རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་མཱ་ལ་མ་ཧཱ་ཡོ་ག་ཏནྟྲ་ཊཱི་ཀཱ་གཾ་བྷཱི་རཱརྠ་དྷི་པི་ཀ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๔ · หน้า 54a
འཁོར་ལོའི་དབུས་སུ་ཡི་གེ་ཧཱུྃ་ཡིག་གོ། །འདབ་མ་རྣམས་ལ་བྷྲཱུཾ་ཨཱཾ་ཛྲཱྀ་ཁཾ་ངོ་། །མཚམས་རྣམས་སུ་ལཾ་མཾ་པཾ་ཏཾ་ཞེས་དགོད་པར་བྱའོ། །ལོངས་སྤྱོད་ཀྱི་འཁོར་ལོའི་འདབ་མ་བཅུ་དྲུག་ལ་དབྱངས་ཡིག་བཅུ་དྲུག་པོ་དགོད་པར་བྱའོ། །ཡང་ན་ནག་པོ་སྤྱོད་པ་པའི་བཞེད་
ཀྱིས་དབུས་སུ་ཨོཾ་ཡིག་གོ། །ཕྱོགས་ཀྱི་རྩ་འདབ་མ་བཞི་ལ་ཨ་ཨི་ཨུ་ཨེ་ཞེས་བྱའོ། །བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ལ་ཧཾ་ཡིག་གཞོམ་དུ་མེད་པའོ། །འདབ་མ་རྣམས་ལ་ཨཱ་ལི་ཉིས་འགྱུར་སུམ་ཅུ་རྩ་གཉིས་སོ། །གཡོན་པ་དང་གཡས་པའི་རྩ་ལ་ཇི་ལྟར་
རིགས་པར་དབྱངས་བཅུ་གཉིས་པོ་རྣམས་ཁ་གྱེན་དུ་བལྟ་བས་ཀལ་སོགས་པའི་གསལ་བྱེད་ཉི་ཤུ་རྩ་བཞི་པོས་ལོགས་གཉིས་ལ་བསྐོར་བ་བྱས་ནས། དེ་རྣམས་ཀྱི་སྟེང་དུ་མའི་ཡི་གེ་ཐིག་ལེའི་ངོ་བོས་བསྒོམ་པར་བྱའོ། །གཡོན་པའི་རྩ་ལ་གཡས་པའི་རྩའི་མཚན་ཉིད་དང་བྲལ་བས་དགོད་པར་བྱའོ། །
འོག་དང་སྟེང་དུ་ར་དང་ཀྵ་ཡིག་དག་དགོད་པར་བྱའོ། །དེ་ལྟར་མདོར་བསྡུས་ནས་འཁོར་ལོ་བཞི་གྲུབ་པའི་མཐའི་རྗེས་སུ་འབྲངས་ནས་སྔགས་ཀྱི་རིམ་པའི་ངོ་བོ་བསྡུས་པའི་དོན་བཤད་དོ། །དེ་ཉིད་གསུངས་པ་ནི་ཆོ་ག་བཞིན་ཞེས་བྱ་བ་སྟེ། གདམས་ངག་གི་རྗེས་སུ་འབྲངས་ནས་ཞེས་བྱ་བའི་ཐ་ཚིག་གོ། །
འཁོར་ལོ་དྲུག་པ་སྔགས་སྦྱོར་བ། །འདུས་པ་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་འཁོར་ལོ་བཞིའི་སྟེང་དུ་ལོངས་སྤྱོད་ཀྱི་འཁོར་ལོའི་འོག་ཏུ་མེའི་འཁོར་ལོ་གྲུ་གསུམ་པའི་དབུས་སུ་ཤ་ཡིག་གོ། །ཟུར་གསུམ་པོ་རྣམས་སུ་ཤ་ས་ཧ་རྣམས་སོ། །གྲུབ་པའི་མཐའ་ཁ་
ཅིག་ལས། ཡ་ར་ལ་ཝ་འམ་ཡང་ན་རྀ་ལྀ་རཱྀ་ལཱྀ་རྣམས་ཏེ། དེ་རྣམས་ནི་སྲེག་པའི་ས་བོན་ཉིད་ཀྱི་ཕྱིར་རོ། །དེའི་རྗེས་སུ་བདེ་བ་ཆེན་པོའི་འཁོར་ལོའི་འོག་གི་སྨིན་མའི་དབུས་སུ་རླུང་གི་འཁོར་ལོའི་རྩིབས་དྲུག་པའི་དབུས་སུ་ཀ་ཡིག་གོ། །རྩིབས་དྲུག་པོ་ལ་ཙ་ཊ་ཏ་པ་ཡ་ཤ་རྣམས་གཡོན་སྐོར་གྱི་
རིམ་པས་དགོད་པར་བྱའོ། །དེ་ཉིད་གསུངས་ནི་སྔགས་སྦྱོར་བ། །ཞེས་གསུངས་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །འདུས་པ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ས་བོན་བཀོད་པའི་ངོ་བོའོ། །བརྗོད་པ་ཡིན་ཞེས་བྱ་བ་ནི་དཔལ་བདེ་མཆོག་དང་དགྱེས་རྡོར་ལ་སོགས་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །
เล่ม ๓๔ · หน้า 54b
དེ་ལྟར་སྔགས་ཀྱི་རིམ་པས་འདུས་པའི་དོན་བརྗོད་ནས། རྒྱུད་ཀྱི་རིམ་པས་བརྗོད་པའི་དཔའ་བོ་རྣལ་འབྱོར་མ་སྦྱོར་བ་ཞེས་བྱ་བ་གསུངས་ཏེ། དཔའ་བོ་ནི་ཐབས་ཏེ། རྣམ་པར་རྟོག་པ་རྣམས་ལ་མི་འཇིགས་པའི་ཕྱིར་དཔའ་བོ་ཉིད་དོ། །རྣལ་འབྱོར་མ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དཔའ་བོ་ཡང་
ཡིན་ལ་རྣལ་འབྱོར་མ་ཡང་ཡིན་པས་ན་དཔའ་བོ་རྣལ་འབྱོར་མའོ། །དེ་དང་ཡང་དག་པར་སྦྱོར་བ་ནི་འབྲེལ་པའོ། །འདིས་ནི་རྒྱུད་ཀྱི་རིམ་པའི་ཐབས་ཕྱི་རོལ་གྱི་ཐབས་ཤེས་རབ་དང་སྙོམས་པར་འཇུག་པའི་མཚན་ཉིད་གསུངས་སོ། །ཡང་ན་དཔའ་བོ་ནི་གཡས་པའི་རྩ་སྟེ། ཐབས་ཀྱི་རང་བཞིན་
ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་མ་ནི་གཡོན་པའི་རྩ་སྟེ། ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་དག་དང་ཡང་དག་པར་སྦྱོར་བ་ནི་ཕན་ཚུན་དུ་སྦྱོར་བའོ། །འདིས་ནི་ནང་གི་ཐབས་ཤེས་རབ་ཀྱི་སྙོམས་པར་འཇུག་པའི་ངོ་བོ་རྒྱུད་ཀྱི་རིམ་པའི་ཐབས་གསུངས་སོ། །གསང་བའི་རྩ་གཉིས་ནི་རྡོ་རྗེ་དང་
པདྨའི་རྩ་གཉིས་སོ། །གང་གི་ཚེ་ཞེས་བྱ་བ་ནི་གང་ལའོ། །ཡང་དག་སྦྱོར་བས་ཞེས་བྱ་བ་ནི་ཕན་ཚུན་སྙོམས་པར་འཇུག་པའི་ངོ་བོས་སོ། །རེག་འགྱུར་བ་ཞེས་བྱ་བ་ནི་ཁམས་བཞིའི་རྣམ་པས་སོ། །དེ་ལྟར་ཡང་། དང་པོ་ཕྲད་པའི་གནས་སྐབས་སུ་སྲ་བའི་ངོ་བོས་རིག་པའོ། །དེའི་རྗེས་
ལ་གཤེར་བས་ཉམས་སུ་མྱོང་བ་གཉིས་པའོ། །དྲོ་བར་གྱུར་པ་ནི་གསུམ་པའོ། །བྱང་ཆུབ་ཀྱི་སེམས་འགྲོ་བ་དང་འོང་བ་ལ་སོགས་པའམ་མཚན་མ་གཉིས་བསྐྱོད་པ་ལ་སོགས་པ་ནི་བཞི་པའོ། །དེ་ཚེ་ཞེས་བྱ་བ་ནི་དེའི་དུས་ནའོ། །ནམ་མཁའ་ཞེས་བྱ་བ་ནི་རྣལ་འབྱོར་མ་དག་གི་ལྟེ་བར་གནས་པའི་
ནམ་མཁའ་ལའོ། །རྣམ་རྒྱས་ཉིད་ཅེས་བྱ་བ་ནི་རྒྱས་པ་ཉིད་དུ་འགྱུར་བའོ། །ནམ་མཁའ་ལས་ནི་སྐྱེས་པའི་རླུང་། །ཞེས་བྱ་བ་ནི་ལྟེ་བའི་ནམ་མཁའ་ལས་སོ། །ལས་ཀྱི་རླུང་གི་རང་བཞིན་ནོ། །དེས་ཞེས་བྱ་བ་ནི་ལས་ཀྱི་རླུང་གིས་སོ། །མེ་ནི་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེའི་རང་བཞིན་ནོ། །
རབ་ཏུ་འབར་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་འབྱུང་བ་སྔོན་དུ་འགྲོ་བས་འབར་ཞིང་གསལ་བའི་རྣམ་པས་བསྐྱེད་པར་འགྱུར་བའོ། །རྩ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་བྱ་བ་ནི་དེ་ཙམ་གྱི་གྲངས་ཀྱིས་ཡོངས་སུ་བཅད་པའི་རྩ་འཁོར་ལོ་བཞིའམ། འཁོར་ལོ་དྲུག་ཏུ་གཏོགས་པ་རྣམས་ལའོ། །རབ་
เล่ม ๓๔ · หน้า 55a
སད་ཅེས་བྱ་བ་ནི། ཁ་ཅིག་ལ་ནི་སྲེག་པ་འབྱུང་། །ཁ་ཅིག་ཏུ་ནི་ལན་གསུམ་བསྐོར། །ཁ་ཅིག་ལ་ནི་རེག་པ་ཙམ། །ཁ་ཅིག་ལ་ནི་མདུད་པ་འགྲོལ། །ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་དུ་བརྗོད་པ་སྟོན་པར་འགྱུར་ཏེ། ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་
པས་སམ། ནང་གི་བདག་ཉིད་ཀྱི་ཐབས་ཤེས་རབ་དང་སྙོམས་པར་ཞུགས་པས་ལས་ཀྱི་རླུང་གིས་བསྐུལ་བའི་ཡེ་ཤེས་ཀྱི་མེ་སྤྲུལ་པའི་འཁོར་ལོ་ནས་ཨ་ཡིག་གི་དབྱུག་པ་བཅག་པ་སྔོན་དུ་འགྲོ་བས་ཡང་དག་པར་འབྱུང་ཞིང་མ་ལུས་པའི་སྔགས་ཀྱི་ཚོགས་མི་སྣང་བར་བྱས་ནས་རྣ་བ་གཡས་
པ་དབུ་རྒྱན་ཞེས་བྱ་བ་ནི་རྣམ་གྲངས་གཞན་གྱི་ཕྱིར་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་དེ་ལྟར་བསྒྲུབས་ནས་སོ་མཚམས་ཀྱི་ནང་ན་གནས་པའི་རྩའི་གནས་ནས་ནང་དུ་ཞུགས་ཏེ། སླར་ཡང་སྤྲུལ་པའི་གནས་དེ་ཉིད་ངལ་སོ་བར་བྱེད་ཅིང་སྣང་བ་མི་འགྱུར་ཏེ། སྐྲའི་རྩེ་མོ་བརྒྱ་སྟོང་དུ་
གཤེགས་པའི་ཆའི་ཚད་ཙམ་གྱི་ཕྱིར་ཞེས་བྱ་བའོ། །དེ་ལྟར་རྒྱུད་ཀྱི་རིམ་པས་གསང་བ་འདུས་པའི་དོན་བསྟན་ནས་ཡེ་ཤེས་ཀྱི་འབྲས་བུ་ཞེས་བྱ་བ་ནི། ལས་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའོ། །དེའི་འབྲས་བུ་ནི་འདོད་པ་དང་མི་འདོད་པ་ལ་སོགས་པའོ། །མྱོང་ཞེས་བྱ་བ་ནི་རྣམ་པར་ཤེས་
པའམ་སྐྱེས་བུའོ། །གཞན་ཉིད་དུ་ནི་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་རྣམ་པར་ཤེས་པ་རླུང་དང་བཅས་པ་སྤངས་ནས་སོ། །ས་སྟེང་ན་ནི་ཞེས་བྱ་བ་ནི་འཇིག་རྟེན་འདི་ན་ཡོད་པ་མ་ཡིན་ཏེ། དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་དང་། གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་རང་རིག་པ་
ཉིད་ཀྱིས་སྒྲོ་བཏགས་པའི་རྒྱུ་དང་རྒྱུ་མེད་པ་སྤངས་ནས། འོས་པའི་རྒྱུ་བག་ཆགས་ལ་སོགས་པ་ལ་ལྟོས་ནས། ཁམས་གསུམ་དུ་འཁོར་ལ་སྐྱོན་གང་ཡང་མེད་དོ། །དེ་ལྟར་ཡོངས་སུ་མ་ཤེས་པའི་གནས་སྐབས་ལ་རྣམ་པར་རྟོག་པ་རབ་ཏུ་བསྐྱེད་པ་བསྟན་ནས། དེའི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར།
དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་རླུང་གི་ཤིང་རྟ་ལ་ཞོན་པ་དེ་དང་དེའི་ཡུལ་རྣམས་ཀྱི་བག་ཆགས་ཀྱི་དབང་གིས་འཁོར་བར་འཁོར་རོ། །དེའི་ཕྱིར། ཐིག་ལེའི་དབྱེ་བ་གོ་འཕང་བསྒོམ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཁོར་བ་གཞོམ་ཞེས་བྱ་བ་
เล่ม ๓๔ · หน้า 55b
གསུངས་ཏེ། བག་ཆགས་ཀྱི་དབང་གིས་སླར་སྐྱེ་བ་བཟློག་པའི་དོན་དུའོ། །གསལ་བར་ཞེས་བྱ་བ་ནི་སྒྲའི་སྒོ་ནས་མ་བརྗོད་ཀྱང་བླ་མའི་ཞལ་འབའ་ཞིག་གིས་རྟོགས་པར་བྱའོ། །འབད་པར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་པོས་སོ། །མ་རིག་གཞན་ནི་མི་ཤེས་པ། །
ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སྒོམ་པ་པོ་སྟེ། སྔར་བཤད་པའི་རིགས་པས་ཞེས་བྱ་བའི་དོན་ཏོ། །མ་རིག་གཞན་ནི་མི་ཤེས་པ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྒོམ་པ་པོའི་རྣལ་འབྱོར་པས་སོ། །མ་རིག་གཞན་ནི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འམ་མངོན་པར་འདུས་བྱས་པའི་ངོ་བོ་
ཡོད་པ་མ་ཡིན་ཏེ། དེའི་བསྐྱེད་པའི་རིམ་པ་བསྒོམས་པས། དེ་སྤངས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་མ་ཡིན་ན། མ་རིག་པ་གཞན་གང་ཡིན་ཞེ་ན། དེའི་ཕྱིར་དབུས་ཀྱི་མདུད་པ་ཞེས་གསུངས་ཏེ། སྙིང་གའི་ནམ་མཁའི་དབུས་སུ་རྩ་ལྔ་ལྔའི་རྩའི་ནང་དུའོ། །མདུད་པ་ཞེས་བྱ་བ་ནི་རང་བཞིན་
གྱིས་གྲུབ་པའི་འཆིང་བའོ། །དེ་ཉིད་ནི་མ་རིག་པ་ཞེས་བརྗོད། དེའི་སྟོབས་ཀྱིས་རླུང་དང་སེམས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་ཕྱེ་ནས་ཞེས་བྱ་བ་ནི་སྔར་བཤད་པ་དང་། འཆད་པར་འགྱུར་བའི་རིགས་པས་མདུད་པ་ཕྱེ་བའི་ཕྱིར་རོ། །དངོས་གྲུབ་འགྱུར་ཞེས་བྱ་བ་ནི་
རླུང་དང་དབང་ཅན་དུ་འགྱུར་བས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོ་རྣམས་ལའོ། །རྣལ་འབྱོར་དངོས་གྲུབ་སྟེར་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་དེ་སྡུད་པ་བསྟན་ནས། དེའི་ཕན་ཡོན་བརྗོད་པའི་ཕྱིར། །ཡེ་ཤེས་ལྔ་
རྣམས་ཐོབ་ནས་ནི། །ཞེས་གསུངས་ཏེ། རླུང་ལྔ་པོ་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པས་མངོན་པར་ཤེས་པ་ལྔ་འཐོབ་པའོ། །གྱེན་དུ་རྒྱུ་བའི་རླུང་ལ་སོགས་པ་རླུང་ལྔ་པོ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་དང་རྗེས་སུ་སྤྱོད་པ་ཉིད་ཀྱིས་ལྷག་པར་
མོས་པས་ལྷའི་མིག་ལ་སོགས་པ་རབ་ཏུ་འབྱུང་བས་སོ། །མཆོག་ཏུ་གསལ་བ་ཐོབ་ནས་ནི། །ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་མཐར་ཕྱིན་ནས། རྡོ་རྗེ་བཟླས་པའི་གོ་འཕང་ཐོབ་པས་སོ། །ཇི་ལྟར་འདོད་པས་བདེ་བར་གནས། །ཞེས་བྱ་བ་ནི་རང་ཉིད་ཀྱིས་རྒས་པའི་ཕུང་པོ་ཡོངས་སུ་སྤངས་ནས།
เล่ม ๓๔ · หน้า 56a
མཐོང་བའི་ཆོས་ཉིད་ལ་གཞན་གྱི་གྲོང་འཇུག་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འདོད་པས་སོ། །དེ་ལྟར་རྣམ་པ་བདུན་གྱིས་དེ་རྒྱས་པར་བཤད་པ་བསྟན་ནས་ད་ནི་དེ་ལ་མཁོ་བའི་དོན་བརྗོད་པའི་ཕྱིར་དེའི་ཡན་ལག་ཕྱི་རོལ་གྱི་ངེས་
པ་སྤངས་ནས། ཐིག་ལེའི་དབྱེ་བའི་ཐབས་ནི་ཕྲེང་བ་མི་དགོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་མི་རུས་ལ་སོགས་པའི་ཕྲེང་བ་ལ་སོགས་གཟུང་བར་མི་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་དབུགས་ཀྱི་འཁོར་ལོ་ལ་ངེས་པའི་ངོ་བོ་ཉིད་ཀྱིས་བགྲངས་པ་གྲུབ་པའི་ཕྱིར་རོ། །
བསམ་གཏན་མི་དགོས་ཞེས་བྱ་བ་ནི་བྲིས་སྐུ་ལ་སེམས་འཛིན་པ་ལ་སོགས་པ་རྣམས་ལ་སྟེ། རང་ཉིད་ཀྱི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱི་ཕྱིར་རོ། །བྱ་བ་མི་དགོས་ཞེས་བྱ་བ་ནི་ཁྲུས་ལན་གསུམ་བྱེད་པ་དང་། གོས་ལན་གསུམ་དུ་བརྗེ་བ་ལ་སོགས་པའི་ངོ་བོ་སྟེ།
སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་རླུང་གི་སྟོབས་ཀྱིས་སྐྱེས་པའི་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་བཀྲུས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བྱ་བ་མི་དགོས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་བསྒྲུབ་པའི་མཚན་ཉིད་ཅན་མ་ཡིན་ཏེ། ཕྱི་རོལ་གྱི་རྫས་སྤངས་ནས་འབད་པ་མེད་པའི་ཕྱིར་རོ། །ཇི་
སྐད་དུ། ས་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ཉིད། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །ཞེས་གསུངས་སོ། །འཛིན་མི་དགོས་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགོག་པའི་རྣམ་པ་མ་ཡིན་ཏེ། དབང་པོའི་རྒྱུ་བ་བཙན་ཐབས་མ་
ཡིན་པར་མི་སྡོམ་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་ཐིག་ལེ་ཇི་ལྟར་གཟུང་བར་བྱ་ཞེ་ན། དེ་ཕྱིར་སྔགས་ཀྱི་དེ་ཉིད་གཅིག་པུ་ཡིས། །ཞེས་གསུངས་ཏེ། འཆད་བཞིན་པའི་བསྡུས་པའི་ཧཱུྃ་ཡིག་དང་ཧོ་ཡིག་གི་ངོ་བོའི་རྣམ་པས་སོ། །ཡང་དག་རྫོགས་པའི་སངས་རྒྱས་འཐོབ། །ཅེས་བྱ་
བ་ནི་ཐིག་ལེའི་དབྱེ་བའི་མདུད་པའི་མཚན་ཉིད་མདུད་པ་གཅོད་པར་བྱེད་པ་སྟེ། ཟླ་བ་དྲུག་ཏུ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །ལས་ཆོས་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་ནི་ལས་ཙམ་ལ་ཉེ་བར་མཁོ་བའི་ཕྱག་རྒྱའོ། །ཆོས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འཛིན་པའི་རྒྱུར་གྱུར་པའི་ཕྱག་རྒྱའོ། །
เล่ม ๓๔ · หน้า 56b
དམ་ཚིག་ཕྱག་རྒྱ་ཡི་ཞེས་བྱ་བ་ནི་དབང་བསྐུར་བ་ཐོབ་པ་ལེགས་པར་འདུ་བྱེད་པའོ། །དེ་ལྟ་བུར་གྱུར་པའི་ཕྱག་རྒྱའི་དབྱེ་བའོ། །འདིར་ནི་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བའོ། །མ་གསུངས་སོ་ཞེས་བྱ་བ་ནི་ཉེ་བར་མ་བརྗོད་པའོ། །དེ་ལ་དེ་རྒྱུ་ཉིད་དུ་མ་གྱུར་པའི་ཕྱིར་རོ། །ཡང་ན་ལས་ཀྱི་ཕྱག་རྒྱ་
ནི་ལག་པའི་ཕྱག་རྒྱ་ལ་སོགས་པ་འཆིང་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་སྙིང་ག་ལ་སོགས་པར་སྔགས་ཀྱི་ཡི་གེ་ལ་སོགས་པ་བསྒོམ་པའོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་རིགས་ཀྱི་མཚན་མ་ལ་སོགས་པ་འཛིན་པའོ། །དེ་ལྟ་བུའི་རྣམ་པའི་ཕྱག་རྒྱའི་དབྱེ་བས་མ་གསུངས་པ་ནི་སྔ་མ་བཞིན་ནོ། །
འཁོར་ལོའི་དབྱེ་བས་མ་ཡིན་ཞིང་། །ཞེས་བྱ་བ་ནི་འདིར་ནི་ཐིག་ལེའི་དབྱེ་བས་སོ། །འཁོར་ལོ་དྲུག་དང་། འཁོར་ལོ་བཞིས་རྣམ་པར་དབྱེ་བ་དང་། །རྩའི་གྲངས་དང་སྔགས་ཀྱི་གྲངས་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དགའ་མ་ལ་སོགས་རིམ། །ཞེས་བྱ་བ་ནི་ཕྱག་རྒྱའི་རིམ་པ་དེའི་ཡན་ལག་
མ་ཡིན་པའི་ཕྱིར་དང་། ཕྱག་རྒྱའི་རིམ་པ་ལ་བརྟེན་ནས་ཀྱང་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་མཚོན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན། དེ་རྣམས་ཐམས་ཅད་བཀག་པ་ལ་ཐབས་ཇི་ལྟ་བུས་བསྒྲུབ་པར་བྱ་བ་དེ་ནི་ཐིག་ལེའི་དབྱེ་བའོ་སྙམ་དུ་དགོངས་ནས་དེའི་ཕྱིར་སྔགས་ཀྱི་དེ་ཁོ་ན་
ཉིད་ཀྱིས་ནི་འཐོབ་ཅེས་གསུངས་ཏེ། འཆད་བཞིན་པས་སོ། །ཕྱག་རྒྱ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བའི་ངོ་བོའོ། །གསལ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་མངོན་སུམ་ལ་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱི་རོལ་གྱི་ངེས་པ་སྤངས་པ་ལ་ཐིག་ལེའི་དབྱེ་བའི་ཐབས་
བརྗོད་ནས། ཐབས་ལས་བྱུང་བའི་རྣམ་གྲངས་བརྗོད་པའི་ཕྱིར། སྟོང་ཉིད་ཡེ་ཤེས་རྡོ་རྗེ་དང་། །ཞེས་བྱ་བ་གསུངས་ཏེ། མདུད་པ་བཟློག་པས་རླུང་གཉིས་པོ་རོ་གཅིག་པའི་དངོས་པོའི་ངོ་བོས་རྣམ་པར་རྟོག་པའི་རླུང་རྒྱུ་བ་བཟློག་ནས། སྟོང་ཉིད་ཡེ་ཤེས་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་
པའི་རྡོ་རྗེ་ནི་ཡུལ་ལ་མངོན་པར་ཞེན་པ་བཟློག་པས་ཡེ་ཤེས་རྡོ་རྗེའོ། །དེ་ཉིད་ཅེས་བྱ་བ་ནི་རླུང་གི་རང་བཞིན་ཐོབ་པས་སོ། །གཉིས་མེད་ཅེས་བྱ་བ་ནི་མདུད་པ་འགག་པས་སྟེང་དང་འོག་ཏུ་མི་མཉམ་པའི་རྒྱུ་བ་མེད་པའི་ཕྱིར་རོ། །བདེ་བའི་ཞེས་བྱ་བ་ནི་དེ་སྒོམ་པ་རབ་ཏུ་གྱུར་པ་ལ་བསྐལ་པའམ་བསྐལ་པ་སྟོང་གི་
เล่ม ๓๔ · หน้า 57a
བར་དུ་གནས་པའི་ཕྱིར་རོ། །གསང་ཆེན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལ་མ་བསྟན་པའི་ཕྱིར་རོ། །ཐིག་ལེའི་དབྱེ་བ་དང་ཞེས་བྱ་བ་ནི་དབུགས་སྨིན་མའི་དབུས་ན་གནས་པ་ལ་ཕྱེ་བའི་ཕྱིར་རོ། །རྣལ་འབྱོར་གྲུབ་པ་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགེགས་
པའི་ཐབས་སུ་གྱུར་པའི་ཕྱིར་རོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་ལས་སྐྱེས་པའི་བག་ཆགས་ལས་ཀྱི་ངོ་བོ་སྡུག་བསྔལ་བཟློག་པས་ཁམས་གསུམ་གྱི་ཉིང་མཚམས་སྦྱོར་བ་ལས་བཟློག་པའི་ཕྱིར་རོ། །མ་རིག་སྒོ་ངའི་སྦུབས་ཞེས་བྱ་བ་ནི་མ་རིག་པ་རྩ་དབུ་མའི་མདུད་པའི་
ངོ་བོའམ། ལྷན་ཅིག་སྐྱེས་པའམ། མངོན་པར་འདུ་བྱེད་པ་མེད་པའོ། །དེའི་སྒོ་ང་ནི་བསྟན་པའི་མདུད་པའི་རྣམ་པའམ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དེའི་འབྱེད་པ་ནི་སྔགས་ཀྱི་རིམ་པ་སྐྱེ། དེས་འཇིག་ཚོགས་ལ་ལྟ་བའི་ངོ་བོའི་རི་བོ་རྩེ་མོ་ཉི་ཤུ་ལས་བྱུང་བ་ནི་དེ་འབྱེད་པ་ནི་རྣམ་
པར་འབྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། །ཞེས་བྱ་བ་ནི་དགའ་བ་ཆེན་པོ་འཛིན་པས་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་བཤད་པ་ནི་ཕྱག་རྒྱ་ཆེན་པོ་བཤད་པའོ། །དེ་ཡང་ཡིན་ལ་དངོས་གྲུབ་ཀྱང་ཡིན་པས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རབ་ཏུ་དབྱེ་བ་
ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ལ་སོགས་པ་རྣམས་ཀྱིས་སོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །མཆོག་ཏུ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་ཟུང་དུ་འཇུག་པའི་ཐབས་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཐབས་ལས་བྱུང་བའི་རྣམ་གྲངས་བརྗོད་པ་བསྟན་ནས། ཐབས་ལ་གདམས་ངག་
གིས་རྟོགས་པར་བྱ་བ་ཉིད་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་བརྗོད་པ་ནི། །སྔགས་ཀྱི་དེ་ཉིད་སྔོན་སྦྱོར་བས། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཀྱི་ཡུལ་ལོ། །རིགས་ཤིང་ཡང་དག་གསལ་བ་གང་། །ཞེས་བྱ་བ་ནི་སྔོན་གྱི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་མཚན་ཉིད་ཅན་
ནོ། །བླ་མའི་ཞལ་ནས་ངེས་རྟོགས་འགྱུར། །ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་བླ་མའི་ཞལ་ལས་བྱུང་བའི་ཐོབ་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། དེའི་ཕྱིར་རྣལ་འབྱོར་མའི་བཀའ་དྲིན་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་དགེ་བའི་རྩ་བའི་སྟོབས་
เล่ม ๓๔ · หน้า 57b
ཀྱིས་ཐོབ་པར་བྱ་བའི་དོན་ཏོ། །དེ་ལྟར་ཐབས་ལ་མན་ངག་གིས་རྟོགས་པར་བྱ་བ་ཉིད་ཀྱིས་རང་གི་ངོ་བོ་བསྟན་ནས། དེ་ལས་བཟློག་པའི་ཕྱིན་ཅི་ལོག་གི་སྐྱོན་བསྟན་པ་བཤད་པའི་ཕྱིར། མན་ངག་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མའི་བརྒྱུད་པ་ལས་གསུངས་
པའི་བླ་མའི་མན་ངག་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་མཚན་ཉིད་སྤངས་ནས་སོ། །གང་ཞེས་བྱ་བ་ནི་སྐྱེས་བུའོ། །བཟླས་པ་ཞེས་བྱ་བ་ནི་སྔགས་ཀྱི་རྒྱལ་པོ་སྟེ། དེ་ཡིས་དཀའ་བ་གཅིག་པུ་དང་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བློ་རྨོངས་བྱེད་ཅེས་བྱ་བ་གསུངས་ཏེ། མན་ངག་
མེད་པ་ནི་ཤེས་རབ་དམན་པའོ། །ཆུ་བསྲུབས་ཞེས་བྱ་བ་ནི་ཆུ་བསྲུབས་པས་སོ། །མར་ནི་མི་འབྱུང་ལྟར་ཞེས་བྱ་བ་ནི་མར་མི་ཐོབ་པ་སྟེ། དཀའ་བ་གཅིག་པུར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་དུའོ། །སྔགས་བཟླས་ཀྱང་ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་བྱས་ཏེའོ། །མན་ངག་དང་
བྲལ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་མན་ངག་གི་མཚན་ཉིད་དོ། །འབྲས་བུའི་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་མི་འཐོབ་པའོ། །སྐྱེས་བུ་ཞེས་བྱ་བ་ནི་སྒོམ་པ་པོའི་འཇིག་རྟེན་ནོ། །དུས་ཇི་ཙམ་གྱི་བར་དུ་སྔགས་བཟླས་ཀྱང་འབྲས་བུ་མི་འགྲུབ་ཅེ་ན། དེའི་ཕྱིར་ཇི་སྲིད་སྐྱེས་ནས་མཐར་ཞེས་གསུངས་ཏེ།
ཇི་སྲིད་འཚོའི་བར་དུ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་མན་ངག་གིས་གཏོང་བའི་སྔགས་པའོ། །ཆ་ཙམ་ཞེས་བྱ་བ་ནི་ཕྱོགས་གཅིག་ཙམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱིན་ཅི་ལོག་གི་སྐྱོན་བསྟན་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། རྒྱ་མཚོ་བཞི་ཡི་ཕ་མཐའ་ཡི། །ས་ལ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ས་ཡི་ལམ་ནས་བསྐོར་བཞིན་དུའོ། །མི་ཤེས་པའི་མི་འགའ་ཞིག་ཅེས་བྱ་བ་ནི་གང་ཟག་གོ། །མི་ཤེས་པ་ཡི་ཞེས་བྱ་བ་ནི་བློ་རྨོངས་པས་ཤེས་རབ་དམན་པ་ཉིད་ཀྱིས་སོ། །ལམ་ནི་གང་ཡིན་མི་འདྲི་གང་། །ཞེས་བྱ་བ་ནི་མངོན་པར་འདོད་པའི་གྲོང་དུ་འགྲོ་བའི་ལམ་གང་ལ་ཡང་མི་འདྲིའོ། །
ལམ་ནི་གང་ཡིན་མི་འདྲི་གང་། །ཞེས་བྱ་བ་གང་ཞེས་བྱ་བ་ནི་སྐྱེས་པའོ། །ལམ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ཡུལ་ཐོབ་པའི་རྒྱུར་གྱུར་པའོ། །གང་ཡིན་མི་འདྲི་ཞེས་བྱ་བ་ནི་སྐྱེས་བུ་དེས་ཇི་ལྟར་བདག་ཉིད་ཕྱིན་པར་འགྱུར་ཏེ། དེ་ཇི་ལྟར་ཡུལ་དེར་མཐོང་ཞེས་བྱ་བ་ནི་མི་མཐོང་ཞེས་བྱ་བའོ། །གཅིག་ཏུ་འགྲོ་
เล่ม ๓๔ · หน้า 58a
བའི་འབད་པ་དེ་ལ་དོན་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དཀའ་བ་ཆེར་བྱེད་པའི། །ཞེས་བྱ་བ་ནི་འདུན་པའི་དབྱེ་བའི་རྒྱུ་མཚན་དུ་དཀའ་བ་ཆེར་བྱེད་པ་སྔགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ལ་སོགས་པ་བྱས་ཀྱང་ངོ་། །མན་ངག་དང་བྲལ་བས་ཞེས་བྱ་བ་ནི་བརྒྱུད་པའི་རིམ་
པ་མེད་པས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ཐོབ་པར་དཀའ་བའོ། །འབྲས་བུ་མེད་ཕྱིར་མཁས་པ་དང་། །ཞེས་བྱ་བ་ནི་ཤིན་ཏུ་ཤེས་རབ་དང་ལྡན་ཡང་མན་ངག་བྲལ་བས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་པོའོ། །སྨོད་པར་བྱེད་ཅེས་བྱ་བ་ནི་དེ་ཐོབ་པ་ཉམས་
པས་སྨོད་པར་བྱེད་པའོ། །མི་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡུལ་ལའོ། །མན་ངག་མེད་པས་དངོས་གྲུབ་མེད་པའི་ཕྱིར་རོ། །ཡིད་ལ་སྨོད་པ་ཞེས་བྱ་བ་ནི་སློབ་དཔོན་དང་འདྲ་བར་སེམས་ལ་སྨོད་པས་སོ། །མནར་མེད་ཅེས་བྱ་བ་ནི་འབར་ཞིང་འབར་བས་བསྒྲིབས་པའི་དམྱལ་བ་ཆེན་པོའོ། །འགྲོ་ཞེས་བྱ་བ་ནི་
འགྲོ་བར་འགྱུར་བའོ། །དོན་མེད་ཅེས་བྱ་བ་ནི་དངོས་གྲུབ་ཉམས་པས་ངན་སོང་གི་རྒྱུ་རྗེས་སུ་བསྒྲུབས་པས་འབྲས་བུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་རྒྱས་པ་བཤད་པ་བསྟན་ནས། གུས་པར་བསླབ་པར་བྱ་བ་ཉིད་མདོར་བསྟན་པའི་ཕྱིར། དེ་ཕྱིར་འབད་པས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། གང་གི་ཕྱིར་གདམས་ངག་མེད་པར་སྔར་བཤད་པའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར། ཡང་དག་མན་ངག་བསླབ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །འབད་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟོས་པ་ཉིད་ཀྱིས་སོ། །ཡང་དག་ཅེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་བ་
འདེབས་པ་དང་བྲལ་བས་ཕྱིན་ཅི་མ་ལོག་པའོ། །མན་ངག་ཅེས་བྱ་བ་ནི་བླ་མའི་མན་ངག་གོ། །གུས་པ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ཡིད་ཆེས་པ་སྔོན་དུ་འགྲོ་བས་དད་པ་སྐྱེས་པས་སོ། །འབད་པར་བསླབ་པར་བྱ་སྟེ། བླ་མའི་ཞལ་ནས་དངོས་གྲུབ་ཕྱིར། །ཞེས་བྱ་བ་ལ། འབད་པས་ཞེས་བྱ་བ་ནི་བླ་མ་ལ་
བསྙེན་བཀུར་ལ་སོགས་པ་བྱེད་པའི་མཚན་ཉིད་ཅན་གྱི་བརྩོན་འགྲུས་ཀྱིས་སོ། །དངོས་གྲུབ་ཕྱིར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུའོ། །བླ་མའི་ཞལ་ནས་ཞེས་བྱ་བ་ནི་ལེའུ་གཉིས་པར་བསྟན་པའི་མཚན་ཉིད་ཅན་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གུས་པས་བསླབ་པར་བྱ་བ་ཉིད་
เล่ม ๓๔ · หน้า 58b
མདོར་བསྟན་པ་བཤད་ནས། འཐད་པའི་སྔོན་དུ་འགྲོ་བས་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཞལ་ནས་ཞལ་དུ་བརྒྱུད་པ་སྟེ། སྣོད་ཡོངས་སུ་གང་བ་ནས་སྣོད་སྟོང་པར་བྱ་བའི་རིགས་པས་སོ། །བརྒྱུད་པའི་རིམ་གྱིས་གནས་པས་བྱེད། །ཅེས་
བྱ་བ་ནི་མར་མེ་གཅིག་ནས་གཅིག་ཏུ་བརྒྱུད་པ་བཞིན་དུ་བར་མ་ཆད་པར་བརྒྱུད་པའི་རིམ་པས་གནས་པའི་གདམས་ངག་རང་གི་ངོ་བོའོ། །དེའི་ཕྱིར་རྣལ་འབྱོར་མ་ཞེས་བྱ་བ་ལ། རྣལ་འབྱོར་མ་ནི་ཞིང་ལ་སོགས་པ་ལས་སྐྱེས་པའོ། །དེའི་དམ་པའི་ཞལ་ལས་ཞེས་བྱ་བ་ནི་མཆོག་གི་ཞལ་ལས་སོ། །
འདིའི་དམ་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཡན་ལག་གདམས་ངག་སྦྱིན་པས་སོ། །བླ་མའི་ཞལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བཅུ་ཡོངས་སུ་ཤེས་པའི་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་སོ། །འབད་པ་ཡིས་ཞེས་བྱ་བ་ནི་མཆོད་པ་དང་བསྙེན་བཀུར་ལ་སོགས་པ་བྱ་བ་སྔོན་དུ་འགྲོ་བས་སོ། །
བསླབ་པར་བྱ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །དེ་ཉིད་མཆོག་ལ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའི་ཐིག་ལེའི་དབྱེ་བའོ། །སྔགས་ཀྱི་མན་ངག་ཅེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མན་ངག་གོ། །ཞལ་གྱི་ལུང་ཞེས་བྱ་བ་ནི་ཞལ་ནས་བརྒྱུད་པའི་ལུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་ལྔས་
ཐབས་མན་ངག་གིས་རྟོགས་པར་བྱ་བ་བསྟན་ནས་དེའི་དོན་ཉིད་དུ་ཞུ་བ་པོའི་བྱ་བ་བསྟན་པ་བརྗོད་པའི་ཕྱིར། དེ་ཐོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེས་ཀྱང་ཞེས་བྱ་བ་ནི་གསོལ་བ་འདེབས་པ་པོའོ། །དེ་ཐོས་ཞེས་བྱ་བ་ནི་སྔར་བཤད་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་
བ་ནི་དེ་བཞིན་གཤེགས་པ་དྲུག་པའི་རྣམ་པའོ། །ཞུས་པ་ཞེས་བྱ་བ་ནི་ཡོངས་སུ་དྲིས་པར་གྱུར་པའོ། །བདེ་བ་ཆེན་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ལ་སྙོམས་པར་ཞུགས་ཤིང་གཉིས་སུ་མེད་པའོ། །ཐེ་ཚོམ་ཐམས་ཅད་གཅོད་པ་ལ། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དང་། སྙིང་རྗེ་ཆེན་པོས་
ཁྱབ་པའི་སེམས་ཀྱི་རྒྱུད་ཉིད་ཀྱིས་དེ་དག་དེའི་ཐེ་ཚོམ་ཐམས་ཅད་བཟློག་པར་བྱས་པའི་ཕྱིར་རོ། །ཕྱག་རྒྱ་ནས་ནི་ཞེས་བྱ་བ་ནི་སྤྱི་བོས་འདུད་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཞུས་ཤེ་ན། དེའི་ཕྱིར། མཆོག་གི་དེ་ཉིད་བསྟན་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་ཞེས་བྱ་བ་ནི་བོད་
เล่ม ๓๔ · หน้า 59a
པའོ། །མཆོག་གི་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ཡན་ལག་ཐིག་ལེའི་དབྱེ་བའོ། །བསྟན་དུ་གསོལ་ཞེས་བྱ་བ་ནི་གསུངས་ཤིག་པའོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་སྔགས་རྣམས་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པའི་རྒྱལ་པོ་སྟེ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །གང་
ལ་གོམས་པས་ཞེས་བྱ་བ་ནི་སྔགས་ཀྱི་རྒྱལ་པོ་འཆད་པར་འགྱུར་བ་གང་ལ་གོམས་པ་ནི་ཡང་དང་ཡང་དུ་རྒྱུན་མི་འཆད་པར་བསྒོམས་པས་སོ། །སྐད་ཅིག་ཅེས་བྱ་བ་ནི་མཐོང་བའི་ཆོས་འདི་ཉིད་ལའོ། །སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་ནི་ཐིག་ལེའི་དབྱེ་བའི་མཚན་ཉིད་ཅན་ཏེ། སྔགས་ཀྱི་
ཐོབ་པར་བྱ་བའི་དངོས་གྲུབ་ནི་དངོས་གྲུབ་ཅེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བླ་ན་མེད་ཅེས་གསུངས་ཏེ། བསྐྱེད་པའི་རིམ་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་འདི་ཙམ་གྱིས་དེ་ཉིད་ཀྱི་དོན་དུ་གསོལ་བ་འདེབས་པ་པོའི་བྱ་བ་མངོན་པར་བརྗོད་ནས། སྟོན་པ་པོའི་བྱ་བ་བསྟན་པ་བརྗོད་
པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པའི་རྗེས་ལའོ། །བཅོམ་ལྡན་རྡོ་རྗེས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །གསུངས་ཞེས་བྱ་བ་ནི་འཆད་བཞིན་པའི་དོན་གསུངས་པའོ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་དེ་ཉིད་རབ་གསལ་བ། །ཞེས་བྱ་
བ་ནི་ཐིག་ལེའི་དབྱེ་བའི་ཐབས་སྔགས་ཀྱི་དེ་ཁོ་ན་ཉིད་འཆད་བཞིན་པ་རྣམས་གསལ་བས་ན་དེ་གསལ་བའོ། །དེ་ཉིད་མཆོག་ཏུ་གསང་བ་ནི། །ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་ཐབས་ཀྱི་ངོ་བོ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གི་གོ་འཕང་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །གང་
དུའང་ང་ཡིས་མ་བཤད་པ། །ཞེས་བྱ་བ་ནི་གནས་གཞན་གར་ཡང་ངོ་། །ང་ཡིས་ཞེས་བྱ་བ་ནི་སྟོན་པ་པོ་རྡོ་རྗེ་འཆང་གིས་སོ། །རྒྱུད་རྣམས་ཀུན་དུ་སྦས་བྱས་པ། །ཞེས་བྱ་བ་ནི་བྱ་བ་ལ་སོགས་པའི་རྒྱུད་རྣམས་ལའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། སྐལ་བ་མེད་པའི་བསམ་པའི་རྒྱུས། །ཞེས་
གསུངས་ཏེ། སྣོད་མ་ཡིན་པའི་སེམས་ཅན་རྣམས་ལ་མ་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྐལ་བ་མེད་པའི་བསམ་པ་གང་རྣམས་ལ་ཡོད་པ་དེ་རྣམས་སྐལ་བ་མེད་པའི་བསམ་པ་ཅན་ཏེ། དེ་རྣམས་ཀྱི་རྒྱུས་ཞེས་བྱ་བ་ནི་དེ་རྣམས་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་ད་ལྟར་
เล่ม ๓๔ · หน้า 59b
རོ། །ཁྱོད་ཀྱིས་གསོལ་བ་བཏབ་པའི་ངོར་རོ། །ཉོན་ཞེས་བྱ་བ་ནི་རྩེ་གཅིག་པར་འགྱུར་ནས་སོ། །བཤད་ཀྱིས་ཞེས་བྱ་བ་ནི་སྨྲ་བར་བྱ་ཡིས་ཞེས་བྱ་བའོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་སོ། །བླ་ན་མེད་ཅེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་གོང་ན་མེད་པ་ནི་ཡི་གེ་གསུམ་སྟེ།
དེ་ལས་ཀྱང་བླ་ན་མེད་པ་ནི་ཧཱུྃ་ཡིག་དང་ཧོ་ཡིག་གཉིས་ཀྱི་བདག་ཉིད་ཅན་གྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་སྤྱོད་པས་གནས་རྣམས་ལ། །ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅན་གྱི་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེས་གནས་པ་ནི་སྔགས་ཀྱི་སྤྱོད་པས་གནས་པ་སྟེ་དེ་རྣམས་ལ་སྟེ། སྔགས་
ཀྱི་ཐེག་པ་སྒོམ་པ་པོ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །མྱུར་དུ་དངོས་གྲུབ་འགྱུར་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་ཐིག་ལེའི་དབྱེ་བའི་དངོས་གྲུབ་མདུད་པའི་རྡོག་མའི་རྣམ་པ་ཅན་དེ་སྔོན་དུ་འགྲོ་བས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྟོན་པ་པོའི་བྱ་བ་བསྟན་ནས། སྔགས་ཀྱི་ངོ་བོ་བརྗོད་པའི་ཕྱིར། དེའི་ཡན་
ལག་བཏུ་བ་བསྟན་པ་ནི་ཨུཥྨའི་ཐ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ཡིག་སྟེ། དྲོད་ནི་ཤ་ཥ་ས་ཧ་ཞེས་བྱ་བའི་མིང་གིས་སོ། །ཐོག་མར་བྲི་ཞེས་བྱ་བ་ནི་དང་པོར་བྲི་བར་བྱ་བ་སྟེ། དེ་ལྟར་ན་ཧ་ཞེས་བཏུ་བའོ། །དབྱངས་ཡིག་དྲུག་པས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨཱུ་ཡིག་གཉིས་
པས་བརྒྱན་པའོ། །སྡེ་ཚེན་ཐ་མའི་མཐའ་དང་ལྡན། །ཞེས་བྱ་བ་ནི་སྡེ་ཚེན་ནི་ཀའི་སྡེ་ཚེན་ལ་སོགས་པའོ། །དེ་རྣམས་ཀྱི་ཐ་མ་ནི་པའི་སྡེ་ཚེན་ནོ། །དེའི་ཐ་མའི་ཆ་ནི་མ་ཡིག་སྟེ། དེ་དང་ལྡན་པ་ནི་ཆ་མེད་པའི་ཆ་དང་བཅས་པའོ། །དབྱངས་མེད་པ་ཡི་ཆ་དང་བཅས། །ཞེས་བྱ་བ་ནི་ཀླད་ཀོར་དང་བཅས་
པའོ། །དེ་ལྟར་ན་ཧཱུྃ་ཞེས་བཏུ་བ་བྱས་པའོ། །གཉིས་པའི་ཡི་གེ་བཏུ་བ་བསྟན་པའི་ཕྱིར། ཨུཥྨའི་མཐའ་ལ་ཞེས་བྱ་བ་གསུངས་ཏེ། སྔར་བཞིན་དུ་ཧ་ཡིག་གོ། །དབྱངས་ཡིག་ནི། དགུ་པ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ནི་ཨོ་ཡིག་གིས་ཏེ། སྲེག་པའི་ས་བོན་བཞི་པོའི་གྲངས་མ་གཏོགས་
པས་སོ། །ཡང་དག་ལྡན་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའོ། །དེ་ལྟར་ན་ཧོ་ཞེས་བྱ་བར་འགྱུར་རོ། །ཚེག་དྲག་མཐའ་ཞེས་བྱ་བ་ནི་ཚེག་དྲག་གཉིས་ཀྱི་མཐའ་མ་ཅན་ནོ། །མཆོག་གི་སྒྲ་ཞེས་བྱ་བ་ནི་མཆོག་གི་སྒྲ་འབིགས་པར་བྱེད་པའི་ཕྱིར་རོ། །སྔགས་ཀྱི་གཙོ་བོ་བཏུ་བར་བྱ། །ཞེས་བྱ་བ་ནི་སྔགས་ཐམས་
เล่ม ๓๔ · หน้า 60a
ཅད་ཀྱི་མཆོག་གོ། །དེ་ལྟར་དེའི་བཏུ་བ་བསྟན་ནས་དེའི་ཕན་ཡོན་བསྟན་པ་བརྗོད་པའི་ཕྱིར། དེ་ལྟར་ཡི་གེ་གཉིས་ཀྱི་མིང་། །ཞེས་བྱ་བ་གསུངས་ཏེ། དེ་མ་ཐག་པར་བཏུས་པ་དག་གོ། །མིང་ཞེས་བྱ་བ་དེ་ཧཱུྃ་ཧོའི་ཡི་གེའི་ངོ་བོའོ། །སྔགས་ཀྱི་བརྡ་ཞེས་བྱ་བ་ནི་སྲོག་དང་ཐུར་
སེལ་གྱི་རླུང་གཉིས་འབྱེད་པའི་ཐབས་ཡིན་པའི་ཕྱིར་རོ། །རྨད་བྱུང་བ་ཞེས་བྱ་བ་ནི་མདུད་པའི་དབུས་སུ་ཧཱུྃ་ཡིག་བསྒོམ་པ་དང་། སྨིན་མའི་དབུས་སུ་ཡང་ཧོ་ཡིག་བསྒོམ་པའོ། །དེ་ཡང་རིག་པས་ཞེས་བྱ་བའི་སྐབས་སུ་བཤད་ཟིན་པ་ཉིད་ཀྱི་ཕྱིར་སླར་མི་བརྗོད་དོ། །ཡི་གེ་གཉིས་པོ་འདི་
ཉིད་སྒྲའི་ཐིག་ལེའི་མིང་བྱས་ལ་ཞེས་བྱ་བ་ནི་ཐིག་ལེ་ནི་སྨིན་མའི་དབུས་སུ་གནས་པའི་རླུང་གི་རྣམ་པའི་ཧོ་ཡིག་གོ། །སྒྲ་ཞེས་བྱ་བ་ནི་སྙིང་གའི་མདུད་པའི་སྟེང་དུ་ཧཱུྃ་ཡིག་གོ། །དེའི་མིང་གི་བརྗོད་པ་ཉིད་ཀྱི་ཕྱིར་སླར་མི་བརྗོད་པའོ། །མིང་དུ་བྱས་ལ་ཞེས་བྱ་བ་ནི་ཐ་སྙད་དུ་བྱས་ལ་ཞེས་བྱ་བའི་དོན་ཏོ། །ཅིའི་
དོན་དུ་ཞེ་ན། དེའི་ཕྱིར། འཛིན་པ་ཐམས་ཅད་སྤངས་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། རླུང་གི་སྒོ་ནས་ཡུལ་ལ་མངོན་པར་ཞེན་པ་ལས་སྐྱེས་པའི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། རླུང་གཉིས་པོ་ནི་ཡང་དག་འབྱེད། །ཅེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་མཚན་
ཉིད་ཀྱི་རླུང་གཉིས་ཀྱི་བར་གྱི་མདུད་པ་ཕྲད་པ་འཇིགས་པའི་ཕྱིར་རོ། །མ་རིག་ཅེས་བྱ་བ་ནི་མ་རིག་པའི་རྣམ་པའི་རྩའི་མདུད་པ་འབྱེད་པར་བྱེད་པ་སྟེ། སྔར་ཉེ་བར་བཀོད་པའི་སྦྱོར་བ་ཉིད་ཀྱིས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་དང་། ཟུང་འཇུག་གི་རྣམ་
པའི་དངོས་གྲུབ་ལའོ། །རྒྱུ་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པའི་རྣམ་པ་ལ་མངོན་པར་ཕྱོགས་པའི་ཕྱིར་རོ། །མཆོག་གི་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་སྔོན་དུ་སོང་བ་ཉིད་ཀྱི་ཕྱིར་རོ། །ཡི་གེ་གཉིས་ཞེས་བྱ་བ་ནི་བཤད་མ་ཐག་
པའི་འོ། །མཆོག་ཏུ་ཞེས་བྱ་བ་མདུད་པ་འཇོམས་པ་ཉིད་ཀྱི་ཕྱིར། ཞི་བའི་ཞེས་བྱ་བ་ནི་རླུང་གི་སྟོབས་ལས་བྱུང་བའི་རང་བཞིན་གྱི་ཚོགས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་འདོད་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ལྟར་དོན་རྣམ་པ་
เล่ม ๓๔ · หน้า 60b
པ་གཉིས་ཀྱིས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་བརྗོད་ནས་དུས་ཀྱི་ངེས་པ་བརྗོད་པ་སྔོན་དུ་འགྲོ་བས་གནས་ཁྱད་པར་ཅན་དུ་དེའི་བསྒོམ་པའི་ངེས་པ་བརྗོད་པའི་ཕྱིར་ཟླ་བ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དུས་ཀྱི་མཐའི་བར་དུའོ། །གང་གིས་བཟླས་ན་ཞེས་བྱ་བ་ནི་གནས་གཉིས་ཡི་གེ་
གཉིས་བསྒོམ་པ་སྔོན་དུ་འགྲོ་བས་སོ། །གང་གིས་ཞེས་བྱ་བ་ནི་གང་ཟག་གོ། །དེ་ཐིག་ལེ་དང་སྒྲའི་གོ་འཕང་གསལ་བར་བྱས་ནས་རྙེད་ཅེས་བྱ་བ་ནི་ལྷག་མའོ། །གང་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་མན་ངག་ཐོབ་པས་ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་དོན་གྱི་རྗེས་སུ་འབྲངས་
ནས་སོ། །འདོད་པའི་དོན་ཅེས་བྱ་བ་ནི་དོན་དུ་གཉེར་བས་ན་དོན་ཏེ། ཐབས་ལས་བྱུང་བའི་ངོ་བོ་ཐིག་ལེའི་དབྱེ་བ་ལ་སོགས་པའོ། །དེ་འདོད་པས་ན་དེ་འདོད་པའོ། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་དང་བྲལ་བ་ལའོ། །ལྷའི་གནས་ཞེས་བྱ་བ་ནི་ལྷའི་ཁང་པ་ལ་སོགས་པ་ལའོ། །སྒྲ་ཡི་
ཚེར་མ་རྣམས་དང་བྲལ། །ཞེས་བྱ་བ་ནི་བྱིས་པ་དང་བྱའི་ཅ་ཅོ་ལ་སོགས་པའི་སྒྲ་རྣམས་སོ། །ཚེར་མ་ནི་སྦྲུལ་དང་སྟག་ལ་སོགས་པ་རྣམས་སོ། །བྲལ་བ་ནི་དེ་ལས་རྣམ་པར་གྲོལ་བའོ་དེ་བཞིན་དུ། སྐྱེ་བོའི་ཚོགས་ནི་སྤངས་བ་དང་། །ཞེས་བྱ་བ་ནི་རིགས་མཐུན་པ་དང་རིགས་མི་མཐུན་པའི་སྐྱེ་བོ་རྣམས་
དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །བགེགས་མེད་ཅེས་བྱ་བ་ནི་གདུག་པ་ཅན་གྱི་འབྱུང་པོ་དང་གདོན་ལ་སོགས་པ་རྣམས་ཀྱིས་མ་ཁྱབ་པའི་ཕྱིར་རོ། །སྐལ་བཟངས་ཞེས་བྱ་བ་ནི་ཏིང་ངེ་འཛིན་སྐྱེད་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཉམས་དགའ་བ་ཞེས་བྱ་བ་ནི་ཆུ་དང་མེ་ཏོག་ལ་སོགས་པའི་ཡིད་འཕྲོག་
པས་ཉམས་དགའ་བ་ཉིད་ཀྱི་ཕྱིར་རོ། །སྐྱེད་མོས་ཚལ་ནི་ཞེས་བྱ་བ་ནི་ཉེ་བར་ཞི་བ་བསྐྱེད་པ་ལ་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་གཡེང་བ་མ་ལུས་པ་ཐམས་ཅད་ཀྱི་རྟེན་མེད་པའི་ཕྱིར་རོ། །འདོད་པ་ལྔ་ལ་ལོངས་སྤྱོད་པས། །ཞེས་བྱ་བ་ནི་ཁྱད་པར་འཕགས་པའི་གཟུགས་ལ་
སོགས་པ་ལ་བརྟེན་པའི་སྤྱོད་པས་སོ། །སྔགས་ཀྱི་གཙོ་བོ་གྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་མ་ཐག་པ་བཤད་པའི་སྔགས་ཀྱི་ཡི་གེ་གཉིས་སོ། །དེ་ལྟར་དོན་རྣམ་པ་བདུན་གྱིས་དེ་མཁོ་བར་གྱུར་པའི་དོན་གྱི་འཐད་པས་རང་གི་ངོ་བོ་བརྗོད་ནས། དེ་བསྒོམ་པའི་དོན་དུ་བསམ་གཏན་གྱི་བྱེ་བྲག་བསྟན་པ་
เล่ม ๓๔ · หน้า 61a
བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི་འདིར་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཐིག་ལེའི་དབྱེ་བ་བཤད་པར་བྱ་ཡིས་ཉོན། བདེ་བའི་ཕྱག་རྒྱ་གནས་ཞེས་བྱ་བ་དང་འབྲེལ་ཏོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཡུལ་ལ་གནས་པའི་རྣམ་
པ་ཁྱད་པར་རོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །ཅི་ཙོག་ཙོག་པོའི་ངོ་བོའི་ཕྱག་རྒྱ་གང་གིས་སྡུག་བསྔལ་དུ་གནས་པའམ་སྙམ་ནས། དེའི་ཕྱིར། བདེ་བ་དམ་པ་ཡི་ནི་གནས། །ཞེས་གསུངས་ཏེ། དམ་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་གནས་སོ། །གངྒཱའི་ཞེས་བྱ་བ་ནི་ཕྱག་
རྒྱའོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་པོའོ། །དངོས་གྲུབ་མཆོག་ཏུ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཡན་ལག་ཏུ་འགྱུར་བ་ཐིག་ལེའི་དབྱེ་བའི་བདག་ཉིད་ཅན་ནོ། །ཕུན་སུམ་ཚོགས་གནས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་
རྟེན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཤད་པར་དམ་བཅའ་བ་བཤད་ནས། དངོས་སུ་བསམ་གཏན་རྒྱས་པར་བསྟན་པ་བརྗོད་པའི་ཕྱིར། མིག་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་རྩེ་ནི་ཀུན་རྫོབ་ཀྱི་སྣ་རྩེའི་མཐའ་མ་སྟེ། མཐའ་མའི་ཕྱོགས་ལའོ། །མིག་གཉིས་བཀོད་ནས་
ཞེས་བྱ་བ་ནི་མིག་གཉིས་དེ་ལྟར་བྱས་ཏེ། །ཕྱི་རོལ་ཡུལ་རྣམས་ལ་མངོན་དུ་མི་ཕྱོགས་པའི་ཕྱིར་རོ། །སྣ་ཡི་ལྟེ་བའི་ཚད་དུ་གནས། །ཞེས་བྱ་བ་ནི་དེ་ཙམ་མཐོང་བས་སོ། །བཞག་བྱས་ནས་ཞེས་བྱ་བ་ནི་མིག་བཙུམས་པ་ཉིད་ཀྱིས་དེ་ཙམ་གྱི་ཚད་དུ་བཞག་ནས་སོ། །ཕྲག་གོང་མཉམ་ལ་ཞེས་
བྱ་བ་ནི་ཕྲག་པ་གཉིས་ཀྱང་མཉམ་པར་བྱས་ལའོ། །ལྕེ་རྐན་ལ་སྦྱར་ཞེས་བྱ་བ་ནི་མགྲིན་པའི་ཁྲོན་པའི་མཚམས་ཀྱི་ནང་དུ་བདུད་རྩི་མྱོང་བར་བྱེད་ཅིང་བཞག་ནས་སོ། །སོ་དང་མཆུ་ནི་ཞེས་བྱ་བ་ནི་མཉམ་པར་འཇུག་པ་ཉིད་ཀྱིས་སྔ་མ་བཞིན་དུ་བཞག་ནས་སོ། །དབུགས་ཀྱི་འབྱུང་རྔུབ་ཅེས་བྱ་བ་ནི་
འབྱུང་དང་རྔུབ་པའོ། །གློད་ནས་ཞེས་བྱ་བ་ནི་མྱུར་བས་མ་ཡིན་པ་སྟེ། དལ་བུས་རྒྱུ་བའོ། །དེ་ཉིད་ཀྱི་ཕྱིར་གློད་ནས་ཞེས་གསུངས་ཏེ། རླུང་གཞན་དང་མ་འདྲེས་པར་རྩོལ་བ་དང་བྲལ་བས་སོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་འབད་པ་མེད་པ་རྒྱུ་བ་ཉིད་དང་། མྱུར་བ་མ་ཡིན་པ་ཉིད་མཉམ་པར་རྒྱུ་བ་ཉིད་ཀྱི་
เล่ม ๓๔ · หน้า 61b
ཕྱིར་རོ། །རྩོལ་བྲལ་བས་ཞེས་བྱ་བ་ནི་དབུགས་ཀྱི་རྒྱུ་བ་ཇི་ལྟར་མཉམ་པར་རྒྱུ་བ་ལ་འབད་པ་གཞན་ལ་མི་ལྟོས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བ་བཞིན་འབྱུང་རྔུབ་ནི་ཞེས་བྱ་བ་ནི་དེ་ལ་གནས་པ་ལ་མི་ལྟོས་པ་ཉིད་ཀྱི་རང་གི་རང་གིས་རྒྱུ་བ་ཉིད་ལ་ངལ་སོ་བ་བསྟན་པར་བྱེད་དོ། །དེ་ལ་འབད་པར་
མི་བྱ་སྟེ། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་རླུང་རྒྱུ་བའི་འགྲོ་བ་དང་འོང་བའི་བྱ་བ་ལའོ། །འབད་པ་ཞེས་བྱ་བ་ནི་གྲངས་ལ་སོགས་པའི་ངོ་བོའི་འབད་པ་མི་བྱ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པའོ། །སེམས་དཔའི་སྐྱིལ་མོ་ཀྲུང་ལེགས་པར་གནས་པས་ཞེས་བྱ་བ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པ་སྡུག་
བསྔལ་བར་གནས་པ་ཡོངས་སུ་སྤངས་ནས། སེམས་དཔའི་སྐྱིལ་ཀྲུང་གིས་བདེ་བར་གནས་པའི་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་དང་ཞེས་བྱ་བ་ནི་བསམ་གཏན་གྱི་ཁྱད་པར་གྱིས་གནས་པའོ་སྙོམས་ཞུགས་ནས་ཞེས་བྱ་བ་ནི་མཉམ་པར་བཞག་ནས་སོ། །ཡི་གེ་གཉིས་ནི་རྟག་ཏུ་བཟླས། །ཞེས་
བྱ་བ་ནི་སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཧཱུྃ་ཧོ་ཞེས་རྡོ་རྗེ་མདུད་པ་དབྱེ་བའི་ཐབས་བསྒོམ་པར་བྱ་ཞེས་བྱ་བ་ནི་ཉམས་སུ་མྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསམ་གཏན་དངོས་སུ་བསྟན་ནས། དུས་ངེས་པའི་སྒོ་ནས་འབྲས་བུ་བསྟན་པ་བརྗོད་པའི་ཕྱིར། ཟླ་དྲུག་གིས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། རྣལ་འབྱོར་མཆོག་ཅེས་བྱ་བ་ནི་དེ་མ་ཐག་པར་བཤད་པའི་རླུང་གི་དཀྱིལ་འཁོར་གྱི་ལྟེ་བར་གནས་པའི་ཐིག་ལེའི་དབྱེ་བའི་རྒྱུ་རྣལ་འབྱོར་མཆོག་ཐོབ་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་ན་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་གོ། །སེམས་
ལ་གཡེང་བ་མེད་པ་སྐྱེད་པའི་ཕྱིར་རྣལ་འབྱོར་རོ། །ཐིག་ལེའི་དབྱེ་བས་ཞེས་བྱ་བ་ནི་དབུགས་ཀྱི་དབྱེ་བས་སོ། །བདེ་བ་ཆེན་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་བྱུང་བའི་རང་བཞིན་གྱི་ཚོགས་ཀྱི་མཚན་ཉིད་སྡུག་བསྔལ་མི་སྐྱེད་པའི་ཕྱིར་རོ། །ཐེ་ཚོམ་མེད་ཅེས་བྱ་བ་ནི་རྟག་ཏུ་རྒྱུན་མི་འཆད་
པར་བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་རྣལ་འབྱོར་པ་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པའི་སྟོབས་ཀྱིས་ཟླ་བ་དྲུག་གིས་ངེས་པ་ཁོ་ནར་ཐིག་ལེའི་དབྱེ་བའི་འབྲས་བུ་ཐོབ་པར་འགྱུར་རམ་མི་འགྱུར་སྙམ་དུ་ཐེ་ཚོམ་མེད་པའི་ཕྱིར་ཏེ་ཡིད་ཆེས་པ་བསྟན་པ་ཉིད་ཀྱིས་ཞེས་བྱ་བའི་དགོངས་པའོ། །དེ་
เล่ม ๓๔ · หน้า 62a
ལྟར་དུས་ངེས་པའི་སྒོ་ནས་འབྲས་བུ་བརྗོད་པ་བསྟན་ནས། རླུང་གི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། སྟེང་དང་འོག་དང་རྩ་ཡི་རྒྱུན། །ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་རྩའི་གནས་སུ་རྩ་གཉིས་རབ་ཏུ་རྒྱུ་བ་ནི་དཀྱིལ་འཁོར་བཅུ་གཉིས་ཀྱི་
བདག་ཉིད་ཅན་ཏེ། དཀྱིལ་འཁོར་རེ་རེ་ལ་དབུགས་དགུ་བརྒྱའི་གྲངས་ཀྱིས་ཉིན་མོ་ལ་སྟོང་ཕྲག་བཅུ་དང་བརྒྱད་བརྒྱའོ། །དེ་བཞིན་དུ་མཚན་མོ་ལ་ཡང་ངོ་། །ཨ་བ་དྷཱུ་ཏཱིའི་གནས་གསལ་བ་ཞེས་བྱ་བ་ནི་གནས་པའི་རླུང་གི་ཆའི་རྟོགས་པའི་ངོ་བོ་སྟེ། དཀྱིལ་འཁོར་རེ་རེ་ཞིང་རྐང་པ་དང་
བཅས་པའི་ལྔ་བཅུ་རྩ་དྲུག་གི་དབུགས་སོ་སོར་བྱས་ནས་དཀྱིལ་འཁོར་བཅུ་གཉིས་ལ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་བརྩི་བར་བྱས་ནས་སོ། །དང་པོར་ལྡང་བ་དང་འཇུག་པའི་རླུང་གཉིས་ལ་ཧཱུྃ་དང་ཨོཾ་གྱི་ཡི་གེ་གཉིས་ཀྱི་སྒོ་ནས་སེམས་གཟུང་བར་བྱ་བ་སྟེ། དེའི་རྗེས་ལ་དབུས་མ་རྒྱུ་བ་གནས་པའི་རླུང་
སྔར་བཤད་པའི་གྲངས་དང་ལྡན་པ་རྣམས་ལ་སེམས་ཡང་དག་པར་བཞག་ནས། དེའི་རྗེས་ལ་ཨ་ཡིག་ལ་གཞག་གོ། །ཨ་ཡིག་ཀྱང་ཚེག་དྲག་གཉིས་ལ་མོས་པས་སོ། །ཚེག་དྲག་གཉིས་ཀྱང་ཧཱུྃ་དང་ཧོ་ཡིག་གཉིས་ལ་ལྷག་པར་མོས་པར་བྱའོ། །ཡི་གེ་གསུམ་པོ་དེ་ཉིད་
ལ་ཞུགས་ཏེ་ཧཱུྃ་ཡིག་ཀྱང་ཆ་ཤས་སུ་བརྟགས་པས་ཐིག་ལེ་སྨིན་མའི་དབུས་སུ་གནས་པ་ལ་རླུང་གི་ངོ་བོས་བསྡུ་བར་བྱའོ་ཞེས་བྱ་བའི་མན་ངག་གོ། །ཨ་བ་དྷཱུ་ཏཱིའི་གོ་འཕང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གསལ་བའི་ཞེས་གསུངས་ཏེ། རྣལ་འབྱོར་གྱི་མངོན་སུམ་གྱིས་རྟོགས་པ་ཉིད་ཀྱི་ཕྱིར་རོ། །
རླུང་གི་དེ་ཉིད་ཅེས་བྱ་བ་ནི་རླུང་གསུམ་གྱི་བྱ་བའི་བདག་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་དང་ཟུང་དུ་འཇུག་པའི་རིམ་པའི་ངོ་བོའོ། །རྒྱུ་ཞེས་བྱ་བ་ནི་རྒྱུར་གྱུར་པ་སྟེ། རྡོ་རྗེ་བཟླས་པའི་བྱེ་བྲག་གི་
ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་བཞིས་བསམ་གཏན་གྱི་ངོ་བོ་བསྟན་ནས། བསམ་གཏན་གྱི་འབྲས་བུ་བརྗོད་པའི་ཕྱིར་དེའི་ཡན་ལག་གི་གནས་སྐབས་ཀྱི་འབྲས་བུ་བརྗོད་པ་ནི་རི་ལུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྒྱུ་གཅིག་པར་ནི་མ་ཟད་ཀྱི་ཇི་སྲིད་དུ་འབྲས་བུ་
เล่ม ๓๔ · หน้า 62b
གཞན་རྣམས་ཀྱི་ཡང་ཞེས་བྱ་བས་བསྟན་པར་བྱེད་དེ། དེ་ལ་དང་པོ་རེ་ཞིག་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པའི་ཆོ་གས། བྱང་ཆུབ་སེམས་ནི་ཆ་ལྔ་དང་། །རྒྱ་མཚོ་ལས་སྐྱེས་གཉིས་འགྱུར་དང་། །རྩེ་མོ་བཞི་འགྱུར་སྦྱིན་བྱ་སྟེ། །དབང་ལ་རྟག་པའི་ཆོ་ག་མཆོག །ཅེས་བྱ་བའི་རིགས་པ་
འདིས་རྫས་གསུམ་པོ་བཙལ་ནས། དེའི་རྗེས་སུ་སུམ་འགྱུར་གཞན་མི་བསྐྱོད་པ་དང་། རྣམ་སྣང་གི་ཁམས་གཉིས་པོ་བཙལ་ལ་ཐོད་པ་དུམ་བུ་གཅིག་པ་གཉིས་ཁ་སྦྱར་བའི་དབུས་སུ་བཞག་ལ། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་སྔོན་དུ་བསྙེན་པ་བྱས་ནས། དེའི་རྗེས་ལ་རྨི་ལམ་དུ་བཅོམ་
ལྡན་འདས་ཀྱིས་ལུང་བསྟན་ལ་སོགས་པས་མཚན་མ་རྙེད་པའི་རྣལ་འབྱོར་པས་རླུང་དང་མེའི་དཀྱིལ་འཁོར་བསྒོམ་པ་སྔོན་དུ་འགྲོ་བ་དང་བདུད་རྩི་ལྔ་བསྐྱེད་པ་བསྒོམ་པ་སྔོན་དུ་འགྲོ་བས་བདུད་རྩིར་བསྐྱེད་ནས། བཅོམ་ལྡན་འདས་སྤྲོ་བའི་སྔགས་དེ་སྲིད་དུ་བཟླས་པར་བྱ་སྟེ། ཇི་སྲིད་ཐོད་པ་
ཁ་སྦྱོར་གྱི་ནང་ན་གནས་པའི་རི་ལུ་དུ་བ་འབྱུང་བར་བྱེད་འབར་བར་བྱེད་པ་དེ་སྲིད་དུ་བཟླ་བར་བྱའོ། །དེ་ནས་རི་ལུའི་དངོས་གྲུབ་ཐོབ་པས་དེ་ཁར་བཅུག་ནས་ཇི་ལྟར་འདོད་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་ནི་རི་ལུའི་དངོས་གྲུབ་རྣམ་པ་གཅིག་གོ། །ཡང་ན་དཔལ་
གསང་བ་འདུས་པའི་རྗེས་སུ་འབྲངས་ནས། ལེའུ་བཅུ་གཉིས་པ་གསུངས་པའི་ཆོ་གས་སྔགས་ཉིད་ཀྱིས་རི་ལུའི་དངོས་གྲུབ་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། ཨོཾ་ཡིག་རི་ལུ་བསྒོམ་བྱས་པ། །ཙ་ན་ཀ་ཡི་སྙིང་པོའི་ཚད། །དབུས་སུ་རང་ལྷ་ཡི་ནི་གཟུགས། །ཁར་ནི་བསམ་ཞིང་བསྒོམ་པར་བྱ། །
ཞེས་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། ཨོཾ་ཡིག་ཙ་ན་ཀའི་སྙིང་པོའི་ཚད་ཙམ་གྱི་རི་ལུ་བསྒོམས་ཏེ། དབུས་སུ་ཞེས་བྱ་བ་ནི་རི་ལུའི་ནང་དུའོ། །རང་གི་ལྷའི་གཟུགས་ཞེས་བྱ་བ་ནི་ས་བོན་གྱི་བདག་པོའི་གཟུགས་སུ་བསྒོམས་ཏེ། ཁར་ཞེས་བྱ་བ་ནི་མགོ་བོའི་སྒོར་འཇུག་པའི་ངོ་བོས་རྣམ་པར་
བསམས་ཏེ། བསྒོམ་པར་བྱ་ཞེས་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱའོ། །གང་ཞིག་དེ་ལྟར་གོམས་པར་བྱས་པ་དེ། །བྱང་ཆུབ་སེམས་དཔའ་མཉམ་པའི་འོད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །རལ་གྲི་ཞེས་བྱ་བ་ནི་རང་འདོད་པའི་ལྷའི་ང་རྒྱལ་དང་ལྡན་པས་ཕྱི་རོལ་གྱི་མཚན་ཉིད་བཟང་པོའི་
เล่ม ๓๔ · หน้า 63a
རལ་གྲི་སྟོང་པ་ཉིད་དུ་བསྒོམས་ལ་དེའི་རྗེས་སུ་ཁཾ་ཡིག་ཡོངས་སུ་གྱུར་པ་ལས་སྐྱེས་པའི་དོན་ཡོད་གྲུབ་པ་ཕྱག་རྒྱ་དང་བཅས་པ་རྣམ་པར་བསྒོམ་པར་བྱ་སྟེ། དེ་དང་སྙོམས་པར་ཞུགས་པས་ཞུ་བར་གྱུར་པ་ལས་བྱུང་བའི་རལ་གྲི་འོད་ཟེར་རྣམ་པ་ལྔ་འཕྲོ་བ་བསྒོམས་ཏེ། དེ་
སྲིད་དུ་རང་འདོད་པའི་ལྷའི་སྔགས་བཟླ་བར་བྱ་སྟེ། ཇི་སྲིད་དུ་དུ་བ་ལ་སོགས་པའི་མཚན་མ་ཉེ་བར་མཚོན་པ་སྔོན་དུ་འགྲོ་བས་འབར་བའོ། །དེའི་རྗེས་ལ་ལག་ཏུ་གཟུང་སྟེ། ཡིད་ལ་འདོད་པ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རལ་གྲིའི་དངོས་གྲུབ་བོ། །རོ་ལངས་དང་ཞེས་བྱ་བ་ནི་རོ་ལངས་
བསླང་བའོ། །འདི་ཡང་རྒྱ་ཆེར་ནི་ངེས་པར་བརྗོད་པའི་རྒྱུད་བླ་མའི་འགྲེལ་པ་ཟབ་མོའི་དོན་ཡིད་བཞིན་ནོར་བུ་ཞེས་བྱ་བ་ལས་ལེའུ་ཉི་ཤུ་པ་ལས་རྒྱ་ཆེར་རྣམ་པར་བཤད་པས། དེ་ཉིད་ལས་རྟོགས་པར་བྱའོ། །བྱེ་བྲག་ཏུ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། མི་བསྐྱོད་རྡོ་རྗེའི་ང་རྒྱལ་
བྱས་ཏེ། མཱ་མ་ཀཱི་ལ་སོགས་པའི་སྔགས་རྣམས་ཀྱིས་དགོས་པ་བྱའོ། །རྒྱལ་སྲིད་ཅེས་བྱ་བ་ནི་དམག་དཔུང་རེངས་པ་སྔོན་དུ་འགྲོ་བས་ཕ་རོལ་པོའི་དགྲའི་ཕྱོགས་ངེས་པར་བཅོམ་ནས། དེ་ལས་གཞན་པ་ལ་རྒྱལ་སྲིད་འཛིན་པའོ། །མིག་སྨན་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་ཚིལ་བུ་མེས་བཞུ་
བ་ལས་བྱུང་བའི་མར་ཆེན་པོ་ལ་སྡོང་བུ་བྱ་བ་སྔོན་དུ་འགྲོ་བས་མེ་སྦར་ལ་དེས་ཐོད་པའི་དུམ་བུའི་རྒྱབ་ཀྱི་དུ་བ་བླངས་ལ་དེའི་རྗེས་སུ་བདུད་རྩི་ལྔའི་ཆུས་དུ་བ་མཉེས་ལ་དེས་མིག་ལ་བྱུག་པར་བྱས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྣ་ཚོགས་པ་མཐོང་བར་འགྱུར་ཞེས་བྱ་བ་ནི་མིག་སྨན་གྱི་དངོས་
གྲུབ་བོ། །བཅུད་ཀྱིས་ལེན་ཞེས་བྱ་བ་ནི་འདི་ཡང་ལེའུ་བཅུ་དྲུག་པ་ལས་རང་ཉིད་ཀྱིས་འཆད་པར་འགྱུར་ཏེ། རྐན་གྱི་དབུས་སུ་ལྕེ་སྦྱར་བ། །བྱས་ནས་དེ་ཁོ་ནའི་ཚིག་བཟླ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །ཡང་དག་རྣལ་འབྱོར་རྗེས་དྲན་བྱ། །རྫས་ཀྱང་རྟག་ཏུ་བསྟེན་པར་བྱ། །དེ་ཉིད་ལྔ་ཡི་རིམ་
པ་བསྐྱེད། །བཟླས་པ་རྫོགས་ནས་རྟག་ཏུ་ནི། །ལུས་ལས་བྱུང་བ་དྲི་མ་མེད། །ལྕགས་ལྔའི་རང་བཞིན་སྣོད་དུ་ནི། །བཞག་ནས་ཇི་སྲིད་ཉི་མ་ནི། །འཆར་ཀ་དེ་ནས་དེ་ལ་ཡང་། །བཙུན་མོའི་ཁྲག་དང་བདེ་བ་ཆེ། །བླུགས་ནས་རྟག་ཏུ་རྫས་ཀྱི་མཆོག །བདུད་རྩི་བདུན་པའི་མིང་ཅན་ཏེ། །ཉལ་ཀར་ཡང་ནི་
เล่ม ๓๔ · หน้า 63b
རྫས་དེ་ཉིད། །འཐུངས་ན་ཚེ་ནི་རྣམ་པར་འཕེལ། །སྔགས་ཀྱི་རྒྱལ་པོ་ཨོཾ་ཨཱཿཧཱུྃ། །དེ་ནས་ལན་བདུན་བཟླས་པ་བྱ། །ལག་གཡས་རྒྱལ་མཚན་གྱིས་མཚན་པ། །སྣོད་བཟང་དེ་ལ་བཀབ་ནས་སུ། །ཡི་གེ་བརྒྱ་པའི་སྔགས་ཀྱིས་ནི། །ལན་གསུམ་གྱིས་ནི་དག་པར་བྱ། །དེ་རྗེས་བུད་མེད་ནུ་
ཞོ་ནི། །རྟག་ཏུ་མཁུར་བ་བཀང་ཞིང་བཏུང་། །ཞེས་བྱ་བ་ལ་སོགས་པས་ནི་དམག་དཔུང་རངས་པའོ། །སྒྲུབ་པ་པོ་རང་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་བསྒྱུར་ནས་གང་ཡང་རུང་བའི་ཁྲོ་བོའི་གཟུགས་བཟུང་སྟེ། རང་གི་འཁོར་རྣམས་ལ་པདྨའི་ཁྲག་བཞིན་སེར་སྐྱ་བསྒོམས་ལ། རིའི་རྒྱལ་
པོ་ལྟར་རིའི་རྒྱལ་པོ་རི་རབ་ཀྱི་ཚད་ཙམ་དམག་གི་དཔུང་ཡན་ལག་བཞི་པའི་སྟེང་དུ་བསྒོམས་ན། དགྲའི་དམག་གི་སྡེ་འོག་ཏུ་ཞུགས་པར་མཐོང་ངོ་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་པ་ལེའུ་བཅུ་གསུམ་པ་ལས་གསུངས་སོ། །རྩིག་པ་དབྱེ་བ་ཞེས་བྱ་བ་ནི་རྩིག་པ་དབྱེ་བ་སྟེ། སྔར་
བཤད་པ་ལྟར་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་གང་ཡང་རུང་བའི་ཆ་ལུགས་བཟུང་སྟེ། སྔགས་པས་བགེགས་བསྐྲད་པའི་དུས་སུ་བསྒོམ་པར་བྱས་པས་གནོད་མཛེས་རྒྱལ་པོའི་བཀའ་བསྒོ་བས་ཁྲོ་བོ་རེ་རེ་ལས་ཁྲོ་བོས་བྱིན་པའི་ཐལ་ལྕག་གིས་དགྲ་བོའི་རྩིག་པ་བཤིག་པ་ནི་དགོས་
པ་ཞེས་བྱ་བ་ནི་མན་ངག་གོ། །རིག་འཛིན་གྱི་ནི་གོ་འཕང་མཆོག །ཅེས་བྱ་བ་ནི་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དེའི་དབུས་སུ་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ལ། དེའི་ཕྱག་ཏུ་འཁོར་ལོ་རྩིབས་བརྒྱད་པ་བསྒོམས་ན་རིག་པ་འཛིན་
པར་འགྱུར་རོ་ཞེས་བྱ་བ་ནི་མདོར་བསྡུས་པའི་རིག་པ་འཛིན་པའི་དངོས་གྲུབ་བོ། །མཆོག་ཅེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པས་སོ། །མི་སྣང་བ་དང་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་རུས་པ་བདར་བ་རྣམས་ཀྱིས་ཙནྡན་དུ་བྱས་ཏེ། སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལ།
དེ་བཞིན་གཤེགས་པ་ལྔ་པོ་གང་ཡང་རུང་བའི་གཟུགས་དང་ལྡན་པ་ལ་ཙནྡན་དེས་ལུས་ལ་བསྐུས་ཏེ། སྔར་བཤད་པའི་རི་ལུ་ཁར་བཅུག་ན་མི་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་མི་སྣང་བའི་དངོས་གྲུབ་བོ། །གཏེར་མཐོང་བ་ཞེས་བྱ་བ་ནི་སྔར་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་མིག་ལ་
เล่ม ๓๔ · หน้า 64a
སོགས་པའི་སྐྱེ་མཆེད་རྣམས་ལ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་བསྒོམས་ཏེ། མ་ཡིག་དང་ཊ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་གཉིས་བསྒོམ་པར་བྱས་ནས་འོག་ན་གནས་པའི་གཏེར་ལ་སོགས་པ་མཐོང་བར་འགྱུར་ཞེས་བྱ་བ་ནི་གཏེར་
མཐོང་བའི་དངོས་གྲུབ་བོ། །འདོད་དགུར་བསྒྱུར་དང་ཞེས་བྱ་བ་ནི་སེམས་ཅན་དེ་དང་དེའི་རྗེས་སུ་མཐུན་པ་བདག་ཉིད་ལྷའི་ང་རྒྱལ་བསྒོམ་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱ་སྟེ། དཔུང་པ་ལ་སོགས་པ་ལ་འཆིང་བར་བྱས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་འདོད་དགུར་
བསྒྱུར་བའི་ལས་ཀྱི་དངོས་གྲུབ་བོ། །རྐང་མགྱོགས་དང་ཞེས་བྱ་བ་ནི་ཀརྞི་ཀ་ར་ལ་སོགས་པའི་སྨན་སྦྱོར་གྱི་སྟོབས་ཀྱིས་གྲུབ་པར་བྱ་སྟེ། ཇི་ལྟར་དཔལ་དུས་ཀྱི་འཁོར་ལོར་རེའུ་མིག་གི་ཁ་སྦྱོར་གསུངས་པའི་སྐབས་སུ་བསྟན་པ་བཞིན་ནོ། །གསེར་འགྱུར་ཞེས་བྱ་བ་ནི་ཟངས་ལ་སོགས་
པ་གསེར་ལ་སོགས་པར་བྱེད་པའི་གསེར་འགྱུར་གྱི་མཚན་ཉིད་དོ། །དུག་ལས་རྒྱལ་ཞེས་བྱ་བ་ནི་རྡོ་རྗེ་བྱ་ཁྱུང་བསྒོམ་པའམ། གཞན་གྱིས་མི་ཐུབ་དང་། གནོད་མཛེས་བསྒོམས་པས་བརྟན་པ་དང་། གཡོ་བའི་བདག་ཉིད་ཅན་གྱི་དུག་འཇོམས་པར་བྱེད་པའོ། །མེ་ཡི་ནང་དུ་འཇུག་པ་
དག །ཞེས་བྱ་བ་ནི་མེ་ལ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་བསྒོམ་པ་ལ་སོགས་པས་དེའི་ནང་དུ་འཇུག་པའོ། །སོགས་པའི་སྒྲས་ནི་ཆུའི་སྟེང་དུ་འཆག་པ་ལ་སོགས་པ་གཟུང་བར་བྱའོ། །མངོན་ཤེས་ལྔ་པོའི་གོ་འཕང་དང་། །ཞེས་བྱ་བ་ནི་མིག་གི་སྐྱེ་མཆེད་ལ་སོགས་པ་ལྔ་པོ་
རྣམས་ལ་སའི་སྙིང་པོ་ལ་སོགས་པའི་ངོ་བོ་བྱང་ཆུབ་སེམས་དཔའ་བསྒོམ་པའམ། དབང་པོ་རེ་རེས་ཡུལ་ཐམས་ཅད་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་ནོ། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་མེ་ལོང་ལ་སོགས་པ་རྣམས་སོ། །ཟབ་མོ་མ་ཡིན་པ་དང་ཟབ་མོའི་བསྐྱེད་
པའི་རིམ་པ་སྔོན་དུ་འགྲོ་བས་མེ་ལོང་ལ་སོགས་པའི་ཡེ་ཤེས་གྲུབ་པའི་ཕྱིར་རོ། །འདི་རྣམས་ཀྱི་ཆེན་པོ་ཉིད་ཀྱང་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། མེ་ལོང་ཡེ་ཤེས་ངར་འཛིན་མེད། །ཡོངས་སུ་མ་ཆད་རྙོག་པ་མེད། །ཤེས་བྱ་ཀུན་ལ་མ་རྨོངས་པ། །དེ་
เล่ม ๓๔ · หน้า 64b
རྣམས་ལ་ཡང་མངོན་ཕྱོགས་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྣམས་ཀྱང་ཁྱོད་ཀྱིས་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་རིམ་པས་ཐོབ་པར་འགྱུར་རོ། །དེ་ལྟར་གནས་སྐབས་ཀྱི་འབྲས་བུ་བརྗོད་པར་བསྟན་ནས། མཐར་ཐུག་གི་འབྲས་བུ་བསྟན་པ་བརྗོད་པའི་ཕྱིར། དེ་ནས་
སྐད་ཅིག་གཅིག་ལ་ཞེས་པ་གསུངས་ཏེ། གཅིག་ནི་བྱ་བ་རྫོགས་པའི་སྐད་ཅིག་མའི་མཚན་ཉིད་ཅན་གྱི་སྐད་ཅིག་ལའོ། །བྱང་ཆུབ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ཟུང་དུ་འཇུག་པས་བསྡུས་པ་སྐད་ཅིག་ལ་བྱང་ཆུབ་པའོ། །དེ་ཉིད་ནི་མཚན་ཉིད་དོ། །གོ་འཕང་ནི་རྟེན་གྱི་
གནས་སོ། །དཀའ་ཐུབ་སྤྱོད་པ་སྤངས་ནས་ནི། །ཞེས་བྱ་བ་ནི་ཞལ་གསུམ་ཕྱག་དྲུག་པའི་ངོ་བོ་དངོས་སུ་འཛིན་པར་བྱེད་པ་ནི་སྤྱོད་པའོ། །དཀའ་ཐུབ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་འཛིན་པའོ། །སྦྱངས་པ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་དཀའ་ཐུབ་སྤྱོད་པ་སྟེ། དེ་རྣམས་
སྤངས་པ་ནི་དེ་རྣམས་དང་བྲལ་བའོ། །ཤེས་རབ་སྙིང་རྗེ་ཡང་དག་ལྡན། །ཞེས་བྱ་བ་ནི་ཤེས་རབ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམས་ལའོ། །སྙིང་རྗེ་ནི་བདག་ལ་བྱིན་གྱིས་བརླབས་པའི་ལུས་ཏེ། དམིགས་པའི་སྙིང་རྗེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱང་ཡིན་ལ་སྙིང་རྗེ་ཡང་ཡིན་
པས་ན་ཤེས་རབ་སྙིང་རྗེའོ། །དེ་དག་དང་ལྡན་པ་ནི་ཐ་མི་དད་པ་སྟེ། ཤེས་རབ་སྙིང་རྗེ་ཡང་དག་པར་ལྡན་པའོ། །མཆོག་སྟེ་བློ་ཞེས་བྱ་བ་ནི་མཆོག་གི་ཤེས་རབ་དང་ལྡན་པར་རྫོགས་པའི་རིམ་པ་སྒོམ་པ་པོ་རྣམས་ཀྱིའོ། །བདེ་བ་ཆེ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་པའི་བདག་ཉིད་ཀྱི་ཟག་
པ་མེད་པའི་བདེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་གཉིས་ཀྱིས་བསམ་གཏན་གྱི་འབྲས་བུ་བསྟན་ནས། ཐབས་ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར་སྦྱིན་སྲེག་མི་དགོས་ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་སྒོམ་པ་འདི་ལ་སྦྱིན་སྲེག་ཅེས་བྱ་བ་ནི་ཕྱི་རོལ་གྱི་སྦྱིན་སྲེག་མི་དགོས་ཏེ། མདུད་
པའི་དབྱེ་བའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཀྱི་མེས་རྣམ་པར་རྟོག་པ་ཐམས་ཅད་ལ་རང་གི་ངང་གིས་བསྲེག་པ་ཉིད་ཀྱི་ཕྱིར་རོ། །དེས་མི་དགོས་ཞེས་བྱ་བ་ནི་སྨྱུང་བ་དང་སྡོམ་པ་ལ་སོགས་པ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་སྲོག་དང་རྩོལ་བ་ངེས་པའི་ཕྱིར་རོ། །གྲངས་མི་དགོས་ཞེས་བྱ་བ་ནི།
เล่ม ๓๔ · หน้า 65a
སྔགས་ལ་སོགས་པ་སྔོན་དུ་བསྙེན་པ་གང་གི་མཚན་ཉིད་ཅན་ཏེ། དཀྱིལ་འཁོར་བཞི་འཆར་བའི་རིམ་པས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བསམ་གཏན་མིན་ཞེས་བྱ་བ་ནི་བྲིས་སྐུ་ལ་སོགས་པའམ་བཅོམ་ལྡན་འདས་ཀྱི་ཡུལ་ལ་
སེམས་བཏང་བ་མི་དགོས་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་སེམས་འཛིན་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་བསྐྱེད་རིམ་དབྱེ་མི་དགོས། །ཞེས་བྱ་བ་ནི་ཐིག་ལེའི་དབྱེ་བ་བསྒོམ་པར་བྱ་བ་འདི་ལ་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ལྷའི་རྣམ་པ་བསྒོམ་མི་དགོས་ཏེ། ལྟེ་
བའི་ནམ་མཁའ་ལས་བྱུང་བའི་རླུང་ལ་འཁོར་ལོ་དེ་དང་དེའི་དབྱེ་བས་རིམ་པ་མཚོན་པའི་ཕྱིར་རོ། །དཀའ་ཐུབ་སོགས་མི་དགོས་ཞེས་བྱ་བ་ནི་སྤྱོད་པའི་བརྟུལ་ཞུགས་ལ་སོགས་པ་མི་དགོས་ཏེ། སེམས་ཀྱི་བརྟུལ་ཞུགས་ཉེ་བར་བསྟན་པ་རང་བཞིན་གྱིས་གྲུབ་པ་མཚོན་པའི་ཕྱིར་རོ། །
གཅིག་པུ་ཡིས་ཞེས་བྱ་བ་ནི་དེ་དག་སྔོན་དུ་གསུངས་པའི་ཐབས་དོར་ནས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ཉིད་ཧཱུྃ་དང་ཧོའི་བདག་ཉིད་ཅན་གྱིས་སོ། །བླ་མའི་ཞལ་ནས་བརྒྱུད་པ་དང་། །ཞེས་བྱ་བ་ནི་བླ་མ་བརྒྱུད་པས་སོ། །ཟླ་བ་དྲུག་ཏུ་སྔོན་སྦྱོར་བ། །ཞེས་བྱ་བ་ནི་དུས་དེ་སྲིད་ཀྱི་བར་དུ་
བསྒོམ་པས་སོ། །མཆོག་གི་གོ་འཕང་ཐོབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་བཟླས་པས་འགྲུབ་པའི་ཡན་ལག་ཏུ་ཐིག་ལེའི་དབྱེ་བ་ཐོབ་པར་འགྱུར་རོ། །མཆོག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པའི་མཚན་ཉིད་དང་བྲལ་བའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། །པཎྜི་
ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་དྲུག་པས་ཐིག་ལེའི་དབྱེ་བའི་ཡུལ་ལ་དྲི་བའི་ལན་བསྟན་པ་བརྗོད་ནས། ད་ནི་སྐབས་སུ་བབ་པའི་སྒྲའི་ཡུལ་ལ་དྲི་བའི་ལན་བསྟན་པ་བརྗོད་
པའི་ཕྱིར། དྲི་བ་དེའི་ལན་བཤད་པར་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་དྲུག་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་བཤད་པ་ལ་ལྟོས་པས་ཐ་དད་པའི་ཕྱིར་ཏེ། ནཱ་དའི་དོན་བཤད་ཀྱིས་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་
เล่ม ๓๔ · หน้า 65b
ངོ་བོས་ཞེས་བྱ་བའི་དོན་ཏོ། །བླ་མེད་ཅེས་བྱ་བ་ནི་འདི་ལས་གོང་ན་མེད་པའོ། །བླ་ན་མེད་པ་ཉིད་ཀྱང་བླ་ན་མེད་པའི་ཕྱག་རྒྱ་ཆེན་པོའི་རྒྱུ་གཉིས་ཀྱིས་སོ། །གང་གིས་ཞེས་བྱ་བ་ནི་སྒྲའི་མཚན་ཉིད་ཀྱིས་སོ། །ཡོངས་སུ་ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི་རྟོགས་པ་ཙམ་གྱིས་སོ། །དངོས་གྲུབ་འགྱུར་
ཞེས་བྱ་བ་ནི་སྒྲུབ་པ་པོས་འགྲུབ་པར་འགྱུར་བའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྒྲའི་ཡུལ་ལ་དྲི་བའི་ལན་གདབ་པར་བརྩམ་པ་བསྟན་ནས། དངོས་སུ་བཤད་པ་བརྗོད་པའི་ཕྱིར་རོ། །སྒྲ་ཡང་མི་ཤིགས་པར་ནི་བཤད། །ཅེས་བྱ་བ་ལ་སོགས་པ་
གསུངས་ཏེ། ནཱ་ད་བྱེད་པས་ན་ནཱ་ད་སྟེ། ཨ་ཡིག་གོ། །མི་ཤིགས་གོ་འཕང་ཞེས་བྱ་བ་ནི་མི་ཤིགས་པ་ནི་གཞན་གྱིས་མི་ཕྱེད་པའོ། །གོ་འཕང་ནི་དེའི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐད་དུ་ཡང་ཨའི་ཡི་གེས་ཡི་གེ་ཐམས་ཅད་འབྱེད་པ་ཡིན་གྱི་དེ་བཞིན་དུ་ཡི་གེ་ཨ་ནི་ཀ་ལ་སོགས་པ་གཞན་རྣམས་
ཀྱིས་འབྱེད་པ་མ་ཡིན་ནོ། །རང་བཞིན་འོད་གསལ་ཞེས་བྱ་བ་ནི་ཨ་ཏ་སེའི་མེ་ཏོག་དང་འདྲ་བ་ཉིད་ཀྱིས་འོད་གསལ་བའི་ཕྱིར་རོ། །དེ་ཡང་ཡེ་ཤེས་ཀྱི་མེའི་ངོ་བོ་ཉིད་དོ། །གསལ་བ་ཉིད་ཅེས་བྱ་བ་ནི་ལྟེ་བའི་དབུས་སུ་དྲོ་བའི་ངོ་བོས་ཐ་མལ་པ་རྣམས་ཀྱིས་ཀྱང་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་
རོ། །རྣམ་པ་ཀུན་ལས་རྣམ་པར་གྲོལ། །ཞེས་བྱ་བ་ནི་སྔགས་ཀྱི་ངོ་བོའི་ཚོགས་ཐམས་ཅད་ཀྱི་རྣམ་པས་སོ། །རྣམ་པར་གྲོལ་བ་ནི་བྲལ་བ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཉིད་ཀྱི་རིམ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལྟེ་བ་སྤྲུལ་པར་ཡང་དག་གནས། །ཞེས་བྱ་བ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའི་
གནས་སུ་ལུས་ཅན་ཐམས་ཅད་ཀྱི་སྤྲུལ་པའི་འཁོར་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་གནས་པའོ། །གློག་ལྟར་ཕྲ་བའི་ལྕེ་ཅན་ནི། །ཞེས་བྱ་བ་ནི་གློག་དང་འདྲ་བའི་ལྕེ་ནི་སྦྲུལ་གྱི་ལྕེའོ། །ཕྲ་བའི་ཞེས་བྱ་བ་ནི་གཅིག་ཏུ་རྣལ་འབྱོར་པས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་ཡེ་ཤེས་ཞེས་
བྱ་བ་ནི་གཉིས་སུ་སྣང་བ་ཐམས་ཅད་ནུབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་ཡང་། ཨ་ཡིག་སྒོམ་པ་ལ་གནས་པའི་གང་ཟག་རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱིས་རྩའི་འཁོར་ལོ་ཡོངས་སུ་བགྲང་བ་མ་ཡིན་ནོ། །རྨད་བྱུང་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེའི་སྒོ་ནས་རྣམ་པར་རྟོག་པ་ཐམས་ཅད་བཅོམ་པ་ཉིད་ཀྱི་
เล่ม ๓๔ · หน้า 66a
ཕྱིར་རོ། །དེ་ལྟར་དངོས་སུ་བསྟན་པའི་ངོ་བོ་བཤད་ནས། དེ་ཉིད་ཀྱི་གནས་སྐབས་ཀྱི་དབྱེ་བ་བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་ངོ་བོ་ཉིད་ཀྱི་རྩའི་འཁོར་ལོ་ཡོངས་སུ་བགྲང་བ་མ་ཡིན་ནོ། །དེའི་ཡན་ལག་རིན་པོ་ཆེ་རྣམ་པ་ལྔ་བསྐྱེད་པར་བྱེད་པ་བརྗོད་པ་ནི་ཚངས་པ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གཞན་གྱི་གྲུབ་པའི་མཐའ་ལས་གྲགས་པའི་བྱེད་པ་པོ་ལྔ་ལ་སྐྱེད་བྱེད་ཉིད་དུ་གསུངས་ཏེ། ཇི་སྐད་དུ། ཕ་རོལ་རྒོལ་བ་གང་ལ་ལ། །ཐ་དད་རྟགས་ཀྱིས་རྣམ་པར་གནས། །དེ་རྣམས་འདིར་ནི་སྨད་བྱ་མིན། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཕྱིར། །ཞེས་གསུངས་སོ། །
ཚངས་པ་ཞེས་བྱ་བ་ནི་རང་ཉིད་ཀྱིས་ཕྱུང་ན་གཟུགས་ཀྱི་ཁམས་ན་གནས་པའོ། །ཁྱབ་འཇུག་ཅེས་བྱ་བ་ནི་ན་ར་ཡ་ནའོ། །དྲག་པོ་ཞེས་བྱ་བ་ནི་གནོད་བྱེད་ཀྱི་བུད་མེད་རྣམས་ངུར་འཇུག་པས་ན་དྲག་པོ་སྟེ། དབང་ཕྱུག་ཆེན་པོའོ། །དབང་ཕྱུག་གང་དང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་ཅིང་ཐམས་ཅད་
བྱེད་པ་གྲོང་བརྒྱད་ཀྱི་འཇལ་བྱེད་ཀྱི་ངོ་བོའོ། །རྟག་ཞི་བ་ཞེས་བྱ་བ་ནི་ཡེ་ཤེས་བྱ་བ་ནུས་པ་དང་བཅས་པ་སྒྱུ་མའི་གནས་སྐབས་ལས་ལོག་པ་སེམས་དཔའི་ངོ་བོའོ། །དེ་རྣམས་དེ་ལྟར་རིན་པོ་ཆེ་ཞེས་བྱ་བ་ནི་རིན་པོ་ཆེ་དང་འདྲ་བར་ནུས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སྐྱེད་པ་པོ་ཞེས་བྱ་བ་ནི།
བཅོམ་ལྡན་འདས་རྡོ་རྗེ་འཆང་ལའོ། །ཕ་དང་མས་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཨའི་ཡི་གེ་ཉིད་ཀྱི་དབང་གིས་དེ་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་འཆང་གི་བདག་པོ་རྐྱེན་གྱིས་འཇིག་རྟེན་དུ་བྱེད་པ་པོ་ལྔའི་སྣང་བ་འབྱུང་བའི་ཕྱིར་རོ། །རེ་ཞིག་འདི་ནི་ཕྱིའི་བཤད་པའི་ཕྱོགས་སོ། །གཞན་ནི་
བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ལས་བསྟན་ཏེ། ཇི་སྐད་དུ། ཚངས་པ་མྱང་འདས་ཕྱིར་སངས་རྒྱས། །ཞུགས་ཕྱིར་ཁྱབ་འཇུག་ཅེས་ནི་བརྗོད། །ཞི་བ་རྟག་ཏུ་དགེ་བའི་ཕྱིར། །ཐམས་ཅད་བདག་ཉིད་གནས་དབང་ཕྱུག །བདེ་བ་དམ་པས་དེ་ཁོ་ན། །དགའ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །
ཞེས་གསུངས་སོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་ལེའུ་བརྒྱད་པ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རིགས་ནི་རིགས་ལྔའི་བདག་ཉིད་ཅན། །རིགས་ནི་མཐོང་བ་ཞེས་བྱར་བརྗོད། །ཐོད་པ་ཀ་སོགས་ཉིད་དུ་འདོད། །ཀ་སོགས་འདིར་ནི་རྩ་བར་ཤེས། །རྩ་བ་རྣམ་པ་ལྔར་ནི་འདོད། །ལྔ་ཡི་
เล่ม ๓๔ · หน้า 66b
བདག་ཉིད་དེ་བཞིན་གཤེགས། །ཕུང་པོ་ལྔ་ཡི་རང་བཞིན་སྐྱེས། །འབྱུང་བ་ལྔ་ཡི་ངོ་བོར་གྲགས། །ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །ཚངས་པ་ཁྱབ་འཇུག་དྲག་པོ་དང་། །དབང་ཕྱུག་དང་ནི་རྟག་ཞི་བ། །དངོས་སུ་འདི་རྣམས་སྐྱེད་བྱེད་དེ། །ཐོད་པ་གང་ཞིག་དེ་ལྔ་འདོད། །ཀུན་ལ་ཁྱབ་པའི་
སྟོང་པ་ཆེ། །གཅིག་པུ་མ་སྐྱེས་མི་འཕོ་བ། །ཐོད་པ་ཞེས་བྱ་འོད་ཀྱི་གཟུགས། །ཐམས་ཅད་རྡོ་རྗེ་འཆང་བདག་ཉིད། །གང་དུ་སྙིང་རྗེ་བཏུང་བ་སྟེ། །དམ་ཚིག་ཉིད་ཀྱང་སྐྱོང་བ་དང་། །ངན་འགྲོ་རྣམས་ལས་རྒལ་བ་ཡི། །ཐོད་པ་དེ་ནི་རབ་ཏུ་བསྔགས། །སོགས་པའི་སྒྲས་ནི་ལྷན་ཅིག་སྐྱེས། །
ཀ་ནི་གང་དུའང་མི་གནས་ཏེ། །དེ་ཉིད་རྡོ་རྗེའི་ངོ་བོ་ཡིས། །ཆོས་ཀྱི་འཁོར་ལོ་ཉིད་དུ་གནས། །མགྲིན་པའི་འཁོར་ལོ་རྟག་ཞི་བ། །སྤྱི་བོར་དེ་ཡི་བདག་པོ་གནས། །དྲག་པོ་ལྟེ་བའི་འཁོར་ལོར་གནས། །དེ་ཡི་འོག་ཏུ་ཚངས་པ་གནས། །ཁྱབ་འཇུག་རླུང་གི་འཁོར་ལོར་གནས། །མེ་སོགས་
རྣམས་ལ་ཞུགས་པའི་ཕྱིར། །བདག་ནི་འཁོར་ལོ་ཐམས་ཅད་ལ། །བདག་པོ་ཡི་ནི་རྣམ་པར་གནས། །སྟོང་པ་ཆེན་པོའི་ངོ་བོར་གྲགས། །མཁའ་འགྲོ་མ་ཡིས་ཀུན་ནས་བསྐོར། །མཁའ་འགྲོ་ལྔ་སོགས་བདག་པོ་སྟེ། །ཡེ་ཤེས་མཁའ་འགྲོ་དབང་ཕྱུག་མཆོག །ཅེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་ལྟར་རིན་པོ་ཆེ་རྣམ་པ་ལྔ་སྐྱེད་པར་བྱེད་པ་བསྟན་ནས། དེ་ཉིད་ཀྱི་དོན་དམ་པའི་ངོ་བོ་ཉིད་བསྟན་པ་བརྗོད་པའི་ཕྱིར། ཡི་གེ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེས་པོ་ཉིད་ཀྱི་ཕྱིར་རོ། །གོང་དུ་བུད་མེད་ཅེས་བྱ་བ་ནི་མཚན་དང་དཔེ་བྱད་ལ་སོགས་པ་བསྐྱེད་པ་ཉིད་ཀྱི་
ཕྱིར་ཕྱི་རོལ་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ལྟར་འབྱུང་བའི་ཚོགས་ནི་རྣམ་པར་སྤངས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱི་ཕྱིར་ཞེས་དགའ་བའི་འོད་ཀྱི་ཕྲེང་བ་བྱེད་པ་མཁན་པོས་སོ། །ཡང་ན་ཡི་གེ་མེད་ཅིང་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གོང་བུ་མེད་ཅིང་ཞེས་བྱ་བ་ནི་
གོང་བུའི་ངོ་བོ་ཅིག་ཏུ་མེད་པའི་ཕྱིར་དང་། ཆོས་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འབྱུང་བའི་ཚོགས་ནི་རྣམ་པར་སྤངས། །ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་ཆུང་གི་ངོ་བོའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལ་འབྱུང་བ་ནི་འཁོར་ལོ་དྲུག་གི་ངོ་བོ་སྟེ། འབྱུང་བ་ལས་འགྱུར་བ་ནི་དེ་རྣམས་
เล่ม ๓๔ · หน้า 67a
ལ་སྔགས་ཀྱི་ཡི་གེ་ལ་སོགས་པ་རྣམས་ཏེ། སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆ་མེད་ཅེས་བྱ་བ་ནི་སྤྲོ་བའི་རིམ་པས་ཨཱ་ལི་དང་ཀཱ་ལི་མི་བསྐྱོད་པས་སོ། །ཆ་ལས་འདས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་མེད་ཅེས་བྱ་བ་ནི་གདོད་མ་
ནས་མ་སྐྱེས་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཟད་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་རྟག་ཏུ་གནས་པ་ཉིད་ཀྱི་ཕྱིར་རོ། །ཆོས་རྣམས་ཐམས་ཅད་ལས་དེ་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཀུན་འཛིན་ཅེས་བྱ་བ་ནི་ཡོད་པ་དང་མེད་པ་དང་དངོས་པོ་དང་དངོས་པོ་མེད་པའི་
སྤྲོས་པ་ལས་འདས་པའི་ཕྱིར་རོ། །མངོན་ཞེན་ལ་སོགས་སྤངས་ཞེས་བྱ་བ་ནི་རྗོད་བྱེད་ཀྱི་སྒྲའི་མཚན་ཉིད་རྣམས་ཀྱིས་སོ། །སྤངས་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་ཁྱད་པར་གྱི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། དེ་མེད་པས་ལྷག་མ་མེད་པའོ། །མཆོག་ནི་
མཆོག་སྟེ་ཞེས་བྱ་བ་ནི་རྒྱུད་ཀྱི་རིམ་པའི་ཡི་གེ་ཨ་ལས་ཤིན་ཏུ་མཆོག་ཉིད་ཀྱི་ཕྱིར་རོ། །ཞི་བ་ནི་ཞེས་བྱ་བ་ནི་ཤིན་ཏུ་ཞི་བའི་ཕྱིར་རོ། །དངོས་པོ་ཀུན་གྱི་དབུས་ན་གནས། །ཞེས་བྱ་བ་ནི་ཆོས་རྣམས་ཡོངས་སུ་སྤངས་ནས་མི་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེ་ཉིད་ཀྱི་དོན་དམ་པའི་ངོ་བོ་ཉིད་མངོན་
པར་བརྗོད་ནས། རྣམ་ཤེས་གསུམ་གྱི་སྐྱེ་བ་བསྟན་པ་བརྗོད་པའི་ཕྱིར། འཇུག་པའི་རྣམ་ཤེས་ཚོགས་དྲུག་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པའི་རྣམ་ཤེས་དྲུག་ལའོ། །ཁྱབ་བྱེད་དུ་ནི་ཡང་དག་གནས། །ཞེས་བྱ་བ་ནི་ལྟེ་བ་ལ་གནས་པའི་ཨའི་ཡི་གེའི་ངོ་བོ་ལ་
བརྟན་ནས། འཇུག་པའི་རྣམ་པར་ཤེས་པ་སད་པ་བསྐྱེད་པའི་ཕྱིར་རོ། །ཉོན་མོངས་ཅན་གྱི་ཡིད་ཅེས་བྱ་བ་ནི་བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བའི་མཚན་ཉིད་ཅན་གྱི་རྣམ་པ་བཞིན་རྟག་ཏུ་འདུད་པ་ཉིད་ཀྱི་ཕྱིར་རོ། །སྔོན་བཞིན་དུ་
ཁྱབ་བྱེད་ཉིད་དུ་གནས་པ་ཞེས་བྱ་བར་སྦྱར་བར་བྱའོ། །གལ་ཏེ་ཁྱབ་བྱེད་ཡིན་ན། འོ་ན་དེའི་སྐྱོན་རྣམས་ཀྱིས་འདི་ཉེ་བར་བསྒོས་པར་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། རྣམ་རྟོག་མེད་ཅིང་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རྟོག་
เล่ม ๓๔ · หน้า 67b
པ་རྣམས་ཀྱིས་མ་བསྒོས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟེན་མེད་པ་སྟེ། དོན་དམ་པར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་མི་འཐད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ། ཀུན་གཞི་རྣམ་ཤེས་གསུངས་པའི་ཕྱིར། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་ས་བོན་ལའོ། །སད་པར་བྱེད་ཅེས་བྱ་བ་
ནི་རབ་ཏུ་སད་པར་བྱེད་པའོ། །ཕྱི་རོལ་གྱི་སད་པར་བྱེད་པའི་རྐྱེན་མི་འཐད་པ་ཉིད་ཀྱི་ཕྱིར་རོ། །དེའི་བག་ཆགས་སད་པ་ལ་དེའི་རྟེན་ཉིད་ཡིན་ནོ། །བེམས་པོ་ཉིད་ནི་ཞེས་བྱ་བ་ནི་དམིགས་པ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་པ་གསུམ་གྱིས་དེ་ལ་གནས་སྐབས་ཀྱི་དབྱེ་བ་བསྟན་ནས། དེ་ཐོབ་
པའི་རྒྱུ་བསྟན་པ་བརྗོད་པའི་ཕྱིར། མཆོག་ཏུ་གཉིད་མེད་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་མཆོག་ཏུ་ཕྱི་རོལ་གྱི་མཚན་ཉིད་དང་བྲལ་བའི་རྣལ་འབྱོར་གྱིས་ཐོབ་པར་བྱའོ། །ཡི་གེ་ཞེས་
བྱ་བ་ནི་ཨ་ཡིག་གི་ངོ་བོའོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པའི་གོ་འཕང་གི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྟོག་མེད་ཅེས་བྱ་བ་ནི་དོན་དམ་པར་འགྲོ་བ་དང་འོང་བའི་བྱ་བ་མེད་པའི་ཕྱིར་རོ། །འཇིགས་མེད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་འཇིགས་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །
གསལ་བ་དང་ཞེས་བྱ་བ་ནི་ལྟེ་བའི་གནས་སུ་རྣལ་འབྱོར་པའི་ཡེ་ཤེས་གསལ་བར་རྟོགས་པའི་ཕྱིར་རོ། །རླུང་གི་དེ་ཉིད་ཡང་དག་བརྟེན། །ཞེས་བྱ་བ་ནི་ལས་ཀྱི་རླུང་ལ་བརྟེན་ནས་ཐིག་ལེ་གསུམ་བསྒོམས་པའི་སྒོ་ནས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཧོ་ཡིག་གིས་ནི་བསྐུལ་བྱས་
ནས། །ཞེས་བྱ་བ་ནི་སྨིན་མའི་དབུས་སུ་རླུང་གི་འཁོར་ལོ་གནས་པའི་ཡི་གེ་ཧོ་ཐིག་ལེའི་དབྱེ་བ་ངོ་བོས་ཡང་དག་པར་བསྐུལ་བ་སྟེ། སྟེང་དུ་འགྲོ་བ་བཀག་ནས་འོག་ཏུ་འགྲོ་བའི་ཕྱིར་རོ། །མེ་ཡི་འཁོར་ལོ་རྣམ་པར་སྦྱོང་། །ཞེས་བྱ་བ་ནི་མགྲིན་པའི་འོག་ཏུ་གནས་པའི་མེའི་འཁོར་ལོ་རབ་ཏུ་
སད་པར་བྱེད་པ་སྟེ། འོག་དང་སྟེང་སྤྲུལ་པ་དང་མེའི་འཁོར་ལོ་རབ་ཏུ་སད་པས་རྩའི་འཁོར་ལོ་མ་ལུས་པའི་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་རོ། །དེ་ལྟར་དེ་ཐོབ་པར་བྱེད་པའི་རྒྱུ་བརྗོད་པར་བསྟན་ནས། ཉེ་བར་བསྡུ་བ་བཤད་པའི་ཕྱིར། དེ་ལྟར་སྒྲའི་ཚིག་གི་དོན་ཞེས་བྱ་བ་གསུངས་ཏེ། ལེའུ་དང་
เล่ม ๓๔ · หน้า 68a
པོར་དྲི་བའི་ངོ་བོ་ཉིད་ཀྱི་གསུངས་པ་ལའོ། །དོན་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་ངོ་བོ་ལའོ། །བླ་མའི་ཞལ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་ལའོ། །རྣམ་པར་གནས་ཞེས་བྱ་བ་ནི་དེའི་དྲིན་གྱིས་ཐོབ་པར་བྱ་བ་ཉིད་ཀྱི་ཕྱིར་སྙམ་དུ་དགོངས་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་
དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་གསལ་བ་ཞེས་བྱ་བ་ལས་ལེའུ་བདུན་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བདུན་པས་སྒྲའི་ཡུལ་ལ་དྲི་བའི་ལན་བརྗོད་པ་བསྟན་ནས། ད་ནི་སྐབས་སུ་བབ་པའི་གསང་
བའི་ཡུལ་ལ་དྲི་བའི་ལན་བསྟན་པ་བརྗོད་པའི་ཕྱིར། དེའི་དྲི་བའི་ལན་བཤད་པར་རྩོམ་པ་ནི་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བདུན་པའི་རྗེས་ལ་གསང་བ་བཤད་ཀྱིས་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བླ་ན་མེད་པ་ཞེས་བྱ་བ་གསུངས་ཏེ།
འདི་ལས་གོང་ན་མེད་པའི་ཕྱིར་བླ་ན་མེད་པའོ། །དེ་ལྟར་གསང་བའི་ཡུལ་ལ་དྲི་བའི་ལན་བརྗོད་པ་རྩོམ་པ་བསྟན་ནས། དངོས་སུ་གསང་བ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོའི་དབྱེ་བ་གཙོ་བོ་མ་ཡིན་པའི་གསང་བ་བསྟན་པའི་ཕྱིར། གསང་བ་བྷ་ག་ཞེས་ནི་
གསུངས། །ཞེས་བྱ་བ་སྟེ། ཉོན་མོངས་པ་འཇོམས་པར་བྱེད་པའི་ཕྱིར་དང་། དམ་ཚིག་དང་མི་ལྡན་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བྷ་ག་ཆོས་འབྱུང་དེ་བཞིན་ཏེ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྐྱེད་པའི་གནས་ཉིད་ཀྱི་ཕྱིར་རོ། །ཆོས་རྣམས་
འདི་ལས་སྐྱེས་པས་ནའོ། །བདེ་བ་ཆེན་པོའི་གོ་འཕང་རྟེན། །ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་མངོན་པར་གསལ་བའི་རྒྱུ་ཉིད་ཀྱི་ཕྱིར་དང་། དེ་ཡང་དག་པར་རྟེན་པའི་སྟོབས་ཀྱིས་དེ་དམིགས་པའི་ཕྱིར་རོ། །དགའ་བ་སྐྱེད་པར་བྱེད་པའི་
རྒྱུ། །ཞེས་བྱ་བ་ནི་བདེ་བ་ཅུང་ཟད་དང་། དེ་ལས་ལྷག་པ་དང་། དེ་དང་བྲལ་བ་དང་། ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་གྱི་བརྒྱུད་པའི་རྒྱུ་དང་། དངོས་ཀྱི་རྒྱུ་དང་། དེ་འཇིག་པ་དང་། བདེ་བ་ཐམས་ཅད་ཀྱི་མཆོག་གི་ངོ་བོ་དགའ་བ་ལ་སོགས་པ་རྣམས་བསྐྱེད་པའི་རྒྱུར་གྱུར་པའོ། །
เล่ม ๓๔ · หน้า 68b
ཇི་སྐད་དུ། དགའ་བའི་བདེ་བ་ཅུང་ཟད་ཙམ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་དགའ་བ་ཆགས་པ་བྲལ། །དེ་ནས་བཞི་པ་བསྒོམ་པར་བྱ། །དེ་ལྟར་ན་གཙོ་བོ་མ་ཡིན་པའི་གསང་བའི་མན་ངག་བསྟན་ནས། དེ་ལས་བཟློག་པའི་བདེ་བའི་ངོ་བོ་གསང་བའི་མན་ངག་བཤད་
པའི་ཕྱིར། རྡོ་རྗེ་སེམས་དཔའི་གནས་ཞེས་བྱ་བ་གསུངས་ཏེ། དཔེའི་ལྷན་ཅིག་སྐྱེས་པ་ལ་བླ་མའི་གདམས་ངག་གི་དབང་གིས་ལྷན་ཅིག་སྐྱེས་པ་སྙམ་དུ་ཞེན་པ་བྱས་ནས་རྡོ་རྗེ་སེམས་དཔའི་དོན་དམ་པ་ལ། ཕྱག་རྒྱ་ཆེན་པོའི་རྣམ་པའི་རྟེན་ནི་དེ་ལ་བརྟེན་ནས་དེ་དམིགས་པའི་ཕྱིར་རོ། །ཡེ་ཤེས་
ལྔ་ཡི་བདག་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དང་ཆོས་རྣམས་གནས་པའི་རྣམ་པས་ཡོངས་སུ་ཤེས་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྐང་མེད་ལ་སོགས་པའི་སེམས་ཅན་རྣམ་པ་བཞི་ཕྱག་རྒྱ་ཆེན་པོ་དང་ཁྱད་པར་མེད་པ་ཉིད་ཀྱིས་ཐམས་ཅད་དུ་བདེ་བའི་རྣམ་པ་ཉིད་ཀྱི་ཡེ་ཤེས་སོ། །
དུས་ཐམས་ཅད་དུ་བདེ་བའི་རྣམ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །རང་གིས་རྟོགས་པའི་དེ་ཁོ་ན་ཉིད་གཞན་རྣམས་ལ་ཡང་ཐབས་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་ལ་སྤྱོད་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྣ་ཚོགས་པའི་འདུ་ཤེས་བཟློག་པས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ།
ནམ་མཁའ་ལྔའི་བདག་ཉིད་ཅེས་བྱ་བའི་གཞུང་ཡང་ཡོད་དེ། དེའི་ཕྱོགས་ལ་ནི་རྩའི་ནམ་མཁའ་ཆོས་འབྱུང་ནང་དུ་གནས་པ་རྩའི་ནམ་མཁའ་ལྔས་འགྲོ་བར་བྱ་བ་ཉིད་བཤད་པར་བྱའོ། །གསལ་ཞེས་བྱ་བ་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གསལ་བའི་ངོ་བོས་དམིགས་པའི་ཕྱིར་རོ། །སྤྲོས་
པ་མེད་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་པའི་ཕྱིར་དང་། ཡོད་པ་དང་མེད་པ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་
རྣམ་པར་རྟོག་པ་རྣམས་ཀྱིས་མ་གོས་པའི་ཕྱིར་རོ། །དགའ་བྲལ་མཐའ་ཞེས་བྱ་བ་ནི་དགའ་བྲལ་བའི་མཐའ་ཉིད་ཀྱི་ཕྱིར་ཏེ། འཇིག་རྟེན་པའི་རྗེས་སུ་འབྲངས་པས་སོ། །མཆོག་ཏུ་ཞེས་བྱ་བ་ནི་འཕགས་པའི་འཇིག་རྟེན་གྱི་རྗེས་སུ་འབྲངས་པས་སོ། །དགའ་བྲལ་དང་དེ་མ་ཐག་ཏུ་ཉམས་སུ་མྱོང་བའི་
เล่ม ๓๔ · หน้า 69a
ཕྱིར་རོ། །ཕྲ་ཞེས་བྱ་བ་ནི་རྣལ་འབྱོར་པས་རང་གིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ལྷན་ཅིག་སྐྱེས་པའི་མཚན་ཉིད་དང་བྲལ་བ་ཉིད་ཀྱིས་རྒྱུ་རྐྱེན་ལས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཀུན་བདག་གནས་ཞེས་བྱ་བ་ནི་དགའ་བ་གསུམ་
ལ་ཁྱབ་པ་ཉིད་ཀྱིས་གནས་པའོ། །ཇི་སྐད་དུ། ཡང་ན་ཀུན་བདག་གནས་ཉིད་དེ། །ཡང་ན་ཐམས་ཅད་རྣམ་པར་སྤངས། །ཞེས་གསུངས་སོ། །དགའ་བྲལ་ལ་སོགས་པའི་སྐད་ཅིག་མ་ཞེས་བྱ་བ་ནི་དགའ་བྲལ་ལ་སོགས་པ་རྣམས་ཀྱིས་ཇི་ལྟར་རིགས་པར་གཙོ་བོའི་རྒྱུ་དང་རྒྱུ་གཅིག་པའི་ངོ་བོ་
དང་། སྐད་ཅིག་ནི་རྣམ་པ་སྣ་ཚོགས་ལ་སོགས་པ་རྣམས་དང་བྲལ་བའོ། །དེའི་མཚན་ཉིད་དང་བྲལ་བའི་མཚན་ཉིད་ཅན་གྱི་ཕྱིར་རོ། །ཕྲ་བ་ཞེས་བྱ་བ་ནི་ཕྲ་བའི་རྣལ་འབྱོར་པ་རྣམས་ཀྱིས་རིགས་པའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ཀྱི་ནི་ཡིད། །ཅེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་
ཀྱི་སེམས་སོ། །སྲོག་ལ་ཕན་པར་འཚོ་བ་ཞེས་བྱ་བ་ནི་སྲོག་གི་དབང་པོའི་མཚན་ཉིད་ཅན་ལའོ། །དེ་ཉིད་ཀྱི་ཕྱིར་སྲོག་ཅེས་བྱ་བ་ནི། སྲང་མདའི་འཁྲུལ་འཁོར་ལྟ་བུར་གནས། །ཞེས་བྱ་བ་ནི་རྩེ་གསུམ་ལ་རེག་པས་རྟོགས་པའི་ཕྱིར་རོ། །ཆ་མེད་ཅེས་བྱ་བ་ནི་ཆ་བཅོ་ལྔའི་ཟླ་བའི་ཆ་ལས་འདས་པའི་
ཕྱིར་རོ། །རྟོག་པ་ལས་འདས་པ་ཞེས་བྱ་བ་ནི་ངག་གི་རྣམ་པར་རྟོག་པའི་སྒྲའི་ཡུལ་མ་ཡིན་པའི་ཕྱིར་རོ། །སྟོང་ཉིད་ཅེས་བྱ་བ་ནི་རྟག་ཏུ་དེ་ཉིད་ཡོད་པས་མ་བཅོས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྐྱེ་མེད་ཅེས་བྱ་བ་ནི་ངག་གི་རྣམ་པར་རྟོག་པའི་སྒྲའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཟད་པ་མེད་ཅེས་བྱ་བ་
ནི་འཇིག་པ་མེད་པའི་ཕྱིར་རོ། །དེ་ཡང་སྐྱེ་བ་ཉིད་མེད་པའི་ཕྱིར་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ལྟར་དོན་དམ་པའི་བདེ་བའི་ངོ་བོ་གསང་བ་བསྟན་ནས། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཀྱི་ངོ་བོ་གསང་བ་བསྟན་པའི་ཕྱིར། སྤྲུལ་པའི་འཁོར་ལོ་ཐིམ་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། ཐིམ་པ་དང་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་འཁོར་ལོ་ལ། །སེམས་ཀྱི་ཟླ་བ་ལྟུང་བར་གྱུར་པ་ལས། དེ་དང་ཉེ་བར་གནས་པའི་གསང་བའི་འཁོར་ལོ་གནས་པའོ། །བདེ་བ་ཆེན་པོའི་འཁོར་ལོ་སྐྱེ། །ཞེས་བྱ་བ་ནི་མགོ་བོའི་གནས་ནས་སོ། །བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་མེ་ལོང་ལྟ་
เล่ม ๓๔ · หน้า 69b
བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཀུནྡ་དང་ཟླ་བ་དག་པ་དང་འདྲ་བ་ཉིད་ཀྱིས་སོ། །ཁྱབ་ཅེས་བྱ་བ་ནི་ཁམས་སུམ་ཅུ་རྩ་གཉིས་རོ་མཉམ་པ་ལས་མཉམ་པ་ཉིད་ཀྱིས་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བས་སོ། །ཆ་བྲལ་ཞེས་བྱ་བ་ནི་སོ་སོར་རྟོག་
པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །མཆོག་ཅེས་བྱ་ནི་མཆོག་ནི་བདེ་བ་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་པདྨ་མཉམ་སྦྱོར་རྟོགས། །ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པའི་སྦྱོར་བས་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་རོ། །
བདེ་བ་ཐམས་ཅད་སྟེར་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པའོ། །རླུང་གི་དེ་ཉིད་འཛིན་པ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་ནམ་མཁའ་ལའོ། །འཛིན་པར་བྱེད་ཅེས་བྱ་བ་ནི། བྱ་དྷྱེའི་ས་བོན་བཀོད་པ་འམ། ས་ནི་རྐང་པས་མནན་བྱས་ཞེས་བྱ་བའི་རིམ་པའམ།
དངོས་སུ་རླུང་བཟུང་བའི་སྟོབས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར། རླུང་གི་དེ་ཉིད་རིག་པ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །གང་དེ་སྐྱེ་བ་ཉམས་མྱོང་བས། །ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་དང་འཕགས་པ་རྣམས་ཀྱིས་རང་གིས་རིག་པར་བྱའོ། །གསང་བ་ཡིས་ནི་བྱ་བར་གྲགས། །ཞེས་བྱ་བ་ནི།
ཡི་གེ་ར་དང་ཧ་དག་གིས་འཛག་པའི་ཕྱིར་ན་གནས་པའོ་ཞེས་བྱ་བར་གྲགས་སོ། །དེ་ལྟར་དོན་དམ་པ་གསུམ་གྱིས་དངོས་སུ་དེ་བརྗོད་པ་བསྟན་ནས། ཉེ་བར་བསྡུ་བ་བསྟན་པ་བརྗོད་པའི་ཕྱིར། དེ་ཉིད་གསང་བ་ཡི་ནི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མ་ཐག་པར་བསྟན་
པའི་རིགས་པས་བརྗོད་པའོ། །མཆོག་ཅེས་བྱ་བ་ནི་ཉམས་སུ་མྱོང་བའི་རིམ་པས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་མཆོག་གོ། །བླ་མའི་ཞལ་ལ་རྣམ་པར་གནས། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་བརྒྱུད་པས་བསྒྲུབ་པར་བྱའོ། །ཕན་ཚུན་བརྒྱུད་པའི་རིམ་པ་ཡིས། །ཞེས་བྱ་བ་ནི་བཅོམ་ལྡན་
འདས་ནས་བརྩམས་ཏེ། ཡེ་ཤེས་མཁའ་འགྲོ་མའི་ཞལ་གྱི་རིམ་པས་བླ་མའི་ཞལ་གྱི་རིམ་པ་ལ་གནས་སོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཞེས་གསུངས་ཏེ་ཞེས་བྱ་བ་ནི་རྗེས་སུ་བཙལ་བར་བྱ་བའོ། །བླ་མ་དམ་པའི་ཞལ་ཞེས་བྱ་བ་ནི་རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱི་བརྒྱུད་པས་ཞེས་བྱ་
เล่ม ๓๔ · หน้า 70a
བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་གྱི་སྒྲོན་མ་ཞེས་བྱ་བ་ལས་ལེའུ་བརྒྱད་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བརྒྱད་པས་གསང་བའི་ཡུལ་ལ་དྲི་བའི་ལན་
བསྟན་པ་བརྗོད་ནས། ད་ནི་སྐབས་སུ་བབ་པའི་སྡོམ་པའི་ཡུལ་ལ་དྲི་བའི་ལན་གདབ་པ་བརྗོད་པ་དྲི་བ་དེའི་ལན་བཤད་པར་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་སྔ་མ་ལ་ལྟོས་ནས་སོ། །སྡོམ་པའི་དོན་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པའི་སྡོམ་པའི་དོན་
བཤད་ཀྱིས་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་པའི་དེ་ཁོ་ན་ཉིད་ལ་བརྟེན་ནས་ཤེས་པར་བྱ་བའི་དོན་ཏོ། །དེ་ལྟར་སྡོམ་པའི་ཡུལ་ལ་དྲི་བའི་ལན་བརྩོན་པ་བསྟན་ནས། དངོས་སུ་སྡོམ་པ་བཤད་པ་བརྗོད་པ་དེའི་ཡན་ལག་བསྲུང་བར་བྱ་བའི་དམ་ཚིག་
བསྟན་པ་ནི། སྡོམ་པ་སྲུང་བར་བྱེད་པ་གང་། །ཞེས་བྱ་བ་ནི་སྡོམ་པ་བྱེད་པས་ན་སྡོམ་པའོ། །སྲུང་བར་བྱེད་པ་ཞེས་བྱ་བ་ནི་ཕྱིར་མི་སྤྲོ་བའི་དོན་གྱིས་སོ། །དེ་ནི་བྱང་ཆུབ་སེམས་ཞེས་བརྗོད། །ཅེས་བྱ་བ་ནི་ཀུན་རྫོབ་ཅེས་བྱ་བའི་ཐ་ཚིག་གོ། །འོ་ན་དེ་ལ་ཇི་ལྟར་བསྲུང་ཞེ་ན། དེའི་ཕྱིར་རྡོ་རྗེ་རྩེ་
མོར་ཞེས་གསུངས་ཏེ། ཐབས་ཀྱི་ཡན་ལག་ཏུ་གྱུར་པ་ལའོ། །འཛིན་བཞིན་པ་བྱ་བ་ནི་སྔོན་དུ་བཤད་པའི་ཐབས་རྣམ་པ་གསུམ་གྱིས་མི་སྤྲོ་བར་རོ། །དེ་ནི་བསྲུང་བར་ཞེས་བྱ་བ་ནི་ཕྱིར་མི་སྤྲོ་བའི་བདག་ཉིད་ཅན་ནོ། །ཡོངས་སུ་གྲགས་ཞེས་བྱ་བ་ནི་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྲུང་བར་བྱ་བའི་
དམ་ཚིག་བསྟན་ནས། དེ་ལས་བཟློག་པའི་སྡོམ་པ་བསྟན་པར་བྱ་བའི་ཕྱིར། དེའི་ཡན་ལག་དབང་པོ་རྣམས་ཀྱི་ཡུལ་རྣམས་ལ་ལོངས་སྤྱོད་པ་སྤངས་པ་བརྗོད་པ་ནི། དབང་པོ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་རྣམས་ནི་མིག་ལ་སོགས་པ་རང་གི་གྲུབ་པའི་མཐའ་ལས་
གྲགས་པས་ངག་དང་། གཞན་གྱི་གྲུབ་པའི་མཐའ་ལས་གྲགས་པས་ངག་དང་། ལག་པ་དང་། རྐང་པ་དང་། གསང་བ་དང་། བཤད་པའི་གནས་ཀྱི་ངོ་བོའི་ལས་ཀྱི་དབང་པོ་རྣམས་ལའོ། །ཡུལ་རྣམས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ལའོ། །འཇུག་ཅིང་གང་ཞེས་བྱ་བ་ནི་འཛིན་
เล่ม ๓๔ · หน้า 70b
པ་ལ་སོགས་པའི་ངོ་བོའོ། །གནས་པ་ཞེས་བྱ་བ་ནི་མ་རིག་པའི་སྟོབས་ཀྱིས་སོ། །དེ་ནི་ཞེས་བྱ་བའི་དོན་ནི་དབང་པོའི་རྒྱུ་བ་འཇུག་པ་ལའོ། །ཡུལ་རྣམས་ལ་མི་རྒྱུ་བ་བྱ་བ་ཉིད་ཀྱིས་སམ་འཆད་པར་འགྱུར་བའི་རིགས་པས་ཡུལ་དང་ཡུལ་ཅན་མ་གྲུབ་པ་དང་། གཟུགས་རྡོ་རྗེ་མ་ལ་
སོགས་པའི་ངོ་བོའོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཀྱིས་ཡུལ་ཅན་དག་བརྗོད་པས་སོ། །སྡོམ་པ་ནི་བསྡམས་པས་བསྲུང་བ་གང་ཡིན་པ་དེ་དམ་ཚིག་བསྲུང་བ་ལ་ཡང་བཤད་པ་ཡིན་ནོ། །འཆད་བཞིན་པའི་ལེའུ་ཉིད་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དབང་པོ་རྣམས་ལ་ཡུལ་རྣམས་
སོ། །རྒྱུ་བ་ཡོངས་སུ་སྤང་བ་བསྟན་ནས། དམ་ཚིག་དང་མི་ལྡན་པའི་སྐྱེ་བོ་དང་ལྷན་ཅིག་ཏུ་གནས་པ་ཡོངས་སུ་སྤང་བ་བསྟན་པ་བརྗོད་པའི་ཕྱིར་རོ། །གདུལ་དཀའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་དཀའ་ཞེས་བྱ་བ་ནི་གདུལ་བར་དཀའ་བའམ། སྙིང་རྗེ་ལ་སོགས་པ་རྣམ་
པར་སྤང་བའི་སེམས་ཀྱི་རྒྱུན་རྣམས་ཀྱིས་སོ། །དེ་བཞིན་དུ་སེམས་ཅན་གཞན་རྣམས་དང་ལྷན་ཅིག་འདྲེ་བ་ལ་སོགས་པ་མི་བྱ་ཞིང་ཞེས་བྱ་བ་དང་འབྲེལ་ཏོ། །ཚུལ་འཆོས་ཞེས་བྱ་བ་ནི། རིགས་དང་སྤྱོད་པས་སྨད་པ་རྣམས་ཀྱིས་སོ། །སྒྱུ་ཅན་ཞེས་བྱ་བ་ནི་རིགས་པ་དང་མི་རིགས་པའི་སྤྱོད་
པ་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་པ་ལ་སོགས་པ་རྣམས་དང་ངོ་། །བསམ་པ་རྩུབ་པ་ཞེས་བྱ་བ་ནི་རྣམ་པར་འཚེ་བ་ལ་སོགས་པ་བྱེད་པ་ལ་རྩེ་གཅིག་པའོ། །གཡོ་ཅན་དང་ཞེས་བྱ་བ་ནི་སྒྲ་ཙམ་ལ་གཡོ་བ་འཛིན་པ་རྣམས་སོ། །དད་མེད་ཅེས་བྱ་བ་ནི་ལས་དང་ལས་ཀྱི་འབྲས་བུ་ཡོད་པ་ཡོངས་སུ་དོར་བའོ། །
རྟོག་གེ་ཞེས་བྱ་བ་ནི་རྟོག་གེ་སྐམ་པོ་གཅིག་པུ་ལ་གནས་པ་རྣམས་སོ། །ལྷན་ཅིག་ཅེས་བྱ་བ་ནི་ལྷན་ཅིག་ཏུའོ། །དེ་བཞིན་རྟགས་ཀྱིས་ཉེར་འཚོ་དང་། །ཞེས་བྱ་བ་ནི་དོན་དམ་པར་ལྟ་བ་ལོག་པ་ཡིན་ཡང་གྲུབ་མཐའ་ལ་འདྲིས་པར་བྱ་བའི་དོན་དུ་རབ་ཏུ་བྱུང་བ་འཛིན་པའི་སྒྱུ་ཐབས་ཀྱིས་གང་དག་
དམ་ཚིག་ལ་སོགས་པ་འཛིན་པར་བྱེད་པ་དེ་རྣམས་ནི་རྟགས་ཀྱིས་ཉེ་བར་འཚོ་བའོ། །ཉན་ཐོས་ཞེས་བྱ་བ་ནི་བདག་གཅིག་པུ་ཞི་བ་དང་། དུལ་བར་བྱ་བའི་ཕྱིར་རྩེ་གཅིག་པའོ། །དེ་བཞིན་དུ་ནོར་ལ་བརྐམ་ཆགས་ཅན་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་ལ་སེར་སྣ་ཡོད་པ་རྣམས་ཀྱིས་སོ། །དེ་ཁོ་ན་ཉིད་སུན་
เล่ม ๓๔ · หน้า 71a
འབྱིན་ཅིང་། །ཞེས་བྱ་བ་ནི་ཐབས་ཤེས་རབ་ཐ་མི་དད་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་སྐུ་གཟུགས་ལ་སོགས་པ་རྣམས་ལ་སྨོད་པར་བྱེད་པ་རྣམས་སོ། །དོན་དམ་པར་ནི་མི་ཤེས་པ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་མོས་
པ་དང་བྲལ་བ་རྣམས་ཀྱིས་སོ། །མེད་པར་ལྟ་དང་ཞེས་བྱ་བ་ནི་ཀུན་རྫོབ་པ་སྣང་བཞིན་པའི་དངོས་པོ་རྣམས་ལ་སྡང་བ་སེལ་བ་རྣམས་སོ། །ཚུལ་ཁྲིམས་འཆལ་ཞེས་བྱ་བ་ནི་ཡང་དང་ཡང་དུ་དམ་ཚིག་ཉམས་པའོ། །དེ་ལྟ་བུ་ལ་སོགས་པ་དང་ལྷན་ཅིག་ཏུ་གཏམ་ནི་སྨྲ་དང་ཞེས་བྱ་བ་ནི། ལོང་གཏམ་ལ་
སོགས་པའོ། །མི་བྱ་ཞིང་ཞེས་བྱ་བ་ནི་སྡོམ་པ་ཉམས་པར་ཐལ་བས་སོ། །འདྲེ་བ་ལ་སོགས་མི་བྱ་ཞིང་། །ཞེས་བྱ་བ་ནི་སྣོད་གཅིག་ཏུ་ཆང་ལ་སོགས་པ་ལོངས་སྤྱོད་པར་མི་བྱའོ། །དེ་གཅིག་པུར་མ་ཟད་ཀྱི་ཇི་སྲིད་དུ། སེ་གོལ་གཏོགས་པ་ཙམ་དུ་ཡང་། །ཞེས་བྱ་བ་ནི་སྐད་ཅིག་ཙམ་དུ་ཡང་ངོ་། །
དེ་དང་ལྷན་ཅིག་ཅེས་བྱ་བ་ནི་དེ་མ་ཐག་ཏུ་བཤད་པའི་གདུལ་དཀའ་བ་ལ་སོགས་པ་རྣམས་དང་ལྷན་ཅིག་གོ། །གང་དུ་ཡང་ཞེས་བྱ་བ་ནི་ཡུལ་གང་དུ་ཡང་ངོ་། །གནས་མི་བྱ་ཞེས་བྱ་བ་ནི་ལྷན་ཅིག་གནས་པར་མི་བྱའོ། །དེ་ལྟར་དམ་ཚིག་མི་ལྡན་པའི་སྐྱེ་བོ་དང་ལྷན་ཅིག་ཏུ་གནས་པ་ཡོངས་སུ་སྤང་བར་བརྗོད་
ནས། འགལ་བའི་རྣལ་འབྱོར་མ་དང་ལྷན་ཅིག་ཏུ་གནས་པ་ཡོངས་སུ་སྤང་བ་བསྟན་པ་བརྗོད་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཙམ་པ་ཉེ་བར་མཁོ་བའི་ཕྱིར་རོ། །དེ་བཞིན་གང་ཞེས་བྱ་བ་ནི་སྔར་བཤད་པའི་སེམས་ཅན་བཞིན་དུ་གལ་ཏེ་གདུལ་དཀའ་བ་ལ་སོགས་
པའི་སྐྱོན་མང་བས་དེ་དང་ལྷན་ཅིག་ཏུ། དམ་ཚིག་ལ་ནི་འཇུག་མི་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་དང་ཞེས་བྱ་བ་ནི། བྱིས་པ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་བརྡ་མ་བྱང་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་བྱ་བ་ལ་དགའ་བ་ཉིད་ཀྱིས་འཕགས་པའི་སྐྱེ་བོ་དང་།
ལྷན་ཅིག་ཏུ་གནས་པ་བྲལ་བའོ། །དེ་དང་ལྷན་ཅིག་དམ་ཚིག་ནི། ས་ཅིག་ཏུ་ཙཱ་རུའི་བཟའ་བ་ལ་སོགས་པ་མི་བྱ་བ་སྟེ། བསྒྲུབ་པར་བྱ་བ་མ་ཡིན་ནོ། །རྣལ་འབྱོར་ཉམས་པར་འགྱུར་ཞེས་བྱ་བ་ནི་རྣལ་འབྱོར་རྣམ་པ་གཉིས་ཉམས་པའི་འཇིགས་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འགལ་བའི་རྣལ་འབྱོར་
เล่ม ๓๔ · หน้า 71b
མ་དང་ལྷན་ཅིག་གནས་པ་སྤང་བར་བྱ་བ་བསྟན་ནས། ཚུལ་འཆོས་ཀྱི་དམ་ཚིག་དང་ལྡན་པ་དང་ལྷན་ཅིག་གནས་པ་ཡོངས་སུ་སྤང་བའི་ཕྱིར། གདུལ་དཀའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་དང་མི་ལྡན་པ་དང་འགལ་བ་རྣམས་ཀྱིས་སོ། །དམ་ཚིག་མཐར་གནས་པ་
ཞེས་བྱ་བ་ནི་བསྲུང་བར་བྱ་བའི་དམ་ཚིག་ལ་སོགས་པ་ལས་ཕྱི་རོལ་དུ་གྱུར་པའོ། །དམ་ཚིག་གི་མཐའ་མ་རིང་དུ་གནས་པ་ཉིད་ཀྱི་ཕྱིར་དམ་ཚིག་གི་མཐར་གནས་པའོ། །སྣོད་དང་ཕྱག་རྒྱ་སོགས་བསྟན་དང་། །ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་ལ་ཐོད་པ་དང་ཁ་ཊྭཱཾ་ག་ལ་སོགས་པ་སྟོན་པར་བྱེད་ཅིང་
བདག་ནི་རྣལ་འབྱོར་པ་སྟེ། བདག་ནི་མཐུ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གཞན་རྣམས་འདུན་པ་བསྐྱེད་པའི་དོན་དུའོ། །སྐམ་དང་འབྲེལ་པས་འཇུག་པ་དང་། །ཞེས་བྱ་བ་ནི་དམ་ཚིག་ལ་སོགས་པ་ལ་སྟེ། དད་པས་ནི་མ་ཡིན་ནོ། །ལྷན་ཅིག་ཅེས་བྱ་བ་ནི་ལྷན་ཅིག་པས་སོ། །དམ་
ཚིག་ལ་ནི་འཇུག་མི་བྱ། །ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལྷན་ཅིག་རྗེས་སུ་བསྒྲུབ་པར་མི་བྱའོ། །དེ་ལྟར་རྣམ་པ་བཞིས་བཟློག་པའི་ངོ་བོ་སྡོམ་པ་བསྟན་ནས། འཇུག་པའི་ངོ་བོའི་སྡོམ་པ་བསྟན་པ་ལ་འཇུག་པའི་ཕྱིར་སྣོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣོད་ནི་ཐོད་པའོ། །ཌ་མ་རུ་
ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་འབྲེལ་པའིའོ། །གྲི་གུག་ཅེས་བྱ་བ་ནི་བཅོམ་ལྡན་འདས་མའི་ཕྱག་མཚན་ནོ། །སྔགས་བམ་དང་ཞེས་བྱ་བ་ནི་སྔགས་ཀྱི་གླེགས་བམ་མོ། །བགྲང་ཕྲེང་དང་ཞེས་བྱ་བ་ནི་ཕྲེང་བའོ། །དམ་ཚིག་མེད་པ་ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པའི་སྐྱེ་བོ་སྤང་བར་
བྱའོ། །གཞན་དག་ལ་ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་དང་དབང་མ་བསྐུར་བའོ། །གང་དུ་ཡང་བསྟན་པར་མི་བྱའོ་ཞེས་བྱ་བ་ནི་བསྟན་པར་མི་བྱ་བ་སྟེ། དམ་ཚིག་ཉམས་པས་འཇིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འཇུག་པའི་ངོ་བོའི་སྡོམ་པ་བསྟན་ནས། གཉིས་ཀའི་ངོ་བོ་སྡོམ་པ་
མངོན་པར་བརྗོད་པའི་ཡན་ལག་དམ་ཚིག་ལ་གནས་པའི་མན་ངག་བརྗོད་པར་བྱ་བའི་ཕྱིར། དགེ་སློང་སྡོམ་པ་ལ་གནས་པ། །ཞེས་གསུངས་ཏེ། དགེ་སློང་ཞེས་བྱ་བ་ནི་རྟགས་ཙམ་འཛིན་པའི་དགེ་སློང་ངོ་། །རྣལ་འབྱོར་སྤྱོད་སོགས་བྱ་བ་མིན། །ཞེས་བྱ་བ་ནི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་
เล่ม ๓๔ · หน้า 72a
སྡོམ་པ་ལ་གནས་པ་ཞེས་གསུངས་ཏེ། རང་དང་རྗེས་སུ་མཐུན་པ་སོ་སོར་ཐར་པའི་སྡོམ་པ་ལ་གནས་པའོ། །རྣལ་འབྱོར་ནི་རིམ་པ་གཉིས་སྒོམ་པ་པོ་རྣམས་ཀྱི་སྤྱོད་པ། སྤྲོས་བཅས་ལ་སོགས་པ་གསུམ་མོ། །དེ་དང་པོར་གང་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་
བྱ་བའོ། །བྱ་བ་དང་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ཐོབ་པར་འོས་པ་རྣམས་སོ། །མན་ངག་དང་ནི་བསྟན་པར་མི་བྱ་བ་ནི། བརྒྱུད་པའི་རིམ་པས་བརྗོད་པ་བསྟན་པ་ནི་སྔར་བཞིན་མི་བྱ་བའོ། །རས་རིས་ལ་སོགས་མི་བྱ་ཞིང་། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོའི་རྣམ་པར་བསྟན་པར་མི་བྱ་སྟེ་དགོས་པ་
མེད་དོ། །དེ་ལྟར་དམ་ཚིག་ལ་མི་གནས་པ་ལ་མན་ངག་མི་སྨྲ་བར་བྱ་བ་བསྟན་ནས། སྤྱོད་པ་མི་བརྗོད་པར་བྱ་བའི་ཕྱིར། གཉིས་པའི་ཡན་ལག་བསྟན་པ་ནི། །གང་གིས་སྤྱོད་དུས་ལྷན་ཅིག་ཏུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བྱེད་པའི་དུས་སུ་གང་དང་ལྷན་ཅིག་ཏུ་
ཚོགས་ཀྱི་འཁོར་ལོར་གནས་པའི་དཔའ་བོ་དང་དཔའ་མོའི་མཚན་ཉིད་དང་ལྷན་ཅིག་ཏུའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་ཞིག་གི་ངག་གིས་སོ། །སྤྱོད་པ་ཞེས་བྱ་བ་ནི་ཙཱ་རུའི་བཟའ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཡང་དག་སྤྱོད་ཅེས་བྱ་བ་ནི་རང་ཉིད་ཀྱིས་བྱ་བའོ། །བླ་མ་ལ་ཡང་ཞེས་བྱ་བ་ནི་དབང་བསྐུར་བ་
དང་རྒྱུད་བཤད་པ་ལའོ། །དེ་ཞེས་བྱ་བ་ནི་སྤྱོད་པ་སྤྱད་པ་ལ་སོགས་པ་ལའོ། །གཞན་རྣམས་ལ་ནི་སྨོས་ཅི་དགོས། །ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་ལ་སྨྲ་བ་གཏམ་ཙམ་དུ་བརྗོད་པར་ཡང་མི་བྱའོ། །དེ་ལྟར་སྤྱོད་པ་མི་སྨྲ་བ་ཉིད་བསྟན་པ་བརྗོད་ནས། ཡུལ་རྣམས་ལ་སྤྱོད་པའི་སྟོབས་ཀྱིས་དབང་པོའི་རྒྱུ་
བ་དགག་པ་བསྟན་པའི་ཕྱིར། དབང་པོའི་ཡུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའོ། །དབང་པོའི་སྤྱོད་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་འཇུག་པ་དྲུག་པོ་རྣམས་ལའོ། །གང་ནས་ཞེས་བྱ་བ་ནི་ཐོག་མ་མེད་པ་ནས་ཀྱི་མ་རིག་པའི་བག་ཆགས་ཀྱི་སྟོབས་ཀྱི་ངོ་བོ་ཉིད་ཀྱིས་སོ། །
དེ་ནས་བསྡམས་བྱས་ནས་ཞེས་བྱ་བ་ནི་ངེས་པས་སོ། །འོ་ན་ངོ་བོ་ཉིད་ཀྱིས་དབང་པོ་རྣམས་ཡུལ་ལ་མངོན་པར་ཕྱོགས་པ་དེ་ཇི་ལྟར་བསྡམ་པར་བྱ་ཞེ་ན། དེའི་ཕྱིར། སྟོང་ཉིད་གཉིས་མེད་སྒྱུ་མས་དཔྱད། །ཅེས་བྱ་བ་གསུངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་གཏན་ཚིགས་རྣམས་ཀྱིས་སྟོང་པ་ཉིད་
เล่ม ๓๔ · หน้า 72b
དཔྱད་པར་བྱ་སྟེ། ཕྱི་རོལ་གྱི་དོན་ལ་ཕྲ་རགས་ལ་སོགས་པའི་བརྟག་པས་གནོད་པའི་ཕྱིར་དང་། ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། བག་ཆགས་ཀྱི་སྟོབས་ཀྱིས་སེམས་ཙམ་པོ་སྣང་བ་ཉིད་ནི་གཉིས་སུ་མེད་པའི་དཔྱད་པའོ། །དངོས་པོ་མེད་ཀྱང་ཤིང་དང་བོང་བ་ལ་སོགས་པ་བཞིན་དུ་
གླང་པོ་ཆེའི་སྣང་བ་ལྟར་སྒྱུ་མ་ལ་སོགས་པ་སྤྱད་པར་བྱ་སྟེ། སོགས་པའི་སྒྲས་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་གཟུང་བར་བྱའོ། །དེ་ལྟ་བུར་གྱུར་པའི་རྣམ་པར་དཔྱད་པ་ནི་བསྡམ་པར་བྱ་ཞེས་བྱ་བ་དང་འབྲེལ་པའོ། །ཀུན་རྫོབ་ཅེས་བྱ་བ་ནི་དོན་དམ་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །
ཇི་སྐད་དུ། དེ་ཉིད་ཁང་བཟངས་རྩེ་མོར་ནི། །འཛེག་པར་རིགས་པ་མ་ཡིན་ཏེ། །ཡང་དག་ཀུན་རྫོབ་ཐེམ་སྐས་ནི། །མེད་པར་མོས་པ་རྣམས་ལའོ། །ཞེས་གསུངས་སོ། །ལྷག་ཅེས་བྱ་བ་ནི་ཤིན་ཏུའམ་ཡང་ནས་ཡང་དུའོ། །དེ་ལྟར་ཡུལ་རྣམས་ལ་རྣམ་པར་དཔྱད་པའི་སྟོབས་ཀྱིས་དབང་པོའི་རྒྱུ་བ་རྣམས་
འགག་པ་བསྟན་ནས། ཁྱད་པར་དུ་འཕགས་པའི་དངོས་པོ་ལ་ཆགས་པའི་སྟོབས་ཀྱིས་འདུན་པ་བཟློག་པའི་ཕྱིར། ཤེས་རབ་ཡེ་ཤེས་དབང་བསྐུར་སོགས། །ཞེས་གསུངས་ཏེ། དབང་གསུམ་པའི་དུས་སུའོ། །ཉམས་སུ་མྱོང་བའི་བདེ་བ་ཡིན། །ཞེས་བྱ་བ་ནི་དགའ་བ་ལ་སོགས་པ་སྟོན་པར་
བྱེད་པ་བླ་མའི་དྲིན་གྱིས་ཏེ། ཉམས་སུ་མྱོང་བ་ནི་དབང་པོ་རྣམས་བསྡམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །བདེ་བ་ཡིས་ཞེས་བྱ་བ་ནི་སྡུག་བསྔལ་དང་བྲལ་བའི་རྣམ་པ་དག་གིས་སོ། །དྲན་པ་ཡིས་ཞེས་བྱ་བ་ནི་སྔོན་ཉམས་སུ་མྱོང་བའི་བདེ་བས་སོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་དྲན་པ་ལ་མངོན་དུ་ཕྱོགས་
པར་བྱེད་པས་བདེ་བ་ཆེན་པོ་རེག་པས་རང་གི་རྒྱུད་ལ་སྐྱེད་པར་བྱེད་པ་རྣམས་ཀྱིས་སོ། །དབང་པོ་རྣམས་ཞེས་བྱ་བ་ནི་སླར་ཡང་དེ་དང་འདྲ་བའི་དངོས་པོ་ཡང་དག་པར་བརྟེན་པར་བྱ་བའི་དོན་རྣམས་བསྒོམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཁྱད་པར་དུ་འཕགས་པའི་དངོས་པོ་ལ་ཆགས་པའི་སྟོབས་
ཀྱིས་འདུན་པ་བཟློག་པ་བསྟན་ནས། འཕགས་པས་སྨད་པར་མཛད་པའི་སྤྱོད་པ་དགག་པར་བྱ་བ་བསྟན་པའི་ཕྱིར། བདག་བསྟོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་མཉམ་པ་གཞན་མེད་པའི་ཕྱིར། བདག་ལ་བསྟོད་པའོ། །གཞན་ལ་སྨོད་པ་ཞེས་བྱ་བ་ནི་བདག་ལས་གཞན་པའི་ཕ་
เล่ม ๓๔ · หน้า 73a
རོལ་པོ་ལ་སྨོད་པར་བྱེད་པའོ། །ཡེ་ཤེས་སྙེམས་སོགས་ངེས་སྤངས་པ། །ཞེས་བྱ་བ་ནི་མཁས་པར་རློམ་པ་ལ་སོགས་པ་ང་རྒྱལ་བསྡམས་པས་སོ། །སྡོམ་པར་བཤད་པ་ཡིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ། །གང་གིས་སྡོམ་པ་ཞེ་ན། དེའི་ཕྱིར་བློ་ལྡན་ཞེས་
བྱ་བ་གསུངས་ཏེ། སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཞེས་བྱ་བའི་དོན་ཏོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པས་སོ། །རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །དེ་ལྟར་དོན་རྣམ་པ་ལྔས་སླར་ཡང་རྣམ་པ་གཞན་གྱིས་གཉི་གའི་ངོ་བོའི་སྡོམ་པ་བརྗོད་ནས། ཉེ་བར་
བསྡུ་བའི་སྒོ་ནས་བཟློག་པ་ལས་ཉེས་དམིགས་བསྟན་པའི་ཕྱིར། དེ་ལྟ་བུ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྲུང་བ་ཞེས་བྱ་བ་ནི་ཡོངས་སུ་བསྐྱང་བའོ། །དམ་ཚིག་ཅེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རིམ་པ་གཉིས་བསྒོམ་པ་པོའོ། །རྟག་ཏུ་
ཞེས་བྱ་བ་ནི་དུས་གསུམ་དུའོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་དམ་ཚིག་སྲུང་བར་མི་བྱེད་ན། དེ་ལྟར་རྣལ་འབྱོར་ཉམས་པར་འགྱུར། །ཞེས་བྱ་བ་ནི། དམ་ཚིག་གི་འབྲས་བུ་མི་འབྱུང་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ལྡན་པ་ཞེས་བྱ་བ་ནི་རྣལ་འབྱོར་ནི་སེམས་འཛིན་པའི་ངོ་བོ་སྟེ། དེ་དང་ལྡན་པ་ནི་དེ་
ཡིས་སོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་གཉི་གའི་ངོ་བོ་སྡོམ་པ་བསྟན་ནས། སླར་ཡང་བཟློག་པའི་ངོ་བོ་སྡོམ་པ་བཤད་པའི་ཕྱིར། བགྲང་ཕྲེང་དང་ནི་ཞེས་བྱ་བ་གསུངས་ཏེ། མི་རུས་ལ་སོགས་པའི་རང་བཞིན་ནོ། །དབུ་རྒྱན་དང་ཞེས་བྱ་བ་ནི་སངས་རྒྱས་ལྔའི་
རང་བཞིན་ནོ། །རུས་པའི་རང་བཞིན་ཕྱག་རྒྱ་དང་། །ཞེས་བྱ་བ་ནི་འཁོར་ལོ་ལ་སོགས་པ་དྲུག་གོ། །གླེགས་བམ་ཞེས་བྱ་བ་ནི་རྒྱུད་ལ་སོགས་པའི་པུ་སྟིའོ། །བསམ་གཏན་རས་རིས་དང་ཞེས་བྱ་བ་ནི། །བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོའི་ངོ་བོའོ། །ཐོད་པ་ལ་སོགས་ཞེས་བྱ་བ་ནི་ཐོད་པ་དང་ཁ་ཊྭཱཾ་ག་ལ་
སོགས་པའོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་ལའོ། །ཐམས་ཅད་དུ་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །དངོས་གྲུབ་ཕྱིར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །བླ་མ་ལ་ཡང་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་ལའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་
เล่ม ๓๔ · หน้า 73b
རྟག་པར་རོ། །སྦ་ཞེས་བྱ་བ་ནི་སྦ་བར་བྱ་བའོ། །དེ་ལྟར་སླར་ཡང་བཟློག་པའི་ངོ་བོ་སྡོམ་པ་བསྟན་ནས། རྣམ་པ་གཞན་གྱིས་འཇུག་པའི་ངོ་བོའི་སྡོམ་པ་བརྗོད་པར་འདོད་ནས། དེའི་ཡན་ལག་སྔགས་ཀྱི་ངོ་བོ་ལ་འཇུག་པའི་སྤྱོད་པ་ནི། སྔགས་ནི་ཚིག་ཏུ་བརྗོད་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། ཚིག་ཏུ་བརྗོད་མི་བྱ་ཞེས་བྱ་བ་ནི་གསལ་བར་བརྗོད་པའི་ཡི་གེའི་ངོ་བོས་སོ། །སྔགས་ནི་ཞེས་བྱ་བ་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་། སྤྲོ་བ་ལ་སོགས་པའོ། །མཆུ་བསྒུལ་བར་ཡང་མི་མངོན་ཞིང་། །ཞེས་བྱ་བ་ནི་བདག་གིས་སྔགས་བརྗོད་པར་བྱ་བ་དང་། བདག་གིས་སྔགས་ཤེས་པར་བྱ་བ་ཕ་རོལ་
པོ་རྣམས་ལ་གོ་བ་བསྐྱེད་པའི་ཕྱིར་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་འོ་ན་སྔགས་བཟླ་བར་མི་བྱའམ་ཞེ་ན། དེའི་ཕྱིར་ཅུང་ཟད་མགྲིན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགྲིན་པས་བརྗོད་ཅིང་སྒྲ་ཡིས་ཏེ། །ནང་དུ་ཟླ་བའི་བདག་ཉིད་དོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་དེ་མ་
ཐག་པར་བཤད་པའི་འོ། །དེ་ལྟར་བཟླ་ཞེས་བྱ་བ་ནི་ནང་དུ་བརྗོད་པའི་བདག་ཉིད་ཅན་གྱི་ངོ་བོས་སོ། །བཟླ་ཞེས་བྱ་བ་ནི་གྲངས་སྔོན་དུ་འགྲོ་བས་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ནང་དུ་བཟླས་པའི་བདག་ཉིད་ཀྱི་ངོ་བོས་བསྔགས་བཟླ་བར་བྱ་ཞིང་། གཞན་དུ་ནི་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གསང་ལ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། སྦ་བ་ནི་ཕྱི་རོལ་དུ་མི་བརྗོད་པས་སོ། །དངོས་གྲུབ་ཅེས་བྱ་བ་ནི་སྡིག་པ་ཐམས་ཅད་ཟད་པར་བྱེད་པའི་བདག་ཉིད་ཅན་ནོ། །མཚུངས་པ་མེད་ཅེས་བྱ་བ་ནི་མུ་སྟེགས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའོ། །གང་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་ལས་སོ། །དེ་ནི་སྡོམ་པར་བཤད་
ཅེས་བྱ་བ་ནི་ཕྱི་རོལ་དུ་གསལ་བར་བྱེད་པ་སྡོམ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་པ་གཉིས་ཀྱིས་རྣམ་པ་གཞན་གྱི་འཇུག་པའི་ངོ་བོ་སྡོམ་པ་བསྟན་ནས། མ་བསྐྱངས་པའི་ཉེས་དམིགས་ཀྱི་ཡན་ལག་སྣོད་མ་ཡིན་པ་ལ་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་བ་ལ་བཀའ་བསྒོ་བ་བསྟན་པའི་ཕྱིར། སྣོད་མིན་ནོར་ནི་ཆེན་
པོ་དང་། །ཞེས་བྱ་བ་གསུངས་ཏེ། སྔགས་ཀྱི་སྤྱོད་པའི་སྣོད་མ་ཡིན་པའོ། །ནོར་ནི་ཆེན་པོ་དང་ཞེས་བྱ་བ་ནི་ནོར་དང་འབྲུ་ལ་སོགས་པའོ། །ལྡན་ཡང་ཞེས་བྱ་བ་ནི་ཡང་དག་པར་ལྡན་ཡང་ངོ་། །རྒྱུད་ལ་ཡོངས་སུ་སྨོད་ཅེས་བྱ་བ་ནི་སྣོད་མ་ཡིན་པ་ཉིད་ཀྱི་རྒྱུ་བསྟན་པ་ཡིན་ཏེ། བསྟན་བཅོས་དང་རྒྱུད་ལ་སྨོད་
เล่ม ๓๔ · หน้า 74a
པ་ཉིད་ཀྱི་ཕྱིར་རོ། །སྤང་བར་བྱ་ཞེས་བྱ་བ་ནི་དོར་བ་ཉིད་དུ་བྱ་བའོ། །འབད་པ་ཡིས་ནི་ཞེས་བྱ་བ་ནི་དེའི་ནོར་ལ་འདུན་པ་དང་ཆགས་པ་སྤོང་བའི་མཚན་ཉིད་ཅན་གྱིས་སོ། །བླ་མ་མཆོག་ཅེས་བྱ་བ་ནི་ནོར་ལ་ཆགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ཀྱིས་སོ། །ཅིའི་དོན་དུ་ཡིན་ཞེ་ན།
དེའི་ཕྱིར་དངོས་གྲུབ་ཕྱིར་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྣོད་མ་ཡིན་པ་རྣམ་པ་ཐམས་ཅད་དུ་སྤང་བ་ལ་བཀའ་བསྒོ་བ་བསྟན་ནས། སྣོད་མ་ཡིན་པ་སྟོན་པར་བྱེད་པ་ལ་ཉེས་དམིགས་བསྟན་པ་ནི། བཟའ་བཏུང་གོས་ལ་སོགས་པ་དང་། །
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཏུང་བ་དང་ཞེས་བྱ་བ་ནི་ཆང་གི་བཏུང་བ་ལ་སོགས་པ་ལ་ལོངས་སྤྱོད་པའོ། །བཟའ་བ་ཞེས་བྱ་བ་ནི་ཕྱི་རོལ་ཁྱད་པར་ཅན་གྱི་ཁ་ཟས་ཀྱི་ངོ་བོའོ། །གོས་ལ་སོགས་པ་དང་ཞེས་བྱ་བ་ནི་ཁྱད་པར་གྱི་དར་ལ་སོགས་པའོ། །བཏུང་བ་དང་བཟའ་བ་ལ་སོགས་པ་ཡང་
ཡིན་ལ་གོས་ཀྱང་ཡིན་པས་ན་བཟའ་བཏུང་གོས་ལ་སོགས་པའོ། །དེ་རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ནོར་ནི་རིན་པོ་ཆེ་ལ་ཞེས་བྱ་བ་ནི་ནོར་དང་འབྲུ་ལ་སོགས་པ་ལའོ། །དེ་རྣམས་ལ་ཆགས་པ་ནི་འདུན་པ་སྟེ། དེས་སོ། །སྣོད་མིན་སློབ་མ་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པའི་སྣོད་མིན་
པའོ། །གང་ཞེས་བྱ་བ་སློབ་དཔོན་ནོ། །སྨྲ་བ་ཞེས་བྱ་བ་ནི་བརྗོད་པའོ། །མན་ངག་ཅེས་བྱ་བ་ནི་བརྒྱུད་པའི་བྱེ་བྲག་གོ། །མཆོག་ཏུ་རྨད་བྱུང་ཞེས་བྱ་བ་ནི་ཤིན་ཏུ་ངོ་མཚར་སྐྱེད་པར་བྱེད་པ་སྟེ། བག་ཙམ་གྱིས་སྦྱོར་བས་ཁྱད་པར་དུ་འཕགས་པའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་པ་
ཤེས་པ་ཞེས་བྱ་བ་ནི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། དེ་ཤེས་པའི་རྣལ་འབྱོར་ཞེས་པའོ། །ཚེ་འདི་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་སྡུག་བསྔལ་མཐའ་ཡས་པ་བགྲོད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་སློབ་དཔོན་ནོ། །དམྱལ་བ་ཞེས་བྱ་བ་ནི་ངན་སོང་ངོ་། །དྲག་པོ་ཞེས་བྱ་བ་ནི་བཟོད་པར་དཀའ་བའོ། །
རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་དགུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་དགུ་པས་སྡོམ་པའི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་དམ་ཚིག་གི་ཡུལ་ལ་དྲི་བའི་
เล่ม ๓๔ · หน้า 74b
ལན་བསྟན་པ་བརྗོད་པའི་ཕྱིར། ལེའུ་བཅུ་པ་ཉེ་བར་སྟོན་ཅིང་དེའི་ཡན་ལག་ཏུ་དེ་སྤོང་བར་རྩོམ་པ་ནི་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་དགུ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་པས་སོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བོད་
པའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་ཀྱི་ངོ་བོས་སོ། །དམ་ཚིག་གི་དོན་ཞེས་བྱ་བ་ནི་དམ་ཚིག་ལས་འདའ་བར་མི་བྱ་བ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་ཅེས་བྱ་བ་ནི་ཕྱི་རོལ་གྱི་དམ་ཚིག་དང་བྲལ་བའི་ཕྱིར་རོ། །དམ་ཚིག་དང་ནི་བཟའ་བ་དང་། །ཞེས་བྱ་བ་ནི་བསྲུང་བར་བྱ་བའི་
དམ་ཚིག་སྔོན་དུ་གསུངས་པའི་ཕྱིར་རོ། །ད་ནི་ཞེས་བྱ་བ་ནི་ད་ལྟར་རོ། །དེ་དོན་ཞེས་བྱ་བ་ནི་བཟའ་བར་བྱ་བའི་དམ་ཚིག་གི་དོན་ཏོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །དེ་ལྟར་དམ་ཚིག་གི་ཡུལ་ལ་དྲི་བའི་ལན་རྩོམ་པ་བསྟན་པ་བརྗོད་ནས་དངོས་སུ་དེ་བཤད་པ་བསྟན་པའི་ཕྱིར་དེའི་ཡན་ལག་
ཏུ་རང་བཞིན་གྱིས་གྲུབ་པའི་བདུད་རྩི་ལྔའི་བཟའ་བ་བསྟན་པ་ནི་བཟའ་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོན་མི་ཟ་བར་བཟའ་བར་བྱ་བའོ། །བཤད་པ་གང་ཞེས་བྱ་བ་ནི་དེ་མ་ཐག་པ་ཉིད་དུ་བཤད་པའོ། །དེ་ནི་བདུད་རྩི་ལྔར་ནི་བརྗོད། །ཅེས་བྱ་བ་ནི་མ་ལ་སོགས་པ་ལྔའི་མཚན་
ཉིད་དོ། །རྒས་པ་དང་འཆི་བ་མེད་པའི་དངོས་གྲུབ་སྒྲུབ་པར་བྱེད་པས་ན་བདུད་རྩིའོ། །རླུང་གི་དེ་ཉིད་སྦྱོར་བ་ཡིས། །ཞེས་བྱ་བ་ནི་སྔོན་དུ་གྲངས་ལ་སོགས་པ་དྲུག་གི་རིམ་པས་རླུང་ལས་རྒྱལ་བར་བྱས་ནས་སྲོག་དང་ཐུར་སེལ་གྱི་སྟོབས་ཀྱིས་སོ། །ཞུ་ནས་ཞེས་བྱ་བ་ནི་རྩ་རྣམ་པ་ལྔ་པོ་འབབ་པའི་བདུད་རྩི་ལྔ་ཞུ་
བར་བྱས་སོ། །རོ་གཅིག་ཅེས་བྱ་བ་ནི་ལྟེ་བའི་པདྨའི་དབུས་སུའོ། །སླར་ཡང་སྟེང་དུ་སོང་ཞེས་བྱ་བ་ནི་གྱེན་དུ་སོང་བ་སྟེ་དེ་ཉིད་ཀྱི་རླུང་གི་རིམ་པས་སོ། །རྡོ་རྗེའི་ལམ་ནས་ཞེས་བྱ་བ་ནི་རྡོ་རྗེའི་ལམ་ནས་སོ། །འོངས་ནས་ཞེས་བྱ་བ་ནི་བཀུག་ནས་སོ། །གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་རོ་མཉམ་པར་འགྱུར་ནས་སོ། །
བཟའ་བ་པོ་ཞེས་བྱ་བ་ནི་བཟའ་བར་བྱེད་པའོ། །ཡང་ན་ཁའི་ལམ་ནས་ཞེས་གཞུང་ཁ་ཅིག་ལས་སོ། །ཁའི་ལམ་ནས་ཞེས་བྱ་བ་ནི་གདོང་ནས་སོ། །གཅིག་ཏུ་བྱས་པ་ཞེས་བྱ་བ་ནི་ལྕེའི་སྟེང་དུ་ཕྱེ་ནས་བསྟན་ཏོ། །ཕྱི་རོལ་གྱི་དམ་ཚིག་གི་བདུད་རྩིའི་ངོ་བོའི་དམ་ཚིག་ལ་ཀུན་དུ་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རང་
เล่ม ๓๔ · หน้า 75a
བཞིན་གྱིས་གྲུབ་པའི་བདུད་རྩི་ལྔ་བསྟེན་པ་བསྟན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བཟའ་བའི་དམ་ཚིག་བཤད་པའི་ཕྱིར། དམ་ཚིག་ལུས་དང་ངག་སེམས་ཀྱིས། །ཞེས་བྱ་བ་གསུངས་ཏེ། དེའི་རྣམ་པར་དག་པའི་ངོ་བོ་རྩ་གསུམ་ལས་བྱུང་བའི་ངོ་བོའོ། །དེ་ཉིད་གསུམ་ནི་གང་ཤར་
དང་། །ཞེས་བྱ་བ་ནི་གཙོ་བོར་གྱུར་པའི་རྩ་གསུམ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཁོར་ལོ་བཞི་རྣམས་ཞེས་བྱ་བ་ནི་སྤྲུལ་པ་ལ་སོགས་པ་རྣམས་ལའོ། །གང་ཞིག་བདེ་བ་ཉམས་སུ་མྱོང་། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་
སྟེ། ཉམས་སུ་མྱོང་ཞེས་བྱ་བ་ནི་རིག་པའོ། །དེ་དང་རོ་གཅིག་ཅེས་བྱ་བ་ནི་དོན་དམ་གྱི་བདེ་བ་དང་ལྷན་ཅིག་རོ་གཅིག་པར་གྱུར་པའི་རྟོག་པས་སོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་མོས་པའོ། །གཅིག་ཏུ་དེ་ཁོ་ན་ཉིད་ལ་མཐར་ཐུག་པའི་རིམ་པས་སོ། །བཟའ་བར་བྱ་ཞེས་བྱ་བ་ནི་བཟའ་
བར་བྱ་བའོ། །ཡང་ན་རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །སྤྱོད་པ་ཞེས་བྱ་བ་ནི་རྩ་ལ་མཐར་ཐུག་པའི་སྦྱོར་བས་སོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པའོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་དཔེ་དང་དོན་གྱི་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བའི་རྒྱུར་གྱུར་པའོ། །བདེ་བ་ཆེན་པོའི་གོ་འཕང་གནས། །
ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོ་ལ་བརྟེན་པའོ། །ཞུ་བ་ཞེས་བྱ་བ་ནི་རྣམ་པར་ཞུ་བར་བྱས་ནས་སོ། །རླུང་གི་དེ་ཉིད་ཀྱིས་ཞེས་བྱ་བ་ནི་ལས་ཀྱི་རླུང་གི་ངོ་བོས་སོ། །བཟའ་བ་ནི་བཟའ་བར་བྱ་བ་སྟེ། ལྷ་མོའི་པདྨར་སྤྲོས་པའི་ཞེས་བྱ་བ་ནི་ལྷག་མའོ། །མཉམ་གཞག་པས་ཞེས་བྱ་བ་ནི་བདུད་རྩི་ལེན་
པའི་དུས་སུ་འདོད་ཆགས་ལ་སོགས་པས་མ་གོས་པར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བཟའ་བའི་དམ་ཚིག་བསྟན་ནས། ཁྱད་པར་དུ་འཕགས་པའི་སྣོད་དུ་ཁྱད་པར་ཅན་གྱི་ཆང་གི་བཏུང་བ་བསྟན་པར་བྱ་བའི་ཕྱིར། ཐོད་པར་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། ཐོད་པར་ཞེས་བྱ་བ་ནི་ཀ་དང་པོ་ཅན་ནོ། །སྤྱི་བོའི་ཀླད་རྒྱས་ཞེས་བྱ་བ་ནི་རང་བཞིན་གྱིས་གྲུབ་པ་སྟེ། ཕྱི་རོལ་གྱི་ཐོད་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །དེ་སྣོད་ཅེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྟེན་སྤྱི་བོའི་མཚན་ཉིད་ཅན་ནོ། །སྣོད་དེ་གང་གི་ཡིན་ཞེ་ན། དེའི་ཕྱིར་རྣལ་འབྱོར་པའི་
เล่ม ๓๔ · หน้า 75b
ཞེས་བྱ་བ་གསུངས་ཏེ། ཕྱི་རོལ་གྱི་རྣལ་འབྱོར་གྱི་མཚན་ཉིད་ནང་གི་བདག་ཉིད་ལ་གཞོལ་བ་རྣམས་ལའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་རྟག་ཏུའོ། །དེ་ལ་སྙིང་རྗེ་བཏུང་བ་ནི། །ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་བློ་མི་སྤང་བའི་ཕྱིར་རོ། །སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་ཞེས་བྱ་བ་ནི་སྣོད་དེ་
ལའོ། །དེ་ཉིད་ཀྱི་ཕྱིར་ནི། བྱང་ཆུབ་སེམས་ནི་བདེ་བ་ཆེ། །ཞེས་གསུངས་ཏེ། ཀུན་རྫོབ་ཀྱི་རྣམ་པ་ཞེས་བྱ་བའི་དོན་ཏོ། །བཏུང་བ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཤེས་པས་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ཁྱད་
པར་དུ་འཕགས་པའི་སྣོད་དུ་ཁྱད་པར་ཅན་གྱི་ཆང་གི་བཏུང་བའི་དམ་ཚིག་བསྟན་ནས། པདྨའི་སྣོད་ལས་བདུད་རྩི་མྱང་བའི་དམ་ཚིག་བསྟན་པའི་ཕྱིར། གསང་བའི་གེ་སར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉམས་མྱོང་གི་བླ་མ་དང་འབྲེལ་པ་ལའོ། །མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་
འཕགས་པའི་ལྷན་ཅིག་སྐྱེས་པ་གསལ་བར་བྱེད་པའི་རྒྱུར་གྱུར་པ་ལའོ། །སྣོད་ཅེས་བྱ་བ་ནི་སྣོད་དུ་གྱུར་པ་ལའོ། །བརྟེན་ན་བཟའ་བ་རབ་རྟོགས་བྱེད། །ཅེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་སྔགས་ཀྱིས་བསྐུལ་ནས་སོ། །བདུད་རྩི་ལྔ་ཡི་ངོ་བོས་འཐུང་། །ཞེས་བྱ་བ་ནི་བདུད་རྩི་ལྔའི་ངོ་བོའོ། །འཐུང་ཞེས་བྱ་
བ་ནི་ཕྱི་རོལ་གྱི་བདུད་རྩིའི་མཚན་ཉིད་དང་བྲལ་བའི་བཅུད་ཀྱིས་ལེན་ཏོ། །དེ་ཟ་བ་ནི་ཞེས་བྱ་བ་ནི་དངོས་སུ་ལྕེས་རོ་མྱང་བར་བྱ་བའོ། །དེས་ཞེས་བྱ་བ་ནི་པདྨ་དེ་ལའོ། །རྡོ་རྗེ་འཛིན་ཅེས་བྱ་བ་ནི་དོན་དམ་དང་ཀུན་རྫོབ་ཀྱི་རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཛིན་པའོ། །དེ་ལྟར་པདྨའི་སྣོད་ལ་བདུད་རྩིའི་རོ་མྱང་བའི་དམ་
ཚིག་བསྟན་ནས། དམ་ཚིག་ཆེན་པོ་ལྔའི་ངོ་བོའི་དམ་ཚིག་བསྟན་པའི་ཕྱིར། གླང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་ལྟར་ལུས་ཆེ་བ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །རྟ་ནི་མགྱོགས་པར་འགྲོ་བ་དང་འདྲ་བའི་ཕྱིར། རླུང་གི་ཁམས་ཀྱི་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་དོན་ཡོད་གྲུབ་
པའི་ངོ་བོའོ། །ཁྱི་ནི་ལྕེ་རིང་བ་ཉིད་ཀྱི་ཕྱིར་སྣང་བ་མཐའ་ཡས་ཀྱི་ངོ་བོའོ། །བ་ལང་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་སྟེ། ནོར་ཉིད་དུ་གྲགས་པའི་ཕྱིར་རོ། །མི་ཞེས་བྱ་བ་ནི་སྐྱེས་པ་རྣམས་ལ་རྣམ་པར་ཤེས་པ་དང་བཅས་པ་ཉིད་ཀྱིས་མི་བསྐྱོད་པའི་ངོ་བོའོ། །དེ་རྣམས་ནི་བྱང་ཆུབ་སེམས་
เล่ม ๓๔ · หน้า 76a
དཔའ་དང་བཅས་པའི་ཁྲག་ཅེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་ཀྱི་རྣམ་པའོ། །དམར་དང་བཅས་ཞེས་བྱ་བ་ནི་རྡོ་རྗེ་ཉི་མ་དང་བཅས་པའོ། །བསྡུས་ནས་ཞེས་བྱ་བ་ནི་འབད་པས་ཐོབ་ནས་བདུད་རྩི་ལྔའི་ཆོ་གས་བསྒྲུབ་པར་བྱས་པའོ། །བཟའ་བ་ནི་བཟའ་བའོ། །དེ་
ནི་བདུད་རྩི་ལྔ་ཞེས་བརྗོད། །ཅེས་བྱ་བ་ནི་དམ་ཚིག་ཆེན་པོ་ལྔའི་བདུད་རྩི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དོན་རྣམ་པ་ལྔས་བཟའ་བར་བྱ་བའི་དམ་ཚིག་བརྗོད་ནས། རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲང་ནས། རྫོགས་པའི་རིམ་པའི་ངོ་བོའི་དམ་ཚིག་བརྗོད་པར་བྱ་བའི་ཕྱིར་དེའི་ཡན་ལག་ཏུ་སྔགས་ཀྱི་
རིམ་པ་ལ་སོགས་པའི་མཚན་ཉིད་ཀྱི་དམ་ཚིག་བསྟན་པ། རྣམ་རྟོག་དང་ནི་ཀུན་རྟོག་གིས། །ཞེས་བྱ་བ་ནི་འཁོར་ལོ་དྲུག་པོ་རྣམས་ལ་སྔགས་དགོད་པའི་མཚན་ཉིད་རྣམ་རྟོག་གིས་བརྟགས་པ་སྟེ། བཟའ་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །འདིས་ནི་སྔགས་ཀྱི་རིམ་པ་བསྟན་ཏོ། །རྒྱུད་ཀྱི་
རིམ་པ་བསྟན་པའི་ཕྱིར། གང་དུ་ཞེས་དོགས་ནས། དེའི་ཕྱིར་སྟོང་པ་ཉིད་ཀྱི་སྣོད་ཅེས་བྱ་བ་གསུངས་ཏེ། སྲུབ་པ་དང་སྲུབ་པའི་སྦྱོར་བ་ལས་སྐྱེས་པ། ལས་ཀྱི་རླུང་ལས་བྱུང་བ་སྟོང་པ་ཉིད་ཀྱི་སྣོད་ནི་རྒྱུད་ཀྱི་རིམ་པའི་མཚན་ཉིད་ལའོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་མངོན་སུམ་གྱི་
རྟོགས་པ་ཉིད་ཀྱི་ཕྱིར་རོ། །བཟའ་ཞེས་བྱ་བ་ནི་སྒྲིབ་པ་མེད་པར་བྱེད་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་དུའོ། །རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །སྟོང་ཉིད་ཡེ་ཤེས་ཕ་རོལ་འགྲོ། །ཞེས་བྱ་བ་ནི་རྒྱུད་ཀྱི་རིམ་པ་བསྒོམ་པའི་མཐར་ཕྱིན་པས་ཞེས་བྱ་
བའི་དོན་ཏོ། །ཡེ་ཤེས་ཀྱི་རིམ་པ་ནི་དགའ་བ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་དང་མཆོག་དགའ་དང་དགའ་བྲལ་གྱི་མཚན་ཉིད་ཅན་ནོ། །བདེ་བ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེ་བ་ལ་ཁྱད་པར་བྱེད་པ་ཉིད་ཀྱི་ཕྱིར། བསྲེག་པའི་འཁོར་ལོ་རྣམས་གསོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །
གང་ལ་སྙམ་དུ་དོགས་ནས། དེའི་ཕྱིར། གསང་བའི་རིམ་པ་བསྟན་པ་ནི། །ལྷན་སྐྱེས་ཡེ་ཤེས་སྣོད་དུ་ནི། །ཞེས་བྱ་བ་གསུངས་ཏེ། དཔེ་དང་དོན་གྱི་ངོ་བོས་སོ། །བཟའ་བ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་དུས་རྟག་ཏུའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་རྩེ་མོར་ཐོན་པའི་བྱང་
เล่ม ๓๔ · หน้า 76b
ཆུབ་ཀྱི་སེམས་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོའི་གོ་འཕང་གནས། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གོ་འཕང་གི་གནས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དོན་གྱི་དེ་ཁོ་ན་ཉིད་གཅིག་ཏུ་བླ་མའི་མན་ངག་གིས་གནས་པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྫོགས་
པའི་རིམ་པའི་ངོ་བོའི་སྔགས་ཀྱི་རིམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་དམ་ཚིག་བསྟན་ནས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ། རྫོགས་པའི་རིམ་པའི་ངོ་བོའི་དམ་ཚིག་རྡོ་རྗེ་བཟླས་པའི་ངོ་བོ་དམ་ཚིག་བསྟན་པའི་ཕྱིར། རྣམ་རྟོག་རླུང་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། རྣམ་རྟོག་ནི་ལེའུ་གསུམ་པ་ལས་བཤད་པའི་བརྒྱ་རྩ་བརྒྱད་ཀྱི་གྲངས་ཏེ། རླུང་རྣམས་ཀྱང་དེ་ཙམ་གྱི་གྲངས་ཅན་ཏེ་ཞེས་བྱ་བ་ནི་རྣམ་རྟོག་གི་རླུང་ངོ་། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པ་རྣམས་ཏེ། བཟའ་ཞེས་བྱ་བ་དང་འབྲེལ་ཏོ། །གང་དུ་ཞེ་ན། དེའི་ཕྱིར་ཞི་བའི་དེ་ཉིད་ཅེས་བྱ་བ་གསུངས་ཏེ།
ཐབས་ལས་བྱུང་བའི་རྡོ་རྗེ་བཟླས་པ་དག་གིས་འོད་གསལ་བའི་བདག་ཉིད་ཅན་ལའོ། །སྣོད་བཟང་པོར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལྷུང་བ་འཛིན་པའི་བདག་ཉིད་ཅན་གྱི་ཕྱིར་རོ། །བཟའ་ཞེས་བྱ་བ་ནི་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ངག་གིས་མི་སྣང་བར་བྱ་བའོ། །རླུང་གི་དེ་ཉིད་ཤེས་པས་ཞེས་བྱ་བ་ནི།
ཐབས་རྗེས་སུ་བསྒྲུབ་པའི་བདག་ཉིད་ཅན་གྱི་ཕྱིར་རོ། །རྣམ་རྟོག་མེད་པའི་གོ་འཕང་གནས། །ཞེས་བྱ་བ་ནི་ངག་རྣམ་པར་དབེན་པའི་མཚན་ཉིད་ཅན་གྱི་ཁོ་ན་ཉིད་ལ་རྣམ་པར་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་བཟླས་པའི་དམ་ཚིག་བསྟན་ནས། སེམས་རྣམ་པར་དག་པའི་ངོ་བོའི་དམ་ཚིག་
བསྟན་པའི་ཕྱིར། ཕྱག་རྒྱ་གསུམ་དང་ཡང་དག་སྦྱོར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་ཆོས་དང་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཐོབ་པར་བྱའོ། །ཡང་དག་སྦྱོར་ཞེས་བྱ་བ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཏེ། བཟའ་ཞེས་བྱ་བ་དང་འབྲེལ་ཏོ། །
གང་དུ་ཞེ་ན། དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་སྣོད་ཅེས་བྱ་བ་ཞེས་གསུངས་ཏེ། སེམས་འོད་གསལ་བའི་ངོ་བོ་ཕྱག་རྒྱ་ཆེན་པོའི་སྣོད་ལའོ། །དེའི་མིང་ཅན་ལ་སྣོད་ལ་ཞེས་བྱ་བ་ནི། རང་བཞིན་གྱི་ཚོགས་ལ་ལྷུང་བ་བསྲུང་བའི་ཕྱིར་རོ། །བཟའ་བར་བྱ་ཞེས་བྱ་བ་ནི་མི་སྣང་བར་བྱ་བའོ། །རྣལ་འབྱོར་དེ་ཉིད་ཤེས་
เล่ม ๓๔ · หน้า 77a
པས་ཞེས་བྱ་བ་ནི་སྔགས་ཀྱི་རིམ་པའི་མཐར་ཕྱིན་པའི་ཕྱིར་རོ། །རྣལ་འབྱོར་ནི་སྔགས་སོ། །དེ་ཁོ་ན་ཉིད་ལ་གནས་གསུམ་ལ་དེ་སྒོམ་པའི་ངོ་བོའོ། །དེ་ཉིད་ཤེས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཤེས་པའོ། །རྣམ་པར་མི་རྟོག་གོ་འཕང་གནས། །ཞེས་བྱ་བ་ནི་རང་བཞིན་གྱིས་ཚོགས་བརྒྱ་
དྲུག་པོ་བཟློག་པའི་བདག་ཉིད་ཅན་ལ་འོད་གསལ་གྱི་གོ་འཕང་གནས་པའི་ཕྱིར་རོ། །དེ་ལྟར་སེམས་རྣམ་པར་དག་པའི་ངོ་བོའི་དམ་ཚིག་བརྗོད་ནས། བདག་བྱིན་གྱིས་བརླབ་པའི་ངོ་བོ་བསྟན་པའི་ཕྱིར། དངོས་དང་དངོས་མིན་སོགས་འཁྲུལ་པའི། །ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་
པའི་ངོ་བོ་རྣམ་པར་འཁྲུལ་པའི་མཚན་ཉིད་ཅན་ཀུན་རྟོག་དང་ནི་ཡོངས་རྟོག་གི་ཕྲ་བ་དང་རགས་པའི་ངོ་བོ་སྟེ་དེའོ། །ཡེ་ཤེས་ཆེར་འཆར་སྣོད་དུ་བཟའ། །ཞེས་བྱ་བ་དང་འབྲེལ་ཏོ། །ཡེ་ཤེས་ཆེར་འཆར་ཞེས་བྱ་བ་ནི་འོད་གསལ་གྱི་རྗེས་ལ་འོད་ཟེར་ལྔ་ལས་ཡང་དག་པར་བྱུང་བའི་འོད་ཟེར་ཁ་
དོག་ལྔའི་ཡེ་ཤེས་ཆེན་པོའོ། །འཆར་ཞེས་བྱ་བ་ནི་དེ་ལས་ཡང་དག་པར་བྱུང་བའི་སྒྱུ་མའི་ལུས་སོ། །སྣོད་དུ་ཞེས་བྱ་བ་ནི་འཁྲུལ་པའི་སྤྲོས་པ་ཐམས་ཅད་རྣམ་པར་བཟློག་པའི་བདག་ཉིད་ཅན་གཟུང་བའི་བདག་ཉིད་ཀྱི་ཕྱིར་རོ། །བཟའ་ཞེས་བྱ་བ་ནི་མི་སྣང་བར་བྱས་པའོ། །རྣམ་པར་མི་རྟོག་པ་ཡིས་ཞེས་བྱ་བ་
ནི་ཆད་པར་ལྟ་བའི་རྣམ་པར་རྟོག་པ་བཟློག་པའི་ཕྱིར་རོ། །དེ་ལྟར་བདག་ལ་བྱིན་གྱིས་བརླབ་པའི་ངོ་བོ་བསྟན་ནས། མངོན་པར་བྱང་ཆུབ་པའི་རིམ་པའི་ངོ་བོའི་དམ་ཚིག་བསྟན་པའི་ཕྱིར། རྣམ་རྟོག་དྲ་བའི་ས་བོན་ཡང་། །ཞེས་བྱ་བ་ནི་བག་ཆགས་སུ་གྱུར་པའི་རང་བཞིན་གྱི་ཚོགས་ཀྱི་ས་བོན་ནོ། །ཕུང་པོའི་
བུད་ཞིང་སྣོད་བཟང་པོར། །ཞེས་བྱ་བ་ནི་བཟའ་ཞེས་བྱ་བ་དང་འབྲེལ་ཏོ། །ཕུང་པོ་ནི་སྒྱུ་མ་ལྟ་བུའི་ལྷའི་རྣམ་པ་དང་འབྲེལ་པའོ། །དེ་ཉིད་ནི་བུད་ཤིང་སྟེ། འོད་གསལ་བའི་ཡེ་ཤེས་ཀྱི་མེས་འབར་བར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་སྣོད་བཟང་པོ་སྟེ་དེར་རོ། །སྔགས་ཀྱི་དེ་ཉིད་རྟོགས་པས་ཞེས་བྱ་བ་ནི་རྣལ་
འབྱོར་པས་སོ། །བཟའ་ཞེས་བྱ་བ་ནི་བཟའ་བར་བྱ་བའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར། ཡེ་ཤེས་ཆེན་པོའི་མེ་ཡིས་སྨིན། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་དང་ཕྱག་རྒྱའི་རིམ་པ་དག་གིས་ཡང་དག་པར་སྐྱེས་པའི་ཡེ་ཤེས་ཆེན་པོ་ནི་སྟོང་པ་ལ་སོགས་པ་གསུམ་པའོ། །དེ་ཉིད་ནི་མེ་སྟེ་རྣམ་
เล่ม ๓๔ · หน้า 77b
པར་རྟོག་པ་ཐམས་ཅད་ཐལ་བ་ཉིད་དུ་བྱེད་པའི་ཕྱིར་རོ། །དེ་ཡིས་སྨིན་ཞེས་བྱ་བ་ནི་ཡོངས་སུ་སྨིན་པར་བྱས་པས་སོ། །དེ་ལྟར་མངོན་པར་བྱང་ཆུབ་པའི་རིམ་པའི་ངོ་བོ་དམ་ཚིག་བསྟན་ནས། ཟུང་དུ་འཇུག་པའི་ངོ་བོ་དམ་ཚིག་བསྟན་པར་བྱ་བའི་ཕྱིར། བདུད་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་
བཞི་ནི། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་རྣམས་སོ། །ཁྲོ་བོ་ཆེན་པོ་ནི་བཟློག་པར་བྱ་བའི་ཐབས་ཀྱི་ཞེ་སྡང་ངོ་། །དེའི་སྟོབས་ནི་བདུད་ལ་སོགས་པ་རྣམས་དང་འབྲེལ་པ་ཉིད་དོ། །རྣལ་འབྱོར་ཞེས་བྱ་བ་ནི་ཟུང་དུ་འཇུག་པའི་མཐར་ཕྱིན་པའོ། །བཟའ་ཞེས་བྱ་བ་ནི་
མི་སྣང་བར་བྱེད་པའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་རིགས་པས་ཞེས་བྱ་བ་གསུངས་ཏེ། ཐ་དད་པར་བསྒྲུབ་པ་བཟློག་པའི་བདག་ཉིད་ཅན་གྱིས་སོ། །སྒྲུབ་པ་པོས་ལེགས་པར་ཞེས་བྱ་བའི་དོན་ཏོ། །རབ་ཏུ་མི་གནས་པའི་གོ་འཕང་ལ་གནས་པའི་ཕྱིར་རོ། །གང་དུ་བཟའ་བར་བྱ་ཞེ་ན། དེའི་ཕྱིར་སྣོད་དུ་ཞེས་བྱ་
བ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣོད་དུའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་དུའོ། །ལེགས་པར་མཉམ་གཞག་ནས་ཞེས་བྱ་བ་ནི་ཆད་པའི་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར་མི་གཡེང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་ལྔས་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས།
རྫོགས་པའི་རིམ་པའི་ངོ་བོའི་དམ་ཚིག་བསྟན་ནས། ད་ནི་གཉིས་ཀའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། གཉིས་ཀའི་དམ་ཚིག་བསྟན་པའི་ཕྱིར། དེའི་ཡན་ལག་ཏུ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་བསྟན་པ་ནི། རླུང་དང་སྔགས་དང་རྫས་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
རིམ་པ་ཇི་ལྟ་བ་བཞིན་དུ། ཀུན་རྫོབ་དང་སྙིང་ག་དང་གསང་བའི་སྣ་རྩེ་གསུམ་དུ་རླུང་དང་། སྔགས་དང་རྫས་རྣམས་ཀྱི་ཞེས་བྱ་བ་ནི་འོད་ཟེར་དང་། སྔགས་དང་རྫས་ཀྱི་ཐིག་ལེའི་མཚན་ཉིད་ཀྱི་ཐིག་ལེ་གསུམ། མི་ཤིགས་གོ་འཕང་སྣོད་དུ་བཟའ་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །མི་ཤིགས་པའི་གོ་
འཕང་ནི་ཨ་ཡིག་གི་རྣམ་པ་ལའོ། །སྣོད་དུ་ནི་ཞེས་བྱ་བ་ནི་སྣོད་ཉིད་དུའོ། །བཟའ་ཞེས་བྱ་བ་ནི་བཟའ་བར་བྱ་བའོ། །དེས་རྣམ་པར་རྟོག་པ་མི་སྣང་བར་བྱ་བའོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པ་རྡོ་རྗེའི་བཟླས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཕ་རོལ་འགྲོ་ཞེས་བྱ་བ་ནི་རླུང་དང་སྔགས་དང་དེ་ཁོ་ན་ཉིད་ཀྱི་
เล่ม ๓๔ · หน้า 78a
མཐར་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་བསྟན་ནས། སྙིང་རྗེ་དང་ཤེས་རབ་ཀྱི་དམ་ཚིག་བརྗོད་པའི་ཕྱིར། སྟོང་ཉིད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་འོད་གསལ་བའི་རྣམ་པའོ། །སྙིང་རྗེའི་སྣོད་
ཀྱིས་ཞེས་བྱ་བ་ནི། རྟག་ཏུ་བཏུང་བ་འཐུང་བར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །སྟོང་པ་ཉིད་ཀྱི་རྣམ་པར་རྟོག་པ་ལྷུང་བར་བསྲུང་བའི་ཕྱིར་རོ། །རྟག་ཏུ་བཏུང་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ལས་ལངས་པའི་རྣམ་པའོ། །ཡེ་ཤེས་ཆེན་པོ་མཉམ་གཞག་ནས། །ཞེས་བྱ་བ་ནི། སྒྱུ་མ་ལྟ་བུའི་ཏིང་
ངེ་འཛིན་གྱིས་རྣམ་པར་མི་གཡེང་བའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྙིང་རྗེ་དང་ཤེས་རབ་ཀྱི་དམ་ཚིག་བསྟན་ནས། ལྷན་ཅིག་སྐྱེས་པའི་དམ་ཚིག་གི་ངོ་བོ་བརྗོད་པའི་ཕྱིར། ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་ཇི་ལྟ་བུའི་མིང་ཅན་ཞེ་ན། དེའི་ཕྱིར་དམ་ཚིག་ཅེས་སུ་
བཤད། །ཅེས་བྱ་བ་གསུངས་ཏེ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལའོ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །ཞེས་བྱ་བ་ནི་དབང་པོ་གཉིས་ཀུན་ནས་སྦྱོར་བའི་མཚན་ཉིད་ཅན་ལའོ། །གང་ཞིག་དེ་ཉིད་མཆོག་སྐྱེས་པ། །ཞེས་བྱ་བ་ནི་དཔེ་དང་དོན་གྱི་རྣམ་པས་སོ། །དེ་ནི་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ལའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་
ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །སྐལ་ལྡན་སྣོད་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་སྣོད་དོ། །འཐུང་ཞེས་བྱ་བ་ནི་ལོངས་སྤྱད་པར་བྱས་ནས་སོ། །ཉམས་དགའ་བ་ཞེས་བྱ་བ་ནི་རོལ་པའི་རིམ་པས་མྱོང་བའོ། །རྣལ་འབྱོར་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྒོམ་པ་པོ་རྣམས་ཀྱིས་སོ། །བསྒྲུབ་བྱ་
བ་དེ་ཉིད་མཆོག་ཅེས་བྱ་བ་ནི་དོན་དམ་པའི་ལྷན་ཅིག་སྐྱེས་པའི་ངོ་བོའོ། །དེ་ཉིད་ཅེས་བྱ་བ་ནི་རྟག་ཏུ་དེ་ཉིད་ཀྱི་ངོ་བོས་གནས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལས་མ་སྐྱེས་པའི་ཕྱིར་རོ། །ཉོན་མོངས་དང་བྲལ་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་འཇོམས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་
པོ་དོན་བསྒྲུབ་པ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་ཐམས་ཅད་སྐྱེད་པར་བྱེད་པ་ནི་མཆོག་ཏུ་དགའ་བ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཉིས་ཀའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། གཉིས་ཀའི་དམ་ཚིག་བརྗོད་ནས། དེའི་ཉེ་བར་བསྡུ་བ་བསྟན་པ་ནི། དེ་ལྟ་བུ་ལ་སོགས་པ་ཞེས་
เล่ม ๓๔ · หน้า 78b
བྱ་བ་གསུངས་ཏེ། སྔོན་དུ་བསྟན་པའི་དམ་ཚིག་གོ། །གསུངས་ཞེས་བྱ་བ་ནི་བརྗོད་པའོ། །གཞན་དུ་གང་ཡང་ངས་མ་བཤད། །ཅེས་བྱ་བ་ནི་སྟོན་པ་པོར་གྱུར་པ་རྡོ་རྗེ་འཆང་བདག་གིས་སོ། །གང་ཡང་ཞེས་བྱ་བ་ནི་བྱ་བའི་རྒྱུད་ལ་སོགས་པ་རྣམས་སོ། །མ་བཤད་ཅེས་བྱ་བ་ནི་
སེམས་ཅན་རྣམས་སྣོད་དང་མི་ལྡན་པའི་ཕྱིར་རོ། །བླ་མའི་ཞལ་ནས་ཞེས་བྱ་བ་ནི་བརྒྱུད་པའི་རིམ་པ་མ་ཉམས་པ་མཚན་ཉིད་དང་ལྡན་པ་བླ་མའི་ཞལ་ལས་སོ། །གསལ་བར་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་རོ། །རྡོ་རྗེ་སེམས་དཔའ་གོ་འཕང་ཞེས་བྱ་བ་ནི་དེ་ཐོབ་པའི་རྒྱུ་ཉིད་དུ་གྱུར་
པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་པའི་རྒྱ་ཆེར་བཤད་པའོ།། །།ལེའུ་བཅུ་པས་དམ་ཚིག་གི་ཡུལ་
ལ་དྲི་བའི་ལན་བསྟན་པ་བརྗོད་ནས། ད་ནི་སྒྲའི་ཡུལ་ལ་དྲི་བའི་ལན་བསྟན་པ་བཤད་པའི་ཕྱིར་ལེའུ་བཅུ་གཅིག་པ་བསྟན་ཞིང་དེའི་ཡན་ལག་སྒྲའི་ཡུལ་ལ་དྲི་བའི་ལན་རྩོམ་པ་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་པའི་རྗེས་ལའོ། །གཞན་ཡང་
ཞེས་བྱ་བ་ནི་སྔར་ལ་ལྟོས་པས་སོ། །སྒྲ་ཙམ་དོན་ནི་བརྗོད་པར་བྱ་བ་དང་འབྲེལ་ཏོ། །སྒྲ་ནི་ཧཱུྃ་ཡིག་གི་རྣམ་པ་སྟེ། དེ་ཉིད་གཅིག་པུ་ནི་སྒྲ་ཙམ་སྟེ། དེའི་དོན་འདིར་གཏན་ལ་འབེབས་པ་ནི་བརྗོད་པར་བྱ་བའི་ངེས་པའོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། གང་གིས་ཞེས་བྱ་བ་ནི་སྒྲ་ཙམ་གྱིས་སོ། །ཐོས་པ་ལ་སོགས་པའི་རིམ་གྱིས་གོམས་པ་ཙམ་གྱིས་སོ། །འཕོ་བ་མེད་པའི་གོ་འཕང་ཐོབ། །ཅེས་བྱ་བ་ནི་སྐྱེས་པ་དང་འཆི་བའི་རྒྱུན་ལས་ཡང་དག་པར་འདས་པའི་ཕྱིར་འཕོ་བ་མེད་པའོ། །གོ་འཕང་ཞེས་བྱ་བ་ནི་རབ་ཏུ་གནས་པའི་
གནས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཐབས་ཀྱིས་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་སྒྲའི་ཡུལ་ལ་དྲི་བའི་ལན་རྩོམ་པ་བསྟན་ནས། དངོས་སུ་དེ་བརྗོད་པར་རྩོམ་པ་ནི་དེའི་ཡན་ལག་ཏུ་ངོ་བོ་བསྟན་པ་ནི། ཆོས་ཀྱི་འཁོར་ལོ་པད་སྦུབས་ནས། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་
เล่ม ๓๔ · หน้า 79a
འཁོར་ལོ་ནི་སྙིང་གའི་གནས་ན་གནས་པའོ། །དེའི་ཆུ་སྐྱེས་ནི་པདྨ་སྟེ། དེའི་རྣམ་པ་རྩ་བརྒྱད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེའི་སྦུབས་ཞེས་བྱ་བ་ནི་ལྟེ་བ་ལ་ཞེས་བྱ་བའི་དོན་ཏོ། །ཡང་དག་གནས་པ་ནི་རང་བཞིན་གྱིས་གྲུབ་པའི་རྩའི་དབྱིབས་ཀྱི་ངོ་བོ་ཉིད་ཀྱིས་སོ། །སྒྲ་ཙམ་
ཞེས་བྱ་བ་ནི་ཨ་ཏ་ཞེས་བྱ་བ་ནི་བཟའ་བ་ལའོ། །ན་ནི་བགེགས་པར་བྱེད་པའོ། །བཟའ་བ་མ་ཡིན་པ་ནི་ནཱ་ད་སྟེ། དེ་ཉིད་གཅིག་ཏུ་ནི་ནཱ་ད་ཙམ་མོ། །རྡུལ་ཕྲ་རབ་ཙམ་གྱི་ཚད་ལས་ཀྱང་ཕྲ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དགའ་བའི་འོད་ཀྱི་ཕྲེང་བ་བྱེད་པའི་མཁན་པོའོ། །ཡང་ན་སྒྲ་ཙམ་ནི་མཆོག་
དགའོ། །མཆོག་ནི་མཆོག་སྟེ། སྣང་བ་མཆེད་པ་ལྟར་སྣང་བ་གང་ལ་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །གཞན་དག་ནི་ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ་གནས་པ་ཧཾ་ཡིག་སྒྲ་ཙམ་པོ་ཆ་ཤས་སུ་བསྡུས་ནས་ཐིག་ལེའི་མཐར་ཐུག་པ་ཞེས་ཟེར་རོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཆ་མེད་ཅེས་བྱ་བ་གསུངས་
ཏེ། ཐིག་ལེའི་ངོ་བོ་ལ་སེམས་འཛིན་པའི་དུས་ནི་ཆ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སྣང་བ་མེད་པ་ཞེས་བྱ་བ་ནི་ཐིག་ལེ་ལ་སེམས་འཛིན་པས་དེ་བསྟན་པའི་དུས་སུ་ཕྱི་རོལ་གྱི་སྣང་བ་ནུབ་པ་ཉིད་ཀྱི་ཕྱིར་རོ། །གཉིས་སུ་མེད་ཅིང་ཞེས་བྱ་བ་ནི་གཉིས་ཀྱི་ངོ་བོ་མེད་པའི་ཕྱིར་དེ་ཡང་བསྒོམ་བྱ་དང་།
སྒོམ་བྱེད་ཀྱི་རྣམ་པར་རྟོག་པ་ལོག་པས་སོ། །དྲི་མ་མེད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་མནན་པས་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །བྱ་བ་བྲལ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའོ། །དཔེ་ལས་འདས་པ་ཞེས་བྱ་བ་ནི་ཤིན་ཏུ་
མཚོན་པར་དཀའ་བ་ཉིད་ཀྱི་ཕྱིར་དང་། །དེ་དང་འདྲ་བ་གཞན་མེད་པ་ཉིད་ཀྱི་ཕྱིར་རོ། །གཞི་མེད་ཅེས་བྱ་བ་ནི་གཞི་ནི་བྱེ་བྲག་སྟེ། སྐྱེ་བ་དང་། རྒ་བ་དང་གནས་པ་ལ་སོགས་པའོ། །དེ་མེད་པ་ནི་གཞི་མེད་པའོ། །རྟེན་མེད་པ་ཞེས་བྱ་བ་ནི་གཟུགས་མེད་པ་ཉིད་ཀྱིས་རྟེན་མེད་པའོ། །མཆོག་ཏུ་ཞེས་བྱ་
བ་ནི་བསྐྱེད་པའི་རིམ་པས་ཐོབ་པར་བྱ་བའི་ལྷའི་རྣམ་པ་ཁྱད་པར་དུ་འཕགས་པ་ཉིད་དོ། །ཡེ་ཤེས་དབང་ཕྱུག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་ལ་བདག་པོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྲོག་དང་རྩོལ་བ་ལ་སོགས་
เล่ม ๓๔ · หน้า 79b
སྤངས། །ཞེས་བྱ་བ་ནི་དེའི་བདག་པོ་ཉིད་ཀྱི་ཕྱིར་སྲོག་ལ་སོགས་པའི་རླུང་རྒྱུ་བ་འཇུག་པ་ཉིད་ཀྱིས་ལྡོག་པ་མེད་པའོ། །རྣལ་འབྱོར་རྣམས་ཀྱང་ཞེས་བྱ་བ་ནི་རིམ་པ་གཉིས་བསྒོམ་པ་ལ་གནས་པ་རྣམས་སོ། །ལྷ་དབང་ཕྱུག་ཅེས་བྱ་བ་ནི་ལྷ་ནི་ལྷའོ། །དེ་རྣམས་ལ་འདི་དབང་ཕྱུག་ཏུ་གྱུར་པ་ནི་འཕྲོག་བྱེད་ལ་
སོགས་པའོ། །ཀྱང་ཞེས་བྱ་བ་ནི་མཐུ་ཆེན་པོ་དང་ལྡན་པ་རྣམས་ལ་ཡང་དེ་ལྟ་བུ་ནི་རྙེད་པར་དཀའ་བ་སྟེ། རང་གི་སེམས་ཀྱི་ཆོས་ཉིད་ཀྱང་དེས་མ་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ། མཆོག་ཏུ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་མཆོག་གི་ངོ་བོའོ། །ཞི་བ་ཞེས་བྱ་བ་ནི་འཇིག་རྟེན་ལས་
འདས་པའི་ལམ་ལ་གནས་པའི་རྣལ་འབྱོར་པས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་སེམས་དང་ཡང་དག་པར་ལྡན་པའི་ཐོག་མ་མེད་པའི་དུས་ཅན་གྱི་རྣམ་པར་རྟོག་པ་ཟློག་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་རྣམ་སྤངས་པ། །ཞེས་བྱ་བ་ནི་སྔོན་པོ་དང་སེར་པོར་སྣང་བ་ལ་སོགས་པ་ཐམས་ཅད་
མི་སྣང་ཞིང་ནུབ་པའི་ཕྱིར་རོ། །ཐམས་ཅད་ཀྱི་ནི་ཁོངས་སུ་གཏོགས། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལའོ། །ཁོངས་སུ་གཏོགས་པ་ནི་ཁྱབ་པར་གྱུར་པ་རྣམས་ཀྱིས་སོ། །གྱུར་པ་ཞེས་བྱ་བ་ནི་ཡང་དག་པར་གྱུར་པའོ། །རྣམ་པ་ཀུན་ལ་ཞེས་བྱ་བ་ནི་ཆོས་ཐམས་
ཅད་ཀྱི་ངོ་བོ་ཉིད་ཀྱིས་ཡང་དག་པར་གནས་པའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་རྟེན་ཅིང་འབྲེལ་འབྱུང་ཞེས་གསུངས་ཏེ། འདི་ལ་རྟེན་པ་ཙམ་གྱིས་བསྡུས་པའོ། །དེས་བརྟེན་པའི་ཕྱིར། ཆང་དང་ཆང་གི་རོ་བཞིན་ནོ། །ཞེས་གསུངས་ཏེ་ཇི་ལྟར་ཆང་གི་རོ་རྒུན་འབྲུམ་ལ་སོགས་པ་ལས་བྱུང་བ་ལ་ཁྱབ་པར་གནས་
པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདི་ཙམ་གྱིས་རང་གི་ངོ་བོ་བསྟན་ནས། དེའི་ཐབས་བརྗོད་པའི་ཕྱིར། རང་གི་ཉམས་མྱོང་རྟོགས་པའི་གནས། །ཞེས་གསུངས་ཏེ། རང་གི་བདག་ཉིད་ཀྱིའོ། །ཉམས་མྱོང་ནི་ཐབས་ལ་གོམས་པའི་མཚན་ཉིད་དེ་ལས་རྟོགས་པ་ཞེས་བྱ་བ་ནི་རང་གིས་
རྟོགས་པར་བྱའོ། །གང་གིས་ཤེ་ན། དེའི་ཕྱིར། སྔགས་ཀྱི་དེ་ཉིད་མཆོག་སྦྱོར་བ། །ཞེས་གསུངས་ཏེ། འཆད་བཞིན་པའི་རིགས་པས་ལྟེ་བའི་དབུས་ན་གནས་པའི་ཨིའི་ཡི་གེ་ཁ་སྦྱོར་ཐིག་ལེའི་སྒྲས་བརྗོད་པར་བྱ་བའི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སྦྱོར་བའི་རྣལ་འབྱོར་པས་རིག་པར་བྱའོ་ཞེས་བྱ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด