ། །རང་སྔགས་ནི་རང་གི་རིགས་དང་འབྲེལ་པ་བྱམས་པ་ལ་སོགས་པའོ། །དེ་རྣམས་ཀྱི་དོན་ནི་ཇི་ལྟ་བ་བཞིན་དུ་བསྐྱེད་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེའི་ཡོན་ཏན་ནི་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཁྲོ་བོའི་གཟུགས་
ཀྱིས་ཏེ། དེ་དག་གིས་སམ་ཡང་ན་གཙུག་ཏོར་ཏེ་སྟེང་གི་ཆར་གནས་པའི་ཁྲོ་བོའི་རྒྱལ་པོ་དེ་དང་མཉམ་ཞིང་མཚུངས་པར་གྱུར་པས། གཙུག་ཏོར་དམ་ཚིག་ཅེས་པ་ནི་ཁྲོ་བོ་ཐམས་ཅད་དེ། དེ་རྣམས་ཀྱིས་ཀྱང་བཀའི་འཁོར་ལོ་སྦྱར་བར་བྱའོ། །བཀའི་འཁོར་ལོའི་དགོས་པ་གཞན་དག་བསྟན་
เล่ม ๓๐ · หน้า 109a
པར་བྱ་བའི་ཕྱིར། སྔགས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀུན་ཞེས་བྱ་བ་དབང་པོ་ལ་སོགས་པའི་སྐྱེ་བོ་བགེགས་བྱེད་པ་རྣམས་བསྲུང་བའི་ཕྱིར་ཏེ་བཟློག་པར་བྱ་བའི་ཕྱིར་ཡེ་ཤེས་མཆོག་རྡོ་རྗེ་ཅན་ཞེས་བྱ་བ་སྒྲུབ་པ་པོས་བཀའི་འཁོར་ལོ་འདི་བྱའོ། །འདི་ནི་
ཞེས་བྱ་བ་ནི་བཀའི་འཁོར་ལོའོ། །བཤད་མ་ཐག་པའི་བགེགས་རྣམ་པར་གཞིག་པ་ཅིའི་ཕྱིར་བྱ་ཞེ་ན། རྡོ་རྗེ་ཐམས་ཅད་དེ་སྒྲུབ་པ་པོ་ཐམས་ཅད་ཀྱི་བྱང་ཆུབ་བསྲུང་བའི་དོན་དུ་ཞེས་བྱ་བ། སེམས་རྣམ་པར་གཡེང་བར་བྱེད་པ་དེ་ལས་བསྲུང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་ནི་བཀའི་འཁོར་ལོའི་
དགོས་པ་བསྟན་པ་ཡིན་ཏེ་སྒྲ་ཇི་བཞིན་པའོ། །དེ་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཡང་། གདུག་པ་ཚར་གཅད་པའི་ཐབས་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུག་པའི་བསམ་པས་སྣང་ཞིང་འབར་བས་ན་རྣམ་པར་སྣང་མཛད་དེ་བསྒྲུབ་པར་བྱ་བའོ། །
དེའི་སྐུ་མཆོག་ལས་བྱུང་བའི་སྐུ་གསུམ་དམ་ཚིག་ནི། ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་གྱི་ཆོས་སོ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །ཞེས་བྱ་བ་སྟོང་པར་གྱུར་པར་བསམས་ནས་གདན་དུ་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བའི་གཟུགས་རང་གི་གཞིར་གྱུར་པར་བརྟག་པར་བྱའོ། །
ནམ་མཁའི་དབྱིངས་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་འོད་ཟེར་རྣམ་པ་ལྔས་ཡོངས་སུ་གང་ཞིང་ཁྱབ་པར་རྣམ་པར་བསྒོམ་མོ། །བདག་ཉིད་ཀྱིའང་རང་གི་ཡི་གེ་ནི་ངག་གོ། །གནས་ནི་ལུས་སོ། །ཡེ་ཤེས་ནི་སེམས་ཏེ། གསུམ་པོ་དེ་དག་ཐུགས་ཀྱི་རྣམ་པ་སྟེ། སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །
ཡང་དེའི་འོག་ཏུ་སངས་རྒྱས་ཞེས་བྱ་བ་སྟེ་བཤད་མ་ཐག་པའི་འོད་ཟེར་ལྔ་སེམས་ཙམ་དུ་བསྒོམས་ལ། རང་གི་ཕྱག་རྒྱ་ཆེན་པོར་བསྡུ་བར་བྱ་ཞིང་གཞུག་པར་བྱའོ། །དེ་དག་ཐམས་ཅད་ནི་ཐུགས་ཀྱི་རྡོ་རྗེར་བྱས་པའི་ཕྱིར་ཞེས་པ་ནི། སེམས་ཙམ་མོ་ཞེས་ཤེས་པར་བྱས་ལ། སྐུ་གསུམ་ལ་ཞེས་བྱ་བ་
རང་གི་ལུས་དང་ངག་དང་ཡིད་ལ་དེ་དག་གཟུད་ཅིང་གཞུག་པ་འདིས་ནི་མངོན་པར་འདོད་པའི་དོན་རྫོགས་པར་འགྱུར་རོ། །རྡོ་རྗེ་ནི་གཞིག་པར་དཀའ་བ་སྟེ་བསྒྲུབ་པར་བྱ་བའོ། །དེ་འཇིག་པར་བྱེད་པ་ནི་སྔགས་རིན་པོ་ཆེ་སྟེ་སྦྱོར་བའི་ཁྱད་པར་རོ། །དེའི་རབ་ཏུ་སྣང་བར་བྱེད་པ་ནི། གསལ་བར་
เล่ม ๓๐ · หน้า 109b
བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་དགོངས་པས་བཤད་པའོ། །རེངས་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། རྣམ་པའི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་བདག་ཉིད་བདག་པོའི་རང་བཞིན་དུ་བསྐྱེད་ལ། ནམ་མཁའི་དབུས་སུ་འདུག་སྟེ་སངས་རྒྱས་ཞེས་པ། ནམ་
མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ངོ་བོ་ཉིད་མི་བསྐྱོད་པ་ལ་སོགས་པ་གོང་ནས་གོང་དུ་གོ་རིམས་བཞིན་བསྐོད་ནས་ཆུའི་སྟེང་དུ་བཅག་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་བསྟན་པར་བྱ་བའི་ཕྱིར། རྐང་པ་མཉམ་གཞག་ཅེས་བྱ་བ་ལ་སོགས་
པ་གསུངས་ཏེ། རྐང་པ་མཉམ་གཞག་སྦྱོར་བ་ཡིས། །ཞེས་བྱ་བ་ནི། བདེན་པ་གཉིས་གཅིག་ཏུ་བྱས་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་དེས། སྤྱི་བོ་ཞེས་བྱ་བ་ཆུའི་སྟེང་དུ་རྐང་པ་བསྒོམ་པ་ཞེས་བྱ་སྟེ། བཅག་པར་བྱའོ་ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་ཞེས་བྱ་བ་དྲུག་པས་དེ་སྐད་
ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ནི་རྣལ་འབྱོར་པ་རྣམ་པ་གཉིས་སོ། །དེ་རྣམས་ཀྱིས་རྒྱ་མཚོ་ལ་སོགས་པར་རྐང་པས་གནོན་པ་ཞེས་བྱ་བ་འཆག་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ། དགོངས་པས་བཤད་པའོ། །དབང་ཆེན་ཞེས་བྱ་བ་ལ་སོགས་པ་ལ། དབུས་སུ་སྟེ་བསྒྲུབ་པར་བྱ་
བའི་ཁའི་བུ་གར་དབང་ཆེན་གྱི་དཀྱིལ་འཁོར་ཞེས་བྱ་བ། ལཾ་ལས་བྱུང་བའི་མདོག་སེར་པོ་རྡོ་རྗེ་གཉིས་ཀྱིས་མཚན་པ་བསམས་ལ། དེའི་སྟེང་དུ་ཁྲོ་བོ་སྟེ་ཡི་གེ་ཧཱུཾ་རིང་པོ་ལས་བྱུང་བའི་རྡོ་རྗེ་འབར་བ་བཞག་ལ། སྐྱེ་བོར་ཞེས་བྱ་བ་བསྒྲུབ་པར་བྱ་བའི་མགོ་ལ་ལས་ཀྱི་རྡོ་རྗེ་སྟེ། སྣ་ཚོགས་རྡོ་རྗེའོ། །
དེ་ཉིད་ནི་རྐང་པ་སྟེ་དེས་གནོན་པ་ནི། དེར་གནས་པའི་བདུད་རྩི་ཐབ་སྦྱོར་བསྒོམ་པར་བྱ་བའོ། །མུ་སྟེགས་ཅན་ཐམས་ཅད་ནི་གཅེར་བུ་པ་ལ་སོགས་པའོ། །ཕས་ཀྱི་རྒོལ་བ་ནི་ཕྱིར་རྒོལ་བའོ། །དེ་རྣམས་ཀྱི་འཁྲུལ་འཁོར་ནི་ལུས་ལ་སོགས་པ་སྟེ། དེ་གནོན་པའོ། །ཏིང་ངེ་འཛིན་དེ་གང་དུ་
འབྱུང་བ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཡོངས་སུ་བསྒྱུར་ནས། ཁྲོ་བོ་གཞན་གང་ཡང་རུང་བའི་གཟུགས་བཟུང་སྟེ། རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་རང་གི་འཁོར་དང་བཅས་པ།
เล่ม ๓๐ · หน้า 110a
གེ་སར་སེར་པོའི་མདོག་འདྲ་བ་སྟེ། པདྨའི་གེ་སར་གྱི་རྡུལ་ལྟར་སེར་བའི་མདོག་འདྲ་བ་ཐམས་ཅད་ཀྱང་རིའི་རྒྱལ་པོ་ལྟ་བུ་སྟེ་ཚད་རི་རབ་དང་འདྲ་བ་ཡན་ལག་བཞིའི་དཔུང་གི་སྟེང་དུ་བསམས་ནས། ཡན་ལག་བཞིའི་སྤྱི་བོར་རབ་ཏུ་བསྒོམས་ལ་དགྲའི་དཔུང་ས་འོག་ཏུ་སོང་
བར་བསམ་མོ། །སངས་རྒྱས་ནི་རེངས་པར་བྱ་བ་ལ་མཁས་པ་སྟེ། དེ་རྣམས་ཀྱི་དཔུང་ཡང་གནོན་པར་བྱེད་ན། གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ལ་ཐེ་ཚོམ་མི་བྱའོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་དྲུག་པས་དེ་
སྐད་ཅེས་བཀའ་སྩལ་ཏོ། །དཔུང་ཐམས་ཅད་ནི་སངས་རྒྱས་ཀྱི་དཔུང་ཐམས་ཅད་དེ། དེ་གནོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགྲ་བོ་སྐྲག་པ་ཞེས་བྱ་བ་ལ་སོགས་པ་ལ། དགྲ་བོ་སྟེ་དམ་པའི་ཆོས་སྤོང་བར་བྱེད་པ་སྐྲག་པའི་དམ་ཚིག་སྟེ། འཇིགས་པར་བྱེད་པའི་དུས་
སུ་འོག་ནས་བཤད་པའི་བསམ་གཏན་འདི་རབ་ཏུ་བརྟག་པར་བྱའོ། །སངས་རྒྱས་ཏེ་ལས་དང་པོ་པ་རྣམས་ཀྱིས་ཀྱང་། གལ་ཏེ་སྦྱོར་བ་འདི་ལས་འདས་ཤིང་བཟླས་ན་འགས་པར་འགྱུར་བ་སྟེ། འཇིག་རྟེན་དུ་སྣང་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །གསུངས་སོ་ཞེས་བྱ་བ་ནི་སྦྱོར་བ་ཡང་
དག་པར་བསྟན་པའོ། །ཧཱུྃ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཁ་གྱེས་པ་བྱུང་བར་གྱུར་པའོ། །ཚད་དུ་སྟེ་ཞེས་པ་ནི་དབྱིབས་ཏེ་དེའང་རྡོ་རྗེ་རྩེ་ལྔ་པ་ལས་འོག་ཕུར་བུའི་དབྱིབས་སུ་བྱས་པ། དེ་ནས་སྟེང་དུ་མིག་ལ་སོགས་པའི་ཡན་ལག་དང་ལྡན་པས། ལྟེ་བ་
མན་ཆད་རྩེ་གཅིག་པའི་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་སྒྲུབ་པ་པོས་བསྒོམས་ལ། སྙིང་ག་སྟེ་བསྒྲུབ་པར་བྱ་བའི་སྙིང་གར་ཕུར་བུ་དེས་བཏབ་ཅིང་བཅད་ཅིང་གཏུབ་པར་བརྟག་ཅིང་བསྒོམ་པར་བྱའོ། །སངས་རྒྱས་ནི་རྒྱུད་དང་སྔགས་ཀྱི་རིགས་སོ། །དེ་རྣམས་ཀྱི་དཔུང་ནི་ཚོགས་སོ། །ཁྲོས་
པ་ནི་ཕྱིར་རྒོལ་བར་གྱུར་པའོ། །འཇིག་པར་འགྱུར་བ་ནི་འདུལ་བར་འགྱུར་བ་འདིར་གདོན་མི་ཟའོ། །དགྲ་ནི་དགྲ་བོ་རྣམས་ཏེ་དེ་རྨོངས་པ་ནི། དགེ་བའི་བསམ་པས་ཀྱང་ཡིད་དང་མི་མཐུན་པ་ལ་འཇུག་པའོ། །དེ་ལ་གནོད་པར་བྱེད་པ་ནི་འཇིག་པར་བྱེད་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་
เล่ม ๓๐ · หน้า 110b
དེ་ལ་དེ་སྐད་ཅེས་བྱའོ། །བདུད་ལ་སོགས་པའི་རྣམ་པར་འཚེ་བ་རྣམས་ཞི་བའི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། །གྲོང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོང་ནི་རྒྱལ་པོའི་ཕོ་བྲང་ངོ་། །གྲོང་ཁྱེར་ནི་སྐྱེ་བོ་རྣམས་གནས་པའི་ཕྱོགས་གཅིག་གོ། །ལྗོངས་ཞེས་བྱ་བ་ཡང་སྐྱེ་བོ་མང་པོ་གནས་པ་ལ་
བྱའོ། །དེར་འོག་ནས་བཤད་པའི་སྦྱོར་བ་བྱ་བའོ། །ནད་ཀུན་སྤོང་བ་ཞེས་བྱ་བ་ལ་སོགས་པས་ནི། སྦྱོར་བའི་ནུས་པ་བསྟན་པ་ཡིན་ཏེ། དེ་ལ་དང་པོར་སྒྲུབ་པ་པོས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དམིགས་ནས། གྲོང་གི་སྟེང་བར་སྣང་གི་ཕྱོགས་སུ་ཤིང་ཏཱ་ལའི་ཚད་ཙམ་གྱི་རྡོ་རྗེ་ཆེན་པོ་རྩེ་
མོ་ལྔ་པ་འོད་ཟེར་ལྔ་དང་ལྡན་པ་བསྒོམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་བསྲེགས་པའི་བསྐལ་པ་ལྟ་བུ་སྟེ། དུས་མཐའི་མེ་བཞིན་དུ་སེམས་ཅན་རྣམས་ཀྱི་སྡིག་པ་ཐམས་ཅད་བསྲེགས་པར་བསམས་ལ། དེའི་འོག་ཏུ་སླར་ཡང་རྡོ་རྗེ་དེར་རབ་ཏུ་བསྡུ་བར་བྱ་སྟེ། སེམས་ཅན་རྣམས་གཞུག་
པར་བྱའོ། །སྤྲོ་བ་ཞེས་པ་ནི་རྡོ་རྗེ་དེ་ལས་འབྱིན་པ་དག་ཀྱང་བྱ་ཞིང་ཉམས་སུ་བླང་ངོ་། །ཇི་ལྟར་ཞེ་ན། ནོར་བུ་རིན་ཆེན་ཞེས་པ་པདྨ་རཱ་ག་ལ་སོགས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ཡིད་ལ་རེ་བ་སྐོང་བའོ། །འོད་ནི་ཚོན་ཤེལ་གྱི་ནོར་བུ་ལྟར་དང་བའི་ལུས་ཀྱི་ཁ་དོག་སྟེ། ཡིད་བཞིན་གྱི་
ནོར་བུ་རིན་པོ་ཆེའི་འོད་དེ་རྣམས་ཀྱིས་ཉེ་བར་མཚན་པའི་ཆོས་ཀྱི་སྤྲིན་ཞེས་བྱ་བ་བཤད་མ་ཐག་པའི་རིམ་པས་སྦྱངས་པའི་སེམས་ཅན་གྱི་ཚོགས་བསྒོམ་ཞིང་། རང་གི་གནས་སུ་བཀོད་ནས་ཀྱང་དེའི་འོག་ཏུ་རིམ་པ་འདིས་དབང་བསྐུར་བ་ནི་ཡང་དག་པར་བྱ་བ་སྟེ། ནམ་མཁའི་སྟེང་དུ་རྣམ་པར་སྣང་
མཛད་ཀྱི་ཚོགས་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པར་བསྒོམས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འབབ་པས། སེམས་ཅན་རྣམས་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །རྡོ་རྗེ་བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི་དོན་དུ་བསྟན་པའི་རྡོ་རྗེའི་བསམ་
གཏན་བཤད་མ་ཐག་པ་འདི་ཡིས་ནི་དགང་དཀའ་བ་སྟེ། ལུས་ཀྱི་ཉམས་སྟོབས་ཟད་པ་རྣམས་ཀྱང་རབ་ཏུ་འགེངས་ཤིང་ཡན་ལག་རྒྱས་པར་འགྱུར་རོ། །དེ་ལྟ་བུའི་བསམ་གཏན་གྱི་སྟོབས་ཀྱིས་སྦྱིན་པའི་རྡོ་རྗེ་ཞེས་པ་སྟེ། སྦྱིན་པ་ཕུལ་དུ་བྱུང་བ་དེ་རབ་ཏུ་བསྒོམ་ཞིང་གསལ་བར་བྱེད་པས་ན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด