སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་དཱི་པོ་དྱོ་ཏ་ན་ནཱ་མ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๐ · หน้า 165b
ཁྱེད་ལ་སྐྱབས་སུ་མཆིས་པ་ལ་སྩོལ་ཅིང་གནང་བར་གསོལ་ཞེས་གསོལ་བ་འདེབས་པའོ། །དེའི་ཚེ་སྟེ་དེའི་དུས་སུ་རབ་ཏུ་དགྱེས་པས་ཏེ། གསོལ་བ་བཏབ་པས་ཡི་རངས་པར་གྱུར་པའི་བླ་མས་དབང་བསྐུར་བ་སྦྱིན་པར་བྱའོ། །ལྷའི་གཟུགས་ནི་ཕྱིའི་དཀྱིལ་འཁོར་རོ། །དེའི་སྦྱོར་
བ་ཡིས་ཞེས་པ་ནི། སློབ་མའི་ལུས་ཀྱི་དཀྱིལ་འཁོར་ལ་ཇི་ལྟ་བ་བཞིན་དུ་བཀོད་པའོ། །རྒྱུ་དེས་ན་སྙིང་གར་ཞེས་པའི་དེ་ཉིད་ཀྱི་སྙིང་གའི་པདྨ་ལ་བདག་པོ་གཞག་པར་བྱ་ཞིང་དགོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་བདག་ཉིད་དུ་བྱས་པའི་རྡོ་རྗེ་སློབ་མ་བློ་ལྡན་ལ་ཞེས་པ་ཤེས་
རབ་དང་ལྡན་པ་ལ། དཀྱིལ་འཁོར་དག་ནི་བསྟན་པར་བྱ། །ཞེས་བྱ་བ་སྟེ། དཀྱིལ་འཁོར་རིམ་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་བསྟན་པར་བྱའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་དེ་རྫོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་
ཤིང་བསྟན་པའི་དམ་ཚིག་ཅེས་བྱ་བ་འདའ་བར་མི་བྱ་བས། བསྒྲུབ་པར་བྱ་བ་བསྒྲགས་པར་བྱ་ཞིང་རྡོ་རྗེ་སློབ་མ་ལ་བསྟན་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པའི་དམ་ཚིག་བཞི་ནི། ལེའུ་ལྔ་པ་ལས་གསུངས་པའི་དགོངས་པས་བཤད་པ་
བཞིན་དུ་ཤེས་པར་བྱའོ། །དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་ལམ་གྱི་མི་ཕྱེད་པའི་ཏིང་ངེ་འཛིན་འདི་དག་གིས་ནི། སེམས་ཅན་ཐམས་ཅད་དེ་རྡོ་རྗེ་སློབ་མ་རྗེས་སུ་བསྐུལ་བར་བྱ་སྟེ། ལམ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་དང་སྡོམ་པའོ། །ཇི་ལྟ་བུ་ཞེ་ན།
མཆོག་ཏུ་རྟག་པ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཞེས་ཀྱང་གསུངས་སོ། །སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་དང་སྡོམ་པ་འཛིན་པ་ལ་བླ་མ་ཁྱོད་དངོས་གྲུབ་གང་འདོད་ཅེས་དྲི་བར་བྱའོ། །དེ་གལ་ཏེ་བདག་གིས་འདི་འཚལ་ལོ་ཞེས་སྨྲས་ན། དེའི་ཚེ་དེ་ལ་བྱ་བ་དེ་
བསྒྲུབ་པའི་སྔགས་སྦྱིན་པར་བྱའོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན། སྔགས་ཀྱི་བསྐུལ་བ་སྨྲས་པ་ཡིས། །ཞེས་བྱ་བ་སྟེ། སྔགས་ཀྱི་དོན་དུ་བསྐུལ་བ་དེར་སྨྲས་པས་ཞེས་པ་སྟེ། སྨྲས་པ་དེ་ལ་སྔགས་ཀྱི་བསྐུལ་བ་སྨྲ་བའི་སློབ་མའི་ཚིག་སྟེ། སློབ་དཔོན་གྱིས་དེའི་ཚིག་ལས་བསམ་པ་
เล่ม ๓๐ · หน้า 166a
ཤེས་པར་བྱས་ལ་སྦྱིན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ནས་སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན། །ཞེས་པ་དེ་དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་བྱིན་ལ། གསང་བ་ཞེས་པ་གསང་བའི་དབང་བསྐུར་བ་འོག་ནས་བཤད་པ་གྲུབ་པའི་ཕྱིར་བརྩམ་པར་བྱའོ། །དེ་ཉིད་
བསྟན་པར་བྱ་བའི་ཕྱིར། ཁུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འམ་ཞེས་བྱ་བའི་སྒྲས་ནི་བདུད་རྩི་ལྷག་མ་གསུམ་གཟུང་སྟེ། བདུད་རྩི་ལྔ་པོ་འདི་དག་ལ་ཆོ་ག་བཞིན་དུ་ཡི་གེ་གསུམ་གྱིས་མངོན་པར་བསྔགས་ནས་སྦྱང་བ་ལ་སོགས་པའི་ཆོ་གས་བདུད་རྩིར་བྱས་པ་ལ་རྡོ་རྗེའི་
བློས་ཞེས་པ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སློབ་མ་ཟར་གཞུག་ཅིང་སྦྱིན་པར་བྱའོ། །འོན་ཏང་མངོན་པར་འདོད་པའི་དངོས་གྲུབ་རྙེད་པར་མི་དཀའོ། །དེ་ལྟར་ཕྱི་དང་གསང་བའི་དབང་གིས་དབང་བསྐུར་བའི་གསང་བ་བསྟན་པར་བྱ་བའི་ཕྱིར། རྣམ་པ་འདི་བཞི་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། གང་ས་ལ་སོགས་པ་དེ་ཉིད་ནི་གསང་ཆེན་རྣམ་པ་བཞི་སྟེ། མཆོག་ཏུ་གསང་བའོ། །རྡོ་རྗེ་ཅན་ནི་ཀུན་གྱི་གསང་། །ཞེས་པ་ནི། ཐེག་པ་གསར་ལ་གནས་པའི་སྔགས་པ་ཐམས་ཅད་ལ་གསང་བ་སྟེ་བསྟན་པར་མི་བྱ་བའོ། །སྔགས་ཀྱི་འཁོར་ལོ་བུད་མེད་
གཟུགས། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་བུད་མེད་ཀྱི་གཟུགས་ཡོངས་སུ་བཟུང་ནས་བཞུགས་པའོ། །གང་གི་ཕྱིར་ཞེ་ན། སེམས་ཅན་དོན་སྤྱོད་ཕྱིར་གནས་པའོ། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་ཀྱི་ཞི་བ་ལ་སོགས་པའི་དོན་སྤྱོད་པའི་ཕྱིར། རྣམ་པར་
སྣང་མཛད་ལ་སོགས་པའི་སྐུ་ཉིད་ས་ལ་སོགས་པ་སྟེ། ཡང་སྐྱེས་བུའི་གཟུགས་མི་སྣང་བར་མཛད་ནས། སྤྱན་ལ་སོགས་པར་ཡོངས་སུ་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ལ་ཞེས་བྱ་བ་ནི་དམ་ཚིག་སྦྱིན་པའི་དུས་སུའོ། །རྡོ་རྗེ་དཀྱིལ་འཁོར་ནི་སྟེ་ཐུགས་ཀྱི་དཀྱིལ་འཁོར་རོ། །
དེར་སྔགས་ནི་ལྷ་རྣམས་ཏེ། དེ་ཐམས་ཅད་མཉེས་པར་བྱ་བ་ནི་དབང་དུ་བྱ་བ་སྟེ་དེར་གསང་བའོ། །གང་ཡིན་ཞེ་ན། གླང་པོའི་ཤ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་འདི་དག་ནི་བདག་ཉིད་ཀྱིས་བསླབ་ཅིང་སྔགས་རྣམས་ཞེས་བྱ་བ་ལྷ་རྣམས་ལ་སྦྱིན་སྲེག་དང་། གཏོར་
เล่ม ๓๐ · หน้า 166b
མའི་ཚུལ་གྱིས་དབུལ་བར་བྱའོ། །དེ་ལྟར་བྱས་ན་མགོན་པོ་མཉེས། །ཞེས་བྱ་བ་ནི་མངོན་པར་འདོད་པའི་འབྲས་བུ་སྩོལ་ཞིང་མཉེས་པར་འགྱུར་རོ། །ཉིན་རེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སློབ་མ་སྟེ་དབང་བསྐུར་བ་ཐོབ་པ་ལ། མཁས་པས་ཞེས་པ་རྡོ་རྗེ་སློབ་དཔོན་གྱིས། དཀྱིལ་
འཁོར་ཞེས་པ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཉིན་རེའམ་ཟླ་རེའམ། ལོ་རེ་བྱ་བའི་ཚུལ་བསྟན་ཅིང་ལུང་དབོག་པར་བྱའོ། །ཇི་ལྟར་ཞེ་ན། བཤང་གཅི་ཤ་ཡི་བྱ་བ་དང་། །ཞེས་བྱ་བ་སྟེ། དེ་ལ་བཤང་གཅི་སྨོས་པས་ནི་བདུད་རྩི་ལྔ་ཆར་ཡོངས་སུ་གཟུང་ངོ་། །ཤ་སྨོས་པས་ནི་ཤ་
རྣམ་པ་ལྔ་ཡོངས་སུ་གཟུང་ངོ་། །བྱ་བ་དང་ཞེས་བྱ་བ་སྨོས་པས་ནི། བཟའ་བ་དང་བཏུང་བར་བྱ་བ་མ་ཡིན་པ་རྣམས་གཟུང་སྟེ། བཤང་བ་ལ་སོགས་པ་འདི་དག་དང་། རྡོ་རྗེ་གསང་བའི་ཚིག་དག་གིས། །ཞེས་བྱ་བ་དབང་པོ་གཉིས་མཉམ་པར་སྦྱོར་བ་དང་། གར་དང་གླུ་
ལ་སོགས་པ་དག་གིས་སྡུག་པ་ཐམས་ཅད་དབུལ་བར་བྱའོ་ཞེས་བྱ་བར་དགོངས་སོ། །བདུད་རྩི་ལྔ་ལ་སོགས་པ་བཟའ་བ་ལ་ཉེ་བར་སྤྱོད་པའི་དུས་སུ། ཡིད་ཆེས་པར་བསྟན་པར་བྱ་བའི་ཕྱིར་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཅད་ཀྱི་དང་
པོར་གྱུར་པ་ཡི་གེ་ཨོཾ་བཟའ་བ་དང་པོར་སྔར་སྦྱང་བ་དང་། རྟོགས་པར་བྱས་ལ་བསྒོམས་ན། དེ་མ་ཐག་ཏུ་མངོན་སུམ་དུ་འབར་བར་འགྱུར་རོ་ཞེས། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །འདི་ལ་འཇིག་རྟེན་
དང་འཇིག་རྟེན་ལས་འདས་པའི་བསྒྲུབ་པར་བྱ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི། ཞི་བ་ལ་སོགས་པའི་དངོས་གྲུབ་ཕྲན་ཆགས་བསྒྲུབ་པ་ནི་ལམ་འདིས་འགྱུར་རོ། །
དམ་ཚིག་ཆེན་པོ་སྒྲུབ་པ་དང་། །ཞེས་བྱ་བ་ནི། རི་ལུ་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྣམ་པ་བརྒྱད་སྒྲུབ་པ་ཡང་རབ་ཏུ་འབད་པ་འདི་ཉིད་ཀྱིས་འགྲུབ་བོ། །སངས་རྒྱས་བྱང་ཆུབ་ཉིད་དག་ཀྱང་། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་གྲུབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱང་
เล่ม ๓๐ · หน้า 167a
བདག་ཉིད་ཀྱིས་ཐབས་འདི་ལྟ་བུས་བསྒྲུབ་པར་བྱའི། ཐབས་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ནན་ཏན་དུ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ནི་རབ་ཏུ་འབད་པས་བསྒྲུབ་པར་བྱའོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། མི་སྣང་
པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྣང་སྟོབས་དང་བརྩོན་འགྲུས་དང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤང་གཅི་ནི་བདུད་རྩི་ལྔའོ། །ཤ་ཆེན་ཞེས་བྱ་བ་ནི་མར་མེ་རྣམ་པ་ལྔ་སྟེ། གཉིས་པོ་དེ་དག་ཆ་མཉམ་པར་བྱས་ནས། ཟླ་
བ་མར་ངོའི་ཚེས་བརྒྱད་དམ། བཅུ་བཞི་ལ་རི་ལུ་བྱས་ལ་གྲིབ་མ་ལ་བསྐམས་ནས། ཁམ་ཕོར་སྦྱར་མར་ཞེས་བྱ་བ་པདྨའི་སྣོད་ལ་ཁ་སྦྱར་བའི་ནང་དུ་བཞག་ལ་ཉིན་རེ་ཞིང་རེ་རེ་བཟའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་དང་ལྷན་ཅིག་འཁོད། །ཅེས་བྱ་སྟེ། སངས་རྒྱས་ནི་གྲུབ་པ་པོ་
རྣམས་སོ། །དེ་དང་ལྷན་ཅིག་འཁོད་པ་ནི་དེ་དང་འདྲ་བར་དུས་ཟད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །འདི་སྐད་ཅེས་ཀྱང་གསུངས་ཏེ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་པ་ནི་དངོས་གྲུབ་ཀྱི་གནས་སྐབས་སོ། །འདི་ནི་ཞེས་པ་ནི་འོག་ནས་བཤད་པའོ། །གསང་བ་
ཐམས་ཅད་ཀྱི་རྡོ་རྗེ་ནི་གནོད་སྦྱིན་ཐམས་ཅད་ཀྱི་གཙོ་བོ་རྣམས་སོ། །དེ་ཉིད་ནི་བཀའ་ནོད་པར་བྱེད་པས་ན་མངག་གཞུག་པའོ། །དེ་རྣམས་ཀྱི་སྒྲུབ་པའི་ཚིག་ནི་སྒྲུབ་པའི་ཐབས་འདི་ཉིད་དོ། །ཧྲཱིཿ་ནི་ཁ་དོག་དམར་པོ་འབར་བའི་འོད་བཟང་པོ་ནི། འོད་ཟེར་ལྔས་ཀུན་ནས་འཁྲིགས་པའོ། །
ནམ་མཁའ་རྡོ་རྗེའི་དབུས་སུ་ནི། ནམ་མཁའི་དཀྱིལ་དུ་ཆུད་པའོ། །བསམ་པ་ནི་བསྒོམ་པར་བྱ་བའོ། །དེ་ལྟར་བྱས་ནས་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་མི་བསྐྱོད་པ་ནས་ཁྲོ་བོའི་མཐར་ཐུག་པའི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ནམ་མཁའི་ཁམས་ཏེ། ནམ་མཁའི་
གཏོས་ཡོངས་སུ་གང་ཞིག་ཁྱབ་པར་རྣམ་པར་བསྒོམས་ལ། སངས་རྒྱས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ཞེས་བྱ་བ། སྐུ་ལ་སོགས་པའི་ས་བོན་ཨཱཿཁཾ་དྷཱི་ཞེས་བྱ་བ་འདི་གསུམ་དེར་ནི་སྔགས་ཀྱིས་ཞེས་བྱ་བ་ཡི་གེ་ཧྲཱིཿལ་དབབ་པར་བྱའོ། །དེ་ལ་འདི་ནི་ཞེས་བྱ་བ་
เล่ม ๓๐ · หน้า 167b
ལ་སོགས་པ་ལ། མངག་གཞུག་བསྐྱེད་པ་དེ་ལ་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་རྡོ་རྗེའི་གསང་བར་གྱུར་པ་བྱིན་གྱིས་རློབ་པའི་གནས་ཏེ་བསྐྱེད་པའི་གཞིའོ། །དེ་གང་ཡིན་ཞེ་ན། ཨཱཿཁཾ་དྷཱི་ཞེས་བྱ་བ་སྟེ། དེ་ལྟར་ཡི་གེ་གསུམ་གྱི་བདག་ཉིད་ཅན་གྱི་མངག་གཞུག་པ་བསྒྲུབས་ནས།
ཇི་ལྟར་མངོན་པར་འདོད་པའི་ལས་ལ་སྦྱར་བར་བྱའོ། །གཞན་ཡང་མངག་གཞུག་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཕྱག་ན་རྡོ་རྗེ་ཞེས་བྱ་བ་གསུངས་ཏེ། ཕྱག་ན་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་དང་འདྲ་ཞིང་མཚུངས་པའི་གཟུགས་ཆེན་པོ་དྲག་པོའི་ལུས་ཅན་གང་ཡིན་པ་དེ་
ནི། ཕྱག་ན་རྡོ་རྗེའི་གཟུགས་ཆེན་དང་། །ཞེས་བྱ་སྟེ། གནོད་མཛེས་རྒྱལ་པོ་བསམ་པའོ། །དེ་བཞིན་དུ། ཕྱག་ན་པདྨོ་འོད་ཆེན་དང་། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པ་སྟེ། དེ་དང་འདྲ་བའི་འོད་ཟེར་ཆེན་པོ་དང་ལྡན་པའི་རྟ་མགྲིན་ཡང་དེ་བཞིན་དུ་བསམ་པའོ། །གཞན་
གྱིས་མི་ཐུབ་གཟུགས་ཆེན་དག །ཅེས་བྱ་བ་ནི། འོད་ཀྱི་ཚོགས་ཀྱིས་མི་མཉམ་ཞིང་གཞན་གྱིས་མི་ཕམ་པས་ན། གཞན་གྱིས་མི་ཐུབ་པ་སྟེ། རྣམ་པར་སྣང་མཛད་ཡིན་ལ། དེ་ལས་བྱུང་བའི་གཟུགས་ཆེན་པོ་ནི། མཐུ་ཆེན་པོ་དང་ལྡན་པའི་གཤིན་རྗེ་གཤེད་ཅེས་བྱ་བ་སྟེ། དེ་དག་
རིགས་ཀྱི་དབྱེ་བས་བསྒོམས་ནས། དེ་རྣམས་ཀྱི་གསང་བའི་གནས་དག་སྟེ། གསང་བའི་མཆོག་ལ་གཞག་ཅིང་དགོད་པར་བྱའོ། །དེ་ལ་ཞེས་པ་ནི་དེ་རྣམས་ལ་འོག་ནས་བཤད་པ། འདི་ནི་རྡོ་རྗེའི་གསང་བའི་ཞེས་བྱ་བ་ནི་ཁྲོ་བོ་རྣམས་ཏེ། དེ་རྣམས་ཀྱི་གནས་སོ་ཞེས་པ་ནི་བཀའ་བསྒོ་
བ་ལ་ངེས་པར་གཟུང་བའོ། །དེ་ཡང་གང་ཡིན་ཞེ་ན། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། མི་གཡོ་བའི་ཕྱིར་དང་རྡོ་རྗེ་འཆང་བའི་སྤྲུལ་པ་ཡིན་པས་ནི་མི་བསྐྱོད་པ་སྟེ། གནོད་མཛེས་རྒྱལ་པོ་དེ་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་སྟེ། རྡོ་རྗེ་གསང་བའི་གནས་
ཞེས་བྱ་བའི་བཀའ་བསྒོ་བས་རབ་ཏུ་བརྟག་པར་བྱ་སྟེ། ཚེ་དཔག་མེད་པའི་འཁོར་ལོ་ཆེ། །ཞེས་བྱ་བ་ནི། རྟ་མགྲིན་ཏེ་དེ་བཞིན་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་མངག་གཞུག་པར་བྱས་ལ། གསང་བའི་གནས་དེ་ལ་སྦྱར་བར་བྱའོ། །རྡོ་རྗེ་སྣང་མཛད་དེ་བཞིན་
เล่ม ๓๐ · หน้า 168a
ཏེ། །ཞེས་བྱ་བ་ནི། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་མངག་གཞུག་པ་སྟེ། ཟླ་བ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་སྟེ། བཀའ་བསྒོ་བར་བྱའོ། །འོད་ཆེན་ཞེས་པ་ནི་རྡོ་རྗེ་མངག་གཞུག་དེ་དག་ཐམས་ཅད་ཀྱང་འོད་ཆེན་ཏེ། འོད་ཟེར་ཆེན་པོ་དང་ལྡན་པའོ། །
སྡུག་བསྔལ་ཆེན་པོ་ཡིས་ཞེས་བྱ་བ་ནི། འགྲོ་བ་འདོན་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པས། སྡུག་བསྔལ་ཆེན་པོ་སྟེ་མི་བསྐྱོད་པ་ལ་སོགས་པའོ། །དེ་ལ་སྡུག་བསྔལ་ཆེན་པོ་དེས་བསྐུལ་བ་ནི་དངོས་གྲུབ་སྩོལ་བར་བྱ་བའི་ཕྱིར་ཡང་དག་པར་བསྐུལ་བར་བྱའོ། །དེ་ལ་ཞེས་
བྱ་བ་ནི། ཡང་དག་པར་བསྐུལ་བ་ལ་ས་བོན་འདི་ཡིན་ཏེ། དེས་རྡོ་རྗེ་ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྙིང་པོ་ནི་ཐུགས་ཏེ། བསྐུལ་བ་ནི་ཁྲོ་བོ་ལ་བཀའ་བསྒོ་བར་བྱ་བའི་ཕྱིར་སོ་སོར་སྦོད་པའོ། །ཨཱཿཞེས་བྱ་བ་ནི་ཁྲོ་བོ་བསྐུལ་བར་བྱ་བའི་
ཕྱིར་བཀའ་བསྒོ་བའི་ཚིག་གོ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་བདག་པོ་ཡང་དག་པར་བསྐུལ་ནས། དེའི་འཁོར་རྣམས་ལ་ཡང་དེ་ཉིད་བྱ་བར་བསྒོ་བར་འདོད་པའི་ཕྱིར། མདུང་རྩེ་ཆེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདུང་རྩེ་ཆེ་ཞེས་བྱ་བ་ནི་མདུང་རྩེ་འཛིན་པ་ལའོ། །རྡོ་རྗེ་ཞེས་
བྱ་བ་ནི་རྡོ་རྗེ་འཛིན་པ་ལའོ། །ལྕགས་ཀྱུ་ཞེས་བྱ་བ་ནི་ལྕགས་ཀྱུ་འཛིན་པ་ལའོ། །སྣ་ཚོགས་ཞེས་བྱ་བ་ནི་མཚོན་ཆ་གཞན་དང་གཞན་ཐོགས་པ་རྣམས་ལའོ། །མཆོག་རྣམས་ཀྱིས་ཞེས་བྱ་བ་ནི་མི་ཕྱེད་པའི་འཁོར་གྱི་ཚོགས་རྣམས་ལའོ། །རྡོ་རྗེ་ཆོ་ག་བཞིན་དུ་བསྐུལ་ན་
ཞེས་བྱ་བ་ནི་བཤད་པའི་རིམ་པས་བསྐུལ་བའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། སངས་རྒྱས་བྱང་ཆུབ་རབ་ཏུ་འགྲུབ། །ཅེས་བྱ་བ་སྟེ། སངས་རྒྱས་ནི་སྒྲུབ་པ་པོ་སྟེ་དེའི་བྱང་ཆུབ་ནི། མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་ཞིང་མཐར་ཐུག་པར་འགྱུར་བའོ། །འདི་
སྐད་ཅེས་ཀྱང་གསུངས་སོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་ཀྱང་གསུངས་སོ་ཞེས་པའོ། །ཉམས་དགའ་བ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སངས་རྒྱས་ཐོབ་པ་ཞེས་བྱ་བ་འདིར་བསྒྲུབ་པར་བརྩམས་པ་ཉིད་དོ། །རི་རབ་སུམ་ཅུ་ཞེས་བྱ་བ་ལ་
เล่ม ๓๐ · หน้า 168b
སོགས་པས་ནི་སྒྲུབ་པའི་འབྲས་བུ་གསུངས་པ་ཡིན་ཏེ། རིའི་རྒྱལ་པོ་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་གྱི་རྡུལ་གྱི་ཆ་ཤས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཚད་ཀྱི་ཕྲ་མོ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེའི་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངག་གཞུག་
པར་གང་གྱུར་པ་དེ་དག་ཐམས་ཅད། བྱང་ཆུབ་རྡོ་རྗེ་ཅན་ཞེས་བྱ་བ་སྒྲུབ་པ་པོའི་འཁོར་དུ་འགྲུབ་པར་འགྱུར་ཞིང་། འཁོར་གྱི་ཚུལ་གྱིས་བཀའ་ནོད་ཅིང་གནས་པར་འགྱུར་རོ། །སུམ་ཅུ་རྩ་དྲུག་སྨོས་པ་ནི་འདི་ལས་ཉུང་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་གསུངས་པ་ཡིན་ནོ། །ཕན་
ཡོན་གཞན་ཡང་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་ལ་སོགས་པ་ཕྱོགས་བཅུ་ན་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དུ་འགྲོ་བར་འགྱུར་ཞིང་
ཕྱིན་པར་འགྱུར་རོ། །དེར་སོང་ནས་ཀྱང་ཟབ་མོའི་ཆོས་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་རྒྱུར་གྱུར་པ། དེ་བཞིན་གཤེགས་པ་རྣམས་ལས་ཐོས་པར་འགྱུར་རོ། །དེ་ནས་ཅིར་འགྱུར་ཞེ་ན། སངས་རྒྱས་ས་ཡང་ཐོབ་པར་འགྱུར། །ཞེས་བྱ་བའོ། །འདི་སྐད་སྟོན་པར་འགྱུར་ཏེ་
བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་ནས། བཤད་མ་ཐག་པའི་ཚུལ་གྱིས་མངག་གཞུག་པའི་དངོས་གྲུབ་ཐོབ་ནས། དེ་བཞིན་གཤེགས་པ་མཉེས་པར་བྱས་པས། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་
འགྱུར་བའོ། །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་བཤད་པས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། མངག་གཞུག་པ་ཐམས་ཅད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་ཉིད་སྦ་
བར་བྱ་བ་ཡིན་པས་ན་གསང་བའོ། །དེ་རྣམས་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་གསང་བ་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔས་ཡང་དག་པར་བསྟན་པར་གྱུར་པའི་གསང་བའི་ལས་རྩོམ་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་མི་བསྐྱོད་
เล่ม ๓๐ · หน้า 169a
པའོ། །དེའི་ཡེ་ཤེས་ཆེན་པོ་ནི་སེམས་ཀྱི་ངོ་བོ་ཉིད་ཡི་གེ་ཧཱུཾ་ངོ་། །གསུང་གི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །དེ་འཛིན་ཅིང་སྐྱེད་པར་བྱེད་པས་ན་གསུང་གི་རྡོ་རྗེ་འཛིན་པ་སྟེ། ཡི་གེ་ཨཱཿའོ། །རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དོ། །དེའི་དགོད་པ་ཆེན་པོ་ནི་སྐྱེད་པར་བྱེད་པའི་
ཡི་གེ་ཨོཾ་ཡིན་ཏེ། ཡི་གེ་གསུམ་པོ་དེ་དག་གིས་མངག་གཞུག་པ་རྣམས་བསྐྱེད་པ་ནས་བརྩམས་ཏེ། དུས་ཐམས་ཅད་དུ་རྟག་ཏུ་བསྐུལ་བར་བྱ་ཞིང་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་མངག་གཞུག་པ་བསྒྲུབ་པར་བྱ་བའི་ཡུལ་ལ་སྟེ། འོག་ནས་བཤད་པ་འདི་ནི་རྡོ་རྗེ་ཡེ་
ཤེས་ཞེས་པ། དེ་བཞིན་གཤེགས་པ་རྣམས་ཏེ་དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་སོ། །དེས་བྱས་པའི་སྔགས་ཀྱི་ཚིག་དེ་རྣམས་ཀྱི་དམ་ཚིག་གི་གནས་ཞེས་པ་ནི། འདའ་བར་མི་བྱ་བའི་གནས་སྐབས་དེ་ཡང་། དམ་ཚིག་བསྐུལ་བ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིའོ། །དམ་ཚིག་བསྐུལ་
བ་དང་ཞེས་བྱ་བ་ལ། དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའི་བཀའོ། །དེས་བསྐུལ་བ་ནི་གསོལ་བ་བཏབ་པའོ། །དམ་ཚིག་གཏོང་བ་ཞེས་བྱ་བ་ནི། དམ་ཚིག་དེ་ཉིད་ཀྱིས་བྱ་བ་རྣམས་ལ་སྦྱར་ནས་དམ་ཚིག་གི་དོན་སྒྲུབ་པའོ། །དམ་ཚིག་བོད་པ་ནི་དམ་ཚིག་དེ་ལས་བོད་ཅིང་མིང་དང་སྦྱར་ནས་
དམ་ཚིག་ཏུ་བྱེད་པའོ། །དམ་ཚིག་འཆིང་བའོ་ཞེས་བྱ་བ་ནི། དེ་ལ་འཆིང་ཞིང་དྲག་པོས་ངེས་པར་སྦྱོར་བའོ། །དེ་ལྟར་གྲུབ་པས་ཅི་ཞིག་བྱེད་ཅེ་ན། མཁའ་དབྱིངས་རྒྱ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་རྒྱ་ཆེ་ཞིང་མཐའ་མེད་ལ་དག་ཅིང་སྒྲིབ་པ་
མེད་པ་དང་། ཆོས་རྣམས་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་སྟེ། མཐོང་བ་ལས་འདས་པ་འདི་ལྟ་བུའི་ནམ་མཁའའང་གོང་བུའི་ཚུལ་གྱིས་ཤེས་པ། གཟུགས་ཅན་གྱི་རང་གི་ངོ་བོས་རྡོ་རྗེ་ལྟར་སྲ་བའི་གཟུགས་སུའང་། སྒྲུབ་པ་པོས་བསྐུལ་ན་མངག་གཞུག་པ་རྣམས་ཀྱིས་
བྱེད་པར་འགྱུར་ན། གཞན་དག་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཕུལ་དུ་བྱུང་བའི་ཁྱད་པར་དུ་གསུངས་པའོ། །བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བ་ནི། གང་གིས་བུ་གཅིག་པ་སངས་རྒྱས་ཐམས་ཅད་ཡིན་པ་དེ་ནི། རྡོ་རྗེ་སེམས་
เล่ม ๓๐ · หน้า 169b
དཔའ་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་པའོ། །ད་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་ཤེས་རབ་དང་ལྡན་ཞིང་བསྟན་བཅོས་ཀྱི་རིགས་ཅན་ནོ། །རྡོ་རྗེ་སེམས་དཔའ་ནི་བརྟན་པོ་སྟེ་དེ་དག་ཀྱང་གལ་
ཏེ་དབང་དུ་བྱ་བར་འདོད་ཅིང་རང་གི་མངོན་པར་འདོད་པ་ལ་འཇོག་པར་འདོད་ན། རྡོ་རྗེ་མཆོག་གསུམ་འཛིན་པ་ཆེ། །ཞེས་བྱ་བ་སྐུ་ལ་སོགས་པའི་ངོ་བོ་ཉིད་འཇམ་དཔལ་ཆེན་པོའི་སྐུ་གསང་བ་ཆེན་པོ་སྟེ། སྦས་པར་གྱུར་པ་འོག་ནས་བཤད་པ་འདི་བསམ་ཞིང་བསྒོམ་པར་བྱའོ། །ཇི་ལྟར་
ཞེ་ན། རྡོ་རྗེ་འཇམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཇམ་དཔལ་སྟོབས་ཆེ་ཞིང་། བསྒྲུབ་པར་དཀའ་བ་སྒྲུབ་པ་ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་པ། འོད་གསལ་བ་ལས་བྱུང་བ་བསམ་ཞིང་བསྒོམ་པར་བྱའོ། །མདའ་ལྔའི་སྦྱོར་བ་
དག་གིས་ནི། །ཞེས་བྱ་བ་ལ། མདའ་ལྔ་ནི་དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་དུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་སྟེ་མདའ་ལྔའོ། །དེ་རྣམས་ཀྱི་སྦྱོར་བ་ནི་གཏོང་བ་སྟེ། དབུ་རྒྱན་གྱི་རྩེ་མོར་ཞེས་པ། བསྒྲུབ་པར་བྱ་
བའི་མཆོག་ལ་ཡང་དག་སྤྲོ་ཞེས་བྱ་བ་སྟེ་འཕང་བར་བྱའོ། །ཇི་ལྟར་ཞེ་ན། གནས་ལྔ་དག་ཏུ་སྔགས་ཤེས་པས། །ཞེས་བྱ་བ་སྟེ། སྙིང་ག་དང་སྤྱི་བོ་དང་ལྟ་བ་དང་གསང་བ་དང་རྐང་པ་སྟེ། གནས་ལྔ་རྣམས་སུ་སྔགས་ཤེས་པ། །ཞེས་བྱ་བ་ས་བོན་ཤེས་པའི་སྔགས་པས་
རྡོ་རྗེ་ཁྲོ་བོ་སྟེ་ལྷག་པའི་བསམ་པ་བརྟན་པས་དབབ་པར་བྱ་ཞིང་མདའ་ལྔ་བསྒོམ་པར་བྱའོ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། །ཞེས་བྱ་བ་ལ། བྱིས་པ་ནི་འཇམ་པའི་དབྱངས་ཏེ་དེ་ལ་བློ་སེམས་པ་གང་ཡིན་པ་དེ་ནི་བྱིས་པའི་བློ་སྟེ། སྒྲུབ་པ་པོ་ཆེན་པོ་གྲགས་ཆེན་གྱིས། །ཞེས་
པ་ནི། །ནུས་པ་ཆེན་པོ་དང་ལྡན་པ་དྲེགས་པར་བྱེད་པ་ལ་སོགས་པའི་མདས་བསྒྲུབ་པར་བྱ་བ་སྡངས་ཤིང་སྐྱབས་མེད་ལ་བརྒྱལ་ཞིང་། རྨོངས་པར་བསྒོམ་ཞིང་བསམ་པར་བྱ་སྟེ། དབང་དུ་བྱ་བའི་བསམ་གཏན་འདི་ནི་གསང་བའི་བསྐུལ་བ་ཞེས་བྱ་བ། ནང་གི་བདག་ཉིད་ལ་མཆོག་
เล่ม ๓๐ · หน้า 170a
ཏུ་གཞོལ་བས་ཟླ་བ་ཕྱེད་དེ་ཞག་བཅོ་ལྔའི་བར་དུ་བསྒོམ་པར་བྱ་བ་ནི། སྔགས་རྣམས་ཀུན་གྱིས་ཞེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གསང་བ་ཡིན་པར། རྡོ་རྗེའི་དོན་གྱི་བློ་ཡིས་ཞེས་པ་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིང་བཤད་པ་ཡིན་ནོ། །གདུལ་
བའི་དོན་གྱི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པའི་ཧཱུཾ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཀྱི་དཀྱིལ་འཁོར་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
བཀོད་པའི་མཆོག་བསམ་པར་བྱའོ། །སྔགས་ཀྱི་རྡོ་རྗེ་ནི་ཡི་གེ་ཧཱུཾ་སྟེ་དེ་ལ་སོགས་པ་ས་བོན་རྣམ་པ་ལྔ་རྣམས་ཀྱིས་རྡོ་རྗེ་གསུམ་ལ་སོགས་པར་ཞེས་པ་བསྒྲུབ་པར་གྱུར་པའི་གདུག་པ་རྣམས་རབ་ཏུ་བསྒོམ་པར་བྱའོ། །དེ་རྣམས་ཀྱི་མིག་གི་དབུས་སུ་ཞེས་པ་མིག་གི་སྦུབས་སུ།
ཡི་གེ་ཨོཾ་འོད་རབ་ཏུ་འཕྲོ་བ་བསམས་ནས། ནམ་མཁའི་ཁོངས་ན་བཞུགས་པ་འདི་དག་གིས་མཐོང་བར་ཤོག་ཅིག་ཅེས་བྱིན་གྱིས་བརླབ་པའི་ཆོ་གས་བསྟན་པར་བྱའོ། །དེ་ལྟར་བྱས་ན་སྔགས་རྣམས་ཀུན་གྱི་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་
དག་ནི་ཞེས་བྱ་བ། ཕྱག་རྒྱ་ཆེན་པོའི་གཟུགས་སྐུ་གསུམ་རྡོ་རྗེ་ཅན་དུ་མཐོང་ཞེས་པ་སྟེ་སྒྲུབ་པ་པོས་མཐོང་བར་འགྱུར་རོ། །བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། བཀྲེས་པ་དང་སྐོམ་པས་གདུངས་པ་ལ་སོགས་པས་ཟིལ་གྱིས་ནོན་པའི་སྒྲུབ་པ་པོས། སྦྱོར་བ་འདི་
རྣམ་པར་བསམས་ན་རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ་ཞེས་པ། རྡོ་རྗེ་འཆང་ཆེན་པོས་གསུངས་པ་བཞིན་དུ། སྡུག་བསྔལ་ཐམས་ཅད་བྱང་བར་འགྱུར། །ཞེས་བྱ་བ་སྟེ། ལུས་དང་ངག་དང་ཡིད་ཀྱི་སྡུག་བསྔལ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་
ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་གཟུགས་དོན་ཐམས་ཅད་འབྱོར་པ་སྟེ་སྩོལ་བར་བསམས་ལ། ཡི་གེ་པཾ་ཟླ་བའི་དཀྱིལ་འཁོར་རྫོགས་པ་ལྟ་བུ་ལ་བདུད་རྩིའི་ཐིགས་པ་འབབ་པ་ཁའི་ནང་དུ་སྟེ། རྐན་གྱི་དབུས་སུ་ཆུད་པར་
เล่ม ๓๐ · หน้า 170b
བསྒོམས་ལ། ཡི་གེ་ཨོཾ་ཁ་དོག་དཀར་པོ་བདུད་རྩིའི་ཐིགས་པ་འབབ་པའི་ནང་དུ་ཞུགས་པར་བསམས་ཏེ། བསམ་གཏན་དེ་ནི་བཟའ་བར་བྱ་བ་ཀུན་དུ་ཞེས་བྱ་བ་ཁ་ཟས་འཕྲོད་པ་དང་། མི་འཕྲོད་པ་ཐམས་ཅད་ཀྱི་གནས་ཤེས་པ་སྟེ་ནད་མེད་པའི་གཞིའོ། །ཡིད་བཞིན་ནོར་བུས་བརྒྱན་
པ་སྟེ། །ཞེས་བྱ་བ་ནི། ལང་ཚོ་དང་ནད་མེད་པ་དང་བདེ་བ་དམ་པ་རབ་ཏུ་སྟེར་བས། ཡིད་བཞིན་གྱི་ནོར་བུ་ལྟར་མཆོད་པར་བྱ་བའོ། །ཞི་བ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ་དང་། སྡུག་བསྔལ་ཐམས་ཅད་སེལ་བ་ཞེས་བྱ་བ་སྟེ། དུག་དང་སྦྱར་བའི་དུག་དང་འབྱུང་པོ་ལ་
སོགས་པ་ཉེ་བར་འཚེ་བ་ཐམས་ཅད་ཟློག་པའོ། །ཡེ་ཤེས་རྡོ་རྗེ་ལས་བྱུང་བའོ། །ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་སྐྱེས་པར་བསྒོམས་པའོ། །བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། དཀོན་མཆོག་དཔལ་གྱི་ངོ་བོ་ཉིད་དེ་དེ་
རྡོ་རྗེ་འཆང་ཆེན་པོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ཆེན་པོ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་འགའ་ཞིག་གི་ཁྱད་པར་རོ། །རྡོ་རྗེ་བསྒོམ་པ་ནི་དེ་རྫོགས་པར་བྱེད་པའི་སེམས་རྩེ་གཅིག་པའོ། །དེས་བསྐྱེད་པའི་ཚིག་གི་
མཆོག་གི་ས་བོན་གྱི་ཁྱད་པར་ཏེ། དེ་རྡོ་རྗེའི་གསུང་ལས་ཕྱུང་ངོ་། །བཱིཿ་ཞེས་བྱ་བ་ནི་ས་བོན་ནོ། །སངས་རྒྱས་དཀྱིལ་འཁོར་འོད་བཟང་པོ། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །ཞེས་བྱ་བ་སྟེ། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་འཁོར་ལོས་ཡོངས་སུ་བསྐོར་བའོ། །རྡོ་རྗེ་
སྐུ་གསུམ་སྦྱོར་བ་ཡིས། །ཞེས་བྱ་བ། སྐུ་དང་གསུང་དང་ཐུགས་གཅིག་ཏུ་བྱས་པས་རྡོ་རྗེ་བསྐྱེད་དེ་འདི་རྣམ་པར་བསམ་པར་བྱའོ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཞེས་བྱ་བ་ནི། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའི་ཕྱིར་རོ། །ཅུང་ཟད་སེར་བ་ནི་རིན་ཆེན་འབྱུང་
ལྡན་ནོ། །རྡོ་རྗེ་འགྱིང་བ་ནི་དེ་ཉིད་ཀྱི་རྣམ་པར་རོལ་ཞིང་འགྱིང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞི་བ་ཐོར་ཚུགས་དབུ་རྒྱན་ཅན། །བསམས་ནས་ཐམས་ཅད་བརྩམ་པར་བྱ། །ཞེས་བྱ་བ་ནི། འདི་ལྟར་བསམས་ནས་ཞི་བ་ལ་སོགས་པ་ཐམས་ཅད་བརྩམ་པར་བྱའོ། །རྡོ་རྗེ་
เล่ม ๓๐ · หน้า 171a
དཔའ་བོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་རླབས་ཀྱི་ཕྲེང་བ་ནི་སྤྲོ་བའི་དབའ་རླབས་ཀྱི་ཕྲེང་བ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་གང་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་བསྒྲགས་ཤིང་
བསྟོད་པ། སྐུལ་བྱེད་མའི་གཟུགས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། མི་ཕྱེད་པའི་ཏིང་ངེ་འཛིན་དེ་ལ་ཐུགས་རྩེ་གཅིག་ཏུ་མངོན་པར་འདུ་མཛད་ཅིང་བྱིན་གྱིས་བརླབས་ནས། རྡོ་རྗེ་འཆང་ཆེན་པོ་བསྒོམ་ཞིང་བསྐྱེད་པས་ན། རྡོ་རྗེ་ཆེན་པོ་བསྒོམ་པ་སྟེ་སྐུལ་བྱེད་
མའོ། །དེའི་ཚིག་ནི་སྐྱེད་པར་བྱེད་པའི་ས་བོན་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་གང་ཡིན་ཞེ་ན། ཙུཾ་ནམ་མཁའ་རྡོ་རྗེ་ལ་ཉི་མའི་དཀྱིལ་འཁོར་རྣམ་པར་བསམས་ནས། དེའི་སྟེང་དུ་བཤད་མ་ཐག་པའི་ས་བོན་རྣམ་པར་བཀོད་དེ་སངས་རྒྱས་ཀྱི་སྤྲིན་ཞེས་བྱ་བ།
རང་གི་དཀྱིལ་འཁོར་པ་རྣམས་ཀྱི། །དབུས་སུ་གནས་པར་ཆོ་ག་ཡིས། །ཞེས་བྱ་བ་དེ་བཞིན་གཤེགས་པ་སྤྲོ་བ་དང་བསྡུ་བ་བྱས་པས་སོ། །རྡོ་རྗེ་གསུམ་གྱིས་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པའོ། །གྲགས་ཆེན་ནི་ཞེས་བྱ་བ་ནི། སྡུག་བསྔལ་ཐམས་ཅད་
ངེས་པར་སེལ་བས་གྲགས་པ་ཆེན་པོ་ཐོབ་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་དབབ་པ་ཞེས་བྱ་བ་ནི། གདུག་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་འཇོམས་པར་སྐུལ་བྱེད་རྡོ་རྗེ་མ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཁ་དོག་
དཀར་མོར་རབ་ཏུ་བསྒོམ། །ཞེས་བྱ་བའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་སྟེ། །བསམས་ལ་སྔགས་ཀྱི་ཚིག་དགོད་དོ། །ཞེས་བྱ་བ་ལ། སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །འདི་རྣམས་ཀྱི་ཚིག་ནི་མཚན་མ་སྟེ་དེ་དགོད་པར་བྱ་ཞིང་། རྡོ་རྗེ་སེམས་དཔའ་མཚན་
མའང་དགོད་པར་བྱའོ་ཞེས་བྱ་བའི་བར་དུ་སྟེ། རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་དང་སྙོམས་པར་ཞུགས་པར་མཚན་མས་རྗེས་སུ་བྱེད་པའོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་སྐུལ་བྱེད་མའི་གཟུགས་སོ། །དེ་ལ་ཡེ་ཤེས་ཀྱི་འོད་ཟེར་ནི་ཡེ་ཤེས་ཀྱི་སྣང་བ་སྟེ། ཏིང་ངེ་འཛིན་གང་དེ་
เล่ม ๓๐ · หน้า 171b
ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནོར་དང་འབྲུ་ཐམས་ཅད་ལ་སེམས་པ་ནི་བསམ་པ་ཐམས་ཅད་དེ། རྡོ་རྗེ་དང་འདྲ་བར་ལོངས་སྤྱོད་ཅིང་དམིགས་པར་བྱེད་པས་ན། རྡོ་རྗེ་ལོངས་སྤྱོད་པ་སྟེ་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། ཏིང་
ངེ་འཛིན་གྱི་འཁོར་ལོའི་ཚུལ་ཞེས་བྱ་བ། གནོད་གནས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ས་བོན་གང་གིས་བསྐྱོད་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཛཾ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པར་སངས་རྒྱས་ཏེ། གནོད་གནས་སོ། །
དེ་ཉིད་སྙིང་པོར་གྱུར་པས་ན་དཀྱིལ་ལོ། །དེ་ལེན་ཅིང་བསྐྱེད་པས་ན་སངས་རྒྱས་དཀྱིལ་འཁོར་ཏེ་ས་བོན་ནོ། །དེ་ལ་སངས་རྒྱས་ཀུན་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་དང་ལྡན་པའོ། །ཆོ་ག་ཡིས་ཞེས་བྱ་བ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་དབབ་བར་བྱ་ཞིང་ནང་དུ་བསྟིམ་པར་བྱ་སྟེ། ས་
བོན་དེ་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་གནོད་གནས་གསེར་གྱི་མདོག་ཅན་གསུས་པ་ཆེ་བ་མིའུ་ཐུང་གི་གཟུགས་ཅན། ཞལ་གསུམ་པ། ཕྱག་དྲུག་པ་ལག་པ་གཡས་རྣམས་ཀྱིས་བི་ཛ་པཱུ་ར་དང་ལྕགས་ཀྱུ་དང་མདའ་ཐོགས་པ། གཡོན་རྣམས་ལས་གཅིག་གིས་
རང་གི་རིག་མ་འཁྱུད་པ་ལ་བརྩོན་པ། གཞན་གཉིས་ཀྱིས་ཞགས་པ་བཟང་པོ་དང་བཅས་པའི་ནེའུ་ལེ་དང་གཞུ་འཛིན་པ། ཐོར་ཚུགས་དང་དབུ་རྒྱན་རྡོ་རྗེ་ཅན་ཏེ། འདི་ལྟ་བུའི་ཚུལ་དུ་བདག་ཉིད་གནོད་གནས་སུ་རྫས་སྒྲུབ་པ་ལ་བསྒོམ་པར་བྱ་ཞིང་། སངས་རྒྱས་ལྔ་ཞེས་བྱ་བ་ལ་
རྣམ་པར་སྣང་མཛད་ལ་སོགས་པ། ཆོ་ག་ཡིས་ཞེས་བྱ་བ་རིམ་གྱིས་མགོ་བོ་དང་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་བྱིན་པ་རྣམས་སུ། ཨོཾ་ལ་སོགས་པའི་ས་བོན་ལས་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་ག་ལས་རང་དང་འདྲ་བའི་གནོད་གནས་ཕྱུང་ལ། སྔ་མ་བཞིན་དུ་
ཐམས་ཅད་བྱས་ནས་དེའི་ཅོད་པན་དུ། བདེ་བ་ཆེན་པོ་རང་གི་ཕྱག་རྒྱ་དང་བཅས་པའི་ཡི་གེ་ཛཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བར་བསམས་ལ། དེའི་མགོར་རྡོ་རྗེ་བདུད་རྩིའི་ཆུ་ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདོན་པ་སྔོན་དུ་འགྲོ་བས་བསྒོམས་ལ་སྦྱིན་
เล่ม ๓๐ · หน้า 172a
པར་བྱའོ། །དེ་ལྟར་སྦྱིན་པ་ནི། རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །དབུ་རྒྱན་དེ་ལ་རྣམ་པར་བསམ། །ཞེས་བྱ་བའོ། །དེ་ལྟར་བྱས་པས་ན་དེ་མཉེས་ཤིང་སྒྲུབ་པ་པོའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྡོ་རྗེའི་ཕྱག་རྒྱ་ནི་མི་ཕྱེད་པའི་གནོད་གནས་ཀྱི་ཕྱག་
རྒྱའོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ། །དེས་རྫས་སྒྲུབ་པ་ནི་རྫས་སྐྱེད་པའོ། །དེ་ཉིད་ནི་ཏོག་དང་ལྡན་པར་མཐོ་ཞིང་དཔལ་ཏེ་ནུས་པ་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། གནོད་སྦྱིན་མོ་སྒྲུབ་པ་གསུངས་པ་ཡིན་
ཏེ། འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་ནི་རྣམ་པར་རོལ་པ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་རྫོགས་པར་བྱེད་པ་རྡོ་རྗེའི་ཚིག་སྟེ། ས་
བོན་གྱི་ཡི་གེ་འོག་ནས་བཤད་པ་འདི། ཉིད་ཀྱི་སྐུ་ལ་སོགས་པ་ལས་ངེས་པར་ཕྱུང་བ་ནི་ཀྵིཾ་ཞེས་བྱ་བའོ། །མཁའ་དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ལ་ཡི་གེ་ཀྵིཾ་ལས་བྱུང་བའི་ཁང་པ་བརྩེགས་མ་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་བསམ་པའོ། །
མེ་ཏོག་སྤོས་ཀྱིས་ཀུན་ཏུ་འཁྲིགས། །ཞེས་བྱ་བ་ནི། ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ལེགས་པར་མཆོད་ལ། གནོད་སྦྱིན་མོ་ཞེས་བྱ་བ་གནོད་སྦྱིན་མོའི་ཚོགས་ཀྱིས་ནམ་མཁའི་དབྱིངས་ཞེས་བྱ་བ་ནམ་མཁའི་ཁམས་ཏེ། དེ་ཡོངས་སུ་གང་བར་བསམ་པར་བྱའོ། །རྡོ་རྗེ་
གསུམ་གྱི་སྦྱོར་བས་དབབ། །ཅེས་བྱ་བ་ནི། གཞལ་ཡས་ཁང་གི་ནང་དུ་གཞུག་པའོ། །གཟུགས་ཀྱི་སྤྲིན་དག་རྣམ་བསམས་ལ། །ཞེས་བྱ་བ་ནི། དེའི་འོག་ཏུ་གནོད་སྦྱིན་མོའི་གཟུགས་ཀྱི་ཚོགས་མ་ལུས་པ་གནོད་སྦྱིན་མོ་གཅིག་གི་གཟུགས་སུ་བསམ་པའོ། །སྐུ་གསུམ་
ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ལས་བྱེ་བྲག་གིས། །ཞེས་བྱ་བ་ནི། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པས་གནོད་སྦྱིན་མོ་དེའི་གཟུགས་ཀྱི་བསམ་གཏན་རིགས་ལྔར་བྱ་བ་བསམ་པར་བྱའོ། །རྡོ་རྗེ་འཇམ་པའི་ཏིང་འཛིན་གནས། །ཞེས་པ་ནི་སྒྲུབ་པ་པོ་སྟེ།
เล่ม ๓๐ · หน้า 172b
དེས་དབུ་རྒྱན་ཞེས་བྱ་བ་གནོད་སྦྱིན་མོའི་སྤྱི་བོར་ཁྲོ་བོ་སྟེ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གནོན་པའི་དོན་དུ་བསྒོམ་པར་བྱའོ། །སྙིང་གར་ཞེས་བྱ་བ་གནོད་སྦྱིན་མོའི་སྙིང་གའི་ལྟེ་བ་ལ། སྔགས་ཀྱི་ཚིག་ཅེས་པ་ཡི་གེ་ཀྵིཾ་བསྒོམས་ལ། རྡོ་རྗེའི་སྦྱོར་བ་སྟེ་སྙོམས་པར་ཞུགས་
པ་བརྩམ་པར་བྱའོ། །གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ཉིད་ནི་གཅིག་ཏུ་བྱས་པའོ། །དེ་ཉིད་གནས་པ་སྟེ་རོལ་པའོ། །དེའི་སྒོམ་པ་ནི་ཡང་དང་ཡང་དུ་སློབ་པར་བྱེད་པའོ། །དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་
ཕྲ་མོ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དངོས་གྲུབ་ནི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་རྣམ་པར་འཕྲུལ་པ་ནི་སྙོམས་པར་འཇུག་པའི་བྱ་བ་སྟེ། དེ་གང་དུ་སྟོན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་
པར་ཞུགས་ནས། ཕྲ་མོ་སྟེ་འཇིག་རྟེན་པའི་མཁའ་འགྲོ་མ་དེ་རྣམས་ཀྱི་དངོས་གྲུབ་ཐོབ་པའི་ཐབས་ཉིད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་ལས། དེ་དག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་རྫུ་འཕྲུལ་རབ་ཏུ་སྟོན་པས་ཕྱུང་ཞིང་གསུངས་སོ། །ཇི་ལྟར་ཞེ་ན། སྐུ་དང་གསུང་དང་
ཐུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་སྣ་ཚོགས་ལེན་པས་སྐུ་ཡང་དག་པར་གྲུབ་པ་དང་། སྒྲ་སྣ་ཚོགས་ཀྱིས་གསུང་གྲུབ་པ་དང་། ཇི་ལྟར་མངོན་པར་འདོད་པའི་དོན་འཐོབ་པས་ཐུགས་ཡང་དག་པར་གྲུབ་པས་རྡོ་རྗེ་མཁའ་འགྲོ་མར་བཤད་དེ། དེ་རྣམས་ཀྱི་གཟུགས་
འཛིན་པ་ནི་དེ་དང་འདྲ་བའོ། །ཤིན་ཏུ་གསལ་བས་ན་འོད་བཟང་པོ་སྟེ་སྣང་བའོ། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །ཞེས་བྱ་བ་ནི། ཉེ་བར་མཚོན་པའི་མཚན་ཉིད་ཀྱིས་ན་གསེར་ལ་སོགས་པའི་མདོག་ཅན་ནོ། །དངོས་གྲུབ་ཕྲ་མོ་ནི་རང་གི་ངོ་བོ་ཡོངས་སུ་སྒྱུར་བ་ལ་སོགས་པའི་
མཚན་ཉིད་ཅན་ཏེ་དེ་ལ་གནས་པའོ། །རྡོ་རྗེ་མཁའ་འགྲོ་དང་འཇིག་རྟེན་པའི་མཁའ་འགྲོ་མའི་སྙོམས་པར་འཇུག་པའི་འབྲས་བུའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། མི་སྣང་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྣང་བ་ནི་དངོས་པོ་མེད་པར་བྱས་པའོ། །དེ་ལ་སོགས་
เล่ม ๓๐ · หน้า 173a
པ་ནི་ལྡང་བ་ལ་སོགས་པ་གང་ཡིན་པ་དེ་ནི། མི་སྣང་བ་ལ་སོགས་པ་སྟེ་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་ཀྱི་གྲུབ་པ་སྟེ་སྙོམས་པར་འཇུག་པས་ནི་སྒྲུབ་པ་པོ་གཙོ་བོ་རྡོ་རྗེ་སེམས་དཔར་འགྱུར་རོ། །གནོད་སྦྱིན་རྒྱལ་པོ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཏེ།
དེ་རྣམས་དང་སྙོམས་པར་འཇུག་པས་ནི་སྔགས་ལ་མཆོག་ཏུ་གཞོལ་བའི་རིག་པ་འཛིན་པ་དག་གི་དབང་པོར་འགྱུར་རོ་ཞེས་བྱ་བ་སྟེ་ཁྱད་པར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་འདི་དག་གི་སྒྲུབ་པ་སྟོན་ཏེ། རྡོ་རྗེའི་དངོས་གྲུབ་ནི་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་གཟུགས་གསང་
བ་ནི་གཟུགས་ཕུན་སུམ་ཚོགས་པའོ། །དེ་ལ་སྔགས་ཀྱི་དངོས་གྲུབ་ནི་བཀླགས་པས་གྲུབ་པའི་སྔགས་ཀྱི་ཚིག་རྣམས་སོ། །གཟུགས་ཇི་ལྟ་བུ་ཞེ་ན། མཛེས་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛེས་པའི་གཟུགས་ནི་འོད་གསལ་བ་སྟེ། དེ་མཐོང་བ་ཉིད་ཀྱིས་ཚིམ་
ཞིང་ཀུན་ཏུ་དགའ་བར་འགྱུར་བ་དེས་མཐོང་བར་འགྱུར་རོ། །གཙུག་ཏོར་ཞེས་བྱ་བ་ལ་སོགས་པ་ལ། གཙུག་ཏོར་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་པའོ། །ཐམས་ཅད་གྲུབ་པ་ནི་ཞེས་བྱ་བ་ནི་ལྷ་མོ་ཐམས་ཅད་ཀྱིས་གྲུབ་པ་ལའོ། །ཡིད་བཞིན་ནོར་བུའི་བདག་པོར་
འགྱུར། །ཞེས་བྱ་བ་ནི། མྱུར་བར་བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འདོད་པའི་དོན་སྒྲུབ་པར་འགྱུར་རོ། །ཅི་འདི་དག་ཁོ་ན་སྒྲུབ་པར་བྱེད་དམ་ཞེ་ན། སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ནི་རྡོ་རྗེའི་མཁའ་འགྲོ་མ་རྣམས་
ཏེ། དེ་ཡང་སྒྲུབ་པར་བྱེད་པའོ། །འདི་དག་འབའ་ཞིག་བྱེད་པར་མ་ཟད་ཀྱི་གཞན་ཡང་། སངས་རྒྱས་རྡོ་རྗེ་རབ་སྒོམ་པའོ། །ཞེས་བྱ་བ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་བ་ཉིད་སྒྲུབ་པའོ་ཞེས་བཅོམ་ལྡན་འདས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྡོ་རྗེས་
དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལྟར་བྱ་བ་བྱས་པའི་ཕྱག་རྒྱ་ཐོབ་པའི་ཐབས་བསྟན་ནས། དེ་དང་ལྷན་ཅིག་ཏུ་སྤྱད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་
เล่ม ๓๐ · หน้า 173b
ཀྱི་སྐུ་ལ་སོགས་པའི་རིག་པའི་བརྟུལ་ཞུགས་ནི་ཆ་ལུགས་ཀྱི་ཁྱད་པར་རོ། །དེ་ཡང་དག་པར་ལེན་པའི་སྤྱོད་པ་སྟེ་སློབ་པའོ། །དེ་དག་ཉིད་ཀྱི་སྐུ་ལ་སོགས་པའི་ངོ་བོ་སྟོན་པས་ཕྱུང་བ་ནི་གསུངས་པའོ། །སྐུ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་
རྣལ་འབྱོར་པ་རྣམས་ཀྱིས་ལུས་དང་ངག་དང་སེམས་བསྒོམ་པ་ནི་ངང་ཚུལ་ཉིད་ཀྱིས་ཞེས་བྱ་བ་ཆ་ལུགས་བསྒྱུར་བ་ཉིད་ཀྱིས་བྱའི། བསྒོམ་པ་ཙམ་གྱིས་ནི་མ་ཡིན་ཏེ། དེ་ལྟ་བུས་ནི་དེའི་སྐུ་ཉིད་ཅེས་བྱ་བ་འདི་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་
སོགས་པས་ནི། རིགས་གསུམ་གྱི་སྡོམ་པ་སྟོན་ཏེ། ཐོར་ཚུགས་དབུ་རྒྱན་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ནི་ལྷའི་སྐུ་སྟེ་དེ་ཐོར་ཚུགས་དང་དབུ་རྒྱན་གྱིས་བརྒྱན་པ་ཆེན་པོ་སྟེ། མཐོང་ན་ཡིད་དགའ་བ་ཁ་དོག་དཀར་པོ་ལྟ་བུར་བྱ་བའོ། །སྔགས་ཀྱི་ཞེས་བྱ་བ་ནི་སྐུ་
རྡོ་རྗེ་སྟེ། དེའི་སྡོམ་པ་ནི་འོག་ནས་བཤད་པའོ། །དེས་ཀུན་དུ་བསྡམས་པ་ནི་དེ་དང་ལྡན་པ་སྟེ། ཤིང་ལ་སོགས་པ་ལས་ཆོ་ག་བཞིན་དུ་བྱའོ། །ལོ་གྲངས་བཅུ་དྲུག་ལོན་པའི་ཕྱག་རྒྱ་དང་ལྷན་ཅིག་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྤྱོད་པ་སྤྱད་པར་བྱའོ། །
དེའི་ཆ་ལུགས་བསྒྱུར་བ་བསྟན་པ་ནི། སྤྱན་གྱི་གོ་འཕང་ལོངས་སྤྱོད་ཅིང་། །ཞེས་བྱ་བ་སྟེ། སྤྱན་དང་འདྲ་བའི་གདོང་དང་མདོག་དང་ཕྱག་མཚན་དང་ལྡན་པར་བྱའོ། །རྡོ་རྗེའི་མཚན་མས་བསྒོམ་པར་བྱ། །ཞེས་བྱ་བ་ལ། རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་མཚན་མས་ཞེས་པ་
དེའི་ཞལ་དང་སྐུ་མདོག་དང་། ཕྱག་མཚན་དང་ལྡན་པར་མི་བསྐྱོད་པའི་རྣལ་འབྱོར་པས་བརྟུལ་ཞུགས་སྤྱད་པར་བྱའོ། །ཕྱག་རྒྱ་ནི་མཱ་མ་ཀཱིའི་གཟུགས་འཛིན་པའི་རིག་པའོ། །སྔགས་ནི་རྣལ་འབྱོར་པའོ། །དེའི་ཆོ་ག་ཤེས་པ་ནི་བརྡ་ཤེས་པའོ། །སྔགས་ཀྱི་རྒྱུད་ནི་ལེགས་
པར་བསླབས། །ཞེས་བྱ་བ་ནི། ལས་ཀྱི་རབ་འབྱམས་ལ་མཁས་པ་སྟེ། དེ་ལྟ་བུ་རྙེད་ན་བརྟུལ་ཞུགས་སྤྱད་པར་བྱའོ། །བྱ་བ་ཞེས་བྱ་བ་ལ་སོགས་པའི་གཞུང་འདིས་ནི། འོད་དཔག་མེད་ཀྱི་རྣལ་འབྱོར་པས་ཆོས་ལ་སྤྱོད་པ་སྟོན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། འདིར་འོད་དཔག་
เล่ม ๓๐ · หน้า 174a
ཏུ་མེད་པ་ལ་བྱ་བར་འདོད་དེ། དེའི་བཙུན་མོ་ནི་སངས་རྒྱས་བྱང་ཆུབ་ཅེས་བྱ་བ་སྟེ། ཕྱག་རྒྱ་བཤད་པས་དེ་དང་ལྷན་ཅིག་སྤྱོད་པ་ཡང་སྟོན་པར་འགྱུར་རོ། །དེ་ལྟར་རིགས་གསུམ་གྱི་དམ་ཚིག་གི་སྡོམ་པས་བསྡམས་པ་ནི། རིག་པའི་བརྟུལ་ཞུགས་ཆེན་པོ་སྟེ། དེ་དང་
ལྷན་ཅིག་དུས་བཞིར་གསང་བའི་མཆོད་པ་སྟེ། སྙོམས་པར་འཇུག་པར་བྱ་བའོ། །སྡོང་བུ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་ཟས་ཀྱི་ཆོ་ག་བསྟན་པ་ཡིན་ཏེ། སྡོང་བུ་ལ་ལོངས་སྤྱོད་པས་ལུས་བརྟན་པར་བྱས་ལ། བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བྱ་བ་སྟེ། ལྟོས་པ་དང་བཅས་པ་
ལ་ཞུགས་པ་སྤངས་ནས་སྤྱོད་པའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་སྟོན་ཏོ། །རྟག་ཏུ་གཞན་གྱི་ནོར་རྐུ་ཞིང་། །ཞེས་བྱ་བ་ལ་སོགས་པའི་སྡོམ་པ་ནི། ལེའུ་དགུ་པ་ལས་དགོངས་པས་བཤད་པས་རྣམ་པར་ཕྱེ་བ་དེ་བཞིན་དུ་འདིར་ཡང་བལྟ་བར་བྱའོ། །འདོད་ཆགས་
རྡོ་རྗེ་ལྕགས་ཀྱུ་མོ། །ཞེས་བྱ་བ་ལ་སོགས་པས་ནི་མཱ་མ་ཀཱིའི་ཁྱད་པར་སྟོན་ཏེ། དེ་ཡི་གསུང་གི་རྡོ་རྗེ་ཐུགས་མཆོག་ལ། །ཞེས་བྱ་བ་འོད་དཔག་ཏུ་མེད་པ་དང་རྣམ་པར་སྣང་མཛད་དང་། མི་བསྐྱོད་པའི་སྦྱོར་བས་ཀྱང་རྣམ་པར་དབྱེ་ཞིང་བསྟེན་པར་བྱ་སྟེ། ཆོ་ག་འདི་ནི་རྣམ་པ་
ཀུན་ཏུ་སྟེ་ཐམས་ཅད་དུ་རིགས་ཞེས་པ་བསྔགས་པ་ཡིན་ནོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྤྱོད་པ་བསྟན་པ་ཡིན་ཏེ། བསམ་གཏན་ཡིག་གསུམ་རྡོ་རྗེ་ཅན། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་
པ་ཕྱི་རོལ་གྱི་བུད་མེད་ལ་ལྟོས་པ་མེད་པ་ལ་སྦྱིན་ནོ། །རང་གི་ཕྱག་རྒྱ་ནི་སྙིང་ལ་གནས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་བློ་བརྟན་ཞིང་བརྩོན་འགྲུས་
དྲག་པོ་དང་ལྡན་པས་ནགས་ཚལ་ཏེ་དགོན་པ་ཆེན་པོར་བསོད་སྙོམས་ཚོལ་ཞིང་སྤྱོད་པས་ན། ཁ་ཟས་བཟང་པོ་ལྷའི་ཞལ་ཟས་མི་དང་ཐུན་མོང་མ་ཡིན་པ། ལྷ་རྣམས་ཀྱིས་བསྟར་ཞིང་སྣ་ཚོགས་པའི་ཞལ་ཟས་སྟེར་བར་འགྱུར་ཏེ། སྒྲ་ཇི་བཞིན་པའོ། །རྡོ་རྗེའི་ཞེས་བྱ་བ་ལ་སོགས་
เล่ม ๓๐ · หน้า 174b
པས་སྤྱོད་པའི་འབྲས་བུ་གསུངས་པ་ཡིན་ཏེ། རྡོ་རྗེའི་བདག་ཉིད་གསུམ་གྱི་རྣལ་འབྱོར་པས། འདས་པར་གྱུར་ཅིང་མིའི་དངོས་པོ་སྤངས་ཏེ་འཇིག་ཅིང་མི་རུང་བར་འགྱུར་བ་སྟེ། ཐ་མལ་བའི་ལུས་རྣམ་པར་ཞིག་ནས། དེ་ཡོངས་སུ་གྱུར་པ་སྟེ་རྡོ་རྗེ་ལྟ་བུ་མི་ཕྱེད་པའི་ཡི་གེ་སྟེ་རྣམ་པར་མི་འཇིག་པར་
འགྱུར་རོ་ཞེས་བྱ་བ་སྟེ། དགོངས་པས་བཤད་པའོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཏེ། དེས་བསྟེན་པ་ནི་རིག་པའི་བརྟུལ་ཞུགས་སྤྱད་པ་སྟེ་ཐུན་མོང་གི་ཆོ་གའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་
བརྟུལ་ཞུགས་སྤྱོད་པ་སྟེ། སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་སྒྲུབ་པ་པོ་ཐམས་ཅད་ཀྱི་དེ་ཉིད་གསང་བའི་སྟེ་ཤིན་ཏུ་གསང་བ་ཡིན་ཞིང་། ཚུལ་ཆེན་ཡིན་ཞེས་བྱ་བ་དོན་ཆེན་པོ་ཐོབ་པར་བྱེད་པ་ཡིན་ལ། རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་། །ཞེས་བྱ་བ་སྟེ་སྐུ་རྡོ་རྗེ་ལ་སོགས་
པས་སྐུ་རྡོ་རྗེ་ལ་སོགས་པར་སྐྱེད་པར་བྱེད་པའོ། །སངས་རྒྱས་བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་རབ་ཏུ་འཇུག་པ་ནི་ཐོབ་པ་སྟེ་འོད་གསལ་བས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པའོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་
པས་ནི། སྡུད་པར་བྱེད་པས་ལེའུ་ཉེ་བར་སྡུད་པར་བྱེད་པའོ། །དངོས་གྲུབ་ཐམས་ཅད་ནི་དཀྱིལ་འཁོར་གྱི་ཚོགས་སོ། །དེའི་རྡོ་རྗེ་ནི་སྒྲུབ་པ་པོ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བསྐྱེད་པའོ། །དེའི་དོན་གྱི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་བཅུ་དྲུག་པ་སྟེ་སྒྲ་ཇི་
བཞིན་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་དྲུག་པ་མཐའ་དྲུག་གིས་བཤད་པའོ།། །།རིམ་པ་གཉིས་ཁོང་དུ་ཆུད་པས་ཀྱང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དམ་ཚིག་དང་སྡོམ་པ་ཉམས་སུ་མ་
བླངས་ན་དངོས་གྲུབ་རིང་བར་འགྱུར་རོ་ཞེས་དེ་བསྟན་པར་བྱ་བའི་ཕྱིར་ལེའུ་བཅུ་བདུན་པ་ཉེ་བར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་གསོལ་བ་འདེབས་པ་བསྟན་པར་བྱ་བའི་ཕྱིར། སྡུད་པར་བྱེད་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་
เล่ม ๓๐ · หน้า 175a
པའི་དོན་ནི་བཤད་ཟིན་ཏོ། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱིས་མི་གཡོ་བས་ན། མི་བསྐྱོད་རྡོ་རྗེ་སྟེ་ཐུགས་གང་ཡིན་པའོ། །སྟོང་པ་ཉིད་བཞིའི་བདག་ཉིད་ཅན་ཡིན་པས་ན་ཡེ་ཤེས་ཆེའོ། །རྡོ་རྗེ་མི་བསྐྱོད་པ་ལ་སོགས་
པ་སྟེ། དེ་འཛིན་པར་བྱེད་པས་ན་རྡོ་རྗེ་དབྱིངས་སོ། །བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ཡོངས་སུ་མཁྱེན་པས་ན་མཁས་པ་ཆེའོ། །སྐུ་རྡོ་རྗེ་ལ་སོགས་པའི་ནང་ན་གཙོ་བོར་གྱུར་པས་ན་རྡོ་རྗེ་གསུམ་མཆོག་གོ། །དོན་དམ་པའི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་དང་། ཕྱུང་བའི་
དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པས་ན། དཀྱིལ་འཁོར་གསུམ་སྟེ། གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་འདིའི་དབྱངས་བཤད་དུ་གསོལ་ཞེས་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །འོད་གསལ་བའི་མེ་འབར་བར་གྱུར་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་དག་པ་ཆེའོ། །རྡོ་རྗེ་
ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་དྲུག་པར་གྱུར་པས་ཞི་བའོ། །མཆོག་ཏུ་དགའ་བའི་བདག་ཉིད་ཅན་ཡིན་པས་ན་དགའ་བ་ཆེའོ། །རང་བཞིན་གྱིས་འོད་གསལ་བ་ནི་ངོ་བོ་ཉིད་ཀྱིས་དག་པའོ། །ཆོས་སྟོན་པ་ནི་ཆོས་རྣམས་བཤད་
པར་མཛོད་ཅིག་པ་སྟེ། རྡོ་རྗེ་ཞེས་པ་ནི་བོད་པའོ། །རིན་ཆེན་ནི་རིན་པོ་ཆེའི་རིགས་དང་ལྡན་པ་རྣམས་སོ། །དེ་དགའ་ཞིང་གསལ་བར་མཛད་པས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་རབ་ཏུ་ཟབ་བོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ནམ་མཁའ་དྲི་མ་
མེད་པའོ། །གཟོད་མ་ཉིད་ནས་དག་པས་ན་རང་བཞིན་དག་པའོ། །ཆོས་ཐམས་ཅད་ཀྱིས་མ་གོས་པས་གོས་པ་མེད་པའི་གསང་བ་གསུངས་ཤིག་པའོ། །རྡོ་རྗེ་དཔག་མེད་ནི་པདྨའི་རིགས་དང་ལྡན་པ་རྣམས་སོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་ན་རྒྱལ་པོ་
ཆེའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན་མི་རྟོག་པའོ། །དེ་ཉིད་ཀྱིས་ན་ནམ་མཁའ་རྡོ་རྗེ་འཛིན་ནོ། །འདོད་ཆགས་ནི་འཁོར་བ་ལ་ཞེན་པའི་མཚན་ཉིད་ཅན་ནོ། །དེའི་ཕ་རོལ་ནི་མཐའ་སྟེ་དེར་ཕྱིན་པ་ནི་སོན་པ་སྟེ་ཤེས་རབ་བོ། །དེ་བརྙེས་པས་
เล่ม ๓๐ · หน้า 175b
ན་འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས་སོ། །དོན་ཡོད་པའི་ཡེ་ཤེས་རབ་ཏུ་སྩོལ་བས་ན། དོན་ཡོད་རྡོ་རྗེ་སྟེ་ཞེས་པ་ནི་དོན་ཡོད་པར་གྲུབ་པའི་རིགས་རྣམས་སོ། །དེ་རྣམས་ཀྱིས་རྫོགས་པའི་སངས་རྒྱས་སུ་མདུན་དུ་བྱས་པས་ན་དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་སོ། །ཞི་བ་ལ་སོགས་
པའི་ལས་རྣམས་ཀྱིས་སྒྲུབ་པ་པོའི་འགྲོ་བ་རྣམས་ཀྱི་མངོན་པར་འདོད་པ་ཐམས་ཅད་རྫོགས་པར་མཛད་པས་ན་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་འོད་གསལ་བའོ། །དེ་ལས་བྱུང་བས་ན་དེ་ཉིད་ལས་བྱུང་བ་སྟེ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་ཁྱེད་
ལ་ཀྱེ་ཕྱག་འཚལ་ལོ་ཞེས་བསྟོད་པ་ཉེ་བར་བསྡུ་བ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །སངས་རྒྱས་ཀུན་གྱི་བསྐུལ་བ་ཡི། །ཞེས་བྱ་བ་ནི། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའོ། །བསྟོད་ཚིག་ཞི་བ་འདི་རྣམས་ཀྱིས། །
ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་སྟོན་པའི་བསྟོད་པའི་ཚིག །རང་བཞིན་གྱིས་ཡོངས་སུ་དག་ཅིང་ཞི་བ་བཤད་མ་ཐག་པ་འདི་རྣམས་ཀྱིས། རྡོ་རྗེ་ལོངས་སྤྱོད་ཅེས་བྱ་བ་རྡོ་རྗེ་འཆང་ཆེན་པོ་གང་གིས་བསྟོད་ཅིང་མཆོད་ན། དེ་ཡང་སྟེ་མཆོད་པ་པོ་སངས་རྒྱས་དང་འདྲ་བ་ཞེས་བྱ་
བ། རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་དེ་འགྱུར་རོ་ཞེས་པ་ནི་བསྟོད་པའི་ཕན་ཡོན་ཏེ་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་འཆང་ཆེན་པོ་དགྱེས་ནས་མངོན་དུ་ཕྱོགས་པ་སྟོན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་མཛད་པས་ན་
སྟོན་པའོ། །སངས་རྒྱས་ཀུན་ལ་ཞེས་པ་ནི། ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ལ་ཅི་རིགས་པར་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པས་ན་རྗེས་སུ་བརྩེ་བའོ། །རྡོ་རྗེ་གསང་བ་ནི་དམ་ཚིག་བཞིའོ། །དེའི་གསུང་ནི་གཞིར་གྱུར་པའོ། །དག་པ་ནི་
རྙོག་པ་མེད་པ་སྟེ། དེ་ལྟ་བུའི་རྡོ་རྗེ་གསུམ་བཀའ་སྩལ་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ཀྱི་སྟེ་མི་བསྐྱོད་པ་ལ་སོགས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཡི་གེ་ཆེན་པོ་ཚིག་གི་རྒྱུན་ནི་ཨེ་མའོ་ངོ་མཚར་ཆེའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་འོད་
เล่ม ๓๐ · หน้า 176a
གསལ་ཡོངས་སུ་དག །ནམ་མཁའི་དབྱིངས་བཞིན་དྲི་མ་མེད། །ཅེས་བྱ་བ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟོད་པ་དང་ཕན་ཡོན་བདག་གིར་མཛད་ནས་དམ་ཚིག་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པ་
དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་སོ། །དམ་ཚིག་བཞི་ནི་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཞེས་བྱ་བ་ནི།
རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་བྱ་བ་ནི། དམ་ཚིག་གང་རྨད་དུ་གྱུར་པ་འདི་ནི་སངས་རྒྱས་ཀུན་གྱི་ཞེས་བྱ་བ་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་རྟག་པ་ཞེས་བྱ་བ་དུས་ཐམས་ཅད་པ། རྡོ་རྗེ་འཛིན་གྱིས་བསྲུང་བར་བྱ། །
ཞེས་པ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྐྱང་བར་བྱ་བའོ། །དམ་ཚིག་འདི་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་འབའ་ཞིག་གི་ཡིན་པར་མ་ཟད་ཀྱི། གཞན་ཡང་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱི་ཡང་འདི་ཉིད་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་
ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་གོ་སླའོ། །དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་པའི་དམ་ཚིག་བསྟན་ནས། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྷག་པར་མོས་པ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དཀོན་མཆོག་གསུམ་ལ་དད་པ་བསྐྱེད་པས་འགྲོ་བའི་དོན་བྱེད་པ་ནི། སྟོན་པ་ཞེས་བྱ་བ་དེ་ཡང་གཙོ་བོར་ནི་ལུས་དང་ངག་གིས་བྱེད་དོ། །དེ་ཡང་རང་སངས་རྒྱས་རྣམས་ལ་ནི་གཞན་གྱི་ལུང་ལ་བརྟེན་པ་མེད་པས། དེ་མེད་ཀྱི་གཞན་དུ་ན་ཆོ་འཕྲུལ་ཡ་མ་ཟུང་ལ་སོགས་
པ་རྨད་དུ་བྱུང་བ་སྟོན་པས། དེས་འདུལ་བ་རྣམས་ཀྱི་དོན་གྱི་བྱ་བ་བྱེད་པས་དེ་དག་ནི་ལུས་ཀྱིས་སྟོན་ཏོ། །དེ་བས་ན། རྡོ་རྗེ་སྐུ་ལ་རབ་ཏུ་གནས། །ཞེས་བྱ་བ་གསུངས་ཏེ། ངག་གི་སྟོན་པ་མེད་པས་སེམས་ཅན་རྣམས་འཇུག་པར་འགྱུར་བའི་རྒྱུར་གྱུར་པའི་ལུས་ཀྱི་སྡོམ་པ་
เล่ม ๓๐ · หน้า 176b
གང་ཡིན་པ་དེ་ཡང་སྟོན་པ་དང་འདྲ་ཞིང་རབ་ཏུ་རྟག་པ་སྟེ་ཐོག་མ་མེད་པའི་དུས་ཅན་ནོ། །དམ་ཚིག་ནི་རང་སངས་རྒྱས་ཀྱི་རིགས་ཅན་དང་འཚམ་པའི་སྡོམ་པའོ། །ཉན་ཐོས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཟག་ལ་བདག་
མེད་པར་རྟོག་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་ཏེ། ཉན་ཐོས་ཉིད་ཐོབ་པར་བྱ་བའི་ཕྱིར་མངོན་པར་སྦྱོར་བ་ནི་བསླབ་པའོ། །དེ་ཉིད་ནི་དམ་ཚིག་སྟེ་ཉན་ཐོས་ལ་ལྷག་པར་མོས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱིར། ལུང་སྟོན་པ་ཉིད་ཀྱིས་ཉིད་ཀྱི་སྐུ་ལ་
སོགས་པ་ལས་ཕྱུང་བ་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། སྲོག་གཅོད་པ་ལ་སོགས་པ་སྤོང་བའི་མཚན་ཉིད་ཅན་ནི། དགེ་བ་བཅུའི་ལས་ཀྱི་ལམ་མོ། །ཡེ་ཤེས་སྤངས་པ་རྣམས་ཞེས་བྱ་བ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་
ཕྱོགས་པའོ། །དམན་པར་མོས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི། བདག་གཅིག་པུ་མྱ་ངན་ལས་འདས་པ་ལ་མཆོག་ཏུ་གཞོལ་བ་རྣམས་ཏེ། དེ་རྣམས་ཀྱི་དམ་ཚིག་འདི་ནི་རྨད་དུ་བྱུང་བ་ཆེན་པོའོ། །ཚངས་པའི་ས་ལ་མོས་པ་རྣམས་ལ་ཚངས་པའི་དམ་ཚིག་བསྟན་པར་བྱ་
བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པར་གྱུར་པས་གྲོལ་བར་སེམས་པ་ནི་གཏི་མུག་སྟེ། དེའི་རབ་ཏུ་སྤྱོད་པ་ནི་ལམ་མོ། །དེས་ལས་གང་སྨྱུང་བ་སོགས་པའི་མཚན་ཉིད་ཅན་རྣམས་བྱེད་པ་ནི། འཇིགས་ཤིང་མི་སྡུག་པ་སྟེ་བདེ་བ་འདོད་པ་རྣམས་ཡང་
དག་པའི་འཇིགས་པ་བསྐྱེད་པའོ། །སངས་རྒྱས་ནི་ཚངས་པའི་ལམ་ལ་ལྷག་པར་མོས་པ་རྣམས་སོ། །བྱང་ཆུབ་ནི་དེ་རྣམས་ཀྱི་ཡེ་ཤེས་སོ། །སྟོན་པ་ནི་དེ་ཐོབ་པར་བྱེད་པའོ། །དམ་ཚིག་ནི་དམ་ཚིག་ཉིད་ངལ་བར་བྱེད་པའི་མཚན་ཉིད་ཅན་ནོ། །དེ་ནི་དེ་ལྷག་པར་མོས་པ་རྣམས་ལ་
སྟོན་ཏེ། དེ་བས་ན། སྐུ་ཡི་རྡོ་རྗེ་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་སོ། །དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་འདུལ་བ་རྣམས་ལ་དེའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་གོ་སླའོ། །ཁྱབ་འཇུག་གི་དམ་ཚིག་བསྟན་པར་བྱ་བའི་
เล่ม ๓๐ · หน้า 177a
ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒོ་ང་ལས་སྐྱེས་པ་ལ་སོགས་པ་ཇི་སྙེད་པ་དེ་ཐམས་ཅད། བསམ་གཏན་གྱི་རྡོ་རྗེས་སྟོང་པར་བྱས་པ་ནི་གསད་པར་བྱ་བའོ། །རྡོ་རྗེ་ནམ་མཁའ་ནི་ནམ་མཁའི་ཁམས་ཏེ། སྣོད་ཀྱི་འཇིག་རྟེན་དང་བདག་ཉིད་དེ། དེ་དག་ཀྱང་སྟོང་
པ་ཉིད་དུ་བྱས་པ་ནི་ཁྱབ་འཇུག་གི་དམ་ཚིག་གོ། །དེ་ལྟར་ཚངས་པ་ལ་སོགས་པ་ལ་ལྷག་པར་མོས་པ་རྣམས་ལ། དེ་རྣམས་ཀྱི་དམ་ཚིག་བསྟན་ནས་སྐུ་རྡོ་རྗེ་ལ་སོགས་པའི་ནང་དུ་འདུས་པས། དམ་ཚིག་ལ་འཁྲུལ་པ་བསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
རྡོ་རྗེ་གསུམ་གྱི་དམ་ཚིག་ནི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་དོ། །སྐུའི་རྡོ་རྗེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ལྷ་གཙོ་བོ་རྣམས་ཀྱི་དམ་ཚིག་བསྟན་ནས། གནོད་སྦྱིན་མོ་ལ་སོགས་པ་རྫུ་འཕྲུལ་ཆུང་བ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཤ་དང་ཁྲག་དང་ཆང་ལ་སོགས་པ་ཟ་བའི་གནོད་སྦྱིན་མོ་འཁྲིག་པ་ལ་མཆོག་ཏུ་གཞོལ་བ་དེ་ནི་རྡོ་རྗེ་ཆེན་པོ་སྟེ། གདུག་པའི་རང་བཞིན་ཅན་ལ་ཤ་ལ་སོགས་པ་འདི་དག་སྦྱིན་པའི་མཚན་ཉིད་ཅན་གྱི་དམ་ཚིག་དཀའ་བ་འདི་རྣམས་ཀྱིས་མཉེས་པར་བྱའོ། །
ཀླུའི་བུ་མོའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀླུའི་རྒྱལ་པོ་ནི་ནོར་རྒྱས་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱལ་མོ་ནི་ཆུང་མ་རྣམས་སོ། །དེའི་དམ་ཚིག་ནི་མངོན་པར་འདོད་པའི་དོན་ནོ། །ཕྲ་མ་ནི་རྣམ་པར་འབྱེད་པར་བྱེད་པའི་ཚིག་སྟེ།
ཀླུ་མོ་དེ་རྣམས་ཕྲ་མ་ལ་སོགས་པའི་དམ་ཚིག་འདི་རྣམས་ཉམས་སུ་བླངས་པས། བསྒྲུབ་པར་བྱ་ཞིང་སྔགས་པས་དབང་དུ་བྱ་སྟེ། གཞན་དུ་ན་རང་དབང་དུ་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གང་ལྷ་མ་ཡིན་རྣམས་ཀྱི་བུ་མོ་དང་ལྷན་ཅིག་སྤྱོད་པར་འདོད་ན། དེ་བསྒྲུབ་པར་བྱ་
བའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་ཞིང་རྣམ་པར་འཚེ་བའི་བདག་ཉིད་ཅན་ང་རྒྱལ་གྱིས་ཁུར་བཞིན་དུ་མངོན་པར་ནོན་ཅིང་། སྤོས་ལ་སོགས་པ་ཉེ་བར་སྤྱོད་པ་ལ་ཀུན་ཏུ་ཆགས་པ་འདི་ནི། དེ་རྣམས་ཀྱི་དམ་ཚིག་གི་ཕྱོགས་གཅིག་གོ། །
เล่ม ๓๐ · หน้า 177b
དམ་ཚིག་རྒྱས་པ་ནི་གདུལ་དཀའ་བ་སྟེ། ཉམས་སུ་བླང་བར་དཀའ་བའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་འཇིགས་བྱེད་དང་། རྡོ་རྗེ་ས་འོག་གི་རྒྱུད་ལས་གསུངས་སོ། །སྲིན་མོའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོད་པའི་རུས་པའི་ཕྱེ་མ་དང་འབྲུ་མར་དག་
དང་། ཤ་ལ་སོགས་པའི་བདུག་པ་དེ་རྣམས་ལ་སྦྱིན་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་དགའ་བར་འགྱུར་བའོ། །འབྱུང་པོ་ཀུན་གྱི་ཞེས་བྱ་བ་ཤ་ཟ་ལ་སོགས་པ་རྣམས་ཀྱི་ཡང་དམ་ཚིག་འདི་ཉིད་ཡིན་པས། དག་བྱེད་ཅེས་བྱ་བ་ནི་བགེགས་འཇིག་པར་བྱེད་པའོ། །དོན་ཆེན་བྱེད་ཅེས་བྱ་
བ་ལ། དོན་ནི་སྒྲུབ་པ་པོ་རྣམས་ཏེ་དེ་རྣམས་ཀྱི་དོན་ཆེན་པོ་བྱེད་པ་ནི། བརྩམས་པའི་དོན་སྒྲུབ་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་དེའི་དམ་ཚིག་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ནི་དཀར་མོ་ལ་
སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་བའོ། །བཤང་བ་ལ་སོགས་པ་སྔགས་ཀྱིས་སྦྱངས་ནས་བཟའ་བ་དང་ཆང་སྟེ་སྦྱར་བའི་ཆང་ལ་སོགས་པ་བཏུང་ཞིང་དེ་རྣམས་ལ་བྱིན་ན། རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཡིས། །ཞེས་བྱ་བ་དཀར་མོ་ལ་
སོགས་པའི་སྦྱོར་བས། གནས་ཀྱི་མཚན་ཉིད་ཀྱིས་ཞེས་པ་གདུག་པ་རྣམས་རྒྱས་བཏབ་ལ་ཁྲག་དྲང་བ་ལ་སོགས་པའི་སྦྱོར་བས། གསད་པར་བྱ་བ་འདི་ནི་རྡོ་རྗེ་མཁའ་འགྲོ་མའི་དམ་ཚིག་གོ། །དེ་ལྟར་ཚངས་པ་ལ་སོགས་པ་ནས་རྡོ་རྗེ་མཁའ་འགྲོ་མའི་མཐར་ཐུག་པའི་དམ་ཚིག་བསྟན་
ནས། དེ་བཤད་པའི་མཚམས་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ལ་སོགས་པ་འདི་དག་ནི་རང་གི་ངོ་བོ་ཉིད་ཀྱིས་ཏེ། རང་དབང་གིས་ཐོག་མ་མེད་པའི་དུས་ཅན་ཏེ། སྣོད་ཀྱི་འཇིག་རྟེན་བཞིན་དུ། ཀུན་ཏུ་འབྱུང་བ་རྫུ་
འཕྲུལ་ཆེན་པོ་དང་ལྡན་པ། ཁམས་གསུམ་དུ་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་། ཚར་གཅོད་པར་བྱེད་ཅིང་ཆ་ལུགས་སྣ་ཚོགས་པའི་གཟུགས་དང་རྒྱན་རྣམས་ཀྱིས་རྣམ་པར་སྤྱོད་པའོ། །དེ་བས་ན་དེ་རྣམས་ཀྱི་དམ་ཚིག་མ་ལུས་པ་དངོས་གྲུབ་ཀུན་ལ་ཕན་ཞིང་
เล่ม ๓๐ · หน้า 178a
ཐོབ་པར་བྱེད་པ་ལ་འདུས་པ་པས་སྤྱད་པར་བྱའོ། །སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ནི། རབ་ཏུ་བྱེད་པ་ཉེ་བར་སྡུད་པར་བྱེད་དོ། །ཁམས་གསུམ་དུ་འབྱུང་བས་ཁམས་གསུམ་པ་སྟེ། ཁམས་གསུམ་པ་ཐམས་ཅད་ནི་ཚངས་པ་ལ་སོགས་པའི་
སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེའི་དམ་ཚིག་ནི་མི་འདའ་བར་ཉམས་སུ་བླངས་པའི་རྡོ་རྗེ་འཆང་གི་བཀའོ། །དེའི་རྗེས་སུ་འབྲང་བ་ནི་འཇུག་པ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །འདིར་ཡང་། ཕ་རོལ་རྒོལ་བ་གང་ཡང་རུང་། །
མཚན་མའི་དབྱེ་བས་གནས་པ་རྣམས། །དེ་འདིར་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་གསུངས་པས་སོ། །ད་ནི་ལས་ཀྱི་ལམ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་དངོས་གྲུབ་ནི་
ལུས་ཀྱི་བྱ་བ་རྣམས་སོ། །དེ་ཉིད་ནི་དམ་ཚིག་རྡོ་རྗེ་སྟེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ལུས་ཀྱི་རྣམ་གསུམ་ཞེས་བྱ་བ་ནི། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། གཞན་གྱི་ཆུང་མའི་ཐད་དུ་འགྲོ་བའོ། །རྡོ་རྗེ་ལས་བྱུང་ནི་འོད་གསལ་བའོ། །ཐམས་ཅད་རབ་ཏུ་བྱ་བ་ནི་
ཆོས་དང་ཆོས་མ་ཡིན་པ་ལ་ལྟོས་པ་མེད་པར་སྐྱོང་བས་ཉམས་སུ་ལེན་པའོ། །སེམས་ཅན་གྱི་ཁམས་ནི་ཁམས་གསུམ་པ་རྣམས་སོ། །སངས་རྒྱས་སྐུ་བྱེད་པ་ཞེས་བྱ་བ་ནི་མི་འཇིགས་པའི་རྡོ་རྗེའི་སྐུ་བྱེད་ཅིང་བསྐྱེད་པ་སྟེ། བདེ་འགྲོ་དང་ངན་འགྲོར་འགྲོ་བའི་རྒྱུ་མེད་པའི་ཕྱིར་
རོ། །དེ་བཞིན་དུ་ངག་གི་དངོས་གྲུབ་ནི་ངག་གི་བྱ་བ་རྣམས་སོ། །ཚིག་གི་ལས་ལམ་ཞེས་པ་ནི་བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་རྩུབ་པོ་དང་ངག་འཁྱལ་པར་སྨྲ་བའི་མཚན་ཉིད་ཅན་ནོ། །མ་ལུས་པར་ཞེས་བྱ་བ་ནི་རྣམ་པ་བཞིའོ། །ཁམས་གསུམ་དྲི་མེད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་
པོའོ། །དེའི་དཀྱིལ་འཁོར་ཏེ་ཞེས་བྱ་བ་ནི་གནས་སོ། །དེ་གང་ཡིན་ཞེ་ན། འོད་གསལ་བ་སྟེ་ཁམས་གསུམ་དྲི་མ་མེད་པའི་དཀྱིལ་འཁོར་ནི། འོད་གསལ་བས་རྣམ་པར་དག་པའི་ཚིག་གི་ལམ་གང་ཡིན་པ་དེ་ཉམས་སུ་བླང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཚིག་གི་
เล่ม ๓๐ · หน้า 178b
དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དངོས་གྲུབ་ཀྱི་གནས་ནི་ངག་གི་དབང་ཕྱུག་གོ། །དེས་ཉམས་དགའ་བ་ནི་ཤིན་ཏུ་ཡིད་འཕྲོག་པ་སྟེ། འདི་ནི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའོ། །དེ་བཞིན་དུ་སེམས་རྣམ་པར་དག་པ་ནི་སེམས་ཀྱི་བྱ་བ་རྣམས་སོ། །
ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན། །ཞེས་བྱ་བ་ནི། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བའི་མཚན་ཉིད་ཅན་གྱི་ལས་རྣམ་པ་གསུམ་སྟེ། དེ་ལ་གནོད་སེམས་ནི་སེམས་ཅན་ལ་རྣམ་པར་སྡང་བའོ། །བརྣབ་སེམས་ནི་གཞན་གྱི་ནོར་ལ་མངོན་པར་འདོད་པའོ། །ལོག་
པར་ལྟ་བ་ནི་སྦྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། གསུམ་པོ་འདི་དག་ནི་ཡིད་ཀྱི་ལས་རྣམས་སོ། །རྡོ་རྗེ་བརྟན་པ་འཛིན་པས་ཞེས་བྱ་བ་ནི་འོད་གསལ་བ་ལ་གཞོལ་བའི་བློ་གྲོས་སོ། །བསྒོམ་པ་ནི་སོ་སོར་བརྟག་བཞིན་པས་རབ་ཏུ་འཇུག་པའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་
ལ་སོགས་པས་ནི་རབ་ཏུ་བྱེད་པ་ཉེ་བར་སྡུད་པར་བྱེད་དེ། རྡོ་རྗེ་མི་ཕྱེད་གསུམ་ལྡན་གྱི། །ཞེས་བྱ་བ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཀྱི་དམ་ཚིག་འདི་ཡིན་གྱི་གཞན་གྱི་ནི་མ་ཡིན་ཏེ། མི་འདའ་བར་ནན་ཏན་དུ་བྱ་བའི་དམ་ཚིག་གསུམ་པོ་བཤད་མ་ཐག་
པ་འདི་ཡིན་ཞེས་བཅོམ་ལྡན་འདས་ཀུན་དུ་མཛེས་དགའ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་ཏོ། །ད་ནི་སྒྲུབ་པ་རྩོམ་པར་བྱེད་པའི་སྔགས་པ་རྣམས་ཀྱི་ནན་ཏན་དུ་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་
བ་ནི་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཏེ། དེ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་སུ་སྦྱོར་བ་ན། །ཞེས་བྱ་བ་ནི། སྐུ་ལ་སོགས་པ་གཅིག་ཏུ་གྱུར་པས་ཕྱག་མི་བྱ་བ་སྟེ། དགོས་པའི་
དབང་གིས་ལུས་སམ་ངག་གམ་ལུས་དང་ངག་གཉིས་ཀྱིས་ཕྱག་བྱ་བ་ལ་ནི་ཉེས་པ་མེད་ཀྱི། ཡིད་དང་བཅས་པའི་ལུས་སམ། ངག་གིས་ཕྱག་བྱས་ན་མངོན་པར་འདོད་པའི་དངོས་གྲུབ་ཉམས་པར་འགྱུར་རོ། །དེ་བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱི་གཞན་ལ་ཕྱག་བྱ་བ་བསྟན་
เล่ม ๓๐ · หน้า 179a
ནས། རྫོགས་པའི་རིམ་པ་རྟོགས་པ་རྣམས་ཀྱི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་རྡོ་རྗེ་ལ་སོགས་པའི་བསམ་གཏན་གྱི་དམ་ཚིག་ནི། དམིགས་པའི་
རྣམ་པ་སྟེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཀུན་ཏུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ལུས་ལ་སོགས་པའི་ཚོགས་ལ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པའི། བསམ་
གཏན་རྡོ་རྗེ་གསུམ་སྦྱོར་བ། །ཞེས་བྱ་བ་ནི། རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་དུ་དམིགས་པས་སྔགས་ཟློས་པས་ཞེས་པ་རྡོ་རྗེ་བཟླས་པ་ལ་དགའ་བའི་ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བས། བསམ་གཏན་བྱ་ཞིང་བསམ་གཏན་དམིགས་པ་ལ་སྤྱད་པར་བྱའོ། །དེ་ལྟ་བུའི་ཕྱག་བྱ་བ་
གང་ཡིན་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཅད་ཀྱི་སྒྲུབ་པ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་དང་སྡོམ་པ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །མདོར་ན་ཞེས་བྱ་བ་ནི་གཅིག་ཏུ་གྱུར་པས་སོ། །སེམས་ཅན་
ཁམས་རྣམས་ནི་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་རྣམས་ཀྱི་ཚོགས་སོ། །བསམ་གཏན་རྡོ་རྗེས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་གསུམ་གྱི་བསམ་གཏན་གྱིས་སོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །རྡོ་རྗེ་གསུམ་གྱི་ཕྱག་འཚལ་བ་ནི། དེ་བཞིན་
གཤེགས་པ་ལ་སོགས་པའི་སྐུ་ལ་སོགས་པ་ལ་ཕྱག་བྱ་བའོ། །དེའི་མཆོག་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །རྡོ་རྗེ་ནི་རྫོགས་པའི་རྣལ་འབྱོར་པའོ། །འདི་ལས་འབྱུང་བས་ན་འབྱུང་བ་སྟེ། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་སྐྱེད་པའི་སྤྱོད་པ་ཞེས་བྱ་བའི་བར་དུའོ། །བསྙེན་པ་ལ་སོགས་
པ་རྣལ་འབྱོར་བཞི་ལ་ཞུགས་པ་རྣམས་ཀྱི་བསྒྲུབ་པའི་དུས་སུ་སྡོམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་བཤང་གཅི་ཞེས་བྱ་བ་ནི་ཡུལ་དང་དབང་པོ་རྣམས་ཀྱིས་སོ། །ནམ་མཁའི་
เล่ม ๓๐ · หน้า 179b
དབྱིངས་ནི་ནམ་མཁའ་མཐའ་ཡས་པའོ། །ཡོངས་སུ་གང་བར་ཞེས་བྱ་བ་ནི་ཡང་དག་པར་ཁྱབ་པར་རྣམ་པར་བསམས་ལ། དེ་ནས་དུས་གསུམ་རྡོ་རྗེ་དག་ལ་ཞེས་བྱ་བ། སྐུ་གསུམ་རྣམས་ལ་དབུལ་ཞིང་རྣམ་པར་བསྟེན་པར་བྱའོ། །དུས་གསུམ་དུ་ཡང་ཁམས་གསུམ་གྱི་ནང་ན་ཡུལ་
དང་དབང་པོའི་ངོ་བོ་འདི་ཐབས་དང་ཤེས་རབ་ཀྱིས་ཁྱབ་པར་བསྒོམ་མོ་ཞེས་བྱ་བའི་བར་དུའོ། །དམ་ཚིག་རབ་ཏུ་རྟག་པའོ། །ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཅན་ནོ། །དེ་ལྟར་དེ་ཁོ་ན་ཉིད་རྟོགས་པའི་ཐ་མལ་པའི་ལུས་སྤངས་ནས། རྣམ་པར་མི་འཇིག་པའི་རྡོ་རྗེའི་སྐུ་འཛིན་པར་
བྱེད་པའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མི་སྣང་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ། རྡོ་རྗེ་ཐམས་ཅད་ནི་ཐུན་མོང་གི་སྐུ་དང་གསུང་དང་ཐུགས་ཏེ། དེའི་མི་སྣང་བ་ནི་འོད་གསལ་བར་འཇུག་པའོ། །འདི་ལས་རྡོ་རྗེ་སྐུ་དང་མཉམ་
པས་ན་དམ་ཚིག་སྟེ། རྡོ་རྗེ་དབྱིངས་མི་སྣང་བ་དམ་ཚིག་སྟེ་གཉིས་པོ་འདི་དག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དུས་བཞི་ཞེས་བྱ་བ་ལ་སོགས་པ་ལ། དུས་བཞི་ཞེས་བྱ་བ་སྟོང་པ་ཉིད་བཞིའོ། །མཆོག་ཅེས་པ་བླ་ན་མེད་པའོ། །ཉིན་རེ་ཞེས་བྱ་བ་རྟག་ཏུའོ། །སྤྱད་པར་
བྱ་ཞེས་པ་ནི་བསྒོམ་པར་བྱ་བའོ། །ཡང་ན་རྫས་ཞེས་བྱ་བ་ལུས་ཀྱང་དབྲོག་པར་བྱ་ཞེས་བྱ་བ་བླང་བར་བྱའོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུ་འཇུག་པར་བྱ་བ་སྟེ། དགོས་པའི་དབང་གིས་ལྡང་བ་ཡང་བྱའོ་ཞེས་བྱ་བར་དགོངས་སོ། །དམ་ཚིག་རྡོ་རྗེ་རྫོགས་བྱེད་པའོ། །
ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་མཉེས་པར་བྱེད་པའི་དམ་ཚིག་གོ། །དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་འགྲོ་བའི་དོན་དུ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་བཅུད་གང་ཡིན་པ་དེ་ལ་ལྟོས་པ་མེད་པར་རང་གི་ལུས་གནས་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་
ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་རིག་པ་ནི་དེ་བཞིན་ཉིད་དོ། །དེ་འཛིན་པར་བྱེད་ཅིང་དམིགས་པར་བྱེད་པས་ན་ནམ་མཁའི་རིག་འཛིན་ཏེ་རྣལ་འབྱོར་པའོ། །དེའི་མཉམ་པ་འདིས་བྱེད་ཅིང་ལུས་རྒྱས་པར་བྱེད་པས་ན་དམ་ཚིག་སྟེ། བརྟན་པར་བྱ་
เล่ม ๓๐ · หน้า 180a
བའི་ཆོ་ག་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོས་བདག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་བདེ་བར་གནས་པར་བྱ་བའི་ཕྱིར། དབུ་རྒྱན་དག་ལ་བསམ་གཏན་ཏེ་བདུད་རྩི་ཞེས་བྱ་བ་བསམ་པར་
བྱའོ། །དེའི་ཕན་ཡོན་ནི་རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་གསུམ་ནི་ལུས་སོ། །དེ་སྐྱེས་པ་ནས་བརྩམས་ཏེ་མཉམ་པར་འགྲོ་ཞིང་རྗེས་སུ་འགྲོ་བས་ན། རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ་རླུང་ལ་སོགས་པ་ནད་གཞི་རྣམས་སོ། །དེ་དག་ཐམས་ཅད་ཀྱི་ཁྲོས་ཤིང་རབ་ཏུ་
འཁྲུགས་པ་རྣམས་ཀྱིས་བརྒྱལ་ཞིང་ཟིལ་གྱིས་གནོན་པར་ལུས་འདི་མི་ལུས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་མདོ་ལས། གང་ཞིག་བདུད་རྩིའི་རང་བཞིན་དུ། །སྤྱི་བོ་རྟག་ཏུ་དེས་འབབ་པ། །རྣལ་འབྱོར་དབང་པོས་དེ་འཐུངས་ན། །རྒ་དང་འཆི་བ་རྣམ་
པར་འཇིག །ཇི་ལྟར་པདྨའི་སྡོང་བུ་ལས། །མི་ཡི་ཆུ་ནི་འདྲེན་པར་བྱེད། །དེ་བཞིན་ཉེ་བར་འཐུངས་པ་ཡིས། །རྣལ་འབྱོར་པ་ནི་སྟོབས་ཆེན་འཚོ། །ཞེས་གསུངས་པ་དང་། རྩ་བའི་རྒྱུད་ལས་ཀྱང་། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང་། །སྣ་ཡི་རྩེ་མོར་བསམ་པར་བྱ། །རྡོ་རྗེ་
ཕྲ་མོར་བདེར་རེག་པས། །སེམས་ནི་མཉམ་པར་གཞག་པར་གྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་ཚིམ་པར་བྱ་བའི་ཆོ་ག་བསྟན་ནས། སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་བསྟན་པར་བྱ་བའི་ཕྱིར།
དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་འཆང་ལས་དང་པོ་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཟློས་པ་པོ་སྟེ། དེ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྐུའི་ཞེས་བྱ་བ་ལ་སོགས་པ་ལ། བཟའ་བ་ལ་སོགས་པ་ལ་ལོངས་
སྤྱོད་པའི་དུས་སུ་ནི་སྐུ་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབ་པར་བྱའོ། །ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །ཞེས་བྱ་བ་ནི། ཟས་ལ་སྤྱོད་པ་ལས་གཞན་པའི་ཡུལ་རྣམས་ལ་ནི་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབ་པར་བྱའོ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་བྱ་བ་ནི། རྡོ་རྗེ་ཆོས་ཏེ་གསུང་
เล่ม ๓๐ · หน้า 180b
རྡོ་རྗེར་རྟག་ཏུ་བྱིན་གྱིས་བརླབ་པར་བྱའོ། །གང་ལ་ཞེ་ན། མདོ་གདོན་ཆོ་གའི་བྱ་བ་ལ། །ཞེས་བྱ་བ་སྟེ། མདོ་ནི་གསུང་རབ་ལ་སོགས་པའོ། །དེ་གདོན་པ་ནི་ཀློག་པའོ། །ཆོ་གའི་བྱ་བ་ལ་ཞེས་བྱ་བ་ནི་ཚུར་སྤྱོན་དང་གཤེགས་སུ་གསོལ་བ་ཞེས་བྱ་བ་ལ་སོགས་པའི་དབང་དུ་བྱ་བའི་ཆོ་
གའི་བྱ་བ་སྟེ། ཆོས་ཐམས་ཅད་ཚིག་ཏུ་འདོན་པ་དང་། དབྱངས་ལེན་པ་ལ་སོགས་པ་ལ་འོད་དཔག་ཏུ་མེད་པར་བྱིན་གྱིས་བརླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་པའོ། །གང་སྔར་བཤད་པ་དང་། འོག་ནས་བཤད་པའི་ལས་ཀྱི་ཚོགས་
ལ་སོགས་པ་བྱེད་པ་ན། རྣམ་པར་དག་པ་ལ་སྦྱར་བ་དེ་བཤད་པའི་དོན་དུ་ཏིང་ངེ་འཛིན་མངོན་སུམ་དུ་མཛད་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་པ་ཐམས་ཅད་ནི་རྫོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །སྐུ་དང་གསུང་དང་
ཐུགས་ཀྱི་རྡོ་རྗེ་ནི་མ་རྫོགས་པའི་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་གཅིག་ཏུ་གཞོལ་བའོ། །རྣམ་པར་དགོངས་པ་ནི་བསྒོམས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཅོམ་ལྡན་
འདས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཀྱི་གང་དམིགས་སུ་མེད་པ་ནི་འོད་གསལ་བ་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་ཡི་གེའི་ཚིག་ཅེས་བྱ་བ་ནི། ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ལས་མི་འགྱུར་བའི་གནས་ཏེ། རིགས་ཀྱི་བུ་རྡོ་རྗེ་འཆང་ཆེན་པོ་འདི་ནི་ངོ་བོ་ཉིད་མེད་
པའི་ཚིག་ཅེས་བྱ་བ་ནི། བརྗོད་དུ་མེད་ཅིང་རྣམ་པར་མི་འཇིག་པའི་གནས་ལ་རྣམ་པར་དཔྱོད་ཅིང་དགོངས་པར་མཛད་དེ། ཐུགས་སུ་ཆུད་ནས་བདག་ཅག་རྣམས་ལ་དེ་སྟོན་པར་མཛད་པའི་ཕྱིར་ཅང་མི་གསུང་བར་བཞུགས་སོ་ཞེས་པ་སྟེ། འོད་གསལ་བ་ལ་ཞུགས་པར་གྱུར་
ཏོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་དོན་འདི་ཉིད་རྣམ་པར་འགྲེལ་ཏེ། སྐུ་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ཉིད་སྐུ་མི་འགྱུར་བ་སྟེ་དེ་མ་སྐྱེས་པ་ནི་རྒྱུ་དང་རྐྱེན་མེད་པའི་ཕྱིར་རོ། །མཚན་མ་མེད་ཅེས་པ་ལ་འདིས་མཚོན་པས་ན་མཚན་
เล่ม ๓๐ · หน้า 181a
ཉིད་དེ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནོ། །དེ་གང་ལ་མེད་པ་དེ་ནི་མཚན་མ་མེད་པ་སྟེ་སྐུ་ལ་སོགས་པ་འདི་དག་གོ། །ནམ་མཁའི་རྡོ་རྗེར་རྟོག་པ་ནི་དེ་བཞིན་ཉིད་དོ། །དེ་ལས་བྱུང་བ་ནི་ཐོབ་པ་སྟེ། ནམ་མཁའ་རྡོ་རྗེར་རྟོག་ལས་བྱུང་། །ཞེས་བྱ་བ་སྟེ་ཁམས་
གསུམ་པའོ། །ལྷའི་འཁོར་ལོར་ཇི་ལྟར་འགྱུར་ཞེ་ན། ལོག་པར་བཟུང་བས་ཟིན་པ་ཡིན། །ཞེས་བྱ་བ་གསུངས་ཏེ། ལོག་པ་ནི་སྒྱུ་མའོ། །དེ་ཡང་དག་པར་བཟུང་ཞིང་ཉེ་བར་བླངས་པས་ན་ལོག་པར་བཟུང་བ་སྟེ། སྒྱུ་མ་ལྟ་བུའི་སྐུའོ། །དེས་བཟུང་བས་ན་ཟིན་པ་སྟེ་དེ་སྐད་དུ། རྣལ་འབྱོར་
ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཉེ་བར་ལོངས་སྤྱོད་ནི། །ཁམས་གསུམ་མ་ལུས་འདི་དག་གོ། །ཞེས་གསུངས་པའི་ཕྱིར་རོ། །ལོག་པར་གཟུང་བ་ནི་ཞེས་བྱ་བའི་རྡོ་རྗེའི་ཚིག་འདིའི་དགོངས་པ་མི་ཤེས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་
རྣམས་དེ་གསལ་བར་བྱ་བའི་བསམ་པས། དེ་བཞིན་གཤེགས་པ་རྣམས་ལ་སྐུལ་བར་བྱེད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་རྡོ་རྗེའི་ཚིག་ཅེས་བྱ་བ་ནི་ཆོས་སྟོན་པའོ། །ཕྱིན་ཅི་ལོག་ནི་བརྫུན་པའོ། །དེ་འདི་ལས་ཀུན་དུ་
འབྱུང་བས་ན་ཕྱིན་ཅི་ལོག་ཀུན་འབྱུང་བ་སྟེ། རྒྱུ་ནི་མི་ཤེས་པ་རྒྱུར་གྱུར་པར་མ་བཟུང་ཤིག་པའོ། །དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདས་པ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེའི་དབྱིངས་ནི་མྱ་ངན་
ལས་འདས་པའི་དབྱིངས་སོ། །ངོ་བོ་ཉིད་ནི་རང་བཞིན་ནོ། །སྤྱོད་པ་ནི་སྤྱད་པར་གྱུར་པའོ། །གཤེགས་པ་དང་བྱོན་པ་ནི་འོད་གསལ་བར་འཇུག་པ་དང་བཞེངས་པ་གང་ཡིན་པ་སྟེ། དེ་དག་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཉིད་སྤྱོད་པར་འགྱུར་བ་གཤེགས་
པ་དང་བྱོན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ཡིན་ཏེ། དེ་བས་ན་གསུང་རྡོ་རྗེའི་ཚིག་ལ་ཕྱིན་ཅི་ལོག་ཏུ་མ་རྟོག་ཅིག་ཅེས་བྱ་བར་སྦྱར་རོ། །གང་བཤད་མ་ཐག་པའི་རྣམ་པས་ཟབ་པ་དང་རྒྱ་ཆེ་བར་བསྟན་པ། དེའི་དགོས་པ་ཅི་ཞིག་ཡོད་ཅེས་རྟོག་པར་འགྱུར་
เล่ม ๓๐ · หน้า 181b
བས། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་གསུངས་ཏེ། ཚངས་པ་ལ་སོགས་པ་ཞེས་བྱ་བ་ནི། སྐྱེ་དགུའི་བདག་པོ་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ནི་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའོ། །དེའི་སེམས་དཔའ་སྟེ་སེམས་གང་ལ་ཡོད་པ་དེ་ནི་བྱང་
ཆུབ་སེམས་དཔའ་ཆེན་པོའོ། །མངོན་པར་ཤེས་པ་ནི་ཕྲ་བ་དང་ཡང་བ་ཉིད་ལ་སོགས་པའོ། །ཡེ་ཤེས་ནི་འཇིག་རྟེན་པའི་ཐམས་ཅད་མཁྱེན་པ་སྟེ་དེ་དག་ཐོབ་པའོ། །དེ་ལྟར་ཡིན་དུ་ཟིན་ཀྱང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་མི་ཤེས་ནས་ཞེས་བྱ་བ་ལ། ཆོས་ཐམས་
ཅད་ནི་གཟུགས་ལ་སོགས་པའོ། །དེ་རྣམས་ཀྱི་མཚན་ཉིད་ནི་སྒྱུ་མ་དང་མཚུངས་པའི་ཀུན་རྫོབ་ཀྱི་བདེན་པའོ། །ངོ་བོ་ཉིད་ནི་འོད་གསལ་བ་སྟེ་གཉིས་པོ་དེ་དག་གི་རྣམ་པར་དབྱེ་བ་མི་ཤེས་ནས། འདི་སྙམ་དུ་རྣམ་པར་རྟོག་གོ། །ཅི་ཞེས་པ་ནི་སོམ་ཉིར་གྱུར་པའོ། །རྡོ་རྗེའི་བདག་
ཉིད་འདི་ཞེས་བྱ་བ་ནི་སྟོན་པ་པོའོ། །ཆོས་ཐམས་ཅད་ནི་རྒྱུ་བ་དང་མི་རྒྱུ་བ་རྣམས་སོ། །གང་དེ་རྣམས་ཀྱི་ཆོས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་མཐར་ཐུག་པའི་ངོ་བོ་ཉིད་དེ་མངོན་པར་མ་ཤེས་ཤིང་མ་རྟོགས་ཀྱང་། གསང་བའི་ཡི་གེ་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་གསང་བ་
འཆད་དམ། ཡང་ན་ཤེས་ནས་སྟོན་ཞེས་སོམ་ཉིར་གྱུར་ཏེ། དེ་རྣམས་ཀྱི་སོམ་ཉི་བཟློག་པར་བྱ་བའི་ཕྱིར་དང་། བདག་ཉིད་ཀྱིས་བདེན་པ་གཉིས་ཐུགས་སུ་ཆུད་པར་བསྟན་པར་བྱ་བའི་ཕྱིར། འོད་གསལ་བར་ཞུགས་པ་དང་བཞེངས་པ་སྟོན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་མི་བསྐྱོད་པ་ལ་སོགས་པ་དེ་རྣམས་ཀྱིས། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱེད་རྣམས་ལྟ་ཅི་སྨོས་ཏེ་
ཞེས་བྱ་བ་ལ་སོགས་པས་ནི་ཚངས་པ་ལ་སོགས་པ་ཡིན་པར་སྟོན་ཏོ། །སྐུ་དང་གསུང་དང་ཐུགས་གསང་བའི་ཡི་གེ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་སྟོན་པའི་ཡི་གེ་རྡོ་རྗེའི་ཚིག་རྙེད་ཅིང་རྡོ་རྗེ་འཆང་ཆེན་པོ་ལས་མངོན་སུམ་དུ་ཐོས་ཀྱང་ངོ་། །སྐུ་དང་གསུང་དང་ཐུགས་ཀྱི་
เล่ม ๓๐ · หน้า 182a
བྱང་ཆུབ་ཅེས་བྱ་བ་ལ། སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་བྱང་ཆུབ་ནི་འབྲས་བུ་མངོན་པར་རྟོགས་པ་སྟེ། དེ་ནི་ངེད་ཀྱིས་ཀྱང་མངོན་སུམ་དུ་མ་བྱས་ན། ཚངས་པ་ལ་སོགས་པས་ལྟ་སྨོས་ཀྱང་ཅི་དགོས་ཞེས་མི་བསྐྱོད་པ་ལ་སོགས་པས་གསུངས་
སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། རང་གིས་མི་རྟོགས་པའི་རྒྱུ་སྟོན་ཏེ། སྐྱེ་བ་མེད་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་མངོན་པར་བྱང་ཆུབ་པ་ནི་རྒྱུ་དང་འབྲས་བུ་གཉིས་སུ་མེད་པའོ། །རྟོག་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ངེས་པར་བྲལ་བས་ན་ངོ་བོ་ཉིད་མེད་
པའོ། །དེ་ཉིད་ཀྱིས་ན་མི་འགྱུར་བ་སྟེ་དོན་དམ་པའི་བདེན་པའོ། །དེ་ལས་བྱུང་བ་ནི་རབ་ཏུ་སྐྱེས་པའོ། །དེ་ལྟར་རྡོ་རྗེ་འཆང་བའི་མངོན་པར་བྱང་ཆུབ་པ་རྙེད་པར་དཀའ་བར་བསྟན་ནས། ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་ཉིད་ཀྱིས་རྙེད་པར་སླ་བར་བསྟན་པར་བྱ་བའི་ཕྱིར། རིགས་
ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བོད་པའོ། །སེམས་ཅན་ཆེན་པོའི་ཁོངས་སུ་གཏོགས་པ་ཞེས་བྱ་བ་ནི། སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་གནས་པ་
ཞེས་པ་སྟེ། བྱང་ཆུབ་ནི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའོ། །དེ་ལ་གནས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་ཞུགས་པར་གྱུར་ནའོ། །སངས་རྒྱས་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་འདིར་རྒྱུར་གསུངས་པའོ། །
ཀྱེ་མ་ནི་ངེས་པའོ། །སེམས་ཅན་དེ་དག་ནི་ཞེས་པ་ནི་ཁམས་གསུམ་པར་གཏོགས་པའོ། །སྐུ་གསུམ་རྡོ་རྗེ་ནི་ཆོས་ཀྱི་སྐུ་ལ་སོགས་པ་གསུམ་མོ། །དེ་འཛིན་པར་མཛད་པས་ན་སྐུ་གསུམ་རྡོ་རྗེ་འཛིན་པ་སྟེ་དྲུག་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན་སྐུ་གསུམ་རྡོ་རྗེ་འཛིན་པ་ཉིད་དོ། །དེ་ཉེ་
བར་བླངས་ཤིང་རྒྱུར་བྱས་ནས་སེམས་ཅན་ཐམས་ཅད་ནི་སངས་རྒྱས་རྡོ་རྗེའོ་ཞེས་བྱ་བར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཐོབ་པ་ནི་ཐོས་པ་དང་བསྒོམ་པ་ལ་གནས་པ་འཐོབ་པར་གྱུར་པ་དང་འདྲ་
เล่ม ๓๐ · หน้า 182b
བར་ཉེ་བར་གདགས་པར་མཛད་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་རྣམ་པར་སྨྲ་བས། བཅོམ་ལྡན་འདས་རབ་ཏུ་མཉེས་ནས། དོན་དེ་ཉིད་རང་གི་གསུང་གིས་སྟོན་པར་མཛད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
རང་བཞིན་དག་ཅིང་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་སོ། །དེ་རྣམས་ཀྱི་བདག་མེད་པ་ནི་འོད་གསལ་བ་ཉིད་དོ། །ཆོས་ཀྱི་དབྱིངས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ནི་ངེས་པར་དགའ་ཞིང་མ་ལུས་པའི་སྐྱེ་བའི་གནས་སུ་གྱུར་པས། སྐུ་དང་གསུང་དང་ཐུགས་
རྡོ་རྗེ་ལས་བྱུང་བའོ། །རྟོག་པ་ནི་བློའི་རྣམ་པར་འཕྲུལ་པ་ལ་སོགས་པའི་བྱ་བའོ། །སྨྲ་བ་ནི་འཇའ་ཚོན་ལྟར་སྣང་བར་གྱུར་པའི་ཕྱིར་རོ། །སྨྲ་བ་མ་ཡིན་ཞེས་པ་ནི་རྣམ་པར་བརྟགས་ན་མི་རྙེད་པའི་ཕྱིར་རོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ངེས་པར་བྱས་ནས། སློབ་པའི་
རྣལ་འབྱོར་པའི་སངས་རྒྱས་ཉིད་དུ་འགྲུབ་པའི་རྒྱུ་ཞུས་པ་དང་། ལུང་བསྟན་པའི་སྒོ་ནས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དེ། དེ་རྣམས་ཀྱི་སྐུ་ལ་སོགས་པའི་དངོས་གྲུབ་རྣམས་གང་ལས་
ཡང་དག་པར་འབྱུང་ཞིང་སྐྱེ་བར་འགྱུར། གང་ན་གནས་པ་སྟེ་གང་དུ་ཐིམ་པར་འགྱུར་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའོ། །རྡོ་རྗེ་འཆང་ཆེན་པོས་ལན་གསུངས་པ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྐུ་དང་གསུང་
དང་ཐུགས་ཀྱི་རྒྱུན་ནི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་འབྱུང་བ་སྟེ། དེ་ཉིད་མི་ཕྱེད་པས་རྡོ་རྗེ་སྟེ་འོད་གསལ་བར་ཞུགས་པའོ། །གནས་སོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དེ་ལ་བརྟེན་ཅིང་དེ་ཉིད་ལས་སྐྱེའོ་ཞེས་བྱ་བར་བཟུང་སྟེ།
དངོས་གྲུབ་ཐམས་ཅད་འབྱུང་བ་དང་གནས་པ་སྟེ་ཐིམ་པའི་རྒྱུ་སྐུ་གསུམ་མོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པའི་དངོས་གྲུབ་འབའ་ཞིག་སྐུ་གསུམ་ལས་འབྱུང་བར་མ་ཟད་ཀྱི། སྟོབས་བཅུ་དང་མི་
เล่ม ๓๐ · หน้า 183a
འཇིགས་པ་བཞི་ལ་སོགས་པ་ཡོན་ཏན་ཐམས་ཅད་དང་། ཁམས་གསུམ་ཡང་སྐུ་དང་གསུང་དང་ཐུགས་ལས་བྱུང་ཞིང་། སྐུ་དང་གསུང་དང་ཐུགས་ཉིད་ལ་གནས་སོ་ཞེས་བྱ་བ་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་དང་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་མ་སྟེ། སྐུ་དང་གསུང་དང་ཐུགས་དང་ཁམས་གསུམ་སྟེ། ས་ལ་སོགས་པ་གང་ན་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་
པ་རྣམས་ཀྱིས་ཞུས་པའོ། །ནམ་མཁའི་དབྱིངས་ནི་ཡང་དག་པའི་མཐའ་སྟེ། དེ་ལ་གནས་སོ་ཞེས་བྱ་བ་ནི་ལན་ནོ། །ནམ་མཁའ་གང་ན་གནས་ཞེས་བྱ་བ་ནི། ཡང་དག་པའི་མཐའ་ཅི་ལ་གནས་ཞེས་ཡང་ཞུས་པའོ། །རྡོ་རྗེ་འཛིན་གྱིས་གསུངས་པ། གང་ན་ཡང་མ་ཡིན་ནོ་
ཞེས་གསུངས་པ་ནི་ལན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་མཚར་དུ་གྱུར་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་མཚར་དུ་གྱུར་པ་ནི་རྣམ་པར་དག་པ་ལའོ། །རྨད་དུ་གྱུར་པ་ནི་ལྡང་བ་ལའོ། །ཨེ་མའོ་རྡོ་རྗེ་ཡི་བཤད་པ། །ཞེས་བྱ་བ་
ནི། བཤད་པ་རྙེད་པར་དཀའ་བ་ཉིད་ཀྱིས་ངོ་མཚར་དུ་གྱུར་པ་སྟེ། རྡོ་རྗེའི་ཞེས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །གང་དུ་ཞེ་ན། དོན་དམ་པའི་བདེན་པ་གང་ཡིན་པ་ནི་ལུས་དང་ངག་དང་སེམས་མེད་པ་དེ་རུ་སྟེ། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བདག་ཉིད་ཅན་
གྱི་ལྷའི་སྐུར་རྣམ་པར་བསྒོམ་ཞིང་སྐྱེད་པར་བྱེད་པ་ནི་ངོ་མཚར་གྱི་རྒྱུའོ། །དེ་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་ངེས་པར་བྱས་ནས། དེའི་ཐབས་ལྷའི་སྐུ་ཇི་ལྟར་བསྐྱེད་པར་བྱ་བ་དེ་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་
དོ། །དེ་རྣམས་ཀྱི་མཆོག་ནི་ལྷ་ཆེན་པོ་དང་ཁྱབ་འཇུག་དང་ཚངས་པའོ། །དེ་རྣམས་ཀྱི་མཆོག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་གསུམ་གྱི་དབང་ཕྱུག་མཆོག་ནི་ཞེས་བྱ་བ་ལ། རྡོ་རྗེ་གསུམ་སྟེ་སྐུ་དང་གསུང་དང་ཐུགས་
เล่ม ๓๐ · หน้า 183b
རྡོ་རྗེ་རྣམས་ལ་མཆོག་ཅེས་པ་ཁྱད་པར་དུ་དབང་བསྒྱུར་བས་ན་རྡོ་རྗེ་གསུམ་གྱི་དབང་ཕྱུག་གོ། །དེ་ཡང་། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང་། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱད་པའོ། །
ཞེས་གསུངས་པས་སོ། །དངོས་གྲུབ་ཀུན་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པར་གྱུར་པའོ། །རིག་པའི་རང་བཞིན་གྱི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ། དེའི་སྒོམ་པ་ནི་བསྐྱེད་པའི་རིམ་པའོ། །དེ་བཤད་པར་མཛད་པ་ནི་གསུངས་པའོ། །མཁའ་
དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་ནི་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་ཏེ། དེ་མཁའ་དབྱིངས་རྡོ་རྗེའི་དབུས་གནས་པའོ། །ཞེས་བྱ་བ་འོད་གསལ་བའི་ནང་དུ་ཆུད་པར་བསྒོམ་ཞིང་བསམ་པར་བྱའོ། །དེ་ནས་སེམས་ཅན་གྱི་
ཚོགས་ཐམས་ཅད་སྐུ་རྡོ་རྗེའི་རྒྱུར་གྱུར་པ་ཟླ་བའི་གཟུགས་སུ་བསྒོམ་མོ། །སྤྱི་བོར་རྡོ་རྗེ་རབ་ཏུ་བསྒོམ། །ཞེས་བྱ་བ་ལ། སྤྱི་བོར་ཏེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་སྐུ་གསུམ་ལས་བྱུང་བ་ཞེས་པ་
སྐུ་གསུམ་གྱི་བདག་ཉིད་ཅན་རྣམ་པར་འཕྲོ་བ་སྟེ། འོད་ཟེར་ལྔ་སྤྲོ་བ་དང་བསྡུ་བ་དང་ལྡན་པ་བསམ་པར་བྱའོ། །རྡོ་རྗེ་འཁོར་ལོ་ནི་མི་བསྐྱོད་པའི་ལྷ་རྣམས་ཀྱི་ཚོགས་ཏེ། དེའི་བདག་ཉིད་ཅན་གྱི་འཁོར་གྱི་གཟུགས་འཛིན་ཅིང་སྤྲོ་བར་བྱེད་པས་ན་འཁོར་ལོ་རྡོ་རྗེ་འཛིན་པ་སྟེ། དེ་ལྟ་བུའི་
ལྷའི་སྐུ་བསམས་ན་རྣལ་འབྱོར་པས་བྱང་ཆུབ་སྟེ་མི་བསྐྱོད་པ་ཉིད་མྱུར་དུ་འཐོབ་པར་འགྱུར་རོ། །རིམ་པ་འདི་ཉིད་དང་། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་འཁོར་ལོ་ལ་སོགས་པ་ཡོངས་སུ་གྱུར་པ་ལས། ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པའི་
གསང་བ་འདི། རིགས་ཀྱི་བྱེ་བྲག་གིས་ལྷའི་གཟུགས་འཛིན་པའི་གསང་བ་རྣམ་པར་བསམ་པར་བྱ་སྟེ། གཞན་དུ་ཞེས་པ་རྣམ་པ་གཞན་གྱིས་བསྒོམས་ན། རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་གི་དངོས་གྲུབ་མཆོག་སྟེ། དངོས་གྲུབ་ཀྱི་རྒྱུར་མི་འགྱུར་རོ་ཞེས་བཅོམ་ལྡན་
เล่ม ๓๐ · หน้า 184a
འདས་ཀྱིས་གསུངས་སོ། །དེ་ལྟར་བདག་ཉིད་བསྐྱེད་ནས་དེའི་འོག་ཏུ་ཅི་ཞིག་བྱ་ཞེས། ཁམས་གསུམ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་གསུམ་ནི་ལུས་སོ། །དེ་ལས་བྱུང་བ་ནི་གནས་པའོ། །རྒྱལ་མོ་ཆེན་མོ་ནི་ལྷ་མོ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །མཉེས་
པར་བྱེད་མ་ནི་དབང་བསྐུར་བར་བྱེད་ཅིང་ཀུན་ཏུ་དགའ་བ་བསྐྱེད་པར་རྣམ་པར་བསམ་ཞིང་བལྟ་བར་བྱའོ། །ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་སྐུ་གསུམ་གྱིས་མཚན་པ་ཞེས་བྱ་བ་སྟེ། རྡོ་རྗེའི་སྐུ་སྟེ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཀྱིས་མཚན་པའི་ཉམས་སུ་མྱོང་བ་གསུམ་སྟེ། ཆགས་པ་
དང་ཆགས་པ་དང་བྲལ་བ་དང་ཆགས་པ་བར་མ་སྟེ། དེ་ལ་ནི་རྡོ་རྗེ་སྐུ་གསུམ་གྱིས་མཚན་པ་ཞེས་བྱ་སྟེ། ཁྱུ་མཆོག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པའོ། །ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གང་ཞིག་འདི་དག་ཅེས་བྱ་བ་གསུངས་ཏེ། གང་ཞིག་འདི་དག་བསྒོམ་པ་
ཡི། །ཞེས་བྱ་བ་ནི་བདེན་པ་མཐོང་བའོ། །བྱང་ཆུབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་སེམས་པའི་སེམས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། བསྐྱེད་པའི་རིམ་པ་དང་རྗེས་སུ་མཐུན་པར་གནས་ནས། རྫོགས་པའི་རིམ་པ་ལ་གནས་པས་གྲགས་ཆེན་རྣམས་སོ། །འོད་ཆེན་པོ་ནི་
བརྩོན་འགྲུས་བརྟུན་པ་ཅན་ནོ། །ཞག་བདུན་གྱིས་ཞེས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་ཡུན་རིང་པོ་མི་ཐོགས་པར་འཐོབ་པའོ། །སྐུ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེའི་དངོས་གྲུབ་འཐོབ་པར་འགྱུར་བའོ། །སེམས་བརྟན་པ་ཐོབ་པས་ཕྱི་རོལ་གྱི་ཕྱག་རྒྱ་དང་
སྙོམས་པར་ཞུགས་ནས་མཆོག་ཏུ་བདེ་བ་ཉམས་སུ་མྱོང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པ་རྣམས། གང་དུ་ཐིག་ལེའི་གཟུགས་ཀྱིས་གཅིག་ཏུ་གྱུར་པ་དེ་ནི་སྐུ་དང་གསུང་
དང་ཐུགས་རྡོ་རྗེ་བསྡུས་པའོ། །དེ་གང་ཡིན་ཞེ་ན། གསང་བ་སྟེ། ཆོས་འབྱུང་བའོ། །དེའི་སྒྲུབ་པའི་ཡན་ལག་ལ་གཉིད་ཀྱིས་སྒྲུབ་པའི་ཆོ་ག་ནི་གསང་བ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྐུ་དང་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཞེས་བྱ་བ་སྟེ།
เล่ม ๓๐ · หน้า 184b
མཉམ་ཞིང་རྗེས་སུ་འགྲོ་བས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དོན་ནི་སྒྲུབ་པ་པོའི་དོན་ཏེ་ཀུན་ཏུ་དགའ་བའོ། །དེ་འཁྱུད་པ་ལ་སོགས་པས་བརྟགས་ཤིང་རྫོགས་པར་བྱེད་པས་ན། ཕྱག་རྒྱ་ཆེན་པོའི་དོན་བརྟགས་པ་སྟེ། ལུས་དང་ངག་དང་སེམས་དམ་ཚིག་
གི་ཕྱག་རྒྱ་ཆེན་པོའི་དོན་བརྟགས་པ་དེས་ལྷན་ཅིག་ཆོས་སྤྱོད་པ་དང་། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། ཆགས་པ་བར་མ་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་ཤེས་པའི་རྒྱུར། ཆོ་ག་བཞིན་དུ་ཕྱག་རྒྱ་འདུས་བྱས་པའི་ཆོ་ག་སྔོན་དུ་འགྲོ་བས། གང་གིས་བསྒོམས་ཤིང་ཉེ་
བར་སྤྱད་ན་དེ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། མཉམ་པར་འཇོག་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་རྣམ་པ་སྟོན་པ་ཡིན་ཏེ། སྒྲུབ་པ་པོ་ཐམས་ཅད་ཅེས་བྱ་བ་ནི། རྟོག་པའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་ལུས་དང་ངག་
དང་སེམས་ཀྱི་ཡུལ་མ་ཡིན་པས་གསང་བ་སྟེ་ཚིག་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །གལ་ཏེ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་མཆོག་རྡོ་རྗེ་འཆང་ཆེན་པོ་དེའི་བདག་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པར་འདོད་ཅིང་། བསྒོམས་ན་ལག་པའི་ཕྱག་རྒྱ་ཕྱི་རོལ་གྱི་ལྷ་ལ་མངོན་པར་
ཞེན་པར་བྱེད་པ་མི་བཅིང་སྟེ། བདག་ཉིད་རྡོ་རྗེ་སེམས་དཔའ་ནི། །མངོན་སུམ་ཡིན་ན་གཞན་ཅི་ཚོལ། །ཞེས་གསུངས་པས་སོ། །སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། དོན་ཐམས་ཅད་སྒྲུབ་པའི་གསང་བའི་སྔགས་རྣམས་ནི་སྔགས་རྣམས་ཐམས་ཅད་དེ། དེ་ལྟ་
བུའི་གསང་བ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱི། དམ་ཚིག་འདི་ནི་རྒྱལ་བ་རྣམས་ཀྱང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསང་བ་འདུས་པ་ལ་མངོན་པར་བརྩོན་པས་ལག་པའི་ཕྱག་རྒྱ་མི་བཅིང་ངོ་ཞེས་བྱ་བའི་དམ་ཚིག་འདི་ལས་དེ་འདའ་བར་མི་མཛད་དོ། །གསང་བ་
འདུས་པར་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་སྐུ་རྡོ་རྗེའི་རིགས་དང་ལྡན་པ་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་ཉམས་སུ་བླང་བར་བྱ་བ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་
เล่ม ๓๐ · หน้า 185a
ཕྱུང་ངོ་། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ།བཤང་བ་ལ་སོགས་པ་ལ་སྨད་ཅིང་བཤུང་བ་ཉིད་དུ་སྔགས་པས་མི་བྱའོ། །དེ་བས་ན་ཆོ་ག་བཞིན་དུ་སྟེ་འཁྱུད་པ་ལ་སོགས་པའི་སྦྱོར་བས། བདུད་རྩི་གང་ཡང་དག་པར་བསྐྱེད་པ་སྟེ་རྟག་ཏུ་བཟའ་བར་བྱ་ཞིང་ཉེ་
བར་སྤྱད་པར་བྱའོ། །ཅིའི་ཕྱིར་ཞེ་ན། གསང་འདི་རྡོ་རྗེ་གསུམ་བྱུང་ཡིན། །ཞེས་བྱ་བ་སྟེ། ལུས་དང་ངག་དང་ཡིད་བདེ་བར་གནས་པར་བྱེད་པའི་བཅུད་ཀྱིས་ལེན་ཏོ་ཞེས་བྱ་བའི་བར་དུའོ། །དེ་ཉིད་ལས་བརྩམས་ཏེ་གསུང་གི་རྡོ་རྗེའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། ཁམས་གསུམ་
དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་དང་འབྲིང་དང་ཐ་མའི་བུད་མེད་ཇི་སྙེད་ཡོད་པ་དེ་རྣམས་ཀྱི་ཁམས་གསུམ་གྱི་ལམ་ནི་ཉམས་དགའ་བ་སྟེ། ཁམས་གསུམ་ནི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་ལམ་ནི་བགྲོད་པར་བྱ་བ་ཡིན་པས་ན། ཁམས་གསུམ་གྱི་ལམ་
ནི་སྙོམས་པར་འཇུག་པའི་ལམ་སྟེ་པདྨའོ། །དེར་ཉམས་དགའ་བ་ནི་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པའོ། །ཐམས་ཅད་ནི་འདོད་པའི་གདུགས་དང་ཟླ་བ་གང་བ་དང་། རུས་སྦལ་གྱི་རྒྱབ་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་རྩ་སྦུབས་ཐམས་ཅད་ཆོ་ག་བཞིན་ཏེ། རྗེས་སུ་མཉེས་པར་
བྱེད་པ་ལ་སོགས་པའི་ཆོ་ག་དང་བཅས་པས། ངག་གི་རྡོ་རྗེ་སྟེ་རོ་འཛིན་གྱི་བྱ་བས་བསྐྱོད་ལ་ཀུན་ཏུ་ལོངས་སྤྱོད་ཅིང་དགའ་བར་བྱའོ། །དེ་ལས་བྱུང་བ་རྣམས་སྨད་པར་མི་བྱ་ཞིང་བརྩལ་བ་ལས་བྱུང་བ་དེ་ཡོངས་སུ་སྤང་བར་མི་བྱ་སྟེ། མྱང་བར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ནས་
ཞེས་བྱ་བ་ལ་སོགས་པས་ནི། ཐུགས་རྡོ་རྗེའི་དམ་ཚིག་གསུངས་པ་ཡིན་ཏེ། རྡོ་རྗེ་སྐུ་གསུམ་ལ་གནས་པ། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དོ། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། །ཞེས་བྱ་བ་ནི། པདྨ་ཅན་ཞེས་བྱ་བ་ལ་སོགས་པའི་བུད་མེད་རྣམས་
སོ། །དེ་རྡོ་རྗེ་གསུམ་གྱི་དམ་ཚིག་གིས། །ཞེས་བྱ་བ་སྟེ། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ཀྱིས་མགུ་ཞིང་དགའ་བར་བྱའོ། །ཐུགས་ཀྱི་རྡོ་རྗེ་མི་སྨད་དོ། །ཞེས་བྱ་བ་ནི། དེ་རྣམས་ཀྱི་ཐུགས་འབྱུང་བར་མི་བྱ་བ་སྟེ། སེམས་ཀྱི་རྩ་བར་གྱུར་པ་ནི་ལུས་ཡིན་ལ། ལུས་ཀྱི་རྩ་
เล่ม ๓๐ · หน้า 185b
བར་གྱུར་པ་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་དམ་ཚིག་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་གོ། །ཐུན་མོང་མ་ཡིན་པས་ན་ཆེན་པོ་སྟེ་དེ་སྟོན་པར་མཛད་པས་རྡོ་རྗེ་འཆང་ཆེན་པོ་དེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་སྟེ་སྡུད་པར་བྱེད་པའི་ཚིག་གོ། །
སྤྱོད་པ་གསུམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས། ཕྱི་རོལ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་པར་ཞེན་པ་བསལ་བར་བྱ་བའི་ཕྱིར་དང་། བདག་ཉིད་ལྷག་པའི་ལྷར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཏེ་དེས་བསྟན་པའོ། །དམན་པ་ལ་མོས་པ་རྣམས་ལ་སྦ་བར་བྱ་བ་ཡིན་པས་ན། གསང་བའི་རྡོ་རྗེ་སྟེ་དེ་སྟོན་པར་མཛད་པའོ། །མདོར་ན་ཞེས་བྱ་བ་ནི་རིགས་བརྒྱ་མདོར་བསྡུས་ན་རྣམ་པར་སྣང་མཛད་ལ་སོགས་པ་
སངས་རྒྱས་ལྔར་ནི་རབ་ཏུ་གྲགས་པ། དེ་ནི་ཕུང་པོ་ལྔ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལས་གཞན་མ་ཡིན་ནོ། །དེ་ལས་མ་གཏོགས་པའི་ཕྱི་རོལ་ན་གཟུང་བར་བྱ་བ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ་ཞེས་རྟོག་པར་བྱེད་པ་དེ་བཟློག་པར་བྱ་བའི་ཕྱིར།
རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་འཛིན་པར་བྱེད་པ་ལ་གཙོ་བོར་གྱུར་པས་ན། རྡོ་རྗེ་སྟེ་དབང་པོ་རྣམས་སོ། །དེའི་སྐྱེ་མཆེད་ནི་གནས་ཏེ་མིག་ལ་སོགས་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ་ཞེས་བྱ་བ་སྟེ། སའི་སྙིང་པོ་ལ་སོགས་པ་རྒྱལ་
བའི་སྲས་རྣམས་ཀྱི་འཁོར་ལོ་གང་ཡིན་པ་དེ་དག་ཀྱང་། དབང་པོ་ཉིད་ལས་གཞན་ན་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཡོད་པ་མ་ཡིན་ནོ། །གང་སྤྱན་ལ་སོགས་པའི་རིག་པ་རྣམས་རང་གི་ལྷར་མངོན་པར་ཞེན་པ་དེ་རྫོགས་པའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཁམས་གསུམ་ནི་སེམས་ཅན་གྱི་སྣོད་ཀྱི་འཇིག་རྟེན་དུ་གྲགས་པ་སྲིད་པ་གསུམ་མོ། །གང་གིས་ཀུན་ཏུ་བསགས་ཤིང་ངེས་པར་སྐྱེད་པར་བྱེད་པ་དེ་ནི། ཁམས་གསུམ་བསགས་པ་སྟེ་ས་ལ་སོགས་པའོ། །དེ་ཀུན་དུ་འོད་གསལ་བར་འཇུག་པ་དང་
เล่ม ๓๐ · หน้า 186a
གནས་པས་ན་རྡོ་རྗེ་སྟེ་དེ་ཕྱུང་བར་གྱུར་པའོ། །ས་ལ་སོགས་པ་གང་ཡིན་པ་རྣམས་སྤྱན་ལ་སོགས་པར་ཡོངས་སུ་བརྟགས་པ་ནི། ཟིན་པ་དང་མ་ཟིན་པའི་སའི་ཁམས་ལ་སོགས་པ་ལས་སྤྱན་ལ་སོགས་པ་གང་ན་མེད་པའོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ།
མཁའ་དབྱིངས་རྡོ་རྗེ་ནི་ནམ་མཁའི་ཁམས་སོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་མཉམ་པར་ཁྱབ་ཅིང་རྗེས་སུ་འགྲོ་བས་ན། དམ་ཚིག་སྟེ་དེ་ཉིད་རྡོ་རྗེ་འཛིན་པ་ཡིན། ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། ཕུང་པོ་ལྔའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའོ། །
གནས་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་ས་ལ་སོགས་པའི་ཁམས་ལྔ་སྟེ་དེ་རྣམས་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་ཕུང་པོ་ལྔའི་ངོ་བོ་ཉིད་དུ་བསྟན་ནས། འཁོར་རྣམས་ལ་ཞུ་བའི་སྐབས་དབྱེ་བའི་དོན་དུ་བཞུགས་
པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་
རྣམ་པར་སྣང་མཛད་ལ་སོགས་པ་དང་། སའི་སྙིང་པོ་ལ་སོགས་པ་དང་སྤྱན་ལ་སོགས་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་ཕུང་པོ་ལྔ་ལ་སོགས་པ་དང་གཉིས་སུ་མེད་པ་ཉིད་དོ། །དེ་ལ་བཞུགས་པ་ནི་སྟོན་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཐུགས་རྩེ་གཅིག་ཏུ་
སྙོམས་པར་ཞུགས་པར་མཛད་པའོ། །སྙོམས་པར་ཞུགས་ནས་ཀྱང་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་བསྡུས་ཏེ། ཕུང་པོ་ལྔ་ལ་སོགས་པའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་གནས་པ་ལ་གཟིགས་ནས་ཅང་མི་
གསུང་བར་གྱུར་པ་སྟེ། ཞུ་བའི་སྐབས་ཕྱེ་བར་མཛད་ནས་དོན་དམ་པའི་བདེན་པ་ལ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མཁྱེན་ནས་སྟོན་པ་པོའི་ཡུལ་ལ་ངོ་བོ་ཉིད་
เล่ม ๓๐ · หน้า 186b
ཤེས་པར་བྱ་བ་ལ་སོམ་ཉི་སྐྱེས་ནས། བཅོམ་ལྡན་འདས་མི་སྣང་བར་གྱུར་པས་ཞུར་མེད་པ་དང་། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཇི་ལྟར་འདྲི་བ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་པ་ནི་བོད་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ནི་རྫོགས་པ་དང་མ་རྫོགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་ནི། དེ་ཁོ་ན་ཉིད་དེ་དེ་སྟོན་པའི་གཞུང་བསྡུས་པ་ནི་འདུས་པ་སྟེ། དེར་དབང་བསྐུར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་ཞིང་
བདག་པོར་མཛད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྟོན་པས་ན་སློབ་དཔོན་ཏེ། བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཁྱེད་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཞེས་པ་བདག་ཅག་རྣམས་ཀྱིས་ཇི་ལྟར་རྣམ་པ་གང་གིས་
བལྟ་བར་བྱ་ཞིང་ཤེས་པར་བགྱི་ཞེས་བྱམས་པས་བསྐུལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ནི་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། སྟོན་པ་པོ་དེ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་ཞེས་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་པར་
བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་སྟེ་རྡོ་རྗེ་འཆང་ཆེན་པོ་དང་། སློབ་དཔོན་ནི་མི་བསྐྱོད་པ་སྟེ་གཉིས་པོ་འདི་དག་ནི་རྣམ་པ་གཉིས་སུ་དབྱེར་མེད་དེ། རྒྱུ་དང་འབྲས་བུ་ཐ་མི་དད་ཅིང་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱིས་དབྱེར་མེད་པ་ཉིད་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་
ཞེས་བྱ་བ་ལ་སོགས་པ་ལ། རིགས་ཀྱི་བུ་ཞེས་བྱ་བ་ནི་བྱམས་པ་ལ་བོད་པའོ། །མདོར་བསྟན་ན་ཞེས་བྱ་བ་ནི། ཤིན་ཏུ་མདོར་བསྡུས་ན་ཞེས་བྱ་བའི་དོན་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་འཇིག་རྟེན་གྱི་ཁམས་གྲངས་
མེད་པ་ན། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཇི་སྙེད་འཁོད་ཅིང་བཞུགས་པ་རྣམས་ཀྱི་ཆོས་ཀྱི་སྐུས་མི་གཡོ་བས་ན་འཁོད་པ་དང་། ལོངས་སྤྱོད་པའི་སྐུས་འཚོ་བ་སྟེ་འོག་མིན་གྱི་གནས་ན་རྒྱུན་མི་འཆད་པར་ཆོས་སྟོན་པར་མཛད་པའི་ཕྱིར་རོ། །
เล่ม ๓๐ · หน้า 187a
སྐྱོང་བ་ནི་སྤྲུལ་པའི་སྐུས་སེམས་ཅན་རྣམས་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པ་སྟེ། དེ་རྣམས་དུས་གསུམ་དུ་བྱོན་ནས་གསང་བ་འདུས་པ་སྟོན་པའི་སློབ་དཔོན་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཞེས་བྱ་བ། སྐུ་དང་གསུང་དང་ཐུགས་ཀྱི་མཆོད་
པས་ཡང་དག་པར་མཆོད་ནས། རང་གི་སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོ་ཞིང་འདི་སྐད་དུ། བདག་ཅག་གི་ཕའོ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཚོགས་འབྱིན་ཅིང་སྨྲའོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འཇིགས་ཤིང་སྐྲག་པའི་རྒྱུ་ནི་སློབ་དཔོན་ལ་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བྱ་ཞེས་ཐེ་ཚོམ་གྱི་ཚིག་ཏུ་མཆོད་པའི་གནས་ལ། སོམ་ཉི་སྐྱེ་བ་ཉེས་པ་ཆེན་པོ་ཡོད་པ་དེའི་ཕྱིར་བྱམས་པ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ལྟར་བྱམས་པ་ཅང་མི་སྨྲ་བར་གྱུར་པས་ལན་མ་ཐོབ་པ་དང་། ཡང་དོན་དེ་ཉིད་བསྐུལ་བར་བྱ་
བའི་ཕྱིར། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ནས། སླར་ཡང་རྡོ་རྗེ་འཆང་ཆེན་པོའི་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་བཤད་པ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་
དམ་ཚིག་ལ་དམིགས་པ་ཞེས་བྱ་བ་ལ། རྡོ་རྗེ་ནི་བསྟན་དུ་མེད་པའི་དེ་ཁོ་ན་ཉིད་དེ་དྲུག་པའོ། །དེ་འབྱིན་པ་དང་འཇུག་པའི་ཚུལ་གྱིས་འཛིན་པར་མཛད་པས་ན། རྡོ་རྗེ་འཆང་བ་སྟེ་དཀྱིལ་འཁོར་གྱི་བདག་པོའོ། །དེའི་དངོས་གྲུབ་ཀྱི་དམ་ཚིག་ནི་སྤྲུལ་པའི་སྐུའོ། །དངོས་གྲུབ་ཀྱི་དམ་
ཚིག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཀྱི་དམ་ཚིག་ཐམས་ཅད་དོ། །དེ་ལ་དམིགས་པ་ནི་མངོན་སུམ་དུ་བྱས་པའོ། །མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་མི་བསྐྱོད་པ་ལ་
སོགས་པས། བྱང་ཆུབ་སེམས་དཔའ་ཁྱེད་ཅེས་བྱ་བ་ལ་སོགས་པས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པའི་གསུང་ཐོས་ནས་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཞུས་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་
เล่ม ๓๐ · หน้า 187b
པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་སྤྲུལ་པའི་སྐུ། གང་ན་བཞུགས་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པའོ། །སྐུ་གསུམ་གསང་བའི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་སློབ་
དཔོན་གྱི་ལུས་དང་ངག་དང་ཡིད་ལ་གནས་སོ་ཞེས་བྱ་བ་ནི། མི་བསྐྱོད་པའི་སྐུ་དང་གསུང་དང་ཐུགས་ལ་གནས་སོ་ཞེས་ལན་གསུངས་པའོ། །ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས་ཞེས་བྱ་བ་ནི་ཞུས་པའོ། །གང་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི་ལན་ཏེ། བྱང་
ཆུབ་ཀྱི་སེམས་རྡོ་རྗེ་ལ་གནས་སོ་ཞེས་བྱ་བ་དང་། ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ་ཞེས་བྱ་བ་དེ་ནི། བཤད་པར་བྱ་བ་ཡིན་པ་ལས་གང་ལ་ཡང་མི་གནས་སོ་ཞེས་བྱ་བའི་ཚིག་གིས་ནི་དེ་ནི་འདི་ཡིན་ནོ་ཞེས་བསྟན་པར་མི་ནུས་ཏེ། བླ་མའི་མན་ངག་ལས་ཤེས་པར་བྱ་བའི་
ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཐེ་ཚོམ་དང་བྲལ་བ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་མཚར་དུ་གྱུར་པ་ནི་སྟོན་པ་པོ་ལའོ། །རྨད་དུ་གྱུར་པ་ནི་དེའི་རྒྱུ་ལའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་
བྱ་བ་ནས་བརྩམས་ཏེ། གང་ན་ཡང་མི་གནས་སོ་ཞེས་བྱ་བའི་བར་གྱི་གཞུང་གི་ཚོགས་ཀྱིས། ཇི་ལྟར་རྫོགས་པར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དཀྱིལ་འཁོར་གྱི་བདག་པོ་མི་བསྐྱོད་པ་གསང་བ་འདུས་པའི་སྟོན་པ་པོར་གྱུར་པས། མཆོད་པར་
བྱ་བ་དང་བླ་མར་བྱ་བ་ཡིན་པས་བདག་ཅག་རྣམས་ཀྱི་ཕའོ་ཞེས་བྱ་བ་ལ་སོགས་པ་ཚིག་སྙན་པས་མངོན་པར་བསྟོད་དེ། ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས། དེ་བཞིན་དུ་རིམ་པ་གཉིས་ལ་ཡང་དག་པར་བརྟེན་ཏེ། རྒྱན་རྣམ་པ་བདུན་དང་
བཤད་པའི་ཚུལ་རྣམས་ཀྱིས། གང་གསང་བ་འདུས་པ་རྣམ་པར་དབྱེ་བ་དེ་ཡང་མ་འོངས་པའི་ལག་ན་རྡོ་རྗེས་རྡོ་རྗེ་འཆང་ཆེན་པོ་མངོན་སུམ་པ་བཞིན་དུ་གུས་པ་བསྐྱེད་ནས་མཆོད་པ་བྱའོ་ཞེས་འདིའི་དོན་སྟོན་པ་ཡིན་ནོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། དཔལ་སྒྱུ་འཕྲུལ་
เล่ม ๓๐ · หน้า 188a
དྲ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། སློབ་དཔོན་ཇི་འདྲར་ལྟ་ཞེ་ན། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཡི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་
ཏན་བཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཕྱིར་ཀུན་ནས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྨིན་བྱེད་པ། །སངས་རྒྱས་འབྲས་བུ་འདོད་པ་ཡི། །སེམས་ཅན་དད་པས་དེ་མཆོད་ཅིག །
ཅེས་གསུངས་པ་དང་། དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཨུ་རྒྱན་གྱི་རི་ལ་བཞུགས་ནས། རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་ཐམས་ཅད་ལ་བཀའ་སྩལ་པ། རྡོ་རྗེ་ཐེག་པ་མ་ལུས་པ་ལ་སློབ་པར་བྱེད་པ་རྣམས་ཉོན་ཅིག །
དེ་བཞིན་གཤེགས་པ་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་མཐོང་ན་ཡང་། རྡོ་རྗེ་སློབ་དཔོན་རྡོ་རྗེ་བླ་མ་དེ་འདི་ལྟར་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང་། དེ་བཞིན་དུ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་ཉེ་བར་བརྟེན་པས་སོ་ཞེས་
གསུངས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་རྣམས་ཞུ་བའི་དུས་སུ་འོད་གསལ་བའི་བདག་ཉིད་ཅན་དུ་གྱུར་ཏོ། །དེའི་འོག་ཏུ་ཕྱག་ན་རྡོ་རྗེ་ནི་མི་བསྐྱོད་པའོ། །གསང་བའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ཏིང་ངེ་འཛིན་གང་དུ་གནས་
ཤིང་ཐིམ་པར་གྱུར་པ་དེ་ནི་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ཏེ། ཡང་དག་པའི་མཐའ་སྟེ་དེ་ལས་བཞེངས་ནས་ཡང་སྔ་མ་བཞིན་དུ་ཞེ་སྡང་རྡོ་རྗེར་གྱུར་ནས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ཉོན་ཅིག་ཅེས་བོས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟོན་པར་མཛད་དོ། །དེ་བཞིན་
གཤེགས་པ་ཐམས་ཅད་ནི་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་སོ། །དེའི་བྱང་ཆུབ་ཀྱི་སེམས་འབྱུང་ཞིང་སྐྱེ་བར་བྱེད་པའི་དཀྱིལ་འཁོར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྣམ་པར་མི་འཇིག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། ཡིད་ཀྱི་དཀྱིལ་འཁོར་
เล่ม ๓๐ · หน้า 188b
ཉོན་ཅིག་ཅེས་བོས་པར་གྱུར་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་བཅོམ་ལྡན་འདས་ཀྱི་གསུང་གིས་ཡང་དག་པར་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་གསུང་ཇི་ལྟ་བ་བཞིན་དུ་གསོལ་བ་འདེབས་པར་གྱུར་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དེ་གསན་ནས་རྡོ་རྗེ་འཆང་ཆེན་པོས། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་ནམ་མཁའི་ཁམས་ཏེ། དེའི་དབུས་སུ་གནས་པའི་དཀྱིལ་འཁོར་བསམ་པའོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ། ཟུར་བཞི་ནི་ས་ལ་
སོགས་པའི་ངོ་བོ་ཉིད་སྤྱན་ལ་སོགས་པ་གང་ཡིན་པ་དེ་ནི་གྲུ་བཞི་པའོ། །རབ་ཏུ་མཛེས་ཞེས་པ་ནི། སྐུའི་དཀྱིལ་འཁོར་ཐ་མལ་པ་མ་ཡིན་པར་བསམ་པའོ། །སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་ནི། གསང་བ་ལྔའི་དེ་ཁོ་ན་
ཉིད་ཀྱི་བདག་ཉིད་ཅན་གྱི་ལུས་དེ་ཉིད་དེ། དེའི་བདག་ཉིད་ཅན་གྱི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེས་བསམ་གཏན་རྡོ་རྗེ་ཞེས་བྱ་བ་རྣལ་འབྱོར་པ་རྣམས་ཀྱིས་བསམ་ཞིང་བསྒོམ་པར་བྱ་བ་ཡིན་པས་ན་བསམ་གཏན་ཏེ་མི་བསྐྱོད་པའོ། །དྲུག་པ་དང་སྦྱོར་བར་གྱུར་པས་རྡོ་རྗེའོ། །དེ་རབ་བསྐུལ་
བྱ་ཞེས་བྱ་བ་ནི། སྤྲོ་བ་དང་བསྡུ་བས་བདག་ཉིད་དང་ཆུ་དང་འོ་མ་ལྟར་གཅིག་ཏུ་བྱའོ་ཞེས་བྱ་བའི་བར་དུའོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེར་ལྷ་རྣམས་དགོད་པའི་རིམ་པ་ནི་བསམ་གཏན་ཏེ། དེས་རྡོ་རྗེའི་དཀྱིལ་འཁོར་བསྒོམ་པས་འཁོར་ལོ་ཅན་ཀུན་ཞེས་
བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་བཞུགས་པར་བྱ་ཞེས་བྱ་བ་སྟེ་གཞག་པར་བྱའོ། །དེ་ལྟར་ཐུན་མོང་གི་སྐུའི་དཀྱིལ་འཁོར་བསྒོམས་ནས་ཅི་ཞིག་བྱ་བ་བསྟན་པར་བྱ་བའི་ཕྱིར། མཆོད་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་དེ་ཉིད་ཀྱིས་ཞེས་བྱ་བ་ཐུགས་ཀྱི་དཀྱིལ་
འཁོར་གྱི་ཆོ་ག་ཉིད་ཀྱིས། བློ་དང་ལྡན་པ་སྟེ་རང་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་མཆོད་པ་ཞེས་བྱ་བ་སྙོམས་པར་འཇུག་པའི་མཚན་ཉིད་ཅན་བརྟག་པར་བྱ་ཞིང་ཉམས་སུ་བླང་བར་བྱའོ། །མཆོད་པ་བརྩམས་པ་ཉིད་ཀྱིས་སློབ་མ་ལ་དབང་བསྐུར་བར་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་
เล่ม ๓๐ · หน้า 189a
ཕྱིར། །སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྤྱོད་པ་སྤྱད་པས་རང་གི་གནས་འཐོབ་ཅིང་རེག་པར་འགྱུར་བས་ན་སློབ་དཔོན་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྙིང་གར་ཞེས་བྱ་བ་སྙིང་གའི་པདྨ་ལ་ཇི་ལྟ་བ་བཞིན་དུ་བསྒོམས་ནས་ཡིད་ཀྱི་དབང་བསྐུར་བ་
བརྩམ་ཞིང་སྤྱད་པར་བྱའོ། །སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ཀྱིས་ཞེས་བྱ་བ་ཐུགས་ཀྱི་དཀྱིལ་འཁོར་དང་འདྲ་བར་ཡང་དག་པར་ཞུགས་པས་ནམ་མཁའི་དབྱིངས་ཞེས་བྱ་བ། ཆོས་འབྱུང་བ་ཡོངས་སུ་གང་བར་རྣམ་པར་བསམ་ཞིང་དེའི་དབུས་
སུ་སློབ་མ་དབང་བསྐུར་བར་གྱུར་པར་བསམ་ཞིང་བསྒོམ་པར་བྱའོ། །དེའི་འོག་ཏུ་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསུམ་གྱིས་ཞེས་བྱ་བ། ཨོཾ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་གསུམ་སྲོག་དང་རྩོལ་བ་ལ་གནས་པས་ཆོ་ག་བཞིན་དུ་དབབ་
པར་བྱ་སྟེ། སློབ་མའི་མགོ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེར་གྱུར་པ་དབབ་ཅིང་བབས་པར་བསམ་མོ། །དབང་བསྐུར་བར་གྱུར་པས་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བའི་མཆོག་འདིས་སློབ་མ་ལ་དབང་བསྐུར་ན་སེམས་ཅན་
ཐམས་ཅད་རྗེས་སུ་འཛིན་པར་འོས་པའི་བྱང་ཆུབ་མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཏེ་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཆོས་མཐོང་བ་འདི་ཉིད་ཀྱི། ངོ་མཚར་ཆེན་པོའི་དངོས་གྲུབ་ཀུན། །ཞེས་བྱ་བ་ལ། དངོས་གྲུབ་ཐམས་ཅད་ནི་སྟོབས་བཅུ་ལ་སོགས་པའི་
སངས་རྒྱས་ཀྱི་ཡོན་ཏན་རྣམས་སོ། །དེ་ངོ་མཚར་ཆེ་ཞིང་ཁྱད་པར་འཐོབ་པའི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་འགྲུབ་ཅིང་འཐོབ་པོ་ཞེས་བྱ་བ་སྟེ། བདག་གི་དོན་ཕུན་སུམ་ཚོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །རྣམ་པར་སྣང་མཛད་
ལ་སོགས་པ་དང་སའི་སྙིང་པོ་ལ་སོགས་པའོ། །དེ་རྣམས་ཇི་ལྟ་བ་བཞིན་དུ་མཉམ་ཞིང་གཅིག་ཏུ་གྱུར་པར། བསམ་གཏན་གང་གིས་གང་རྫོགས་པར་འགྱུར་ཞིང་རབ་ཏུ་སྦྱངས་པའི་འགྲོ་བ་དབང་བསྐུར་བར་བྱེད་པ་དེ་ནི་མི་ཕྱེད་པའི་བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱའོ། །
เล่ม ๓๐ · หน้า 189b
གཞན་ཡང་གདུག་པ་རྣམས་ཚར་གཅད་པའི་ཐབས་ཀྱི་རྣམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བ་ནི་ལེའུ་བཅུ་གསུམ་པ་དང་། ལེའུ་བཅུ་བཞི་པ་ལས་གསུངས་པའི་དྲག་པོའི་ལས་ལ་མངོན་པར་དགའ་བ་རྣམས་ཀྱི་འབྲེལ་པ་སྟོན་པ་ཡིན་
ནོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་སྟོན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་ལ། ཐམས་ཅད་ནི་སྐྱེ་བོ་དམ་པ་རྣམས་སོ། །དེ་རྣམས་དེ་བཞིན་ཉིད་དུ་འཆི་བར་གང་འགྲོ་བ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། གདུག་པ་སེམས་དང་ལྡན་པ་རྣམས་
སོ། །དེ་རྣམས་ཀྱི་རྡོ་རྗེ་སྦྱོར་བ་ནི་ཚར་གཅད་པའི་ཐབས་ཏེ། དེ་གང་དུ་སྟོན་པ་དེ་ནི་སྐུ་དང་གསུང་དང་ཐུགས་གསང་བ་ཞེས་པ་སྐུ་ལ་སོགས་པ་བསྐྱེད་པའི་ཡི་གེ་གསུམ་སྟེ། རང་གི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཧཱུཾ་ཧྲཱིཿཁཾ། ཤ་རུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་
ཇི་སྲིད་སྒྲུབ་པ་པོས་རང་གི་ལུས་ཤ་དང་རུས་པ་དང་རྩ་རྒྱུས་ཀྱི་རང་བཞིན་དུ་བལྟས་ལ། ནམ་མཁའི་ཁམས་ཀྱི་དབུས་སུ་གནས་པ་སྟེ། འོད་གསལ་བར་ཞུགས་པར་བསམ་པར་བྱའོ། །དེ་ནས། སྐུ་གསུང་ཐུགས་ཀྱི་སྙིང་པོ་གསུམ། །ཞེས་བྱ་བ་བཤད་མ་ཐག་པའི་སྐུ་དང་
གསུང་དང་ཐུགས་གསུམ་གྱི་ས་བོན་གྱི་ཡི་གེ་རྣམ་པ་གསུམ་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྟོབས་ཆེ་ཞིང་ཕ་རོལ་གནོན་པའི་རྡོ་རྗེ་མཁའ་འགྲོ་བསྐྱེད་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །དེ་ནས་དྲག་པོ་ཞེས་པ་གདུག་པ་རྣམས་ཀྱི་ཤ་ཁྲག་ཟ་བར་བརྩོན་པ། མི་སྡུག་ཅིང་ཁྲོས་པར་
ཨུཏྤལ་སྔོན་པོ་དང་མདོག་འདྲ་བ། ཕྱག་བཞི་པར་ནི་ཆོ་ག་ཡིས། །ཞེས་བྱ་བ་འོག་ནས་བཤད་པའི་མཚོན་ཆའི་ཚོགས་བསྒོམ་པར་བྱའོ། །དེ་ལྟར་སྔགས་པ་མཁའ་འགྲོའི་གཟུགས་སུ་རྣམ་པར་བསྒོམས་ནས། དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། འོད་ཟེར་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། འོད་ཟེར་ལྔ་ནི་ཡ་ར་ལ་ཝ་ཧ་ཞེས་བྱ་བ་རླུང་དང་མེ་ལ་སོགས་པ་ལྔའི་ས་བོན་ནོ། །དེ་རྣམས་ཀྱི་འོད་ཟེར་ནི་ནག་པོ་ལ་སོགས་པ་སྟེ། དེས་སྣང་ཞིང་འབར་བར་གྱུར་པ་རང་གི་ལྕེ་རྡོ་རྗེ་རྩེ་ལྔ་པར་བརྟུལ་ཞུགས་ཅན་གྱིས་བསྒོམ་པར་བྱའོ། །བསམ་གཏན་རྡོ་རྗེ་སྦྱོར་བ་ཡིས། །
เล่ม ๓๐ · หน้า 190a
ཞེས་བྱ་བ་ནི། བཤད་མ་ཐག་པའི་རིམ་པས་བསྒོམ་པའི་ལྕེའི་རྡོ་རྗེ་དེ་ནི་བསམ་གཏན་རྡོ་རྗེའོ། །དེའི་སྦྱོར་བ་ནི་ས་བོན་ལྔ་བརྗོད་ནས་འོད་ཟེར་ལྔ་བསྒྲུབ་པར་བྱ་བའི་སྙིང་གར་བཅུག་ལ། སྲིན་བུ་པདྨ་ལྟར་ཡན་ལག་ཐམས་ཅད་ན་གནས་པའི་ཁྲག་དྲངས་ལ། དེའི་རུས་པ་
དང་པགས་པ་ཙམ་ལྷག་མ་ལུས་པར་བསམས་ལ་འོད་ཟེར་ཉེ་བར་བསྡུས་ཏེ། རང་གི་ལུས་ལ་རབ་ཏུ་བཅུག་ནས་བདག་ཉིད་ལ་བརླན་པར་བསམ་པ་ནི། ཁྲག་དྲང་བའི་མཆོག་ཡིན་ནོ། །སྦྱོར་བ་འདི་ཉིད་ཀྱིས་ལག་པ་ན་གནས་པའི་མཚོན་ཆ་བཤད་པའི་སྒོ་ནས་སྦྱོར་བ་གཞན་བསྟན་པར་
བྱ་བའི་ཕྱིར། རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡས་ཀྱི་དང་པོ་ལ་མདུང་རྩེ་གསུམ་པ། གཉིས་པ་ལ་རྡོ་རྗེ་གསུམ་པ་ལ་དྲག་པོ་མཆོག་དག་ཅེས་བྱ་བ་ཤིན་ཏུ་ཡང་དྲག་པོའི་ཕུར་བུ་སྟེ་རྡོ་རྗེ་རྩེ་གཅིག་པ་དང་། དང་པོ་ལ་ནི་ཐོད་པ་སྟེ་སྔར་བཤད་པ་ཉིད་དོ། །རྡོ་རྗེའི་སྦྱོར་
བས་ཞེས་བྱ་བ་སྒྲུབ་པ་པོས། རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཉིད་ཀྱིས་སངས་རྒྱས་ཉིད་ཀྱི་སྐུ་དག་སྟེ། དེ་བཞིན་གཤེགས་པའི་སྐུ་དག་ཀྱང་མཚོན་ཆ་འདིས་བཏབ་ཅིང་བསྣུན་ན། ཐ་མལ་པའི་ལུས་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྦྱོར་བའི་ཕུལ་དུ་བྱུང་བའི་ཁྱད་པར་བསྟན་པའོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བ་ནི་སྔར་བཤད་པའི་བཟའ་བའི་དམ་ཚིག་སྔ་མ་དྲན་པར་བྱ་བའོ། །རྡོ་རྗེ་ནི་སྒྲུབ་པ་པོ་སྟེ་དེའི་ཁ་ཟས་ཀྱི་དམ་ཚིག་ནི་ཁ་ཟས་ཀྱི་དུས་ཏེ། དེར་བྱ་ཞིང་ཉམས་སུ་བླངས་པ་གང་ཡིན་པ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །བཟའ་བ་ནི་
འབྲས་ཆན་དང་ཟན་དྲོན་ལ་སོགས་པའོ། །བཏུང་བ་ནི་འོ་མ་ལ་སོགས་པའོ། །བརྟུལ་ཞུགས་ཅན་ནི་སྒྲུབ་པ་པོ་རྣམ་པ་གསུམ་གྱིས་བཟའ་བའམ་འཐུང་བ་ན་དེ་ཐམས་ཅད་བཤང་གཅི་དང་ཤའི་སྦྱོར་བས་ཆོ་ག་བཞིན་དུ་བཟའ་བ་སྟེ། སྙིང་ག་དང་ལྐོག་མ་ཡོངས་སུ་སྦྱང་བ་སྔོན་དུ་འགྲོ་བས།
བཟའ་བ་དང་བཏུང་བ་ཅི་འབྱོར་བ་ཤ་དང་ཁུ་བ་ལ་སོགས་པ་ཡོངས་སུ་གྱུར་པར་བསམས་ལ། ལྷག་མ་རྣམས་བཤང་བ་དང་གཅི་བའི་དངོས་པོར་ཡོངས་སུ་བརྟག་པར་བྱ་སྟེ། འདི་ནི་ནང་གི་སྦྱིན་སྲེག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་
เล่ม ๓๐ · หน้า 190b
ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱི་སེམས་ཅན་ཐམས་ཅད་དེ། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །ཅེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཆོད་པའི་མཆོག་ནི་མཆོད་པའི་ཁྱད་པར་ཏེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །
མཆོད་པའི་ཡོ་བྱད་ལྔ་ནི་ཡུལ་རྣམ་པ་ལྔའོ། །དེ་རྣམས་ཀྱི་མཆོད་པའི་མཆོག་ནི་ཡིད་དུ་འོང་བའི་ཡུལ་རྣམས་ཏེ། དེས་བདག་དང་གཞན་རྣམས་ལ་མཆོད་པར་བྱ་བའི་ཆོ་ག་འདི་ནི། རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་རྣལ་འབྱོར་པ་ཐམས་ཅད་ཀྱིས་སོ། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཞེས་
བྱ་བ་འདའ་བར་མི་བྱ་བའི་དམ་ཚིག་གོ། །དེ་ལྟར་ཐུན་མོང་གི་མཆོད་པ་བསྟན་ནས། ཁྱད་པར་གྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བཤད་མ་ཐག་པ་སྟེ། འདི་རྣམས་ཀྱི་ལུས་དང་ངག་
དང་སེམས་ཀྱི་མཆོད་པ་གསང་ཞིག་སྦས་པ་ཕྱུང་བའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱར་བས་སོ། །བདག་གིས་ཁུ་བ་ལ་སོགས་པ་སྨོས་པས་ནི། རང་གི་ཁུ་བའི་རྡུལ་ཆེན་པོ་མེར་མེར་པོ་ལ་སོགས་པར་གྱུར་པར་ལེགས་པར་བསམས་ལ།
བུ་དང་ཚ་བོ་ལ་སོགས་པ་ཆོ་ག་བཞིན་དུ་ཞེས་པ། བསྲུང་བ་དང་གསོ་བ་ལ་སོགས་པའི་ཆོ་ག་རྣམས་ཀྱིས་མཆོད་ཅིང་ཡང་དག་པར་བླང་བར་བྱ་སྟེ། དེ་ལྟར་བྱས་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་ལྟར་བདག་དང་གཞན་ལ་མཆོད་པ་བསྟན་ནས། སེམས་ཅན་གྱི་ཁམས་
མ་ལུས་པ་རྣམས་ལ་མཆོད་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། ཇི་ལྟར་སྐྱེ་བའི་ཚེ་འོངས་པ་རྣམ་པར་འཇིག་པ་ན་དེ་བཞིན་དུ་འགྲོ་བས་ན། དེ་བཞིན་གཤེགས་པ་སྟེ་སེམས་ཅན་ཐམས་ཅད་དོ། །ལུས་དང་ངག་དང་
སེམས་ཀྱི་སྡོམ་པ་ཞེས་བྱ་བ་ནི། རྣལ་འབྱོར་པ་དེ་རྣམས་ཀྱི་སྡོམ་པ་ནི་རྗེས་སུ་བཟུང་བ་སྟེ། དེ་བཅོམ་ལྡན་འདས་ཀྱི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི། །ཞེས་བྱ་བ་ནི། སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་གྱི་ཚོགས་རྣམས་
เล่ม ๓๐ · หน้า 191a
སོ། །མ་རྣམས་ལ་ཞེས་བྱ་བ་ནི་སྤྱན་ཏེ། དེ་གང་ཡིན་ཞེ་ན། སའོ། །ཇི་ལྟ་བུ་ཞེ་ན་དམ་ཚིག་འཛིན་པའི་ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་ཅན་གསུམ་གྱི་གནས་སྐབས་ནི་དམ་ཚིག་སྟེ་དེ་འཛིན་པར་བྱེད་པས་ན་དམ་ཚིག་འཛིན་
པའོ། །དམ་ཚིག་འཛིན་པ་དེ་ནི་སེམས་ཅན་གྱི་ཁམས་མ་ལུས་པ་དང་བཅས་པའི་ས་སྤྱད་པར་བྱའོ། །དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད། །ཅེས་བྱ་བ་ནི། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་དགེ་བ། ཕན་ཞིང་བདེ་བ་དང་ཉེ་བར་ལྡན་པས་སྤྱད་པར་བྱ་ཞིང་དགའ་བར་བྱ་ལ་རྗེས་སུ་
གཟུང་བར་བྱའོ། །དམ་ཚིག་འདི་ནི་གསང་བ་འདུས་པ་རྣམས་ཀྱི་རྨད་པོ་ཆེ་སྟེ། སེམས་ཅན་གྱི་ཚོགས་ཆེན་པོ་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར་ཕུལ་དུ་བྱུང་བའོ། །དེ་ལྟར་མཆོད་པའི་རྣམ་པ་བསྟན་ནས། དེ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། བཤད་མ་ཐག་པའི་མཆོད་པའི་ཆོ་ག་ཐམས་ཅད་དང་ཐུན་མོང་དུ་གྱུར་པས། བྱང་ཆུབ་ཀྱི་ཕྱོགས་སུ་འགྱུར་བས་ན་དེ་རྣམས་ཡང་དག་པར་བཟུང་བ་ནི་སྡོམ་པའོ། །དེའི་སྙིང་པོ་ནི་རྡོ་རྗེ་སྟེ་དེ་ཕྱུང་བའོ། །ལུས་དང་ངག་སེམས་ལོངས་སྤྱོད་ནི། །ཞེས་བྱ་བ་ནི། མཆོད་པའི་ཆོ་ག་
རྣམས་ལ་གང་ལུས་ལ་སོགས་པའི་བྱ་བ་སྟེ། དེ་གསང་བ་གསུམ་གནས་རྡོ་རྗེ་སྐྱེས། །ཞེས་བྱ་བ། འོད་གསལ་བ་ལས་ཡང་དག་པར་འབྱུང་བར་ལྷག་པར་མོས་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་ལྷག་པར་མོས་ནས་ཅི་ཞིག་བྱ་ཞེ་ན། བཟང་པོ་བདག་གིས་བསྒྲུབ་པར་བྱ། །ཞེས་བྱ་
བ་སྟེ། བཟང་པོ་ནི་རྡོ་རྗེ་འཛིན་པ་ཉིད་དམ། སངས་རྒྱས་ཉིད་དོ། །བདག་གིས་བསྒྲུབ་པར་བྱ་བ་ནི་ཐོབ་པར་བྱ་བའོ་ཞེས་བརྟན་པ་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟར་མ་བྱས་ན་དེའི་ཚེ་ཅིར་འགྱུར་ཞེ་ན། འདིར་ནི་ཡོང་ཡེ་འཇིག་པར་འགྱུར། །ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་ཚོགས་ཐམས་
ཅད་དུ་འབྲས་བུ་མེད་པར་བྱེད་དེ། དམིགས་པ་དང་བཅས་པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་པས་སེམས་ཅན་རྣམས་ཀྱི་ཡུལ་ལ་རབ་ཏུ་འཇུག་པ་བསྟན་ནས། ཡང་བདག་ཉིད་ཀྱི་ལུས་བརྟ་བར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་
เล่ม ๓๐ · หน้า 191b
རྒྱས་ཉིད་ལ་སོགས་པ་འདིས་སྒྲུབ་པར་བྱེད་པས་ན། སྒྲུབ་པ་པོ་ཐམས་ཅད་དེ་རང་གི་ལུས་སོ། །དེའི་རྡོ་རྗེ་སེམས་དཔའི་སྡོམ་པ་ནི། རྡོ་རྗེ་སེམས་དཔའི་སྡོམ་པ་གང་གིས་རྡོ་རྗེ་སེམས་དཔའ་སྐྱེད་པར་བྱེད་པ་སྟེ་དེ་ཕྱུང་བའོ། །མཐོ་གང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་མགོ་
བོའི་སྟེང་གི་ནམ་མཁའ་ལ་ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་ཡང་དག་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་བརྟག་པར་བྱ་ཞིང་དང་པོར་བསམ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ཨོཾ་འཇུག་པའི་བདག་ཉིད་ཅན་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ལ། བདུད་རྩི་ལྔ་པོ་
དབབ་པར་བྱ་སྟེ་འཆི་བར་མི་འགྱུར་བས་ན་བདུད་རྩི་སྟེ། བདུད་རྩི་ལྔ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་དབབ་པར་བྱ་བ་ནི་འོད་ཟེར་ལྔའི་ངོ་བོ་ཉིད་ཀྱིས་སྤྱི་བོ་ནས་རྐང་པའི་མཐར་ཐུག་པའི་བར་དུ་དབང་བསྐུར་བར་བྱའོ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །ཞེས་བྱ་བ་ནི།
བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་སྦྱོར་བ་དེ་བཞིན་གཤེགས་པ་ལ་དམིགས་པ་འདིས། སྐད་ཅིག་གིས་ནི་ཞེས་བྱ་བ་རིང་པོར་མི་ཐོགས་པར་གཟི་ཅན་འགྱུར་ཞེས་པ་སྟེ། ལུས་གཟི་མདངས་དང་ལྡན་ཞིང་། ལུས་དང་ངག་དང་སེམས་བདེ་བར་གནས་པ་འཐོབ་པར་འགྱུར་རོ་ཞེས་བྱ་བ་
ནི་ཕན་ཡོན་ནོ། །རྫོགས་པའི་རིམ་པ་རྟོག་པར་གྱུར་ཅིང་། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱི་འཇུག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཅད་ཀྱི་གསང་བ་གང་ཡིན་པ་དེ་ནི་སྔགས་ཐམས་ཅད་དེ་གསང་བ་འདུས་པའོ། །
དེ་འཛིན་པར་བྱེད་པས་ན་སྔགས་འཛིན་པ་ཐམས་ཅད་དེ། གསང་བ་འདུས་པའི་རྣལ་འབྱོར་པ་ཆེན་པོའོ། །དེའི་ལུས་དང་ངག་དང་སེམས་ཀྱི་གསང་བ་ནི། ལུས་ལ་སོགས་པའི་འཇུག་པ་གསང་བ་སྟེ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །མཆོད་རྟེན་དག་གི་ཞེས་བྱ་བ་ལ་སོགས་པ་
ལས། མཆོད་རྟེན་གྱི་ལས་ནི་ས་དང་བྱེ་མ་ལ་སོགས་པ་ལས་མཆོད་རྟེན་གྱི་མཆོད་པའི་ལས་མི་བྱ་སྟེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན། མཆོད་རྟེན་གྱི་མཆོད་པ་ལ་མངོན་པར་ཞེན་པ་མི་རིགས་པའི་ཕྱིར་རོ། །གླེགས་བམ་བཀླག་པའང་མི་བྱ་ཞིང་། །ཞེས་
เล่ม ๓๐ · หน้า 192a
པ་ནི། ལྷུན་གྱིས་གྲུབ་པ་ཉིད་ཀྱིས་རྡོ་རྗེ་བཟླས་པ་ལ་རབ་ཏུ་འཇུག་གི། གཞན་དུ་འཇུག་པ་ལ་སོགས་པ་མི་རིགས་པའི་ཕྱིར་རོ། །དེ་བཞིན་དུ། དཀྱིལ་འཁོར་དག་ཀྱང་ཡོངས་མི་བྲི། །ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་མི་བྱ་བ་སྟེ། རང་གི་ལུས་དཀྱིལ་འཁོར་དུ་བཤད་པས་
ཕྱིའི་དཀྱིལ་འཁོར་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་རོ། །རྡོ་རྗེ་མཆོག་གསུམ་ཕྱག་མི་བྱའོ། །ཞེས་བྱ་བ་ལ། རྡོ་རྗེ་མཆོག་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེ་རྣམས་ལ་ལུས་ལ་སོགས་པའི་རབ་ཏུ་འདུད་པའི་ཕྱག་མི་བྱ་སྟེ། བདག་ཉིད་དེ་
བཞིན་གཤེགས་པ་ཐམས་ཅད་དུ་གྱུར་པ་དང་འགལ་བའི་ཕྱིར་རོ། །དེ་དག་ཐམས་ཅད་ནི་འཇིག་རྟེན་གྱིས་བཏགས་པ་ལ་བརྟེན་ནས་མངོན་པར་ཞེན་པ་མེད་པས་བྱ་བ་ལ་ནི་འགལ་བ་མེད་དོ། །ལེའུ་བཅོ་ལྔ་པ་ལས་གསུངས་པའི་ལས་ཕྲ་མོའི་ལྷག་མ་བསྟན་པར་བྱ་བའི་ཕྱིར། དེ་ནས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུག་ཐམས་ཅད་ནི་སེམས་མེད་པ་དང་སེམས་ཡོད་པའི་རྣམ་པ་མང་པོ། དེའི་འབྱིན་པ་ལ་སོགས་པ་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དེ་ནི་འདི་ལྟ་སྟེ་འོད་ཟེར་དཀར་པོ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་དཀར་པོ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་
པའི་ལྟེ་བ་ལ་དུག་གིས་ཕོག་པ་འཁོར་ལོའི་དབུས་སུ་གཞག་ལ། མདོག་འོད་ཟེར་སེར་པོ་ཀུན་ནས་འཁྲིགས་པའི་དུག་གི་གཟི་བརྗིད་སེར་པོ་རྣམས་ཀྱིས། ལུས་མ་ལུས་པ་ཁྱབ་པ་ལ་འཁོར་ལོ་དཀར་པོ་ཉིད་ཀྱིས་མགོ་ནས་མནན་ཏེ། དེའི་འོད་ཟེར་གྱི་ཚོགས་ཀྱིས་རིམ་གྱིས་རིམ་གྱིས།
འོད་ཟེར་སེར་པོ་བསལ་བར་བྱ་བར་བསམས་ལ་དུག་མེད་པར་བྱ་སྟེ་འདི་ནི་དུག་བསལ་བའི་ཆོ་གའོ། །སེར་པོ་ལྟ་བུར་བསྒོམ་པར་བྱ། །ཞེས་བྱ་བ་ནི། འདི་དག་ཐམས་ཅད་གནོན་པའི་བསམ་པས་ཁ་དོག་སེར་པོར་བསམ་པར་བྱ་སྟེ། འདི་ནི་དུག་གནོན་པའི་ཆོ་གའོ། །འདི་དག་
ཐམས་ཅད་དུ་བའི་མདོག་ཅན་དུ་བསམས་ལ། གང་དུ་འདོད་པ་དེར་སྤོ་བར་བྱ་སྟེ། འདི་ནི་དུག་འདྲེན་པའི་ཆོ་ག་བཤད་པར་གྱུར་པ་ཡིན་ནོ། །རྡོར་གསུམ་འོད་ཟེར་དམ་ཚིག་གིས། །ཞེས་བྱ་བ་ནི། དཀར་པོ་དང་སེར་པོ་དང་དུད་ཀའི་འོད་ཟེར་གྱི་སྦྱོར་བས་སོ། །ས་བོན་གསང་
เล่ม ๓๐ · หน้า 192b
གསུམ་ལས་བྱུང་བའོ། །ཞེས་བྱ་བ་ནི། གསང་བ་ལས་བྱུང་བའི་ས་བོན་ཡི་གེ་ཨོཾ་འདི། དུག་འབྱིན་པ་ལ་སོགས་པའི་དེ་ཁོ་ན་ཉིད་ལ་གནས་པར་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དུག་བསལ་བ་ལ་སོགས་པ་དང་ལྡན་པའི་སྔགས་པ་བསྲུང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ལུས་དང་ངག་དང་སེམས་བསྲུང་བའི་ཕྱིར་འཁོར་ལོ་སྟེ། དེའི་སྔགས་རྡོ་རྗེ་དང་ལྡན་པ་ནི་སྔགས་ཀྱི་སྙིང་པོ་སྟེ། དེ་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དང་པོ་ཨོཾ་དང་ལྡན་ཞིང་ཐ་མར་ཕཊ་ཡོད་པའི་སྔགས་འདི་ནི་མིང་མཐའ་མེད་ཅེས་བྱ་སྟེ། སྔགས་འདི་གྲོ་ག་ལ་སོགས་པ་
ལ་འཁོར་ལོ་རྩིབས་བརྒྱད་པ། ལས་ཀྱི་རྡོ་རྗེ་ལ་གནས་པར། །ཞེས་བྱ་བ། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པར་བྲི་བའོ། །ཧཾ་ནི་དབུས་སུ་བཞག་ནས་སུ། །ཞེས་བྱ་བ་ནི། འཁོར་ལོའི་དབུས་སུ་གནས་པར་ཡི་གེ་ཧཾ་བྲི་བའོ། །མིང་ནི་དབུས་སུ་བྲི་བར་བྱ། །ཞེས་བྱ་བ་ནི། དེའི་ནང་དུ་
བསྲུང་བར་བྱ་བའི་མིང་བྲི་བའོ། །སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས། །ཞེས་བྱ་བ་ནི། ཨོཾ་ཞེས་བྱ་བ་ལ་སོགས་པས་སོ། །བརྒྱན་ཏེ་རྟག་ཏུ་གཞག་པར་བྱ། །ཞེས་བྱ་བ་ནི། རིམ་་བཞིན་དུ་འཁོར་ལོའི་རྩིབས་རྣམས་ལ་བརྒྱན་ནས་རྟག་ཏུ་སྟེ། དུས་ཐམས་ཅད་དུ་ཟ་མ་ཏོག་ལ་སོགས་
པར་ལེགས་པར་བཞག་ནས་མཆོད་པར་བྱ་སྟེ། རྩིབས་དང་པོ་ལ་ཨོཾ། གཉིས་པ་ལ་ཧུ་ལུ་ཧུ་ལུ། གསུམ་པ་ལ་ཏིཥྛ་ཏིཥྛ། བཞི་པ་ལ་བནྡྷ་བནྡྷ། ལྔ་པ་ལ་ཧ་ན་ཧ་ན། དྲུག་པ་ལ་ད་ཧ་ད་ཧ། བདུན་པ་ལ་ཨ་མྲྀ་ཏེ། རྩིབས་བརྒྱད་པ་ལ་ཧཱུཾ་ཕཊ་ཅེས་བྲི་བ་སྟེ། འདི་ནི་སྔགས་ཀྱི་
ཡི་གེ་དགོད་པའོ། །སྔགས་ཀྱི་ཡི་གེ་དགོད་པ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ། སྒྲུབ་པ་པོ་རྣམས་ཀྱི་གསང་བ་གསུམ་གྱི་ཞེས་བྱ་བ། སྐུ་དང་གསུང་དང་ཐུགས་ཏེ་དེའི་གནས་ནི་བསྲུང་བ་བསྡུས་ཤིང་བཏུས་པའོ། །དེ་ནི་ལས་ཀྱི་མཐའ་རྡོ་རྗེ་ཨཉྫ་ནའི་སྦྱོར་བ་བསྟན་
པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་དུ་བྱ་བ་ལ་སོགས་པའི་ལས་རྣམས་ལ་མི་སླུ་བས་ན་རྡོ་རྗེ་ཨཉྫ་ནའོ། །དེ་ཉིད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པས་ནི། གནས་ཞེས་པ་ནི་རྟེན་ཏེ་དེ་ཕྱུང་ངོ་། །ལམ་གྱི་ཞེས་བྱ་བ་ལ་སོགས་པ་ནི།
เล่ม ๓๐ · หน้า 193a
སྒྲུབ་པ་པོའི་གནས་ཏེ་ལམ་གྱི་བཞི་མདོ་ལ་སོགས་པ་ནི་གྲགས་པར་ཟད་དོ། །རྡོ་རྗེ་ཨཉྫ་ན་ཞེས་བྱ་བ་ལ་སོགས་པ་ལ། མན་ངག་ནི་འདི་ཡིན་ཏེ་བདུད་རྩི་ལྔ་ལ་སྤངས་པའི་པདྨའི་སྐུད་པ་ལས་སྡོང་བུ་བྱས་ལ། ཐོད་པའི་སྒྱེད་པུའི་དབུས་ན་གནས་པའི་ཞག་གིས་བཀང་
བའི་ཐོད་པའི་ནང་དུ་བཞག་ལ། དེའི་སྟེང་དུ་ཆང་གིས་བཀང་བའི་ཐོད་པ་བཞག་ལ། བཤད་མ་ཐག་པའི་འཁོར་ལོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས། འབྱུང་པོའི་ཉིན་ཞག་གི་ནམ་ཕྱེད་ན་ཐོད་པའི་སྟན་ལ་གནས་པའི་སྒྲུབ་པ་པོས། བཀའི་འཁོར་ལོ་སྤྱོད་པའི་ཆོ་གས་སྲུང་བ་བྱས་ལ་དུད་
པ་དབབ་པར་བྱ་སྟེ། རྡོ་རྗེ་ཨཉྫ་ནའི་ཆོ་གའོ། །དེ་ནས་དུ་བ་བླངས་ལ་ཟ་མ་ཏོག་ཏུ་ལེགས་པར་བཞག་སྟེ། དེ་ཉིད་ལ་སྔགས་བརྒྱ་རྩ་བརྒྱད་ཀྱིས་བཏབ་ཅིང་བཟླས་ན། མཆོག་དང་འབྲིང་དང་ཐ་མ་སྟེ། དངོས་གྲུབ་རྣམ་པ་གསུམ་འགྲུབ་པར་འགྱུར་ཏེ། དེ་ལ་མི་སྣང་བ་ནི་མཆོག་གོ། །
ས་འོག་ན་གནས་པའི་གཏེར་མཐོང་བ་ནི་འབྲིང་ངོ་། །དབང་དུ་བྱེད་པ་ནི་ཐ་མའོ་ཞེས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་གསུངས་སོ། །དེ་ནས་སྡུད་པར་བྱེད་པས་རྒྱུད་ཀྱི་ཆེ་བ་ཉིད་གསལ་བར་བྱ་བའི་ཕྱིར་བསྟོད་པ་སྨྲས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་ཡི་གེ་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་
ཚིག་ཐོས་ནས། འདི་ལ་དད་ཅིང་བསྒོམ་པར་འགྱུར། །ཞེས་བཅོམ་ལྡན་འདས་ལ་ཞུས་པར་གྱུར་པའོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་དང་ལྡན་
ན། །བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྤྱོད་པའི་རྡོ་རྗེ་གང་ཡིན་པ་དེ་ལ་དད་ཅིང་བསྒོམ་པར་འགྱུར་རོ་ཞེས་བྱ་བ་ནི་ལན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ། གསུམ་པོ་གང་ཞིག་ལགས་ཞེས་བྱ་བ་ནི་ཡང་ཞུས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด