སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๓ · หน้า 29a
རྟེན་ལས་འདས་པ་ནི་མཁའ་སྤྱོད་པ་ལ་སོགས་པ་དང་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་སོགས་པའོ། །སུ་ཞིག་ཅེས་བྱ་བ་ལ་སོགས་པས་སྒྲུབ་པ་པོས་མངོན་པར་འདོད་པའི་བསྒྲུབ་བྱ་རྣམས་ཀྱིས་དངོས་གྲུབ་སྩོལ་བའི་བྱེད་པ་པོ་ཉིད་བསྟན་ཏོ། །བྱམས་པ་ལ་
སོགས་པའི་ཞེས་པ་ནི་སྒྲུབ་པ་པོའི་དགོངས་པས་ཞེས་ཚིག་གི་ལྷག་མའོ། །བྱང་ཆུབ་ཉིད་ལ་སློབ་པའི་ཞེས་པ་ནི་སློབ་བཞིན་པའོ། །གྲུབ་པའི་སྐྱེས་བུ་རྣམས་སོ་ཞེས་པ་ནི་སྤྱོད་པ་རྣམ་པ་གསུམ་གྱི་སྒོ་ནས་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་རྣམས་ཞེས་བྱའོ། །དེ་ལྟར་ཞེས་བྱ་བ་ལ་
སོགས་པས་སྙིང་པོ་སྐུལ་བར་མི་བྱེད་པའི་རྣལ་འབྱོར་པ་རྣམས་ལ་དོན་མེད་པར་དུས་ཟད་པར་འགྱུར་རོ་ཞེས་བསྟན་ཏོ། །འདི་ནི་དེ་བཞིན་གཤེགས་པའོ་ཞེས་པ་ནི་ས་ཐོབ་པའི་སངས་རྒྱས་རྣམས་སོ། །བདག་ནི་ཐ་མལ་པའོ་ཞེས་པ་སོ་སོའི་སྐྱེ་བོའི་ས་ལ་གནས་པའོ། །གང་
ཡོངས་སུ་རྟོག་པ་དེ་ནི་ཐ་དད་པའི་རྟོག་པའོ། །དེ་ལྟ་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །བདག་ནི་ཐ་མལ་པ་ཡིན་ནོ་ཞེས་ཐ་དད་པའི་རྟོག་པས་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །སྲོག་གི་ཐ་མ་
ཞེས་པ་ནི་དེའི་ལས་ཙམ་ལ་ཞེན་པ་དེའི་སྲོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ལས་གང་གིས་དངོས་གྲུབ་ཏུ་འདོད་པའི་ལས་ཏེ་ཞེས་པ་ནི་དངོས་གྲུབ་ཐོབ་པར་འདོད་པའི་མཚན་ཉིད་ཅན་གྱི་ལས་ཀྱིས་སོ། །སྲོག་ཟད་པར་འགྱུར་གྱི་ཞེས་པ་ནི་དངོས་གྲུབ་མ་ཐོབ་པར་ཤི་
བར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། སྙིང་པོ་ཡང་དག་པར་བསྐུལ་བ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་སོགས་པའི་སྒྲས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྙིང་པོ་
བསྐུལ་བ་བསྟན་ནས། རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་ཡང་བཤད་པར་བྱ་སྟེ་ཞེས་བསྟན་ཏོ། །སྔགས་ཀྱི་གསང་བ་ལ་ཞེས་པ་ནི་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཞུགས་པའི་སྐྱེས་བུ་ཞེས་པ་ནི་སྔགས་ཀྱི་སྐྱེས་བུ་སྟེ་རྫོགས་པའི་རིམ་པ་བསྒོམ་
เล่ม ๓๓ · หน้า 29b
པའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །དེས་ཡོངས་སུ་གང་བས་ན་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་ཀྱི་མཛད་པའི་སྐུ་དང་ལྡན་པའོ། །དངོས་པོ་ཐམས་ཅད་ནི་བཤད་མ་ཐག་དང་འོག་ནས་བཤད་པ་སྟེ་ཞེས་པ་ནི་སྔར་བཤད་ཟིན་པ་དང་ལེའུ་བཅུ་གསུམ་པ་ལ་
སོགས་པས་འཆད་པར་འགྱུར་བའོ། །སྒྲུབ་པ་དང་བསྒྲུབ་པར་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བའོ་ཞེས་པ་ནི་སོགས་པའི་སྒྲས་སྒྲུབ་པ་པོའི་ཡང་སྦྱོར་བའོ། །བསྐྱེད་པ་ནི་མངོན་དུ་བྱ་བའོ། །བདེན་པ་གཉིས་ནི་ཀུན་རྫོབ་ཀྱི་དང་དོན་དམ་ལ་སོགས་པའོ། །གཅིག་ཏུ་བསྡུས་པ་དེ་
ཞེས་པ་ནི་བདེན་པ་གཉིས་ལ་སོགས་པ་དབྱེར་མེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ངེས་གཟུང་ཞེས་པ་ནི་ངེས་པར་གཟུང་བ་དང་བཅས་པའི་ཚིག་ཡིན་ཏེ་དེ་ཉིད་ཀྱིས་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་སྔར་
བཤད་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་དབང་པོ་གཉིས་ཀྱི་སྦྱོར་བ་དང་བྲལ་བས་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་མེད་པས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །སྒྲུབ་པ་རྫོགས་པར་བྱེད་པ་ཞེས་པ་ནི་བདེན་པ་གཉིས་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོའི་
གཟུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དང་རོ་གཅིག་པར་གྱུར་པ་སྟེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་སོ། །འདའ་བར་མི་བྱ་བ་གང་ཡིན་པ་ཞེས་པ་ནི་
རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་བསྒོམ་པའི་ཐབས་སོ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་ཐབས་འདི་ཉིད་ཡིན་ནོ་ཞེས་བྱ་བའོ། །སྦྱོར་བའི་ཐབས་ཞེས་བྱ་བ་ལ་སོགས་པས་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་བསྟན་ཏོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པའི་སྒོམ་པ་ཐོབ་པར་བྱ་བའི་འོད་གསལ་བའོ། །དེར་ནི་རྒྱུར་འགྱུར་བས་སོ། །ཕུང་པོ་ལ་སོགས་པ་རྣམས་མི་སྣང་བར་བྱས་ནས་ཞེས་པ་ནི་ཐ་མལ་པ་རྣམས་སྟོང་པར་བྱས་ནས་སོ། །ཀུན་རྫོབ་དང་ཞེས་
เล่ม ๓๓ · หน้า 30a
བྱ་བ་ལ་སོགས་པས་ཆད་པའི་ཕྱོགས་སྤང་བར་བྱ་བའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ཕྲིན་ལས་བཤད་པར་བྱ་སྟེ། དོན་དམ་
པའི་བདེན་པ་ལ་ཞུགས་པའི་འོག་ཏུ་ཞེས་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་ཐོབ་པར་བྱ་བ་མན་ངག་བཞི་པ་ལ་ཞུགས་པའི་འོག་ཏུའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་ལ་སོགས་པ་དབྱེར་མེད་པའི་རང་བཞིན་ནོ། །རང་གི་ཕྱག་རྒྱ་
ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའི་མཚན་ཉིད་དོ། །བསྐྱེད་པ་ནི་ཅིག་ཅར་དུ་སྤྲོས་ནས་སོ། །དེ་ཁམས་གསུམ་དུ་ཞེས་པ་ནི། ཁམས་གསུམ་གྱི་ནང་ན་གནས་པའི་སེམས་ཅན་གྱི་ཁམས་ལ་སྙིང་རྗེའི་དབང་དུ་གྱུར་པས་ཆགས་པ་དང་དེ་རྣམས་གདོན་པའི་ཕྱིར་ཆོས་སྟོན་པའི་
དམ་བཅའ་བ་ལ་ཞེན་པ་དེ་བཞིན་དུ་དེ་ལ་གནས་པའི་སེམས་ཅན་གྱི་ཚོགས་འཁོར་བའི་འཇིགས་པ་ལས་དགྲོལ་བའི་ཕྱིར་དང་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྐྱེད་པའི་ཕྱིར་སྲིད་པའི་སྡུག་བསྔལ་དང་ཡིད་ཀྱི་སྡུག་བསྔལ་གྱིས་ཉེ་བར་འཇོམས་པ་བདག་ཅག་དང་འདྲ་བ་འདི་ཕ་ཡིན་ནོ་ཞེས་ཆགས་པ་དང་
བཅས་པར་དགོངས་པ་དང་བཅས་པ་ཡིད་ཆེས་པ་དང་གུས་པ་དང་བཅས་པར་བལྟ་བར་བྱ་བ་དང་། དད་པའི་བློས་ཡོངས་སུ་བསྙེན་བཀུར་དུ་བྱ་བ་ཤེས་པར་བྱ་བ་ནི་རྟོགས་པར་བྱའོ་ཞེས་བསྟན་ཏོ། །འདི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་གཟུགས་དེ་ཉིད་ཉེ་བར་བསྡུས་པ་བསྟན་ཏོ། །དེ་
ལྟར་ཞེས་བྱ་བ་ལ་སོགས་པས་རྒྱུ་དང་འབྲས་བུ་དང་བཅས་པའི་སྙིང་པོས་བསྐུལ་བ་མངོན་པར་བརྗོད་ནས་རྣལ་འབྱོར་པའི་འཇུག་པའི་ཁྱད་པར་བསྟན་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པར་ཡོངས་སུ་བརྟགས་པའི་ཞེས་པ་ནི་གཟུགས་ལ་སོགས་པ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་དེ་
བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་ནོ། །དེ་རྣམས་ཀྱི་ངོ་བོ་ཉིད་དེ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རང་བཞིན་ནོ། །དོན་དམ་པའི་བདེན་པ་ཞེས་པ་ནི་འོད་གསལ་བའོ། །དེ་ལས་སྐྱེས་པས་ན་ཞེས་པ་ནི་འོད་གསལ་བ་ལས་ཅིག་ཅར་དུ་འབྱུང་བའོ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ་
เล่ม ๓๓ · หน้า 30b
དཔལ་རྡོ་རྗེ་སེམས་དཔའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་དུ་གྱུར་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཅོད་པན་དུ་གྱུར་པའོ། །དེ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དུ་གྱུར་པ་དེ་ནི་
སངས་རྒྱས་ཐམས་ཅད་ཀྱི་མཆོག་ཅེས་བྱའོ། །བཀའ་སྩལ་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །མཐའ་ཡས་ཤིང་མུ་མེད་པ་ཞེས་པ་ནི་མ་ལུས་པའི་འཇིག་རྟེན་གྱི་ཁམས་ལའོ། །ཐ་མ་ཞེས་བྱ་བ་ལ་སོགས་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་ཇི་སྲིད་
ཡོད་པ་དེ་རྣམས་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་ཕྱོགས་ལ་དམིགས་ནས་སྤྲོ་བར་བྱའོ། །སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་པ་རྣམས་སྤྲོ་བ་དང་། ཡེ་ཤེས་ཀྱི་སྐུས་སྐད་ཅིག་མ་གཅིག་གིས་སྤྲོ་བར་བྱའོ་ཞེས་
ཁྱད་པར་རོ་ཞེས་བསྟན་ཏོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། བྱ་བ་གྲངས་མེད་ཅེས་བྱ་བ་ལ་སོགས་པ་བསྟན་ཏོ། །གྲངས་མེད་པ་ནི་སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡིན་པས་དེ་རྣམས་སྦྱང་བའི་དོན་དུ་སྤྲུལ་པའི་སྐུ་ཡང་མཐའ་ཡས་པ་བསྟན་ཏོ། །གང་གི་ཕྱིར་སྤྲུལ་པ་
གཅིག་གིས་ཅིག་ཅར་དུ་ཐམས་ཅད་གདོན་པར་མི་ནུས་ཏེ་གདུལ་བྱ་རྣམས་ཀྱི་བསམ་པ་སྣ་ཚོགས་པས་སོ། །རྡོ་རྗེ་ཅན་གྱིས་སྤྲོ་བ་ཞེས་པ་ནི་རྡོ་རྗེ་འཆང་གི་རང་བཞིན་གྱི་རྣལ་འབྱོར་པས་སྤྲོ་བར་བྱའོ། །བྱང་ཆུབ་དམ་ཚིག་སྟེ་ཞེས་པ་ནི་བྱང་ཆུབ་ཐོབ་པའི་དོན་དུ་ལྡང་བར་མི་བྱ་བ་
རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདིས་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །རང་གི་ངོ་བོ་ཉིད་ཐམས་ཅད་ལ་རྟོགས་པར་མཛད་པས་ན་ཞེས་པ་ནི་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་དང་ངོ་བོ་ཉིད་ཉམས་སུ་མྱོང་བའི་མཚན་ཉིད་ཐོབ་པར་
བྱེད་པའོ། །བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ་། །སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ནི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བྱང་ཆུབ་ཀྱི་མཚན་ཉིད་དོ། །རེག་པར་བྱར་མེད་པས་ཞེས་པ་ནི་ནམ་མཁའ་དང་འདྲ་བ་ཉིད་ཐོབ་པར་འགྱུར་ཏེ། འདུས་མ་བྱས་པའི་ཕྱིར་
เล่ม ๓๓ · หน้า 31a
རོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཞེས་ཚིག་ལྟག་མའོ། །རྫོགས་པའི་རྣལ་འབྱོར་པའི་ཕན་ཡོན་བསྟན་ནས། སློབ་བཞིན་པའི་ཡང་བསྟན་པར་བྱ་བའི་ཕྱིར། སློབ་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ་སློབ་པ་ལ་གནས་པ་ནི་དེ་
བཞིན་གཤེགས་པའི་སྙིང་པོ་བསྐུལ་བ་ལ་སློབ་བཞིན་པའོ། །ཉེ་བར་བརྟགས་པས་ན་ཞེས་པ་ནི་གཞི་དང་གཞི་ཅན་དབྱེར་མེད་པས་སོ། །ཡོན་ཏན་ཉིད་རྒྱལ་བ་སྟེ་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །ཇི་ལྟར་རྒྱ་མཚོ་རིན་པོ་ཆེ་ཀུན་གྱི་གནས་སུ་གྱུར་པ་
བཞིན་ཞེས་པ་ནི་སློབ་བཞིན་པ་དེ་ཡང་རིན་པོ་ཆེ་ལྟར་ཡོན་ཏན་དེ་རྣམས་ཀྱི་གཞིར་གྱུར་པའོ། །བདེ་བ་དམ་པ་དང་ཞེས་པ་ནི་ཕྱི་རོལ་གྱི་ལོངས་སྤྱོད་ཀྱི་ཚོགས་ལས་འབྱུང་བ་ལུས་བདེ་བའི་བདག་ཉིད་དོ། །ནད་མེད་པ་ནི་སྐྱེ་འཆི་མེད་པའོ། །སོགས་པའི་སྒྲས་རྒ་བ་དང་གཉེར་མ་
ལ་སོགས་པ་མེད་པ་ཐོབ་པར་འགྱུར་རོ། །ཚེ་རིང་བ་ནི་བསྐལ་པ་སྟོང་གི་བར་དུ་གསོན་ཅིང་གནས་པ་སྟེ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྦྱོར་བས་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །འཇིག་རྟེན་པའི་དངོས་གྲུབ་
ནི་ཞེས་པ་ནི་ཞི་བ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པ་ལ་སོགས་པའོ། །དེ་འགྲུབ་པའི་ཕྱིར་ཞེས་པ་ནི་དེ་ཐོབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་པ་ནི་མི་བསྐྱོད་པ་
ལ་སོགས་པའི་ཐུགས་ཀྱི་ནུས་པ་དགུག་པས་སོ། །སོ་སོར་སྟོན་པར་བྱེད་པའི་ཚིག་གི་ཚོགས་ནི་ལེའུ་ཞེས་བྱའོ། །ལེའུ་དང་པོ་ལས་གཏན་ལ་ཕབ་པའོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ཞེས་
བྱ་བ་ལ་སོགས་པས་ལེའུ་བཅུ་གཅིག་པ་བརྩམ་པར་བྱ་སྟེ། རྣལ་འབྱོར་པ་རྣམ་པ་གཉིས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་རྣམ་པ་གཉིས་སོ། །རྣམ་པ་གཉིས་ནི་བརྟག་པ་དང་རྫོགས་པའི་སྒོམ་པའི་དབྱེ་བས་སོ། །བརྟག་པ་དང་རྫོགས་པའི་རྣལ་འབྱོར་པ་
เล่ม ๓๓ · หน้า 31b
རྣམས་ཀྱིས་ཞེས་པ་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ལྷའི་སྐུ་རྣམ་པ་གཉིས་པོ་ཞེས་པ་ནི་ཡོངས་སུ་དག་པ་དང་མ་དག་པའི་ལྷའི་སྐུ་དག་གོ། །ལེའུ་དང་པོ་ལས་གསུངས་པ་ཞེས་པ་ནི་མདོར་བསྟན་པ་ཉིད་དུ་གསུངས་སོ། །གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་རྒྱས་པར་བཤད་
པའི་ཕྱིར་རོ། །ལེའུ་བཅུ་གཅིག་པ་གསུངས་ཏེ་ཞེས་པ་ནི་སྡུད་པ་པོས་ཞེས་ཚིག་ལྷག་མའོ། འདིར་དགོངས་པ་ནི་ལེའུ་དང་པོ་ནས་ལྷའི་སྐུ་རྣམ་པ་གཉིས་ཀྱི་སྒོམ་པའི་ཁྱད་པར་གསུངས་པ་གང་ཡིན་པ་དེ་ནི་འདིར་རྒྱས་པར་བཤད་པར་བྱ་སྟེ། དེ་བས་ན་ལེའུ་དང་པོའི་ཡན་ལག་ཏུ་གྱུར་པ་ཡང་
ལེའུ་བཅུ་པའི་ཡང་ཡན་ལག་ཏུ་འགྱུར་བ་ཡིན་ཏེ། གང་གི་ཕྱིར་ལྷ་རྣམས་ཀྱི་སྙིང་པོ་བསྐུལ་བའི་སྒོ་ནས་དེ་བཞིན་གཤེགས་པའི་སྐུ་ཐོབ་པ་གང་ཡིན་པ་དེ་ནི་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ་དེ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་ཡིན་ཞེས་བྱ་བས་སོ། །དེ་བས་ན་འགྲེལ་
པ་མཁན་གྱིས་ཀྱང་ལེའུ་བཅུ་གཅིག་པ་ནས་བཤད་པའི་ཕྱག་རྒྱ་ཆེན་པོ་ནི་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུའོ། །དེ་ལ་བརྟག་པའི་རྣལ་འབྱོར་པ་རྣམས་ལ་སྔགས་ཀྱི་སྐུ་བསྐྱེད་པའི་ཕྱིར་བསྒོམ་པའི་ཐབས་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་
ནི་ཞེས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པའི་རྒྱུར་གྱུར་པའོ། །ཨོཾ་ལ་སོགས་པའི་ཡི་གེ་གསུམ་མོ་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་མཚན་ཉིད་ཅན་གྱི་ཡི་གེ་གསུམ་མོ། །དེས་བསྐྱེད་པར་གྱུར་པའི་ཞེས་པ་ནི་ཡོངས་སུ་གྱུར་པ་ལས་ཕྱག་མཚན་གྱི་ཕྱག་རྒྱ་ལས་འབྱུང་བའོ། །རྣམ་པ་
ཐམས་ཅད་མཆོག་དང་ལྡན་པས་སྐྱེས་བུ་ཡང་ཡིན་ལ་སེམས་པ་གསུམ་གྱི་བདག་ཉིད་ཡིན་པས་མཆོག་ཡིན་ཏེ། སྐྱེས་བུ་མཆོག་གོ། །ལྷ་རྣམས་ཏེ་ནི་རྡོ་རྗེ་འཆང་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་གི་རྫོགས་པ་ནི་སྔགས་ཀྱི་སྐུའོ། །དེ་ལ་ཐུགས་རྩེ་གཅིག་ཏུ་བཞག་ནས་ཞེས་
པ་ནི་དེ་ལྟར་གྱུར་པའི་ཏིང་ངེ་འཛིན་ལ་དམིགས་ནས་སོ། །འདི་གསུངས་ཏེ་ནི་བཀའ་སྩལ་ཏོ། །སྔགས་ནི་སྦས་ནས་སྨྲ་བ་དང་ཡིད་སྐྱོབ་པས་སྔགས་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་གསང་བ་ཡིན་པས་རྡོ་རྗེའི་རིགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་
เล่ม ๓๓ · หน้า 32a
ཅད་ཀྱི་སྔགས་ཀྱི་རྡོ་རྗེའི་རིགས་པའི་སྒྲས་ཡི་གེ་གསུམ་བསྟན་ཏོ། །དེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་ནི་ཡི་གེ་གསུམ་གྱིས་བསྐྱེད་པ་དང་པོ་སྦྱོར་བ་ལ་སོགས་པའི་རིམ་པས་བྱུང་བ་སྐྱེས་བུའི་ལྷ་སྟེ། དེ་བཞིན་གཤེགས་པའི་སྐུ་གང་དུ་ཡོད་པ་དེ་ནི་དེ་
ལྟར་གྱུར་པའི་ལེའུ་བསྟན་ཏོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། བདག་ལུས་བྱིན་གྱིས་བརླབ་པའི་རིམ་པས་ཀྱང་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་བསྟན་པའོ། །སྡུད་པ་པོ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའོ་
ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྫོགས་པར་བྱེད་པའི་ཡི་གེ་རྣམས་ལ་ཡང་དེ་སྐད་ཅེས་བྱ་སྟེ། སྔགས་ཀྱི་དབྱེ་བ་བདུན་ཁྲི་ཉིས་སྟོང་གི་རྒྱུར་གྱུར་པ་དང་དེ་ཉིད་ལ་སྔགས་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །ཇི་སྲིད་དུ་ཡ་ར་ལ་ཝའི་བར་ཞེས་འབྱུང་བས་སོ། །དེས་
ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ་པར་བྱའོ་ཞེས་པ་ནི་ཡི་གེ་གསུམ་གྱིས་བསྐྱེད་པའོ། །ས་འོག་ས་སྟེང་ས་བླ་ནི་ཁམས་གསུམ་མོ། །དེས་མཆོད་པར་བྱའོ་ཞེས་པ་ནི་བཀུར་སྟི་བྱ་བ་ཡིན་པའི་ཕྱིར་རོ། །ཆེ་བའི་དགའ་ཞིང་མགུ་བ་ཞེས་བྱ་བ་ནི་གདུལ་བྱ་རྣམས་ལ་ཆོག་མི་
ཤེས་པའི་གཟུགས་ཀྱིས་སོ། །སོན་པར་གྱུར་པས་ན་ཞེས་པ་ནི་སྟེར་བར་མཛད་པས་སོ། །ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་ལྷའི་སྐུ་སྒྲུབ་པ་ལ་བརྩོན་པས་ན། ཡེ་ཤེས་རྡོ་རྗེ་སྒྲུབ་པ་པོ། །ཞེས་བྱའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ནི་ཟླ་བ་དང་ཉི་མ་དང་ཡིག་འབྲུ་དང་ཕྱག་མཚན་དང་
སྤྲོ་བ་དང་བསྡུ་བས་སྐུ་རྫོགས་པའོ། །ཇི་སྐད་དུ། ལེའུ་དང་པོ་ནས་དེ་བཞིན་ཉིད་དང་མཚན་མ་དང་ཡིག་འབྲུ་དང་སྐུའི་རིམ་པ་ཞེས་བྱའོ། །དེས་བྱ་བའོ་ཞེས་པ་ནི་ཡི་གེ་གསུམ་མོ། །བྱ་བ་ནི་ལས་ཞེས་བྱའོ། །དེ་ཉིད་ཨོཾ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་གི་ཕྱིར་ཡི་གེ་
ཨོཾ་གྱིས་མི་ཕྱེད་པའི་སྐུ་བསྐྱེད་པ་དེའི་ཕྱིར་དེས་ནི་སྐུ་རྡོ་རྗེ་བསྐྱེད་པའོ། །བྱང་ཆུབ་ནི་དེ་ཁོ་ན་ཉིད་དོ་ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་སྤྲུལ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅེས་བྱ་བའོ། །དེའི་ངོ་བོ་ཉིད་ནི་བདག་མེད་པ་སྟེ་ཞེས་པ་ནི་དེ་བསྐྱེད་པའི་རྒྱུར་གྱུར་
เล่ม ๓๓ · หน้า 32b
པའོ། །དེ་ཉིད་བསྟན་པའི་ཕྱིར། ཡི་གེ་ཨཱཿཞེས་གསུངས་སོ། །དེས་མི་ཕྱེད་པའི་ངག་བསྐྱེད་པས་ན་གསུང་རྡོ་རྗེ་སྐྱེད་པར་བྱེད་པའོ། །བརྟེན་པར་གྱུར་པའི་ཞེས་པ་ནི་རྟེན་དང་རྒྱུ་དང་བྱེད་པ་ཞེས་རྣམ་གྲངས་སོ། །མི་བསྐྱོད་པའི་ངོ་བོ་ཉིད་ཀྱི་ཞེས་པ་ནི་ཐུགས་ཞེས་བྱའོ། །རྡོ་རྗེ་གསུམ་
དང་མི་ཕྱེད་པ། །ཞེས་བྱ་བ་ལ་སོགས་པས་ཐུགས་ཀྱི་རང་བཞིན་བསྟན་ཏོ། །སེམས་དེ་རྣལ་འབྱོར་པའི་རྒྱུད་ལ་སྐྱེད་པར་བྱེད་པས་ན་ཞེས་པ་ནི་དེ་ལྟར་གྱུར་པའི་ཐུགས་སྒྲུབ་པ་པོའི་ལུས་ཀྱི་ནང་ན་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་ཡི་གེ་ཧཱུཾ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་
བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ་ཞེས་བསྟན་ཏོ། །རིམ་པ་བཞིན་དུ་ཞེས་པ་ནི་སྒྲུབ་ཐབས་ལས་གསུངས་པའི་རིམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པ་དང་བགེགས་བསྐྲད་པ་དང་།
སྟོང་པ་ཉིད་བསྒོམ་པ་དང་ཡེ་ཤེས་ཀྱི་ས་གཞི་བྱིན་གྱིས་བརླབ་པ་དང་། གཞལ་ཡས་ཁང་པ་དང་ལྷག་པར་མོས་པ་དང་དོན་དམ་པའི་དཀྱིལ་འཁོར་དང་གདན་གྱི་བྱེ་བྲག་དང་། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་ལས་བྱུང་བའི་ཕྱག་
མཚན་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཆང་ལ་སོགས་པ་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ནམ་མཁའི་རྡོ་རྗེའི་དབུས་སུ་ཞེས་པ་ནི་ཁྱད་པར་གྱི་གནས་སྔོན་དུ་འགྲོ་བར་བགེགས་བསྐྲད་པའི་འོག་ཏུ་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་
སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་བསྒོམས་ལ། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཆོས་འབྱུང་བའི་སྟེང་དུ་ཡེ་ཤེས་ཀྱི་ས་གཞི་བསྒོམས་ལ། སྤྱན་ལ་སོགས་པ་ལྷ་མོ་བཞི་ཡིན་ལ་ཞེས་པ་ནི་དེ་ཉིད་ཁམས་བཞིའི་རང་བཞིན་དུ་བསྒོམ་པར་བྱས་
ལ། དེ་ལ་སའི་ཆ་དེའི་སྟེང་དུ་ནི་དེ་ལྟར་གྱུར་པའི་ཡེ་ཤེས་ཀྱི་སའི་སྟེང་དུ་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་རི་རབ་ཀྱི་རྩེ་མོར་ཁ་དོག་དཀར་པོ། །ཡི་གེ་བྷྲཱུཾ་ལས་འཁོར་ལོའི་ཕྱག་མཚན་ཡོངས་སུ་གྱུར་ནས་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་ཡན་ལག་ལས་བསྐྱེད་པ་གཞལ་
เล่ม ๓๓ · หน้า 33a
ཡས་ཁང་པ་བསམ་པར་བྱའོ། །དེ་བཞིན་གཤེགས་པའི་ཚོགས་ཏེ་ཞེས་པ་ནི་དེའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་ཅིག་ཅར་དུ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལྷག་པར་མོས་པའི་དཀྱིལ་འཁོར་བསྒོམས་ལ་ཡི་གེ་བྷྲཱུཾ་ཞེས་བྱ་བ་ལ་
སོགས་པས་གཞལ་ཡས་ཁང་པ་བསྒོམ་པ་སྔར་བྱས་ལ། གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་དེ་ཉིད་སྟོང་པར་བསྒོམས་ཏེ། ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་པ་ལ་སོགས་པས་ཡི་གེ་
གསུམ་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་དང་པདྨ་བསྒོམས་ཏེ། དེའི་སྟེང་དུ་ཡི་གེ་གསུམ་བཀོད་ནས་དུས་གསུམ་དུ་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ཡི་གེ་གསུམ་ཡོངས་སུ་གྱུར་ནས་ཟླ་བའི་དཀྱིལ་འཁོར་ལ་དཀྱིལ་འཁོར་གསུམ་བཞུགས་ནས། དྷརྨ་དྷཱ་ཏུ་
སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་ཟླ་བའི་དཀྱིལ་འཁོར་དེར་ཞེས་བྱ་བ་ལ་སོགས་པས་ཟླ་བའི་སྟེང་དུ་ཡི་གེ་གསུམ་བཀོད་ནས་དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྩེ་ལྔ་པའི་རྡོ་རྗེ་བསྒོམས་ལ་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་ང་རྒྱལ་བསྐྱེད་ལ་ཕྱག་རྒྱ་ཆེན་པོ་རྫོགས་པར་བྱེད་པའོ་ཞེས་
པ་ལ་སོགས་པས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་དཔལ་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོའི་སྐུ་ཞལ་གསུམ་པ་ལ་སོགས་པ་ལྟ་བུ་བསམ་པར་བྱའོ་ཞེས་དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པ་ཡན་ལག་དང་པོ་སྟེ་རྣལ་འབྱོར་རོ། །ཕན་ཡོན་བསྟན་པའི་ཕྱིར་ཕྱག་རྒྱ་ཆེན་པོའི་ངོ་བོ་
ཞེས་པ་ནི་རྡོ་རྗེ་འཆང་གི་སྐུའོ། །རྡོ་རྗེ་འཆང་ཆེན་པོས་རབ་ཏུ་བསྟན་པ་ཞེས་པ་ནི་དཔལ་འདུས་པ་བཤད་པའི་དུས་སུ་དེ་ཉིད་སྟོན་པ་ཡིན་པས་སོ། །དགོངས་པ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བསྟན་ཏོ། །རིན་པོ་ཆེ་ལྟ་བུའི་གང་ཟག་ཅེས་པ་ནི་དབང་པོ་རྣོ་བ་ཡིན་པས་
སོ། །ཀུན་རྫོབ་ཀྱི་བདེན་པ་ཞེས་པ་ནི་རྟོག་པ་དང་བཅས་པས་སོ། །དོན་དམ་པའི་བདེན་པ་ནི་རྟོག་པ་མེད་པས་སོ། །རྒྱུ་དང་འབྲས་བུ་ལས་འབྱུང་བའི་ཞེས་པ་ནི་རིམ་པ་གསུམ་པ་དང་བཞི་པ་དག་ལས་འབྱུང་བ་གང་ཡིན་པ་དེ་ནི་ཡོངས་སུ་དག་པའི་ལྷའི་སྐུ་སྟེ། ཟུང་དུ་
เล่ม ๓๓ · หน้า 33b
འཇུག་པའི་ཏིང་ངེ་འཛིན་གྱིས་དཔལ་རྡོ་རྗེ་འཆང་གི་སྐུའོ། །དེའི་དོན་དུ་ནི་དེ་ཐོབ་པའི་ཕྱིར་རོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། སྔགས་ནི་ཡི་གེ་གསུམ་མོ། །རིག་པ་ནི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ་ལེའུ་བཅུ་བཞི་པ་ལས་འཆད་པར་འགྱུར་བའོ། །བསྲུང་བར་བྱ་བ་དང་བཟའ་
བར་བྱ་བའི་དབྱེ་བས་དམ་ཚིག་པ་གཉིས་ཏེ། བསྲུང་བར་བྱ་བ་ནི་རིགས་ལྔའི་དམ་ཚིག་གོ། །བཟའ་བར་བྱ་བ་ནི་བདུད་རྩི་དང་ལྕགས་ཀྱུ་ལ་སོགས་པའོ། །དེ་བཞིན་དུ་སྔར་བཤད་པའི་རིམ་པས་རྫོགས་པ་མི་བསྐྱོད་པ་ལ་སོགས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཞེས་བྱ་བ་
ནི་དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པའི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་ཏོ་ཞེས་བསྟན་ཏོ། །ཉེ་བར་སྡུད་པ་སྟེ་ཏིང་ངེ་འཛིན་ཞེས་བྱ་བ་སྟེ་ཚིག་ལྷག་མའོ། །ཡི་གེ་གསུམ་ཞེས་པ་ནི་བགེགས་བསྐྲད་པ་ལ་སོགས་པ་ཡོངས་སུ་རྫོགས་ནས་གཞལ་
ཡས་ཁང་པའི་ནང་དུ་དགོད་པའོ། །ཉི་མའི་དཀྱིལ་འཁོར་ལ་སོགས་པ་ནི་ཉི་མ་དང་པདྨ་དང་ཟླ་བ་རྣམས་སོ། །དེ་ལ་ནི་པདྨའི་སྟེང་དུའོ། །དེ་ཁོ་ན་ཉིད་ཅེས་པ་ནི་པདྨའི་སྟེང་དུ་སྐུ་ལ་སོགས་པའི་རང་བཞིན་གྱི་ཡི་གེ་གསུམ་མོ། །ཇི་སྐད་དུ། རྒྱུས་ནི་འབྲས་བུ་རྒྱས་བཏབ་དང་། །འབྲས་
བུས་རྒྱུ་ཡང་རྒྱས་བཏབ་པ། །རྣམ་པར་བསྒོམས་ཏེ་གཞན་དུ་ན། །ནམ་ཡང་དངོས་གྲུབ་སྐྱེ་མི་འགྱུར། །ཞེས་འབྱུང་ངོ་། །འདིར་རྣམ་པར་དག་པ་ནི་ཉི་མའི་དཀྱིལ་འཁོར་ནི་ཐུགས་ཀྱི་རང་བཞིན་ཏེ་ཉི་མའི་འོད་ཟེར་དང་འདྲ་བས་ཁྱབ་པར་བྱེད་པའོ། །ཟླ་བའི་དཀྱིལ་འཁོར་ནི་སྐུའི་
རང་བཞིན་ཏེ་བྱང་ཆུབ་ཀྱི་སེམས་སྤྲུལ་པ་དང་དེའི་ངོ་བོ་ཡིན་པས་སོ། །པདྨ་ནི་གསུང་གི་རང་བཞིན་ཏེ། དབྱངས་དང་གསལ་བྱའི་སྡེ་ཚན་བརྒྱད་ཀྱིས་འདབ་མ་བརྒྱད་ཉེ་བར་མཚོན་པས་ལྟེ་བ་ནི་དགུ་པའོ། །དང་པོ་གཅིག་ནི་དགུ་དབུས་ན། །ཞེས་འབྱུང་བས་སོ། །ཐམས་ཅད་
དུ་ཡོངས་སུ་གྱུར་པ་ལས་འབྱུང་བའི་ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཉི་མ་ལ་སོགས་པ་མཚན་མ་གསུམ་བསྡུས་ནས་དེ་ཉིད་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བལྟ་བར་བྱའོ། །ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་
เล่ม ๓๓ · หน้า 34a
ཞེས་བྱ་བ་ལ་སོགས་པས་ཟླ་བའི་སྟེང་དུ་ཡི་གེ་གསུམ་བཀོད་པ་ལས་འབྱུང་བརྩེ་ལྔ་པའི་རྡོ་རྗེ་བསྒོམས་ལ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་ང་རྒྱལ་བྱའོ། །དེས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་སྐུ་བསམ་པར་བྱའོ་ཞེས་བསྟན་ཏོ། །
དེའི་རྒྱུ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གྱི་མིང་བསྟན་ཏོ། །སྒྲུབ་པ་པོའི་ནན་ཏན་ཞེས་པ་ནི་གནས་གཟུང་བ་སྔོན་དུ་འགྲོ་བར་ཏིང་ངེ་འཛིན་ལ་བརྟེན་པ་ངེས་པའོ། །སྐྱེ་བོ་འདུས་པ་དང་བྲལ་བར་ཞེས་པ་ནི་དགོན་པ་ལ་སོགས་པ་འམ་གྲོང་དང་གྲོང་ཁྱེར་ལ་སོགས་པ་དང་ཉེ་བའི་རི་
ལའོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པས་ཡིད་བདེ་བའི་རྒྱུ་བསྟན་ཏེ། བདེ་བ་དང་ལྡན་པས་སེམས་མཉམ་པར་གཞག་པར་འགྱུར་རོ་ཞེས་འབྱུང་བས་སོ། །བཤད་མ་ཐག་པ་ཞེས་པ་ནི་དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པའོ། །སྦྱོར་བ་ནི་ཡན་ལག་དང་པོའོ། །དེ་ལྟར་གྱུར་པའི་སྦྱོར་བས་རྡོ་རྗེ་
འཆང་ཆེན་པོ་བསྒྲུབ་པར་བྱ་བ་ནི་ཐོབ་པར་བྱའོ། །བླ་མ་དང་ལྷ་རྣམས་ཀྱི་ཡུལ་ལ་ཡིད་ཆེས་པར་འགྱུར་བ་སྟེ་ཞེས་པ་ནི་བླ་མའི་ཡུལ་དུ་ཡང་དག་པར་དད་པ་དང་དེས་བསྟན་པའི་ཡི་དམ་གྱི་ལྷ་ལ་ཡང་དག་པའི་བལྟ་བའོ། །དེ་ལ་གལ་ཏེ་བརྩོན་པ་མ་ཡིན་ན་དེའི་ཚེ་ཐེ་ཚོམ་མེད་པར་
རྡོ་རྗེ་འཆང་འགྲུབ་པར་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། དགེ་བའི་བཤེས་གཉེན་བསྟེན་པ་ལ། །སངས་རྒྱས་བྱང་ཆུབ་ཉིད་དུ་འགྱུར་རོ། །ཞེས་འབྱུང་བས་སོ། །རིམ་པ་འདིས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གསུམ་མངོན་དུ་བྱས་ནས་རིགས་བརྒྱའི་དབྱེ་བས་
ལུས་རྣམ་པར་དབེན་པ་བསྒོམས་ཏེ། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་ཉེ་བར་དམིགས་ནས་རིམ་པ་ལྔ་པས་ཐོབ་པར་བྱ་བའི་ཟུང་དུ་འཇུག་པའི་རིམ་པ་ལ་བརྟེན་ནས་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་བསྟན་ཏོ། །དགོངས་སོ་ཞེས་པ་ནི་བླ་མའི་མན་ངག་གོ། །བསྐྱེད་
པའི་རིམ་ལ་ལེགས་གནས་པའི། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བླ་མའི་ཞལ་སྔ་ནས་ཀྱིས་གསུངས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱིས་
เล่ม ๓๓ · หน้า 34b
རྫོགས་པའི་རྡོ་རྗེ་འཆང་གི་བསྒོམ་པ་བསྟན་ནས་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཡང་བཤད་པར་བྱ་སྟེ། དྲན་པ་གཅིག་པའི་ཏིང་ངེ་འཛིན་ཞེས་པ་ནི་དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པ་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པས་
འདི་སྐད་བཤད་པ་ཡིན་ཏེ། གནས་གཟུང་བ་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་བགེགས་བསྐྲད་པ་དང་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ས་གཞི་དང་གཞལ་ཡས་ཁང་དང་། ལྷག་པར་མོས་པ་དང་དོན་དམ་པའི་དཀྱིལ་འཁོར་དང་། གདན་ལ་སོགས་པའི་དབྱེ་བ་དང་དེ་ཡོངས་སུ་གྱུར་པ་
ལས་ཟླ་བའི་དཀྱིལ་འཁོར་དང་། ཡི་གེ་གསུམ་ཡོངས་སུ་གྱུར་པའི་འཁོར་ལོ་ལས་བྱུང་བ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་པ་ལ་སོགས་པ་ལྟ་བུ་དཔལ་རྣམ་པར་སྣང་མཛད་སྐུ་རྡོ་རྗེའི་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་དུ་གསུང་རྡོ་རྗེ་དང་
ཐུགས་རྡོ་རྗེ་དག་ལ་ཡང་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། ཚིགས་སུ་བཅད་པའི་རིམ་གྱིས་ཞེས་པ་ནི་གནས་གཟུང་བ་ལ་སོགས་པ་བྱས་ནས་དོན་དམ་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །གཞལ་ཡས་ཁང་པ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་ས་གཞི་བསྒོམས་པའི་
འོག་ཏུ་གཞལ་ཡས་ཁང་པ་དང་ལྷག་པར་མོས་པའི་དཀྱིལ་འཁོར་བསྟན་ཏོ། །ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་བསྟན་ཏོ། །ཡི་གེ་ཨོཾ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་གདན་གྱི་དབྱེ་བ་བསྟན་ཏོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་
ཞེས་བྱ་བ་ལ་སོགས་པས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ཆོས་ཀྱི་དབྱིངས་བསྒོམ་པ་བསྟན་ཏོ། །ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཞེས་བྱ་བ་ལ་སོགས་པས་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་ནས་རྣམ་པར་སྣང་མཛད་ཀྱི་མཚན་མ་ལས་བྱུང་བ། དཔལ་རྣམ་པར་སྣང་མཛད་ཀྱི་བསྒོམ་པ་བསྟན་
ཏོ། །དེ་ནི་རྣལ་འབྱོར་རོ། །དེའི་ཐུགས་ཀར་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ཞེས་བྱ་བ་རྗེས་སུ་རྣལ་འབྱོར་བསྟན་ཏོ། །འོད་ཟེར་ལྔ་དང་ལྡན་པ་ཞེས་པ་ནི་ཏིང་ངེ་འཛིན་སེམས་དཔའི་ཁྱད་པར་ཏེ་དེ་བཞིན་གཤེགས་པ་
เล่ม ๓๓ · หน้า 35a
ལྔའི་བདག་ཉིད་ཡིན་པས་སོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་པ་ནི་དབང་བྱེད་པའི་གནས་སྐབས་བསྟན་ཏོ། །རྣམ་པར་སྣང་མཛད་ཀྱི་ཚོགས་ཞེས་པ་ནི་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་གྱི་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་ཀྱི་
ཚོགས་སྤྲོ་བར་བྱའོ་ཞེས་བྱ་བ་འདིས་གཞན་གྱི་དོན་བསྟན་ཏོ། །འདི་ཡིས་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་རིགས་ལས་འབྱུང་བའི་རྣལ་འབྱོར་པ་བསྟན་ཏོ། །དེའི་ལུས་འགྲུབ་པར་འགྱུར་བ་ཞེས་པ་ནི་རྣམ་པར་སྣང་མཛད་དང་འདྲ་བའི་སྐུར་འགྱུར་ཏེ་དེའི་ཏིང་ངེ་
འཛིན་བསྒོམ་པས་སོ། །དེ་རྣམས་གང་ལ་གནས་པ་ཞེས་པ་ནི་འཛིན་པར་བྱེད་པ་གང་ལ་ཡོད་པ་དེ་ནི་གཟུང་བ་སྟེ། གཟུགས་ལ་སོགས་པའོ། །དེ་ཉམས་སུ་མྱོང་བས་ཞེས་པ་ནི་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་གང་ཡང་རུང་བ་ལ་གནས་པ་སོ་སོར་སྡུད་པའི་རིམ་པས་
འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་ཅིང་གནས་པར་བྱའོ། །མཚན་ཐམས་ཅད་དང་ལྡན་པ་ཞེས་པ་ནི་མཚན་དང་དཔེ་བྱད་སྐྱེས་བུ་ཆེན་པོའི་མཚན་ཉིད་ནི་ཐམས་ཅད་དོ། །ལྡན་པ་ནི་དེས་སྤྲས་པའོ། །དེ་དང་འདྲ་བའི་རྫུ་འཕྲུལ་ཞེས་པ་ནི་ཇི་ལྟར་རྣམ་པར་སྣང་མཛད་ལ་རྫུ་འཕྲུལ་
མངའ་བ་དེ་བཞིན་དུ་དེ་ལ་ཡང་ཡོད་དོ། །ཟླ་བ་ཕྱེད་ཀྱི་སྒྲས་ནི་དོན་མང་པོ་ལ་སྦྱོར་བ་མཐོང་བ་སྟེ། འདིར་ནི་མངོན་པར་ཞེན་པའི་དོན་གཟུང་བར་བྱའོ། །དེའི་ཕྱིར་ཏིང་ངེ་འཛིན་ལ་ཀུན་དུ་ཞེན་པ་ཙམ་ཞེས་བསྟན་ཏོ། །བྱ་བའི་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་ཙམ་དངོས་
གྲུབ་ཀྱི་རྒྱུ་ཡིན་གྱི་སྤྲོས་པ་གཞན་དགོས་པ་མེད་དོ་ཞེས་བསྟན་ཏོ་ཞེས་བྱ་བས་ཉེ་བར་བསྡུས་པ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གྱི་མིང་ཉེ་བར་བསྡུས་པའོ། །མི་ཕྱེད་པའི་ངོ་བོ་ཉིད་ཀྱི་འཁོར་ལོ་ཞེས་པ་ནི་རྡོ་རྗེ་དེ་ཉིད་ལས་ཕྱག་
མཚན་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་བསྐྱེད་ལ་ཞེས་བྱ་བ་ལ་སོགས་པས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་བསྟན་ཏོ། །ཐམས་ཅད་ནི་བགེགས་བསྐྲད་པ་ལ་སོགས་པའོ། །དམར་པོ་འདབ་མ་བརྒྱད་པ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ཕྱག་མཚན་
เล่ม ๓๓ · หน้า 35b
ནོ། །རང་གི་སྔགས་ཀྱི་སྐྱེས་བུ་ཞེས་པ་ནི་རང་གི་སྔགས་ལས་བྱུང་བའི་ལྷའི་སྐུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ནི་དམ་ཚིག་སེམས་དཔའི་སྒོམ་པ་རབ་ཏུ་བསྟན་ཏོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་སེམས་དཔའ་གཉིས་ཀྱི་ལྷག་པར་མོས་པ་བསྟན་
ཏོ། །མི་ཕྱེད་པའི་ངོ་བོ་ཉིད་ཅེས་པ་ནི་ཏིང་ངེ་འཛིན་སེམས་དཔའ་བསྟན་པ་ཡིན་པས་སོ། །འོད་དཔག་ཏུ་མེད་པར་རྟོགས་པའི་སེམས་ཀྱི་འཇུག་པས་བཀོད་པའོ་ཞེས་པ་ནི་གསུང་རྡོ་རྗེ་འཆང་གི་རྣལ་འབྱོར་པ་རྣམས་ཀྱིས་དགོད་པར་བྱའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པས་
སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གསུང་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱིས་འོད་དཔག་ཏུ་མེད་པ་བསྒོམ་པ་དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་བསྒོམ་པར་བྱའོ་ཞེས་ཚུལ་འདི་ཉིད་ཀྱིས་
ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །སེམས་དཔའ་གསུམ་བརྩེགས་མར་བྱས་ནས་ཞེས་པ་ནི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་གཅིག་ཏུ་བྱས་ནས་སོ། །འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་པ་ནི་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་བསྡུས་སོ། །ཀུན་
རྫོབ་ཀྱི་བདེན་པའོ་ཞེས་པ་ནི་ཐ་མལ་པ་རྣམས་ཀྱིས་ཕྱེད་པར་མི་ནུས་པའོ། །དོན་དམ་པའི་བདེན་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་སོ། །ཆོས་དང་ལྡན་པའོ་ཞེས་པ་ནི་བར་གྱི་ཚིག་མི་མངོན་པ་ལས་འཛིན་པའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པས་
བསྐྱེད་པའི་རིམ་པ་བསྒོམས་ནས་རྫོགས་པའི་རིམ་པའི་མཐར་ཐུག་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཉེ་བར་བསྡུས་པ་བསྟན་ཏོ། །
ཐམས་ཅད་བསྐྱེད་པ་ཞེས་པ་ནི་བགེགས་བསྐྲད་པ་ལ་སོགས་པ་བྱས་ནས་སོ། །དམ་ཚིག་སེམས་དཔའ་ཞེས་པ་ནི་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའི་སྐུ་རྣམ་པར་བསྒོམས་ནས་དེའི་འོག་ཏུ་སེམས་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་བྱིན་གྱིས་
เล่ม ๓๓ · หน้า 36a
བརླབ་པ་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་པའི་རྣལ་འབྱོར་པས་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའི་སྐུ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉིན་མོ་དང་མཚན་མོའི་ཐུན་བཞི་ལ་རྟག་ཏུ་བསྒོམ་པར་བྱའོ་ཞེས་བསྟན་
ཏོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པས་ཞེས་པ་ནི་དགེ་བའི་རྩ་བ་ནི་གསུམ་སྟེ། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་གཏི་མུག་མེད་པའོ། །དེ་རྣམས་སྨིན་པ་ནི་ཡོངས་སུ་རྫོགས་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་པར་རྟོགས་ནས་ཞེས་པ་ནི་མངོན་དུ་བྱས་ནས་སོ། །
ཚེ་འདི་ཉིད་ནི་མཐོང་བའི་ཆོས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་རྡོ་རྗེའི་སྐུའི་རང་བཞིན་གྱི་དཔལ་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱེད་པ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །སྟོན་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དཔལ་རྡོ་རྗེ་འཆང་གི་སྐུས་ཆོས་
བསྟན་པའི་སྒོ་ནས་ལྷ་དང་མི་རྣམས་རྗེས་སུ་བསྟན་པ་དང་གདུལ་བར་མཛད་པས་སྟོན་པ་ཡིན་ནོ་ཞེས་བསྟན་ཏོ། །འདོད་པའི་དབང་ཕྱུག་ལ་སོགས་པ་བརྒྱད་ནི་སྔར་བཤད་ཟིན་ཏོ། །འབྱུང་གནས་ཡིན་པའི་ཕྱིར་ཞེས་པ་ནི་སྐུའི་དབང་ཕྱུག་ལ་སོགས་པ་དེ་ལས་བྱུང་བའི་ཕྱིར་རོ། །རྡོ་རྗེ་ཞེས་
བྱ་བ་ལ་སོགས་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་ཐུགས་རྡོ་རྗེ་འཆང་སྤྲུལ་པར་བྱེད་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་ཏོ་ཞེས་སྡུད་པ་པོས་བསྟན་ཏོ། །རབ་ཏུ་དབྱེ་བའི་དོན་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་བསྐྱེད་པའི་རིམ་པའི་རབ་ཏུ་དབྱེ་བ་བརྗོད་
པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པས་རང་གི་ཚིག་གིས་གསུངས་པ་རྡོ་རྗེ་འཆང་དང་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་དང་རྣམ་པར་སྣང་མཛད་དང་དེ་བཞིན་དུ་ལྔའི་ཚིག་གིས་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་ཡང་དེ་བཞིན་དུ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །
སྒྲ་ཇི་བཞིན་པའོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དྲུག་པ་དང་དེ་བཞིན་གཤེགས་པ་ལྔའི་དང་པོ་སྦྱོར་བའི་ཡན་ལག་ཏུ་འགྱུར་བ་རྣལ་འབྱོར་གྱི་ཏིང་ངེ་འཛིན་སོ་སོར་བསྟན་པས་སོ། །དེ་ཡང་སོགས་པའི་སྒྲས་ཤེས་པར་བྱའོ། །སྒྲས་དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་
เล่ม ๓๓ · หน้า 36b
རིམ་པའི་རྣལ་འབྱོར་རིམ་གྱིས་སྒོམ་པར་བྱེད་པས་དེ་རྫོགས་ན་རྫོགས་པའི་རིམ་པའི་འབྲས་བུ་ཡང་འབྱུང་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་མངོན་སུམ་ཉིད་དུ་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པ་ཉིད་བསྟན་པར་བྱ་སྟེ་གང་གི་ཕྱིར་བརྟག་པ་དང་རྫོགས་པའི་རྣལ་འབྱོར་པ་
དག་ལ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྔར་བཤད་པ་དེ་དག་ལས་སྔགས་ཀྱི་སྐུ་བསྟན་ནས་ཡེ་ཤེས་ཀྱི་སྐུ་བསྟན་པར་བྱ་བའི་ཕྱིར། ཤེས་པས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡེ་ཤེས་ཀྱི་སྐུ་ཡང་རྣམ་པ་གཉིས་ཏེ་སྒྱུ་མའི་སྐུ་དང་རྡོ་རྗེའི་སྐུའོ། །དེ་ལ་སྒྱུ་མའི་སྐུ་ནི་རིམ་པ་
གཉིས་པ་ལས་ལྡང་བར་བྱ་བ་དང་། རྡོ་རྗེའི་སྐུ་ནི་རིམ་པ་བཞི་ལས་ལྡང་བར་བྱའོ། །ད་ནི་རིམ་པ་བཞི་པའི་མན་ངག་འོད་གསལ་བ་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་ནི་རྒྱུ་བ་དང་མི་རྒྱུ་བའོ་ཞེས་བྱ་བ་ནི་ཤེས་པ་ཉིད་བེམས་པོ་དང་བེམས་པོ་མ་ཡིན་པའི་ཚུལ་དུ་སྣང་བས་སོ། །ཚོགས་
ཞེས་པ་ནི་འགྲོ་བ་རིགས་དྲུག་པའི་སེམས་ཅན་རྣམས་སོ། །དེ་ཉིད་འཇིག་རྟེན་གསུམ་ནི་ཁམས་གསུམ་པའོ། །རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པ་འོད་གསལ་བའི་དེ་ཁོ་ན་ཉིད་ལས་བྱུང་བ་རྡོ་རྗེ་འཆང་གི་སྐུར་ལངས་ནས་
སོ། །རྒྱུ་བ་དང་མི་རྒྱུ་བ་རྣམས་ལའོ་ཞེས་པ་ནི་རང་གཞན་ལའོ། །ནམ་མཁའ་བྱེད་པ་ཞེས་བྱ་བ་ལ་སོགས་པས་རྗེས་སུ་འཇུག་པའི་ཏིང་ངེ་འཛིན་གྱི་འོད་གསལ་བ་ཉིད་དུ་བྱའོ་ཞེས་བསྟན་ཏོ། །བརྟན་པ་དག་ནི་གཡོ་བ་དག །སྔོན་དུ་འོད་གསལ་བར་ནི་བྱས། །ཕྱི་ནས་དེ་
བཞིན་བདག་ཉིད་བྱ། །རྗེས་སུ་འཇུག་པའི་རིམ་འདི་ཡིན། །ཞེས་འབྱུང་ངོ་། །སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་རྣལ་འབྱོར་པ་སྔར་གང་ཡིན་པ་དེ་ནི་གཅིག་པུར་འགྱུར་ཏེ་འོད་གསལ་བའི་ངོ་བོ་ཉིད་དུ་འགྱུར་རོ། །འོད་གསལ་བ་ཞེས་བྱ་བ་ལ་སོགས་པས་ནང་གི་བདག་
ཉིད་ཀྱི་དཀྱིལ་འཁོར་ལ་ཕྱིའི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་ཞུགས་ལ་འོད་གསལ་བའི་རང་བཞིན་ལ་གནས་པར་བྱའོ་ཞེས་བསྟན་ཏོ། །རིམ་པ་གཉིས་པ་འོད་གསལ་བ་ལ་
เล่ม ๓๓ · หน้า 37a
འཇུག་པའི་ཕྱིར་བསྟན་པར་བྱ་སྟེ། ཤེས་རབ་ཅེས་བྱ་བ་ལ་སོགས་པས་སྔགས་ཀྱི་རིམ་པའམ་ཕྱག་རྒྱའི་རིམ་པས་ཡེ་ཤེས་གསུམ་མངོན་དུ་བྱས་ལ་སླར་ཡང་རིམ་པ་དེ་ཉིད་ཀྱིས་འོད་གསལ་བ་ལ་ཞུགས་པར་བསྟན་ཏོ། །ཡེ་ཤེས་གསུམ་ནི་སྣང་བ་
ལ་སོགས་པ་གསུམ་མོ། །དེ་དང་མཉམ་པར་གྱུར་ཅིང་ཞེས་བྱ་བ་ལ་སོགས་པས་དེ་མི་སྣང་བར་བྱེད་པ་འོད་གསལ་བའི་ངོ་བོར་རྣལ་འབྱོར་པ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཆང་ཆེན་པོ་ནི་ཉེ་བར་བསྡུས་པ་བསྟན་ཏོ། །འོག་ནས་བཤད་པ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་
ཡོངས་སུ་གཟུང་བ་དང་རྡོ་རྗེའི་སྐུ་གཟུང་བ་བསྟན་ཏེ། ཕྱག་རྒྱ་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་གི་སྐུའོ། །དེ་མི་སྣང་བ་ཞེས་པ་ནི་དེ་དག་པར་བྱེད་པ་འོད་གསལ་བ་སྟེ་སེམས་རྣམ་པར་དག་པའི་རིམ་པ་འམ་མངོན་པར་བྱང་ཆུབ་ཀྱི་རིམ་པས་ཐོབ་པར་བྱའོ། །དེ་ལས་འབྱུང་བར་འགྱུར་བ་
ཞེས་པ་འདིས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའམ། ཟུང་དུ་འཇུག་པའི་རིམ་པས་ལྡང་བའི་རྡོ་རྗེ་འཆང་གི་སྐུ་བསྟན་ཏོ། །གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཞེས་པ་ནི་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུ་དེའི་རང་བཞིན་ཡིན་པས་སོ། །སྒྱུ་མ་ལྟ་བུ་དང་
གཉིས་སུ་མེད་པ་ཡིན་པས་སོ། །ཡེ་ཤེས་ཀྱི་སྐུའོ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ་རྡོ་རྗེའི་སྐུ་ཡང་ངོ་། །རྣམ་པར་སྣང་མཛད་ལ་སོགས་པའི་སྐུས་འཇུག་པ་ཞེས་པ་ནི་གདུལ་བྱའི་དབྱེ་བས་སོ། །དེ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ཉེ་བར་བསྡུ་བ་བསྟན་ཏོ། །ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་
དེ་ཉིད་སྤྲོས་ནས་བསྟན་པར་བྱ་སྟེ། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་འོད་གསལ་བ་ལས་འབྱུང་བའི་རྡོ་རྗེ་འཆང་གི་སྐུར་དམིགས་ལ་སྲོག་དང་རྩོལ་བའི་བདག་ཉིད་ཀྱི་རྡོ་རྗེ་བཟླས་པ་ལ་གནས་པར་བྱའོ་ཞེས་བསྟན་ཏོ། །ཡོངས་སུ་དག་པའི་ཕྱག་རྒྱ་ཆེན་པོའི་གཟུགས་
སུ་ཞེས་པ་ནི་བདག་བྱིན་གྱིས་བརླབ་པའམ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་ཐོབ་པར་བྱའོ། །སྒོམ་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བ་འམ། མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བ་ལས་འབྱུང་བའོ། །སེམས་ཅན་ཐ་མལ་པའི་
เล่ม ๓๓ · หน้า 37b
ཞེས་པ་ནི་གདུལ་བྱ་རྣམས་ཀྱིའོ། །ཡུལ་དུ་གྱུར་པ་ཞེས་པ་ནི་བརྟན་པ་ལ་སོགས་པ་ཐོབ་པའི་དོན་དུ་མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའོ། །སྤྲུལ་པའི་སྐུ་ཡོངས་སུ་གཟུང་བ་ཞེས་པ་ནི་སྤྲོས་ནས་སོ། །སྲོག་དང་རྩོལ་བའི་ཡན་ལག་ཏུ་གྱུར་ཅིང་ཞེས་པ་ནི་འཇུག་པ་ལ་སོགས་
པ་གསུམ་གྱི་རྒྱུར་གྱུར་པའོ། །མི་ཤིགས་པ་ཞེས་པ་ནི་ཡི་གེ་ཨ་ལས་འབྱུང་བ་མི་འགྱུར་བའོ། །ཐུགས་རྡོ་རྗེ་འཆང་གི་ས་བོན་ཉེ་བར་མཚོན་པར་འགྱུར་བའི་ཡི་གེ་ཧ་ནི་ཧཱུཾ་ཞེས་བྱ་བའི་ཐ་ཚིག་གོ། །སྙིང་གར་གཞག་སྟེ་ཞེས་པ་ནི་དཀྱིལ་འཁོར་བཞི་པོ་ལ་ཆ་ཆའི་དབྱེ་བས་
དེ་ཉིད་ཕྱི་ནས་གསང་བའི་བཟླས་པ་བྱ་སྟེ། ཇི་སྐད་དུ། དེ་ནས་རྣལ་འབྱོར་དབང་ཕྱུག་ལ། །ཐབས་ཀྱི་དམ་པ་རབ་བསྟན་པ། །རྣལ་འབྱོར་དངོས་གྲུབ་འབྲས་སྟེར་བའི། །གསང་བའི་ཡི་གེ་བཤད་པར་བྱ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །རྣལ་འབྱོར་པ་རྣམས་མཆོག་
སྟེར་འགྱུར། །དང་པོའི་ཡི་གེའི་སྦྱོར་བ་ཡིས། །དབུགས་ནི་རྟག་ཏུ་བརྔུབ་པར་བྱ། །བརྒྱད་པའི་མཐའ་དང་ཡང་དག་ལྡན། །ཡི་གེ་ཨུ་དང་ཐིག་ལེར་བཅས། །རྣལ་འབྱོར་པས་ནི་དབུགས་དབྱུང་བྱ། །དེ་ནི་ཅི་དགའི་བཟླས་པར་བཤད། །ཅེས་འབྱུང་ངོ་། །གཞན་ལས་ཀྱང་།
སྙིང་གའི་པདྨར་མགོ་མེད་གནས། །མགྲིན་པའི་པདྨར་མགོ་བོ་སྟེ། །གསང་བའི་པདྨར་དབྱངས་ཡིག་གནས། །ལྟེ་བའི་པདྨར་སྒྲ་མཐའོ། །འགྲོ་དང་འོང་བར་དེ་བྱེད་པས། །ཐིག་ལེ་རྣལ་འབྱོར་རབ་ཏུ་འཇུག །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །འོད་ཟེར་ཞེས་བྱ་བ་ལ་སོགས་པས་
དཀྱིལ་འཁོར་བཞི་འབྱུང་བའི་དུས་སུ་གཡས་པ་ལ་སོགས་པའི་ལམ་གྱི་ཁ་དོག་དམར་པོ་ལ་སོགས་པ་འོད་ཟེར་གྱི་སྒོ་ནས་རྡོ་རྗེ་བཟླས་པར་བྱའོ་ཞེས་བསྟན་ཏོ། །སྲོག་དང་རྩོལ་བ་ལ་གནས་པའོ་ཞེས་པ་ནི་འཇུག་པ་ལ་སོགས་པ་གསུམ་ལ་གནས་པའོ། །འོད་ཟེར་བཅུ་པོ་ཞེས་པ་ནི་རླུང་དང་
ཉེ་བའི་རླུང་རབ་ཏུ་རྒྱུ་བའོ། །དེ་ཉིད་བསྟན་པའི་ཕྱིར། དེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཧ་ཞེས་པ་ནི་རྡོ་རྗེ་བཟླས་པའི་རྒྱུར་གྱུར་པའི་ས་བོན་བསྟན་ཏོ། །བརྗོད་དུ་མེད་པའི་ཞེས་པ་ནི་མི་འགྱུར་བ་ལས་འབྱུང་བའི་ཕྱིར་ཡང་བརྗོད་དུ་མེད་པ་ཞེས་པ་ནི་རང་རིག་པ་ཡིན་པ་སྟེ་
เล่ม ๓๓ · หน้า 38a
རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ་ཞེས་བཤད་པའི་ཕྱིར་རོ། །འཇམ་པ་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་གྱི་སྒོ་ནས་རིམ་པ་བཞིའི་བདག་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་བསྟན་ཏོ། །འོད་གསལ་བའོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་
ཐོབ་པར་བྱ་བའམ། རིམ་པ་བཞི་པས་ཐོབ་པར་བྱའོ། །དེ་ལས་བྱུང་བས་ན་ཞེས་བྱ་བ་ལ་སོགས་པས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་འམ་ཟུང་དུ་འཇུག་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་ལས་རྡོ་རྗེའི་སྐུར་ལྡང་བར་བསྟན་ཏོ། །ཕྱིར་མི་ལྡོག་པ་རྣམས་ཀྱི་ཡུལ་དུ་བྱས་པས་
ན་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ས་བཅུ་པ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་ཐོབ་པ་ཡིས། །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་འབྱུང་ངོ་། །ཡེ་ཤེས་ཀྱི་རང་བཞིན་གྱི་
ལུས་སོ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། རྡོ་རྗེའི་རང་བཞིན་གྱི་སྐུ་ཡང་ངོ་། །དེ་ཐོབ་ནས་ཞེས་བྱ་བ་ལ་སོགས་པས་རྣམ་པ་གཉིས་ཀྱི་སྐུ་བཟུང་ནས་སོ། །འོད་ཟེར་བཅུ་སྟེ་ཞེས་པ་ནི་རླུང་བཅུ་ཉེ་བར་བསྡུ་བའི་བདག་ཉིད་མ་ནིང་གི་བཟླས་པ་ལ་རབ་ཏུ་གནས་པ་ནི་གནས་པར་
འགྱུར་རོ། །བྱང་ཆུབ་ཅེས་བྱ་བ་ལ་སོགས་པས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའི་སྐུ་དང་ལྡན་པ་ཉིད་བསྟན་ཏོ། །བདེན་པ་གཉིས་ཀྱི་ཡོངས་སུ་གཟུང་བའི་གཟུགས་ནི་ཞེས་པ་ནི་བདེན་པ་གཉིས་དབྱེར་མེད་པའོ། །དེ་ཉིད་ནི་ཁམས་གསུམ་པ་ཚིམ་པར་བྱེད་པས་
ན་ཞེས་པ་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་སོ། །བསམ་གཏན་གྱི་ཟས་ཀྱིས་བསྐལ་བའི་མཐའི་བར་དུ་གནས་པས་ན་འཁོར་བ་ཇི་སྲིད་པར་གནས་ནས་སེམས་ཅན་གྱི་དོན་མཛད་པས་ནའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་རིམ་པ་ལྔའི་བདག་
ཉིད་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་བསྟན་པས་སོ། །བཤད་མ་ཐག་པ་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་སྔགས་ཀྱི་སྐུའོ། །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་འོག་ཏུ་ཤིན་ཏུ་རྣལ་འབྱོར་བསྟན་པར་བྱ་སྟེ། གཟུང་བའི་སྤྲུལ་པའི་སྐུ་ཞེས་པ་ནི་རྣལ་འབྱོར་དང་རྗེས་སུ་
เล่ม ๓๓ · หน้า 38b
རྣལ་འབྱོར་གྱི་བསྐྱེད་པའི་སྐུའོ། །གང་གི་ཕྱིར་རྫོགས་པའི་རིམ་པས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བ་མི་རིགས་ཏེ་དོན་མེད་པའི་ཕྱིར་རོ། །སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་དེས་དངོས་པོ་ཐམས་ཅད་རྣམ་པར་དཔྱོད་པས་མངོན་པར་ཤེས་
པ་ཐོབ་པར་འགྱུར་བའོ། །འབྲས་བུ་ནི་མངོན་པར་ཤེས་པའི་མཚན་ཉིད་དོ། །དང་པོ་ཞེས་བྱ་བ་ལ་སོགས་པས་མིག་ལ་སོགས་པའི་དབང་པོ་ལྔ་སྟོང་པར་བྱས་ནས། ཡང་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐླྷིཾ་ལ་སོགས་པའི་ཡིག་འབྲུ་རྣམ་པར་བཀོད་ནས་དེ་ཡོངས་
སུ་གྱུར་པ་ལས་སའི་སྙིང་པོ་ལ་སོགས་པའི་སྐུ་བསམས་ལ་ཡང་དེ་ཡོངས་སུ་གྱུར་པ་ལས་མིག་གི་དབང་པོ་ལ་སོགས་པ་དེ་རྣམས་བསམ་པར་བྱའོ། །དེ་ལྟར་རྩོལ་བ་བྱས་པའི་རྣམ་འབྱོར་པས་རིང་བ་དང་བསྒྲིབས་པ་དང་བསྐལ་པའི་གཟུགས་ལ་སོགས་པ་མཐོང་བ་དང་ཐོས་པ་དང་།
སྣོམ་པ་དང་མྱོང་བ་དང་རེག་པས་ལྷའི་མིག་ལ་སོགས་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །སྟོང་པར་བྱས་པས་ནི་རང་བཞིན་མེད་པར་བྱས་པའོ། །ཁོང་སྟོང་ནི་སྟོང་པའི་སའོ། །ཐ་ནི་སའི་ཁམས་ཀྱི་ཡིག་འབྲུ་ཡིན་པ་དང་ལའང་དེའི་རང་བཞིན་པའོ། །ཨཱི་ནི་ཤེས་རབ་ཀྱི་རང་
བཞིན་དང་ཧ་ནི་ཐབས་ཀྱི་རང་བཞིན་ནོ། །དེས་ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སའི་ཁམས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བ་སའི་སྙིང་པོ་ཞེས་བྱ་བའོ། །ཉི་མ་དང་ཟླ་བའི་འོད་ཟེར་གྱིས་འབར་བར་གྱུར་པ་ཞེས་པ་ནི་མིག་གཡོན་པ་དང་གཡས་པ་དག་ལ་ཟླ་བ་
དང་ཉི་མའི་རང་བཞིན་གྱི་ཡི་གེ་དེའི་ཁ་དོག་དང་ལྡན་པར་དགོད་པས་སོ། །གང་གིས་ཞེས་བྱ་བ་ལ་སོགས་པས་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་མིག་གཉིས་ཀྱིས་ལྟ་བས་ཕྱོགས་སྐྱོང་བ་དང་བགེགས་ཀྱི་ཚོགས་ལ་སོགས་པ་རབ་ཏུ་ཞི་བར་འགྱུར་རོ་ཞེས་བསྟན་ཏོ། །སའི་
སྙིང་པོའི་ངོ་བོ་ཉིད་ཀྱིས་བསྒོམ་པར་བྱའོ་ཞེས་པ་ནི་སའི་སྙིང་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་མིག་གི་དབང་པོ་ཡིག་འབྲུ་དེ་ཉིད་ཀྱིས་མཚན་པ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ཞེས་བྱ་བ་ལ་སོགས་པས་ལྷའི་མིག་ཐོབ་པ་ཉིད་བསྟན་ཏོ། །དངོས་པོ་
เล่ม ๓๓ · หน้า 39a
ཐམས་ཅད་ཅེས་པ་ནི་རིང་བ་ལ་སོགས་པའོ། །ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་ཞེས་པ་ནི་ཤིན་ཏུ་གང་ན་གནས་པའི་ཡུལ་བཞིན་གསལ་བར་མཐོང་བར་བསྟན་ཏོ། །བཤད་པའི་དོན་བསྟན་པའི་ས་བོན་ནོ་ཞེས་པ་ལ་སོགས་པས་ཡིག་འབྲུའི་དཔེ་བསྟན་ཏོ། །ནམ་
མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་ཉེ་བར་བསྡུས་པར་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ལྷའི་མིག་དང་འཆད་པར་འགྱུར་བའི་རྣ་བ་ལ་སོགས་པའི་ཕན་ཡོན་སྟོན་ཏོ། །རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ་ཞེས་པ་ནི་རིམ་གྱིས་རྫོགས་པའི་
རིམ་པ་བསྒོམ་པས་སོ་ཞེས་ཚིག་ལྷག་མའོ། །དུས་གསུམ་དུ་འབྱུང་བའི་རྒྱལ་བ་རྣམས་སོ་ཞེས་པ་ནི་ཁམས་གསུམ་གྱི་དེ་བཞིན་གཤེགས་པའི་འབྲེལ་པ་དང་ལྡན་པའི་ལྷའི་མིག་ལ་སོགས་པ་བསྒོམ་པར་འགྱུར་བས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །
ལྷའི་མིག་ལ་སོགས་པ་སྟེ་ཞེས་བྱ་བ་ལ་སོགས་པས་མིག་བྱིན་གྱིས་བརླབས་པས་རང་དང་གཞན་གྱི་སྡེ་པའི་དངོས་གྲུབ་གཙོ་བོར་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དངོས་གྲུབ་ཐམས་ཅད་ཀྱི་ཞེས་པ་ནི་གཏེར་དབྱུང་བ་དང་ས་འོག་ཏུ་འཇུག་པ་དང་ལྷ་མ་ཡིན་གྱི་བུ་མོ་དགུག་པ་ལ་སོགས་པའི་སྦྱོར་
བའི་མཆོག་ཅེས་བྱ་བའི་དོན་ཏོ། །ལྷའི་མིག་གིས་ས་འོག་ལ་གནས་པའི་གཏེར་ལ་སོགས་པ་མཐོང་བའི་ཕྱིར་རོ། །སངས་རྒྱས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག་གིས་རྡོ་རྗེ་འཆང་ལ་སོགས་པའི་སྐུ་བསྐྱེད་ལ། །དེའི་རྣ་བའི་དབང་པོ་སྟོང་པར་
བྱས་ནས་དེ་ལ་ཡིག་འབྲུ་དགོད་ཅིང་ཡོངས་སུ་གྱུར་པ་ལས་ལག་ན་རྡོ་རྗེ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་ཡང་རྣ་བའི་དབང་པོ་དེའི་ཡིག་འབྲུས་མཚན་པ་བྱས་པས། བསྒྲིབས་པ་ལ་སོགས་པའི་སྒྲ་ཐོས་པས་ལྷའི་རྣ་བ་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །རྣ་བའི་གནས་ཞེས་པ་ནི་རྣ་བའི་
ནང་ནའོ། །འོད་གསལ་བ་བསྒོམ་པ་ཞེས་པ་ནི་སྟོང་པ་ཉིད་བསྒོམ་པར་བྱ་བའོ། །དེའི་དབུས་སུ་གནས་པར་རོ་ཞེས་པ་ནི་ཁོང་སྟོང་གི་དབུས་སུ་གནས་པ་ཞེས་བྱ་བའི་དོན་ཏོ། །ཨོཾ་ཞེས་པ་ནི་དཔེ་བསྟན་པའོ། །དེའི་རང་བཞིན་དུ་བྱས་པས་སོ་ཞེས་པ་ནི་ལག་ན་རྡོ་རྗེ་དང་དེའི་བདག་ཉིད་དུ་བྱས་པའོ། །
เล่ม ๓๓ · หน้า 39b
རྡོ་རྗེ་འཆང་ཆེན་པོ་སྟེ་ཞེས་བྱ་བ་ལ་སོགས་པས་གང་ན་གནས་པའི་སྒྲ་ཐོས་པ་བཞིན་དུ་བསྒྲིབས་པ་ལ་སོགས་པའི་སྒྲ་ཡང་ཐོས་པར་འགྱུར་རོ། །རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པའི་སྐུའོ་ཞེས་བྱ་བ་ལ་སོགས་པས་ཐ་མལ་པའི་ལུས་ལ་སོགས་པའི་རང་བཞིན་སྤངས་ནས་རིམ་གྱིས་རྫོགས་པའི་རིམ་
པ་ཁོང་དུ་ཆུད་ཅིང་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །རྣ་བ་ལ་གནས་པའི་ཕྱག་ན་རྡོ་རྗེས་ཞེས་པ་ནི་ཡིག་འབྲུ་དང་སྐུ་དབྱེར་མེད་པའོ། །མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པས་རྣ་བའི་དབང་པོ་གཉིས་བྱིན་གྱིས་བརླབ་པ་ཉེ་བར་བསྡུས་པའོ། །ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་
གསུངས་པ་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་རྣལ་འབྱོར་གཉིས་བསྒོམས་ལ། སྣའི་དབང་པོ་སྟོང་པར་བྱས་ནས་དེར་དགོད་པའི་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་ནམ་མཁའི་སྙིང་པོ་ཡོངས་སུ་གྱུར་ནས་སྣའི་དབང་པོ་ཡི་གེ་དེ་ཉིད་ཀྱིས་མཚན་པར་བསམ་པར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་
འཆང་ཆེན་པོའི་སྐུའི་དཀྱིལ་འཁོར་ཞེས་པ་ནི་ཉེ་བར་མཚོན་པ་ཡིན་པས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ཡང་བསམ་པར་བྱའོ། །འོད་གསལ་བ་བསྒོམས་པས་ཞེས་པ་ནི་སྟོང་པ་ཉིད་དུ་བསྒོམས་པས་སོ། །ཡི་གེ་ཨོཾ་ཞེས་པ་ནི་ཡིག་འབྲུའི་དཔེ་བསྟན་ཏོ། །དྲི་རྣམ་པ་གསུམ་སྟེ་
ཞེས་བྱ་བ་ལ་སོགས་པས་ནམ་མཁའི་སྙིང་པོ་ཡོངས་སུ་གྱུར་པའི་སྣའི་དབང་པོ་ཡིག་འབྲུ་དེ་ཉིད་ཀྱིས་མཚོན་པ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པས་གམ་ན་གནས་པའི་དྲི་གཟུང་བ་བཞིན་དུ་བསྒྲིབས་པ་ལ་སོགས་པའི་དྲི་གཟུང་བ་ཡང་བསྟན་ཏོ། །ནམ་མཁའ་མཛོད་ཀྱི་
ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་པས་ནམ་མཁའི་སྙིང་པོ་དང་མཚུངས་པར་འགྱུར་རོ་ཞེས་བསྟན་ཏོ། །བླང་བར་བྱ་བས་ན་བྱང་ཆུབ་ཀྱང་ཡིན་ལ་རང་བཞིན་ཐམས་ཅད་སྤོང་བར་བྱེད་པས་བདག་མེད་པ་ཡིན་ཏེ། བདག་མེད་བྱང་ཆུབ་ནི་འོད་གསལ་བ་སྟེ་ཐམས་ཅད་སྟོང་པའོ། །དེ་ཉིད་ཀྱིས་
སྟོང་པ་བཞི་ཁྱབ་པར་བྱེད་པས་སྟོང་པ་བཞིའི་བདག་ཉིད་ཅན་ཞེས་བྱ་བ་སྟེ། རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །ཇི་སྐད་དུ། །སྟོང་པ་ཤིན་ཏུ་སྟོང་པ་དང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་སྟེ། །རྒྱུ་དང་འབྲས་བུའི་དབྱེ་བས་སོ། །ཞེས་འབྱུང་ངོ་། །ཉན་ཐོས་པ་ལ་
เล่ม ๓๓ · หน้า 40a
སོགས་པའི་ཡུལ་མ་ཡིན་པས་ན་ཞེས་པ་ནི་གང་གི་ཕྱིར་དེ་དང་འདྲ་བའི་དེ་ཁོ་ན་ཉིད་ཉན་ཐོས་པ་ལ་སོགས་པས་རྟོགས་པར་མ་གྱུར་ཏེ། དེ་རྣམས་ཀྱིས་གང་ཟག་ལ་བདག་མེད་པ་ལ་སོགས་པ་ཙམ་གོམས་པས་སོ། །དེ་དང་མཉམ་པའི་གནས་སུ་གྱུར་པ་གང་ཡིན་
པ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་པོ་ཆེའི་དམ་ཚིག་ཅེས་བྱ་བ་ལ་སོགས་པས་ནམ་མཁའི་སྙིང་པོའི་རང་བཞིན་གྱིས་སྣའི་དབང་པོ་བྱིན་གྱིས་བརླབས་པའི་ཉེ་བར་བསྡུས་པ་བསྟན་ཏོ། །སྔ་མ་བཞིན་དུ་ཞེས་པ་ལ་སོགས་
པས་འདི་སྐད་བཤད་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་བསྒོམ་པ་སྔོན་དུ་འགྲོ་བར་ལྕེའི་དབང་པོ་སྟོང་པར་བསྒོམས་ནས་དེ་ལ་འཇིག་རྟེན་དབང་ཕྱུག་གི་ཡིག་འབྲུ་བཀོད་ཅིང་དེ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་བསྒོམས་ཏེ། དེ་ཡང་ཡོངས་སུ་གྱུར་པ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་
གི་རང་བཞིན་གྱི་ལྕེའི་ཡིག་འབྲུ་དེ་ཉིད་ཀྱིས་མཚན་པ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ཡང་དག་པའི་མཐའ་ཞེས་པ་ནི་དེ་བཞིན་ཉིད་དང་སྟོང་པ་ཉིད་ཅེས་བྱ་བ་རྣམ་གྲངས་སོ། དེ་སྐྱེད་པར་བྱེད་པའི་ཞེས་པ་ནི་འཇིག་རྟེན་དབང་ཕྱུག་རྫོགས་པར་བྱེད་པའོ། །ཨོཾ་ཞེས་བྱ་བས་ནི་དཔེ་བསྟན་
ཏོ། །རོ་རྣམ་པ་གསུམ་ཞེས་བྱ་བ་འདིས་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་བསྟན་ཏོ། །དེ་བསྒོམས་ནས་ཞེས་པ་ལ་སོགས་པས་གམ་ན་གནས་པའི་རོ་མྱང་བ་བཞིན་དུ་བསྒྲིབས་པ་ལ་སོགས་པའི་རོ་མྱང་བར་འགྱུར་རོ་ཞེས་བསྟན་ཏོ། །དབང་པོ་དམན་པ་ལ་སོགས་པའི་སེམས་ཅན་རྣམས་
ནི་དམན་པ་ལ་སོགས་པའི་དབྱེ་བ་དང་ལྡན་པའི་གདུལ་བྱ་རྣམས་སོ། །སངས་རྒྱས་ཉིད་དུ་འགྱུར་བའི་ལམ། །ཞེས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་ལམ་སྟེ། གཞན་རྣམས་ནི་འཁྲུལ་པ་དང་ལྡན་པས་སོ། །འཁྲུལ་པ་མེད་ན་ཡང་ཡུན་རིང་བས་ཐོབ་པའི་བྱང་ཆུབ་ཡིན་པའི་ཕྱིར་རོ། །དེའི་
དོན་གྱི་ཐབས་ཞེས་པ་ནི་རྡོ་རྗེ་འཆང་གི་ཆོས་ཀྱི་འཁོར་ལོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འོད་དཔག་ཏུ་མེད་པའི་རིགས་དང་ལྡན་པའི་འཇིག་རྟེན་དབང་ཕྱུག་ནི་གསུང་གི་ངོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་དབང་ཕྱུག་གི་རང་བཞིན་
เล่ม ๓๓ · หน้า 40b
ལྕེའི་དབང་པོ་བྱིན་གྱིས་བརླབ་པ་ཉེ་བར་བསྡུས་པ་བསྟན་ཏོ། །སྔ་མ་བཞིན་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་གཟུགས་རྣལ་འབྱོར་གཉིས་ཀྱིས་བསྐྱེད་ལ་གསང་བའི་རྡོ་རྗེ་སྟོང་པར་བསྒོམ་ཞིང་དེ་ལ་སྒྲིབ་པ་སེལ་བའི་ས་བོན་རྣམ་པར་བཀོད་དེ། དེ་ཡོངས་སུ་གྱུར་པ་ལས་ཨུཏྤལ་དང་འདྲ་
བའི་ཡིག་འབྲུ་དེ་ཉིད་ཀྱིས་མཚན་པ་བྱས་ལ་གམ་ན་གནས་པའི་ཕྱག་རྒྱའི་མཚོ་སྐྱེས་ཀྱི་ནང་གི་རེག་པ་དང་འདྲ་བར་ཁམས་གསུམ་ན་གནས་པའི་བུད་མེད་ཐམས་ཅད་ཀྱི་པདྨའི་རེག་པ་མྱོང་བར་འགྱུར་རོ་ཞེས་བསྟན་ཏོ། །འདིའི་ཕན་ཡོན་ཞེས་བྱ་བ་ལ་སོགས་པས་ལུས་བྱིན་གྱིས་
བརླབས་པའི་ཕན་ཡོན་བསྟན་ཏོ། །ལུས་ལ་སོགས་པ་ཞེས་བྱ་བས་དོན་ཡོད་གྲུབ་པ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །མཆོག་ཏུ་དགའ་བའི་བདེ་བ་ཞེས་བྱ་བ་ནི། འདུས་མ་བྱས་པའི་སྐུའི་དབང་པོ་དང་ལྡན་པས་སྙོམས་པར་ཞུགས་པའི་དུས་སུ་རྟག་ཏུ་དགའ་བ་བསྐྱེད་པའོ། །
ཡེ་ཤེས་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །དེའི་རང་བཞིན་དོན་ཡོད་གྲུབ་པའི་རིགས་ལས་བྱུང་བས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱའོ། །བསྐྱེད་པའི་མཚན་ཉིད་ཅན་ཞེས་པ་ནི་ལུས་ཀྱི་དབང་པོ་བྱིན་གྱིས་བརླབས་ནས་དམ་ཚིག་གི་དཀྱིལ་འཁོར་གྱི་རིམ་པས་དེ་
བཞིན་གཤེགས་པ་ཐམས་ཅད་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་སྤྲོ་བའོ། །གདོན་མི་ཟ་བར་ཏེ་ཞེས་བྱ་བ་ལ་སོགས་པས་གསང་བའི་རྡོ་རྗེ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་བྱུང་བའི་ཁམས་གསུམ་གྱི་ཏིང་ངེ་འཛིན་ཉེ་བར་བསྡུས་པར་བསྟན་ཏོ། །དེ་
ལྟར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་མོས་པ་དང་ལྡན་པས་དེ་བཞིན་གཤེགས་པ་ཉིད་ཀྱིས་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ་ཞེས་བསྟན་པར་བྱ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཕན་ཚུན་དབྱེར་མེད་པའི་ཕྱིར་རོ། །དབྱེར་མེད་པ་དེ་ཡང་བྱ་བ་གཅིག་ཡིན་
པས་སོ། །སྒྲུབ་ཐབས་བརྩམས་པ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་འདོད་དེ། རྡོ་རྗེའི་སྐྱེ་མཆེད་ཉིད་དང་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་རྒྱུད་ཕྱི་མ་ལས་གསུངས་པའི་གསུང་ཚད་མས་སོ། །དེ་
เล่ม ๓๓ · หน้า 41a
བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཚད་མ་ནི། དེ་བཞིན་གཤེགས་པ་ཀུན་གྱི་སྐུ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་པའོ། །ཞེས་འབྱུང་བས་སོ། །དེ་བཞིན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ལ་སོགས་
པའི་སྐུ་བསྒོམས་ལ། དེའི་མིག་སྟོང་པར་བྱས་ཏེ་དེ་ལ་ཨོཾ་བཀོད་ཅིང་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མིག་གི་དབང་པོ་ཡིག་འབྲུ་དེས་མཚན་པ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །བསྐྱེད་པའི་རིམ་གྱིས་རྫོགས་པ་ཞེས་པ་ནི་རྣལ་འབྱོར་དང་
རྗེས་སུ་རྣལ་འབྱོར་གྱིས་འབྱུང་བའོ། །སྐུ་གསུམ་ཨོཾ་ནི་ཞེས་བྱ་བ་ལ་སོགས་པས་དང་པོ་མིག་ལ་ཨོཾ་བཀོད་ཅིང་དེ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ལས་བྱུང་བའི་མིག་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །གཟུགས་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པས་
ཡུལ་དང་དབང་པོའི་རང་བཞིན་གྱི་དཔལ་རྣམ་པར་སྣང་མཛད་བསྒོམས་པས་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །འདིའི་ཕན་ཡོན་བསྟན་པ་ཞེས་བྱ་བ་ལ་སོགས་པས་དེའི་སྐུ་ལ་སོགས་པ་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །ཡེ་ཤེས་ཀྱི་ལུས་ཀྱིས་མངོན་
པར་བྱང་ཆུབ་ཅིང་རྟོགས་པར་འགྱུར་བའི་ཕྱིར་ན་ཞེས་པ་ནི་རིམ་པར་སྒོམ་པར་བྱེད་པས་ཡེ་ཤེས་ཀྱི་སྐུ་ཡང་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཞེས་བྱ་བ་འདིས་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་པས་ཟུང་འཇུག་གི་གོ་འཕང་ཡང་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །
ལུས་དང་ངག་དང་ཡིད་ཀྱིས་དམིགས་ཤིང་བཟུང་བས་ན་ཞེས་པ་ནི་ལུས་ལ་སོགས་པ་ཉེ་བར་སྡུད་པར་བྱེད་པས་སོ། །དེའི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་མིག་གི་དབང་པོ་ལ་དགོད་པ་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཉེ་བར་བསྡུས་པ་བསྟན་ཏོ། །དགོངས་
པ་མ་ཡིན་པས་བཤད་པ་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་རོ། །སྒྲུབ་པ་པོའི་གནས་ཞེས་བྱ་བ་ལ་སོགས་པས་དྲང་བའི་དོན་གྱི་ཕྱོགས་སུ་ཡིད་དང་མཐུན་པ་སྐྱེ་བོས་དབེན་པའི་གནས་བསྟན་ཏོ། །རིའི་རྩེ་མོ་ཞེས་བྱ་བ་ནི་ཀུན་ནས་མཐོ་བ་དང་མི་
เล่ม ๓๓ · หน้า 41b
གཡེ་བས་ན་ཏིང་ངེ་འཛིན་དང་མཐུན་པའོ། །དབེན་པ་ནི་སེམས་རྩེ་གཅིག་པའི་ཕྱིར་རོ། །སྐྱེད་མོས་ཚལ་ལ་སོགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་ཞུགས་པའི་རྒྱུར་གྱུར་པས་མཐུན་པའོ། །དུར་ཁྲོད་ལ་སོགས་པ་ཞེས་པ་ནི་ཆོས་ལ་བདག་མེད་པ་སྟོན་པའི་ཏིང་ངེ་འཛིན་དང་མཐུན་པའོ། །ཤིང་
གཅིག་པ་དང་ཞེས་པ་ནི་གང་ཤིང་གཞན་གྱི་གྲིབ་མ་མེད་པའམ་ཡང་ན་གཅིག་པུ་སྟེ། དེའི་དྲུང་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཐོབ་པའི་ཕྱིར་རོ། །ཁོང་སྟོང་དང་ཞེས་པ་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་རྒྱུ་ཡིན་ནོ། །ལྷའི་ཁང་པ་ནི་གལ་ཏེ་མི་ནུས་ན་དེའི་ཚེ་རང་གི་ལྷ་ཁང་བྲིས་སྐུ་ལ་
སོགས་པ་དང་ལྡན་པ་ལ་ཏིང་ངེ་འཛིན་བྱའོ། །སོགས་པའི་སྒྲས་ནི་སུམ་མདོ་དང་བཞི་མདོ་དང་བས་མཐའ་དང་མ་མོའི་ཁང་པ་ལ་སོགས་པ་ཡང་ཡོངས་སུ་གཟུང་བས་རྟོགས་པར་བྱའོ། །སའི་སྙིང་པོ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས་བྱ་བ་ཞེས་པ་ནི་སྐྱེ་མཆེད་རྣམས་ནི་བྱིན་གྱིས་
བརླབས་པའི་མཚན་ཉིད་ཅན་ཞེས་བྱའོ། །དྲང་བའི་དོན་ཏོ་ཞེས་པ་ནི་དང་པོའི་སྦྱོར་བའི་ཡན་ལག་ཏུ་འགྱུར་བ་རྣལ་འབྱོར་གྱིས་ཕྱོགས་གཅིག་གནས་གཟུང་བ་སོ་སོར་བསྟན་པས་སོ། །ནུ་མ་དང་སྐེད་པ་རྒྱས་པ་ལ་སོགས་པ་དང་ལྡན་པ་ཞེས་པ་ནི་གཟུགས་མཛེས་པ་དང་ལྡན་པ་རབ་ཏུ་
བསྟན་ཏོ། །བུད་མེད་ཀྱི་རི་བོ་ཞེས་པ་ནི་ལོ་ཉི་ཤུ་ལོན་པ་ལ་སོགས་པའོ། །དེ་མ་རྙེད་ན་ལུས་འཚོང་ནི་སྨད་འཚོང་བ་རྣམས་སོ། །འགྲོ་བ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་ཞེས་པ་ནི་གནོད་པ་མེད་པ་རྣམས་ལའོ། །འཇིག་རྟེན་པ་རྣམས་ཀྱིས་སྨད་པ་ཞེས་པ་ནི་འཇིག་རྟེན་གྱིས་སྨད་པར་
བྱ་བ་སྟེ་རིགས་ངན་ཡིན་པའི་ཕྱིར་རོ། །དེ་ལ་སྨེ་ཤ་ཅན་གྱི་བུ་མོ་ལོ་བཅུ་གཉིས་པ་མི་བསྐྱོད་པའི་རྣལ་འབྱོར་པའི་ཕྱག་རྒྱ་དང་ཁྲུས་མཁན་གྱི་བུ་མོ་ལོ་ཉི་ཤུ་པ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ཕྱག་རྒྱ་དང་། གར་མཁན་གྱི་བུ་མོ་ལོ་བཅུ་དྲུག་པ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་
པའི་ཕྱག་རྒྱའོ། །ལྷན་ཅིག་སྤྱོད་པ་དེ་རྣམས་བྱས་ནས་སྔར་བཤད་པའི་ཏིང་ངེ་འཛིན་བྱའོ། །ངེས་པའི་དོན་ཏེ་ཞེས་པ་ནི་ཕྱག་རྒྱའི་དབྱེ་བ་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གནས་གཟུང་བ་དང་རྣམ་པར་སྣང་མཛད་ཀྱིས་མིག་བྱིན་གྱིས་བརླབ་པ་ཉེ་བར་བསྡུས་པ་བསྟན་
เล่ม ๓๓ · หน้า 42a
ཏོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་རང་རང་གི་བདག་པོ་བཀོད་ནས་རྣ་བ་ལ་སོགས་པ་བྱིན་གྱིས་བརླབ་པ་བསྟན་པར་བྱ་སྟེ། མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་རྣ་བ་ལ་སོགས་པའི་
གནས་སྟོང་པ་ཉིད་དུ་བསྒོམས་ལ། ཐུགས་རྡོ་རྗེ་འཆང་ལ་སོགས་པའི་ས་བོན་དགོད་པ་སྔོན་དུ་འགྲོ་བས་དེ་རྣམས་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས། རྣ་བའི་སྐྱེ་མཆེད་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྒོ་ནས་རྣ་བའི་སྐྱེ་མཆེད་ལ་སོགས་པ་བྱིན་གྱིས་
བརླབ་པའི་རིམ་པས་སོ། །རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པས་རྡོ་རྗེ་འཆང་ཆེན་པོས་གསུང་སྡུད་པ་པོས་ཉེ་བར་བསྡུས་པ་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པ་ཤིན་ཏུ་རྣལ་འབྱོར་གསུམ་པོ་སོ་སོར་བསྟན་པས་སོ། །བསྐྱེད་པའི་རིམ་པས་
ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་ལྷའི་མིག་ལ་སོགས་པ་བསྟན་པར་བྱ་སྟེ། དབང་པོ་རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པས་སོ་སོར་སྡུད་པའི་རིམ་པས་ཡུལ་དང་དབང་པོ་བསྡུ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་པ་ཡིན་ནོ་ཞེས་ལྷག་
པར་མོས་པས་ཇི་སྲིད་ཕྱི་མའི་ཡན་ལག་ལྔ་བསྒོམས་པས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་གྱུར་པ་དེ་སྲིད་དུ་གནས་པར་བྱའོ་ཞེས་བསྟན་ཏོ། །གཟུགས་ནི་རྣམ་པ་གསུམ་ཤེས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་ལེའུ་བདུན་པ་ལས་འབྱུང་ངོ་། །རང་སྔགས་ཞེས་བྱ་བ་ལ་སོགས་
པས་ཡེ་ཤེས་ཀྱི་སྐུ་གཟུང་བ་སྔོན་དུ་འགྲོ་བར་འཇུག་པ་ལ་སོགས་པའི་རིམ་གྱིས་ཡི་གེ་གསུམ་ཡན་ལག་མ་ཉམས་པར་བཟླས་ཤིང་དེ་ཉིད་དུ་དབང་པོ་ལྔ་ཞུགས་ནས་དེ་ལས་ལངས་ནས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །དེས་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ། །རང་གི་ཕྱག་རྒྱ་ཆེན་
པོའི་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་འོད་གསལ་བ་ལས་འབྱུང་བ་ཡུལ་དང་དབང་པོའི་ལོངས་སྤྱོད་སྒྱུ་མ་ལྟ་བུར་མཐོང་བས་ཡེ་ཤེས་ཀྱི་སྐུ་བསྒོམ་པར་བྱའོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །ཏིང་ངེ་འཛིན་གཞན་དག་ཅེས་པ་ནི་རྡོ་རྗེ་བཟླས་པའི་ཕྱོགས་གཅིག་
เล่ม ๓๓ · หน้า 42b
སྟེ་ཐིག་ལེའི་རྣལ་འབྱོར་རོ། །ཐིག་ལེའི་རྣལ་འབྱོར་ཡང་རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ་རྡོ་རྗེ་བཟླས་པའི་རིམ་པའི་རྒྱུར་གྱུར་པའོ། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་རྫོགས་པ་ནི་ཀུན་རྟོགས་ན། །རྡོ་རྗེ་བཟླས་པ་སློབ་པར་འགྱུར། །ཞེས་འབྱུང་ངོ་། །
དེ་ཉིད་བསྟན་པའི་ཕྱིར། རྫོགས་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །རྟོགས་པར་བྱེད་པས་ན་ཞེས་བྱ་བ་ལ་སོགས་པས་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གསུམ་བསྒོམ་ལ། དེའི་སྙིང་གར་ཨོཾ་ལ་སོགས་པ་
རང་དང་ཐིག་ལེའི་དབྱེ་བས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་དག་བསྒོམས་ལ་ཁམས་གསུམ་གྱི་ལུས་ལ་སོགས་པ་དང་དབྱེར་མེད་པར་མོས་ནས་བདག་ཉིད་ཀྱི་ལུས་ལ་སོགས་པ་ཨོཾ་ལ་སོགས་པ་ལ་འཇུག་སྟེ། ཨོཾ་ལ་སོགས་པ་རང་ཡང་ཐིག་ལེ་ཙམ་ལ་ཞུགས་
ནས་གང་གི་ཚེ་ཐིག་ལེ་ཙམ་ལ་གནས་པའི་སེམས་སུ་གྱུར་ནས་དེའི་ཚེ་སེམས་དབང་དུ་གྱུར་པས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །ཏིང་ངེ་འཛིན་གསུམ་ནི་ཐིག་ལེའི་རྣལ་འབྱོར་གསུམ་མོ། །བསྐྱེད་པའི་རིམ་པའི་བསྒོམ་པའོ་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་
དམ་ཚིག་རྣམས་ལས་མཆོག་ཡིན་པའི་ཕྱིར་རོ། །དེའི་མཆོག་ཡིན་པས་ན་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱིས་སོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པས་ཁམས་གསུམ་གྱི་ལུས་ལ་སོགས་པ་དང་བདག་ཉིད་ཀྱི་ཡང་དབྱེར་མེད་པར་བསྟན་ཏོ། །རང་གི་ལུས་ལ་སོགས་པ་
ཐིག་ལེ་ལ་ཞུགས་པས་འགོག་པ་ཡང་ཡིན་ལ་འཛིན་པའི་ཡན་ལག་གིས་དེ་ཙམ་ལ་གནས་པས་དམ་ཚིག་ཀྱང་ཡིན་ཏེ། འགོག་པའི་དམ་ཚིག་ནི་ཐིག་ལེའི་རྣལ་འབྱོར་རོ། །དེ་ཉིད་ཀྱི་ཁྱད་པར་ནི་འཛིན་པ་སྟེ་ཡན་ལག་བཞི་པའོ། །དེ་གང་གིས་ཤེས་པ་ཞེས་པས་ནི་ཏིང་ངེ་འཛིན་གྱི་
ཁྱད་པར་བསྟན་ཏོ། །ཐ་མལ་པའི་ལུས་དང་བྲལ་ནས་ཞེས་པ་ནི་ཐིག་ལེ་ལ་ཞུགས་པས་མི་སྣང་བས་སོ། །ཟབ་ཅིང་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་མཚན་ཉིད་དམ་སྒྱུ་མ་ལྟ་བུ་ཉིད་དེ། །རྒྱ་ཆེ་བ་ནི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའོ། །བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ལུས་
เล่ม ๓๓ · หน้า 43a
ཞེས་བྱ་བས་རྡོ་རྗེ་སྐུ་ཡང་གཟུང་བར་བྱ་སྟེ་ཉེ་བར་མཚོན་པས་སོ། །དེ་ཐོབ་ཅིང་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པའོ། །འདི་སྐད་བཤད་པ་ཡིན་ཏེ། ཐིག་ལེའི་རྣལ་འབྱོར་གྱི་རྣམ་གྲངས་ཅན་གྱི་འཛིན་པའི་ཡན་ལག་གིས་སེམས་བརྟན་པར་བྱས་ལ་སླར་ཡང་
རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་གྱི་ཡན་ལག་དག་གིས་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པ་གནས་པར་བྱའོ་ཞེས་བསྟན་ཏོ། །དོན་འདི་ཉིད་ནི་རྫོགས་པའི་རིམ་པ་ཞེས་བྱ་བའོ། །རྣམ་པ་གཞན་གྱིས་ཞེས་པ་ནི་ཁམས་གསུམ་དང་བདག་ཉིད་དབྱེར་མེད་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་
བསྒོམ་པས་སོ། །དེར་འཛིན་པ་ནི་འོད་གསལ་བ་ལ་གནས་པ་སྟེ། ཆོས་དབྱིངས་ལས་ནི་མ་ལྟོས་པ། །ཆོས་ནི་ཡང་དག་མེད་པའོ། །ཞེས་འབྱུང་བས་སོ། །སྐུ་རྡོ་རྗེ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སྐུའོ། །ཁམས་གསུམ་གྱི་ལུས་དང་ངག་དང་སེམས་ནི་དེས་གཅིག་ཏུ་བྱས་པས་
སོ། །ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཉེ་བར་གྱུར་ནས་ཡེ་ཤེས་ཀྱི་སྐུ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །བསྒོམ་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་རྣལ་འབྱོར་པར་འགྱུར་ཏེ་རྡོ་
རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པས་སོ། །འཁོར་བ་ཇི་སྲིད་པར་ནི་འཁོར་བའི་བར་དུའོ། །སྐུ་གསུམ་གྱི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་བསྟན་ཏོ། །ཏིང་ངེ་འཛིན་གཉིས་པོ་ནི་གསུང་དང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དག་གོ། །སྐུ་རྡོ་རྗེ་ལ་སོགས་པས་ཞེས་
པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྒོ་ནས་སོ། །འགྲོ་བའི་དོན་ནི་སེམས་ཅན་གྱི་དོན་ཏོ། །རྟོག་ཅིང་ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དྲུག་པས་འདི་སྐད་བཀའ་སྩལ་ཏོ། །ཞེས་ཉེ་བར་བསྡུས་པ་འཛིན་པའི་ཡན་ལག་རྫོགས་པའི་རིམ་པ་བསྟན་ཏོ། །རྣལ་འབྱོར་
པ་གཉིས་པོ་ཞེས་པ་ནི་བརྟག་པ་དང་རྫོགས་པའི་མཚན་ཉིད་དོ། །གསང་བ་འདུས་པའི་དབང་བསྐུར་གྱི་ཆོ་གས་དབང་ཐོབ་པ་ཞེས་པ་ནི་རིག་པའི་དབང་བསྐུར་ལ་སོགས་པ་ཐོབ་པའོ། །གནང་བ་ཐོབ་པ་ནི་བླ་མ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་གནང་བའོ། །ཕྱིན་ཆད་
เล่ม ๓๓ · หน้า 43b
ནས་བརྩམས་ཞེས་བྱ་བ་ལ་སོགས་པས་གང་ཞིག་ཉན་པའམ་འཆད་པ་འམ་རང་སློབ་པ་དེ་དག་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་བྱ་བས་སྒོམ་པ་པོ་ལ་གང་ཡང་ཐེ་ཚོམ་མེད་དོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་ཡིན་པས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྔགས་ནི་ཨོཾ་ལ་སོགས་པའོ། །དེས་བསྐྱེད་པ་ནི་དང་པོ་སྦྱོར་བའི་རིམ་པས་བསྐྱེད་པའོ། །འོད་གསལ་བ་ཡིན་པས་དེ་ཁོ་ན་ཉིད་ཀྱང་ཡིན་ལ་མ་རིག་པ་བཅོམ་པས་ན་རིག་པ་ཡང་ཡིན་ནོ། །དེ་ཁོ་ན་ཉིད་རིག་པ་ནི་འོད་གསལ་བའོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་
སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པས་སོ། །དེ་ལས་ཡང་དག་པར་བྱུང་བ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཉིད་ལས་ལྡང་བའོ། །དེ་ཉིད་བསྟན་པའི་ཕྱིར། ཡེ་ཤེས་ཀྱི་དམ་ཚིག་ཡིན་པ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ཀྱི་སྐུའི་རང་བཞིན་ཡིན་པས་མཆོག་ནི་རྫོགས་པའི་རིམ་པའི་ངོ་བོ་
ཡིན་པས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ལས་འཛིན་པའི་བསྡུ་བ་བྱས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ཅན་གྱི་ལེའུའི་དོན་བསྟན་པ་ཡིན་པས་སོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་ཚིག་གི་སྒོ་ནས་དེ་ཁོ་ན་ཉིད་སོ་
སོར་བསྟན་པས་སོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་གཅིག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་གཉིས་ཀྱི་བཤད་པ་བསྟན་པར་བྱ་སྟེ། ལས་ཀྱི་ལམ་རྣམ་པར་དག་པ་ཞེས་པ་ནི་རྣམ་པར་སྣང་མཛད་
ལ་སོགས་པའི་སྐུ་ཡིས་ཐ་མལ་པའི་ལུས་ལྡོག་པ་དང་། སའི་སྙིང་པོ་ལ་སོགས་པའི་སྐུས་མིག་ལ་སོགས་པ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བ་ཞེས་བྱ་བ་སྨོས་པ་ལ་ཕྱག་རྒྱ་ཆེན་པོ་ནི་རྣམ་པ་གཉིས་ཏེ། འོད་གསལ་བའི་མཚན་ཉིད་དང་སྐུའི་མཚན་
ཉིད་དོ། །དེ་ལ་ཕྱག་རྒྱ་ཆེན་པོ་འོད་གསལ་བ་ལས་རིམ་པ་གསུམ་པ་དང་རིམ་པ་ལྔ་པ་དག་གིས་ཅིག་ཅར་དུ་ལངས་པ་ནི་ཡོངས་སུ་འགྱུར་བ་སྟེ་ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བ་ཞེས་བྱའོ། །ཡང་ན་ཕྱག་རྒྱ་ཆེན་པོ་ནི་འོད་གསལ་བ་ལས་ཡོངས་སུ་གྱུར་པ་ནི་རིམ་པ་དང་པོ་དང་གསུམ་པས་
เล่ม ๓๓ · หน้า 44a
ཐོབ་པའི་སྐུ་ཐིམ་པ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བ་ཞེས་བྱའོ། །དེ་ལྟ་བུའི་དོན་བསྟན་པའི་ཕྱིར་ལེའུ་བཅུ་གཉིས་པ་སྟེ་ཉེ་བར་མཚོན་པ་ཡིན་ནོ། །གཞན་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་སོ་སོར་བསྟན་པའོ། །སྟོན་པར་མཛད་པས་ན་ཞེས་
པ་ནི་དམ་ཚིག་དང་སྡོམ་པའི་སྒོ་ནས་འདུལ་བར་མཛད་པས་སོ། །འབྱིན་པ་པོ་ཡིན་པས་ན་སྐྱེད་པ་པོ་རིན་པོ་ཆེ་ལྟ་བུའོ། །གང་ཟག་གི་ཞེས་པ་ནི་དབང་པོ་རྣོ་བའི་སེམས་ཅན་རྣམས་སོ། །དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞེས་པ་ནི་ཟུང་དུ་འཇུག་པ་ཞེས་བྱ་བའི་རྡོ་རྗེའི་སྐུ་ལའོ། །དོན་དམ་པའི་བདེན་པའོ་
ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སོ། །དེ་ནི་དེའི་རྒྱུ་མཚན་ནོ། །རྡོ་རྗེ་གསུང་ཞེས་པ་ནི་གསུང་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཚིག་གི་ཚོགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །མཁའ་ནི་གོ་འབྱེད་དོ་ཞེས་བྱ་བ་ལ་སོགས་པས་རང་བཞིན་གྱིས་ངོ་བོ་
མེད་པའི་དངོས་པོ་ཡིན་ན་ཡང་རྣམ་པ་སྣ་ཚོགས་པའི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྐུའི་རྣམ་པ་ལ་སོགས་པ་སྤྲུལ་པ་མཛད་དོ། །ཞེས་བསྟན་ཏེ། ཇི་ལྟར་ཆུ་ཀླུང་དངས་པ་ལས། །ཉ་དག་མྱུར་དུ་ལྡང་བ་བཞིན། །དེ་བཞིན་ཐམས་ཅད་སྟོང་
གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་འབྱུང་ངོ་། །དེས་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བ་ཞེས་བྱ་བའི་དོན་གྱི་དབྱེ་བ་གཅིག་བཤད་དོ། །དགོངས་པ་མ་ཡིན་པས་བཤད་པའོ་ཞེས་པ་ནི་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །དངོས་གྲུབ་ཐམས་ཅད་
ཅེས་པ་ནི་དེ་བཞིན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་སོ། །དགོན་པ་ཆེན་པོའི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲང་པའི་དོན་ཏོ་ཞེས་པ་ནི་གནས་ཙམ་སོ་སོར་བསྟན་པས་སོ། །ལུང་གི་བཤད་པ་བརྗོད་པར་བྱ་སྟེ་ཞེས་པ་འདིས་སྐུ་གསུམ་ཐོབ་
པར་བྱ་བའི་ཕྱིར་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ནམ་མཁར་རྟག་པ་ནི་འོད་གསལ་བ་མངོན་དུ་བྱེད་པའོ། །སྦྱོར་བ་ཡིས་ཞེས་པ་ནི་དེ་དང་འབྲེལ་པས་སོ། །ཕུང་པོ་ནི་ཐ་མལ་པའི་གཟུགས་ལ་སོགས་པ་གང་ཡིན་པ་དེ་རྣམས་སྟོང་པ་ཉིད་ལ་རྗེས་སུ་ཞུགས་པས་དགོན་པ་ཆེན་པོའི་སྒྲ་
เล่ม ๓๓ · หน้า 44b
བསྟན་ཏོ། །གནས་མེད་པ་ནི་དམིགས་པ་མེད་པའི་འོད་གསལ་བ་ལའོ། །གནས་པའི་སྦྱོར་བ་ཡིས་ཞེས་པ་ནི་དེ་ལ་གནས་པའི་སྦྱོར་བས་གནས་ཆེན་པོ་ནི་ས་ཕྱོགས་ཡིན་ཞེས་བསྟན་ཏོ། །དེས་ནི་ཆོས་ཀྱི་སྐུ་བསྟན་པ་ཡིན་ནོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་ནི་ལོངས་སྤྱོད་རྫོགས་པའི་
སྐུ་སྟེ། དེ་ཉིད་ཤིང་ནི་དཔག་བསམ་གྱི་ཤིང་ངོ་། །དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན་པ་ནི་དེས་བརྒྱན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་པ་ནི་ཆོས་ཀྱི་སྐུའོ། །དེ་ཉིད་མི་གཡོ་བའི་ཕྱིར་
རོ། །དེའི་སྤྲུལ་པ་གང་ཡིན་པ་དེ་རྣམས་འགྲོ་བ་ལ་ཕན་ཐོགས་པའི་ཕྱིར་འབྲས་བུ་སྟེ་དེ་རྣམས་ཀྱིས་ཡང་དག་པར་བརྒྱན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེས་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་བསྟན་ཏོ། །དངོས་མེད་ནི་དེ་ལྟར་གྱུར་པའི་ཆོས་ཀྱི་སྐུ་སྐུ་གཉིས་
པོའི་གཞིར་གྱུར་པའོ། །རྟོག་པ་ཐམས་ཅད་དང་བྲལ་བས་དབེན་པ་དང་ཉམས་དགའ་བའོ། །རྡོ་རྗེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དོ། །དེར་བསྒྲུབ་བྱ་ཞེས་པ་ནི་དེ་བསྒྲུབ་པར་བྱ་བའོ། །ངེས་པའི་དོན་ཏོ་ཞེས་པ་ནི་སྐུ་གསུམ་གྱི་བདག་ཉིད་
ཀྱི་རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་བསྟན་པས་སོ། །མཾ་ཡིག་མཚོན་པའི་བསྙེན་པ་ཡིན་པས་ན་དཔེ་ཞེས་པ་ནི་དཔེ་བསྟན་པའོ། །འོག་ནས་བཤད་པའི་ཏིང་ངེ་འཛིན་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་བདག་ཉིད་དོ། །སྟོན་པའི་ས་བོན་ནོ་ཞེས་པ་ནི་དེ་རྗོད་པར་བྱེད་པའི་ཡི་གེའོ། །ཡིད་ཀྱི་རང་
བཞིན་གྱིས་ཞེས་པ་ནི་སེམས་ཀྱི་ཆོས་ཉིད་དེ་སྟོང་པ་ཉིད་ཀྱིས་སོ། །བསྟེན་ཅིང་བསྙེན་པ་ཡིན་པས་ན་ཞེས་པ་ལ་བསྒོམ་པར་བྱ་བས་སོ། །མི་ཕྱེད་པ་ཉིད་པས་ནི་ཞེས་པ་ལ་གཉིས་པ་མེད་པ་ཡིན་པས་སོ། །རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ་པར་བྱའོ་ཞེས་པ་ལ་སོགས་པས་འོད་གསལ་བ་
ལས་འབྱུང་བའི་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུ་རབ་ཏུ་བསྟན་པའོ། །རང་གི་ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ཁམས་གསུམ་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་བསྟན་ཏོ། །དེ་ནས་ཞེས་པ་ལ་སོགས་པའི་ཡེ་ཤེས་ཀྱི་སྐུ་གཟུང་བས་འཇམ་པའི་རྡོ་རྗེ་དང་འདྲ་བར་འགྱུར་ཞེས་
เล่ม ๓๓ · หน้า 45a
འབྲས་བུ་བསྟན་ཏོ། །དཔག་ཚད་བརྒྱའི་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུ་དག་གིས་ཐམས་ཅད་སྣང་བར་བྱེད་པ་ཉིད་བསྟན་ཏེ། སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོའི་ཞེས་བྱ་བ་ལ་སོགས་པས་རྣམ་པ་ཐམས་
ཅད་ཀྱི་མཆོག་དང་ལྡན་པ་ཉིད་དུ་བསྟན་ཏོ། །སྒྱུ་མ་ལྟ་བུའི་སྐུ་མངའ་བས་ན་ཞེས་པ་ལ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་ཡིན་པས་སོ། །དེས་འདི་ལྟར་གྱུར་པ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་ཚངས་པ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་ཏོ། །ཕྱིར་
མི་ལྡོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་པ་ནི་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ས་བཅུ་ལ་རབ་ཏུ་གནས་པར་འགྱུར་ཏེ། དེ་བས་ན་
ཡེ་ཤེས་ཀྱི་སྐུ་ནི་ཕྱིར་མི་ལྡོག་པའི་སྤྱོད་ཡུལ་ཡིན་ནོ། །ཇི་སྐད་དུ། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བ་ཡིས། །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་འབྱུང་ངོ་། །རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་ཅེས་བྱ་བ་ལ་སོགས་
པས་ཏིང་ངེ་འཛིན་ཉེ་བར་བསྡུས་པ་བསྟན་ཏོ། །སྒྱུ་མའི་རང་བཞིན་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་འོད་གསལ་བ་ལ་ཡོངས་སུ་འགྱུར་བ་ནི་ཡེ་ཤེས་ཀྱི་སྐུ་ཐིམ་པར་བྱའོ་ཞེས་དོན་གཉིས་པའི་དབྱེ་བ་བཤད་པར་བྱའོ་ཞེས་བསྟན་ཏོ། །ཡུལ་དང་དབང་པོ་ཞེས་བྱ་བ་ལ་སོགས་པས་རིལ་
པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་དག་གིས་ཡེ་ཤེས་ཀྱི་སྐུ་ཡང་འོད་གསལ་བ་ལ་འཇུག་པར་བསྟན་ཏོ། །དེ་ལྡང་བར་གྱུར་པ་ཞེས་བྱ་བ་ལ་སོགས་པས་དེ་ལས་གཅིག་སྤྲོས་པའི་རྡོ་རྗེའི་སྐུ་གཟུང་བར་བསྟན་ཏོ། །དགོངས་པས་བཤད་པ་ཞེས་བྱ་བ་ནི་འགལ་བའི་ཚིག་གི་སྒོ་
ནས་ཏིང་ངེ་འཛིན་སོ་སོར་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་སྒོ་ནས་བསྟན་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་བསྒྲུབ་པར་བྱ་
เล่ม ๓๓ · หน้า 45b
བའི་ཕྱིར་བཤད་པར་བྱ་སྟེ་ཞེས་བསྟན་ཏོ། །དང་པོར་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ལ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བའི་རིམ་པས་སོ་ཞེས་ཚིག་ལྷག་མའོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པས་མདུན་དུ་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་བསྐྱེད་པ་འཁོར་ལོ་རྩིབས་
བརྒྱད་པ་སྒོམ་པ་སྔོན་དུ་འགྲོ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པས་འོད་ཟེར་འབར་བ་སྤྲོ་བར་བསྒོམས་ཏེ། དྲོ་བ་དང་དུ་བ་དང་འབར་བའི་མཚན་ཉིད་ཀྱི་རྟགས་གསུམ་མཐོང་བས་རང་གི་ལག་པས་བླངས་ཏེ་འཁོར་ལོའི་རིག་པ་འཛིན་པ་མཁའ་ལ་སྤྱོད་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་
བྱ་བ་ལ་སོགས་པས་འཁོར་ལོའི་རིག་པ་འཛིན་པའི་བདག་ཉིད་ཀྱི་ཆེ་བ་བསྟན་ཏོ། །མཐུ་ནི་ཀུན་གྱི་དབང་ཕྱུག་ཉིད་དོ། །རྡུལ་ཕྲ་རབ་ཇི་སྙེད་པ་ཞེས་པ་ལ་སོགས་པ་མཐའ་ཡས་པའི་དཔེས་དེའི་དེ་དང་འདྲ་བ་འཁོར་གྱི་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དེ་རྣམས་ཀྱི་ནུས་
པ་མི་འཇིགས་པ་ཉིད་དུ་བསྟན་ཏོ། །ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་འཁོར་ལོའི་རིག་པ་འཛིན་པའི་ཏིང་ངེ་འཛིན་ཉེ་བར་བསྡུས་པ་བསྟན་ཏོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་འདྲ་བར་བལྟ་བར་བྱ་སྟེ་ཞེས་པ་ནི་དེའི་བསྐྱེད་པའི་རིམ་པའི་བསྒོམ་པའོ། །ཡི་གེ་ཧཱུཾ་ནི་མི་བསྐྱོད་པའི་ས་བོན་ནོ། །དེ་
ཡོངས་སུ་གྱུར་པ་ལས་རྩེ་ལྔ་པའི་རྡོ་རྗེ་བསྒོམས་ལ། དྲོ་བ་ལ་སོགས་པའི་རྟགས་གསུམ་མཐོང་བ་སྔོན་དུ་འགྲོ་བ་དེ་བླངས་ནས་རྡོ་རྗེའི་རིག་པ་འཛིན་པ་མཁའ་ལ་སྤྱོད་པར་འགྱུར་རོ་ཞེས་བསྟན་ཏོ། །འདོད་པའི་དབང་ཕྱུག་ཏུ་ཞེས་པ་ནི་བུད་མེད་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི་ཕྱིར་རོ། །དྲག་པོ་ཞེས་
བྱ་བ་ལ་སོགས་པས་ཁམས་གསུམ་པས་མཆོད་པར་བྱ་བ་རྣམས་ཀྱིས་ཀྱང་མཆོད་བྱར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པས་མཐའ་ཡས་པའི་ལྷན་ཅིག་སྤྱོད་མ་དང་ལྡན་པའི་རྡོ་རྗེའི་རིག་པ་འཛིན་པའི་ཏིང་ངེ་འཛིན་ཉེ་བར་བསྡུས་པ་བསྟན་ཏོ། །འོད་
དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པས་པདྨའི་རིག་པ་འཛིན་པའི་བསྒོམ་པ་བསྟན་པར་བྱ་སྟེ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨའི་རྟགས་གསུམ་གྱིས་མཚོན་པ་སྔོན་དུ་འགྲོ་བ་བླངས་པས་པདྨའི་རིག་པ་འཛིན་པ་མཁའ་ལ་སྤྱོད་པར་འགྱུར་རོ་ཞེས་བསྟན་ཏོ། །ཐབས་ཀྱི་ངོ་བོ་ཉིད་དང་ཞེས་པ་ནི་
เล่ม ๓๓ · หน้า 46a
སྐྱེས་པའི་རྣམ་པ་ཅན་ནོ། །ཤེས་རབ་ཀྱི་ངོ་བོ་ཉིད་དང་ཞེས་པ་ནི་བུད་མེད་ཀྱི་གཟུགས་ཅན་ནོ། །དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་ཕོ་ཉ་དང་ཕོ་ཉ་མོ་དང་བྲན་ཕོ་དང་བྲན་མོ་དང་བཀའ་ཉན་དང་བཀའ་ཉན་མོ་ལ་སོགས་པའི་པདྨའི་རིགས་ལས་བྱུང་བ་ཐམས་
ཅད་ཀྱིས་ཏེ་རང་གི་རྒྱལ་སྲིད་ལ་དབང་བསྐུར་བར་བྱ་བ་དང་། འཁོར་གྱི་ཚུལ་དུ་གནས་པ་དེ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བར་འགྱུར་རོ་ཞེས་བསྟན་ཏོ། །པདྨའི་རིགས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་པདྨའི་རིག་པ་འཛིན་པའི་ཏིང་ངེ་འཛིན་ཉེ་བར་བསྡུས་པ་བསྟན་ཏོ། །དེ་བཞིན་
གཤེགས་པ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་རྣལ་འབྱོར་པར་འགྱུར་རོ་ཞེས་བསྟན་ཏོ། །འོད་ཟེར་ལྔ་དང་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་དོན་ཡོད་གྲུབ་པ་སྔོན་དུ་འགྲོ་བར་མདུན་དུ་ཡི་གེ་ཁཾ་ལས་བྱུང་བའི་
རལ་གྲི་དྲོ་བ་ལ་སོགས་པ་རྟགས་གསུམ་སྔོན་དུ་འགྲོ་བ་མཐོང་ནས་བླངས་ཏེ། ལྷ་དང་ལྷ་མ་ཡིན་གྱི་བདག་པོའི་གཙོ་བོ་རལ་གྲིའི་རིག་པ་འཛིན་པ་ནམ་མཁའ་ལ་སྤྱོད་པར་འགྱུར་རོ་ཞེས་བསྟན་ཏོ། །ལྷག་པ་དང་ཆད་པ་མེད་པར་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པས་
སོ། །རང་གི་སྔགས་ལས་ཞེས་པ་ནི་དམ་ཚིག་རྡོ་རྗེའི་ས་བོན་ཡི་གེ་ཁཾ་ལས་སོ། །སྒྲུབ་པ་པོ་ཡིས་ནི་དངོས་གྲུབ་མཐོང་བས་མིག་རྒྱས་པར་འགྱུར་བའོ། །ལག་གིས་བླངས་པའོ་ཞེས་པ་ནི་རྟགས་མཐོང་བ་སྔོན་དུ་འགྲོ་བས་སོ། །ཕྱག་རྒྱ་ཆེན་པོ་སྟེ་ཞེས་པ་ནི་ཇི་ལྟར་འདོད་པ་དེ་བཞིན་
གཤེགས་པ་ལ་སོགས་པའི་སྐུ་རྣམས་དེའི་སྒོ་ནས་དེ་སྐད་ཅེས་བྱའོ། །རྫུ་འཕྲུལ་ཆེ་བའི་ཞེས་པ་ནི། །འཁོར་ལོས་སྒྱུར་བ་བཞི་སྟེ། གསེར་དང་དངུལ་དང་ཟངས་དང་ལྕགས། །འཁོར་ལོ་ལྡན་པ་འཁོར་ལོས་སྒྱུར། །ཞེས་འབྱུང་བས་སོ། །དེ་རྣམས་ཀྱིས་མཆོད་པ་དང་ཞེས་པ་ནི་
མཆོད་པར་བྱ་བའོ། །ཚངས་པའི་གཙོ་བོ་དང་ཞེས་པ་ནི་དྲག་པོ་དང་ཁྱབ་འཇུག་དང་དབྱིག་གི་སྙིང་པོ་ལ་སོགས་པའོ། །ལྷ་མ་ཡིན་གྱི་གཙོ་བོ་ཞེས་པ་ནི་རྣམ་པར་འཇིག་ལ་སོགས་པའོ། །དེ་དག་གིས་ཀྱང་ཕྱག་བྱས་པར་འགྱུར་བ་དང་ཞེས་པ་ནི་ལྷ་དང་ལྷ་མ་ཡིན་གྱི་དམ་པ་
เล่ม ๓๓ · หน้า 46b
རྣམས་ཀྱིས་ཕྱག་བཙལ་བར་བྱ་བ་དམ་པ་ཉིད་དུ་བསྟན་ཏོ། །དེར་བདག་པོར་གྱུར་པས་སོ་ཞེས་པ་ནི་དེ་ལ་དབང་བྱེད་པས་སོ། །ཐ་མལ་པའི་སྒྲུབ་པ་ལ་གནས་པའོ་ཞེས་པ་ནི་བྱ་བ་ལ་སོགས་པའི་ཚུལ་གྱིས་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་ནང་དུ་ཆོ་འཕྲུལ་གྱི་ཁྱད་པར་བསྟན་པས་ན་གཙོ་བོའོ། །
གང་རྣམས་ཞེས་བྱ་བ་ལ་སོགས་པས་ཞི་བ་ལ་སོགས་པའི་དངོས་གྲུབ་དང་ནམ་མཁའ་ལ་སྤྱོད་པ་ལ་སོགས་པའི་དངོས་གྲུབ་གཞན་རྣམས་ལ་ཡང་སྟེར་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་རལ་གྲིའི་རིག་པ་འཛིན་པའི་ཏིང་ངེ་འཛིན་
ཉེ་བར་བསྡུས་པ་བསྟན་ཏོ། །རིན་ཆེན་རིག་པ་འཛིན་པའི་དངོས་གྲུབ་མ་བསྟན་པ་ཡང་དོན་གྱིས་གོ་བར་བྱ་སྟེ། རིགས་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་བཤད་ནས་རི་ལུའི་སྒོ་ནས་
རྡོ་རྗེ་བཟླས་པའི་རིམ་པ་སོ་སོར་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཡི་གེ་ཨོཾ་ཉིད་ཙ་ན་ཀའི་འབྲས་བུའི་ཚད་ཙམ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱ་བ་སྔོན་དུ་འགྲོ་བས་མགོ་བོ་དང་ལྐོག་མ་དང་སྙིང་གར་ཡི་གེ་གསུམ་བསམས་ལ་དེ་ཉིད་ཡན་ལག་མ་ཉམས་
པའི་བཟླས་པའི་རིམ་པས་ཇི་སྲིད་སེམས་རྩེ་གཅིག་པར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ས་བོན་གྱིས་བདག་པོའི་གཟུགས་སུ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ལྷ་གསུམ་དང་ཁམས་གསུམ་དང་སྐུ་གསུམ་དང་ཡེ་ཤེས་གསུམ་ལ་སོགས་པ་ལྷག་པར་
མོས་པའི་རྣལ་འབྱོར་གྱིས་བསམ་པར་བྱའོ། །གང་ཞེས་བྱ་བ་ལ་སོགས་པས་བཟླས་པའི་མཐར་ཕྱག་རྒྱ་ཆེན་པོའི་འབྲས་བུ་ཐོབ་པར་བསྟན་ཏོ། །འདིར་ས་བོན་གྱི་ཡི་གེ་ཕྲ་བ་ཡིན་པས་ན་རི་ལུ་དང་འདྲ་བར་བསྟན་ཏོ། །དེ་ནི། ཕྱག་རྒྱ་ཆེན་པོ་གཟུགས་ཀྱིས་ཀྱང་། །ཞེས་བྱ་བ་ལ་སོགས་
པས་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་སྔར་བཤད་པའི་ཕྱག་མཚན་བསྟན་ནས། དེ་འཛིན་པར་བྱེད་པ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་འབྱུང་བའི་རིམ་པ་བསྟན་ཏོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་
เล่ม ๓๓ · หน้า 47a
ཁྱད་པར་གྱི་གནས་གཟུང་བ་སྔོན་དུ་འགྲོ་བར་ཡན་ལག་བཅུ་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱིས་རྫོགས་པའི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་འབྱུང་བ་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམས་ཏེ། སྔ་མ་བཞིན་དུ་མདུན་དུ་བསྒོམས་པའི་འཁོར་
ལོ་ལ་སོགས་གཟུང་བས་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་གཟུགས་ཅན་དུ་འགྱུར་རོ་ཞེས་བསྟན་ཏོ། །ཏིང་ངེ་འཛིན་ལྔ་པོ་ནི་གོ་སླ་བས་མ་བཤད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱིས་བསྐྱེད་པ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་
ལས་བྱུང་བའི་མི་བསྐྱོད་པའི་གཟུགས་དམིགས་ལ། ཁྲོ་བོའི་རྒྱལ་པོའི་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་རྩེ་གསུམ་པ་ལ་སོགས་པ་མདུན་དུ་བསྐྱེད་ནས་དེའི་རྟགས་མཐོང་བ་སྔོན་དུ་འགྲོ་བར་འཛིན་པས་དེའི་རིག་པ་འཛིན་པར་འགྱུར་རོ་ཞེས་བསྟན་ཏོ། །གང་ཐ་མལ་པའི་དངོས་
པོ་སྤངས་ནས་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་མཐར་ཕྱིན་པས་ཕྱག་རྒྱ་ཆེན་པོ་ཡོངས་སུ་འགྱུར་བ་སློབ་བཞིན་པས་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཐེག་པ་ཆེན་པོའི་ཞེས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་དེའི་དངོས་གྲུབ་ནི་བཤད་མ་ཐག་པ་སྟེ་ཞེས་པ་ནི་འཁོར་ལོའི་
རིག་པ་འཛིན་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དངོས་གྲུབ་སྒྲུབ་པའི་ཐབས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་བྲམ་ཟེའི་རིགས་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་ལས་འབྱུང་བའི་ཕྱག་རྒྱ་བཞི་དང་ལྷན་ཅིག་སྤྱོད་པར་བསྟན་ཏོ། །གཅིག་པུ་ཉིད་ནི་
ཁྱོས་མ་བླངས་པ་གཞོན་ནུ་མ་འམ་སྨད་འཚོང་མ་སྟེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་ལ་རྗེས་སུ་གནང་བའོ། །རབ་ཏུ་མཉམ་པའི་ཆ་ལུགས་འཛིན་པ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱང་མཐུན་པའི་ཕྱག་རྒྱའོ། །དེ་རྣམས་གདོལ་པ་ལ་སོགས་
པའི་བུད་མེད་རྣམས་ཞེས་པ་ལ་སོགས་པའི་ཁྱད་པར་བསྟན་ཏོ། །རྗེས་སུ་མྱོང་བ་ཞེས་པ་ནི་ཕྱག་རྒྱའི་སྐྱེ་བོ་དེ་རྣམས་ལ་རང་གི་རིག་པ་ཡིན་པས་འོད་གསལ་བར་བྱ་བའོ། །སྙོམས་པར་ཞུགས་པ་ཞེས་པ་ནི་རྡོ་རྗེ་དང་པདྨ་སྦྱོར་བས་མཚོན་པར་འགྱུར་བས་ན་སྙོམས་པར་ཞུགས་པའི་མཚན་
เล่ม ๓๓ · หน้า 47b
ཉིད་ནི་འོད་གསལ་བ་ཞེས་བྱའོ། །ཇི་སྐད་དུ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །སྣང་བ་གསུམ་གྱིས་དབྱེ་བ་ནི། །འདི་ཉིད་ལས་ནི་མཚོན་པར་འགྱུར། །གང་ཞིག་རྡོ་རྗེ་པད་སྦྱོར་བ། །ཀུན་རྫོབ་ཀྱིས་ནི་ཡོད་མ་ཡིན། །ལྷན་ཅིག་ཏུ་ཡང་ཉམས་
མྱོང་བས། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་ངོ་། །ཡུལ་གཞན་དག་ཅེས་བྱ་བ་འདིས་གདོལ་པ་ལ་སོགས་པའི་བུད་མེད་ཀྱི་ཡུལ་དུ་དེ་ཁོ་ན་ཉིད་སྒྲུབ་པར་རིགས་སོ། །གང་གི་ཕྱིར་དེ་རྣམས་རིགས་ངན་ཡིན་པས་རྟོག་པ་མེད་པར་འགྱུར་བས་སོ། །གཞན་མ་
རྣམས་ནི་རྟོག་པ་དང་ལྡན་པའི་ཕྱིར་དེ་དང་འབྲེལ་པས་ཡེ་ཤེས་བསྐྱེད་པར་མི་འགྱུར་རོ་ཞེས་དགོངས་པས་སོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པའི་རང་གི་དོན་ཕུན་
སུམ་ཚོགས་པ་གྲུབ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་བསྟན་པར་བྱ་བའི་ཕྱིར་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ་ཞེས་པ་ལ་སོགས་པ་ནི་མདོར་བསྟན་ཏོ། །དེ་ཉིད་ཀྱི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནི་རྒྱས་པར་བསྟན་པའོ། །ཡི་གེ་ཡཾ་ལས་བྱུང་བ་ཞེས་བྱ་
བ་ལ་སོགས་པས་སྣོད་དུ་རུང་བའི་སྐྱེ་བོ་བཀུག་ནས་གདུལ་བར་བྱ་ཞེས་བསྟན་པ་དང་། དབང་གི་སྐབས་སུ་ཡང་བུད་མེད་རྣམས་དགུག་པར་བྱའོ་ཞེས་བྱ་བའི་ཕྱིར་སྦྱོར་བ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྷ་མོ་རྣམས་སོ་ཞེས་པ་ནི་རྒྱལ་པོའི་བཙུན་མོ་དང་ལྷ་ལ་
སོགས་པའི་བུ་མོ་རྣམས་སོ། །རྣམ་པར་སྣང་མཛད་ཀྱིས་མཚན་པར་གྱུར་པའི་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་དམིགས་པ་སྔོན་དུ་འགྲོ་བས་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པའི་སྒོ་ནས་བསྒྲུབ་བྱ་དགུག་པ་བསྟན་ཏོ། །གནོད་སྦྱིན་མོ་ལ་
སོགས་པ་སྟེ། །ཞེས་པ་ནི་ཁམས་གསུམ་པ་ཟ་བའི་དམ་ཚིག་གང་ལ་ཡོད་པ་དེ་ནི་གནོད་སྦྱིན་མོ་དང་ཀླུ་མོ་དང་ལྷ་མ་ཡིན་མོ་ལ་སོགས་པའོ། །དེ་རྣམས་ཀྱི་དགུག་པ་ནི་ཞེས་པ་ནི་སྔར་བཤད་པའི་རིམ་པས་དགུག་པ་ཞེས་ཉེ་བར་བསྡུས་པའོ། །རྣམ་པ་ཐམས་ཅད་ཅེས་པ་ལ་སོགས་
เล่ม ๓๓ · หน้า 48a
པས་རྡོ་རྗེ་འཆང་ཆེན་པོའི་བསྒོམ་པ་མངོན་དུ་བྱ་བ་སྔོན་དུ་འགྲོ་བར་བསྒྲིབས་པ་ལ་སོགས་པའི་ཕྱོགས་ན་གནས་པའི་བསྒྲུབ་བྱ་ལྕགས་ཀྱུ་དང་ཞགས་པ་དང་རླུང་གི་དཀྱིལ་འཁོར་གྱིས་གམ་དུ་བཀུག་ནས་དབང་དུ་བྱའོ་ཞེས་བསྟན་ཏོ། །ཀྱོ་བ་ལ་སོགས་པ་རྣམས་
ཀྱིས་བླང་བར་བྱ་སྟེ་ཞེས་པ་ནི་སོགས་པའི་སྒྲས་ཞགས་པ་དང་རླུང་གི་དཀྱིལ་འཁོར་ཤེས་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་ལྕགས་ཀྱུས་དྲངས་ནས་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །རྒྱས་བཏབ་པ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའ་དང་འདྲ་བའི་སྒྲུབ་པ་པོ་ལ་བྱ་བ་
ཐམས་ཅད་བྱེད་མི་ནུས་པ་ཉིད་བསྟན་ཏོ། །བཤད་མ་ཐག་པའི་ཞེས་བྱ་བ་ལ་སོགས་པས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་གྱི་བདག་ཉིད་ཅན་གྱིས་བདག་ཉིད་དུ་བསམས་ལ། འོད་ཟེར་སྤྲོ་བ་དང་སྔགས་
བཟླས་པ་དང་ཏིང་ངེ་འཛིན་མངོན་དུ་བྱ་བའི་སྒོ་ནས་རྣམ་པར་སྣང་མཛད་ལ་སོགས་པ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །ཇི་སྐད་དུ་གསུངས་པའི་མཚན་ཉིད་དང་ལྡན་པར་བསྒོམ་པ་ཞེས་པ་ནི་མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་སྤྲས་པའོ་ཞེས་བྱ་བའི་དོན་ཏོ། །སྔགས་འདོན་པའོ་
ཞེས་པ་ནི་ཁྲོ་བོའི་ངག་གམ་རྡོ་རྗེའི་ངག་གིས་སྔགས་བརྗོད་པའོ། །ལག་པར་གནས་པའི་ཞེས་པ་ནི་གམ་དུ་གནས་པའོ། །བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནི་གནོད་སྦྱིན་མོ་ལ་སོགས་པའོ། །བཟླས་པར་བྱ་བ་སྔགས་ཀྱི་དོན། །ཞེས་པ་ནི་རང་གི་སྔགས་དང་ཡི་གེ་ལས་མཐུན་པའོ། །བསམས་
ན་ནི་ཡིད་ཀྱིས་བསམས་པའོ། །རྣམ་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་ནས་འདི་དག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །སྐུའི་རང་བཞིན་མི་ཤེས་པས་རང་གི་དོན་ཡང་འགྲུབ་པར་མི་འགྱུར་གྱི་འཇིག་རྟེན་པ་ལ་སོགས་པའི་
དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་སྨོས་ཅི་དགོས། དེ་ཉིད་ཀྱི་ཕྱིར་རང་བཞིན་ཡོངས་སུ་ཤེས་པ་ཉིད་ཀྱི་མཆོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །མཆོད་པས་མཆོད་ནས་ཞེས་པ་ནི། །དངོས་མེད་གོ་འཕང་ལ་གོམས་པས། །ལྷ་ཡི་གཟུགས་ནི་བསྒོམ་པ་སྟེ། །སངས་རྒྱས་
เล่ม ๓๓ · หน้า 48b
ཐམས་ཅད་རབ་མཉེས་པ། །དེས་ནི་མཆོད་པ་ཆེན་པོར་འདོད། །ཅེས་འབྱུང་ངོ་། །དེ་ལྟ་བུའི་རྣལ་འབྱོར་པས་བཤད་མ་ཐག་དུ་སྦྱོར་བའི་ཞེས་པ་ནི་དགུག་པ་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་
བཞིན་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །སྦ་བར་བྱ་བ་དང་ཞེས་པ་ནི་བྱ་བ་ལ་སོགས་པའི་ཚུལ་ལ་བརྟེན་པའོ། །མཆོག་ཏུ་གྱུར་པ་ནི་སྦྱོར་བ་གཞན་ལ་ལྟོས་ནས་ཁྱད་པར་རོ། །བསྡུས་པར་གྱུར་པ་ཞེས་པ་ནི་ལྷ་ལ་སོགས་པ་འགུགས་པར་བྱེད་པས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་
སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་འདའ་བར་བྱ་བ་མ་ཡིན་པ་ཞེས་པ་ནི་ངེས་པར་བྱ་བའོ། །སྡུད་པ་པོའི་ཚིག་ཅེས་བྱ་བ་ལ་སོགས་པས་དགུག་པའི་རབ་ཏུ་བྱེད་པ་ཉེ་བར་བསྡུས་པ་བསྟན་ཏོ། །མི་སྟེ་ནི་སྲོག་ཆགས་ཐམས་ཅད་ཀྱི་མཆོག་ཡིན་པས་སོ། །དེ་རྣམས་ཀྱི་
ཞེས་བྱ་བ་ནི་དཔལ་རྡོ་རྗེ་བདུད་རྩི་ལས་གསུངས་པའི་རོ་ལངས་ཀྱི་ཆོ་གའི་སྒོ་ནས་དེ་ཉིད་ཀྱི་རང་གི་ལག་པས་སྦྱིན་པར་ཞེས་བྱའོ། །དེ་ཡང་མི་བསྐྱོད་པའི་རྣལ་འབྱོར་པས་སྔར་བཤད་པའི་ཁྲོ་བོའི་རྒྱལ་པོའི་གཏོར་མའི་ཆོ་གས་ཁྲོ་བོ་རྣམས་ལ་སྦྱིན་པར་བྱའོ། །དེ་ཉིད་བསྟན་པའི་
ཕྱིར། ཤི་བའི་རོ་ལས་བྱུང་བས་ན། །ཞེས་བསྟན་ཏོ། །གཏོར་མའི་ཆོ་ག་འདིས་མཁའ་ལ་སྤྱོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། རང་གི་ལུས་བསྒྲུབ་པར་བྱས་ནས་ནམ་མཁའ་ལ་གནས་པར་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཡང་ཁ་ན་མ་ཐོ་བ་
མེད་པ་ཞེས་བྱ་བ་ལ་སོགས་པས་གཏོར་མའི་ཆོ་ག་བསྟན་ཏེ་དེ་ཡང་སྔར་བཤད་ཟིན་ཏོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པས་ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ་འདྲེས་པར་བྱས་ནས་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཁྲོ་བོའི་རྒྱལ་པོ་རྣམས་ལ་གཏོར་མ་བྱིན་ན་རིག་པ་འཛིན་པའི་དངོས་
གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །གླང་པོ་ཞེས་བྱ་བ་ལ་སོགས་པས་གླང་པོ་དང་རྟ་དང་བ་ལང་དང་ཁྱིའི་ཤ་སྔར་བཤད་པའི་རིམ་པས་བླངས་ལ་སྔགས་དང་ཕྱག་རྒྱའི་རིམ་པས་སྦྱང་ཞིང་རིགས་པ་དང་མཐུན་པའི་ཁྲོ་བོའི་རྒྱལ་པོ་རྣམས་ལ་གཏོར་མ་བྱིན་ནས་མངོན་པར་ཤེས་
เล่ม ๓๓ · หน้า 49a
པ་ལྔ་དང་མི་སྣང་བ་དང་རྒྱལ་པོ་ལ་སོགས་པ་དགུག་པ་དང་མཁའ་སྤྱོད་ཀྱི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །ཁ་ན་མ་ཐོ་བའི་ཤ་མེད་ན་ཞེས་བྱ་བ་ལ་སོགས་པས་ཆོ་ག་གཞན་ཡང་བསྟན་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་
འབྱོར་པ་རྣམས་ཀྱིས་དེ་མ་ཐག་ཏུ་བཤད་པའི་བག་ཕྱེ་ལ་སོགས་པའི་རང་བཞིན་གྱིས་མི་ལ་སོགས་པའི་གཟུགས་བརྙན་བྱས་ལ་མདུན་དུ་གཞག་སྟེ། རོ་ལངས་ཀྱི་ཆོ་གས་བླངས་ཏེ་དེ་རྣམས་ཀྱི་སྲོག་དང་བསྒྲུབ་བྱའི་སྲོག་གཅིག་ཏུ་བྱས་ཏེ། རང་འཕོ་བའི་རིམ་པས་སྲོག་དང་བྲལ་
བར་གྱུར་པར་བསམས་ལ། དེའི་ཡན་ལག་གིས་སྔར་བཤད་པའི་ཁྲོ་བོ་ལ་དབུལ་བའི་ཆོ་གས་ཁྲོ་བོའི་རྒྱལ་པོ་ལ་གཏོར་མ་བྱིན་ནས་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱ་བའོ་ཞེས་བསྟན་ཏོ། །རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་མངོན་པར་འདོད་པའི་
དངོས་གྲུབ་ཐོབ་པར་བསྟན་ཏོ། །ལུས་རྒྱས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་བསྒོམ་པ་མངོན་དུ་བྱས་ལ་རང་གི་སྤྱི་བོར་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུ་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་དབང་གིས་
བདུད་རྩིའི་རྒྱུན་འཛག་པར་བྱེད་པར་བསམས་ལ། དེའི་རྒྱུན་རྒྱུ་བས་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་རང་གི་ལུས་རྩ་ཀུན་ལ་སྤྱོད་པའི་རིམ་པས་ཚིམ་པར་གྱུར་པར་བསམ་པར་བྱའོ་ཞེས་བསྟན་ཏོ། །ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ཡེ་ཤེས་ཀྱང་དེ་ཡིན་ལ་མི་ཕྱེད་པས་རྡོ་རྗེ་ཡང་
ཡིན་ཏེ། ཡེ་ཤེས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཁམས་མཐའ་མའོ། །ཚིམ་པར་ནི་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་གོ། །རིགས་ཀྱི་དབྱེ་བས་ཞེས་བྱ་བ་ལ་སོགས་པས་བཟའ་བའི་བྱ་བ་
བསྟན་པས་ལས་ཀྱི་རྒྱལ་བ་མཆོག་གི་ཕྱོགས་གཅིག་བསྟན་ཏོ། །རིགས་ལྔའི་རྣལ་འབྱོར་པ་རྣམས་སོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྒྲུབ་པ་པོ་རྣམས་སོ། །དེ་རྣམས་ཀྱི་ནང་ན་ཐུགས་ཀྱི་རིགས་མཆོག་ཡིན་པས་མཆོག་ནི་མི་བསྐྱོད་པའི་རིགས་ཞེས་བྱའོ། །དེར་གནས་
เล่ม ๓๓ · หน้า 49b
ནས་ཞེས་པ་ནི་རྣལ་འབྱོར་དེ་ལ་གནས་པའོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་པའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ལྕེར་བསྒོམས་ལ། དེའི་སྟེང་དུ་ཁ་དོག་དཀར་པོའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཕྲ་མོའི་རྡོ་རྗེ་རྣམ་པར་བསམས་ལ་སྒྲུབ་ཐབས་ལས་བཤད་པའི་
རིམ་པས་ལག་པ་ལ་དགོད་པ་ལྐོག་མ་དག་པ་སྔོན་དུ་འགྲོ་བར་བཟའ་བ་དང་བཏུང་བ་ལ་སོགས་པ་ཁྱད་པར་བྱའོ་ཞེས་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་གི་ཆོ་ག་བསྟན་པ་དང་། དེ་བཞིན་དུ་འོད་དཔག་ཏུ་མེད་པའི་དང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དག་གིས་རང་རང་གི་ཡིག་འབྲུ་
ཡོངས་སུ་གྱུར་པ་ལས་བསྐྱེད་པའི་ལྕེ་ལ་ཡི་གེ་ཨཱཿདང་། ཨོཾ་ཡོངས་སུ་གྱུར་པ་ལས་པདྨ་དང་འཁོར་ལོ་སྔ་མ་བཞིན་དུ་བཀོད་ལ། བཟའ་བ་དང་བཏུང་བ་ལ་སོགས་པ་སྔ་མ་བཞིན་སྤྱོད་པར་བཤད་དོ། །ཟས་སུ་བྱས་པའི་སྦྱོར་བས་ནི། །ཞེས་བྱ་བ་ལ་ནང་གི་བདག་ཉིད་ཀྱི་སྦྱིན་
སྲེག་ཆོ་གའི་མཚན་ཉིད་ཀྱིས་སོ། །ལུས་ལ་སོགས་པའི་ཤིན་ཏུ་སྦྱངས་པ་ཐོབ་ནས་ཞེས་བྱ་བ་ལ་སོགས་པས་ལུས་དང་ངག་དང་སེམས་ཀྱི་བདེ་བ་ཐོབ་ནས་རིམ་གྱིས་རྫོགས་པའི་རིམ་པ་བསྒོམས་པས། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ་ཞེས་སྟོན་ཏོ། །བདུད་རྩིར་
བྱེད་པའི་ཞེས་བྱ་བ་ལ་སོགས་པས་ཚིམ་པར་བྱ་བ་དང་བཟའ་བའི་ཆོ་ག་ཉེ་བར་བསྡུ་བ་བསྟན་ཏོ། །འདི་ཡང་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་བསྐྱེད་པའི་རིམ་པའི་ཕྱོགས་གཅིག་ཏུ་གྱུར་པ་ལས་ཀྱི་རྒྱལ་བ་མཆོག་གི་
ཏིང་ངེ་འཛིན་སོ་སོར་བསྟན་པས་སོ། །རྣལ་འབྱོར་པའི་བྱ་བའི་ཞེས་བྱ་བ་ལ་སོགས་པས་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་སྒོ་ནས་ཞི་བ་ལ་སོགས་པའི་དངོས་གྲུབ་བསྟན་ནས། །གང་གི་ཚེ་གོ་རིམས་དེ་རྣམས་ཀྱིས་རྫོགས་པའི་རིམ་པ་རྟོགས་པར་འགྱུར་ན། དེའི་ཚེ་
རྫོགས་པའི་རིམ་པ་ལ་གནས་པ་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཕྱིར་ཐབས་ནི་རྒྱུ་སྟེ་ལམ་དུ་བསྟན་ཏོ། །སྐུ་དང་གསུང་དང་ཐུགས་ཏེ་ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་མོ། །དེ་གང་དུ་མཉམ་པར་ཐིམ་པར་གྱུར་པ་ཞེས་བྱ་བ་ནི་སྐད་ཅིག་མ་
เล่ม ๓๓ · หน้า 50a
གཅིག་གིས་མི་སྣང་བར་འགྱུར་བའོ། །དོན་དམ་པའི་བདེན་པ་ཞེས་པ་ནི་འོད་གསལ་བ་སྟེ་རིམ་པ་གཉིས་པ་དང་བཞི་བ་དག་གིས་ཐོབ་པར་བྱ་བའོ། །དེ་ཉིད་འཇིག་རྟེན་གྱི་དངོས་གྲུབ་ལ་ལྟོས་པས་འཇིག་རྟེན་ལས་འདས་པའི་རང་བཞིན་ཏེ་གྲུབ་མཆོག་གོ་ཞེས་པའོ། །དེར་ནི་
མཚོན་པའི་བདུན་པའོ། །དེས་ན་འོད་གསལ་བ་ཐོབ་པར་གྱུར་ནས་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པ་འམ་ཅིག་ཅར་དུ་རྡོ་རྗེའི་སྐུའམ་ཡེ་ཤེས་ཀྱི་སྐུ་བྱུང་བ་གང་ཡིན་པ་དེ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་མཚན་ཉིད་ཅེས་བྱའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་རྣལ་འབྱོར་པ་གང་གིས་
བསྒོམ་པ་དེ་ནི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་ཕན་ཡོན་བསྟན་ཏོ། །དེས་སེམས་ལ་དམིགས་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པ་རྣམས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པས་
ཆོ་འཕྲུལ་ཐོབ་པར་བསྟན་ཏོ། །ཕྱོགས་བཅུ་ན་གནས་པའི་སེམས་ཅན་ཐམས་ཅད་ཅེས་པ་ནི་དངོས་གྲུབ་ཐོབ་པའི་རིག་པ་འཛིན་པའི་ནང་ནའོ། །ཡིད་བཞིན་ནོར་བུ་རྒྱལ་མཚན་འགྱུར་བས་ན་ཞེས་པ་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་འཇིག་རྟེན་
ལས་འདས་པའི་རྣམ་པར་སྨིན་པའི་སྐུ་དང་ལྡན་པས་རྡོ་རྗེའི་སྐུ་ཞེས་པའོ། །སྣང་བར་བྱེད་པ་ཞེས་བྱ་བ་ལ་སོགས་པས་ཟླ་བ་དང་ཉི་མའི་འོད་ལས་ལྷག་པར་གཟི་བརྗིད་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཡིན་ནོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་
སོགས་པས་དེ་ཁོ་ན་ཉིད་ཐོབ་པའི་བདག་ཉིད་ཀྱི་ཆེ་བ་བསྟན་པ་དང་། རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཐོབ་ནས་རྣམ་པར་སྣང་མཛད་ལ་སོགས་པ་དང་འདྲ་བའི་སྐུ་གསུང་ཐུགས་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །བཤད་
མ་ཐག་པའི་དངོས་པོ་ཐམས་ཅད་ནི་རིག་པ་འཛིན་པ་ལ་སོགས་པའི་སྐུ་རྫོགས་པའི་མཚན་ཉིད་ཀྱི་བསྒོམ་པ་གང་ཡིན་པ་རྒྱུ་དེ་རྣམས་ཀྱིས་བསྒྲུབས་པ་ནི་རྫོགས་པའོ། །གང་གཱའི་ཀླུང་གི་ཞེས་བྱ་བ་ལ་སོགས་པས་ཆོ་འཕྲུལ་གྱི་དབང་གིས་ཁམས་གསུམ་པ་མནན་པར་བསྟན་ཏོ། །མཁའ་འགྲོ་མ་
เล่ม ๓๓ · หน้า 50b
དང་མཁའ་འགྲོ་མ་ལ་སོགས་པའི་དམ་ཚིག་ཅེས་པ་ནི་ཕྱི་རོལ་གྱི་མུ་སྟེགས་པ་ལ་སོགས་པའི་དམ་ཚིག་རྣམས་སོ། །དེ་རྣམས་ཀྱིས་བདག་ཏུ་ལྟ་བ་ལ་སོགས་པ་མེད་པའི་ཕྱིར་དེ་རྣམས་ཀྱི་དམ་པའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་དམ་ཚིག་སྟེ་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་ལ་
སོགས་པའོ། །དེ་རྣམས་ཀྱི་སྒྲུབ་པའི་ཞེས་པ་ནི་དེ་རྣམས་སྒྲུབ་པར་བྱེད་པའོ། །སྔགས་ཞེས་པ་ནི་ཡིག་འབྲུ་འམ་ཕྱུང་བའི་སྔགས་རྣམས་སོ། །དེ་འཛིན་པར་བྱེད་པས་ནི་རིག་པ་འཛིན་པ་སྟེ་ཞེས་པ་འདིས་སོ་སོར་རིག་པ་ཐོབ་པ་ཉིད་དུ་བསྟན་ཏོ། །དེ་རྣམས་ཀྱི་ཡང་གཙོ་བོར་འགྱུར་བའོ་
ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱི་བདག་པོར་འགྱུར་ཏེ། སྟོན་པ་ཡིན་པ་དང་སྤྲུལ་པར་མཛད་པ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་སྐུ་ནི་ཞེས་བྱ་བ་ལ་སོགས་པས་ཕྱི་དང་ནང་གི་མཁའ་འགྲོ་མ་ལ་སོགས་པའི་དངོས་གྲུབ་ཐོབ་པར་
འགྱུར་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། དེ་ཐོབ་པས་ལུས་ལ་སོགས་པ་མི་སྣང་བས་མི་མངོན་པའི་མཚན་ཉིད་ཀྱི་ཆོ་འཕྲུལ་འབྱུང་བ་དང་རང་གི་འོད་ཀྱིས་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སྣང་བར་འགྱུར་བ་དང་ཇི་སྲིད་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཡང་ཕུན་སུམ་ཚོགས་པ་ནི་བདག་ཉིད་ཆེ་བའི་ནུས་པ་ལེའུ་བཅུ་པ་ནས་གསུངས་པའི་སྙིང་པོ་བསྐུལ་བའི་རིམ་པས་འཕྲོག་པར་བྱེད་པ་དང་། དེ་བཞིན་དུ་བརྒྱ་བྱིན་ལ་སོགས་པ་ལྷའི་མཆོག་གདུལ་བར་བྱ་བའི་ཕྱིར་དེ་རྣམས་ཀྱི་བཙུན་མོ་སྟོབས་ཀྱིས་བཀུག་ནས་སྤྱོད་པ་དང་
སྙོམས་པར་འཇུག་པའི་རིམ་པས་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་བྱེད་པའོ་ཞེས་བསྟན་ཏོ། །གངྒཱའི་ཞེས་བྱ་བ་ལ་སོགས་པའི་ལྷའི་མིག་གིས་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བའི་དངོས་པོ་མཐོང་བར་བསྟན་ཏོ། །གངྒཱའི་ཀླུང་གི་ཞེས་བྱ་བ་ལ་སོགས་པས་ལྷའི་རྣ་བའི་དངོས་གྲུབ་
ཐོབ་པ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་སེམས་ཤེས་པ་ཉིད་བསྟན་ཏོ། །རང་བཞིན་བརྒྱ་དྲུག་ཅུའི་རྒྱུར་གྱུར་པ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བ་དང་ལྡན་པ་ཕ་རོལ་གྱི་རྣམ་པར་ཤེས་པ་གསུམ་ཤེས་པར་འགྱུར་རོ། །
เล่ม ๓๓ · หน้า 51a
དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་སྣ་ཚོགས་ལས་བྱུང་ཞེས་བྱ་བའི་རིགས་པས་བདེ་འགྲོ་དང་ངན་འགྲོའི་རང་བཞིན་གྱི་འགྲོ་བ་ལྔའི་འཁོར་བ་དང་འཆི་འཕོ་དང་སྐྱེ་བ་ལ་སོགས་པ་འདས་པའི་ཞག་གསུམ་དང་འདྲ་བར་ཞེས་བྱ་
བའི་ཤིན་ཏུ་ཉེ་བའི་དུས་ཀྱི་དཔེས་སྔོན་གྱི་གནས་རྗེས་སུ་དྲན་པ་བསྟན་ཏོ། །གངྒཱའི་ཀླུང་ཞེས་བྱ་བ་ལ་སོགས་པས་རིགས་ལྔའི་རང་བཞིན་དེ་བཞིན་གཤེགས་པ་སྤྲོས་པས་ཚད་མེད་ཅིང་གྲངས་མེད་པའི་བསྐལ་པ་ལ་གནས་ཏེ་འགྲོ་བའི་དོན་བྱེད་པ་ཞེས་བྱ་བ་འདིས་ཆོ་འཕྲུལ་བསྟན་ཏོ། །འོད་གསལ་
བའི་འབྲེལ་པ་དང་ལྡན་པས་རྡོ་རྗེ་ཆོ་འཕྲུལ་མཆོག་དང་ལྡན་ནོ་ཞེས་བྱ་བ་འདིས་ཟག་པ་ཟད་པ་ཞེས་བྱ་བ་མངོན་པར་ཤེས་པ་དྲུག་པ་བསྟན་ཏོ། །རྡོ་རྗེ་སྤྱན་ཞེས་བྱ་བ་ལ་སོགས་པས་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ན་ལྷའི་མིག་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །འདི་
དག་གིས་ཞེས་བྱ་བ་ལ་སོགས་པས་རྩིས་མེད་ཅིང་ཚད་མེད་པའི་སེམས་ཅན་གྱི་ལས་ལ་རྩོལ་བ་དང་ལྡན་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། གངྒཱ་ཞེས་བྱ་བ་ལ་སོགས་པས་གྲངས་ལས་འདས་པ་ཕོ་ཉ་དང་ཕོ་ཉ་མོ་དང་བྲན་དང་བྲན་མོ་དང་བཀའ་ཉན་དང་བཀའ་ཉན་མོ་
ལ་སོགས་པ་མཆོད་པའི་ཡོ་བྱད་དུ་མ་དང་ལྡན་པས་ཡོངས་སུ་བསྐོར་ཞིང་མདུན་དུ་བྱས་པས་ཆོས་བསྟན་པའི་སྒོ་ནས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པར་འགྱུར་རོ་ཞེས་བསྟན་ཏོ། །འབྲས་བུའི་ཕྱོགས་གཅིག་ཅེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། གཞན་དག་ཀྱང་
གནས་དང་གནས་མ་ཡིན་པའི་མཁྱེན་པའི་སྟོབས་ལ་སོགས་པའི་སྟོབས་བཅུ་དང་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དང་དབང་དང་སོ་སོ་ཡང་དག་པར་རིག་པ་དང་གཟུངས་དང་རྣམ་པར་ཐར་པ་དང་མི་འཇིགས་པ་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་དང་ལྡན་པར་འགྱུར་རོ་ཞེས་བརྗོད་པར་
བྱའོ། །བཞུགས་པའི་ཚིག་ཅེས་བྱ་བ་ལ་སོགས་པས་གླེང་གཞིའི་ཚིག་ནས་བརྩམས་ཏེ་ལེའུ་བཅུ་གཉིས་པའི་ཐ་མལ་པའི་བསྒྲུབ་པ་ནི་བསྐྱེད་པའི་རིམ་པ་དང་མཆོག་གི་རྫོགས་པའི་རིམ་པ་སོ་སོར་བསྟན་པ་ནི་ཇི་ལྟར་འབྱུང་བ་བཤད་ནས་བསྐྱེད་པའི་རིམ་པ་ནི་ཏིང་ངེ་འཛིན་གསུམ་གཙོ་
เล่ม ๓๓ · หน้า 51b
བོར་གྱུར་པ་བསྒྲུབ་པ་ནི་སྐུ་བསྒྲུབ་པའི་དོན་དུ་ཡན་ལག་ནི་བསྙེན་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་བཞི་ཡང་གསལ་བར་བྱ་བའི་ཕྱིར་ནི་རྒྱས་པར་བཤད་པའི་ཕྱིར་བསྟན་པར་བྱ་སྟེ། བསྙེན་ཅིང་དམིགས་པར་བྱ་བ་ཡིན་པས་ན་ཞེས་པ་ནི་མདོར་བསྟན་པའོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་
ཏེ། སྙིང་རྗེ་ཆེན་པོ་བསྒོམ་པ་སྔོན་དུ་འགྲོ་བར་གནས་གཟུང་བ་དང་བགེགས་བསྐྲད་པ་དང་། སྟོང་པ་ཉིད་བསྒོམ་པ་དང་ཡེ་ཤེས་ཀྱི་ས་གཞི་བསྒོམ་པ་དང་གཞལ་ཡས་ཁང་པ་བསྐྱེད་པ་དང་ལྷག་པར་མོས་པའི་དཀྱིལ་འཁོར་བསྒོམ་པ་དང་། དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་སྟེ་བསྙེན་པའོ། །
དེ་ནས་ཡིག་འབྲུ་དགོད་པ་དང་དེ་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་དང་པདྨ་བསྒོམ་པ་དང་ཡི་གེ་གསུམ་དགོད་པ་དང་། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང་། དེ་ལ་ཉི་མ་ལ་སོགས་པ་ཞུགས་པ་དང་དེའི་སྟེང་དུ་ཡིག་འབྲུ་དགོད་པ་ཞེས་བྱ་བ་ནི་ཉེ་བར་བསྒྲུབ་པའོ། །ས་བོན་ཡོངས་སུ་
གྱུར་པ་ལས་ཕྱག་མཚན་བསྒོམ་པ་དང་། དེ་ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པ་དང་། ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ཞེས་པ་ནི་བསྒྲུབ་པ་སྟེ་དང་པོ་སྦྱོར་བའོ། །ཕྱག་
རྒྱ་ལེགས་པར་སྦྱངས་པ་དང་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་དང་། རྗེས་སུ་ཆགས་པ་དང་མཆོད་པ་དང་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པས་ཕྱུང་བའི་སྔགས་ཀྱིས་མི་བསྐྱོད་པ་ལ་སོགས་པ་སྤྲོ་བ་དང་དེ་རྣམས་ཀྱིས་ཀྱང་འགྲོ་བའི་དོན་བྱ་བ་དང་། དབང་བསྐུར་བ་དང་རྒྱས་བཏབ་པ་སྟེ་
དཀྱིལ་འཁོར་རྒྱལ་བ་མཆོག་གོ། །ཕྲ་མོའི་རྣལ་འབྱོར་དང་བཟླས་པའི་ཆོ་ག་དང་བྱ་བ་བྱས་ནས་འོད་དུ་ཞུ་བ་དང་ལྷ་མོ་རྣམས་ཀྱིས་བསྐུལ་བ་དང་ལངས་པ་དེ་ལ་དེ་བཞིན་གཤེགས་པ་ལྔས་བསྟོད་པ་དང་ཚིམ་པའི་ཆོ་ག་དང་ནང་གི་སྦྱིན་སྲེག་དང་གཏོར་མ་དང་། མཆོད་པ་དག་དང་གཤེགས་
སུ་གསོལ་བ་དང་ཉལ་བ་སྟེ་བསྒྲུབ་པ་ཆེན་པོ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། །དེ་ལྟར་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་ཏིང་ངེ་འཛིན་གསུམ་གྱིས་བསྡུས་སོ། །དང་པོ་སྦྱོར་བ་ཡན་ལག་བཞིའི་བདག་ཉིད་ཀྱིས་བསྙེན་པ་དང་ཉེ་བར་བསྙེན་པ་དང་སྒྲུབ་པ་གསུམ་བསྡུས་པས་སོ། །དཀྱིལ་
เล่ม ๓๓ · หน้า 52a
འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་དག་གིས་སྒྲུབ་པ་ཆེན་པོ་གཅིག་བསྡུས་སོ། །དེ་ཉིད་བསྟན་པའི་ཕྱིར་དེ་བཞིན་ཉིད་ནི་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་བ་སྔོན་དུ་འགྲོ་བས་བགེགས་བསྐྲད་པའི་འོག་ཏུ་སྟོང་པ་ཉིད་བསྒོམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་
སའི་ཆ་ལ་སོགས་པ་ཡང་དག་པར་སྦྱངས་ཤིང་ཞེས་པ་ནི་ཡེ་ཤེས་ཀྱི་ས་གཞི་བསྐྱེད་པ་དང་གཞལ་ཡས་ཁང་པ་དབྱུང་བ་དང་ལྷག་པར་མོས་པའི་དཀྱིལ་འཁོར་དང་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། སྟོང་པ་ཉིད་དམིགས་པ་ཞེས་པ་ནི་དོན་དམ་པའི་
དཀྱིལ་འཁོར་བསྒོམ་པའི་བར་དུ་ཡན་ལག་དང་པོ་སྟེ་བསྙེན་པ་ཞེས་བྱའོ། །ཉི་མ་ལ་སོགས་པ་དམིགས་པ་ཞེས་པ་ནི་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའི་འོག་ཏུ་ཡིག་འབྲུ་དགོད་པ་དང་དེ་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་དང་པདྨ་བསྒོམ་པ་དང་། དེའི་སྟེང་དུ་ཡི་གེ་གསུམ་ཡོངས་སུ་
གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་དང་དེ་ལ་ཉི་མ་ལ་སོགས་པ་འཇུག་པ་དང་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་རང་གི་སེམས་སོ་སོར་རྟོག་པ་དང་། དེའི་སྟེང་དུ་ཡིག་འབྲུ་དགོད་པའོ། །དེ་ཉིད་བསྟན་པའི་ཕྱིར། དེ་ཉིད་སྔགས་རྣམ་པར་དགོད་པའི་མཐར་ཐུག་པ་འབྱུང་བ་ནི་ཞེས་བསྟན་ཏོ། །
ཉེ་བར་བསྒྲུབ་པ་འབྱུང་བ་སྟེ་གཉིས་པ་ནི་ཡན་ལག་གཉིས་པའོ། །སྒྲུབ་པ་ནི་སྐུ་བསྒྲུབ་པའོ། །ཉེ་བར་གཞག་པ་ནི་དམིགས་པའི་དོན་དུ་ཡིག་འབྲུ་ཡོངས་སུ་གྱུར་པ་ནས་ཕྱག་མཚན་བསྒོམ་པ་དང་སྐུ་བསྒྲུབ་པ་བསྟན་ཏོ། །གསོལ་བ་འདེབས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་
བརླབ་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །མཉམ་པར་གྱུར་པ་ནི་མི་འདའ་བའི་ཕྱིར་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་བསྒོམ་པ་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བསྒྲུབ་པའི་དོན་ནི་དབུས་ཀྱི་གཙོ་བོ་བསྐྱེད་པའི་མཚན་ཉིད་ཀྱི་རྣལ་འབྱོར་རོ། །དམ་ཚིག་ནི་
ཏིང་ངེ་འཛིན་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་བསྒོམ་པའི་མཚན་ཉིད་དེ་རྗེས་སུ་རྣལ་འབྱོར་རོ། །སྔར་བཤད་པའི་གསོལ་བ་བཏབ་པ་ཡང་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་ཤིན་ཏུ་རྣལ་འབྱོར་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་ཆེན་པོ་ཞེས་བསྟན་ཏོ། །དེ་ལྟར་
เล่ม ๓๓ · หน้า 52b
རྣལ་འབྱོར་བཞིའི་བདག་ཉིད་ཀྱི་དང་པོ་སྦྱོར་བས་བསྙེན་པ་དང་ཉེ་བར་བསྙེན་པ་དང་སྒྲུབ་པ་གསུམ་བསྡུས་སོ། །དེ་ནི་གསུམ་པ་སྟེ་སྒྲུབ་པའི་ཡན་ལག་གོ། །ལྷག་མ་ཞེས་བྱ་བ་ལ་སོགས་པས་དང་པོ་སྦྱོར་བ་ལ་ལྟོས་ནས་ཏིང་ངེ་འཛིན་གཉིས་པོ་གང་ཡིན་པ་དེ་གཉིས་ཀྱིས་སེམས་ཅན་གྱི་
ཁམས་ལ་དོན་འགྲུབ་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ཡན་ལག་བཞི་པ་བསྟན་ཏོ། །དེ་ལྟར་ཡན་ལག་བཞི་པོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རིགས་ལྔའི་དབྱེ་བ་བསྒོམས་པས་ཡོངས་སུ་ཤེས་ཏེ་འཆད་པར་འགྱུར་བ་ནི་ལེའུ་བཅུ་གསུམ་པ་ལ་སོགས་པ་ལས་ཞི་བ་ལ་
སོགས་པའི་ལས་ཀྱི་ཚོགས་དང་སྔར་བཤད་པ་ནི་ལེའུ་དགུ་པ་ལ་སོགས་པ་ལས་དམ་ཚིག་ལྔའི་སྒོམ་པ་ལ་སོགས་པ་རྣལ་འབྱོར་པས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །མདོར་བསྟན་པའོ་ཞེས་པ་ནི་བསྙེན་པ་ལ་སོགས་པ་མདོར་བསྡུས་པ་བཤད་པའོ། །མདོར་བསྟན་པ་ཞེས་བྱ་བ་ལ་
སོགས་པས་དེ་རྣམས་རྒྱས་པར་བཤད་པ་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ནི་ཞེས་བྱ་བ་ནས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའི་མཐའི་བར་བསྙེན་པ་རབ་ཏུ་བསྟན་ཏོ། །ཉི་མ་ཞེས་པ་ནས་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་པ་
ནས་ཞེས་པ་ནི་ཉེ་བར་བསྒྲུབ་པ་བསྟན་ཏོ། །ཕྱག་རྒྱ་ཆེན་པོ་གྲུབ་པའོ། །ཞེས་པ་ནས། སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །ཞེས་བྱ་བའི་བར་དུ་ནི་སྒྲུབ་པ་ཞེས་བྱ་བའི་ཡན་ལག་གསུམ་པ་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། སྔགས་ཀྱི་ཡི་གེ་མ་ལུས་པར་བཀོད་ལ་ཞེས་སྨོས་ཏེ། ཕུང་པོ་
དང་ཁམས་དང་སྐྱེ་མཆེད་རྣམས་ལ་སའི་སྙིང་པོ་ལ་སོགས་པའི་ཡིག་འབྲུའི་ཚོགས་རྣམ་པར་བཀོད་ནས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་གནོད་མཛེས་ཀྱི་བར་ཞེས་པ་ནི་སྐུའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དེ་རྣམས་ཀྱི་སྐྱེ་མཆེད་དེ་ཞེས་པ་ནི་གནས་ཏེ་གཞིའོ། །དེ་གང་
ཡིན་ཞེ་ན། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཞེས་བྱ་བ་ནི་དེ་ལ་ཕུང་པོ་རྣམས་ལ་ཨོཾ་ལ་སོགས་པ་ཡི་གེ་ལྔ་དང་སྐྱེ་མཆེད་ལ་ལྷ་ཐམས་ཅད་ལ་སོགས་པ་ཡི་གེ་བརྒྱད་པ་དང་། ཁམས་ལ་སོགས་པའི་ཡི་གེ་བཞི་དང་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་གཤིན་རྗེ་མཐར་བྱེད་ལ་སོགས་
เล่ม ๓๓ · หน้า 53a
པའི་ཡིག་འབྲུ་རྣམས་དགོད་དོ། །རིམ་པ་གསུམ་གྱི་གོ་རིམས་ཀྱིས་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་རིམ་པས་སོ། །རྒྱུ་དང་འབྲས་བུ་ཡོངས་སུ་ཤེས་ནས་ཞེས་པ་ནི་རྒྱུ་ནི་ཡིག་འབྲུ་རྣམས་སོ། །འབྲས་བུ་ནི་དེ་ལས་བྱུང་བའི་སྐུ་རྣམས་སོ། །ཡོངས་སུ་ཤེས་པ་
ཞེས་པ་ནི་དེ་ཡོངས་སུ་གྱུར་པ་ལས་མིག་ལ་སོགས་པ་དེ་རྣམས་ཀྱིས་མཚན་པར་ཤེས་ནས་སོ། །ཤིན་ཏུ་རྣལ་འབྱོར་གྱི་འོག་ཏུ་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་སྒོ་ནས་སྤྱན་མ་ལ་སོགས་པས་བཀུག་པའི་རྣམ་པར་སྣང་མཛད་ལ་སོགས་པ་དང་རོ་གཅིག་
པར་གྱུར་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་སྟེ་རྣལ་འབྱོར་ཆེན་པོ་བསྟན་ཏོ། །དེས་ནི་ཡན་ལག་བཞི་པ་དང་པོ་སྦྱོར་བ་བསྟན་པ་ཡིན་ནོ། །སྒྲུབ་པ་ཆེན་པོ་ཞེས་བྱ་བ་ནས་སྒྲ་ཇི་བཞིན་པའི་བར་དུ་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་སྟེ་སྒྲུབ་པ་ཆེན་པོ་བསྟན་
ཏོ། །རང་གི་ལྷག་པའི་སྦྱོར་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་འདོད་པའི་ལྷ་བསྒོམས་པས་ཡན་ལག་གསུམ་པའི་འོག་ཏུ་སྒྲུབ་ཐབས་ལས་གསུངས་པའི་རིམ་པས་ཕྱག་རྒྱ་ལེགས་པར་སྦྱངས་ཏེ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་པར་འཇུག་པའི་གོང་དུ་རྗེས་སུ་
ཆགས་པའི་སྔགས་དང་མཆོད་པའི་སྔགས་བརྗོད་ལ་སྙོམས་པར་ཞུགས་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་ཕྱུང་བའི་སྔགས་ཀྱིས་དཀྱིལ་འཁོར་པ་རྣམས་སྤྲུལ་ལ། དབང་བསྐུར་བ་དང་རྒྱས་གདབ་པར་བྱ་སྟེ། དངོས་གྲུབ་ཐོབ་པར་
འགྱུར་རོ་ཞེས་བྱ་བ་འདིས་ཕྲ་མོའི་རྣལ་འབྱོར་བཟླས་པ་དང་འོད་དུ་ཞུ་བ་དང་ལྷ་མོ་རྣམས་ཀྱིས་བསྐུལ་བ་དང་ལྡང་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པ་དང་ཚིམ་པ་དང་ནང་གི་སྦྱིན་སྲེག་དང་མཆོད་པ་དང་གཏོར་མ་དང་གཤེགས་སུ་གསོལ་བ་དང་ཉལ་བར་བྱས་ནས་རྡོ་རྗེ་འཆང་
ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདིས་ཏིང་ངེ་འཛིན་གཉིས་ཀྱི་བདག་ཉིད་ཀྱི་སྒྲུབ་པ་ཆེན་པོ་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱི་ཡན་ལག་བཞི་བསྟན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ཆེན་
เล่ม ๓๓ · หน้า 53b
པོའི་སྐུ་བསྐྱེད་པ་བསྟན་ནས་རྫོགས་པའི་རིམ་པས་ཀྱང་བསྟན་པར་བྱ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ཞེས་བྱ་བ་ལ་སོགས་པས་རིམ་པ་གཉིས་ཀྱི་དབྱེ་བ་བསྟན་པར་བྱ་སྟེ། ཐུན་མོང་མཆོག་གི་དབྱེ་བ་ཡིས། །ཞེས་པ་ནི་བསྙེན་པ་རྣམ་པ་གཉིས་ཏེ། །ཐུན་མོང་གི་བསྙེན་པ་དང་། །
མཆོག་གི་བསྙེན་པའོ། །དེ་ལ་ཐུན་མོང་གི་བསྙེན་པ་ནི་རྡོ་རྗེ་བཞི་པོ་དེ་སྔར་བཤད་པའོ། །མཆོག་གི་བསྙེན་པ་ནི་ཡན་ལག་དྲུག་པའི་མཚན་ཉིད་དེ། ཡན་ལག་དྲུག་གི་ལ་བརྟེན་ནས་རྡོ་རྗེ་འཆང་ཆེན་པོ་རྫོགས་པར་འགྱུར་བས་སོ། །བསྙེན་ཅིང་ཐར་འདོད་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་
རྫོགས་པའི་མཚན་ཉིད་ཀྱི་ཐར་པ་འདོད་པས་སློབ་པས་ན་བསྙེན་པའོ། །ཡོངས་སུ་དག་པའི་ལྷའི་སྐུ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ་ཡེ་ཤེས་ཀྱི་སྐུའམ་རྡོ་རྗེའི་སྐུའོ། །ཡེ་ཤེས་ནི་རྫོགས་པའི་རིམ་པའོ། །དེ་ཉིད་བདུད་རྩི་སྟེ་བཅུད་ཀྱིས་ལེན་ཏེ་ཡན་ལག་དྲུག་གི་སྦྱོར་བའི་མཚན་ཉིད་
དེའི་རྒྱུར་གྱུར་པར་བྱའོ། །རྣམ་པ་ཐམས་ཅད་ཀྱི་བདག་ཉིད་ནི་ལུས་ངག་ཡིད་ཀྱིས་སོ། །དུས་ཐམས་ཅད་དང་ཞེས་པ་ནི་ཐུན་ཐམས་ཅད་དང་ཉིན་མོ་དང་མཚན་མོ་ལའོ། །སྤྱོད་ལམ་ཐམས་ཅད་དུའོ་ཞེས་པ་ནི་ལྡང་བ་འདུག་པ་དང་ཉལ་བའི་སྟེ་འཆག་པ་ཞེས་བྱ་བ་སྟེ་བཞི་ལའོ། །ཇི་སྐད་དུ།
གཅེར་བུའམ་ནི་གཅེར་བུ་མིན། །གང་དང་གང་དུ་ཇི་བཞིན་པས། །རང་གི་ལྷག་པའི་ལྷ་དམིགས་ནས། །དེ་ཉིད་གཅིག་པུ་བསམ་པར་བྱ། །ཞེས་འབྱུང་ངོ་། །འདི་ནི་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་དྲུག་པོ་དེ་ཉིད་ཀྱིས་བསྙེན་པ་བྱའོ་ཞེས་བསྟན་ཏོ། །སྦྲུལ་ཞེས་བྱ་བ་ལ་སོགས་
པའོ་ཞེས་པ་ནི་སྦྲུལ་དང་མགོ་མེད་དང་མཐའ་མེད་དང་། བསྡུ་བ་ལ་སོགས་པ་སྟེ་མིང་བསྟན་ཏོ། །ལྷའི་དེ་ཁོ་ན་ཉིད་དོ་ཞེས་པ་ནི་སྔགས་ཀྱི་བརྗོད་བྱ་ལྷ་རྣམས་ཏེ་དོན་ཏོ། །དེ་བས་ན་ཡན་ལག་དྲུག་གི་རྣལ་འབྱོར་ཞེས་བྱ་བ་སྟེ་གང་གི་ཕྱིར་སྔགས་དང་ལྷའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་བས་ན་
དེས་ནི་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རིམ་པས་བསྙེན་པ་བྱའོ་ཞེས་པ་ནི་མཆོག་གི་བསྙེན་པ་བསྒོམ་པར་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པས་རྒྱུད་ཕྱི་མ་ལས་ཚད་མ་ཉིད་དུ་བསྟན་ཏོ། །ཡན་ལག་དྲུག་ནི་སྔར་བཤད་པས་སོ། །བསྙེན་པ་ནི་རྫོགས་པའི་རིམ་པ་བསྒོམ་པར་བྱ་བའོ། །
เล่ม ๓๓ · หน้า 54a
མཆོག་ཏུ་སྒྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བསྒྲུབ་པར་བྱ་བའོ། །གཞན་དག་ནི་ཞེས་བྱ་བ་ལ་སོགས་པ་གལ་ཏེ་དེ་ལྟར་མི་ཕྱེད་ན་དེའི་ཚེ་དངོས་གྲུབ་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། རྫོགས་པའི་རིམ་པའི་ཐབས་གཞན་མེད་པའི་ཕྱིར་རོ། །སོ་སོར་སྡུད་ཅེས་
བྱ་བ་ལ་སོགས་པས་མདོར་བསྟན་པ་སྟེ། ཡན་ལག་དྲུག་པོ་ནི་དང་པོ་མདོར་བསྡུས་པའི་སྒོ་ནས་གསུངས་པའི་ཕྱིར་རོ། །བཤད་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྒྱུད་ཕྱི་མའི་ཚད་མས་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་དེ་རྣམས་རྒྱས་པར་བསྟན་པར་བྱ་སྟེ། བཤད་པར་བྱ་བའི་ཕྱིར་ཞེས་པ་ལ་སོགས་པས་
ཡན་ལག་དྲུག་པོ་དེ་རྣམས་སྤྲོས་ནས་བཤད་པར་བྱ་སྟེ། དབང་པོ་དོན་བཅུ་རྣམས་ཀྱི་ཡང་། །ཞེས་བྱ་བ་ལ་སོགས་པས་དེ་ཉིད་དུ་སྟོན་པར་བྱེད་དེ། རྫོགས་པའི་རིམ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་སྐུ་ཅིག་ཅར་དུ་དམིགས་ལ་མིག་ལ་སོགས་པའི་དབང་པོའི་སྒོ་ནས་འདོད་པའི་ཡོན་
ཏན་ལྔ་ངན་པ་དང་འབྲིང་མཆོག་གི་དབྱེ་བས་གཅིག་ཏུ་བརྟགས་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ཚོགས་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་གནས་པ་མཆོད་པར་བྱ་ཞེས་མོས་པ་བྱས་ཏེ། དབང་པོ་གཉིས་སྦྱོར་བའི་ཏིང་ངེ་འཛིན་གྱིས་ཉེ་བར་སྤྱོད་པ་གང་ཡིན་
པ་དེ་ནི་སོ་སོར་སྡུད་པ་ཞེས་བྱ་བ་ཡན་ལག་དང་པོ་ཡིན་ཏེ་གཟུགས་ལ་སོགས་པ་རེ་རེ་སྤྱོད་པའི་ཕྱིར་རོ། །གང་གི་ཕྱིར་ཉན་ཐོས་པ་རྣམས་ཀྱིས་ཡུལ་རྣམས་ལ་སེམས་བཟློག་ཅིང་ནང་དུ་ཆུད་པ་ལ་སོགས་པ་གང་ཡིན་པ་དེ། དེ་རྣམས་ཀྱི་སོ་སོར་སྡུད་པ་ཡིན་ནོ། །དེའི་འོག་ཏུ་ཡུལ་དང་
དབང་པོའི་ཚོགས་དེ་རྣམས་གཅིག་ཏུ་བྱས་ཏེ། ལྔ་ཉིད་དུ་རྣམ་པར་བཞག་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ལྔའི་རང་བཞིན་འདི་དག་ཡིན་ནོ་ཞེས་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་ཞེས་བྱ་བ་ཡན་ལག་གཉིས་པའོ། །དེའི་དབྱེ་བ་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་
བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་ཅེས་བྱའོ། །དེ་ལ་ཡུལ་ཉེ་བར་སྤྱོད་པའི་དུས་སུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་རྟོག་པ་ནི་རྟོག་པ་སྟེ། མངོན་དུ་རྒྱུ་བ་ཡིན་པའི་ཕྱིར་རོ། །དེ་རྣམས་
เล่ม ๓๓ · หน้า 54b
ཡེ་ཤེས་ལྔའི་རང་བཞིན་ཡིན་ནོ་ཞེས་རྟོག་པ་ནི་དཔྱོད་པ་སྟེ། རགས་པའི་རྣམ་པར་རྟོག་པ་སྤངས་ནས་ཕྲ་བ་ཡིན་པས་སོ། །རྟོག་པ་དང་དཔྱོད་པ་གཉིས་མཆོག་ཏུ་འཛིན་པས་དེ་ཁོ་ན་ཉིད་ལ་མངོན་དུ་གྱུར་པ་ནི་བདག་ཡིན་ནོ་ཞེས་བསམས་ནས་དགའ་བའི་ཁྱད་པར་སྐྱེས་པ་གང་ཡིན་པ་དེ་ནི་
དགའ་བ་ཞེས་བྱ་བ་སྟེ་གསུམ་པ་སྟེ། སེམས་དང་བར་བྱེད་པའི་ཕྱིར་རོ། །སེམས་ཀྱི་བདེ་བ་དེ་ཐོབ་ནས་ལུས་ཀྱང་ཤིན་ཏུ་སྦྱང་བར་གྱུར་པ་གང་ཡིན་པ་དེ་ནི་བདེ་བའོ། །བདེ་བ་དང་ཡིད་བདེ་བ་ཡང་སྤངས་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དང་སྦྱོར་བ་སྟེ། ཤེས་པ་དང་ཤེས་བྱའི་
རང་བཞིན་ལྡོག་པ་རབ་ཏུ་ཞི་བ་ནམ་མཁའ་དང་མཚུངས་པ་འོད་གསལ་བ་ལ་གནས་པ་ཙམ་དུ་འཇུག་པ་གང་ཡིན་པ་དེ་ནི་སེམས་རྩེ་གཅིག་པ་ཞེས་བྱའོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ་རྟོག་པ་དང་དཔྱོད་པ་ནི་རྟོག་པ་དང་བཅས་པ་ཡིན་པར་སྣང་བའི་ཡེ་ཤེས་སོ། །དགའ་བ་ནི་སྣང་བ་
མཆེད་པའི་ཡེ་ཤེས་སོ། །བདེ་བ་ནི་སྣང་བ་ཐོབ་པའི་ཡེ་ཤེས་སོ། །སེམས་རྩེ་གཅིག་པ་ཉིད་ནི་འོད་གསལ་བ་སྟེ་ཐམས་ཅད་སྟོང་པ་ཞེས་བྱ་བ་སྟེ་དེ་ཁོ་ན་ཉིད་དོ་ཞེས་དགོངས་པའོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་དང་འབྲེལ་པས་བྱུང་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཐ་
མལ་པའི་ཡུལ་དུ་ཉེ་བར་སྤྱོད་ན་དེ་མི་སྐྱོ་བའི་ཕྱིར་རོ། །ཡུལ་གྱི་ཁྱད་པར་ཉེ་བར་སྤྱོད་པར་འགྱུར་བ་དེ་འབྱུང་བས་སོ། །དེ་ནི་ཡན་ལག་ལྔ་དང་ལྡན་པ་ཡན་ལག་གཉིས་པ་ཞེས་བྱའོ། །དེའི་འོག་ཏུ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་ཡན་ལག་ཐམས་ཅད་ཀྱི་ཚིགས་ལས་བྱང་ཆུབ་ཀྱི་
སེམས་ཀྱི་ཐིག་ལེ་སྤྲོས་ཏེ་སྙིང་ག་ལ་སོགས་པ་སྔགས་ཀྱི་ཐིག་ལེ་དེ་ཉིད་དམིགས་ལ་སྣའི་རྩེ་མོར་དཀྱིལ་འཁོར་བཞི་འཆར་བའི་དུས་སུ་གཡས་པ་ལ་སོགས་པའི་སྒོ་ནས་འབྱུང་བར་བསམས་ཏེ། དམར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་རྒྱུན་མི་འཆད་པ། འཁྲུལ་འཁོར་བཞིན་དུ་
འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཡན་ལག་མ་ཉམས་པའི་བཟླས་པ་ལ་སོགས་པ་གང་ཡིན་པ་དེ་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་ཡན་ལག་གསུམ་པ་སྟེ། རླུང་གི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་སོ། །པདྨའི་སྣ་རྩེ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྡོ་རྗེའི་སྣ་རྩེ་ཡང་གཟུང་བར་
เล่ม ๓๓ · หน้า 55a
བྱ་སྟེ། སྒོམ་པ་པོ་རྣམས་ནི་བུད་མེད་དང་སྐྱེས་པའི་དབྱེ་བ་དང་ལྡན་པས་སོ། །དེའི་འོག་ཏུ་ཐིག་ལེ་དེ་ཉིད་ཀྱི་གཟུགས་སྲོག་དང་རྩོལ་བའི་རིམ་པ་ཉེ་བར་བསྡུས་པ། འགྲོ་བ་དང་འོང་བ་ཐམས་ཅད་མེད་པ་སྒོ་འགགས་པ་དབུས་མ་ལ་སེམས་ཙམ་ཞུགས་པ་དེ་
ཙམ་གྱི་གནས་སྐབས་ཀྱིས་བསྒོམ་པ་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་འགགས་པ་འཛིན་པས་ནི་འཛིན་པ་ཞེས་བྱ་བ་ཡན་ལག་བཞི་པ་ཞེས་བྱའོ། །འཛིན་པ་ལ་སེམས་འཇུག་ན་ཕྱི་རོལ་གྱི་འབྱུང་བ་ཆེན་པོ་ལྔའི་རྣམ་པར་རྟོག་པ་སྤོང་བས་དེ་ཁོ་ན་ཉིད་ལས་མི་
སླུ་བའི་རྟགས་ལྔ་འབྱུང་བར་འགྱུར་ཏེ་མེའི་དུ་བ་བཞིན་ནོ། །དེ་ལ་ས་ཆུ་ལ་ཐིམ་པར་གྱུར་ན་སྨིག་རྒྱུའི་རྟགས་འབྱུང་བར་འགྱུར་རོ། །ཆུ་ལ་ས་ཐིམ་པ་སྨིག་རྒྱུ་འབྱུང་བ་སྟེ་དངོས་པོའི་ཆོས་ཡིན་ནོ། །མེ་ལ་ཆུ་ཐིམ་པས་དུ་བ་འབྱུང་བ་སྟེ་དངོས་པོའི་ཆོས་ཡིན་པས་སོ། །རླུང་ལ་མེ་ཐིམ་
པས་སྲིན་བུ་མེ་ཁྱེར་དང་འདྲ་བའི་སྣང་བའི་རྟགས་འབྱུང་བའོ། །རླུང་དང་མེ་ཕྲད་པར་འབར་བ་འབྱུང་བ་ཞེས་དངོས་པོའི་ཆོས་ཡིན་ནོ། །སྲིན་བུ་མེ་ཁྱེར་ནི་འབར་བས་གསལ་བའི་གཟུགས་ཅན་སྲིན་བུ་དང་བཅས་པའོ། །རྣམ་པར་ཤེས་པའི་ཁམས་ལ་རླུང་ཐིམ་ན་མར་མེ་ལྟ་བུའི་
རྟགས་འབྱུང་བ་སྟེ། སྣང་བ་གསུམ་ནི་གསལ་བའི་རང་བཞིན་ཡིན་པས་སོ། །རང་བཞིན་དང་སྣང་བ་འོད་གསལ་བ་ལ་ཐིམ་ན་འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་ཐམས་ཅད་སྟོང་པའི་དེ་ཁོ་ན་ཉིད་འབྱུང་ངོ་ཞེས་རྟགས་ལྔས་མྱ་ངན་ལས་
འདས་པ་འོད་གསལ་བའི་གོ་འཕང་ཐོབ་པར་བྱེད་པའོ། །འདི་ལས་དང་མཐའ་རྣམ་པར་འབྱེད་པའི་ཐེག་པ་ཆེན་པོའི་མདོའི་ཚད་མས། དང་པོ་ས་ནི་ཆུར་ཐིམ་ཞིང་། །ཞེས་བྱ་བ་ལ་སོགས་པས་གསལ་བར་བྱས་སོ། །དེའི་འོག་ཏུ་རྟགས་ལྔ་མཚོན་པར་གྱུར་ན་འོད་གསལ་བ་ལ་
འཇུག་པས་ཆད་པའི་ཕྱོགས་འདི་ཡིན་ཞེས་ཤེས་ནས་དེ་སྤོང་བའི་ཕྱིར་རིམ་པ་འདི་ཉིད་ཀྱིས་ཐིག་ལེ་དེ་ལས་མཐའ་ཡས་པའི་དེ་བཞིན་གཤེགས་པ་སྤྲོས་ཤིང་མཐའ་ཡས་པའི་ནམ་མཁའི་ཁམས་ཁྱབ་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱ་བ་རྗེས་སུ་དྲན་པ་ཡན་ལག་ལྔ་པ་སྟེ་འོད་
เล่ม ๓๓ · หน้า 55b
གསལ་བའི་རྗེས་ལ་དྲན་པའི་ཕྱིར་རོ། །རྟག་པའི་ཕྱོགས་འདི་ཡིན་ནོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་སྐུ་འཛིན་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱ་བ་ཡན་ལག་དྲུག་པ་ཞེས་བྱའོ། །དེས་ན་བསྡུས་པའི་དོན་འདི་ལྟ་སྟེ་
སོ་སོར་བསྡུས་པ་དང་བསམ་གཏན་དག་ནི་སེམས་རྣམ་པར་དག་པའི་རིམ་པས་བསྡུས་སོ། །སྲོག་དང་རྩོལ་བ་ནི་རྡོ་རྗེ་བཟླས་པའི་རིམ་པས་སོ། །འཛིན་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་སོ། །རྗེས་སུ་དྲན་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སོ། །ཏིང་ངེ་འཛིན་ནི་
ཟུང་དུ་འཇུག་པའི་རིམ་པ་བསྡུས་སོ་ཞེས་ཡན་ལག་དྲུག་གི་རྣལ་འབྱོར་ནི་རིམ་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་ཤེས་པར་བྱའོ། །དཔལ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །རྣལ་འབྱོར་རྣམས་ཞེས་བྱ་བ་ནི་དམ་བཅའ་བའོ། །བྱིན་གྱིས་རླབ་
དང་། ཞེས་བྱ་བ་ལ་སོགས་པ་མདོར་བསྟན་ཏོ། །བྱིན་རླབས་ཙམ་གྱིས་ང་རྒྱལ་བསྐྱེད། །ཅེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པར་བྱ་བའོ། །དེ་ལ་ལྷག་པར་མོས་པའི་དཀྱིལ་འཁོར་དུ་ལྷའི་ང་རྒྱལ་གྱི་སྒོ་ནས་རྡོ་རྗེ་འཆང་ལ་སོགས་པ་བསྒོམ་པ་གང་ཡིན་པ་དེ་ནི་བྱིན་གྱིས་
བརླབ་པའི་རྣལ་འབྱོར་རོ། །ཟླ་བ་དང་རྡོ་རྗེ་ལ་སོགས་པའི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་སྐུ་བསྐྱེད་པ་ནི་རྟག་པའི་རྣལ་འབྱོར་རོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་འམ་ཟུང་དུ་འཇུག་པའི་རིམ་པས་སྐུ་བྱུང་བ་གང་ཡིན་པ་དེ་ནི་རྫོགས་པའི་རྣལ་འབྱོར་ཞེས་བྱའོ། །
དེ་བས་ན་རྣལ་འབྱོར་གཉིས་ནི་བསྐྱེད་པའི་རིམ་པའི་ཡན་ལག་དང་གཅིག་ནི་རྫོགས་པའི་རིམ་པའི་ཡན་ལག་ཅེས་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ཚད་མས་བརྟགས་པ་དང་ཡོངས་སུ་དག་པའི་དབྱེ་བས་ལྷའི་སྐུ་རྣམ་པ་གཉིས་སུ་བསྟན་ཏོ། །
དེ་ལ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུ་སྒྱུ་མ་ལ་སོགས་པའི་རང་བཞིན་དང་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ་ཡོངས་སུ་དག་པའི་བདག་ཉིད་རྒྱས་པར་བསྟན་ཏོ། །ཡོངས་སུ་མ་དག་པ་ཞེས་བྱ་བ་ལ་སོགས་པས་མཚན་མ་དང་བཅས་པ་ས་བོན་ཡོངས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด