སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๒ · หน้า 137b
དང་། རྒས་པ་དང་། ཤི་བར་ཐལ་བར་འགྱུར་རོ། །འཕགས་པ་བྱམས་པས། །ཆོས་ཀྱི་དབྱིངས་ནི་དབྱེར་མེད་ཅིང་། །རིགས་ནི་ཐ་དད་རུང་མ་ཡིན། །གཞི་ཡི་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡི་དབྱེ་བ་རབ་ཏུ་གྲགས། །ཞེས་འབྱུང་ངོ་། །དེ་བཞིན་དུ། ཇི་ལྟར་རློན་པ་ཆུ་ཤིང་
སྡོང་བུ་ནི། །སྙིང་པོ་འདོད་པའི་སྐྱེས་བུས་རྣམ་དཔྱད་ན། །ཕྱི་དང་ནང་མེད་སྙིང་པོ་ཡོད་མི་སྣང་། །དེ་ལྟར་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཞེས་འབྱུང་ངོ་། །རིགས་པ་དྲུག་ཅུ་པ་ལས་ཀྱང་། །མི་རྟག་བསླུས་པའི་ཆོས་དང་ལྡན། །ཁོང་སྟོང་སྟོང་པ་བདག་མེད་པ། །དངོས་དང་
དངོས་མེད་ལ་མཁས་པས། །རྣམ་པར་དབེན་པ་ཞེས་མཐོང་ངོ་། །རྟོག་པ་མེད་ཅིང་དམིགས་པ་མེད། །བཀོད་པ་མེད་ཅིང་གནས་མེད་པ། །མ་རིག་ས་བོན་ལས་བྱུང་བའི། །ཐོག་མ་ཐ་མ་བར་མ་མེད། །ཆུ་ཤིང་ནང་ལྟར་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་དང་མཚུངས་པ། །གཞན་དག་རྨུགས་
བྱེད་འཇིགས་པ་སྟེ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ཞེས་འབྱུང་ངོ་། །དེ་བཞིན་དུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་དུ་ཡང་། །སྐྱེ་བ་ནམ་ཡང་འཐད་མ་ཡིན། །ཞེས་འབྱུང་ངོ་། །རབ་ཏུ་བྱེད་པ་ལས་ཀྱང་། །འདིར་ནི་
ཁ་ཅིག་མི་སྐྱེ་ཞིང་། །ཁ་ཅིག་ཀྱང་ནི་འཆི་མི་འགྱུར། །སེམས་ཀྱི་ངོ་བོར་རྣམ་གནས་པའི། །འཁོར་བ་ཉིད་དུ་ཤེས་པར་བྱ། །ཞེས་འབྱུང་ངོ་། །སྲིད་པ་འཕོ་བའི་མདོ་ལས་ཀྱང་། །དངོས་པོ་ལས་ཀྱང་དངོས་མི་སྐྱེ། །དངོས་མེད་ལས་ཀྱང་སྐྱེ་མི་འགྱུར། །དངོས་པོ་རྟག་ཏུ་སྐྱེ་བ་ནི། །འཁྲུལ་
པས་ནམ་མཁའི་མེ་ཏོག་བཞིན། །ཞེས་འབྱུང་ངོ་། །ཀམྤ་ལའི་ཞལ་སྔ་ནས་ཀྱིས་ཀྱང་། །དེ་ཉིད་ཡང་དག་མཐའ་ཡིན་ཏེ། །དེ་ཉིད་དེ་བཞིན་དེ་སྟོང་ཉིད། །དེ་ཉིད་མཉམ་ཉིད་དེ་གྲོལ་བ། །དེ་ཉིད་རྣམ་རིག་ཙམ་ཉིད་དེ། །ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། །རིང་པོར་མ་ཡིན་གམ་དུ་མིན། །དེ་ཉིད་
རྟོགས་པར་དཀའ་བའི་ཕྱིར། །དེ་ཡི་ངོ་བོ་སྤྱོད་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དང་པོ་མ་སྐྱེས་པའི་རང་བཞིན་གྱི་དེ་ཁོ་ན་ཉིད་ཐབས་ཀྱི་དབང་གིས་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། འདིར་སྨྲས་པ། དེ་ཁོ་ན་ཉིད་ནི་ཐབས་གང་གིས་ཀྱང་སྐྱེ་བར་མི་འགྱུར་ཏེ། རང་བཞིན་གྱིས་གྲུབ་པའི་
เล่ม ๓๒ · หน้า 138a
ཕྱིར་རོ། །འོན་ཀྱང་དེ་རང་བཞིན་གྱིས་གྲུབ་ཀྱང་དེའི་དབང་པོ་གཉིས་སྙོམས་པར་ཞུགས་པ་གསལ་བར་བྱེད་པའི་རྒྱུ་ཡིན་གྱི་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་རྒྱུ་ནི་རྣམ་པ་བཅུ་ཡང་ཡིན་ཏེ། སྐྱེ་དང་གནས་དང་གསལ་བྱེད་དང་། །འགྱུར་བ་རྐྱེན་དང་ཐོབ་པ་དང་། །སྦྱོར་དང་
གཞན་དང་རྟེན་དང་ནི། །རྒྱུ་ནི་རྣམ་པ་བཅུ་རུ་བཤད། །ཅེས་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་གསལ་བ་ཙམ་རྒྱུ་ཡིན་ན། དེ་ཁོ་ན་ཉིད་ལ་སྐྱེད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ། །འོན་ཏེ་སྐད་ཀྱི་དབྱིངས་དོན་དུ་མ་ཡིན་པས་མཛད་པའི་སྒྲ་ནི་གསལ་བར་བྱེད་པ་ཙམ་ལ་འཇུག་གི་བྱེད་པ་པོའི་ནུས་པ་ལ་མ་ཡིན་
ནོ་ཞེས་ཤིན་ཏུ་རྒྱས་པས་ཆོག་གོ། །ད་ནི་རྣལ་མ་དཔྱད་པར་བྱ་སྟེ། །སྒྲ་ཇི་བཞིན་པ་ནི་ཁྲོ་བོའི་རྒྱལ་པོ་དབྱིངས་ཙམ་བསྟན་པས་སོ། །དོན་ཡོད་པར་གྲུབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ནང་དུ་འདུས་པའི་ཕྱིར་རོ། །དོན་ཡོད་གྲུབ་པ་ནི་ཕྲག་དོག་རྣམ་པར་དག་པའི་
ངོ་བོ་ཕྲག་དོག་ཡང་ཞེ་སྡང་ལས་བྱུང་བ་སྟེ། ཞེ་སྡང་གི་ངོ་བོ་ཉིད་ཐུགས་རྡོ་རྗེ་འཛིན་པའི་རིགས་སུ་འདུས་པར་འགྱུར་རོ། །ཡང་ན་འདོད་ཆགས་ལས་བྱུང་བ་ཡིན་ན། སྣང་བ་མཐའ་ཡས་ཀྱི་རིགས་སུ་འདུས་པར་འགྱུར་རོ། །དེ་ཉིད་རྡོ་རྗེ་ཞེས་པ་ནི་རིགས་སམ་རྒྱས་བཏབ་པས་སོ། །དྲང་བའི་དོན་ཞེས་
བྱ་བ་འཕགས་པ་བདུད་རྩི་འཁྱིལ་པ་ཁྲོ་བོ་བརྗོད་པར་འདོད་པའི་ཕྱིར་རོ། །རྣམ་པར་དག་པའི་གནས་ནི་འོད་གསལ་བ་སྟེ། སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའི་སེམས་ཀྱི་དེ་ཁོ་ན་ཉིད་དོ། །ངེས་པའི་དོན་ཞེས་བྱ་བ་ནི་སེམས་རྣམ་པར་དག་པའི་རིམ་པས་སོ་སོར་
བསྟན་པས་སོ། །བགེགས་རྣམས་མཐར་མཛད་ཅིང་འཇིགས་པར་མཛད་པས་ན་ཞེས་པ་ནི་དེ་ལ་བགེགས་ནི་བདུད་བཞི་སྟེ། དེ་རྣམས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐར་བྱེད་པས་ན་བགེགས་མཐར་བྱེད་དོ། །དྲང་བའི་དོན་ནི་བདུད་འཇོམས་པ་རྣམ་པར་བསྟན་པས་སོ། །ཁམས་བཞི་
པོ་སྟེ་ཞེས་པ་ནི་ས་ལ་སོགས་པའོ། །འཕེལ་བ་དང་འགྲིབ་པ་ཞེས་པ་ནི་སྐྱེ་བ་དང་འཇིག་པ་དག་གིས་སོ། །ལུས་གཟིར་བས་ན་ཞེས་པ་ནི་ལུས་ཀྱིས་ཉེ་བར་མཚོན་པའི་སེམས་གཟིར་བས་སོ། །དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་ན། །ཞེས་པ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཡང་དག་པར་
เล่ม ๓๒ · หน้า 138b
འབྱུང་བས་སོ། །སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་ཚོགས་ཀྱིས་རྣམ་པར་རྟོག་པའི་བདག་ཉིད་སེམས་རྣམ་པར་འཇིག་ཅིང་ཉམས་པར་མཛད་དོ། །ངེས་པའི་དོན་ནི་སེམས་རྣམ་པར་དག་པའི་རབ་ཏུ་བསྟན་པའི་ཕྱིར་རོ། །དཀྱིལ་འཁོར་པ་རྣམས་མཉེས་པར་བྱེད་པའི་ཕྱིར་ཞེས་པ་ནི་དཀྱིལ་
འཁོར་གྱི་བདག་པོ་དང་བཅས་པའི་དཀྱིལ་འཁོར་བ་རྣམས་བརྒྱ་བྱིན་ལ་སོགས་པའི་བགེགས་ཀྱི་རྣམ་པར་གཡེང་བ་ལས་བསྲུང་བས་མཉེས་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བགེགས་ཐམས་ཅད་རྣམ་པར་འཇོམས་པའི་ཕྱིར་རོ་ཞེས་པ་ནི་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་རྣམས་
འཇོམས་པར་མཛད་པས་སོ། །སྒྲ་ཇི་བཞིན་པ་ནི་ཁྲོ་བོའི་རྒྱལ་པོ་དང་འབྲེལ་པའི་སྐུ་ཙམ་སྟོན་པའི་ཕྱིར་རོ། །གཞུང་དེ་ཙམ་གྱིས་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དཀྱིལ་འཁོར་པ་གཞན་རྣམས་
ཀྱི་འབྲེལ་པ་མཁན་གྱིས་ལུང་གི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལྟར་སྒོ་རྣམ་པ་བཞིར་བཀོད་ནས་ཞེས་སྨོས་ཏེ། གཤིན་རྗེ་གཤེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ནི་ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོ་རྣམས་སུ་དགོད་པར་བྱའོ། །
ཤར་གྱི་མཚམས་ནས་བརྩམས་ཏེ་ཞེས་པ་ནི་མེ་དང་། བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུའོ། །མི་གཡོ་བ་ལ་སོགས་པ་དགོད་པར་བྱའོ་ཞེས་པ་ནི་མི་གཡོ་མགོན་དང་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་དགོད་པ་ནི་བསམ་པར་བྱའོ། །ཤར་ཕྱོགས་
སུ་ནི་སྣམ་བུ་ཞེས་བྱ་བ་ལ་སོགས་པས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྣམ་བུ་བཞི་ལ་ནི་ཤར་དུ་སའི་སྙིང་པོ་དང་བྱམས་པ་དག་གོ། །ལྷོའི་སྣམ་བུ་ལ་ནམ་མཁའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དག་གོ། །ནུབ་ཀྱི་སྣམ་བུ་ལ་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་གོ། །བྱང་གི་སྣམ་བུ་ལ་ནི་ཀུན་དུ་བཟང་པོ་དང་
སྒྲིབ་པ་རྣམ་པར་སེལ་བ་དག་དགོད་པ་ནི་བསྒོམ་པར་བྱའོ། །ནང་གི་དཀྱིལ་འཁོར་ཞེས་པ་ནི་གང་དུ་བཅོམ་ལྡན་འདས་མི་བསྐྱོད་པ་དབུས་སུ་བཞུགས་པ་དང་། ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་
เล่ม ๓๒ · หน้า 139a
དགོད་པའོ། །མཚམས་སུ་ནི་སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དགོད་པར་བྱའོ། །དེའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ནས་བརྩམས་ཏེ་ཞེས་པ་ལ་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་དང་བྱང་ཆུབ་སེམས་དཔའི་སྣམ་བུའི་བར་དུ་གྲྭ་
རྣམས་ལ་གཟུགས་རྡོ་རྗེ་ལ་སོགས་པ་དགོད་དོ་ཞེས་པ་ནི་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་རྣམས་དགོད་དོ། །རེག་བྱ་རྡོ་རྗེ་མ་ནི་དབུས་ཀྱི་བདག་པོ་ལ་བརྟེན་ཏེ་བཞུགས་སོ། །སྟེང་དང་འོག་དག་ཏུ་ནི་གནོད་མཛེས་དང་གཙུག་ཏོར་དགོད་དོ་ཞེས་རིག་པར་བྱའོ། །
དེ་ལྟར་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཡིན་ནོ། །ཐམས་ཅད་ཀྱི་གདན་ལ་སོགས་པའི་ངེས་པ་ཞེས་བྱ་བ་ནི་གདན་དང་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ངེས་པའོ། །སྒྲུབ་ཐབས་སུ་བྱས་པ་ཉིད་ཡིན་ནོ་ཞེས་པ་ནི་མདོར་བསྡུས་པའི་སྒྲུབ་ཐབས་སམ་ཡང་ན་རང་གིས་བྱས་པ་
ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གང་ལས་རྟོགས་པར་བྱ་སྟེ། བཅུ་གསུམ་ལས་མ་བསྟན་ཞེ་ན། སྨྲས་པ། ལྷ་ཡི་རྣལ་འབྱོར་ཇི་ལྟ་བ། །ཞེས་བྱ་བ་ལ་སོགས་པ་ནི་ལྷའི་རྣལ་འབྱོར་ནི་བསྐྱེད་པའི་རིམ་པའོ། །དཀྱིལ་འཁོར་ནི་རྟེན་དང་བརྟེན་པའི་
མཚན་ཉིད་དོ། །གཞན་དག་ཏུ་བཤད་པའི་རྒྱུད་ལ་སོགས་པར་རོ། །རྫོགས་པ་ནི་མ་ལུས་པའོ། །བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོས་སོ། །མ་གསུངས་པ་ནི་མ་བསྟན་པའོ། །སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་པ་ཡིན་ནོ་ཞེས་པ་ལ། སློབ་དཔོན་དང་སློབ་
མའི་རིམ་པ་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་དགོངས་ནས་སོ། །གཞན་དུ་ན་གླེགས་བམ་ཀློག་པ་ཙམ་གྱིས་བདག་ཅག་སློབ་དཔོན་ཡིན་ཞེས་སྨོས་པ་རྣམས་ལ་ང་རྒྱལ་སྐྱེ་བར་གྱུར་པས་སོ། །དེ་བཞིན་དུ་འདིར་ཡང་ཞེས་པ་ནི། དཔལ་གསང་བ་འདུས་པའི་ལེའུ་དང་པོ་ལས་ཀྱང་མ་བསྟན་ཏོ། །
སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཉེ་བར་སྡུད་པའི་དུས་སུ་དཀྱིལ་འཁོར་པ་ཐམས་ཅད་སྐུའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱུང་བའི་དཀྱིལ་འཁོར་ལ་ཡང་ཞེས་པ་ནི་ཕྱུང་བའི་དུས་སུ་ཡང་ལྷ་སུམ་ཅུ་རྩ་གཉིས་དེ་བཞིན་དུ་
เล่ม ๓๒ · หน้า 139b
སྤྲོ་བར་བྱའོ། །དེ་ལྟ་ན་གང་མ་གྲུབ་པས་གྲུབ་པར་བྱེད་པ་དེ་ཡང་མ་གྲུབ་པ་ཉིད་ཅེས་འབྱུང་བས་སྐུའི་དཀྱིལ་འཁོར་ཉིད་ལ་ཡང་ངེས་པ་འདི་ག་ལས་འགྱུར་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ལན་བསྟན་ཏོ། །བཤད་པའི་རྒྱུད་ཅེས་པ་ནི། རྡོ་རྗེ་ཕྲེང་བ་
ལས་སོ། །འདུས་པ་རྣམས་ལ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པའི་རྣལ་འབྱོར་པ་རྣམས་ལའོ། །དོན་ཐེ་ཚོམ་མེད་པར་ཞེས་པ་ནི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་བཅུ་གསུམ་གྱི་བདག་ཉིད་ཡིན་ནམ་སུམ་ཅུ་རྩ་གཉིས་ཡིན་ཞེས་ཐེ་ཚོམ་མེད་པར་བྱ་བའི་
ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དཔའ་ཆེན་པོ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ལ་བོད་པའོ། །གང་གི་ཕྱིར་རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི་གཤིན་རྗེ་གཤེད་ཁོ་ན་ཞུ་བ་པོ་ཡིན་ནོ། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་
ལུས་བཤད་པའི་སྒོ་ནས་རྡོ་རྗེ་འཆང་བའི་སྐུ་ཁོ་ན་བསྟན་པར་འགྱུར་ཏེ། བདེན་པར་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་འཆང་ཆེན་པོར་དབྱེར་མེད་པ་ཡིན་ནོ། །རྒྱལ་བའི་སྐུ་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་བ་དང་། རྒྱལ་བའི་སྲས་ནི་རྒྱལ་བའོ། །ཞེས་མི་འདྲ་བ་རྣམས་ལ་གཅིག་ལྷག་མའི་བསྡུ་བའོ། །དེ་ནས་
དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་ཀྱི་སྐུ་གནས་པ་ཉིད་བསྟན་ཏོ། །དང་པོ་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས་ཞེས་བྱ་བའི་བར་དུ་ནི་གོ་སླའོ། །འོན་ཀྱང་དཀྱིལ་འཁོར་པ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཚིག་གི་ཁྱད་པར་ནི་
ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དབྱེར་མེད་པར་བསྟན་པའོ། །གཟུགས་ལ་སོགས་པ་ཡང་རྣམ་པར་དག་པར་ཤེས་པར་བྱའོ། །གང་གི་ཕྱིར་རྡོ་རྗེ་ཕྲེང་བ་ལས། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་སྐུའི་དཀྱིལ་འཁོར་ལ་དགོད་པ་མ་བསྟན་ཏོ་ཞེས་པ་ནི་ལོགས་ནས་སྨྲ་བར་བྱའོ་
ཞེ་ན། དེ་ནི་མ་ཡིན་ཏེ། དཀྱིལ་འཁོར་པ་རྣམས་ཀྱི་ཁ་དོག་ལྔ་གང་ཡིན་པ་དེ་ནི་གཟུགས་རྡོ་རྗེ་མའོ། །སྔགས་བརྗོད་པའི་སྒྲའམ་རྗེས་སུ་ཆགས་པའི་སྒྲ་རྡོ་རྗེ་མའོ། །ཞལ་གྱི་དྲི་འམ་ཆོས་འབྱུང་བའི་དྲི་ནི་དྲི་རྡོ་རྗེ་མའོ། །བདུད་རྩི་ལ་སོགས་པའི་རོ་མྱང་བ་ནི་རོ་རྡོ་རྗེ་མའོ། །རྣམ་པ་སྣ་ཚོགས་
เล่ม ๓๒ · หน้า 140a
ལ་སོགས་པའི་སྐད་ཅིག་མས་ཐོབ་པར་བྱ་བའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་རང་རིག་པའི་རྣམ་པར་དག་པའི་ངོ་བོ་ཉིད་ནི་རེག་བྱ་རྡོ་རྗེ་མའོ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །ཞེས་བྱ་བ་ལ་སོགས་པས་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་ཚུལ་དུ་
བསྟན་པའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཅན་རྡོ་རྗེ་སེམས་དཔའོ། །སྦྱངས་ཞེས་པ་ནི་དོན་དང་ལྡན་པའི་བསྟན་བཅོས་བསྟན་པའོ། །མྱ་ངན་འདས་པ་འཇུག་འགྱུར་ཞིང་། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་གནས་ཐོབ་པར་བྱེད་པའོ། །ཁྱོད་ཀྱི་རིགས་ནི་ཡོངས་སྨིན་པས། །
ཞེས་པ་ནི་བྱ་བ་བྱས་པའི་ཕྱིར་རོ། །བཅོམ་ལྡན་མྱུར་དུ་མྱ་ངན་འདས། །ཞེས་པ་ནི། ཀྱེ་བཅོམ་ལྡན་འདས་ཁྱོད་ཀྱི་སྐུ་རྡོ་རྗེ་སློབ་དཔོན་གྱི་སྐུར་སྣང་བར་འགྱུར་ཏེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་བས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་སྐུའི་དཀྱིལ་འཁོར་ཉེ་བར་
བསྡུས་པ་བསྟན་ཏོ། །མཐོང་ན་དོན་ནི་ཡོད་པ་སྐྱེ། །ཞེས་བྱ་བ་ལ་སོགས་པས་མ་འོངས་པའི་དུས་སུ་སེམས་ཅན་ཐམས་ཅད་ཀྱིས་རྡོ་རྗེ་སློབ་དཔོན་ཁོ་ན་ལ་བསྙེན་བཀུར་བྱ་ཞེས་ལུང་བསྟན་པ་ཉིད་དུ་གསུངས་སོ། །དེ་ནས་མཐོང་བ་དོན་ཡོད་བཅས། །ཞེས་པ་ནི་གཤིན་རྗེ་གཤེད་དང་ལྷན་ཅིག་ཏུའོ། །
བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །གྲགས་པ་ཆེ་ཞེས་བྱ་བ་ནི་འགྲོ་བའི་དོན་བྱེད་པས་གྲགས་པ་ཐོབ་པའོ། །དགའ་ཞིང་མགུ་ལ་ཞེས་པ་ནི་སྐུའི་དཀྱིལ་འཁོར་ཐོབ་པས་སོ། །རབ་དང་བ་ནི་དེ་བསམས་པས་སོ། །ཕྱག་འཚལ་ནས་ནི་མཆི་མ་བླགས། །ཞེས་པ་ནི་དེ་བསྒོམས་པས་སོ། །ཞེས་རྡོ་རྗེ་ཕྲེང་བ་ལས་
གསུངས་པ་འདིས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །རིགས་པ་འདིས་ཞེས་པ་ནི་སྔར་བཤད་པས་སོ། །བྲི་བའི་དཀྱིལ་འཁོར་དུ་ཡང་ཞེས་པ་ནི་སྒྲུབ་པའི་དཀྱིལ་འཁོར་དུའོ། །ལྷ་སུམ་ཅུ་རྩ་གཉིས་དགོད་པར་བྱའོ་ཞེས་པ་ནི་སྔར་བཤད་པའི་ཞལ་དང་ཕྱག་མཚན་ལ་སོགས་པའི་དབྱེ་བ་དང་ལྡན་པའི་ལྷའི་
འཁོར་ལོ་དགོད་པར་བྱ་ཞེས་བྱ་བའི་དོན་ཏོ། །བསྡུས་པའི་དོན་ནི་གླེང་གཞིའི་ཚིག་གིས་རྒྱུད་ཀྱི་དོན་མ་ལུས་པ་སོ་སོར་བསྟན་ནས་འདོད་ཆགས་ཀྱི་རིགས་ཅན་གདུལ་བར་བྱ་བའི་ཕྱིར། ལྷ་མོ་དགུའི་དབུས་སུ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་བསྟན་ཏོ། །དེའི་རྗེས་ལ་སྒྲུབ་པའི་ཐབས་ཀྱི་རིམ་པས་རྡོ་
เล่ม ๓๒ · หน้า 140b
རྗེ་འཆང་ཆེན་པོ་ལ་ཞུགས་པའི་མཚན་ཉིད་ཅན་ཐུགས་རྡོ་རྗེ་འཛིན་པ་དབུས་ཀྱི་གཙོ་བོ་ཉིད་ཡིན་པས་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ། །པདྨའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་སྤྲུལ་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་འཁོར་ལོ་སྤྲོ་བ་དང་དགོད་པའི་རིམ་པས་དཀྱིལ་འཁོར་
རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེའི་ནང་དུ་དབང་བསྐུར་བ་ལ་སོགས་པའི་མཚན་ཉིད་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དང་རྫོགས་པའི་རིམ་པ་ཡང་བསྟན་ཏོ། །དེ་གླེང་གཞིའི་ཚིག་གི་དོན་ཡིན་ཏེ། གང་གི་ཕྱིར་གླེང་གཞི་ནི་སྟོན་པ་པོ་དང་ཉན་པ་པོ་དང་། གནས་ཕུན་
སུམ་ཚོགས་པ་གཙོ་བོར་གྱུར་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་འདིས་སྟོན་པ་པོ་ཕུན་སུམ་ཚོགས་པ་གཙོར་གྱུར་པ་སྟེ་དང་པོའི་སྦྱོར་བ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་འདིས་གཞིའི་དཀྱིལ་འཁོར་གྱི་ངོ་བོ་དེ་ཉིད་ཀྱི་ཡན་ལག་སྟེ་གཞལ་
ཡས་ཁང་པ་སོ་སོར་བསྟན་པའི་ཕྱིར་རོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ཕྱུང་བའི་དཀྱིལ་འཁོར་སྤྲོ་བའི་སྒོ་ནས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །ངེས་པའི་དོན་གྱི་ཕྱོགས་སུ་ཡང་དབང་བསྐུར་བ་ལ་སོགས་པའི་མཚན་ཉིད་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དང་།
རྫོགས་པའི་རིམ་པ་མཚོན་པའོ། །བསྐྱེད་པ་དང་རྫོགས་པའི་རིམ་པ་དག་ལས་མ་གཏོགས་པའི་རྒྱུད་ཀྱི་དོན་གཞན་མེད་དོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གླེང་གཞི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གླེང་གཞི་ནི་དང་པོའི་ཚིག་དང་དེའི་ལྷག་མར་གྱུར་པ་ལེའུ་དང་པོའོ། །དབང་དུ་མཛད་ནས་
ཀྱང་ཞེས་པ་ནི་དེ་ལ་བརྟེན་པས་སོ། །དོན་གང་ཞེས་པ་ནི་རིམ་པ་གཉིས་ཀྱི་མཚན་ཉིད་དོ། །བསྟན་པ་ཞེས་པ་ནི་སོ་སོར་བསྟན་པའོ། །དེ་ཉིད་དུ་ནི་ཞེས་པ་ནི་གླེང་གཞིའི་ཚིག་ཁོ་ན་ལའོ། །རྒྱུད་ཀྱི་དོན་ཞེས་པ་ནི་རྒྱུད་ཕྱི་མ་དང་ལྷན་ཅིག་ཏུ་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་དཔལ་
གསང་བ་འདུས་པའི་རྒྱུད་ཀྱི་དོན་བསྟན་ཏོ། །ཨརྒ་ལས་སྦྲང་ཐོབ་འགྱུར་ན། །ཅི་ཡི་ཕྱིར་ནི་རི་ལ་འགྲོ། །འདོད་པའི་དོན་ནི་རྙེད་འགྱུར་ན། །མཁས་པ་གང་གིས་ཡང་འབད་བྱེད། །ཅེས་ཚིག་ལས་གླེང་གཞིའི་ཚིག་ཙམ་ཡོངས་སུ་ཤེས་པས་རྣལ་འབྱོར་པ་བྱ་བ་བྱས་པར་འགྱུར་
เล่ม ๓๒ · หน้า 141a
ཞེས་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལེའུ་བཅུ་བདུན་གྱི་བདག་ཉིད་བསྟན་ཞེ་ན། སྨྲས་པ། ལྷག་མ་ཞེས་པ་ལ། གླེང་གཞིའི་ཚིག་ལས་གཞན་ཐམས་ཅད་རྒྱུད་ཀྱི་ལུས་ནི་ལྷག་མའོ། །དགོས་པ་ལས་གཞན་ནི་ལྷག་མ་ཡིན་ཞེས་འབྱུང་ངོ་། །ཞར་ལ་བྱུང་བ་ཞེས་པ་ནི་གླེང་གཞིའི་
ཚིག་གིས་རྒྱུད་ཀྱི་དོན་ཤེས་ཀྱང་དེའི་སྤོབས་པའི་མཚན་ཉིད་ནི་ཞར་ལ་བྱུང་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། སྒྲུབ་པའི་དེ་རྣམས་ནི་ལེགས་པར་གཟུང་བ་ཡིན་ཏེ། གང་གི་མཚན་ཉིད་དང་སྤྲོས་པ་ཡོད་པའོ་ཞེས་འབྱུང་ངོ་། །དེ་བཞིན་དུ། ཡང་རྒྱས་པར་བཤད་པ་ནི་ཤིན་ཏུ་གསལ་བར་འགྱུར་
རོ་ཞེས་འབྱུང་བས་སོ། །གལ་ཏེ་དེ་ལྟ་ཡིན་ན་བཤད་པའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཡན་ལག་གི་རྒྱུད་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཤེ་ན། སྨྲས་པ། འདིར་ནི་བསྐལ་པ་དང་པོ་འདི་ལ་བཅོམ་ལྡན་འདས་ཀྱིས་ཞལ་གྱི་མན་ངག་ཁོ་ན་གསུངས་ཏེ། དེ་ཙམ་གྱིས་གདུལ་བྱ་
རྣམས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་ཞལ་གྱི་མན་ངག་འཛིན་པར་ནུས་པ་མེད་པར་གཟིགས་ནས་རྩ་བའི་རྒྱུད་རྣམས་གསུངས་པས་གླེགས་བམ་དུ་གྲགས་སོ། །དེའི་ཡང་རྗེས་སུ་རྩ་བའི་རྒྱུད་ཀྱིས་ཀྱང་རྟོགས་པ་མེད་པས་རྒྱུད་ཕྱི་མ་ཡན་ལག་གི་རྒྱུད་གསུངས་སོ། །དེའི་
རྗེས་སུ་རྒྱུད་ཕྱི་མ་དང་ཡན་ལག་གི་རྒྱུད་ཀྱིས་གང་གསལ་བར་མ་གྱུར་པས་བཤད་པའི་རྒྱུད་རྣམས་ཀྱང་གསུངས་ཏེ། གང་གི་ཚེ་དེ་རྣམས་ཀྱིས་ཀྱང་རྟོགས་པར་མ་གྱུར་ན་དེའི་ཚེ་སྔོན་གྱི་སློབ་དཔོན་ཁྱད་པར་དུ་གྱུར་པ་རྣམས་ཀྱིས་འགྲེལ་པ་དང་། དཀའ་འགྲེལ་དང་།ཊཱི་ཀཱ་དང་། རྒྱན་ལ་
སོགས་པ་བྱས་པ་དང་། བྱེད་པར་ཡང་འགྱུར་རོ། །དེའི་ཕྱིར་ན་དུས་ཀྱིས་དབྱེ་བ་དང་། གདུལ་བྱའི་བློའི་བྱེ་བྲག་ལ་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་མདོར་བསྡུས་པ་དང་རྒྱས་པར་གསུངས་པ་ཞེས་ཞར་ལ་གསུངས་པ་ལ་སྐྱོན་མེད་དོ། །སྐུ་དང་གསུང་དང་ཐུགས་གསང་བ་ལ་
གཟིགས་ནས་ཞེས་པ་ལ་དོན་ནི་འདི་ཡིན་ཏེ། བསྐྱེད་པའི་རིམ་པའི་ཕྱོགས་སུ་རིགས་ལྔ་ཉེ་བར་བསྡུས་པའི་རིགས་གསུམ་གྱི་ངོ་བོ་དེ་ཁོ་ན་ཉིད་བསྟན་པས་སྐུ་གསུང་ཐུགས་སོ། །གསང་བ་ནི་དེ་ཡང་ཉེ་བར་སྡུད་པར་བྱེད་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་སོ་སོར་བསྟན་པས་སོ། །རྫོགས་པའི་རིམ་པ་ལ་
เล่ม ๓๒ · หน้า 141b
ཡང་ལུས་དང་ངག་ཡིད་རྣམ་པར་དག་པའི་ངོ་བོ་ཉིད་རྡོ་རྗེ་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། བདག་བྱིན་གྱིས་རློབ་པའི་མཚན་ཉིད་དང་མན་ངག་བཞི་པའི་འོད་གསལ་བའི་མཚན་ཉིད་མངོན་པར་བྱང་ཆུབ་པའི་རིམ་པ་སོ་སོར་བསྟན་པའི་ཕྱིར། སྐུ་གསུང་ཐུགས་གང་ཡིན་པ་ལ་དེ་ཉེ་བར་
བསྡུས་པ་མྱུར་དུ་ཡང་དག་པར་སྐྱེས་པའི་བདེ་བ་གཉིས་མི་ཕྱེད་པའི་མཚན་ཉིད་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཟུང་དུ་འཇུག་པའི་རིམ་པ་སོ་སོར་བསྟན་པར་བྱེད་པའི་ཕྱིར་གསང་བ་ཡང་ཡིན་པས་སྐུ་གསུང་ཐུགས་ཀྱི་གསང་བའོ། །གཟིགས་ནས་ཞེས་པ་ནི་ཐོས་པ་དང་བསམ་
པ་དག་གིས་སོ། །ཐུགས་སུ་ཆུད་པར་ཞེས་པ་ནི་བསྒོམ་པས་སོ། །མཛད་པ་ནི་རྡོ་རྗེ་འཆང་ཆེན་པོ་ལས་ཐོབ་ནས་དབྱངས་དེ་ཉིད་དང་ཚིག་དེ་ཉིད་དང་། དེ་དང་མཐུན་པའི་དོན་གྱིས་སྡུད་པ་པོས་རྣམ་པར་མཛད་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་པདྨའི་ནང་དུ་བསྐྱེད་ཅིང་སྤྲུལ་པའི་དཀྱིལ་
འཁོར་རོ། །གསང་བ་འདུས་པ་ཞེས་པ་ནི་སྔར་བཤད་པའི་དོན་དང་ལྡན་པ་ལའོ། །བྱིན་གྱིས་རློབ་པ་ཞེས་པ་ནི་སྤྲོ་བ་དང་དགོད་པ་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱའོ། །ལེའུ་ཞེས་པ་ནི་འདི་ནི་གྲགས་པའི་
སྒྲ་སྟེ་རྒྱུད་ཀྱི་དོན་ཡོངས་སུ་གཅོད་པའི་མཚན་ཉིད་སོ་སོར་བསྟན་པའོ། །ཡང་ན་སྦྱོར་བ་ལ་གྲགས་པའི་སྒྲའོ། །ཡན་ལག་གི་དོན་གྱི་དབྱེ་བའི་སྒོ་ནས་གཟུང་བར་བྱའོ། །ཤ་སྦྲང་དང་མཆུ་སྙུང་ལ་སོགས་པའི་གནོད་པ་འཇོམས་པར་བྱེད་པ་གོས་སུ་གྲགས་པ་དེ་བཞིན་དུ། ཉོན་མོངས་པ་དང་ལས་
དང་སྐྱེ་བའི་ཉེ་བར་འཚེ་བ་འཇོམས་པར་བྱེད་པས་ན། གོས་དང་འདྲ་བས་ན་གོས་སོ། །འདིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་པའི་མཚན་ཉིད་སྲིད་པའི་འཁོར་ལོ་གསུངས་པ་འདི་ལྟ་སྟེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་
གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ། །དེ་ལ་དང་པོ་དང་བརྒྱད་པ་དང་དགུ་པ་ནི་མ་རིག་པ་དང་། སྲེད་པ་དང་ལེན་པ་ནི་ཉོན་མོངས་པ་ཞེས་བྱ་བའོ། །གང་གི་ཕྱིར་ཉོན་མོངས་པ་ཐམས་
เล่ม ๓๒ · หน้า 142a
ཅད་ཀྱི་རྩ་བ་ནི་མ་རིག་པའོ། །གང་གི་ཕྱིར་མི་རྟག་པ་དང་། མི་གཙང་བ་དང་སྡུག་བསྔལ་བ་དང་། བདག་མེད་པ་རྣམས་སུ་རྟག་པ་དང་གཙང་བ་དང་། བདེ་བ་དང་བདག་ཏུ་སྣང་བ་ནི་མ་རིག་པ་སྟེ། གཏི་མུག་ཆེན་པོའི་མུན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་དང་ལྷན་ཅིག་སྤྱོད་
པ་ནི་སྲིད་པ་དང་དགའ་བ་དང་ཆགས་པར་བཅས་པ་གང་གིས་སྲིད་པའི་ལོངས་སྤྱོད་རྣམས་ལ་འདོད་པ་སྐྱེ་བའོ། །དེ་དག་སྲིད་པ་སྔ་མ་མ་རིག་པ་དང་སྲིད་པ་དག་གི་འགྲོ་བ་རིགས་དྲུག་གི་སྲིད་པའི་འཁོར་ལོ་མ་ལུས་པའི་རྩ་བ་ཡིན་ནོ། །ཇི་སྐད་དུ། བདག་ཡོད་པ་ནི་གཞན་གྱི་འདུ་ཤེས་ཏེ། །རང་དང་གཞན་
གྱི་དབྱེ་བས་ཆགས་སྡང་བྱུང་། །དེ་གཉིས་ཕན་ཚུན་ཀུན་དུ་འབྲེལ་པ་ལས། །སྐྱོན་རྣམས་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་འབྱུང་ངོ་། །ལེན་པ་ཡང་དེ་དག་རྒྱས་པའི་མཚན་ཉིད་ཕུང་པོ་སོ་སོར་ལེན་པའོ། །དེ་ལྟར་ཉོན་མོངས་པ་དེ་དག་གོ། །དེ་བཞིན་དུ་གཉིས་པ་དང་བཅུ་པ་སྟེ་འདུ་བྱེད་
དང་སྲིད་པ་དག་ནི་ལས་སོ། །དེ་ལ་འདུ་བྱེད་ནི་གཉིས་ཏེ། སེམས་དང་ལྡན་པ་དང་སེམས་དང་མི་ལྡན་པའོ། །དེ་ལ་སེམས་དང་ལྡན་པ་ནི་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ནི་རྣམ་པ་གཉིས་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་
བསྟན་པའོ། །དེ་ལ་གང་ཉོན་མོངས་པ་དང་ལྡན་པ་དེ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གང་དེ་དང་བྲལ་བ་དེ་ནི་མ་བསྒྲིབས་ལ་ལུང་དུ་བསྟན་པའོ། །དེ་ལ་སེམས་དང་ལྡན་པ་ནི་སེམས་པ་དང་ཚོར་བ་དང་འདུ་ཤེས་དང་འདུན་པ་དང་རེག་པ་དང་། བློ་དང་དྲན་པ་དང་ཡིད་ལ་བྱེད་པ་དང་ལྷག་
པར་མོས་པ་དང་། ཏིང་ངེ་འཛིན་དང་། དད་པ་དང་། ངོ་ཚ་དང་ཁྲེལ་དང་སེར་སྣ་མེད་པ་དང་ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། སྦྱངས་པ་དང་བག་ཡོད་པ་དང་བཏང་སྙོམས་དང་རྣམ་པར་འཚེ་བ་མེད་པ་དང་། འདོད་ཆགས་ནས་བརྩམས་ཏེ་སྤྱོད་པའི་བར་དུ་ལྔ་བཅུ་རྩ་
གཅིག་གོ། །ཐོབ་པ་དང་མ་ཐོབ་པ་དང་། སྐལ་བ་མཚུངས་པ་དང་། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མ་ཡིན་པའི་སྙོམས་པར་ཞུགས་པ་དང་། སྲོག་གི་དབང་པོ་དང་། སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་དང་མིང་གི་ཚོགས་དང་
เล่ม ๓๒ · หน้า 142b
ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཏེ་སེམས་དང་མི་ལྡན་པ་ནི་བཅུ་བཞིའོ། །སྲིད་པ་ནི་གསུམ་སྟེ། འཆི་བའི་སྲིད་པ་དང་། བར་མ་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པའོ། །དེ་དག་ནི་ལས་ཏེ། དགེ་བ་དང་མི་དགེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །ལྷག་མ་བདུན་ནི་སྡུག་བསྔལ་ཅན་གྱི་
རྣམ་གྲངས་ཏེ་སྐྱེ་བའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང་། རྒ་ཤིའོ། །དེ་ལ་རྣམ་པར་ཤེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་
ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་བརྒྱད་དོ། །ཡང་ན་ལྔ་སྟེ། ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། རང་དང་གཞན་གྱི་རྒྱུད་ལ་གནས་པའི་དབང་པོའི་རྣམ་པར་ཤེས་པ་དང་།
འཇུག་པའི་རྣམ་པར་ཤེས་པ་དང་། གཟུགས་ལ་སོགས་པའི་སོ་སོར་སྣང་བའི་རྣམ་པར་ཤེས་པའོ། །ཡང་ན་གསུམ་སྟེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པའོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་གཅིག་ཏུ་བྱས་ཏེ།
རྣམ་པར་ཤེས་པ་གཅིག་ཅེས་ལ་ལ་འདོད་དེ། ཇི་སྐད་དུ། དོན་དང་སེམས་ཅན་བདག་རྣམ་རིག །སོ་སོར་སྣང་བ་རབ་སྐྱེ་བ། །རྣམ་པར་ཤེས་པ་དེ་དོན་མེད། །དེ་མེད་པས་ནི་དེ་ཡང་མེད། །གཅིག་ནི་རྐྱེན་གྱི་རྣམ་ཤེས་ཏེ། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ལོངས་སྤྱོད་ཡོངས་སུ་སྤྱོད་པ་དང་། སྐུལ་
བྱེད་དེ་ལ་སེམས་ལས་བྱུང་། །ཞེས་འབྱུང་ངོ་། །དེ་བཞིན་དུ་ཡང་། རྣམ་པར་སྨིན་པ་ངར་སེམས་དང་། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་འབྱུང་ངོ་། །དེ་བཞིན་དུ། གཅིག་པུ་ཉིད་ནི་གཉིས་སུ་སྣང་། །སེམས་ཉིད་རྣམ་པར་འཁྲུལ་པས་སོ། །གཟུང་འཛིན་དག་གི་དབྱེ་བ་ཡིས། །ཤིན་ཏུ་
མཁས་པས་ཅི་མིན་ནམ། །ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །མིང་དང་གཟུགས་ནི་རྣམ་པ་བཞི་སྟེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ནི་གཟུགས་མེད་པའི་ཕུང་པོའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། །དབང་པོ་དང་ཡུལ་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་བཅུ་གཅིག་
เล่ม ๓๒ · หน้า 143a
གོ། །དེ་ལྟར་ཕུང་པོ་བཞིའི་བདག་ཉིད་ཀྱི་མིང་དང་། གཟུགས་ཞེས་བྱའོ། །སྐྱེ་མཆེད་དྲུག་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་དོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པ་ནི་རིག་པའོ། །ཚོར་
བ་ནི་མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། བཏང་སྙོམས་ཀྱི་ངོ་བོ་ཉིད་དོ། །དེ་ཡང་མིག་ལ་སོགས་པའི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །སྐྱེ་བ་ཡང་རྣམ་པ་བཞི་སྟེ། སྒོ་ང་དང་། དྲོད་གཤེར་དང་། མངལ་དང་། རྫུས་ཏེ་སྐྱེས་པའོ། །དམྱལ་བ་དང་། ཡི་
དགས་དང་། བྱོལ་སོང་དང་། ལྷ་དང་། ལྷ་མ་ཡིན་དང་། མིའི་དབྱེ་བས་དྲུག་ཅེས་ལ་ལ་འདོད་དོ། །ངན་སོང་དང་བདེ་འགྲོའི་དབྱེ་བས་གཉིས་སུ་ཡང་འདོད་དོ། །རྒ་བ་ཡང་ནུས་པ་དང་བྲལ་བའི་མཚན་ཉིད་ཀྱི་ཆོས་སོ། །ཤི་བ་ནི་ཕུང་པོ་འདོར་བས་རྣམ་པར་ཤེས་པའི་སྐད་ཅིག་མ་ཚོར་
བ་ལ་གནས་པའི་ངོ་བོ་ཆོས་བདུན་པོ་དེ་དག་ནི་སྐྱེ་བ་སྟེ་སྐྱེས་པ་ལ་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་བདུན་དང་འབྲེལ་པའི་ཕྱིར་རོ། །ཉོན་མོངས་པ་དང་ལས་དང་སྐྱེ་བ་འདི་དག་གིས་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་ཚོགས་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་འཁོར་
བར་བྱེད་པས་འགྲོ་བ་གཅིག་ནས་གཅིག་ཏུ་ཐོབ་པར་གྱུར་ནས་ཉོན་མོངས་པ་ཚོན་པོ་མྱོང་བར་འགྱུར་རོ། །ཐལ་ཚན་གྱི་ཆུ་བོའི་མདོ་ལས་ཀྱང་། །ནོར་ཕྲོགས་རྐུན་མ་ལས་ཀྱང་བདག་མི་འཇིགས། །དེ་ཡིས་ནོར་ཕྲོགས་དེ་ཡང་ཡོད་མ་ཡིན། །ཡིད་ལ་བསགས་ཤིང་བསགས་པའི་
དག་པའི་ནོར། །ཐ་མལ་རྟོག་པ་དག་གིས་ངེས་པར་འཕྲོག །ཅེས་དགོན་པའི་དགེ་སློང་གིས་ལག་པ་གྱེན་དུ་བརྐྱང་ཞེས་ཉིན་མོའི་འོ་དོད་འབོད་ཅེས་འབྱུང་ངོ་། །དེ་བས་ན་ཉོན་མོངས་པའི་དབང་གིས་ལས་འབྱུང་བ་དང་། ལས་ཀྱི་དབང་གིས་སྐྱེ་བ་དང་། དེ་ལས་ཀྱང་ལས་དང་།
ཡང་ཉོན་མོངས་པ་སྐྱེ་ཞེས་འཁོར་བ་ཐ་མ་མེད་པ་འཁོར་ལོ་བཞིན་དུ་ཡོངས་སུ་འཁོར་བའོ། །སྲིད་པའི་འཁོར་ལོ་འདི་ནི་བདག་ལ་སོགས་པ་གང་གིས་ཀྱང་མི་བསྐྱེད་དེ། །སྟོང་པ་ཁོ་ན་ལས་ཀྱང་ཆོས་སྟོང་པ་འབྱུང་བའི་ཕྱིར་རོ། །ཇི་སྐད་དུ། གསུམ་ལས་གཉིས་པོ་སྐྱེ་བར་འགྱུར་བ་སྟེ། །གཉིས་ལས་བདུན་པོ་
เล่ม ๓๒ · หน้า 143b
སྐྱེ་ཞིང་བདུན་ལས་ནི། །གཉིས་པོ་ཡང་དག་སྐྱེ་འགྱུར་དེ་ཕྱིར་འདི། །ཐོག་མ་མེད་པའི་སྲིད་པའི་འཁོར་ལོ་ཡིན། །སྟོང་པ་ཁོ་ནའི་ཆོས་ལས་ཆོས་རྣམས་ནི། །སྟོང་པའི་རང་བཞིན་རབ་ཏུ་སྐྱེ་བར་འགྱུར། །ཁ་ཐོན་མར་མེ་མེ་ལོང་རྒྱ། མེ་ཤེལ་ས་བོན་སྐྱུར་དང་སྒྲ། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁན་
རྟོགས་བྱ། །ཞེས་འབྱུང་ངོ་། །དེའི་ཕྱིར་ཉོན་མོངས་པ་དང་ལས་དང་སྐྱེ་བ་ཉིད་ནི་ཉེ་བར་འཚེ་བ་སྟེ་སྐྱོན་ཆེན་པོའོ། །དེ་རྣམས་རིམ་པ་གཉིས་སྒོམ་པའི་སྒོ་ནས་བཟློག་པ་ནི་ཉེ་བར་བྱེད་པས་གོས་དང་འདྲ་བས་གོས་སོ། །དེ་ལེན་ཅིང་འཛིན་པས་ན་ཞེས་པ་ལ། བསྐྱེད་པ་དང་རྫོགས་པའི་མཚན་ཉིད་ཅན་གྱིས་
བརྗོད་པར་བྱ་བའི་དོན་རྗོད་པར་བྱེད་པའི་ཚིག་གི་མཚན་ཉིད་དོ། །དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ་ཞེས་པ་ནི་རིམ་པ་གཉིས་ཀའི་ངོ་བོ་རྟོག་པ་དང་ཡོངས་སུ་རྫོགས་པའི་ལྷའི་སྐུ་སྟོན་པར་བྱེད་པའི་ཚིག་གི་ཚོགས་ནི་ལེའུ་ཞེས་བྱ་བའི་དོན་ཏོ། །ལ་ལ་ནི་རླུང་དང་ཆར་པ་ལ་སོགས་པའི་
སྐྱོན་སེལ་བར་བྱེད་པའི་ཁྱིམ་གྱི་བླ་གབ་བཞིན་དུ་ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་ཞི་བར་བྱེད་པས་ལེའུ་ཞེས་སྨྲའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་དང་པོའོ།། །།དེ་ལྟར་ལེའུ་དང་པོས་ཐམས་ཅད་བསྐྱེད་ནས་ཞེས་པ་ནི་ལེའུ་དང་པོས་ནི་
རྒྱུད་ཀྱི་དོན་མ་ལུས་པ་མཚོན་པར་བྱེད་པ་གླེང་གཞིའི་ཚིག་གི་ཁྱད་པར་དུ་གྱུར་པའི་ལེའུས་སོ། །ཐམས་ཅད་བསྐྱེད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་མ་འོངས་པའི་སེམས་ཅན་གདུལ་བར་བྱ་བའི་ཕྱིར་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྷ་མོའི་འཁོར་ལོ་ཉེ་བར་སྤྱོད་པ་དང་། བགེགས་
བསྐྲད་པ་ནས་བརྩམས་ཏེ་གཞལ་ཡས་ཁང་པ་དང་ལྷག་པར་མོས་པའི་དཀྱིལ་འཁོར་དང་དོན་དམ་པའི་དཀྱིལ་འཁོར་དང་། པདྨ་ལ་སོགས་པའི་གདན་དང་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱ་བ་དང་། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་དཀྱིལ་འཁོར་གྱི་གཙོ་བོ་བསྒོམ་པ་དང་
མིག་ལ་སོགས་པ་བྱིན་གྱིས་རློབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་བར་དུ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་འོག་ཏུ་ཕྱག་རྒྱ་སྦྱང་བ་དང་། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་དང་། དེ་ལས་མི་བསྐྱོད་པ་ལ་སོགས་པ་དཀྱིལ་འཁོར་པ་སྤྲོ་བ་དང་། དེ་དག་གིས་སེམས་ཅན་གྱི་དོན་བྱ་བ་དང་།
เล่ม ๓๒ · หน้า 144a
དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་ཕྱོགས་སུ་དགོད་པ་དང་། ཅོད་པན་དུ་བྱ་བ་བསྟན་ཏོ། །སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་པས་ཡང་དག་པར་འབྱུང་བའི་ཡོངས་སུ་དག་པའི་ལྷའི་སྐུ་རྫོགས་པའི་རིམ་པའི་ཕྱོགས་སུ་བསྟན་པ་ནི་དེ་དག་ཐམས་ཅད་བསྐྱེད་པར་
བསྟན་ཏོ། །རྫོགས་པའི་རིམ་པ་གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་དཔལ་གསང་བ་འདུས་པའི་རྒྱུད་བསྟན་པའི་ཆེད་དུ་ལྷའི་རྣལ་འབྱོར་གཉིས་ཀྱི་རང་བཞིན་དམ་ཚིག་གི་དཀྱིལ་འཁོར་སྤྲོས་ཏེ། ད་ནི་དོན་དམ་པའི་བདེན་པ་གཅིག་པུ་གཏོད་པའི་རང་བཞིན་གྱི་དེ་ཁོ་ན་ཉིད་བསྐྱེད་པའི་རིམ་པའི་རྒྱུར་གྱུར་
པ་དང་། རྡོ་རྗེ་བཟླས་པ་ལ་སོགས་པའི་མཚན་ཉིད་རྫོགས་པའི་རིམ་པ་ལྔ་ཡང་གསལ་བར་བྱ་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ནི་གདོད་མ་ནས་མ་སྐྱེས་པའི་རང་བཞིན་སྟོན་པར་བྱེད་པའི་ལེའུའོ། །གསུངས་ཏེ་ནི་གསུངས་པའོ་ཞེས་སྦྱར་བ་ནི་བྱ་བ་དང་བྱེད་པ་པོའི་སྒྲ་དག་གི་ཕན་ཚུན་
འབྲེལ་པའོ། །རྡོ་རྗེ་འཆང་ཆེན་པོ་ནི་སྐུ་ལ་སོགས་པ་ཉེ་བར་བསྡུས་པའི་མཚན་ཉིད་དཔལ་རྡོ་རྗེ་སེམས་དཔའ་ལའོ། །མཆོད་པ་ནི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་སྤྲོས་པས་སོ། །བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ནི་བྱང་ཆུབ་སེམས་ཀྱི་ལེའུ་ཉན་པའི་དོན་དུའོ། །སྐུ་དང་གསུང་དང་
ཐུགས་དང་གསུམ་གྱི་མི་ཕྱེད་པའི་ངོ་བོ་ཉིད་ནི་ཐ་མལ་པའི་ལུས་ལ་སོགས་པ་སྟོང་པ་ཉིད་ཀྱི་བསྒོམ་པས་མི་སྣང་བར་བྱས་པས་རྡོ་རྗེའི་རང་བཞིན་དུ་སྐྱེ་བར་འགྱུར་རོ། །རྒྱུ་ལ་འབྲས་བུའི་ཉེ་བར་གདགས་པས་མཆོག་ནི་རྒྱུ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །འབྲས་བུ་ནི་དེའི་དབང་གིས་སྐུ་ལ་སོགས་
པ་མི་ཕྱེད་པར་ཐོབ་པའོ། །དེ་དག་དབྱེར་མེད་པར་བྱས་ཏེ་སྐུ་གསུང་ཐུགས་ཁོ་ན་མཆོག་ཏུ་བཤད་དོ། །གང་གི་ཕྱིར་ཉེ་བར་བཏགས་པ་ནི་རྒྱུ་མཚན་གསུམ་གྱིས་འགྱུར་ཏེ། དོན་གཙོ་བོ་བཀག་པ་དང་། རྒྱུ་མཚན་དང་དགོས་པས་སོ། །དཔེར་ན་ཚོང་དཔོན་བ་ལང་ཡིན་ཏེ། བ་ལང་དང་ཚོང་
དཔོན་ཕྱུགས་དང་མི་དང་ཤིན་ཏུ་འགལ་བ་ཡིན་པས་དོན་གཙོ་བོ་བཀག་པའོ། །རྒྱུ་མཚན་ནི་གསལ་བ་དང་བླུན་པ་ལ་སོགས་པའི་ཡོན་ཏན་དང་འབྲེལ་པའོ། །གང་གི་དབང་གིས་གཞི་མཐུན་པའི་སྒོ་ནས་བ་ལང་དང་ཚོང་དཔོན་དག་བྱེད་པའི་ཚིག་དང་པོས་སོ་སོར་བསྟན་ཏོ། །དགོས་པ་ནི་
เล่ม ๓๒ · หน้า 144b
བ་ལང་དང་འདྲ་བར་རྨོངས་པར་གྱུར་པའི་ཚོང་དཔོན་ལ་མི་རྩི་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འདིར་ཡང་སྐུ་གསུང་ཐུགས་དང་བྱང་ཆུབ་ཀྱི་སེམས་ཕན་ཚུན་འགལ་བ་སྟེ་འདུས་བྱས་པ་དང་འདུས་མ་བྱས་པ་ཉིད་ཀྱིས་དོན་གཙོ་བོ་བཀག་པའོ། །རྒྱུ་མཚན་ནི་དེ་ལ་དམིགས་པའི་ཡོན་ཏན་
གྱི་འབྲེལ་པའོ། །གང་གི་དབང་གིས་སྐུ་གསུང་ཐུགས་ནི་བྱང་ཆུབ་ཀྱི་སེམས་ཞེས་གཞི་མཐུན་པས་དོན་གཉིས་ཀ་ཡང་བྱེད་པའི་ཚིག་དང་པོས་བརྗོད་དོ། །དགོས་པ་ནི་བྱང་ཆུབ་ཀྱི་སེམས་བཞིན་དུ་སྐུ་གསུང་ཐུགས་ཀྱང་སྟོང་པ་དང་སྒྱུ་མའི་རང་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་ཡིན་པས་ཉེ་བར་
གདགས་པ་ནི་རིགས་པ་ཁོ་ནའོ། །བྱ་བའི་རྒྱུད་ལ་སོགས་པ་ལ་གནས་པ་རྣམས་ལ་མི་བསྟན་པས་ན་ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་བར་དུ་རྣལ་འབྱོར་པ་རྣམས་ལ་སྦ་བར་བྱའོ། །སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ན་ཞེས་པ་ལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་བྲལ་བ་
སྟེ། བྱང་ཆུབ་སེམས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པའི་ཕྱིར་རོ། །ཡོངས་སུ་དག་པ་ལྷའི་སྐུ་བསྐྱེད་པའི་ཕྱིར་ཞེས་པ་ནི་ཡོངས་སུ་དག་པའི་སྒྲ་འདིར་ནི་རྣམ་པ་གཉིས་ཏེ། གཅིག་ནི་སྔགས་ཀྱི་སྐུ་རྗོད་པར་བྱེད་པ་ཡིན་ཏེ། ཐ་མལ་པའི་ལུས་ལ་སོགས་པའི་རྣམ་པར་རྟོག་
པ་ཟློག་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཡེ་ཤེས་ཀྱི་སྐུ་རྗོད་པར་བྱེད་པ་སྟེ། སྒྱུ་མ་ལ་སོགས་པའི་དཔེས་ཉེ་བར་མཚོན་པའི་ཕྱིར་རོ། །རྡོ་རྗེའི་སྐུ་ཡང་ཡོངས་སུ་དག་པའི་ལྷའི་སྐུར་བརྗོད་པ་ཡིན་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱིས་རྣམ་པར་རྟོག་པའི་སྤྲོས་པ་ཐམས་
ཅད་སྤངས་པའི་ཕྱིར་རོ། །འདིར་ནི་ཐམས་ཅད་གཟུང་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། རྫོགས་པའི་རིམ་པ་སྟོན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་ཆེན་པོའི་སེམས་བརྟན་པར་མཛད་པ་ན་ཞེས་པ་ལ། བྱང་ཆུབ་ཀྱི་སེམས་ཆེན་པོ་ནི་སྟོང་པ་ཉིད་ཀྱི་
དེ་ཁོ་ན་ཉིད་དང་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་དོ། །ཆེན་པོ་ཡང་ཡིན་ལ་བྱང་ཆུབ་ཀྱི་སེམས་ཀྱང་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཆེན་པོའོ། །དེས་ནི་སེམས་ཅན་གྱི་དོན་ཆེན་པོར་འགྱུར་རོ་ཞེས་བྱ་བའོ་ཞེས་པ་ནི་སེམས་ཅན་ནི་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་རྣམས་སོ། །ཆེན་པོ་ནི་རིན་པོ་
เล่ม ๓๒ · หน้า 145a
ཆེ་ལྟ་བུའི་གང་ཟག་རྣམས་སོ། །དེ་རྣམས་ཀྱི་དོན་ནི་རང་གི་བསམ་པ་དང་མཐུན་པའི་རྣམ་པར་གྲོལ་བའི་མཚན་ཉིད་དོ། །གང་གི་ཕྱིར་ཙནྡན་ལྟ་བུ་ལ་སོགས་པ་གང་ཡིན་པ་དེ་རྣམས་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་དང་། སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་ལྷག་པར་
མོས་པས་གྲོལ་བར་འགྱུར་རོ། །རིན་པོ་ཆེ་ལྟ་བུའི་གང་ཡིན་པ་དེ་རྣམས་ཀྱང་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཞེས་པ་ནི་སངས་རྒྱས་རྣམས་ནི་མངོན་པར་
ཤེས་པ་དྲུག་དང་ལྡན་པའི་ཕྱིར་རོ། །སྒྲ་ཇི་བཞིན་པ་ནི་རིམ་པ་གཉིས་མདོ་ཙམ་བསྟན་པས་སོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་སྔགས་ཀྱི་སྐུ་རྣམས་ཐ་མི་དད་པར་བསྟན་ཏོ། །སྐུ་རྡོ་རྗེ་ལྟ་བུར་ནི་ཐུགས་ཀྱི་རྡོ་རྗེའི་ངོ་བོ་ཡང་ཡིན་ཏེ། སྐུ་རྟེན་
མེད་པས་བརྟེན་པ་ཡང་སེམས་མི་གནས་པའི་ཕྱིར་རོ། །ཐུགས་རྡོ་རྗེ་ལྟ་བུར་ཞེས་པ་ནི་སྐུ་རྡོ་རྗེའི་སྐུ་ཡང་ཐུགས་ཀྱི་རྡོ་རྗེ་འཛིན་པའི་སྐུའི་ངོ་བོ་ཡིན་ཏེ། སྐུ་ནི་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །ཚིག་ཏུ་བརྗོད་པ་ནི་ངག་ཏུ་སྨྲ་བ་སྟེ་ཞེས་པ་ལ། ཇི་སྲིད་ངག་གི་བརྗོད་པ་ནི་འཇིག་རྟེན་པའི་
བརྡ་ལ་སོགས་པ་དང་འཇིག་རྟེན་ལས་འདས་པའི་ཁ་ཐོན་དང་ཀློག་པ་དང་། བཟླས་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་གསུང་རྡོ་རྗེ་ལྟ་བུར་ཞེས་པ་ནི་གསུང་རྡོ་རྗེའི་སྐུའི་རང་བཞིན་གྱིས་ཐུགས་རྡོ་རྗེ་འཛིན་པའི་གཟུགས་ཁོ་ན་སྟེ་སེམས་ལས་ངག་བྱུང་བའི་ཕྱིར་རོ། །དེ་ལྟར་ལྟེ་བའི་ཕྱོགས་
ནས་འབྱུང་བའི་སྲོག་ཅེས་བྱ་བའི་རླུང་ཡིད་ཀྱིས་བསྐུལ་བའི་ཕྱི་རོལ་གྱི་དོན་གཟུང་བར་འདོད་པས་གནས་བརྒྱད་ཀུན་རེག་པས་ཡི་གེ་རྣམས་བསྐྱེད་པར་བྱ་སྟེ། ཡི་གེ་རྣམས་ཀྱིས་ཀྱང་ཚིག་དང་ཚིག་དེ་རྣམས་ཀྱིས་ཀྱང་ངག་ཆེན་པོ་འབྱུང་བར་འགྱུར་རོ། །དེ་བས་ན་ངག་གི་སྤྲོས་པ་ཐམས་ཅད་འདི་
སེམས་ཀྱི་རྩ་བ་ཅན་ཡིན་ནོ། །ཇི་སྐད་དུ། ནམ་མཁའ་ལས་བྱུང་རླུང་ནི་ལུས་པོ་ལས། །ཀུན་དུ་རྒྱུ་ཞིང་དབྱངས་ནི་ཁར་འབྱིན་པ། །གནས་གཞན་རྣམས་ལ་རབ་ཏུ་དབྱེ་འགྱུར་བ། །ཡི་གེ་ཉིད་དུ་གྱུར་པ་གང་དེ་སྒྲ། །ཡི་གེ་དེ་ནི་ཚངས་པ་དག་བྱེད་མཆོག །གསང་བ་ལ་གནས་བྲམ་ཟེ་
เล่ม ๓๒ · หน้า 145b
ཡང་དག་འདོད། །དེ་ནི་ཡང་དག་རབ་ཏུ་སྦྱོར་བ་ན། །ལེགས་ཐོབ་མངོན་པར་འབྱུང་བས་སྐྱེས་བུར་སྦྱར། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ། སྐུ་ལ་སོགས་པའི་རྣམ་པ་གསུམ་གྱི་ཕན་ཚུན་དབྱེར་མེད་པ་ཉིད་བསྟན་ཏོ། །སྟོང་པ་ཉིད་ཀྱི་ངོ་བོ་
ཉིད་ཅེས་པ་ནི་བགེགས་བསྐྲད་པའི་དེ་ཁོ་ན་ཉིད་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་ཐོབ་པའི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱིས་སོ། །གཅིག་ཏུ་བྱས་ནས་ཞེས་པ་ནི་ངོ་བོ་ཉིད་མེད་པ་བསྒོམ་པར་བྱའོ། །དགོངས་པ་ནི་འདི་ཡིན་ཏེ། བགེགས་བསྐྲད་པའི་བསྒོམ་པས་ཐུགས་རྡོ་རྗེ་འཆང་བསྒོམ་པ་དང་
གཞལ་ཡས་ཁང་པའི་བསྒོམ་པས་སྐུ་རྡོ་རྗེ་འཆང་བསྒོམ་པ་དང་། ལྷག་པར་མོས་པའི་དཀྱིལ་འཁོར་གྱིས་གསུང་རྡོ་རྗེ་འཆང་གི་རང་བཞིན་གྱི་སྐུ་བསྒོམ་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་གི་སྐུ་རྣམས་བསྒོམས་ནས་ཡང་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་དོན་དམ་པའི་དཀྱིལ་འཁོར་
གྱི་རིམ་པས་སྟོང་པ་ཉིད་དུ་གྱུར་པར་རྣམ་པར་བསམ་པར་བྱ་བ་དང་། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱང་བརྗོད་དོ། །དྲང་བའི་དོན་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་པའི་རྣལ་འབྱོར་ཞེས་བྱ་བའི་ཡན་ལག་དོན་དམ་པའི་
དཀྱིལ་འཁོར་གྱི་རང་བཞིན་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བསྟན་པའི་ཕྱིར་རོ། །རྫོགས་པའི་རིམ་པ་བསྟན་པའི་ཕྱིར་ཡིད་ཀྱི་རང་བཞིན་གྱི་ལུས་གཅིག་པ་ཞེས་བསྟན་ཏོ། །སེམས་གསུམ་པོ་ཞེས་བྱ་བ་ལ། ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་གསུམ་པའོ། །ཁམས་ཕྲ་བ་ནི་
འོད་གསལ་བ་དང་ལྷན་ཅིག་ཏུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལྟ་བུ་ཞེས་བྱ་བ་ནི་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པའམ་ཅིག་ཅར་གྱིས་རྫོགས་པའི་སྒྱུ་མ་ལྟ་བུའི་སྐུའོ། །ལུས་གང་བསྐྱེད་པ་ཞེས་པ་ནི་འོད་གསལ་བ་ལས་ཅིག་ཅར་རམ། རིམ་གྱིས་ཡེ་ཤེས་ཀྱི་སྐུ་སྤྲོ་བའོ། །
དེ་ནི་སེམས་ཉིད་ཡིན་ནོ་ཞེས་པ་ལ། སེམས་ལ་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་ལས་ཡེ་ཤེས་ཀྱི་སྐུ་བྱུང་བའི་ཕྱིར་རོ། །ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་དང་དེའི་ངོ་བོར་སེམས་ཉིད་སྐྱེད་ཅིག་པའོ་ཞེས་པ་ནི་ཚིག་ཏུ་བརྗོད་པ་ནི་ཡི་གེ་གསུམ་པོ་འཇུག་
เล่ม ๓๒ · หน้า 146a
པ་ལ་སོགས་པའི་རིམ་པས་བཟླ་བའོ། །དེ་གང་གི་ཚེ་འོད་གསལ་བའི་མཚན་ཉིད་སེམས་ལ་བརྟེན་ཏེ་འཇུག་པ་དེའི་ཚེ་ཚིག་ཏུ་བརྗོད་པ་ཉིད་སེམས་ཡིན་ནོ་ཞེས་རྡོ་རྗེ་བཟླས་པ་དང་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་རློབ་པའི་རིམ་པ་བསྟན་པ་ཡིན་ནོ། །སྐུ་དང་ཞེས་བྱ་བ་
ལ་སོགས་པས་བཞི་པ་དང་ལྔ་པའི་རིམ་པ་སྟོན་པར་བྱེད་དེ། དེ་ལྟར་བསྐྱེད་པའི་ཞེས་པ་ནི་རིམ་པ་གསུམ་བསྒོམ་པས་སོ། །ནམ་མཁའི་ངོ་བོ་ཉིད་ཀྱིས་ཡང་དག་པར་སྦྱོར་ཞིང་ཞེས་པ་ལ། སྒྱུ་མའི་རང་བཞིན་གྱི་ལུས་ཀྱང་འོད་གསལ་བའི་རང་བཞིན་དེ་ཁོ་ན་ཉིད་ཀྱི་རྣམ་པར་སྦྱངས་ནས་སོ། །རྡོ་རྗེ་འཆང་
ཆེན་པོར་བདག་ཉིད་བསྐྱེད་པར་བྱ་བ་སྟེ་ཞེས་པ་ལ་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་ཅན་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལས་རྫོགས་པའི་རྡོ་རྗེའི་སྐུ་རྫོགས་པར་བྱའོ་ཞེས་པ་འདིས་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ། །དེ་ལ་མདོར་བསྡུས་པ་ནི་རིགས་
བརྒྱའི་དབྱེ་བའི་འོག་ཏུ་རྫོགས་པའི་རྣལ་འབྱོར་པས་ཡི་གེ་གསུམ་པོ་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་པས་རྣམ་པ་བཅུ་གཅིག་ཡན་ལག་མ་ཉམས་པའི་བཟླས་པ་བྱ་སྟེ། ངག་སྦྱང་བའི་འོག་ཏུ་སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་ཤེས་གསུམ་པོ་གནས་གྱུར་པའི་མཚན་
ཉིད་སྣང་བ་གསུམ་རྣམ་པར་དག་པས་སེམས་ལ་དམིགས་པ་ཐོབ་ནས་དེ་ལ་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་གྱིས་སེམས་ཅན་གྱི་དོན་དུ་བླངས་ལ། སྒྱུ་མའི་སྐུ་ཡང་ཆགས་པ་དང་ཆགས་བྲལ་དང་། ཆགས་པ་བར་མའི་རིམ་པས་སྦྱང་ཞིང་འོད་གསལ་བའི་རང་བཞིན་དུ་
བྱས་ཏེ། དེ་ལས་ཀྱང་ཅིག་ཅར་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོ་རྡོ་རྗེའི་སྐུའི་རྣམ་གྲངས་ཅན་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་ཐོབ་པར་བྱ་བ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་
བསྒོམ་པར་བྱའོ། །དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལ་སོགས་པས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །སྙིང་པོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་འདི་ལ་སྙིང་པོར་གྱུར་པ་ནི་རང་གི་སྲོག་སྟེ། རྣམ་པར་ཤེས་པ་གསུམ་མོ། །དེ་ལ་གཞན་མེད་པ་ནི་རྣམ་པར་ཤེས་པའི་སྣ་ཚོགས་པ་
เล่ม ๓๒ · หน้า 146b
ཉིད་རྣམ་པ་དེ་དང་དེར་སྣང་བའི་ཕྱིར་རོ། །དེ་ཉིད་སེམས་རྣམ་པར་དག་པའི་རིམ་པས་རྣམ་པར་སྦྱངས་ནས་སེམས་ཀྱི་འོད་གསལ་བ་ཉིད་ཐོབ་པར་འགྱུར་རོ། །དེས་ནི་སེམས་རྣམ་པར་དག་པའི་རིམ་པ་བསྟན་པ་ཡིན་ནོ། །སྐྱེས་བུ་ཞེས་པ་ནི་རྣལ་འབྱོར་པས་སོ། །རླུང་གི་ཁམས་གསུམ་
པ་ཞེས་པ་ལ་རླུང་གི་ཁམས་ཀྱི་རང་བཞིན་གྱི་རང་གི་ལུས་དང་ཁམས་གསུམ་པ་ལ་ཡང་དྲི་མ་མེད་པར་མཐོང་ངོ་། །དེས་ནི་ཡི་གེ་གསུམ་གྱི་རང་བཞིན་འཇུག་པ་ལ་སོགས་པའི་རིམ་པས་ཡན་ལག་མ་ཉམས་པའི་བཟླས་པ་རབ་ཏུ་བསྟན་པ་ཡིན་ནོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །
ཁམས་གསུམ་བདག་ཉིད་ཅེས་པ་ནི་ཁམས་གསུམ་གྱི་ནང་དུ་གནས་པ་ཁྱབ་འཇུག་དང་དྲག་པོ་དང་དབྱིག་སྙིང་ལ་སོགས་པའི་ནང་ན་མཆོག་ཏུ་གྱུར་པ་ཡེ་ཤེས་ཀྱི་སྐུའི་རྣམ་གྲངས་ཅན་བདག་ལ་བྱིན་གྱིས་རློབ་པའི་རིམ་པའི་མཚན་ཉིད་ཅན་སྒྱུ་མའི་སྐུ་ཐོབ་པར་འགྱུར་རོ། །དེས་ནི་བདག་ལ་
བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །གཅིག་ཏུ་མྱུར་བར་མཐོང་བ་ནི་ཞེས་པ་ལ་ཆགས་པ་དང་ཆགས་བྲལ་དང་། ཆགས་པ་བར་མ་ཡོངས་སུ་སྤངས་ནས་གཅིག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དེ་ཁོ་ན་ཉིད་
བཞི་པའི་མན་ངག་མྱུར་བར་ཕྱི་དང་ནང་གི་ཕྱག་རྒྱའི་དབྱེ་བའམ། ཏིང་ངེ་འཛིན་གྱི་རིམ་པས་མཐོང་བ་ནི་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །བྱིན་གྱིས་བརླབས་ནས་དེ་བཞིན་ཉིད། །ཅེས་པ་ནི་ཀུན་རྫོབ་དང་དོན་དམ་པ་དང་ཆགས་པ་
དང་ཆགས་བྲལ་དང་། ཆགས་པ་བར་མ་དང་། རྟག་པ་དང་། ཆད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། ཡོད་པ་དང་མེད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དང་། སྲིད་པ་དང་ཞི་བ་དང་འཆིང་བ་དང་གྲོལ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ཡོངས་སུ་
དག་པ་དང་། མ་དག་པ་དང་། སྔགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུ་དང་། སྟོང་པ་ཉིད་དང་། སྙིང་རྗེ་དང་། ཤེས་རབ་དང་ཐབས་དང་།རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དང་། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དང་། མ་རིག་པ་དང་རིག་པ་ལ་
เล่ม ๓๒ · หน้า 147a
སོགས་པ་ནི་བྱིན་གྱིས་བརླབ་པ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་དབྱེར་མེད་པའི་སྒོ་ནས་གཞིར་གྱུར་པའོ། །དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་མི་སློབ་པའི་ལམ་གྱིས་ཁོང་དུ་ཆུད་པར་བྱའོ། །དངོས་གྲུབ་མྱུར་བ་ཞེས་པ་ནི་འཇིག་རྟེན་པ་དང་
འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱིས་མྱུར་དུ་རྒྱུར་གྱུར་པའོ། །ཐོབ་པར་འགྱུར་ཞེས་པ་ལ་རྣལ་འབྱོར་པས་ཐོབ་པར་འགྱུར་ཞེས་བྱ་བ་འདིས་ཟུང་དུ་འཇུག་པའི་རིམ་པ་རབ་ཏུ་བསྟན་པ་ཡིན་ནོ། །ངེས་པའི་དོན་ཞེས་བྱ་བ་ནི་རིམ་པ་ལྔ་པའི་རང་བཞིན་རྫོགས་པའི་རིམ་པ་
གསལ་བར་བཤད་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་ཐོག་མ་དང་བར་མ་དང་ཐ་མར་ཀུན་ལས་བཟང་པ་གང་ལ་ཡོད་པ་ཞེས་བྱ་བས་སོ། །དེའི་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པ་ནི་ངོ་མཚར་ཆེའོ་ཞེས་པ་ལ་བསྐྱེད་པའི་རིམ་པའི་ཕྱོགས་སུ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་
མཚན་ཉིད་དང་རྫོགས་པའི་རིམ་པའི་ཕྱོགས་སུ་རིམ་པ་ལྔའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་བརྟན་པ་གང་ཡིན་པ་དེ་ནི་ངོ་མཚར་ཆེའོ་ཞེས་པ་ནི་ཚིག་གཅིག་གིས་དེ་རྣམས་བསྟན་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ནི་བསྐྱེད་པའི་རིམ་པ་ལ་དོན་དམ་པའི་དཀྱིལ་འཁོར་གྱི་ངོ་བོ་སྟོང་
པ་ཉིད་མངོན་དུ་བྱའོ། །དེ་ཡིད་ཀྱི་རང་བཞིན་གྱི་ལུས་འཇུག་པ་ནི་ལྷག་པར་མོས་པའི་དཀྱིལ་འཁོར་རྡོ་རྗེ་ཕྲེང་བ་ལས་གསུངས་པ། གཟུགས་ཕུང་རྟོག་པ་མེ་ལོང་དང་། །ཞེས་བྱ་བ་ལ་སོགས་པས་མི་སྣང་བར་བྱ་བའོ། །འདི་གསལ་བ་ལས་ཞེས་བྱ་བ་ལ་སོགས་པ་ལ་འོད་གསལ་བ་
ལས་བྱུང་བའོ། །ཡོངས་སུ་དག་པའི་ལྷའི་སྐུ་འཛིན་པའི་མཚན་ཉིད་ནི་ཐ་མལ་པའི་ཕུང་པོ་ལ་སོགས་པ་ལྡོག་པའི་མཚན་ཉིད་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་པའོ། །བཞེངས་པ་ཞེས་བྱ་བ་ནི་དེ་ཉིད་དཀྱིལ་འཁོར་མ་ལུས་པ་སྤྲུལ་པར་བྱེད་པའོ། །གང་གིས་རབ་ཏུ་སྒྲོགས་ཤིང་
བརྗོད་པ་ཞེས་ངོ་མཚར་བའོ། །དགོངས་པ་མ་ཡིན་པ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པའི་དོན་དམ་པའི་དཀྱིལ་འཁོར་དང་དེ་ལས་བྱུང་བའི་དག་པའི་སྐུ་བསྟན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་དེ་ཉིད་ཀྱང་བཤད་པར་བྱ་སྟེ། དོན་དམ་པའི་བདེན་པའོ་ཞེས་པ་ནི་སེམས་རྣམ་པར་
เล่ม ๓๒ · หน้า 147b
དག་པའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བའོ། །དེར་ཡིད་ཀྱི་རང་བཞིན་གྱི་ལུས་འཇུག་པ་ནི་ཅིག་ཅར་དུ་སྤྲོས་པས་འཇའ་ཚོན་དང་འདྲ་བའི་སྐུ་མངོན་པར་བྱང་ཆུབ་པའི་རིམ་པའི་མཚན་ཉིད་ཀྱི་འོད་གསལ་བའི་དེ་ཁོ་ན་ཉིད་དང་གཅིག་ཏུ་གྱུར་པའོ། །འོད་གསལ་བ་ལས་ནི་མན་ངག་བཞི་པ་
ལས་ཡོངས་སུ་དག་པའི་ལྷའི་སྐུ་འཛིན་པའི་མཚན་ཉིད་ཅེས་པ་ནི་ཇི་སྲིད་འཁོར་བའི་བར་དུ་འགྲོ་བའི་དོན་མཛད་པར་བྱ་བའི་ཕྱིར་ཅིག་ཅར་དུ་འབྱུང་བའི་རྣམ་པ་སྣ་ཚོགས་པའི་སྤྲུལ་པ་རྣམས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པ་སྲིད་པ་དང་ཞི་བ་རོ་གཅིག་པའི་མཚན་ཉིད་དབྱིག་སྙིང་ལ་སོགས་པའི་ལྷའི་མཆོག་གི་
ཞབས་ཀྱི་པདྨ་མཆོད་པར་བྱ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པ་ཕྱག་རྒྱ་ཆེན་པོའི་རང་བཞིན་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྣམ་གྲངས་ཤེས་པ་དང་ཤེས་བྱའི་བག་ཆགས་དང་
བྲལ་བ་འོད་ཀྱི་ཚོགས་ཀྱིས་ཟླ་བ་དང་ཉི་མའི་གཟི་བརྗིད་ཟིལ་གྱིས་གནོན་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་རྡོ་རྗེའི་སྐུའི་མཚན་ཉིད་འཛིན་པ་ནི་དམིགས་པར་བྱའོ། །བཞེངས་པ་འདི་ནི་ཞེས་པ་ནི་ལྡང་བའོ། །གང་གིས་རབ་ཏུ་བསྒྲགས་ཤིང་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དགོངས་པ་
མ་ཡིན་པ་ནི་རིམ་པ་ཐ་མ་དེ་ཁོ་ན་ཉིད་སོ་སོར་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དྲུག་ཅེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་བཀའ་ལུང་ཐོས་པའི་འོག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐོས་པ་གང་ཡིན་པ་དེ་ཉིད་བསམས་
ནས་བསྒོམས་ཏེ། དེའི་དོན་སྟོན་པར་བྱེད་པ་ཚིགས་སུ་བཅད་པ་དྲུག་དྲུག་གིས་འབྱུང་བར་བསྟན་ཏོ། །དེ་ལ་རྡོ་རྗེ་འཆང་ཆེན་པོའི་ཚིགས་སུ་བཅད་པའི་དོན་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དང་དོན་དམ་པའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །གཞན་རྣམས་ཀྱི་དོན་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་སྟེ་
རྫོགས་པའི་རིམ་པའོ། །ཚིགས་སུ་བཅད་པ་བརྗོད་པའི་སྔོན་དུ་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་རྣམས་བསྟན་པའི་ཕྱིར། བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་ཅེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནོ། །དེ་མངོན་དུ་བྱ་བའི་ཐབས་ཞེས་པ་ལ། རིམ་པ་བཞི་པ་བསྒོམ་པའི་མཚན་ཉིད་
เล่ม ๓๒ · หน้า 148a
དོ། །གང་གི་ཕྱིར་རིམ་པ་བཞི་པས་རིམ་པ་ལྔ་པ་ཐོབ་པར་འགྱུར་ཞེས་པའི་དོན་ཏོ། །དགོངས་པ་མ་ཡིན་པ་ཞེས་པ་ནི་འབྲས་བུར་གྱུར་པའི་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་བརྟན་པ་དང་གཡོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྣང་བར་གྱུར་
པ་བརྟན་པ་དང་གཡོ་བའི་བདག་ཉིད་འདི་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མས་བྲལ་བ་དེ་མི་དམིགས་པའི་ཕྱིར་གཟུགས་བརྙན་བཞིན་ནོ་ཞེས་ཁྱབ་པར་བྱེད་པ་མི་དམིགས་པས་སོ། །དེའི་ཕྱིར་དངོས་པོ་རྣམས་མེད་དོ། །བསྒོམ་པར་བྱ་བ་མེད་པའི་ཕྱིར། །ཞེས་པ་ནི་ཤེས་བྱའི་ཡུལ་ཅན་གྱི་སྒོམ་པ་ཡང་
མེད་དོ། །ཡང་ན། འགྲོ་བའི་དངོས་པོ་ཐམས་ཅད་འདི། མ་བརྟགས་པ་ལ་ཉམས་དགའ་བ། །ཞེས་འབྱུང་བས་སོ། །གང་གི་ཚེ་མི་དམིགས་པའི་སྦྱོར་བས་མི་སྤྱོད་དོ། །འོན་ཀྱང་ཇི་ལྟར་སྣང་བ་ཙམ་ཡུལ་ཉིད་དུ་འདོད་པ་དེའི་ཚེ་དངོས་པོ་དེ་རྣམས་ཡོད་པ་ལྟར་སྣང་ངོ་ཞེས་འདོད་ན། དེ་ལ་
སྨྲས་པ། གང་ཡོད་པར་སྒོམ་པ་ཞེས་པ་ནི་ཡོངས་སུ་བརྟགས་པའི་ཚུལ་དུ་སྣང་བར་གྱུར་པའི་དངོས་པོའི་སྒོམ་པ་གང་ཡིན་པ་དེ་ནི་རྗེས་སུ་དྲན་པའམ་འཇོག་པ་ཉིད་གང་ཡིན་པ་དེ་ཡང་མི་རིགས་ཏེ། སྒོམ་པ་མེད་པས་ཀྱང་ཡོད་པའི་ཕྱིར་རོ། །དེའི་དགོངས་པ་ནི་གང་བརྟགས་པའི་དངོས་པོ་
འདི་ཡིན་པ་དེ་རང་ལས་གྲུབ་ན་རང་ལས་གྲུབ་པ་ནི་གཞན་ལ་རག་མ་ལས་པས་སྒོམ་པ་མི་དགོས་སོ། །ཡང་ན་གཞན་ལས་གྲུབ་པའི་དངོས་པོ་ཞེས་བརྗོད་ན་དེའི་ཚེ་དེ་ནི་ཡོད་པར་མི་བརྗོད་དེ་རྟེན་ཅིང་འབྲེལ་པ་ལས་འབྱུང་བའི་ཕྱིར་རོ། །ཇི་སྐད་དུ། དེ་དེ་རྟེན་ནས་གང་བྱུང་བ། །དེ་ཉིད་
ཀྱིས་ནི་དེ་མ་སྐྱེས། །ངོ་བོ་ཉིད་ཀྱིས་མ་སྐྱེས་གང་། །དེ་ནི་སྐྱེ་ཞེས་ཇི་ལྟར་ཡིན། །ཞེས་འབྱུང་ངོ་། །དེ་བས་ན་གཞན་ལས་གྲུབ་པའི་ཕྱོགས་སུ་ཡང་བསྒོམ་པ་ནི་དགོས་པ་མ་ཡིན་ནོ། །གལ་ཏེ་མི་དམིགས་པའི་སྦྱོར་བས་དངོས་པོ་མེད་པར་གྲུབ་པ་དང་དེ་ནས་ཡོད་པའི་བསྒོམ་པ་བཀག་
ནས་བསྒོམ་པ་ཡང་མེད་དོ་ཞེས་དགོངས་ན། དེའི་ཕྱིར་ཡོད་པ་དང་མེད་པར་འདྲེས་པའི་དངོས་པོ་ཁ་ཅིག་ཡོད་དེ་ཞེས་དགག་པར་བྱ་བའི་ཕྱིར། དངོས་པོ་མེད་པ་དང་ཡོད་པར་འདོད་པས་ལྡན་པ་ཞེས་བྱ་བ་ནི་དངོས་པོ་ཡིན་ན་རང་དང་རྗེས་སུ་མཐུན་པའི་ཚོགས་པ་ལས་བདག་ཉིད་རྙེད་པ་
เล่ม ๓๒ · หน้า 148b
དོན་གྱི་བྱ་བ་བྱེད་པ་ཡིན་པ་དེས་དངོས་པོ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བའི་མཚན་ཉིད་ནམ་ཡང་མེད་པའི་ཕྱོགས་སུ་མི་འགྱུར་རོ། །དངོས་པོ་མེད་པ་ཡང་རི་བོང་གི་རྭ་དང་འདྲ་བ་དོན་གྱི་བྱ་བ་བྱེད་པའི་ནུས་པ་དང་བྲལ་བ་བརྗོད་པར་མི་ནུས་པས་ཇི་ལྟར་དངོས་པོའི་གནས་འཐོབ་པར་འགྱུར་ཏེ་
ཕན་ཚུན་སྤངས་པའི་མཚན་ཉིད་ཅན་གྱི་འགལ་བ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཡང་ཡིན་ལ། དངོས་པོ་མེད་པ་ཡང་ཡིན་ཞེས་གཅིག་ཏུ་གཉི་གའི་ཐ་སྙད་མི་རིགས་སོ། །འོ་ན་དངོས་པོ་ཉིད་དང་སྐད་ཅིག་མ་དང་ཕན་ཚུན་འགལ་བ་ཇི་ལྟར་དངོས་པོ་གཅིག་ལ་ཡོད་
པ་དེ་བཞིན་དུ་འདིར་ཡང་ཡིན་ནོ་ཞེ་ན། སྨྲས་པ། དངོས་པོ་ཉིད་དང་སྐད་ཅིག་མ་ཉིད་ནི་དངོས་པོ་གཉིས་ནི་འཐད་དེ། འོན་ཀྱང་སྐད་ཅིག་མ་ཉིད་གང་ཡིན་པ་དེ་ཉིད་དངོས་པོ་ཉིད་དོ། །བརྟན་པ་ནི་དངོས་པོར་སྨྲ་བས་འདྲ་བ་གཞན་དང་གཞན་སྐྱེད་པས་སླུ་བའི་བློ་དང་ལྡན་པ་དངོས་པོ་བརྟན་པ་
གཅིག་འདི་ཡིན་ནོ་ཞེས་སེམས་སོ། །ཐོ་བ་ལ་སོགས་པ་འཇིག་པའི་རྒྱུ་དང་ཕྲད་པའི་དུས་སུ་རྨུགས་པའི་བློ་དང་ལྡན་པས་བུམ་པ་འཇིག་གོ་ཞེས་སེམས་སོ། །དོན་དམ་པར་དེ་ནི་ཐོག་མར་འཇིག་པ་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དངོས་པོར་སྨྲ་བ་བརྟན་པ་རྣམས་ཀྱི་
འཁྲུལ་པ་བསལ་བར་བྱ་བའི་དོན་དུ་དངོས་པོ་ཉིད་དང་སྐད་ཅིག་མ་ཉིད་ལྡོག་པའི་དབྱེ་བས་བརྟགས་ཏེ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་འབྲེལ་པ་མཁས་པ་རྣམས་ཀྱིས་བྱས་སོ། །དེ་བས་ན་འཁྲུལ་པ་ཉིད་བསལ་བར་བྱ་བའི་ཕྱིར་རྗེས་སུ་དཔག་པའི་ཚད་མ་བསྟན་ཏོ། །ལྡོག་
པ་མ་ལུས་པ་དང་ལྡན་པའི་རང་བཞིན་གྱི་དངོས་པོ་གཟུང་བ་ལ་མཁས་པ་མངོན་སུམ་གྱི་སྐད་ཅིག་མ་ཉིད་གཟུང་བ་ལ་ནུས་པ་མེད་དམ། འོན་ཀྱང་ངེས་པས་གང་ཞིག་ཆ་གཟུང་བ་མི་ནུས་པ་དེ་ལ་དེའི་ཚད་མ་ཡང་བསྟན་ཏོ། །ཆ་དང་བྲལ་བའི་ཁྱད་པར་ནི། །མངོན་སུམ་གྱིས་ནི་གཟུང་
བས་ཀྱང་། །གང་ཞིག་ཁྱད་པར་རྟོགས་ངེས་པ། །དེ་ནི་རྟོགས་པར་གྱུར་པ་ཡིན། །ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་དང་དངོས་པོ་མ་ཡིན་པ་ནི་རང་བཞིན་གཅིག་པར་བརྗོད་པར་མི་རིགས་ཏེ། ཐ་དད་པའི་ཚད་མའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལ་དོན་གྱི་བྱ་བ་བྱེད་པའི་དངོས་པོ་ནི་རང་
เล่ม ๓๒ · หน้า 149a
གི་མཚན་ཉིད་དང་མ་བྲལ་བ་འཁྲུལ་པ་མེད་པ་གསལ་བར་སྣང་བ་དབང་པོའི་མངོན་སུམ་གྱིས་ངེས་པར་འགྱུར་རོ། །དངོས་པོ་མ་ཡིན་པ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་སྣང་བ་མི་དམིགས་པས་མེད་པའི་ཐ་སྙད་དུ་བྱའོ་ཞེས་བསྒྲུབ་པ་དང་བཀག་པ་སྒྲུབ་པར་བྱེད་པ་མངོན་སུམ་
དང་རྗེས་སུ་དཔག་པའི་སྤྱོད་ཡུལ་དངོས་པོ་དང་དངོས་པོ་མ་ཡིན་པ་ཞེས་ཇི་ལྟར་དངོས་པོ་གཅིག་གི་རང་བཞིན་ཡིན། འོ་ན་དངོས་པོ་གཅིག་གཉིས་ཀའི་རང་བཞིན་དེའི་བདག་ཉིད་ཀྱིས་བཀག་པས་ཤེས་པར་བྱ་བ་མ་ཡིན་ནམ། དཔེར་ན་བུམ་པ་འདི་ཤ་ཟ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །གལ་ཏེ་ཡིན་
ན་ཤ་ཟ་ཡང་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཡོད་པའི་རང་བཞིན་གྱི་དངོས་པོ་དང་དངོས་པོ་མེད་པའི་ཆ་དང་འདྲེས་པ་ཡིན་ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། དཔེ་མི་འདྲ་བའི་ཕྱིར་རོ། །གང་གི་ཕྱིར་བུམ་པ་འདི་ཤ་ཟ་མ་ཡིན་ནོ་ཞེས་བྱ་བས། ཤ་ཟ་ལས་ལྡོག་པ་ཙམ་བསྟན་པ་ཡིན་ཏེ། བུམ་པ་ལས་
ལྡོག་པ་དང་ལྡན་པའི་སྣམ་བུ་བཞིན་ནོ། །དངོས་པོའི་ལྡོག་པ་ཇི་སྲིད་ཡོད་པ་དེ་སྲིད་དེ་བརྗོད་པའི་ནུས་པ་ཡོད་དེ། དེ་བས་ན་ཤ་ཟ་ལས་ལྡོག་པའི་རང་བཞིན་བུམ་པ་འབའ་ཞིག་སོ་སོར་སྣང་བས་འདི་ཤ་ཟ་མ་ཡིན་ནོ་ཞེས་དེའི་བདག་ཉིད་ཀྱིས་དགག་པར་རིགས་སོ། །དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་དང་ལྡན་
པའི་དངོས་པོ་ནི་མི་རིགས་སོ། །དངོས་པོ་མེད་པ་བཀག་པའི་སྒོ་ནས་དངོས་པོ་རྟོགས་པར་འགྱུར་བ་དང་། དངོས་པོ་དགག་པའི་སྒོ་ནས་ཀྱང་དངོས་པོ་མེད་པ་རྟོགས་པར་འགྱུར་རོ། །དེ་བས་ན་དངོས་པོ་དགག་པས། དངོས་པོ་མེད་པར་བྱ་བ་དང་དངོས་པོ་མེད་པ་བཀག་པས་དངོས་པོ་ངེས་པར་བྱ་བ་ཡིན་ནོ། །
དེ་བས་ན་འབའ་ཞིག་དངོས་པོ་ཙམ་དུ་འགྲུབ་པའམ་དངོས་པོ་མེད་པ་ཙམ་འགྲུབ་པ་ཡིན་གྱི་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཅན་གྱི་དངོས་པོ་ནི་གཉིས་ཀའི་རང་བཞིན་མི་རིགས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་བཤད་པར་བྱ་སྟེ། བསྒོམ་པར་བྱ་བ་ནི་ཤེས་བྱའོ། །
སྒོམ་པ་པོ་ནི་དངོས་པོ་སྒོམ་པར་བྱེད་པ་སྟེ། སྒོམ་པ་གཞལ་བར་བྱེད་པའོ། །བསྒོམ་པ་ནི་བྱ་བའི་བདག་ཉིད་མེད་དེ། ལས་དང་བྱེད་པ་པོ་གཉིས་མེད་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་ཞེས་བྱའོ། །ཡི་གེའི་དོན་ནི་ཁྱབ་པར་བྱ་བ་མི་དམིགས་པས་དངོས་པོ་ཐམས་ཅད་
เล่ม ๓๒ · หน้า 149b
ཀྱི་སྟོང་པ་ཉིད་སོ་སོར་བསྟན་པར་བྱ་བའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་རིམ་པས་དངོས་པོ་ཐམས་ཅད་ཀྱི་སྟོང་པ་ཉིད་སོ་སོར་བསྟན་པར་བྱ་བའི་ཕྱིར། སྟེང་འོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་དྲུག་དང་ལྡན་པའི་ས་ལ་སོགས་པའི་ཁམས་བཞིའོ། །དེ་རྣམས་གཅིག་དང་དུ་མ་
བྲལ་བའི་ཕྱིར་སྟོང་པ་ཡིན་ནོ་ཞེས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་རྣམ་པར་ཐར་པའི་སྒོ་གཅིག་གོ། །འདུས་བྱས་དང་འདུས་མ་བྱས་པ་ནི་འདུས་བྱས་པ་སྟེ་ཕུང་པོ་ལྔའོ། །འདུས་མ་བྱས་པ་ནི་ནམ་མཁའ་ཞེས་པ་ལ་སོགས་པའོ། །དེ་དག་ཐམས་ཅད་སྔར་བཤད་པའི་རིགས་པས་སྟོང་པ་སྟེ།
དངོས་པོ་མེད་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱི་སྒོམ་པ་གང་ཡིན་པ་དེ་ནི་སྒོམ་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་མངོན་པར་ཞེན་པར་ལྟ་བ་ཡིན་པའི་ཕྱིར་རོ་ཞེས་པ་ལ། ཆོས་ཐམས་ཅད་སྟོང་པ་ཡིན་ཞེས་མངོན་པར་ཞེན་པའི་བདག་ཉིད་ཀྱི་ལྟ་བ་གང་ཡིན་
པ་རྒྱུ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བས་འདུས་བྱས་པ་དང་འདུས་མ་བྱས་པའི་དངོས་པོའི་ཡུལ་ཅན་གྱི་བསྒོམ་པ་ནི་མི་རིགས་ཏེ། དེ་ནི་རྟེན་མེད་པའི་ཕྱིར་རོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཁོ་ན་བསྒོམ་པའི་རྟེན་ཡིན་ནོ་ཞེས་པས་ཇི་ལྟར་སྒོམ་པ་དགག་ཅེ་ན་
སྨྲས་པ། སྟོང་པ་ཉིད་ཅེས་བྱ་བ་མ་ཡིན་པར་དགག་པའི་མཚན་ཉིད་ཅན་གྱི་དོན་རྟོགས་པ་མ་ཡིན་གྱི། འོན་ཀྱང་མེད་པར་དགག་པའི་མཚན་ཉིད་དོ། །དེ་ལ་དངོས་པོ་འདྲ་བ་ཡོངས་སུ་འཛིན་པར་བྱེད་པ་དེ་མ་ཡིན་པར་དགག་པ་སྟེ། དཔེར་ན་བྲམ་ཟེ་མ་ཡིན་པ་ལ་ཁྱེར་ཤོག་ཅེས་བྱ་
བས་བྲམ་ཟེ་དང་འདྲ་བའི་རྒྱལ་རིགས་ལ་སོགས་པ་ཁྱེར་བ་ནི་རྟོགས་པའོ། །མེད་པར་དགག་པ་ནི་དངོས་པོ་མེད་པ་ཉིད་སྟོན་པར་བྱེད་པའོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་དངོས་པོ་བཀག་ནས་གང་ཡང་རུང་བའི་ཅིག་ཤོས་བརྗོད་པ་མ་ཡིན་ཏེ། གང་གིས་མངོན་པར་ཞེན་པ་ཙམ་ཡང་གཞག་
པར་བྱ། འོན་ཀྱང་དངོས་པོའི་ཆ་ཐམས་ཅད་དགག་པ་སྟོང་པ་ཡིན་ནོ། །རྣམ་པ་དུ་མས་ཐ་དད་པའི། །དངོས་པོ་རྣམས་ནི་གོས་དང་འདྲ། །སྟོང་པ་ཉིད་མེས་ཚིག་གྱུར་ན། །ཐལ་བའི་དབྱེ་བ་གང་ཡང་མེད། །སེམས་ཅན་དང་ནི་སྣོད་ཅེས་བྱ། །འཇིག་རྟེན་གཉིས་པོ་འདིར་བསྲེགས་ནས། །
เล่ม ๓๒ · หน้า 150a
རང་བདག་ཀྱང་ནི་དེ་ཉིད་དོ། །མེ་སྒྲོན་བཞིན་དུ་ཞི་བར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆ་དང་ཆ་ཙམ་གྱི་རྣམ་པར་རྟོག་པ་ཡང་སྤོང་བའི་ཕྱིར་སྟོང་པ་ཉིད་ནི་རྣམ་པ་བཅོ་བརྒྱད་དུ་གསུངས་ཏེ། ལྟ་བས་བྱས་པའི་སྐྱོན་ཀུན་ནི། །སྤོང་
ཕྱིར་སྟོང་པ་ཉིད་གསུངས་སོ། །ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་སྟོང་པ་ཉིད་ཡིན་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་སྟོང་པ་ཉིད་དང་སྟོང་པ་ཉིད་གཟུགས་སོ་ཞེས་གསུངས་ཏེ། མེད་པར་དགག་
པའི་ཕྱོགས་ནི་དོན་གྱི་བྱ་བ་བྱེད་པའི་དངོས་པོ་དང་ལྷན་ཅིག་ཏུ་དེའི་བདག་ཉིད་ཀྱི་འབྲེལ་པ་ཇི་ལྟར་ཡིན་ཞེ་ན། སྨྲས་པ། མེད་པར་དགག་པའི་བདག་ཉིད་ཅན་སྟོང་པ་ཉིད་ཡིན་ཏེ། གང་གི་ཕྱིར་སྟོང་པ་ཉིད་དང་དངོས་པོ་དག་ནི་དེའི་བདག་ཉིད་ཀྱིས་དངོས་པོ་ནི་སྟོང་པ་ཡིན་ནོ་ཞེས་རྟོགས་པ་
དང་། སྟོང་པ་ཡང་དངོས་པོ་ཡིན་ནོ་ཞེས་རྟོགས་པས་དངོས་པོ་ནི་གུད་ན་མེད་དོ། །གལ་ཏེ་དེ་ལྟར་ཡིན་ན། དོན་གྱི་བྱ་བ་བྱེད་པའི་དངོས་པོ་སྟོང་པ་ཉིད་དང་འགལ་བར་གྱུར་པས་ཇི་ལྟར་རྟོགས་ཤེ་ན། སྨྲས་པ། དོན་དམ་པ་དོན་གྱི་བྱ་བ་བྱེད་པ་མ་ཡིན་ཏེ། འཁྲུལ་པས་དེ་ལྟར་སྣང་བའི་ཕྱིར་རོ། །དཔེར་
ན་མྱ་ངམ་གྱི་སའི་བྱེ་མ་ཉི་མའི་འོད་ཟེར་གྱི་ཚོགས་དང་ཕྲད་པས་ཆུ་ལྟར་སྣང་བའི་རི་བོའི་རྩེ་ནས་ཤིན་དུ་དགའ་བས་འོངས་པའི་རི་དགས་རྣམས་ཀྱི་སྐོམ་པ་སེལ་བར་མི་བྱེད་ཀྱི་འོན་ཀྱང་རྨོས་པ་དེ་རྣམས་རྣམ་པར་སླུ་བར་བྱེད་དོ། །དེ་བཞིན་དུ་དངོས་པོ་འདི་རྣམས་ཀྱིས་དངོས་པོ་ལས་མངོན་པར་ཞེན་
པ་འཁྲུལ་པ་མེད་པའི་སེམས་ཀྱི་རྒྱུ་དང་ལྡན་པ་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱིས་ཡེ་ཤེས་ཀྱི་མིག་བཙུམས་པ་རྣམས་ཀྱིས་དོན་གྱི་བྱ་བ་མི་བྱེད་དོ། །དེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་མཚན་ཉིད་ཅན་གྱི་དོན་གྱི་བྱ་བ་གང་ཡིན་པ་དེ་ནི་རྣལ་
འབྱོར་པ་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི་བག་ཆགས་རགས་པས་བློའི་མེ་ལོང་བསྒྲིབས་པ་བདག་ཅག་ལྟ་བུ་ལ་མི་སྣང་སྟེ། མི་ཤེས་པའི་དྲི་མ་དང་ལྡན་པའི་ཕྱིར་རོ། །ཇི་སྐད་དུ། སོས་ཀའི་དུས་སུ་སྨིག་རྒྱུ་ནི། །ཇི་ལྟར་སེམས་འཁྲུལ་གཡོ་བ་སྟེ། །རི་དགས་རྣམས་ཀྱིས་ཆུར་འཛིན་
เล่ม ๓๒ · หน้า 150b
པ། །དེ་ལ་ཆུ་ངོམས་ཡོད་པ་མིན། །ཞེས་འབྱུང་ངོ་། །དེ་བཞིན་དུ་ཡང་། ཕྲ་བར་གཟིགས་པའི་སངས་རྒྱས་ཀྱིས། །ཕྲ་ཕྱིར་དེ་ནི་རང་རིག་ཡིན། །རང་གནས་ཀྱང་ནི་བདག་འདྲ་བས། །བློ་རགས་ཕྱིར་ནི་མ་མཐོང་ངོ་། །རྣལ་འབྱོར་རིག་པར་ནམ་ཡང་ནི། །ཐར་པའི་འདུ་ཤེས་རིང་མི་བྱ། །
བརྟགས་པའི་ངང་ཚུལ་རང་བདག་ཉིད། །སྟོང་པར་མཐོང་ན་ཐར་པ་ཡིན། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་དེའི་བདག་ཉིད་ཀྱི་དགག་པས་དངོས་པོ་རྣམས་སྟོང་པ་ཉིད་ཡིན་ནོ། །དེ་ཡང་མེད་པར་དགག་པའི་བདག་ཉིད་ཡིན་པས་སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ། །དེས་ནི་སྟོང་པ་ཉིད་
ཅེས་བྱ་བ་རྣམ་པར་ཐར་པའི་སྒོ་དང་པོ་བསྟན་ཏོ། །མཚན་མ་བཟློག་པར་བྱ་བའི་ཕྱིར་ཞེས་པ་ནི། རྣམ་པར་ཐར་པའི་སྒོ་གཉིས་པ་བསྟན་པར་བྱ་བའི་ཕྱིར་རོ། །གང་ཡང་རྒྱུ་དང་འབྲས་བུ་ཞེས་པ་ནི་རྒྱུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཉོན་མོངས་པ་དང་ལས་དང་སྐྱེ་བ་
ཞེས་བྱའོ། །འབྲས་བུ་ནི་སེམས་ཅན་གྱི་ཁམས་རིགས་བཞིའི་དབྱེ་བས་ཕྱེ་བར་གྱུར་པ་མཐོ་རིས་དང་ངན་སོང་ཞེས་གྲགས་པ་འགྲོ་བ་དྲུག་གོ། །དེ་རྣམས་ཀྱི་རྣམ་པ་ནི་སོ་སོར་སྣང་བའོ། །མངོན་པར་ཞེན་པ་ནི་རྒྱུ་འདི་དག་དང་འབྲས་བུ་འདི་དག་ཅེས་རྟོག་པ་དང་ཐ་སྙད་དོ། །དེ་ཉིད་ཀྱང་རིགས་པ་མ་ཡིན་
ཏེ་ཞེས་པ་ནི་རིགས་པས་མི་འགྲུབ་པོ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཕྱིར་ནི་བྱ་བ་དང་བྱེད་པ་དག་གཉིས་སུ་མེད་པ་སྟེ་རྒྱུ་ནི་རང་བཞིན་གྱིས་ངོ་བོ་མེད་པ་དང་། འབྲས་བུ་ཡང་རང་བཞིན་གྱིས་ངོ་བོ་མེད་པའོ། །ཇི་སྐད་དུ། སྒྱུ་མ་རྨི་ལམ་སྨིག་རྒྱུ་ཆུ་ཟླ་དང་མཚུངས་སྲིད་པ་འདི་དག་གསུམ། །ཡོད་པ་
མ་ཡིན་འགག་ཕྱིར་སྐྱེ་ཕྱིར་གཞན་མིན་གཉིས་མིན་མིན། །སྐྱེ་དང་གནས་དང་འཇིག་པ་དང་བྲལ་དངོས་པོ་དེ་རྣམས་དེ་བས་ན། །གཞི་མེད་བློ་ཅན་ལ་ནི་འཁོར་དང་ཐར་པའི་དབྱེ་བ་མེད། །ཅེས་འབྱུང་ངོ་། །གང་ཞིག་རྒྱུ་མེད་མི་འབྱུང་བ། །རྐྱེན་མེད་པས་ནི་གནས་པ་མེད། །རྐྱེན་དང་བྲལ་བས་
གང་བྲལ་བ། །དེ་ཡོད་ཅེས་ནི་ཇི་ལྟར་རྟོགས། །རྒྱུ་ཟད་པས་ནི་གང་ཟད་པ། །ཟད་པ་ཞེས་བྱ་ཉེ་བར་བསྟན། །གང་ཞིག་ངོ་བོར་མ་ཟད་པ། །དེ་ནི་ཟད་ཅེས་ཇི་ལྟར་བརྗོད། །དེ་ནི་གང་གིས་ཡོངས་ཤེས་ཏེ། །རྟེན་འབྲེལ་འབྱུང་བ་ཐོབ་པས་ན། །རྟེན་ནམ་སྐྱེས་པ་མ་སྐྱེས་པ། །དེ་ཉིད་རིག་པ་མཆོག་
เล่ม ๓๒ · หน้า 151a
གིས་གསུངས། །དེ་ལྟར་གང་ཡང་མི་བསྐྱེད་ཅིང་། །ཅུང་ཟད་འགག་པར་མི་འགྱུར་ཏེ། །སྐྱེ་བ་དང་ནི་འཇིག་པའི་ལམ། །དགོངས་པའི་དོན་དུ་ཉེ་བར་བསྟན། །སྐྱེ་བ་སྐྱེས་པས་འཇིག་ཤེས་ཏེ། །འཇིག་ཤེས་པས་ནི་མི་རྟག་ཤེས། །མི་རྟག་པ་ལ་འཇུག་ཤེས་པས། །དམ་
པའི་ཆོས་ནི་འབྱུང་བར་འགྱུར། །ཞེས་འབྱུང་ངོ་། །དེ་བཞིན་དུ། བདེན་པ་གཅིག་ནི་གྲུབ་པར་མ་གཟིགས་པས། །བྱང་ཆུབ་ཐོབ་པས་བཞི་ནི་ག་ལ་གཟིགས། །ཞེས་འབྱུང་ངོ་། །རྗེ་བཙུན་རིན་ཆེན་ཏཱ་ལ་ལས་ཀྱང་། །ཇི་ལྟར་རློན་པ་ཆུ་ཤིང་སྡོང་བུ་ནི། །སྙིང་པོ་འདོད་པའི་སྐྱེས་བུས་རྣམ་པར་
དཔྱོད། །ཕྱི་དང་ནང་ན་སྙིང་པོ་དེ་མེད་པ། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་འབྱུང་ངོ་། །ཡང་ན་རྒྱུ་ནི་ཕ་རོལ་པ་རྣམས་ཀྱིས་ཡོངས་སུ་བརྟགས་པ་བདག་དང་དབང་ཕྱུག་ལ་སོགས་པའོ། །དེ་རྣམས་རྣམ་པར་དཔྱད་ན་འགྲུབ་པར་མི་འགྱུར་ཏེ། ངོ་བོ་མེད་པའི་ཕྱིར་རོ། །
འབྲས་བུ་ཡང་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞིའི་རང་བཞིན་རྣམ་པར་དཔྱད་ན་མི་འགྲུབ་སྟེ། རྒྱུ་རྣམས་མེད་པའི་ཕྱིར་རོ། །དེ་རྣམས་མེད་པ་ཁོ་ན་སྔར་བཤད་ཟིན་ཏོ། །རྒྱུ་མ་གྲུབ་ན་འབྲས་བུ་གང་ལས་འབྱུང་བར་འགྱུར་ཏེ། རྒྱུ་མེད་པས་འབྲས་བུ་མེད་པའི་ཕྱིར་རོ། །དེ་བས་ན་བདག་དང་དབང་ཕྱུག་ལ་
སོགས་པའི་རྒྱུ་ཡིས་སྤྲུལ་པ་བསྟན་པ་དང་། གཡོ་བ་ལ་སོགས་པའི་སེམས་ཅན་སྣོད་དུ་གྱུར་པ་ཁམས་གསུམ་གྱི་ནང་ན་གནས་པའི་དངོས་པོའི་ཚོགས་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ། བདག་དང་ཆོས་སུ་ཉེར་བརྟགས་པའི། །གང་ཞིག་རྣམ་པ་དུ་མ་འཇུག །དེ་ཡང་རྣམ་ཤེས་གཡོས་
འགྱུར་བ། །ཞེས་འབྱུང་ངོ་། །དེ་བཞིན་དུ། བདག་ཅེས་བྱ་བ་དངོས་པོ་མེད། །བྱེད་པ་པོ་ཞེས་ག་ལས་བརྗོད། །ཆོས་ཅན་ཡོད་ན་འཇིག་རྟེན་པས། །ཆོས་རྣམས་ལ་ནི་བསམ་པ་འགྱུར། །ཕུང་པོ་བདག་མིན་དེར་དེ་མིན། །དེ་ལ་དེ་མིན་དེ་མེད་མིན། །བདག་དང་ཕུང་པོ་མེ་ཤིང་བཞིན། །འདྲེས་མིན་བདག་དེས་ཇི་ལྟར་
ཡོད། །ཅེས་འབྱུང་བས་སོ། །དབང་ཕྱུག་ལ་སོགས་པའི་དགག་པའི་སྒོ་དེས་མཚན་མ་མེད་པ་ཞེས་བྱ་བ་རྣམ་པར་ཐར་པ་གཉིས་པ་བསྟན་ཏོ། །སྨོན་པ་བཟློག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རང་དབང་གི་རྣམ་པར་རྟོག་པ་ཡོངས་སུ་དགག་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ལྟར་ཞེས་བྱ་བ་ནི་དངོས་པོ་
เล่ม ๓๒ · หน้า 151b
དང་དེའི་བྱེད་པ་པོ་ཚད་མ་མེད་པས་བཀག་ན་དེའི་དོན་དང་བྲལ་བའི་རྣམ་པར་རྟོག་པ་ཡང་མི་འགྲུབ་པོ། །དེ་ལྟར་ཕྱི་རོལ་གྱི་རྣམ་པ་ཞེས་པ་ནི་རྣམ་པར་རིག་པ་སྨྲ་བ་རྣམས་ཀྱིས་འདི་ལྟར་ཁས་བླངས་ཏེ། རྣམ་པར་ཤེས་པ་འབའ་ཞིག་ཏུ་འདི་སྣང་བ་ཡིན་གྱི་དོན་ནི་མེད་དེ། གཅིག་དང་དུ་མ་དང་བྲལ་བའི་
ཕྱིར་རོ། །ཇི་ལྟར་སྣང་བ་རྣམ་པ་སྣ་ཚོགས་པ་མཐའ་ཡས་པ་སྤྲོས་པའི་ངོ་བོའི་དངོས་པོའི་ཚོགས་ནི་རྣམ་པར་ཤེས་པའི་སོ་སོར་སྣང་བ་ཡིན་ནོ། །འདི་ལྟ་སྟེ། གང་དང་གང་རང་གི་སྣང་བའི་རང་བཞིན་དེ་ནི་ཡོད་དེ། །གང་རང་སྣང་བ་མ་ཡིན་པ་དེ་ནི་མེད་དོ། །གཟུགས་ལ་སོགས་པ་
དངོས་པོ་རྣམས་ནི་གཞན་གྱི་སྣང་བ་ཡིན་ནོ། །གང་གིས་དེ་རྣམས་སྣང་བར་བྱ་བ་དེ་ཉིད་རྣམ་པར་ཤེས་པ་དོན་དམ་པར་ཡོད་ལ། ཕྱི་རོལ་གྱི་དོན་ནི་འཁྲུལ་པས་བརྟགས་པར་བྱས་ཏེ། རྣམ་པར་ཤེས་པ་ནི་དོན་གྱི་རྣམ་པ་ཡིན་པའི་ཕྱིར་ཟླ་བ་གཉིས་སོ་སོར་སྣང་བའི་ཤེས་པ་བཞིན་ནོ། །གལ་
ཏེ་ཕྱི་རོལ་གྱི་དོན་དམ་པར་ཡོད་པར་འགྱུར་ན་དེའི་ཚེ་བུད་མེད་ཀྱི་རོས་མི་རྟག་པའི་ཤེས་པ་འདི་ཉིད་སྐྱེ་བ་ཡིན་གྱི་ཐ་དད་པ་ནི་མ་ཡིན་ནོ། །བུད་མེད་རོ་ནི་གཅིག་པུ་ལ། །དགེ་སློང་འདོད་པ་ཁྱི་རྣམས་ཀྱིས། །རོ་དང་འདོད་མ་བཟའ་བ་ཞེས། །རྣམ་པར་རྟོག་པ་གསུམ་བྱུང་ངོ་། །ཞེས་དང་། དེ་བཞིན་
དུ། ཉིན་དང་མཚན་མོ་སྣང་བའི་དོན། །ལོང་བ་ཡི་ནི་འདྲ་བ་ན། །ནང་པར་ཤེས་བྱ་སྒྲ་ཐོས་པས། །སྣང་བ་དང་བཅས་འདྲ་བར་འགྱུར། །མི་གཙང་བ་ཡི་རི་དགས་ཀྱིས། །མེ་ཟ་དུག་ནི་དུག་བྱི་བས། །ཟོས་ཀྱང་ཤི་བར་མི་འགྱུར་རོ། །སྲོག་ནི་ཐར་བྱེད་རྫས་ཀྱིས་སོ། །བྱིས་པ་རྣམས་ཀྱིས་
ཡང་དང་ཡང་། །གང་དང་གང་ནི་བསྒོམ་བྱ་བ། །གོམས་པའི་སྟོབས་ཀྱིས་སྦྱོར་བ་ཡིས། །དེ་དང་དེ་ནི་མདུན་དུ་སྣང་། །གོས་ཀྱི་རྣམ་པས་བཀབ་པ་ཡང་། །མ་གོམས་པས་ནི་ཡན་ལག་གནོད། །གངས་ཀྱི་ཚོགས་ནི་མ་རུངས་པས། །མིག་ལ་མི་གནོད་ངོ་མཚར་ཆེ། །གོམས་པའི་སྦྱར་བའི་
ནུས་པ་ཡིས། །ཀོ་བ་ལག་པས་མཉེས་བྱེད་པའི། །ལྷམ་མཁན་གྱི་ནི་དྲི་མི་ཞིམ། །གནོད་པར་བྱེད་པར་མི་འགྱུར་རོ། །དང་པོར་ལུས་ཅན་རྣམས་ཀྱིས་ནི། །དུག་རྣམས་ཟོས་ན་ཤི་བར་འགྱུར། །དེ་ཉིད་གོམས་པའི་སྦྱོར་བ་ཡིས། །མཐར་ནི་བཅུད་ཀྱིས་ལེན་པར་འགྱུར། །གལ་ཏེ་འབྱུང་བ་
เล่ม ๓๒ · หน้า 152a
འདི་རྣམས་ནི། །ཤེས་པའི་ངོ་བོར་མི་རྟག་ན། །རྐང་ལག་ལ་སོགས་བྱ་བ་རྣམས། །བྱ་བ་གཞན་ལ་ཇི་ལྟར་འཇུག །ཕ་མའི་ཁྲག་དང་ཁུ་བ་ལས། །མགོ་ལག་ལ་སོགས་ཇི་ལྟར་འགྱུར། །ས་བོན་ལས་སྐྱེས་ཡལ་ག་ཅན། །ཇི་ལྟར་ཞིང་རྣམས་སྐྱེ་བར་འགྱུར། །སྒྲ་ནི་ཁ་ལས་
བྱུང་བ་དང་། །རྫ་རྔ་ལས་ཀྱང་ཇི་ལྟར་བྱུང་། །དེ་ཡི་རྒྱུ་རྣམས་རེ་རེ་ལ། །རང་བཞིན་མེད་པ་མཐོང་ཕྱིར་རོ། །བྱ་རྣམས་ནམ་མཁར་འགྲོ་བ་དང་། །མུན་ཁུང་ལ་ཡང་དོན་མཐོང་བ། །ཁང་པར་བྱི་བ་ལ་སོགས་པས། །མཚོ་ལ་སོགས་པར་ཉས་དོན་མཐོང་། །སྦྲུལ་རྣམས་ཀྱི་ནི་མིག་དག་གིས། །
ཐོས་པ་དང་ནི་མཐོང་བར་འགྱུར། །དེ་བཞིན་འཁོར་བར་དུ་མ་ནི། །གཞན་དང་གཞན་གྱིས་འགལ་བར་སྣང་། །གནས་དང་དབྱིབས་ནི་མ་མཐོང་བའི། །གོམས་པའི་དབང་གིས་སྒྲ་ཐོས་ནས། །ཡེ་ཤེས་རྟོགས་པ་རྣམས་མེད་ན། །འབེན་ལ་མདའ་རྣམས་ཇི་ལྟར་ཕབ། །བརྗོད་པ་
ཡང་ནི་མ་གོམས་པས། །ཇི་ལྟར་ཁ་ཐོན་འབྱུང་བར་འགྱུར། །གལ་ཏེ་རྣམ་རིག་རྒྱུན་བཞིན་དུ། །རབ་ཏུ་རྒྱུ་བར་མི་འགྱུར་རོ། །རི་བོའི་ཚོགས་ནི་མཐོ་བ་དང་། །རྒྱ་མཚོ་ཆེན་པོ་དཀྱིལ་མེད་པ། །རྡུལ་ནི་ཕྲ་རབ་གཡོ་བསྡུས་ནས། །ལས་བྱེད་གང་གིས་བྱེད་པ་ཡིན། །ལྕགས་ལ་སོགས་
པ་དགུག་པའི་ཕྱིར། །རྡོ་ནི་ཁབ་ལེན་ལ་སོགས་དང་། །སྔགས་རྣམས་དང་ནི་སྨན་རྣམས་ཀྱི། །ནུས་པ་གང་གིས་བྱས་པ་ཡིན། །དེ་བསམ་རིག་སྣ་ཚོགས་པས། །ཅོག་ཆུང་གིས་ནི་སྐད་རྒྱས་བཞིན། །ཇི་ལྟར་འདི་དག་ཐམས་ཅད་སྣང་། །སེམས་ཉིད་ཀྱི་ནི་སྤྲུལ་པ་ཡིན། །
ཟད་པར་སྐྱེ་མཆེད་སྒོམ་པ་ནི། །རྣལ་འབྱོར་པ་ཡིས་ཇི་ལྟར་སྦྱར། །བརྟན་པའི་རང་བཞིན་དངོས་པོ་རྣམས། །གཞན་དང་གཞན་དུ་བཞག་པ་མེད། །ཤེལ་དང་འདྲ་བ་དུ་མ་ནི། །དེ་ལྟར་འཁྲུལ་པས་སྦྱར་བར་རིགས། །བག་ཆགས་ཆུ་ལ་ཏིལ་མར་བཞིན། །
སེམས་ཉིད་འདི་ནི་ཁྱབ་པར་འགྱུར། །གློག་དང་འབྲུག་སྒྲ་ཆར་པ་དང་། སྤྲིན་དང་རླུང་དང་ཐོག་རྣམས་ནི། །སེམས་ཙམ་ཡོད་པར་མེད་པ་ན། །ནམ་མཁའི་དཀྱིལ་ལ་གྲུབ་མི་འགྱུར། །དངོས་པོ་རྣམས་ཀྱི་བདག་ཉིད་ཀྱིས། །ངོ་བོ་ཁ་ཅིག་རབ་གྲུབ་ན། །མདུད་པའི་དབྱེ་བས་དེ་རྣམས་ཀྱི། །
เล่ม ๓๒ · หน้า 152b
དབྱེ་བ་དུ་མ་སྣང་མི་འགྱུར། །ཁ་ཅིག་མཛེས་མ་གཞོན་ནུ་མ། །གཞན་ལ་དེ་ཉིད་དར་ལ་བབ། །ལ་ལ་ཡི་ནི་ཚོན་པོ་སྟེ། །ཁ་ཅིག་ལ་ནི་ཤ་ཕྲ་སྔོ། །གང་ཚེ་སེམས་ཉིད་བུད་མེད་ཀྱི། །རྣམ་པ་ཉིད་དུ་སྐྱེས་གྱུར་ན། །དེ་ཚེ་རང་སེམས་འདོད་ཅན་གྱིས། །བདག་ཉིད་བདག་གིས་གང་གིས་སྤྱོད། །
རྣམ་པ་ཐམས་ཅད་བདག་རང་བཞིན། །བློ་དང་ལྡན་པས་ཐམས་ཅད་ནི། །ཡུལ་རྣམས་ཉེ་བར་སྤྱོད་པའི་ཕྱིར། །བྱིས་པ་བཞིན་དུ་མི་འཇུག་གོ། །ལག་པས་ལག་པ་བཟུང་ནས་ནི། །རྨི་ལམ་འཁྲུལ་པ་བདག་ཉིད་ཀྱིས། །རྐུན་མ་བདག་གིས་འཛིན་ཤེས་པའི། །རྣམ་པར་སྨྲ་བ་
གཞན་གྱིས་སྨོད། །སྐམ་པོ་རྩྭ་ལ་ཕྱུགས་རྣམས་ནི། །བཟའ་བའི་སེམས་ནི་མི་རྣམས་མིན། །ཨེ་མ་འོ་རྣམ་པར་རྟོག་པ་འདི། །རྣལ་འབྱོར་པས་ཀྱང་བསམ་མི་ཁྱབ། །མ་དྲན་པ་དང་ལུས་རེག་དང་། །གཉིད་ལོག་པ་དང་རླུང་རྣམས་ཀྱིས། །ཉ་དང་བྱ་དང་ཁྱི་དང་སྦྲུལ། །སེམས་ཅན་དེ་དག་
འཚོ་བར་འགྱུར། །དབེན་ས་བརླག་ཤ་ཁྱི་དང་འདྲ། །རང་གི་འཁོར་དང་ཁྱབ་པ་སྟེ། །གནོད་བྱེད་དང་ནི་གནོད་སྦྱིན་མོས། །ལས་སྣ་ཚོགས་པས་མཐོང་བར་འགྱུར། །བཤང་གཅིས་ཁྱབ་པ་རྣག་རྒྱུ་བ། །ཡི་དགས་རྣམས་ཀྱིས་ཆུ་བོར་མཐོང་། །དང་བ་དང་ནི་བསིལ་བའི་ཆུ། །མིས་དེ་
མཐོང་དང་བཏུང་བར་འགྱུར། །འབྲས་བུ་འདོད་དང་མི་འདོད་པའི། །རྣམ་པ་ལས་ཀྱིས་ཡོངས་གནས་པ། །རྣམ་ཤེས་དེ་དང་དེ་ཉིད་ཀྱིས། །སྟོང་པའི་དོན་ལ་འཇུག་པར་འགྱུར། །ཀྱེ་མའོ་ཡུལ་ནི་སྣ་ཚོགས་པ། །དུས་གཅིག་དུ་ནི་རྣམ་པ་མང་། །རོལ་མོའི་ཚོགས་ཀྱི་སྒྲ་བཞིན་
དུ། །རྟོག་པ་ཉིད་དུ་རྗེས་འགྲོར་འགྱུར། །གལ་ཏེ་དོན་ཡོད་དེ་མེད་པས། །དོན་གྱི་བྱ་བ་བྱེད་མི་འགྱུར། །སྐྱུར་རྫས་གཞན་གྱིས་ཟོས་པ་ན། །གཞན་གྱི་ཁ་ནས་ཁ་ཆུ་འབྱུང་། །མཚན་མོར་ཁ་ཅིག་འབྲས་བུ་ནི། །ཟོས་པས་གཞན་ལ་སྨྲ་བྱེད་ན། །གལ་ཏེ་སྐྱུར་ཟོས་དེས་སྨྲས་ན། །
ཉན་པོར་འགྱུར་བར་མི་འགྱུར་རམ། །རྨི་ལམ་འདོད་པའི་མོ་ཕྲད་པས། །བདེ་བའི་ཕུན་སུམ་ཚོགས་རྒྱུ་མེད། །དོན་མེད་པས་ཀྱང་ཁུ་བ་ནི། །ཇི་ལྟར་ཤོར་བར་མི་འགྱུར་རམ། །གོམས་པའི་སྟོབས་ཀྱིས་རྨི་ལམ་དུ། །མཐོང་ཡང་གལ་ཏེ་ཡོད་ཟེར་ན། །བུ་མོའི་ལྟོ་ལས་བུ་སྐྱེས་པ། །མཐོང་བ་
เล่ม ๓๒ · หน้า 153a
ཞེས་བྱ་རིགས་པ་མིན། །ཡུལ་རིངས་ལམ་དང་རི་རྣམས་དང་། །ཡུལ་རྣམས་ཁང་པའི་ནང་དུ་ནི། །ཐ་དད་པ་ནི་རབ་མཐོང་བས། །རྨི་ལམ་མཐོང་བ་དོན་མེད་པའོ། །ཐེག་པ་ཆེན་པོའི་རྣལ་འབྱོར་སྤྱོད་པའི་གཞུང་ལ་འཇུག་པ་སློབ་དཔོན་ཀམ་པ་ལའི་ཞལ་སྔ་ལ་སོགས་པས་
དཔེ་རྣམས་བསྟན་ཏོ། །རྣམ་རིག་གི་རང་བཞིན་གྱི་ཆོས་ཐམས་ཅད་རྣམ་པར་གཞག་པའི་ཕྱིར་རོ། །དེ་ཕྱིའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཡིན་གྱི། །དོན་འཁྲུལ་པའི་རང་བཞིན་དུ་སྣང་ངོ་། །དོན་སྣང་བ་ཡང་གསུམ་སྟེ། ཡོད་པར་སྣང་བ་དང་། མེད་པར་སྣང་བ་དང་ལོག་པར་སྣང་བའོ། །
དེ་ལ་ཡོད་པར་སྣང་བ་ནི་དཔེར་ན། བྱེ་མ་ནི་སྨིག་རྒྱུའི་རྣམ་པས་སོ། །མེད་པར་སྣང་བ་ནི་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་བཞིན་ནོ། །ལོག་པར་སྣང་བ་ནི་དུང་དཀར་པོ་སེར་པོ་ལྟར་སྣང་བ་བཞིན་ནོ། །དེ་ལྟར་སྣང་བ་གསུམ་གྱི་དབང་གིས་ཕྱི་རོལ་གྱི་དོན་མེད་པ་ཡང་རྨོངས་པའི་བློ་ཅན་གྱིས་
གཟུང་བར་འགྱུར་རོ། །སྨོན་པའི་འབྲས་བུ་ཞེས་པ་ནི་དེ་ཉིད་རྣམ་པར་རིག་པའི་རང་བཞིན་ཕྱི་རོལ་གྱི་དོན་སྣང་བའི་ཕྱིར་རོ། །དེ་ཡང་མེད་དེ་ཞེས་པ་ལ་ཕྱི་དང་ནང་གི་ངོ་བོ་མེད་དོ། །སྨོན་ལམ་ལ་སོགས་པའི་ཉེ་བར་དམིགས་པ་མེད་པའི་ཕྱིར་རོ་ཞེས་པ་ནི། འདུན་པ་ནི་སྨོན་ལམ་སྟེ། ཕྱིའི་རྣམ་པ་
ཉིད་དུ་མངོན་པར་ཞེན་པའོ། །དེའི་ཉེ་བར་དམིགས་པ་ནི་གཟུང་བ་འཛིན་པའི་ཚུལ་གྱིས་གཟུང་བའོ། །མེད་པ་ནི་དེའི་ངོ་བོ་མེད་པའི་ཕྱིར་རོ། །ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །དེ་ལ་སྟོང་པ་ཉིད་ཡོད་དེ། །དེ་ལ་ཡོད་ན་དེ་ཡོད་དོ། །ཡོད་དང་མེད་དང་ཡོད་པའི་ཕྱིར། །དེ་ཡང་
དབུ་མའི་ལམ་ཡིན་ནོ། །ཞེས་འབྱུང་ངོ་། །དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུར་བསྒོམ་པ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྣམ་པ་དངོས་པོ་སོ་སོར་སྣང་བའི་རྟོག་པ་ནི་མེད་དོ། །སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་པ་ནི་སེམས་ཉིད་སོ་སོར་སྣང་བའི་ཕྱིར་རོ། །དོན་
དང་སེམས་ཅན་བདག་རྣམ་རིག །སོ་སོར་སྣང་བ་རབ་སྐྱེས་པ། །རྣམ་པར་ཤེས་པ་དེ་དོན་མེད། །དེ་མེད་པས་ཀྱང་དེ་ཡང་མེད། །གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་ལོངས་སྤྱོད་པ། །སྤྱོད་དང་གཅོད་དང་སྐུལ་བྱེད་ནི། །དེ་ལ་སེམས་ལས་འབྱུང་བ་ཡིན། །ཞེས་འབྱུང་ངོ་། །སྤྱིའི་
เล่ม ๓๒ · หน้า 153b
དོན་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པའི་འགྱོད་པ་སེལ་བར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་མདོ་སྡེ་པ་ལ་སོགས་པ་རྣམས་ཀྱི་ཕྱོགས་ནི་ཕྱི་རོལ་གྱི་དོན་མེད་པ་དང་རྣམ་པར་རིག་པ་ཙམ་ཡོད་པའོ། །གང་ཕུང་པོ་ལ་སོགས་པ་ཞེས་པ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །དེ་རྣམས་མེད་པ་ནི་
གཅིག་དང་དུ་མ་དང་བྲལ་བའི་ཕྱིར་མེད་པའོ། །དེ་བས་ན་ཕྱི་རོལ་ཏུ་གྱུར་པ་ཕུང་པོ་ལ་སོགས་པ་མེད་པས་རྣམ་པར་ཤེས་པ་ཙམ་འབའ་ཞིག་ཏུ་ཡོད་པ་ཞེས་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་ཕྱོགས་སོ། །དེ་ཉིད་ཀྱི་ཕྱིར་བསྒོམ་པར་བྱ་བར་གྱུར་པ་ཕུང་པོ་ལ་སོགས་པ་མེད་པས་འབའ་ཞིག་དྲི་
མ་མེད་པ་མཐའ་ཡས་པ་ནམ་མཁའ་དང་མཚུངས་པ། སེམས་ཙམ་གང་ཡིན་པ་ནི་ཞེས་པ་ནི་རྣམ་པར་རིག་པ་ཙམ་མོ། །དེ་ནི་དངོས་པོ་མེད་དེ་ཞེས་པ་ལ། །མ་དག་པ་ཡིན་པས་གྲོལ་བ་ཐོབ་པར་མི་འགྱུར་རོ་ཞེས་བཤད་དོ། །རྟག་ཏུ་མེད་པ་ཡིན་པའི་ཕྱིར། །ཞེས་པ་ནི། ཤེས་བྱ་མེད་
པས་ཤེས་པ་རྣམས་མི་དམིགས་པའི་ཕྱིར་རོ། །ཇི་སྐད་དུ། ཤེས་བྱའི་སྔོན་དུ་ཤེས་པ་ན། །ཅི་ལ་དམིགས་ཏེ་དེ་འབྱུང་འགྱུར། །ཤེས་བྱ་འཇིག་ནས་ཤེས་པ་ན། །ཅི་ལ་དམིགས་ཏེ་དེ་འབྱུང་འགྱུར། །ཤེས་དང་ཤེས་བྱ་ལྷན་ཅིག་ན། །ཅི་ལ་དམིགས་ཏེ་དེ་འབྱུང་འགྱུར། །ཞེས་བཤད་
པའི་ཕྱིར་རོ། །ཡང་ན་རྟག་ཏུ་མེད་པ་མ་ཡིན་པའི་ཕྱིར་རོ་ཞེས་པ་ནི། །རྟག་ཏུ་ནི་དུས་ཐམས་ཅད་དེ་དུས་གསུམ་ལ་ཡང་སེམས་ནི་མེད་དོ། །གང་གི་ཕྱིར་འདས་པའི་སེམས་གང་ཡིན་པ་དེ་ནི་འཇིག་པའི་ཕྱིར་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །མ་འོངས་པའི་སེམས་ཀྱང་མ་ཕྲད་པའི་ཕྱིར་རོ། །རྣམ་པར་
ཤེས་པ་ཞེས་མ་གྲགས་སོ། །ད་ལྟར་བྱུང་བ་ཡང་འདས་པ་དང་མ་འོངས་པའི་སྐད་ཅིག་མ་དང་ལྡན་པའི་ཕྱིར་སྔ་མ་བཞིན་ནོ་ཞེས་དུས་གསུམ་གྱི་རང་བཞིན་སེམས་མེད་དོ། །གང་འདས་པ་ནི་དེ་འཇིག་པ། །མ་འོངས་པ་ནི་མ་ཐོབ་སྟེ། །སྐད་ཅིག་གཉིས་ཀ་ལྡན་པའི་ཕྱིར། །ད་ལྟར་བྱུང་བ་གང་ལ་གནས། །
ཞེས་འབྱུང་ངོ་། །དེ་བས་ན་རིགས་པ་འདིས། །སེམས་རྣམ་པར་དཔྱད་པ་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་བར་བྱའོ། །དེས་ནི་ཡེ་ཤེས་གསུམ་དཔྱོད་པའི་མཚན་ཉིད་སྦས་པའི་དོན་བསྟན་པ་ཡིན་ནོ། །གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་
เล่ม ๓๒ · หน้า 154a
ཅན་ཞེས་པ་ལ། འོད་གསལ་བ་ལས་མྱུར་དུ་འམ་སྣང་བ་ཐོབ་པ་ལ་སོགས་པའི་རིམ་པས་བརྒྱ་བྱིན་གྱི་གཞུང་དང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གང་སྤྲོས་པ་སྒྱུ་མ་ལྟ་བུའི་ལྷའི་སྐུ་བསྒོམ་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའོ། །དེ་ཡང་མི་རིགས་ཏེ་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོ་
མ་ཡིན་པས་སོ། །འོད་གསལ་བར་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་བཞི་པས་དེ་ཡང་སྦྱང་བར་བྱ་བའི་ཕྱིར་རོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ཙམ་གྱི་དངོས་པོ་ནི་ཞེས་པ་ལ་བདག་བྱིན་གྱིས་རློབ་པའི་རིམ་པས་ཐོབ་པར་བྱ་བ་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ལྷའི་སྐུའི་རྣམ་པའོ། །
དངོས་པོ་མ་ཡིན་ཏེ་ཞེས་པ་ནི། དོན་དམ་པ་མ་ཡིན་ནོ། །དེ་གཉིས་པ་ལས་མ་འདས་པའི་ཕྱིར་རོ་ཞེས་པ་ནི་གཉིས་སུ་སྣང་བའི་ཕྱིར་རོ། །དེར་ནི་སྒྱུ་མ་ལྟ་བུའི་ལྷའི་རྣམ་པ་དང་། སྒྱུ་མའི་དཔེ་དེ་གཉིས་སོ་སོར་སྣང་བ་ཡོད་པའོ། །གང་དང་གང་དུ་གཉིས་སོ་སོར་སྣང་བ་ཡོད་པ་དེ་དང་དེ་རུ་འཁོར་བ་ཁོ་
ན་ཡིན་ཏེ། གཟུང་བ་དང་འཛིན་པ་སོ་སོར་སྣང་བ་བཞིན་ནོ། །དེའི་ཕྱིར་ན་དེ་ཡང་རྣམ་པར་དག་པར་བྱ་བར་རིགས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་རིམ་པ་བཞིའི་འབྲས་བུ་ཟུང་དུ་འཇུག་པའི་རིམ་པའི་ཕན་ཡོན་ཙམ་བསྟན་ཏོ། །བདེན་པ་གཉིས་ལྟ་བུར་བསྒོམ་པ་ནི་ཞེས་པ་ལ་ཀུན་རྫོབ་དང་དོན་དམ་པ་
དབྱེར་མེད་པའི་ངོ་བོ་ཉིད་ཟུང་དུ་འཇུག་པའི་རིམ་པ་བསྒོམ་པའོ། །དཀའ་བས་དམིགས་པ་ཡིན་པས་སོ། །ཞེས་པ་ནི་སྔོན་བསགས་པའི་དགེ་བའི་སྟོབས་དང་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་རྗེས་སུ་མཐུན་པའི་གནས་སུ་སྐྱེ་བ་དང་བྱང་ཆུབ་སེམས་དཔའི་རིགས་དང་འབྲེལ་པ་དང་། སངས་རྒྱས་ཀྱིས་
བྱིན་གྱིས་བརླབས་པས་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ནི་ཀུན་རྫོབ་བདེན་པ་ཡང་དག་པར་རྟོགས་པའི་མཚན་ཉིད་ཅན་སྦས་པའི་དོན་བསྟན་ཏོ། །སྦས་པ་ཞེས་པ་ལ་སེམས་རྣམ་པར་དག་པ་དང་བདག་བྱིན་གྱིས་རློབ་པའི་རིམ་པ་བརྗོད་པར་འདོད་པས་སོ། །དོན་དམ་པའི་བདེན་པས་ཞེས་པ་
ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་ཐོབ་པར་བྱ་བ་མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པར་བྱ་བ་ལའོ། །སྒོམ་པ་མེད་པ་སྟེ་ཞེས་པ་ནི་སྒོམ་པའི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་སྒོམ་པ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པར་དཔྱོད་པའི་མཚན་ཉིད་ཅན་རྟོག་བཅས་ཀྱི་རྣམ་པར་ཤེས་པའི་ངོ་བོ་སྟེ་འདུས་
เล่ม ๓๒ · หน้า 154b
བྱས་སོ། །དོན་དམ་པའི་བདེན་པ་ནི་རྫས་སུ་མེད་པའི་ཕྱིར་འདུས་མ་བྱས་པའོ། །འདུས་བྱས་པ་དང་འདུས་མ་བྱས་པའི་རྒྱུ་དང་འབྲས་བུའི་འབྲེལ་པ་མི་རིགས་ཏེ། བུམ་པ་དང་ནམ་མཁའ་བཞིན་ནོ། །གང་གི་འདུས་བྱས་པ་ཉིད་འདུས་བྱས་པའི་རྒྱུ་འམ་འབྲས་བུར་འཐད་དེ་ནས་ཀྱི་ས་བོན་དང་ནས་ཀྱི་མྱུ་གུ་
བཞིན་ནོ། །དེ་བཞིན་དུ་ཡང་འཇིམ་པ་དང་དབྱུག་པ་དང་འཁོར་ལོ་དང་སྐུད་པ་དང་སྐྱེས་པའི་ལག་པའི་རྩོལ་བ་རྣམས་ཀྱིས་བུམ་པ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ངོ་བོ་དོན་དམ་པའི་བདེན་པ་ལ་དེ་ལྟར་བསྒོམ་པ་མི་རིགས་ཏེ། །རྟག་པ་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །མ་
གྲུབ་པ་འམ་མ་དག་པ་གང་ཡིན་པ་དེ་ཐོབ་པར་བྱ་བའམ་རྣམ་པར་དག་པར་བྱ་བའི་ཕྱིར་བསྒོམ་པར་བྱ་བ་ཡིན་ཏེ། གང་རང་བཞིན་གྱིས་གྲུབ་པའམ་རྣམ་པར་དག་པ་ཡིན་པ་དེ་ལ་སྒོམ་པས་དགོས་པ་མེད་དོ། །གལ་ཏེ་ཡོད་ན་དོན་དམ་པ་ཉིད་དུ་མི་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར།
གཟོད་མ་ནས་དག་པའི་ཕྱིར་ཞེས་ཏེ། རྟག་པ་ནི་དྲི་མ་མེད་པ་ཟག་པ་མེད་པ་ནི་ཐོག་མ་ནས་དག་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་མངོན་པར་བྱང་ཆུབ་པ་ཐོབ་པར་བྱ་བའི་ཕྱིར་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པའི་སྒོམ་པ་ཅིའི་ཕྱིར་བྱ་ཞེ་ན། སྨྲས་པ། ཕྱག་རྒྱའི་འབྲེལ་པའམ་ཏིང་ངེ་འཛིན་
མངོན་དུ་བྱ་བས་འོད་གསལ་བ་ནི་སྐྱེ་བའམ་སྦྱང་བར་བྱ་བ་མ་ཡིན་ཏེ། དེ་ཉིད་གཟོད་མ་ནས་གྲུབ་པའི་ཕྱིར་རོ། །ཕྱག་རྒྱ་དང་ཏིང་ངེ་འཛིན་ཙམ་གྱིས་གློ་བུར་གྱི་དྲི་མ་བསལ་བར་བྱ་བ་ཡིན་གྱི། དེ་ཁོ་ན་ཉིད་ཐོབ་པ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་ནི་རང་སྣང་བ་སྟེ། ནམ་མཁའ་བཞིན་ནོ། །ཆུ་
ཁམས་གསེར་དང་ནམ་མཁའ་ཡི། །དག་པ་བཞིན་དུ་དག་པར་འདོད། །ཅེས་བཤད་པའི་ཕྱིར་རོ། །དེས་ནི་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་ཅན་གྱི་རིམ་པ་བཞི་པ་སྟོན་ཏོ། །གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་ཞེས་བྱ་བ་ལ་རིམ་པ་གསུམ་པས་ཐོབ་པར་བྱ་བའི་སྒྱུ་མ་ལྟ་བུའི་
སྐུ་སྒོམ་པ་དེ་ཡང་བསྒོམ་པར་བྱ་བ་མ་ཡིན་ཞེས་པ་ལ་བསམ་པར་བྱ་བ་མི་རིགས་སོ། །མི་བདེན་པ་ཉིད་དོ་ཞེས་བྱ་བ་ནི་རིམ་པ་བཞི་པས་རྣམ་པར་དག་པ་ལ་ལྟོས་པའི་ཕྱིར་རོ། །རྣམ་པ་ཞེས་བྱ་བ་ལ་སོགས་པ་འདིས་ཟུང་དུ་འཇུག་པའི་རིམ་པའི་ཏིང་ངེ་འཛིན་བསྟན་ཏོ། །བདེན་པ་གཉིས་ཀྱི་
เล่ม ๓๒ · หน้า 155a
བདག་ཉིད་ཞེས་བྱ་བ་ནི། །ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཏོ། །དངོས་པོའི་བསྒོམ་པར་བྱ་བ་མི་འགྱུར་ཏེ་ཞེས་པ་ནི་དེ་ཉིད་བསམ་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདེན་པ་གཉིས་གཉིས་སུ་མེད་པར་མཐོང་བ་ཙམ་གྱིས་གྲོལ་
བར་འགྱུར་བའི་ཕྱིར་རོ་ཞེས་པ་ནི་བདེན་པ་གཉིས་དབྱེར་མེད་པའི་རང་བཞིན་གྱི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་མངོན་དུ་གྱུར་པ་ཙམ་གྱིས་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ཟུང་དུ་འཇུག་པའི་རིམ་པ་ཉེ་བར་བསྡུས་པ་བསྟན་ཏེ། སྒོམ་
པ་པོ་ཞེས་པ་ནི་རྣལ་འབྱོར་པའོ། །སྒོམ་པ་ནི་བསྒོམ་པའི་ཤེས་རབ་བསྒོམ་པར་བྱ་བ་ནི་བསྒོམ་དུ་རུང་བའི་མན་ངག་གོ། །དེ་ལྟར་མངོན་པར་ཞེན་པ་ནི་འདི་ཉིད་རྣམ་པར་རྟོག་པའོ། །ཟུང་དུ་འཇུག་པའི་རིམ་པ་རྟོགས་པ་རྣམས་ལ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་
པའོ། །རྣལ་འབྱོར་པ་རྣམས་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ་མི་སློང་བའི་ཕྱིར་རོ། །ཟུང་འཇུག་ཏིང་འཛིན་ལ་གནས་པས། །སླར་ཞིང་གང་ལ་མི་སློབ་པོ། །འདི་ནི་རྫོགས་པའི་རྣལ་འབྱོར་ཞེས། །དེ་ནི་རྡོ་རྗེ་འཆང་ཆེན་པོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་
དེ་ནས་འགྱུར། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བ་སྲིད་གསུམ་ལ། །དེ་ཡིས་སྐད་ཅིག་མ་ལུས་པར། །འོད་གསལ་རྣམ་དག་འཛིན་པས་མཐོང་། །ཞེས་འབྱུང་ངོ་། །རྡོ་རྗེ་འཆང་ཆེན་པོས་གསུངས་ཏེ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། །མཐར་ཐུག་པ་ཞེས་བྱ་བ་ནི་འོད་གསལ་བ་ལ་འཇུག་
པ་དང་ཟུང་དུ་འཇུག་པ་བསྟན་པའི་ཕྱིར་རོ། །དེ་ལྟར་ཡི་གེའི་དོན་གྱིས་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པའི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་བསྟན་པ་དང་། སྤྱིའི་དོན་གྱི་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྒོམ་པས་མདོ་སྡེ་པ་ལ་སོགས་པའི་འགྱོད་པ་སེལ་བའི་མཚན་ཉིད་ཅན་གྱི་དོན་བསྟན་ཏོ། །སྦས་པའི་དོན་
གྱིས་སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་བསྟན་ཏོ། །མཐར་ཐུག་པས་འོད་གསལ་བ་ལ་འཇུག་པ་དང་ཟུང་དུ་འཇུག་པའི་རིམ་པ་དག་བསྟན་ཏོ་ཞེས་རྡོ་རྗེ་འཆང་ཆེན་པོའི་ཚིགས་སུ་བཅད་པའི་བསྐྱེད་པའི་རིམ་པའི་ཕྱོགས་གཅིག་དང་རྡོ་རྗེ་བཟླས་པ་མ་གཏོགས་
เล่ม ๓๒ · หน้า 155b
པའི་རྫོགས་པའི་རིམ་པ་ཡང་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་རྡོ་རྗེ་འཆང་ལྔའིའོ། །རྣམ་པ་ཀུན་ནས་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་བྱ་བ་རྣམས་ཀྱིས་སོ། །འོད་གསལ་བ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་གསལ་བའི་ངོ་བོ་ཉིད་དེ་གཏན་ཚིགས་ནི་མི་འདའ་བའི་
ཕྱིར་རོ། །ཏིང་ངེ་འཛིན་དེ་ལ་དམིགས་པ་ཞེས་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་ཐོབ་པར་བྱ་བའི་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །སྣོད་དུ་གྱུར་པའི་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་དབང་ཕྱུག་ལ་སོགས་པའི་དངོས་པོ་ཐམས་ཅད་དོ། །ཐམས་ཅད་དང་བྲལ་བ་ནི་དེ་
དག་དང་བྲལ་བའོ། །དེ་ལ་བདག་ཅེས་བྱ་བ་སྔར་བཤད་པའི་རིགས་པས་མེད་དོ། །དེ་ལ་རྟག་པ་ལ་སོགས་པའི་ཆོས་རྣམས་ག་ལས་འགྱུར། བདག་ཅེས་བྱ་བ་དངོས་པོ་མེད། །བྱེད་པ་པོ་ཞེས་ག་ལས་བརྗོད། །ཆོས་ཅན་ཡོད་ན་འཇིག་རྟེན་པས། །ཆོས་ལ་བསམ་པ་རབ་ཏུ་འཇུག །ཕུང་པོ་བདག་
མིན་དེར་དེ་མིན། །དེ་ལ་དེ་མེད་དེ་མེད་མིན། །མེ་ཤིང་བཞིན་དུ་འདྲེས་པ་མིན། །དེ་ཕྱིར་བདག་ཅེས་ཇི་ལྟར་ཡོད། །ཅེས་འབྱུང་ངོ་། །དེའི་དོན་འདི་ཡིན་ཏེ། བདག་ནི་ཕུང་པོ་ཡིན་ནོ་ཞེས་བརྗོད་པ་མི་རིགས་ཏེ་དེའི་བདག་ཉིད་ཀྱི་འབྲེལ་པས་ཕུང་པོ་བཞིན་དུ་བདག་དང་མི་རྟག་པར་འགྱུར་རོ། །རིགས་
པ་པ་རྣམས་ཀྱི་ཕྱོགས་ནི་བདག་ཅེས་བརྟན་པའོ། །སྐྱོན་དེ་སེལ་བར་བྱ་བའི་ཕྱིར། །བདག་ལ་ཕུང་པོ་ཡོད་ཅེས་ཕྱོགས་འཛིན་ན། དེའི་ཚེ་རྟག་པ་དང་མི་རྟག་པ་དག་གི་གཞི་དང་གཞི་ཅན་གྱི་འབྲེལ་པར་མི་འགྱུར་རོ། །གཞི་དང་གཞི་ཅན་གྱི་འབྲེལ་པ་ནི། །རྟག་དང་མི་རྟག་དག་གི་མེད། །
ཅེས་འབྱུང་ངོ་། །འོ་ན་གཞི་རྟག་པ་ཡིན་ན་གཞི་ཅན་རྣམས་མི་རྟག་པ་ཡིན་ནོ་ཞེས་འདོད་ཅེ་ན། སྨྲས་པ། གཞི་དང་གཞི་ཅན་གྱི་འབྲེལ་པ་ཉིད་དུ་མི་འགྱུར་རོ། །གཞི་དང་གཞི་ཅན་གྱི་འབྲེལ་པ་ཉིད་རྒྱུ་དང་འབྲས་བུའི་འབྲེལ་པ་ཡིན་ཏེ། ཕན་གདགས་པར་བྱ་བ་མ་ཡིན་པ་ནི་གཞི་ཅན་མི་རིགས་པའི་
ཕྱིར་རོ། །ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་ཉིད་ནི་གཞི་དང་གཞི་ཅན་གྱི་འབྲེལ་པ་ཉིད་ཡིན་ནོ། །རྒྱུས་ནི་འབྲས་བུ་ལ་ཕན་འདོགས་ན་རང་ལ་གནས་པའི་ཆོས་དང་མེད་པར་མི་འབྱུང་བས་ངེས་པར་ཕན་འདོགས་པར་བྱེད་པ་དང་། འབྲས་བུས་ཀྱང་རྒྱུ་ལ་གནས་པའི་ཆོས་མ་བླངས་པས་
เล่ม ๓๒ · หน้า 156a
དེ་ལ་འབྱུང་བར་མི་འགྱུར་རོ། །དེ་བས་ན་གལ་ཏེ་བདག་དང་ཕུང་པོ་དང་རྒྱུ་དང་འབྲས་བུའི་འབྲེལ་པ་ཁས་བླངས་ན་དེའི་ཚེ་ཕུང་པོ་མི་རྟག་པས་ཀྱང་བདག་ཀྱང་མི་རྟག་པར་འགྱུར་རོ། །གལ་ཏེ་བདག་རྟག་པ་ཡིན་ན། །ཕུང་པོ་རྣམས་ཀྱང་རྟག་པར་འགྱུར་རོ། །དེ་ཡང་མ་མཐོང་སྟེ་རང་དང་གཞན་
གྱི་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་རོ། །གཞན་ཡང་བདག་གཞི་ཡིན་མོད་ཀྱི་དེ་ཡང་རྒྱུ་ཡིན་པས་ཕུང་པོ་བདག་ཉིད་ཀྱི་འབྲས་བུ་བྱུང་ན་འཇིག་པར་འགྱུར་རོ། །ཕྱོགས་གཉིས་ཀ་ལ་ཡང་མི་རྟག་པར་འགྱུར་རོ། །གལ་ཏེ་ཕུང་པོ་ལ་བདག་ཡོད་དེ་ཞེས་འདོད་ན་དེའི་ཚེ་སྔ་མ་བཞིན་དུ་
གཞི་དང་གཞི་ཅན་གྱི་འབྲེལ་པ་མི་འགྲུབ་བོ། །དེ་ལྟ་ཡིན་མོད་ཀྱི་དེ་བཞིན་དུ་ཡང་ཕུང་པོ་རྣམས་གཞི་ཡིན་པས་རྒྱུ་ཡིན་པའི་ཕྱིར་འབྲས་བུ་རྣམས་ངེས་པར་མི་འབྱུང་ངོ་ཞེས་པས་ཕུང་པོ་རྣམས་ཀྱིས་བདག་སྐྱེ་བར་མི་འགྱུར་བས་བདག་ཀྱང་མི་འགྱུར་རོ། །གལ་ཏེ་རེས་འགའ་བྱུང་ན་དེའི་ཚེ་དེ་རྣམས་ཀྱིས་
བདག་བསལ་བར་འགྱུར་རོ། །གང་ཞིག་རེས་འགའ་བྱུང་བ་དེ་ནི་རྟག་པ་མ་ཡིན་ཏེ་ལམ་གྱི་སྐྱེས་བུའི་བཞིན་ནོ་ཞེས་དེ་ཉིད་མི་རྟག་པར་འགྱུར་རོ། །ཕུང་པོ་དང་བདག་ཕན་ཚུན་ཐ་མི་དད་པ་སྟེ་མེ་དང་བུད་ཤིང་བཞིན་ནོ་ཞེས་འདོད་ན། དེའི་ཚེ་བུད་ཤིང་རྣམས་སོལ་བ་བཞིན་དུ་འགྱུར་བ་མེ་ཞེས་བརྗོད་
པ་དེ་བཞིན་དུ་བདག་ནི་ཕུང་པོའི་ངོ་བོ་ཉིད་འཐོབ། ཕུང་པོའི་ཐ་སྙད་དུ་བརྗོད་དོ་ཞེས་ཤིན་ཏུ་མི་རྟག་པ་ཉིད་ཁས་བླངས་པ་ཡིན་ནོ། །དེ་བས་ན་ཕྱོགས་བཞི་པོ་ཡང་བཟང་པོ་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་ལ་རྣམ་པ་བཞི་བཀག་ནས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་
ཤེས་པ་རྣམས་ཀྱི་ཡང་ཕན་ཚུན་བདག་ཏུ་སྨྲ་བ་ཁས་བླངས་པ་བཀག་པར་ཤེས་པར་བྱའོ། །དེས་ནི་རིའི་རྩེ་མོ་རྣམ་པ་ཉི་ཤུ་ལས་བྱུང་བའི་འཇིག་ཚོགས་ཀྱི་ལྟ་བ་བཀག་གོ། །གང་གིས་འཁོར་བའི་འཁོར་ལོ་མ་ལུས་པ་འདི་ཉིད་མཚན་དུ་འཁྲུལ་འཁོར་གྱི་རིགས་པས་འཁོར་བ་ཞེས་བདག་ཏུ་
སྨྲ་བའི་ཕྱོགས་བཀག་པའོ། །དབང་ཕྱུག་དང་ཐམས་ཅད་བྱེད་པ་དང་ཐམས་ཅད་འཇིག་པར་བྱེད་པ་ནུས་པ་གསུམ་གྱིས་སྤྲུལ་པའི་བདག་ཉིད་ཆེ་བ་རྟག་པ་ཡིན་ནོ་ཞེས་འགལ་བ་སྟེ་གང་གི་ཕྱིར་གལ་ཏེ་ཐམས་ཅད་བྱེད་ཅིང་འཇིག་པར་བྱེད་པ་ན་དེའི་ཚེ་ཅིག་ཅར་དུ་བྱེད་པའམ་འཇིག་པ་ཅིའི་ཕྱིར་མི་བྱེད།
เล่ม ๓๒ · หน้า 156b
དེ་མི་བྱེད་པས་རིམ་གྱིས་བྱེད་པ་མ་ཡིན་ཏེ། དེ་ཉིད་མི་རྟག་པ་ཉིད་དོ། །གང་གི་ཕྱིར་གང་གི་དུས་སུ་བྱེད་ན་དེའི་ཚེ་དེ་ལ་ནུས་པ་ཡོད་དེ། དུས་གཞན་དུ་དེ་མེད་དོ་ཞེས་ལྟོས་པ་དང་བཅས་པ་ཡིན་ནོ། །ལྟོས་པ་དང་བཅས་པའི་ནུས་པ་མེད་པ་སྟེ། ལྷན་ཅིག་བྱེད་པ་ལ་ལྟོས་པའི་ཕྱིར་ཏེ། བུམ་པ་བཞིན་ནོ། །
དེ་བས་ན་དབང་ཕྱུག་མེད་དོ། །སྒྲུབ་དང་བྱེད་པ་ངེས་པ་རང་བཞིན་དང་། །དུས་དང་གཟའ་དང་དབང་ཕྱུག་ལྷ་ཉིད་དང་། །རྒལ་བ་བསོད་ནམས་གཤིན་རྗེ་མཐར་བྱེད་ནི། །མངོན་དུ་བྱས་པའི་མིང་གི་རྣམ་གྲངས་ཡིན། །ཞེས་ལ་ལ་འདོད་དོ། །དེ་ལ་སྒྲུབ་པ་ཞེས་པས་དངོས་པོ་འདི་དག་སྐྱེད་པར་བྱེད་པ་དང་། འཇིག་པར་བྱེད་པ་སྟེ།
དེ་ཉིད་གཅིག་པུ་འགྲོ་བའི་རྒྱུ་ཡིན་ཞེ་ན། དེ་ཡང་མི་རིགས་ཏེ། རང་གི་ལས་ཀྱི་བག་ཆགས་ཀྱིས་སྤྲུལ་པའི་ཁམས་གསུམ་པ་ལ་སྤྲུལ་པ་གཞན་ནི་མེད་དེ་དེ་ཉིད་སྔར་བཀག་པའི་ཕྱིར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་རང་གིས་བྱས། །འཇིག་རྟེན་པ་ཡིས་དེ་འབྲས་སྤྱོད། །བྱེད་པ་
གཞན་ནི་ཁ་ཅིག་མེད། །ཅེས་བཤད་པའི་ཕྱིར་རོ། །བྱེད་པ་པོ་ཞེས་བྱ་བ་རྣམ་པར་དཔྱད་ན་མེད་དེ། ཉོན་མོངས་པ་དང་ལས་དང་སྐྱེ་བའི་རྒྱུན་གྱི་ཕུང་པོ་རྣམས་འཁོར་བ་ཉིད་ཁམས་གསུམ་ཞེས་བཤད་དོ། །ཁུར་བུ་ཁུར་བ་ལྟར་ཁ་ཅིག་གང་ཟག་ཡོད་དེ། གང་གིས་ཕུང་པོ་འདི་རྣམས་སྤངས་
ཏེ། ཕུང་པོ་གཞན་ལེན་པའོ། །འདིར་གང་ཟག་ནི་ལས་དང་ཉོན་མོངས་པའི་བག་ཆགས་དང་ལྡན་པའི་རྣམ་པར་ཤེས་པ་ཉིད་དོ། །དེ་ཉིད་ཁམས་གསུམ་གྱི་ངོ་བོར་ཡོངས་སུ་འཁོར་བར་འགྱུར་ཏེ། དེ་བས་ན་བྱེད་པ་པོ་གཞན་མེད་དོ། །ངེས་པ་ཞེས་བྱ་བ་ནི་འཆི་བདག་ཅེས་བརྗོད་དེ།
དེ་ཉིད་ཀྱིས་འགྲོ་བ་བསྐྱེད་ཅིང་འཇིག་པར་བྱེད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། གལ་ཏེ་འཆི་བདག་ཡིན་ན་དེའི་ཚེ་འཇིག་པའི་ནུས་པ་དང་ལྡན་པ་ཡིན་གྱི། སྐྱེ་བའི་ནུས་པ་དང་ལྡན་པར་མི་འགྱུར་རོ། །སྐྱེ་བའི་ནུས་པ་དང་ལྡན་ན་འཆི་བདག་མ་ཡིན་ནོ། །དེ་བས་ན་ངེས་པའི་སྨྲ་བ་འདི་ནི་བརྟགས་པ་པ་ཡིན་ནོ། །
རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགག་པར་འགྱུར་ན། ཤིའོ་ཞེས་བརྗོད་པས་འཆི་བདག་མེད་དོ། །རང་བཞིན་གྱིས་སྨྲ་བའི་ཕྱོགས་སུ་དངོས་པོ་རྣམ་པ་སྣ་ཚོགས་པར་སྐྱེ་བར་མི་འགྱུར་གྱི་ཐམས་ཅད་རང་བཞིན་གཅིག་པར་འགྱུར་རོ། །སྣ་ཚོགས་པ་ཉིད་རང་བཞིན་ཡིན་ཞེ་ན། སྨྲས་པ། དེ་ལྟར་
เล่ม ๓๒ · หน้า 157a
ཡིན་ན་ཅིག་ཅར་དུ་སྐྱེ་བ་དང་འཇིག་པར་ཇི་ལྟར་མི་འགྱུར། དེ་བས་ན་རང་བཞིན་གྱིས་སྨྲ་བའི་ཕྱོགས་ནི་མི་རིགས་སོ། །དུས་སྨྲ་བ་རྣམས་ན་རེ། དུས་ཀྱི་འབྱུང་བ་སྨིན་པར་འགྱུར། །ཞེས་ཟེར་ན། དེ་ཡང་མི་རིགས་ཏེ། གང་གི་ཕྱིར་དུས་དེ་ནི་འདས་པ་དང་མ་འོངས་པའི་དབྱེ་བས་གསུམ་དུ་འགྱུར་ཏེ།
འདས་པ་ནི་ཞིག་པའི་ཕྱིར་སྨིན་པར་བྱེད་པའི་ནུས་པ་མེད་དོ། །མ་འོངས་པས་ཀྱང་སྨིན་པའི་ནུས་པ་ཡོད་པ་མ་ཡིན་ཏེ་མ་ཐོབ་པའི་ཕྱིར་རོ། །ད་ལྟར་བྱུང་བ་ལ་ཡང་ནུས་པ་མེད་དེ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་བས་ན་སྐྱེ་བའམ་འཇིག་པའི་ནུས་པ་མེད་དོ། །གཞན་ཡང་ཉིན་མོ་ལ་སོགས་པའི་མཚན་ཉིད་ཉི་མ་
ལ་སོགས་པས་བྱས་པ་ཟླ་བ་ལ་སོགས་པའི་དུས་ཡིན་ནོ་ཞེས་མི་རིགས་ཏེ། རེ་ཞིག་ཟླ་བ་ལ་སོགས་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱིས་བྱས་པར་གྱུར་པའི་དུས་ཀྱིས་ཀྱང་འབྱུང་བ་སྐྱེ་བ་ལ་སོགས་པའི་ནུས་པ་ཇི་ལྟར་ཡིན་ཞེས་དུས་ཀྱི་སྨྲ་བའི་ཕྱོགས་མེད་དོ། །ཉི་མ་
ལ་སོགས་པ་གཟའ་རྣམས་ཀྱིས་ཀྱང་ཁྱིམ་དང་རྒྱུ་སྐར་ལ་རྒྱུ་བའི་དབང་གིས་འགྲོ་བ་སྐྱེད་པ་དང་འཇིག་པར་བྱེད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། གཟའ་རྣམས་ནི་ཤར་བ་དང་། ནུབ་པའི་དབང་གིས་མི་རྟག་པ་ཡིན་ནོ། །གང་ཞིག་རང་ཡོད་པ་མ་ཡིན་པ་དེས་ནི་གཞན་བསྐྱེད་པའི་ནུས་པ་ཇི་ལྟར་ཡོད། སྨིན་དྲུག་
ལ་སོགས་པ་གཟུང་བའི་ཆའི་སྦྱོར་བས་དེ་རྣམས་ལ་དགོས་པ་མེད་དོ། །རང་ཉིད་ཀྱིས་ཇི་ལྟར་མི་བྱེད་དེ། ལྟོས་པ་དང་བཅས་པའི་ཕྱིར་དེ་རྣམས་ཀྱང་མི་རྟག་པ་ཞེས་བྱའོ། །སྔར་བཤད་པའི་རིགས་པས་དབང་ཕྱུག་བཀག་པས་དེའི་བྱེད་པ་ཉིད་དང་རྟག་པ་ཉིད་ཀྱང་མི་རིགས་སོ། །ལྷས་ཐམས་ཅད་བྱེད་
དོ་ཞེས་ཟེར་ན་བདེ་བའི་རང་བཞིན་ཐམས་ཅད་ཅི་སྟེ་མི་བྱེད་སྡུག་བསྔལ་གྱི་རང་བཞིན་བྱེད་པ་དགོས་པ་མེད་དོ། །དེ་ཡང་སྤང་བྱ་ཡིན་པའི་ཕྱིར་རོ། །དེ་བས་ན། འདོད་དང་མི་འདོད་འབྲས་བུ་ཅན། །ལས་རྣམས་ཀྱིས་ནི་ཡོངས་སྨིན་པ། །རྣམ་པར་ཤེས་པ་སྟོང་པ་འདི། །དེ་དེ་རྣམ་པ་དོན་ལ་འཇུག །
ཅེས་འབྱུང་ངོ་། །དེ་བཞིན་དུ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ཞེས་བཤད་པའི་ཕྱིར་རོ། །ང་རྒྱལ་ལས་ནི་རབ་སྐྱེས་པ། །བདག་གི་བྱེད་པས་འཕེལ་འགྱུར་ཏེ། །འགྲོ་ལ་ཕན་པ་ངེས་སྨྲས་པས། །སྐྱེ་དགུ་མ་ལུས་འདི་དག་གསུངས། །ཞེས་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་བསྟན་ཏོ། །དེ་བས་
เล่ม ๓๒ · หน้า 157b
ལྷ་གཞན་མེད་དོ། །དེ་བཞིན་དུ་སྐལ་བ་ཞེས་བྱ་བ་ནི་གང་གི་དབང་གིས་འཇིག་རྟེན་པ་བདེ་བ་དང་ལྡན་པར་འགྱུར་བ་དང་དེ་མེད་པས་སྡུག་བསྔལ་དང་ལྡན་པར་འགྱུར་རོ། །ཚད་མས་གནོད་པར་བྱ་བའི་ཕྱིར་དེ་རྣམས་ནི་མེད་དོ། །གལ་ཏེ་དེ་ལྟ་ཡིན་ན་ཕ་རོལ་གྱི་བསྟན་པས་གྲུབ་པའི་བདག་ལ་
སོགས་པ་མེད་དོ། །དེ་རྣམས་ཀྱང་ལས་ཀྱི་རྣམ་གྲངས་ཡིན་པས་དེའི་མཚན་ཉིད་ནི་ལོགས་སུ་མེད་དོ། །དེ་བཞིན་དུ་བསོད་ནམས་ཀྱང་འགག་པར་བྱ་བ་ཡིན་ནོ། །གཤིན་རྗེ་མཐར་བྱེད་དག་ཀྱང་ངེས་པ་བཞིན་དུ་བཤད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ནི་སྔར་བྱས་པའི་རང་གི་སེམས་ཀྱི་ཆོས་ཀྱི་བག་
ཆགས་ཀྱི་ངོ་བོའི་ལས་ལ་མིང་གི་རྣམ་གྲངས་ཡིན་ནོ་ཞེས་དོན་གཞན་མེད་དོ། །དེ་ལྟར་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པ་དེ་རྣམས་སྣོད་དུ་འགྱུར་བ་ཡིན་ནོ། །དངོས་པོ་ཐམས་ཅད་བྲལ་བ་དང་། །ཞེས་པ་ནི་ཚད་མས་གནོད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་ངོ་བོ་སྡུག་
བསྔལ་དང་ཀུན་འབྱུང་གི་བདེན་པ་དག་ཡོད་དེ། སྡུག་བསྔལ་བའི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ལ་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བཟུང་བའི་ལུས་ཀྱི་དབང་པོ་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཡིན་པའི་ཕྱིར་ཁམས་བཞི་ནི་མངོན་སུམ་གྱིས་གྲུབ་བོ། །དེ་བཞིན་དུ་གཟུགས་ལ་
སོགས་པའི་ཡུལ་རྣམས་ཀྱང་དེའི་ཕྱོགས་གཅིག་ཉིད་ཀྱིས་འགྲུབ་བོ། །དབང་པོ་དང་ཡུལ་ཕྲད་པ་ལས་སྐྱེས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ཀྱང་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ནོ། །རྟེན་དང་བརྟེན་པ་དང་དམིགས་པ་དྲུག་རྣམ་པར་གཞག་པའི་ཕྱིར་ཁམས་བཅོ་
བརྒྱད་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་གྲུབ་བོ། །ཀུན་འབྱུང་གི་བདེན་པ་ཡང་མ་རིག་པ་དང་སྲེད་པའི་རང་བཞིན་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་བདེན་པ་མཐོང་བས་རྟོགས་པར་བྱ་སྟེ། དུ་བ་ལས་མེ་བཞིན་ནོ། །དེ་བས་ན་ཕུང་པོ་ལ་སོགས་པ་ཡོད་དེ། དེ་རྣམས་སྤང་བར་བྱ་
བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འགོག་པ་དང་ལམ་གྱི་བདེན་པ་གཉིས་གསུངས་ཏེ་ཞེས་སྨྲ་བ་ལ་ལན་ནི་རྣམ་པར་ཤེས་པ་འདི་འབའ་ཞིག་ཕྱིའི་ངོ་བོ་སྣང་བ་སྟེ་རང་གསལ་བའི་ཕྱིར་རོ། །ཕུང་པོ་ལ་སོགས་པ་གཞན་རྣམས་ནི་མེད་དེ། གཞན་གྱི་སྣང་བ་ཡིན་པའི་ཕྱིར་རོ། །རང་སྣང་བ་གང་ཡིན་པ་
เล่ม ๓๒ · หน้า 158a
དེ་ནི་རྣམ་པར་ཤེས་པ་ཡིན་ཏེ་གཞན་མ་ཡིན་པས། གཟུགས་ལ་སོགས་པ་མེད་དོ། །དེའི་རྣམ་པ་ཅན་དེ་རྣམས་ནི་ཕྱི་རོལ་གྱི་ངོ་བོར་འཁྲུལ་པའི་དབང་གིས་སྣང་སྟེ་དོན་དམ་པར་མ་ཡིན་ནོ། །དཔེར་ན་རྒྱ་མཚོ་དང་དབའ་རླབས་བཞིན་ནོ། །ཇི་སྐད་དུ། དབའ་རླབས་གཡོ་བ་
དེ་དང་དེས། །ཆུས་ནི་རང་བཞིན་ཐ་དད་པ། །སྣང་བར་བྱས་ཏེ་སྐད་ཅིག་གིས། །སླར་ཡང་གཡོ་མེད་ཉལ་བཞིན་འགྱུར། །གང་ཞིག་དེ་ནི་གཉིས་སྣང་བ། །དེ་ལ་རིགས་པའི་སྤྱོད་ཡུལ་མིན། །གློ་བུར་དུ་ནི་བརྗོད་པ་ཡི། །བྲག་ཅ་ཡི་ནི་སྒྲ་བཞིན་ནོ། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་
ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅན་ནི་མེད་དེ། རྣམ་པར་ཤེས་པ་ཉིད་དེའི་རྣམ་པ་ཉིད་དུ་སྣང་བའི་ཕྱིར་རོ། །དེས་ནི་མདོ་སྡེ་པ་ཡང་བཀག་པ་ཡིན་ཏེ། གང་གི་ཕྱིར་དེའི་རྣམ་པར་ཤེས་པའི་རྣམ་པ་དངོས་པོ་ཡིན་ན་ཡང་མངོན་སུམ་གྱི་ཡུལ་མ་ཡིན་ནོ། །འོན་ཀྱང་མིག་ལ་སོགས་པའི་
རྣམ་པར་ཤེས་པའི་བསྐྱེད་པ་མེད་པར་མི་འབྱུང་བའི་ཕྱིར། ཕྱི་རོལ་གྱི་དོན་ནི་རྗེས་སུ་དཔག་པས་རྣམ་པར་གཞག་གོ། །དེ་བས་ན་མངོན་སུམ་མམ་རྗེས་སུ་དཔག་པར་བྱ་བའི་དངོས་པོ་ནི་རྣམ་པ་ཐམས་ཅད་དུ་མེད་དེ། །རྣམ་པར་ཤེས་པ་ཁོ་ན་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་
གཉིས་ཀྱི་ངོ་བོར་སྣང་བའི་ཕྱིར་རོ། །དེས་ནི་ཉན་ཐོས་པ་དང་མདོ་སྡེ་པའི་ཕྱོགས་བཀག་པ་ཡིན་ནོ། །རྣམ་རིག་སྨྲ་བས་ནི་རྣམ་པར་རིག་པ་ཙམ་འབའ་ཞིག་ཏུ་དོན་ལ་མི་ལྟོས་པ་ཡོད་དེ། །གང་གིས་སེམས་ཅན་སྣོད་དུ་གྱུར་པའི་ཁམས་གསུམ་པ་འདི་སྣང་བ་ཡོད་པ་ཡིན་ནོ། །ཉི་མ་ཟླ་བ་
ནམ་མཁའ་དང་། །རྒྱུ་སྐར་ཚོགས་དང་ས་གཞི་དང་། །ཆུ་བོ་རྒྱ་མཚོ་ཕྱོགས་རི་རྣམས། །དེ་དག་སེམས་ཀྱི་སྤྲུལ་པ་ཡིན། །ཇི་སྲིད་པ་ཡི་རྩེ་མོའི་བར། །ཁམས་གསུམ་པ་རྣམས་འདི་དག་ནི། །གང་ཞིག་ཐམས་ཅད་འདི་ལྟར་སྣང་། །སེམས་ཉིད་ལས་ནི་ངེས་པར་བྱུང་། །ཞེས་བཤད་
པའི་ཕྱིར་རོ། །དེ་བཞིན་དུ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང་། །རྣམ་རིག་ཙམ་ནི་དོན་མེད་དེ། །མེད་པའི་དོན་ནི་སྣང་བའི་ཕྱིར། །ཇི་ལྟར་རབ་རིབ་ཅན་གྱིས་ནི། །མེད་པའི་སྒྲ་ཟླ་སོགས་མཐོང་བཞིན། །ཞེས་བཤད་དོ། །དེ་ལྟར་རང་བཞིན་གྱིས་དག་པ་ཡང་གློ་བུར་གྱི་དྲི་མ་དང་ལྡན་པ་
เล่ม ๓๒ · หน้า 158b
བཞིན་དུ་སྣང་སྟེ་མེ་ལོང་བཞིན་ནོ། །དེའི་ངོ་བོ་ནི་ཉམས་པར་མི་འགྱུར་ཏེ། །མཚན་ཉིད་གསུམ་ཡོངས་སུ་དག་པས་དེའི་རང་བཞིན་རྣམ་པར་དཔྱད་པར་བྱའོ། །འདི་ལྟ་སྟེ། ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་ནི་ཕྱི་རོལ་གྱི་དོན་མེད་པ་ཡང་འདི་ཉིད་ཀྱིས་
ཐ་སྙད་དུ་བྱ་བ་ཡིན་ཏེ། བུམ་པ་འདི་དང་སྣམ་བུ་འདི་ཞེས་པ་ལ་སོགས་པ་བཞིན་ནོ། །གཞན་དབང་ནི་མེད་པ་དེ་ཉིད་གཟུང་བ་དང་འཛིན་པའི་ཚུལ་དུ་རྟོགས་པའོ། །ཡོངས་སུ་གྲུབ་པ་ནི་གཟུང་བ་དང་འཛིན་པའི་ངོ་བོ་མེད་པས་འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པ་ནམ་མཁའ་དང་འདྲ་བའི་ཡེ་ཤེས་མྱོང་
བའོ། །གླང་པོ་ཞེས་དོན་དེ་རྣམ་པ། །དེ་མེད་པ་ནི་མཁས་པ་ཡིས། །ཀུན་བརྟགས་ལ་སོགས་རང་བཞིན་རྣམས། །གྲངས་ནི་ཇི་བཞིན་ཤེས་པར་བྱ། །ཞེས་འབྱུང་ངོ་། །དེ་བཞིན་དུ། དང་པོ་ཡིས་ནི་མཚན་ཉིད་ཀྱིས། །ངོ་བོ་མེད་པ་གཞན་དག་ཀྱང་། །རང་ཉིད་དངོས་མེད་ཤེས་བྱ་བ། །དེ་
ཡི་ངོ་བོ་མེད་པར་བསྟན། །གང་ཕྱིར་ཆོས་རྣམས་དོན་དམ་པ། །དེ་ཡང་དེ་བཞིན་ཉིད་ཡིན་ནོ། །རྟག་ཏུ་དེ་བཞིན་ཡོད་པའི་ཕྱིར། །དེ་ཉིད་རྣམ་རིག་ཙམ་ཉིད་དོ། །ཞེས་འབྱུང་ངོ་། །མཚན་ཉིད་གསུམ་ཡོངས་སུ་བརྟགས་པས་སེམས་ཙམ་ཤེས་ནས་རྟག་པ་བདེ་བ་ཆོས་ཀྱི་སྐུའི་མཚན་ཉིད་རྣམ་
པར་རིག་པ་ཙམ་དང་ཤེས་པ་དང་འདྲ་བ་རྣམ་པར་སྣང་བར་འགྱུར་རོ་ཞེས་བྱ་བས་ཐར་པ་དང་འཆིང་བའི་ཆ་དབྱེ་བའོ། །དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་ལས་འདས་ཡེ་ཤེས་ཏེ། །གནས་ངན་ལན་གཉིས་སྤོང་བའི་ཕྱིར། །དེ་ནི་གཞི་ནི་གནས་གྱུར་པའོ། །དེ་ཉིད་ཟག་པ་མེད་པའི་
དབྱིངས། །བསམ་གྱིས་མི་ཁྱབ་རྟག་པར་དགེ། །བདེ་བ་རྣམ་པར་གྲོལ་བའི་སྐུ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །ཞེས་འབྱུང་ངོ་། །འདིར་སྨྲས་པ། སེམས་ཙམ་ཞེས་བྱ་བ་དོན་དམ་པར་མེད་དེ། གང་གི་ཕྱིར་ཤེས་པས་ན་སེམས་སོ། །རེ་ཞིག་ཁྱོད་ཉིད་ཀྱིས་ཕྱི་རོལ་གྱི་དངོས་པོ་བཀག་པར་བྱས་
སོ། །དེ་མེད་པས་ཅི་ཤེས་པས་སེམས་ཞེས་བྱ་སྟེ། གཟུང་བ་མེད་པས་འཛིན་པ་མེད་པའི་ཕྱིར་རོ། །དེ་བས་ན་སེམས་མེད་ན་དེའི་ཕྱི་རོལ་གྱི་སྣང་བ་གང་ལས་ཡིན་ཏེ། མོ་གཤམ་གྱི་བུ་འགྲོ་བ་དང་འོང་བ་ལ་སོགས་པ་བཞིན་ནོ། །གཟོད་མ་ནས་མ་སྐྱེས་པའི་ངོ་བོའི་རང་བཞིན་དངོས་པོ་རྣམས་ལ་
เล่ม ๓๒ · หน้า 159a
གང་དང་གང་གི་ལྷན་ཅིག་ཏུ་སྣང་བའམ་མི་སྣང་བ་ཡིན་ནོ། །གང་གིས་སེམས་ཉིད་དོན་གྱི་རྣམ་པ་ཞེས་བརྗོད་དེ། །དོན་ནི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་བཞིན་དུ་བརྫུན་པ་ཡིན་པས་དེ་སེམས་ཀྱི་རྣམ་པ་ཉིད་ཇི་ལྟར་ཡིན། སེམས་ཀྱང་ཆ་ཆའི་དབྱེ་བས་རྣམ་པར་དཔྱད་ན་སྟོང་པ་
ཉིད་ཀྱི་རང་བཞིན་ཡིན་པས་དེའི་དོན་གྱི་རྣམ་པ་ཇི་ལྟར་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པའི་བག་ཆགས་ཀྱི་གདོན་གྱིས་བཟུང་བའི་བློ་དང་ལྡན་པ་ཁྱོད་ཀྱིས་གཟུང་བ་དང་འཛིན་པའི་དབྱེ་བས་ཕྱི་ནང་གི་ཚུལ་དུ་བརྟགས་སོ། །སེམས་མེད་པས་དེ་ལ་མཚན་ཉིད་གསུམ་གཞག་པ་ནི་ཇི་ལྟར་
ཡིན། འབའ་ཞིག་ངོ་བོ་མེད་པའི་རང་བཞིན་གྱི་སེམས་ལ་མཚན་ཉིད་གསུམ་ནི་ག་ལས་འབྱུང་། དེ་ནི་དྲི་མ་དང་བཅས་པ་ཡང་མ་ཡིན་ཏེ། གང་ཞིག་རྣམ་པར་སྦྱང་བའི་ཕྱིར། །མཚན་ཉིད་གསུམ་ནི་བསྒོམ་པར་བྱ། །འབྱུང་བ་ལ་སོགས་རྣམ་ཤེས་ལ། །བཤད་པ་གཞན་དག་
འགག་པར་འགྱུར། །ཡེ་ཤེས་པས་ནི་བྲལ་གྱུར་ན། །ལོག་པར་རྟོག་པར་མ་ཡིན་ནམ། །གང་ཚེ་དེ་ཉིད་ཁོ་ན་ལ། །རྒྱལ་བས་མྱ་ངན་འདས་གསུངས་པ། །དེ་ཚེ་ལྷག་མ་བརྫུན་པ་ནི། །མཁས་པ་གང་གིས་རྟོགས་པར་བྱེད། །ཅེས་འབྱུང་ངོ་། །དེ་ཁོ་ན་ཉིད་གཅིག་ཁོ་ན་ནི་སྟོང་པ་
ཉིད་ཀྱི་མཚན་ཉིད་དེ་མྱ་ངན་འདས་པ་ཁོ་ནའོ། །རྒྱལ་བས་གསུངས་པ་ནི་བསྟན་པའོ། །དེ་ཚེ་ལྷག་མ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡོད་པའི་མཚན་ཉིད་དང་རྣམ་རིག་སྣང་བ་ཡང་བརྫུན་པ་ཉིད་དོ། །དེ་ལྟར་མཁས་པ་གང་ནི་རིག་པ་དང་ལྡན་པས་རྟོགས་པར་ནི་དཔྱད་པར་བྱའོ། །དེ་བས་ན་
གཟོད་མ་ནས་གྲུབ་པ་སྨོས་པ་ཐམས་ཅད་དང་བྲལ་བ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བ་རྣམ་པར་ཤེས་པའི་རྣམ་པའི་དོན་དང་རྣམ་རིག་ཙམ་ཡང་མེད་དོ། །དེ་བས་ན་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའོ། །དེས་ནི་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་ཉིད་བསྟན་ཏོ། །
དེས་ནི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་རྣམ་རིག་ཙམ་གྱི་ཕྱོགས་སེལ་ཏོ། །གཉིས་ཀ་ལ་བདག་མེད་པའི་མཚན་ཉིད་ཅན་གྱི་ཐེག་པ་ཆེན་པོའི་ཕྱོགས་བསྟན་པར་བྱ་བའི་ཕྱིར། ཆོས་བདག་མེད་པ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་ཞེས་
เล่ม ๓๒ · หน้า 159b
པ་ལ། །ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་དང་རྣམ་རིག་ཙམ་སྟེ། དེ་དག་རང་བཞིན་གྱིས་བདག་མེད་པ་སྟེ་སྟོང་པའོ། །སྒོམ་པ་ནི་འདི་ལ་རྣམ་པར་ཐར་པའི་སྒོ་གསུམ་ཡན་ལག་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་སྟོང་པ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཏེ་གཟུགས་
བརྙན་བཞིན་ནོ། །དབང་ཕྱུག་ལ་སོགས་པའི་རྒྱུ་བྱས་པ་ཡང་མ་ཡིན་ཏེ། རྒྱུ་རྣམས་མེད་པའི་ཕྱིར་རོ། །སྨོན་པའི་འབྲས་བུ་ཡང་མ་ཡིན་ཏེ། སྨོན་ལམ་ལ་སོགས་པ་དམིགས་པ་མེད་པའི་ཕྱིར་རོ། །དེ་ལྟར་འོད་གསལ་བ་ཞེས་ཉེ་བར་བསྡུས་པའོ། །གང་གི་རང་བཞིན་ངོ་བོ་ཡོད་མ་
ཡིན། །ངོ་བོ་མེད་དེ་གཞན་གྱི་ཇི་ལྟར་རྒྱུ། །ངོ་བོ་མེད་པས་ཇི་ལྟར་འབྲས་བུ་སྐྱེ། །བདེ་བར་གཤེགས་པས་གཏན་ཚིགས་ཇི་ལྟར་གསུངས། །དེ་བཞིན་དུ། ཡི་གེ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། །གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །ཡི་གེ་ཙ་ནི་ཆོས་
ཐམས་ཅད་ཀྱི་སྒོ་ཡིན་ཏེ། འཆི་འཕོ་བ་དང་སྐྱེ་བ་མེད་པའི་ཕྱིར་རོ། །ཡི་གེ་ཤ་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཞི་བའི་ངོ་བོ་ཡིན་པའི་ཕྱིར་རོ། །ཡི་གེ་ཧ་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ།དགའ་བ་དང་མྱ་ངན་ལས་འདས་པའི་ཕྱིར་རོ། །དེ་ལ་སོགས་པ་ཆོས་ཀྱི་ཡི་གེ་ངེས་པའི་ཚིག་གི་
སྒོ་ནས་བདག་མེད་པ་ཉིད་བསྟན་ཏོ། །དེ་ལྟར་ཆོས་བདག་མེད་པ་ཉིད་ནི་འོད་གསལ་བ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བ། ཆགས་བྲལ་དང་ཆགས་པ་དང་ཆགས་པ་བར་མའི་རིམ་གྱིས་རྣམ་པར་སྦྱངས་པའི་དེ་ཁོ་ན་ཉིད་བཞི་པའོ། །དེ་དང་མཉམ་པ་ཉིད་ནི་གཉིས་སུ་མེད་པ་ཡིན་པར་
དགོངས་སོ་ཞེས་པ་ནི་ཇི་ལྟར་བདག་ཉིད་ཀྱིས་འོད་གསལ་བ་ཉམས་སུ་མྱོང་བ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ཉིད་ཀྱིས་ཁམས་གསུམ་པ་ཡང་འོད་གསལ་བའི་རང་བཞིན་དུ་བལྟ་བར་བྱའོ། །དཔེར་ན་རིལ་པོར་འཛིན་པའི་ཏིང་ངེ་འཛིན་གྱིས་བདག་ཉིད་འོད་གསལ་བར་བྱས་ནས་ཁམས་གསུམ་པ་
ཡང་དེ་བཞིན་དུ་བྱ་བ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏོ། །རབ་ཏུ་བྱེད་པ་ལས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་དེ་བཤད་དོ། །བརྟན་པ་དང་ནི་གཡོ་བ་དག །སྔོན་དུ་འོད་གསལ་བར་
เล่ม ๓๒ · หน้า 160a
བྱས་ཏེ། །ཕྱི་ནས་དེ་བཞིན་བདག་བྱས་པའི། །རྗེས་སུ་འཇིག་པའི་རིམ་འདི་ཡིན། །ཞེས་འབྱུང་ངོ་། །ཆོས་བདག་མེད་པ་སྟེ་དེ་རྣམས་དང་མཉམ་པ་ཉིད་ཡིན་པས། ཤེས་པ་ནི་རང་དང་གཞན་གྱི་རྒྱུད་ལ་གནས་པའི་དངོས་པོའི་ཚོགས་ངོ་བོ་མེད་པ་འོད་གསལ་བ་དང་མཚུངས་
པས་སོ། །རང་གི་སེམས་ཞེས་པ་ནི་རང་དང་གཞན་གྱི་རྒྱུད་ལ་གནས་པའི་སེམས་སོ། །ཡེ་ནས་མ་སྐྱེས་པ་ཞེས་པ་ནི་འོད་གསལ་བའི་རང་བཞིན་ནོ། །རྡོ་རྗེ་གསུམ་མི་ཕྱེད་པའི་ལུས་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར། སྟོང་པ་ཉིད་ཀྱི་ངོ་བོ་སྟེ། །
ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་མིང་གི་རྣམ་གྲངས་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འོད་གསལ་བ་ཞེས་བྱ་བའི་དོན་ཏོ། །མིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་པ་ལ་ཉེ་བར་མཚོན་པ་ཡིན་ཏེ། དབང་པོ་ཀུན་ལས་འདས་པ་ཡང་ཡིན་པར་ཤེས་པར་བྱ་སྟེ། འདུས་མ་བྱས་པའི་
ཕྱིར་རོ། །དགོངས་པ་མ་ཡིན་པ་ནི་རིམ་པ་བཞི་པས་མངོན་པར་བྱང་ཆུབ་པ་སྟོན་པའི་ཕྱིར་རོ། །མི་བསྐྱོད་པའི་ཚིགས་སུ་བཅད་པ་བསྟན་པར་བྱ་བའི་ཕྱིར། མི་ཟད་པ་ཞེས་བྱ་བ་ནི་མི་ཟད་ཅིང་འཇིག་པར་མི་འགྱུར་བས་ན་མི་ཟད་པ་ནི་དོན་དམ་པའི་བདེན་པ་སྟེ། སྐྱེ་བ་དང་འཇིག་པ་མེད་པའི་
ཕྱིར་རོ། །བརྟན་ཞིང་སྙིང་པོ་ཁོང་སྟོང་མེད། །གཅོད་མེད་དབྱེར་མེད་མཚན་ཉིད་མེད། །སྲེད་པ་མེད་ཅིང་འཇིག་མེད་པ། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་རྡོ་རྗེ་རྩེ་མོ་ལས་འབྱུང་ངོ་། །ཡང་དག་པའི་མཐའ་ཞེས་པ་ནི་དེ་བཞིན་ཉིད་དེ་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་
བའི་འོད་གསལ་བའི་དེ་ཁོ་ན་ཉིད་དོ། །དེ་ཉིད་རྡོ་རྗེ་སྟེ་ཞེས་པ་ནི་བདུད་ཐམས་ཅད་ཀྱིས་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པའི་མཚན་ཉིད་ཅན་གྱི་སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བའི་ཐ་ཚིག་
གོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་འདི་རྣམས་ཞེས་པ་ནི། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་གྱི་རང་བཞིན་གྱིས་སྣང་བའི་རྣམ་པར་ཤེས་པ་གསུམ་མོ། །དེ་དག་མ་སྐྱེས་པ་སྟེ་ཞེས་པ་ནི། སྔགས་དང་ཕྱག་རྒྱའི་རིམ་པས་སྤོང་བར་འགྱུར་ན་རང་བཞིན་མེད་པ་དེ་
เล่ม ๓๒ · หน้า 160b
ཉིད་དོ། །རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ་ཞེས་པ་ནི་ཐམས་ཅད་སྟོང་པའམ། གནས་ལ་འཇུག་པས་སོ། །དེ་བས་ན་ཆོས་རྣམས་རེ་ཞིག་མེད་པ་ཁོ་ནའོ་ཞེས་པ་ནི་སྔར་བཤད་པའི་རིགས་པས་རྣམ་པར་ཤེས་པ་གསུམ་སྤོང་བར་འགྱུར་ན་ཡོད་པ་མ་ཡིན་པའི་རྒྱུད་དེ་ལས་སོ། །ཆོས་
ཉིད་མེད་པ་སྟེ་ཞེས་པ་ནི་དེ་རྣམས་ཀྱི་ཆོས་ཉིད་ཀྱང་མེད། །རྣམ་པར་ཤེས་པ་གསུམ་མེད་པས་དེ་ལས་བྱུང་བའི་ཤེས་རབ་དང་ཐབས་དང་མ་རིག་པའི་ངོ་བོ། །ཉིན་དང་མཚན་མོ་རང་བཞིན་བརྒྱ་དྲུག་ཅུ་ཡང་མེད་དོ། །ཆོས་རྣམས་མེད་པའི་ཕྱིར་རོ་ཞེས་པ་ནི་སེམས་ཀྱི་རང་བཞིན་རྣམ་པར་
ཤེས་པ་གསུམ་མེད་པས་སོ། །རང་བཞིན་གྱི་ཚོགས་ནི་རྣམ་པར་ཤེས་པ་གསུམ་གྱི་རྩ་བ་ཅན་ཡིན་ཏེ། རྣམ་པར་ཤེས་པ་གསུམ་མེད་ན་དེ་ལས་བྱུང་བའི་སེམས་ལས་བྱུང་བའི་རང་བཞིན་རྣམས་ཀྱང་མེད་དེ་རྒྱུ་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་ནམ་མཁའ་ལྟ་བུར་བདག་མེད་
པའི་མཚན་ཉིད་ཅན་ཞེས་པ་ནི་དེ་ཉིད་ཐམས་ཅད་སྟོང་པ་ཞེས་བྱ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱི་ཁྱད་པར་རོ། །བྱང་ཆུབ་པའི་ཐབས་སོ་ཞེས་པ་ནི་སེམས་ཀྱི་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་ལམ་མོ། །སྙིང་པོ་ཡོད་པ་ཡིན་ནོ་ཞེས་པ་ནི་སྔགས་དང་ཕྱག་
རྒྱའི་རིམ་པས་བརྟན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་མི་བསྐྱོད་པས་གསུངས་པ་སྟེ་ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དགོངས་པ་མ་ཡིན་པ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པ་བསྟན་པའི་ཕྱིར་
རོ། །བདག་མེད་པ་ནི་དོན་དམ་པའི་བདེན་པའོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་མཚན་ཉིད་ཡིན་པས་འོད་གསལ་བ་ཉིད་དོན་དམ་པའི་བདེན་པ་ཞེས་བཤད་དོ། །སྣང་བ་ལ་སོགས་པའི་རྣམ་པར་དག་པའི་
ངོ་བོ་ཐམས་ཅད་སྟོང་པའི་གོ་འཕང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་རྡོ་རྗེ་ཞེས་པ་ནི་ས་བཅུ་པ་ལ་ཡེ་ཤེས་ཀྱི་དབང་ཐོབ་པ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་སོ་ཞེས་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་དང་ལྡན་པ་རྣམ་པར་ཤེས་པ་གསུམ་མོ།།མཚན་
เล่ม ๓๒ · หน้า 161a
མ་མེད་པའི་ཕྱིར་རོ་ཞེས་པ་ནི་རྣམ་པར་ཤེས་པ་གསུམ་གྱི་རྒྱུ་མེད་པས་སོ། །ཆོས་ཀྱི་མཚན་ཉིད་རྣམ་སྤངས་པ། །ཞེས་བྱ་བ་ནི་ཆོས་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་རྣམས་ཀྱི་མཚན་ཉིད་ནི་གང་གི་མཚོན་པར་འགྱུར་བའི་མཚན་ཉིད་དེ། དགེ་བ་དང་མི་དགེ་བ་དང་ལུང་
དུ་མ་བསྟན་པའི་རང་བཞིན་རྣམས་སོ། །རྣམ་པར་སྤང་བྱ་བ་ནི་དེ་མེད་པའི་འོད་གསལ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་དུ་ནི་རིགས་པ་བསྟན་པའི་ཕྱིར། །རེ་ཞིག་ཆོས་རྣམས་ཉིད་མ་གྲུབ་ན་ཞེས་པ་ནི་རྣམ་པར་ཤེས་པ་གསུམ་ཉིད་སྔགས་དང་ཕྱག་རྒྱའི་རིམ་པས་སྤོང་བར་
འགྱུར་ན་ནང་མེད་པ་ཁོ་ནའོ། །དེ་རྣམས་ཀྱི་མཚན་ཉིད་ག་ལ་ཡོད་དེ་ཞེས་པ་ནི་རྣམ་པར་ཤེས་པ་དེ་རྣམས་ཀྱི་སེམས་ལས་འབྱུང་བའི་རང་བཞིན་རྣམས་ག་ལས་ཡོད། མོ་གཤམ་གྱི་བུ་ཞེས་བྱ་བ་ལ་སོགས་པས་དཔེ་བསྟན་ཏོ། །འོ་ན་ཇི་ལྟར་ལྷའི་སྐུ་བསྐྱེད་ཅེ་ན་ཞེས་བྱ་བ་ལ་སོགས་
པ་གང་གི་ཚེ་འོད་གསལ་བ་མངོན་དུ་གྱུར་ན། དེའི་ཚེ་སེམས་ཅན་གྱི་དོན་མ་ཡིན་ནོ་ཞེས་དེ་བསྒྲུབ་པར་བྱ་བའི་ཕྱིར་ལྷའི་སྐུ་བསྐྱེད་པ་བསྟན་ཏེ། འོད་གསལ་བ་ལས་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་སྤྲོ་བ་ནི་ལྷའི་སྐུ་བསྐྱེད་པའོ། །དོན་དམ་
པའི་བདེན་པ་སྟེ་ཞེས་པ་ནི་ཐམས་ཅད་སྟོང་པའོ། །དེ་ལས་རང་ལ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་རིམ་པ་ནི་རིམ་པ་གསུམ་པས་སོ། །ཀུན་འབྱུང་བས་ན་ཞེས་པ་ལ་ཅིག་ཅར་རམ་རིམ་གྱིས་སྒྱུ་མ་ལྟ་བུ་དེ་ཉིད་དུ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །འོ་ན་འོད་གསལ་བ་ནི་བག་ཆགས་ཀྱི་དྲི་མ་
ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པ་ཡིན་ན་དེ་ལས་ལྷའི་སྐུ་ཇི་ལྟར་བསྐྱེད་ཅེ་ན། སྨྲས་པ། སྔོན་གྱི་འཕེན་པའི་ཤུགས་ཀྱིས་འབྱུང་བའི་ཞེས་པ་ནི་སྔར་བསགས་པའི་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་ཤུགས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱོན་རྣམས་ཐམས་ཅད་སྐྱེད་བྱེད་
འཇིག་ཚོགས་ལྟ་བུའི་བུད་ཤིང་རྣམ་སྲེག་པ། །རང་དང་གཞན་གྱི་བྱེ་བྲག་ཡུལ་རྣམ་གཉིས་སྤངས་དེ་ཡི་སྐྱོན་འབྱུང་མེད། །ཉེས་པ་མེད་ཀྱང་སྒྱུ་མའི་སྐྱེས་བུ་ལས་ལ་ཐུགས་རྗེས་རིག་བཞིན་བསྐུལ། །སྔོན་གྱི་སྨོན་ལམ་གྱིས་ནི་བློ་བཟང་འཇུག་སྟེ། རྫ་མཁན་འཁོར་ལོ་ཤུགས་བཞིན་
เล่ม ๓๒ · หน้า 161b
འཕེན། །ཞེས་འབྱུང་ངོ་། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་ཀྱང་སེམས་ཅན་གྱི་དོན་མཛད་དེ། སྐྱེས་བུ་ཡིད་བཞིན་ནོར་བུ་བཞིན། །དེ་ཡི་གནས་པ་ཙམ་གྱིས་ནི། །རྩིག་པ་ལ་སོགས་རྣམས་ལས་ཀྱང་། །ཇི་བཞིན་བསྟན་པ་རྣམས་
འབྱུང་ངོ་། །ཞེས་འབྱུང་ངོ་། །དགོངས་པ་མ་ཡིན་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་བྱིན་གྱིས་བརླབ་པ་གཉིས་འཆད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བ་ལ་སོགས་པས་འདྲིའོ། །འོད་གསལ་བའི་སྣང་བ་ཞེས་བྱ་བ་ནི་ལན་ནོ། །འོད་གསལ་བ་ནི་དེ་ཁོ་ན་ཉིད་བཞི་པའོ། །
སྣང་བ་ནི་གསལ་བ་སྟེ་བདེ་བ་ཆེན་པོས་སོ་སོར་སྣང་བའོ། །དེ་ཉིད་རྡོ་རྗེ་སྟེ་ཞེས་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །འདུས་བྱས་པ་དང་འདུས་མ་བྱས་པ་རྣམས་ལའོ་ཞེས་པ་ནི་ཆགས་པ་དང་བྲལ་བ་དང་ཆགས་པ་དང་ཆགས་པ་བར་མ་སྤོང་བར་འགྱུར་བ་དང་། །རིལ་པོར་
འཛིན་པ་དང་རྗེས་སུ་འཇིག་པའི་ཏིང་ངེ་འཛིན་དག་ཀྱང་སྤང་བར་བྱའོ། །བསྒོམ་པར་བྱ་བ་མེད་པའོ་ཞེས་པ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་ཐོབ་ན་དེ་རྣམས་བསྒོམ་པར་བྱ་བར་མི་རིགས་ཏེ། འབྲས་བུ་ཐོབ་པས་ཐབས་དོར་བར་བྱ་བ་ཡིན་པའི་ཕྱིར་རོ། །འབྲས་བུ་ཐོབ་པས་གང་འདོར་བ་དེ་
ནི་ཐབས་ཞེས་བཤད་པ་ཡིན། དེ་ལྟར་ཁ་ཅིག་མེ་སྒྲོན་མས། །ལམ་ལ་མཐོང་སྟེ་དེ་ཉིད་བོར། །ཤེས་པས་ཤེས་བྱ་གཟིགས་ནས་ནི། །དེ་བཞིན་གཤེགས་པ་འདོར་བར་བྱ། །ཞེས་འབྱུང་ངོ་། །ཡང་ན་བསྒོམ་པར་བྱ་བ་མེད་པའོ་ཞེས་པ་ནི་འོད་གསལ་བའི་ཡུལ་དུ་ཉིན་མོ་དང་མཚན་མོ་མཚམས་
དང་ཆགས་དང་ཆགས་བྲལ་དང་ཆགས་པ་བར་མ་རྣམས་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། འདུས་བྱས་པ་དང་འདུས་མ་བྱས་པ་དག་འགལ་བའི་ཕྱིར་རོ། །མཚན་མོ་སྣང་བའི་ཆ་སྟེ་ཉི་མའི་འོད་ཟེར་འགྱེད་པ་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་མཆེད་པ་རང་གི་རང་བཞིན་ལྷན་ཅིག་མིན་
དང་སྦྱར། །མཚན་མོ་མ་ཡིན་མཚམས་མིན་ཉིན་མིན་རང་བཞིན་གང་དག་པ། །དེ་ནི་བྱང་ཆུབ་སྐད་ཅིག་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །ཞེས་འབྱུང་ངོ་། །བསྒོམ་པ་ཡང་མེད་དེ་ཞེས་བྱ་བ་ནི་དེ་ཐོབ་པར་བྱ་བའི་ཕྱིར་སེམས་རྩེ་གཅིག་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ཡང་མེད་དོ། །
เล่ม ๓๒ · หน้า 162a
བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་པ་ལ་བསྒོམ་པར་བྱ་བ་ནི་འོད་གསལ་བ་སྟེ། དེ་མེད་པ་ནི་འདུས་བྱས་པའི་ཚུལ་དུ་མེད་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ་དང་། བསྒོམ་པ་ནི་གློ་བུར་གྱི་དྲི་མ་སེལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ལྷའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་ཞེ་ན་
ཞེས་པ་ནི། དགོངས་པ་ནི་འདི་ཡིན་ཏེ། མངོན་པར་བྱང་ཆུབ་པའི་རིམ་པ་ཐོབ་པས་ཟག་པ་མེད་པ་རྣམ་པར་མི་རྟོག་པ་དོན་དམ་པའི་བདེན་པ་ལ་འཇུག་པའི་རྣལ་འབྱོར་པའི་ཆད་པའི་ཕྱོགས་ཀྱི་མཚན་ཉིད་དུ་ཐལ་བར་འགྱུར་རོ། །དེ་བས་དེ་སྤང་བར་བྱ་བའི་ཕྱིར་ལྷའི་རྣལ་འབྱོར་བསྒོམ་པར་བྱ་བའི་རིགས་སོ། །
དོན་དམ་པའི་བདེན་པའོ་ཞེས་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་རྟོགས་པར་བྱ་བའི་དེ་ཁོ་ན་ཉིད་བཞི་པ་སྟེ། དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་དེ་ལས་བྱུང་བའི་རྡོ་རྗེའི་སྐུ་སྤྲོས་པས་ཏེ་སེམས་ཅན་གྱི་དོན་གྱི་བྱ་བ་ལ་གཞིར་གྱུར་པའི་ཕྱིར་རོ། །གཅིག་ཏུ་
གྱུར་པ་སྟེ་ཞེས་པ་ལ་བཞི་པ་དང་ལྔ་པའི་རིམ་པས་ཐོབ་པར་བྱ་བའི་དོན་དམ་པ་དང་ལྷའི་སྐུ་དག་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཞེས་བྱ་བ་ལ་སོགས་པས་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་བདག་དང་གཞན་ལ་ཕན་ཐོགས་པའི་རྒྱུར་གྱུར་པ་རྣལ་འབྱོར་པས་
བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དགོངས་པ་མ་ཡིན་པ་ནི་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པ་དག་འཆད་པར་འདོད་པའི་ཕྱིར་རོ། །བཤད་ཟིན་ཏོ་ཞེས་པ་ནི་ལེའུ་དང་པོ་ནས་བཤད་པ་རྣམ་པ་བཞི་པོས་བསྟན་ཏོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་པ་འདིས་ཟུང་དུ་
འཇུག་པའི་ཏིང་ངེ་འཛིན་ཉིད་བསྟན་ཏེ། རང་བཞིན་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། རྒྱུ་དང་རྐྱེན་གྱི་ཁྱད་པར་གྱིས་བྱས་པའི་ཕྱིར་རོ། །འོད་གསལ་བ་ནི་དོན་དམ་པའི་བདེན་པ་སྟེ་ཞེས་པ་ལ། རྟག་པ་དྲི་མ་མེད་པ་ཟག་པ་མེད་ཅིང་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱི་དང་ནང་གི་དངོས་པོ་རྣམས་ནི་
བརྟན་པ་དང་གཡོ་བའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། །བདེན་པ་གཉིས་ཀྱི་ངོ་བོ་ཉིད་དོ་ཞེས་པ་ནི་རིམ་པ་གཉིས་པ་དང་བཞི་པས་ཐོབ་པར་བྱ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་རིམ་པ་གསུམ་པ་དང་ལྔ་པས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་སྐུ་དང་། རྡོ་རྗེའི་སྐུའི་རང་བཞིན་ནོ། །དེ་བས་ཞེས་བྱ་བ་ལ་
เล่ม ๓๒ · หน้า 162b
སོགས་པས་ཆོས་ཉིད་ཀྱི་ཕྱོགས་ལ་བརྟེན་ཏེ་རང་བཞིན་གྱིས་དག་པ་ནམ་མཁའ་དང་ཆོས་མཐུན་པ་བསྟན་ཏོ། །འབྲས་བུའི་ངོ་བོ་ཉིད་དོ་ཞེས་པ་ནི་ཟུང་དུ་འཇུག་པའི་རིམ་པའི་མཚན་ཉིད་མི་སློབ་པའི་ཕྱིར་རོ། །དེ་ཐོབ་པའི་རྒྱུ་སྟེ་ཞེས་པ་ནི། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་སྟེ། དེ་རྣམས་
ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་ངག་དང་སེམས་དང་ལུས་དང་ཀུན་རྫོབ་དང་དོན་དམ་པ་རྣམ་པར་དག་པ་ཐོབ་པར་བྱེད་པ་སྒོམ་པས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པས། །སླར་ཞིང་གང་ལའང་མི་སློབ་པོ། །ཞེས་འབྱུང་ངོ་། །རྒྱུ་དང་
འབྲས་བུ་དབྱེར་མེད་པའི་ཕྱིར་རོ་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དེ་ཁོ་ན་ཉིད་ཅེས་བྱ་བ་ཐོབ་ནས་འདིའི་རྒྱུ་དང་འདིའི་འབྲས་བུ་ཞེས་ཐ་དད་པར་མི་སྣང་སྟེ་དེ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་དག་ཅེས་པ་ནི་རྡོ་རྗེ་
བཟླས་པ་ལ་སོགས་པའི་རིམ་པ་བཞི་དང་། ཟུང་དུ་འཇུག་པའི་རིམ་པ་དག་གོ། །མི་ཕྱེད་པར་ཡོངས་སུ་ཤེས་པ་ཉིད་ནི་ཞེས་པ་ལ། སློབ་པའི་གནས་སྐབས་སུ་ཡང་ལམ་ནི་དེ་ཁོ་ན་ཉིད་དུ་མོས་པའི་ཕྱིར་འབྲས་བུ་ཐོབ་ནས་ཀྱང་ལམ་ནི་དེ་དང་རོ་གཅིག་པར་འགྱུར་བའི་ཕྱིར་རོ། །ལས་དང་པོ་པ་
ཅན་འཇུག་པར་བྱ་བའི་དོན་དུ་རིམ་པའི་དབྱེ་བས་རྒྱུ་དང་འབྲས་བུའི་དབྱེ་བ་རབ་ཏུ་བསྟན་ཏོ། །ལས་དང་པོ་པའི་འཇིག་རྟེན་པ་རྣམས་དོན་དམ་པ་ལ་འཇུག་པའི་ཕྱིར་རོ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་འབྱུང་ངོ་། །དགོངས་པ་མ་ཡིན་པ་ཞེས་
བྱ་བ་ནི་ཟུང་དུ་འཇུག་པའི་རིམ་པ་འབའ་ཞིག་ཏུ་བསྟན་པའི་ཕྱིར་རོ། །ཡིད་ཀྱི་རང་བཞིན་གྱི་སྐུའོ་ཞེས་པ་ནི། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་སྐུའོ། །དོན་དམ་པའི་བདེན་པས་རྣམ་པར་དག་པའོ་ཞེས་པ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་བཞི་པས་སོ། །གང་གི་ཕྱིར་སྒྱུ་མ་
ལྟ་བུའི་རྣམ་པར་རྟོག་པ་ཉིད་ཡོངས་སུ་སྤོང་བའི་དོན་དུ་འོད་གསལ་བ་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་གསལ་བར་བྱེད་པའི་ངག་གི་ཚོགས་སོ་ཞེས་པ་ནི་གསུམ་པ་དང་བཞི་པའི་རིམ་པ་རྗོད་པར་བྱེད་པའི་ཚོགས་རྣམས་སོ། །ཀུན་རྫོབ་ཀྱི་བདེན་པས་སོ་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་
เล่ม ๓๒ · หน้า 163a
བཞིན་གྱི་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་གིས་སོ། །དོན་དམ་པའི་བདེན་པས་སོ་ཞེས་པ་ནི་དེ་རྣམ་པར་དག་པར་བྱེད་པའི་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་ཅན་གྱི་མངོན་པར་བྱང་ཆུབ་པའི་རིམ་པས་སོ། །འགྲོ་བའི་དོན་མཛད་པའི་རྡོ་རྗེ་འཆང་
ཆེན་པོའི་སྐུ་ཡང་རྣམ་པར་དག་པར་བྱ་བ་ཡིན་ནོ་ཞེས་བྱ་བས་ངོ་མཚར་བ་དང་རྨད་དུ་གྱུར་པའོ། །ཨེ་མའོ་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དོན་དེ་ཉིད་བསྟན་པར་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པའི་སྒོ་ནས་བསྟོད་པའོ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་གི་སྒོ་ནས་སོ། །དོན་དམ་པའི་
བདེན་པའི་སྒོ་ནས་སོ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་མངོན་པར་བྱང་ཆུབ་པ་བསྟན་པའི་སྒོ་ནས་སོ། །བདེན་པ་གཉིས་མི་ཕྱེད་པའི་ཞེས་བྱ་བ་ལ་སོགས་པས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གསལ་བར་བྱེད་པའི་མན་ངག་གི་སྒོ་ནས་བསྟོད་པའོ། །འོད་གསལ་བའོ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་ཐོབ་པར་
བྱ་བའི་སེམས་རྣམ་པར་དག་པའི་མཚན་ཉིད་དོ། །ཡོངས་སུ་དག་པའི་ལྷའི་སྐུ་སྟེ་ཞེས་པ་ནི་དེ་ལས་བྱུང་བ་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའོ། །དེས་ནི་རིམ་པ་གཉིས་ཀྱི་སྒོ་ནས་བསྟོད་པའོ། །དོན་དམ་པའི་བདེན་པ་ལས་ཡང་དག་པར་འཁྲུངས་ཞེས་པ་ནི་རིམ་པ་བཞི་པས་ཐོབ་པར་
བྱ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་ལས་ཟུང་དུ་འཇུག་པ་འབྱུང་བས་སོ། །དེས་རིམ་པ་བཞི་པ་དང་ལྔ་པ་ཞེས་བྱ་བའི་རིམ་པ་གཉིས་སོ་སོར་བསྟན་པ་ཡིན་ནོ། །རྫོགས་པའི་རིམ་པའོ་ཞེས་པ་ནི་སྔར་བཤད་པའི་སེམས་རྣམ་པར་དག་པ་ལ་སོགས་པའི་བདག་ཉིད་དོ། །དེས་ནི་རྫོགས་པའི་
རིམ་པས་སོ། །གདུལ་བྱ་རྣམས་བསྐྱེད་པར་མཛད་པ་ཞེས་པ་ལ་རྡོ་རྗེ་འཆང་ཆེན་པོའི་སྐུ་ཉིད་དུ་རྫོགས་པར་བྱེད་པའོ། །དེས་ནི་རང་གིས་གཟིགས་པའི་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པས་ན་བཅོམ་ལྡན་འདས་སྐྱོབ་པ་ཞེས་བཤད་དོ། །རང་མཐོང་ལམ་སྟོན་སྐྱོབ་པ་ཡིན། །ཞེས་འབྱུང་ངོ་། །དེས་
ན་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །རྟོག་པ་ཐམས་ཅད་ལས་འདས་པ། །ཞེས་པ་ལ་ཆགས་བྲལ་ལ་སོགས་པའི་རང་བཞིན་རྣམས་དང་བྲལ་བའི་ཕྱིར་རོ། །དམིགས་སུ་མེད་པ་སྟེ་དེ་ཉིད་ཀྱི་ཁྱད་པར་རོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་བཟུང་བས་ན་ཞེས་པ་
เล่ม ๓๒ · หน้า 163b
ལ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པའི་ཕྱིར་ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་པ་ནི་རང་གི་དོན་ལ་སོགས་པ་དེའི་ངོ་བོ་ནི་དེ་ཉིད་དོ། །ལྷའི་དཀྱིལ་འཁོར་སྤྲོ་བར་མཛད་པས་ན་ཞེས་པ་ལ་བྲན་དང་བྲན་མོ་དང་ཕོ་ཉ་དང་ཕོ་ཉ་མོ་དང་། བཀའ་
ཉན་དང་བཀའ་ཉན་མོ་ལ་སོགས་པ་དཀྱིལ་འཁོར་པ་དུ་མ་འོད་ཟེར་གྱི་སྦྱོར་བས་བསྐྱེད་པའི་ཕྱིར་རོ། །དེས་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པའི་བཅོམ་ལྡན་འདས་ལ་བསྟོད་པ་བསྟན་པ་ཡིན་ནོ། །བྱང་ཆུབ་པ་ནི་དོན་དམ་པའི་བདེན་པ་ལ་ཞེས་པ་རིམ་པ་བཞི་པ་ཐོབ་པར་བྱ་བའི་དེ་ཁོ་ན་
ཉིད་དོ། །དེ་གང་གིས་སྤྱད་ཅིང་ཐོབ་པར་བྱེད་པ་ནི་ཞེས་པ་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་མོས་པས་མན་ངག་བཞི་པ་ལ་རྣལ་འབྱོར་པ་རྣམས་བརྩོན་པར་བྱེད་པའོ། །ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་སྒྱུ་མ་ལྟ་བུའི་ལྷའི་སྐུའི་རྣམ་པ་བཟུང་བའོ། །རྡོ་རྗེ་ནི་བདེན་པ་གཉིས་ཀྱི་
བདག་ཉིད་ཅན་ཏེ་ཞེས་པ་ལ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །དག་པ་ནི་དོན་དམ་པའི་བདེན་པ་སྟེ་ཞེས་པ་ནི། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་དང་། འདོད་ཆགས་བྲལ་བ་ལ་སོགས་པའི་རང་བཞིན་གྱི་ཚོགས་བརྒྱ་དྲུག་ཅུ་དང་བྲལ་བའི་དེ་ཁོ་ན་ཉིད་དོ། །དེས་ནི་
རིམ་པ་གཉིས་པ་གསལ་བར་བསྟན་ཏོ། །ཡོངས་སུ་དག་ཅིང་ཡིད་ཀྱི་རང་བཞིན་གྱི་སྐུ་ཞེས་པ་ནི་འཇའ་ཚོན་དང་དྲི་ཟའི་གྲོང་ཁྱེར་དང་ཆུ་ཟླ་ལ་སོགས་པ་སྒྱུ་མའི་དཔེས་ཉེ་བར་མཚོན་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འོད་གསལ་བ་ལ་ཅིག་ཅར་དུ་བྱུང་བའི་རྡོ་རྗེ་འཆང་ཆེན་པོའི་སྐུ་
ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དུ་གཤེགས་པས་ན། །ཞེས་པ་ནི་སེམས་རྣམ་པར་དག་པས་ཐོབ་པར་བྱ་བའི་འོད་གསལ་བའི་དེ་བཞིན་ཉིད་དེ་བདེན་པར་གྱུར་པའི་ཕྱིར་རོ། །གཤེགས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་ཐོབ་པའི་ཕྱིར་རོ། །རྡོ་རྗེ་གསུམ་ལ་སོགས་པའི་རྣམ་པར་
ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་སྐུ་འམ་སེམས་རྣམ་པ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོའི་སྐུ་ཡིས་སོ། །གདུལ་བྱ་རྣམས་ལ་སྣང་བས་སོ། །ཞེས་བྱ་བ་ནི་ཁམས་གསུམ་གྱི་ནང་ན་གནས་པའི་སེམས་ཅན་རྣམས་ལ་རང་གི་སྐུ་གསལ་བར་མཛད་པའི་ཕྱིར་རོ། །མི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด