རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) པཉྩ་ཀྲ་མ་པཉྫི་ཀཱ་པྲ་བྷཱ་སཱརྠ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๖ · หน้า 142b

༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་པཉྫི་ཀཱ་པྲ་བྷཱ་སཱརྠ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱལ་བ་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་མགོས་བཏུད་དེ། །རིམ་པ་

เล่ม ๓๖ · หน้า 143a

ལྔ་ཡི་དཀའ་འགྲེལ་ནི། །དོན་གསལ་བ་འདི་བདག་གིས་དབྱེ། །འཕགས་པ་ཡིས་ནི་མཛད་པའི་གཞུང་། །ཟབ་མོའི་དོན་ལ་བདག་བློ་ཡི། །གོ་སྐབས་དག་ནི་མེད་མོད་ཀྱི། །འདིར་ནི་གཞན་གྱིས་གསོལ་གདབ་བྱས། །ཉན་པའི་དབྱེ་བ་རྣམ་གཉིས་ཏེ། །མགོ་

སྨོས་སྤྲོས་པས་གོ་བའོ། །ཕྱི་མ་རྗེས་སུ་གཟུང་བའི་ཕྱིར། །བདག་གིས་དཀའ་འགྲེལ་བརྩམ་པར་བྱ། །བླ་མའི་མན་ངག་མ་ཐོབ་པར། །གང་ཞིག་འཆད་པར་འདོད་པ་ནི། །བསྟན་བཅོས་མང་ལ་བློ་སྦྱངས་ཀྱང་། །དེ་འདིར་ཡང་ནི་རྨོངས་འགྱུར་ཏེ། །དེ་བས་གསང་བ་ལ་

མཁས་པའི། །བླ་མའི་མན་ངག་ཐོབ་བྱ་སྟེ། །གང་ཟག་གཞན་ལ་ཕན་བྱའི་ཕྱིར། །འདིར་ནི་ཅི་བཞིན་ནུས་པས་བྱ། །འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་མཐའ་དག་ཐུགས་སུ་ཆུད་པས་ལེགས་པར་སྦྱངས་པ། ཀུ་ཤའི་རྩེ་མོ་ལྟ་བུའི་བློ་མངའ་བའི་སློབ་དཔོན་

ཕྱོགས་གཉིས་ངེས་པར་སྤངས་པས་དོན་དམ་པ་ཇི་ལྟ་བ་བཞིན་མཁྱེན་པའི་ཡུལ་དུ་གྱུར་པ། བདེ་བར་གཤེགས་པའི་བསྟན་པ་སྲུང་བར་མཛད་པའི་ཐུགས་ཀྱི་རྒྱུད་མངའ་བ། སྙིང་རྗེ་བླ་ན་མེད་པས་ཕ་རོལ་ལ་ཕན་པར་མཛད་པའི་དགོངས་པ་ཅན། སྙིགས་མ་ལྔས་འཕངས་པའི་

ཉོན་མོངས་པ་དུ་མ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པའི་ཉེས་པས་ཡིད་བཅོམ་པའི་འཇིག་རྟེན་གྱི་འགྲོ་བ་ལ་གཟིགས་ནས། གདུལ་བྱ་དེ་དག་གི་དོན་དུ་རང་དད་པའི་ལྷ་ལ་ཕྱག་འཚལ་བ་སྔོན་དུ་སོང་བས། མདོར་བསྡུས་

པའི་རིམ་པ་ལྔ་གསུངས་པ་ཡིན་ཏེ། འདིར་ཡང་བརྗོད་པར་བྱ་བ་ལ་སོགས་པ་གསུམ་མེད་ན། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་རྣམས་འཇུག་པར་མི་འགྱུར་ཏེ། འདི་ལྟར་རེ་ཞིག་དེ་ཉིད་བསྟན་པར་བྱ་ན། འདིར་རྫོགས་པའི་རིམ་པ་ནི་བརྗོད་པར་བྱའོ། །སེམས་ཅན་ཐམས་

ཅད་ལམ་དམ་པ་ལ་དགོད་པ་ནི་དགོས་པའོ། །ཕྱག་རྒྱ་ཆེན་པོ་གྲུབ་ཅིང་སེམས་ཅན་གྱི་དོན་ལ་འཁོར་བའི་སྲིད་དུ་གནས་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལྟར་བརྗོད་པར་བྱ་བ་ལ་སོགས་པ་བསྙད་ནས། བསྟན་བཅོས་ཀྱི་ལུས་དང་། བཤད་པའི་རིམ་པ་

เล่ม ๓๖ · หน้า 143b

ཡང་རྣམ་པར་གཞག་པར་བྱ་སྟེ། གསང་སྔགས་སྐུ་ནི་རབ་བསྒྲུབ་པ། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བྱའོ། །ཀུན་རྫོབ་བདེན་པ་མཐོང་བ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པའི་དག་པ་ནི། །

རིམ་པ་བཞི་པར་བརྗོད་པ་ཡིན། །གང་ཞིག་བདེན་གཉིས་སྦྱོར་བ་ནི། །ཟུང་འཇུག་ཅེས་བྱ་རིམ་པ་ལྔ། །སྒྲུབ་པའི་ལུས་འདི་ཕུལ་དུ་བྱུང་། །བསྟན་བཅོས་ཀུན་གྱི་དོན་བསྡུས་པའོ། །གཞན་ཡང་དཔལ་གསང་བ་འདུས་པའི་ཡན་ལག་ཉིད་ཡིན་པས་ན། མཐའ་དྲུག་གི་

རྗེས་སུ་འབྲངས་ཤིང་བཤད་པ་བཞིའི་རིམ་པས་ཀྱང་གཞུང་རྣམ་པར་བཤད་པར་བྱ་སྟེ། འདི་དག་གི་མཚན་ཉིད་མ་བརྗོད་དེ་གཞུང་མངས་ཀྱིས་དོགས་པའི་ཕྱིར་རོ། །དེ་ལྟར་བསྟན་བཅོས་ཀྱི་ལུས་རྣམ་པར་བཀོད་ནས། ད་ནི་ཕྱག་འཚལ་བའི་ཚིགས་སུ་བཅད་པ་ནས་བརྩམས་

ཏེ། ཚིག་རེ་རེ་ནས་རྣམ་པར་བཤད་པར་བྱའོ། །སངས་རྒྱས་ཀུན་བདག་ཅེས་བྱ་བ་ལ་སོགས་པ་ལ། དཔལ་ལྡན་བདེ་ཆེན་ལ་བཏུད་ནས། །རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་བྱ་བར་སྦྱོར་རོ། །དཔལ་ལྡན་བདེ་ཆེན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དུས་ཐམས་ཅད་པ།

བར་ཆད་མེད་པ། མཉམ་པ་མེད་པའི་བདེ་བ་སྐུ་ཉམས་སུ་བསྟར་བའི་ཕྱིར་རོ། །གང་གི་ཕྱིར་འདིར་བཅོམ་ལྡན་འདས་ཀྱི་སྐུ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་མཚན་ཉིད་ཅན་དང་ལོངས་སྤྱོད་རྫོགས་པའི་མཚན་ཉིད་ཅན་ནོ། །དེ་ལ་ཡེ་ཤེས་ཀྱི་མཚན་ཉིད་ཅན་ནི་ཡེ་

ཤེས་རྣམ་པ་ལྔའི་སྐུས་སངས་རྒྱས་ཐམས་ཅད་དེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སྐྱེད་པར་མཛད་པས་ན་ཡིད་ཀུན་ལ་ཁྱབ་པ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད་དོ། །ལོངས་སྤྱོད་རྫོགས་པའི་མཚན་ཉིད་ནི། གང་སྐྱེས་བུ་ཆེན་པོའི་

མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་སེམས་ཅན་ཐམས་ཅད་ལམ་ལ་རབ་ཏུ་དགོད་པར་མཛད་པའི་ཕྱིར་རོ། །མགོན་པོ་སྐྱོབ་པར་གྱུར་པ་སྟེ། །སྐྱབས་སུ་འོས་ཞེས་བྱའི་བར་དུའོ། །དེ་ལྟར་ཚིག་རྣམ་པ་གཉིས་ཀྱིས་

เล่ม ๓๖ · หน้า 144a

གོ་རིམས་ཅི་ལྟ་བ་བཞིན་ཟབ་པ་དང་། རྒྱ་ཆེ་བའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱི་སྐུ་ལ་ཕྱག་བྱས་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བཟླས་པ་ནི་འོག་ནས་འཆད་པའི་རིམ་པའི་མཚན་ཉིད་ཀྱི་ཚུལ་ཏེ།

རྡོ་རྗེ་བཟླས་པའི་རིམ་པ་དེ་བཤད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལས་ཤེ་ན་རྣལ་འབྱོར་རྒྱུད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་ཀྱི་ཏིང་ངེ་འཛིན་ཏེ། དེ་གཙོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །དེའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་

བསྟེན་ནས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། འདིར་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པའི་བཅོམ་ལྡན་འདས་ལ་ཕྱག་བྱས་ནས། དེ་མ་ཐག་ཏུ་ཚིགས་སུ་བཅད་པ་གཉིས་ཀྱི་རིམ་པ་ལ་འཇུག་པའི་བསླབ་པ་དང་།

རིན་པོ་ཆེའི་སྐུད་པ་ལྟར་ཁྱབ་པའི་རིམ་པ་ཇི་ལྟར་བསྟན་པ་གསུངས་ཏེ། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་འདི་ལས་དང་པོ་པའི་སྟེ། བསྐྱེད་པའི་རིམ་པས་སློབ་བཞིན་པ། རྫོགས་པའི་རིམ་པས་མངོན་པར་འདོད་པ་དེ་རྣམས་ལ་བཅོམ་ལྡན་འདས་

ཐུགས་རྗེའི་ཕ་རོལ་ཏུ་ཕྱིན་པས་རིམ་པ་ལྔ་པའི་མཚན་ཉིད་ཐབས་དེ་ཐོབ་པར་བྱེད་པའི་རྒྱུ་སྐས་ཀྱི་རིམ་པ་ལྟ་བུ་གསལ་བར་བྱས་ཏེ། ཇི་ལྟར་ཁང་བཟངས་ལ་འཛེག་པའི་ཕྱིར་སྐས་ཀྱི་རིམ་པའི་རྒྱུར་གྱུར་པ་དེ་བཞིན་དུ། མངོན་པར་འདོད་པའི་གོ་འཕང་ཐོབ་པའི་དོན་

དུ་རིམ་པ་འདི་མཁས་པས་ཤེས་པར་བྱའོ། །སྲོག་ཅེས་བྱ་བ་ལ་སོགས་པ་ལ། སྲོག་ཏུ་གྱུར་པ་ནི་འཛིན་ཅིང་འཚོ་ཞེས་བྱ་བའི་དོན་ཏོ། །གང་ཞེ་ན་རླུང་ཞེས་བྱ་བ་སྟེ་ཀུན་དུ་གཡོ་བའོ། །སེམས་ཅན་ནི་ལུས་དང་ལྡན་པ་སྟེ། རླུང་མེད་ན་འགྲོ་བ་དང་འོང་བ་དག་མེད་པའི་ཕྱིར་

རོ། །དེ་གཉིས་ཀྱི་བསྐྱོད་པ་དང་ཀུན་དུ་གཡོ་བ་ལ་སོགས་པའི་བྱ་བ་ཐམས་ཅད་བྱེད་པས་ན་ལས་ཀུན་བྱེད་ཅེས་བྱ་བའོ། །རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་ཤེས་པ་ནི་ཡིད་དེ་དེའི་བཞོན་པ་ནི་ཤིང་རྟ་དང་རྟ་ལ་སྐྱེས་བུ་ཞོན་པ་ལྟ་བུའོ། །འདི་སྐད་གསུངས་

เล่ม ๓๖ · หน้า 144b

ཏེ། །རླུང་ཞེས་བྱ་བའི་བཞོན་པ་ལ། །རྣམ་པར་ཤེས་པ་ཞོན་ནས་ལས་ཀུན་བྱེད། །ཅེས་བྱ་བའི་དོན་ཏོ། །འདི་ལྟར་སྟོན་པར་འགྱུར་ཏེ། རླུང་ནི་སྟོང་པའི་ངོ་བོ་དང་། །ཤེས་པ་ཀུན་དུ་འདྲེས་གྱུར་ནས། །དབང་པོའི་ལམ་ནས་འབྱུང་འགྱུར་ཏེ། །ཡུལ་ལ་

དམིགས་པ་ཞེས་བྱའོ། །འདིར་ཡང་མདོ་དང་རྒྱས་པའི་དབྱེ་བས་རྣམ་པ་ལྔ་དང་བཅུར་འགྱུར་ཏེ། སྲོག་ཅེས་བྱ་བའི་རླུང་དང་ཐུར་དུ་འབྱིན་པའི་རླུང་དང་། མེ་དང་མཉམ་པའི་རླུང་དང་། གྱེན་དུ་རྒྱུ་བའི་རླུང་དང་། ཁྱབ་བྱེད་ཀྱི་རླུང་ཞེས་བྱ་བ་རྣམ་པ་ལྔའོ། །གསལ་

བར་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱ་བ་དང་རྣམ་པ་ལྔ་སྟེ། དང་པོ་ལྔ་ནི་ལུས་ཀྱི་བྱ་བ་ལ་རྣམ་པར་ཞེན་པའོ། །ཕྱི་མར་གྱུར་པ་ནི་དབང་པོ་ལྔ་ལ་བརྟེན་ནས་ཡུལ་འཛིན་པའོ། །དེ་ལ་སྲོག་ཅེས་བྱ་

བའི་རླུང་ནི་སྙིང་གར་གནས་པ་མི་བསྐྱོད་པའི་རང་བཞིན་ཏེ། སྲོག་ཅེས་བྱ་བའི་དབུགས་སོ། །ཐུར་དུ་འབྱིན་པའི་རླུང་ནི་སྨད་ཀྱི་བུ་ག་ན་གནས་པ་སྟེ། རིན་པོ་ཆེ་འབྱུང་བའི་རང་བཞིན་དྲི་མ་ལ་སོགས་པ་འབྱིན་པར་བྱེད་པའོ། །གྱེན་དུ་རྒྱུ་བའི་རླུང་ནི་མགྲིན་པ་ན་གནས་པ་སྟེ།

འོད་དཔག་ཏུ་མེད་པའི་རང་བཞིན་གྱེན་དུ་རྒྱུ་ཞེས་རོ་ལ་སོགས་པ་ཡང་ལེན་པར་བྱེད་པའོ། །མཉམ་པའི་རླུང་ནི་ལྟེ་བ་ན་གནས་པ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་རོ་ལ་སོགས་པ་མཉམ་པར་བྱེད་པའོ། །ཁྱབ་བྱེད་ཀྱི་རླུང་ནི་ཚིགས་ཐམས་ཅད་ལ་གནས་པ་སྟེ། རྣམ་པར་སྣང་མཛད་

ཀྱི་རང་བཞིན་རོ་ལ་སོགས་པ་ཚིགས་ཐམས་ཅད་དུ་ཁྱབ་པར་བྱེད་པའོ། །གསལ་བར་རྒྱུ་བ་ནི་གཟུགས་ལ་གནས་པ་སྟེ། ཐོབ་པར་གསལ་བའོ། །རྣམ་པར་རྒྱུ་བ་ནི་སྒྲ་ལ་གནས་པ་སྟེ། །ཁྱབ་པར་འཐོབ་པའོ། །ཡང་དག་པར་རྒྱུ་བ་ནི་དྲི་ལ་གནས་པ་སྟེ། ཡང་དག་

པར་འཐོབ་པའོ། །རབ་ཏུ་རྒྱུ་བ་ནི་རོ་ལ་གནས་པ་སྟེ། རབ་ཏུ་འཐོབ་པའོ། །ངེས་པར་རྒྱུ་བ་ནི་རེག་བྱ་ལ་གནས་པ་སྟེ། ལུས་པ་མེད་པར་འཐོབ་པའོ། །རླུང་གི་མཚན་ཉིད་ཀྱི་དབྱེ་བ་མདོ་དང་རྒྱས་པ་བསྟན་པ་སྟེ། ཁྱབ་པར་བསྟན་པས་རྣལ་མ་འགོག་པར་མི་འགྱུར་ཞེས་བྱ་བ་

เล่ม ๓๖ · หน้า 145a

ནས། མདོར་བསྟན་པའི་རྗེས་སུ་འབྲངས་ནས། བསྐྱེད་པའི་རིམ་པ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་སྟོན་པ་སྟེ། རླུང་གི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཅེས་བྱ་བར་སྦྱར་རོ། །ངག་རྣམ་པར་དཔྱོད་

པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དེ། དེ་ཡང་རླུང་གི་དེ་ཁོ་ན་ཉིད་མེད་ན་འགྲུབ་པར་མི་འགྱུར་རོ། །རླུང་གི་དེ་ཁོ་ན་ཉིད་ཀྱང་ལུས་རྣམ་པར་དཔྱོད་པ་མེད་པ་སྟེ། དེ་བས་ན་རིམ་པ་ལ་འཇུག་པ་བསླབ་པར་བྱའོ། །གང་འདིར་དང་པོའི་རིམ་པ་སློབ་པར་འདོད་པ་བདེ་བར་གཤེགས་

པའི་ཐེག་པ་ལ་མོས་པས་སློབ་པ་སྟེ་སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བ་འདིས། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པ་ཁོ་ནའོ་ཞེས་སངས་རྒྱས་ཀྱི་བསྟན་པ་ལ་དམིགས་ནས། ཏིང་ངེ་འཛིན་དྲན་པ་རྩེ་གཅིག་པའོ། །དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་

ཐོབ་པ་སྟེ། དེ་ནས་རིགས་ཀྱི་དབྱེ་བས་ལུས་རྣམ་པར་དཔྱོད་པ་ཅན་ནོ། །དེ་ལ་ཡང་ལུས་རྡོ་རྗེའི་ཏིང་ངེ་འཛིན་ལས་ཀྱང་། ཨཱ་ལི་དང་ཀཱ་ལིའི་སྒོ་ནས་ངག་གི་རྣམ་པར་དཔྱོད་པ་ཅན་ནོ། །ངག་རྣམ་པར་དཔྱོད་པ་ཅན་ལས་དབུགས་དབྱུང་རྔུབ་བསྒོམས་པས་ངག་རྡོ་རྗེའི་

ཏིང་ངེ་འཛིན་ཐོབ་པ་ཞེས་བྱ་བའི་རིམ་པ་འདིས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་རྣལ་འབྱོར་དུ་བསྟན་ཏོ། །གཞན་ཡང་ལུས་རྣམ་པར་དཔྱོད་པ་ནི། རྫས་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཀྱི་ལུས་རྡུལ་ཕྲ་རབ་ཀྱི་བྱེ་བྲག་རྣམ་པར་དཔྱོད་པ་སྟེ། ལུས་དཔྱོད་པ་ཅན་

ནོ། །རླུང་གི་དེ་ཁོ་ན་ཉིད་ནི་ཡང་རྩ་བའི་རྒྱུད་ལས་འཆད་པར་ཡང་འགྱུར་ཏེ། སྔགས་ཀྱི་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ནི་ངག་རྣམ་པར་དཔྱོད་པའི་མཚན་ཉིད་ཅི་ལྟ་བ་བཞིན་བསྐྱེད་པ་ཁོང་དུ་ཆུད་པ་སྟེ། བླ་མའི་ཞལ་ནས་ངེས་པར་བཟུང་ནས། སྔགས་

རང་གི་སེམས་ལ་གཏོང་པར་བྱེད་པ་ཞེས་པའི་བར་དུའོ། །གང་གི་ཕྱིར་གཞན་དུ་སྔགས་ལས་མ་བྱུང་བའི་རྡོ་རྗེ་བཟླས་པ་ནི་ངག་གི་ཡིན་པར་འགྱུར་ཏེ། །དེ་བས་སྔོན་དུ་སྔགས་ངེས་པར་གཟུང་བར་བྱའོ། །དེ་ནས་བསྐྱེད་པ་ལ་ཞུགས་ནས་རྡོ་རྗེ་བཟླས་པའི་རྒྱུ་

เล่ม ๓๖ · หน้า 145b

མཚན་ལ་སློབ་པ་སྟེ། དེར་གནས་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་ལས་དང་པོ་པའི་རྣལ་འབྱོར་ཞེས་བྱའོ། །རིམ་པ་དང་པོའི་བཤད་པའོ།། །།གཉིས་པ་སྟོན་ཏེ། སེམས་ཀྱི་དམིགས་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་དམིགས་ཞེས་བྱ་བ་

ནི་སེམས་དམིགས་པ་སྟེ་ཇི་ལྟར་རིགས་པ་ཡོངས་སུ་ཤེས་ནས་བདག་མེད་པ་མཐོང་བའོ། །དེ་ཡང་དག་རྣམ་པར་དཔྱོད་པ་ལ་གནས་ནས་གང་གི་ཚེ་རང་བཞིན་སྣང་བའི་རིམ་པས་འབྱུང་བ་བཞིའི་དཀྱིལ་འཁོར་ལ་རླུང་ཀུན་དུ་རྒྱུ་བའི་དབྱེ་བ་ལ་སློབ་པ་དེའི་ཚེ། སེམས་

ཀྱི་ཏིང་ངེ་འཛིན་ཐོབ་པ་ནི་རིམ་པ་གཉིས་པ་ཞེས་པའོ།། །།གསུམ་པ་སྟོན་ཏེ། སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྒྱུ་མའི་དཔེ་རྣམ་པ་བཅུ་གཉིས་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པ་དེའི་ཚེ་དེར་གནས་པས་རང་གི་སེམས་ཇི་ལྟར་རིག་པ་ཡོངས་སུ་

ཤེས་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་པའོ། །སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། འཇའ་ཚོན་དང་། མེ་ལོང་གི་གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་དང་། ཆུའི་ཆུ་བུར་དང་། མགལ་མེ་

བསྐོར་བ་དང་། ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་ཞེས་བྱ་བ་འཁྲུལ་པ་བསྐྱེད་པའི་དཔེ་བཅུ་གཉིས་ཏེ། སྒྱུ་མ་དང་མཚུངས་པའི་དཔེ་ནི་སྒྱུ་མ་ལྟ་བུའི་དཔེའོ། །ཡང་འདི་དག་ལ་ཁྱད་པར་ནི་ཅུང་ཟད་ཀྱང་མེད་དེ། འོན་ཀྱང་ནམ་ཞིག་སུ་དག་འཁྲུལ་

པའི་གནས་སྐབས་ན་གང་ཡང་རུང་བའི་གཉེན་པོ་བསྒོམ་པ་ལ་སྦྱོར་བ་སྟེ། རང་གི་སེམས་ཀྱི་སྒྲིབ་པ་དང་བྲལ་ཞིང་ཕུན་སུམ་ཚོགས་པར་བྱེད་པས་ན། རྣམ་པ་བཅུ་གཉིས་སུ་བསྟན་ཏོ། །རིམ་པ་གསུམ་པ་བཤད་པའོ།། །།བཞི་པ་སྟོན་ཏེ། ཡང་དག་

མཐའ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས། སྟོང་པ་བཅོ་བརྒྱད་ཀྱི་རིམ་པས་དོན་དམ་པའི་བདེན་པ་ལ་འཇུག་པ་སྟེ། དེ་ནས་རིལ་པོར་འཛིན་པ་ལ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་གི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཐར་རབ་ཏུ་འཇུག་པའོ། །རྣམ་པར་སྦྱངས་

เล่ม ๓๖ · หน้า 146a

ཞེས་བྱ་བ་ཡང་དག་པའི་མཐའ་དེ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཕུང་པོ་ཐམས་ཅད་རྣམ་པར་སྦྱངས་ཞེས་བྱ་བའི་ཐ་ཚིག་གོ། །རིམ་པ་བཞི་པའི་བཤད་པའོ།། །།ལྔ་པ་སྟོན་ཏེ། ཡང་དག་མཐའ་ལས་ལངས་ན་ནི། །ཞེས་བྱ་བ་ལ་

སོགས་པ་ལ། དེ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ནས་རང་བཞིན་འོད་གསལ་བའི་བདེན་པ་གཉིས་དབྱེར་མེད་པའི་བདག་ཉིད་དུ་ཁོང་དུ་ཆུད་ནས། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་རབ་ཏུ་འཇུག་སྟེ་འདི་སྐད་དུ་གཉིས་མེད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་གང་དུ་གཟུང་བ་དང་། འཛིན་པར་རྟོག་པ་གཉིས་ཀྱི་མཚན་ཉིད་དམ་ཡོད་པའམ་མེད་པར་རྟོག་པའི་མཚན་ཉིད་དག་ཡོད་པ་མ་ཡིན་པ་དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཐོབ་ཅེས་བྱ་བ་ནི་རྙེད་ཅེས་བྱ་བའི་དོན་ཏེ་དེ་ཁྱད་

པར་དུ་བྱེད་པའོ། །ཟུང་འཇུག་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དེ་ཁོ་ནར་གཉིས་སུ་མེད་པའི་ཡེ་ཤེས་གནས་པ་དེའི་ཚེ། གང་ལ་ཡང་མི་སློབ་སྟེ། དེ་ཡོངས་སུ་རྫོགས་པས་ན་བསླབ་པའི་ཆོས་ཅི་ཡང་མེད་ཅེས་བྱ་བའི་དོན་ཏེ།

འཕོང་གི་སློབ་དཔོན་དགྲ་ལ་བརྡེགས་པ་ལྟ་བུའོ། །དེ་ལྟར་བསྐྱེད་པའི་རིམ་པས་རྫོགས་པའི་རིམ་པ་རྟོགས་པར་གྱུར་ན་ལེགས་པར་སྦྱངས་པ་དང་ལེགས་པར་མ་སྦྱངས་པའི་སློབ་མ་རྗེས་སུ་གཟུང་བའི་ཕྱིར་སྔགས་དང་། ལྷ་དང་། བདག་དང་། ཕྱག་རྒྱའི་དེ་ཁོ་ནས་རིམ་པ་ལྔ་གསལ་བར་

སྟོན་ཏེ། དེ་ལ་ངག་རྣམ་པར་དཔྱོད་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དེ་རླུང་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་ནི་རིམ་པ་གཅིག་གོ། །སེམས་ལ་དམིགས་པ་ནི་བདག་གི་དེ་ཁོ་ན་ཉིད་གཉིས་པའོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་ཕྱག་རྒྱའི་དེ་ཁོ་ན་ཉིད་དེ་གསུམ་

པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པ་ཞེས་བྱ་བ་གཉིས་ནི་འབྲས་བུའི་ངོ་བོའོ། །དེ་བས་ན་ལུས་རྣམ་པར་དཔྱོད་པ་མེད་ན། ངག་རྣམ་པར་དཔྱོད་པའི་ཏིང་ངེ་འཛིན་མེད་པའོ། །དེ་མེད་ན་སེམས་རྣམ་པར་དཔྱོད་པ་ཁོང་དུ་ཆུད་པ་མེད་དོ། །

เล่ม ๓๖ · หน้า 146b

དེ་མེད་ན་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པ་མེད་དོ། །དེ་མེད་ན་དོན་དམ་པའི་བདེན་པ་སྔོན་དུ་བྱ་བ་མེད་དོ། །དེ་ཡང་མེད་ན་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་རྟོགས་པར་བྱེད་མི་ནུས་པའོ། །འདི་ལྟར་རིམ་པ་འདིས་བསླབ་པར་བྱའོ། །རིམ་པ་ལྔ་པའི་བཤད་པ་མདོར་

བསྟན་པའོ།། །།ད་ནི་ཚིག་ལེའུར་བྱས་པ་གཉིས་ཀྱིས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ཕན་ཡོན་སྟོན་ཏེ། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཏེ། རྫོགས་པའི་རྣལ་འབྱོར་ཞེས་བཤད་

དོ། །གོང་དུ་འགྲོ་བའི་མཐར་ཐུག་པས་ན། དེ་ཉིད་རྡོ་རྗེ་འཆང་ཆེན་པོའོ། །དེ་དག་དབྱེར་མེད་པའི་ཕྱིར་དེ་ཉིད་ཀྱི་ན། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་རིམ་པ་ལ་འཇུག་པས་སློབ་བཞིན་པའི་སོ་སོའི་སྐྱེ་བོ་ལ་ཡང་ཐམས་ཅད་མཁྱེན་པ་འབྱུང་སྟེ། སངས་རྒྱས་ཉིད་རབ་

ཏུ་འཐོབ་པའོ། །ཅི་ལྟ་བུ་ཞེ་ན། རྣམ་པ་ཀུན་གྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པས་རྣམ་པ་ཀུན་གྱི་མཆོག་ལྡན་ནོ། །ཤེས་བྱའི་ཕུང་པོ་ཐམས་ཅད་ཁྱབ་པར་མཛད་པས་ན། ཐམས་ཅད་མཁྱེན་པས་དེ་ནས་འགྱུར། །

ཞེས་བྱའོ། །འདིས་ནི་ཤིན་ཏུ་ཕྲ་བའི་ཤེས་བྱའི་སྒྲིབ་པ་ཡང་འཇོམས་པར་སྟོན་ཏོ། །ད་ནི་འདིས་དུས་གསུམ་ཡོངས་སུ་ཤེས་པ་སྟོན་ཏེ། འདས་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ཅུང་ཟད་འཇིག་རྟེན་གསུམ་ན་གནས་པ། ད་ལྟར་དང་། འདས་པ་དང་། མ་འོངས་

པ་ཐམས་ཅད་དེའི་སྐད་ཅིག་ན་ཡེ་ཤེས་ཀྱིས་མངོན་དུ་བྱེད་པ་ནི་མཐོང་བ་སྟེ་ཤེས་བྱའི་དོན་ཏོ། །གང་གིས་ཤེ་ན་འོད་གསལ་བས་ན་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འོད་གསལ་བའི་ཡེ་ཤེས་རྣམ་པར་དག་ཅིང་དྲི་མ་མེད་པ་དེ་ཡིས་སོ། །གང་གི་ཕྱིར་འོད་གསལ་བའི་

ཡེ་ཤེས་ལ་གློ་བུར་གྱི་དྲི་མའི་སྒྲིབ་པ་དང་བཅས་པ་དེ་བས་ན་དེ་རྣམ་པར་དག་པའི་ཕྱིར་རོ། །ཇི་སྐད་དུ། རང་བཞིན་འོད་གསལ་སེམས་འདི་ལ། །གློ་བུར་པ་ཡི་དྲི་མ་སྟེ། །ཆུ་ཁམས་གསེར་དང་ནམ་མཁའ་ལྟར། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་

เล่ม ๓๖ · หน้า 147a

སོ། །དེ་ཉིད་འདི་དག་ཅེས་བྱ་བ་ལ་སོགས་པ་ལ་གང་གོང་དུ་བསྟན་པ་སྟེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པའི་མཚན་ཉིད་ཀྱི་ཡེ་ཤེས་སོ། །དེ་དཔལ་འདུས་པའི་རྒྱུད་དུ་རྒྱས་བཏབ་པ་སྟེ། ཤིན་ཏུ་གསང་བར་གནས་པས་སོ། །བྱིས་པ་སོ་སོའི་

སྐྱེ་བོ་ལ་བསྟན་པར་བྱ་བ་མ་ཡིན་པས་རྒྱས་བཏབ་པ་ལྟ་བུའོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་བྱ་བ་ནི། དགོངས་པ་ལུང་བསྟན་པ་ལ་སོགས་པས་ཁོང་དུ་ཆུད་པར་བྱ་ཞིང་ཤེས་པར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ཡང་རང་ཉིད་ཀྱིས་མ་ཡིན་ཏེ། ཇི་ལྟར་ཞེ་ན། བླ་

མའི་ཁ་ལས་ཞེས་བྱ་བ་སྨོས་ཏེ། སློབ་དཔོན་གྱི་མན་ངག་བརྒྱུད་པ་ལས་ཏེ། རང་ཉིད་འབའ་ཞིག་གི་དབང་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཇི་བཞིན་སྒྲ་ཡི་དོན་ནི་ཡོངས་སུ་བརྟགས་གྱུར་ན། །རང་ཉིད་ཡིད་ཆེས་ཉམས་པ་འཐོབ་ཅེས་སྟོན་པས་གསུངས། །

ཞེས་འབྱུང་བའོ། །ད་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་སྲོག་དང་རྩོལ་བ་བསྒོམ་པ་སྟོན་ཏེ། རླུང་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་དང་། སེམས་བརྟན་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །མདོར་བསྟན་པའི་ཚིག་དེས་ན་མདོར་བྱས་པ་

ཡིན་པའོ། །འཇུག་པ་ནི་འདིར་དྲངས་ནས་བཤད་པར་བྱ་སྟེ། ལྷག་མ་ནི་གོ་སླའོ། །སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་ཚིག་འདིས་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་སྐྱེ་བ་དང་བརྟགས་པའི་ལྷ་ལ་དམིགས་པ་རླུང་གི་དེ་ཁོ་ན་ཉིད་དང་། ཡོངས་སུ་དག་པའི་

ལྷའི་དེ་ཁོ་ན་ཉིད་ཀྱང་རྒྱས་པར་བསྟན་ཏེ། ཐོག་མ་སེམས་ཅན་བསྐྱེད་པའི་རྒྱུ་བསྟན་པར་བྱ་ན། སྟེང་ན་གནས་པའི་སྲོག་དང་རྩོལ་བ་དབང་པོ་གཉིས་མཉམ་པར་སྦྱོར་བའི་དགའ་བས་བསྐྱོད་ནས་ཡན་ལག་ཐམས་ཅད་དུ་ཆགས་པ་ཆེན་པོའི་མེས་ཞུ་བར་བྱས་ནས། བྱང་

ཆུབ་ཀྱི་སེམས་ཐིག་ལེའི་ངོ་བོས་པདྨའི་གེ་སར་དུ་ལྷུང་བ་སྟེ་འདི་ནི་བསྐྱེད་པའི་རིམ་པ་བསྒོམ་པ་རྣམས་ལ། དེ་བཞིན་གཤེགས་པས་ཡུངས་ཀར་གྱི་སྒྲས་བརྡར་བསྟན་ཏེ། ཡུངས་ཀར་ཞེས་བྱ་བ་ནི་དེ་ལ། དེ་ལ་ཡུངས་ཀར་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ། དེའི་ནང་

เล่ม ๓๖ · หน้า 147b

དུ། འཇིག་རྟེན་ཐམས་ཅད་སྐྱེ་བར་འགྱུར། །ཞེས་རྣམ་པར་བསམ་པར་བྱའོ། །ཤུ་ཀྲ་བདུད་རྩི་ཞེས་བྱར་བཤད། །དེ་ལས་འགྲོ་བ་གསུམ་པོ་སྐྱེ། །ཞེས་འབྱུང་སྟེ་ངེས་པའི་དོན་ཏོ། །འདིར་རྟོག་པའི་རྣལ་འབྱོར་པ་ཉིད་གཡོ་བ་དང་མི་གཡོ་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་

བྱང་ཆུབ་ཀྱི་བདག་ཉིད་ཡེ་ཤེས་གསུམ་དུ་རྣམ་པར་བསམ་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །བསྒོམ་མོ་ཞེས་བྱ་བ་ལ། ཡེ་ཤེས་ཀྱི་གནས་ནི་རླུང་དང་རྣམ་པར་ཤེས་པ་ཞེས་བྱ་བ་སྟེ་ཡེ་ཤེས་ཀྱི་སྐུའོ། །ཡིད་དུ་འོང་བ་ནི་འཇའ་ཚོན་ལྟར་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་

པའི་ཕྱིར་རོ། །གསང་ཆེན་ནི་རྟོག་པའི་རྣལ་འབྱོར་པའི་ཡུལ་མ་ཡིན་པའོ། །ཡེ་ཤེས་ཀྱིས་བརྟག་པ་ནི་འོད་གསལ་བའི་ཡེ་ཤེས་ལས་བྱུང་བས་སོ། །དོན་འདི་ཉིད་དགོངས་པས་བཤད་པ་སྟོན་ཏེ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ཞེས་བྱ་

བ་ནི་ཐིག་ལེ་སྟེ། ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ནི། ཁ་དོག་སྣ་ལྔ་པའོ། །ཡུངས་ཀར་ཞེས་བྱ་བ་ནི་ཡུངས་ཀར་གྱི་འབྲུ་ཚོད་ཙམ་སྟེ། སྣའི་རྩེ་མོ་ཞེས་བྱ་བ་སྣའི་སྟེང་གི་བུ་གའི་ནང་དུའོ། །ཁ་ཅིག་ནི་སྣའི་རྩེ་མོའི་ཞེས་བྱ་བའི་སྒྲས་སྙིང་གའི་པདྨའི་ཟེ་འབྲུ་ཡིན་པར་འཆད་དེ།

དེ་ལ་ཡང་ཉེས་པ་མེད་དོ། །དེ་བས་ན། སྙིང་གར་དེ་ལྟར་བསྒོམ་པར་བྱ། །ཞེས་བྱ་བའི་ཐ་ཚིག་གོ། །ནན་ཏན་དུ་ཞེས་བྱ་བ་ནི་རྣམ་པར་གཡེང་བ་ཡོངས་སུ་སྤངས་ཏེ། ཇི་སྲིད་སེམས་མཉམ་པར་གཞག་པས་སོ། །བསྒོམས་ཞེས་བྱ་བ་ནི་གོམས་པར་བྱའོ། །རྣལ་འབྱོར་

རིག་པ་ཞེས་བྱ་བ་ནི་དོན་དམ་པ་ཤེས་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཟོ་ཆུན་བརྒྱུད་པ་ལྟར་རྒྱུན་མི་འཆད་པ་སྟེ། དེ་དག་ནི་དགོངས་པས་བཤད་པའོ། །དེ་ཉིད་རྡོ་རྗེའི་ཚིག་གིས་སླར་བཤད་པ་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བ་བཤད་པའི་རྒྱུད་ལས། རྡོ་རྗེ་འཆང་ཞེས་བྱ་བ་

ནི་ཚིག་གི་ལྷག་མའོ། །དེ་འདིར་དྲང་བར་བྱ་སྟེ། དེ་ནི་ལྷ་མོ་བཤད་པར་བྱ། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་གཉིས་ནི་གོ་སླའོ། །འོན་ཀྱང་དེ་ཁོ་ན་ཉིད་ནི་ཐིག་ལེའི་ངོ་བོ་སྟེ། དེའི་དབུས་ན་གནས་པའི་ལྷ་ནི་རང་རིག་པའི་རང་བཞིན་འབྱུང་བ་ཆེན་པོ་བཞིའི་ངོ་བོ་བདེ་བ་

เล่ม ๓๖ · หน้า 148a

ཆེན་པོའི་དང་སྟེ། དེ་ཡང་མི་གསལ་བ་ནི་རྟོག་པའི་རྣལ་འབྱོར་གྱི་གནས་སྐབས་སོ། །གསལ་བའི་བདག་ཉིད་ནི་རྫོགས་པའི་གནས་སྐབས་སོ། །དོན་དེ་ཉིད་འདུས་པའི་རྒྱུད་ཕྱི་མའི་ལེའུ་བཅོ་བརྒྱད་པར་ཡན་ལག་དྲུག་བསྒོམ་པའི་གནས་སྐབས་སུ་སྲོག་དང་།

རྩོལ་བ་དང་འཛིན་པའི་བདག་ཉིད་ཀྱི་ཡན་ལག་གཉིས་ཚིག་ལེའུར་བྱས་པ་གཉིས་ཀྱིས་སྟོན་ཏེ། ཡེ་ཤེས་ལྔ་ཞེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཉིད་པས་ན་ཡེ་ཤེས་ལྔའི་རང་བཞིན་ནོ། །དབུགས་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གི་རྣམ་པའི་

སེམས་ཏེ། མགྲིན་པ་དང་། རྐན་དང་། མཆུ་གཉིས་ཀྱི་བར་དུ་ཁྱབ་པའོ། །ལྔ་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་ལྷ་མོའི་རང་བཞིན་ཉིད་པས་ན་འབྱུང་བ་བཞིའི་ངོ་བོས་ཏེ་ནམ་མཁའ་ཞེས་བྱ་བ་ནི་ལྔ་པའོ། །བྱུང་ནས་ནི་ཞེས་བྱ་བ་ནི་རྡོ་རྗེའི་ལམ་ནས་སོ་སོར་སྣང་ཞིང་དམིགས་པར་བྱས་

པའོ། །པདྨ་ཞེས་བྱ་བ་ནི་ལྷ་མོའི་པདྨའི་ཟེའུ་འབྲུར་བསྒོམ་པར་བྱ་བ་སྟེ། ཕྲ་མོའི་རྣལ་འབྱོར་བསྒོམ་པ་ན། །སྐྱོའམ་འཇུག་པའི་དོན་དུ་བསྒོམ་པར་ཞེས་ཁ་ཅིག་འཆད་དོ། །གཞན་དག་ནི་ཕྲ་མོའི་དཀྱིལ་འཁོར་གྱི་གཞི་ཉིད་པས་ན། མཚན་མའི་དབུས་ན་གནས་པར་བྱས་ནས་

དེ་བསྒོམ་པར་བྱའོ་ཞེའོ། །ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་གི་མཇུག་བསྡུ་བ་སྟེ་གོ་སླའོ། །ཐིག་ལེའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ནི་སྲོག་དང་རྩོལ་བ་བསྒོམ་པ་སྟོན་ཏོ། །ཕྲ་མོའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ནི་འཛིན་པའི་དོན་སྟོན་ཏེ། རང་སྔགས་

ཞེས་བྱ་བ་ལ་སོགས་པ་ལ། སྙིང་གའི་ཡེ་ཤེས་སེམས་དཔའི་སྙིང་གའི་ཟླ་བ་ལ་རང་གི་ལྷའི་ས་བོན་གྱི་ཡི་གེ་ཇི་ལྟ་བ་བཞིན་ཐིག་ལེའི་གཟུགས་སུ་བྱས་ཤིང་སྲོག་གི་རླུང་དང་ཀུན་དུ་ལྡན་པར་བསྒོམ་པ་སྟེ་སེམས་ཀྱི་དམིགས་པའོ། །སེམས་ནི་ཡིད་དེ་ཐིག་ལེར་གྱུར་པའི་ཐིག་

ལེ་ལ་བསྒོམ་ཞིང་བཀོད་ནས་དེ་ཉིད་ཡང་དང་ཡང་དུ་འདྲིས་པར་བྱ་བའི་དོན་ཏོ། །གཞན་དག་ནི་ཕྲ་མོའི་རྣལ་འབྱོར་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་དབུས་སུ་ས་བོན་དམིགས་ནས་ཡིད་ཀྱིས་འབྱིན་དུར་གྱུར་པར་བྱ་ཞེས་འཆད་དོ། །འཛིན་པ་སྟོན་

เล่ม ๓๖ · หน้า 148b

ཏེ་འདི་ཡང་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ལས་སླར་བཤད་པ་ཞེས་བྱ་བ་འདི་ཡང་། སླར་བཤད་པ་ནི་རྣམ་པར་བཤད་པའོ། །སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་ལ། ཡུངས་ཀར་ཞེས་བྱ་བ་ནི་ཐིག་ལེའི་མིང་དུ་གྱུར་པའོ། །དེ་ལ་ཡང་སྲོག་དང་རྩོལ་བ་དང་རླུང་གི་དེ་ཁོ་ན་

ཉིད་རྟག་ཅིང་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་། འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །ཞེས་བྱ་བ་ཡེ་ཤེས་ལྔ་རྣམ་པར་དག་པས། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། ལུས་ཐམས་ཅད་དུ་ཁྱབ་པར་གནས་པའོ། །

འདིར་འདི་སྐད་གསུངས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའི་རང་བཞིན་སྲོག་དང་རྩོལ་བར་གྱུར་ནས། སྣའི་རྩེ་མོའི་བ་སྤུའི་བུ་ག་ནས། འབྱུང་བ་ཆེན་པོ་བཞིས་བསྐོར་ཞིང་རིམ་པར་སྦྱར་ཏེ་ངེས་པར་འབྱུང་བའོ། །འགྲོ་བ་དང་འོང་བའི་རི་བོ་དེས་ནི་དབུགས་

འབྱུང་བ་དང་རྔུབ་པའི་མཚན་ཉིད་ཀྱི་རྗེས་སུ་དྲན་ནས་དེ་ཡང་རྣལ་འབྱོར་པས་གནས་སྐབས་ཇི་ལྟ་བ་བཞིན་བསམ་པར་བྱ་ཞེས་པའི་དོན་ཏོ། །རླུང་བསྒོམ་པ་དེ་ཡང་རྣམ་པ་དྲུག་སྟེ། ཆོས་མངོན་པའི་མཛོད་ལས་འདི་སྐད་དུ། གྲངས་དང་རྗེས་འགྲོ་འཇོག་པ་དང་། །མཚན་ཉིད་

དང་ནི་རྣམ་འགྱུར་དང་། །ཡོངས་སུ་དག་དང་དྲུག་པོ་འདི། །དབུགས་རྔུབ་དབུགས་དབྱུང་དྲན་པར་འདོད། །ཅེས་གསུངས་པའོ། །དབུགས་རྔུབ་པ་ནི་ནང་དུ་འཇུག་པའི་རླུང་ངོ་། །དབུགས་དབྱུང་བ་ནི་ཕྱིར་རྒྱུ་བའི་རླུང་ངོ་། །དེ་ལ་དམིགས་པའི་ཤེས་པ་ནི་དབུགས་

འབྱུང་བ་དང་རྔུབ་པ་དྲན་པ་སྟེ། དྲན་པའི་རྒྱུ་ཉིད་པས་ན་དྲན་པ་ཞེས་བཤད་དོ། །དེ་ལ་གྲངས་ཞེས་བྱ་བ་ནི་ལུས་སེམས་ངག་གོམས་པ་བླན་ཏེ། དབུགས་འབྱུང་བ་དང་རྔུབ་པ་ཙམ་ལ་གཏད་ནས་གྲངས་གཅིག་དང་གཉིས་ནས་བཅུའི་བར་དུ་དེ་ལྟར་ཡང་དང་

ཡང་དུ་བྱའོ། །འདིའི་སྐྱོན་ནི་རྣམ་པ་གསུམ་སྟེ་མ་ཚང་བའི་གྲངས་ཞེས་བྱ་བ་གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་པའོ། །ལྷག་པའི་གྲངས་ཞེས་བྱ་བ་གཅིག་ལ་གཉིས་སུ་སྦྱོར་བའོ། །ལོག་པའི་གྲངས་ནི་གང་དབུགས་རྔུབ་པ་ལ་དབུགས་འབྱུང་བར་འདོད་པའམ། དབུགས་

เล่ม ๓๖ · หน้า 149a

འབྱུང་བ་ལ་རྔུབ་པར་འཛིན་པའོ། །དེ་ལས་གཞན་པ་ནི་ཡང་དག་པའི་གྲངས་སོ། །བར་དུ་གཡེང་བ་ན་སླར་ཡང་དང་པོའི་གྲངས་ནས་བརྩམས་ནས་བྱ་བ་སྟེ། ཇི་སྲིད་ཏིང་ངེ་འཛིན་ཐོབ་པ་དེ་སྲིད་དུའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པ་

འཇུག་པའི་རླུང་སྟེ། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། རྗེ་ངར་དང་། རྐང་པའི་བར་དུ་རིམ་གྱིས་འཇུག་ཅིང་འགྲོ་བའོ། །འབྱུང་བ་ནི་མཐོ་གང་ངམ་དོའམ། འདོམ་གང་གི་བར་དུའོ། །འཇོག་པ་ཞེས་བྱ་བ་ནི། སྣའི་རྩེ་མོ་

ནས་རྐང་པའི་མཐེ་བོའི་བར་དུ་རིན་པོ་ཆེའི་ཕྲེང་བ་ལྟར་གནས་པར་བལྟ་སྟེ། འདི་རྗེས་སུ་འཛིན་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པའམ། གྲང་བའམ་དྲོ་བ་གཅིག་ཅེས་བྱའོ། །མཚན་ཉིད་ཅེས་བྱ་བ་འདི་ནི་རླུང་འབའ་ཞིག་ཁོ་ན་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་

རྣམས་དང་། དེ་ལ་བརྟེན་པའི་འབྱུང་བ་ལས་གྱུར་པ་རྣམས་དང་། སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ཕུང་པོ་ལྔ་ཉེ་བར་མཚོན་པའོ། །རྣམ་པར་བསྒྱུར་བ་ཞེས་བྱ་བ་ནི། རླུང་གི་རྣམ་པ་བློས་བསྒྱུར་ནས་གོང་ནས་གོང་དུ་དགེ་བའི་རྩ་བ་ཀུན་དུ་སྐྱེད་པ་སྟེ། ཇི་

སྲིད་ཆོས་ཀྱི་མཆོག་དང་པོའི་རྣལ་འབྱོར་ལ་སོགས་པའོ། །ཡོངས་སུ་དག་པ་ནི་གང་མཐོང་བའི་ལམ་ལ་སོགས་པར་དཀྱིལ་འཁོར་གྱི་མཆོག་གི་ཏིང་ངེ་འཛིན་ཀུན་དུ་སྦྱོར་བར་བྱེད་པའོ། །དེ་གང་གི་ཚེ་སྣའི་རྩེ་མོ་ནས་ངེས་པར་འབྱུང་བ་དེའི་ཚེ། གཡོན་ནས་གཡས་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ཏུ་གཡོན་པའི་སྣའི་རྩེ་མོ་ལས། ཁ་ཅིག་ཏུ་གཡས་པའི་སྣའི་རྩེ་མོ་ལས། ཁ་ཅིག་ཏུ་གཉིས་ཀ་ལས། དལ་བར་རྒྱུ་བ་ནི་གཉི་ག་ཁོ་ན་སྟེ། རིམ་གྱིས་རིམ་གྱིས་འཇུག་པའོ། །ཡང་ན་མ་ཡིན་པའོ། །རྣམ་བཞིར་

འགྱུར་ཞེས་བྱ་བ་ལ། །རིམ་པ་འདིས་དུས་རྣམ་པ་བཞིར་འགྱུར་ཏེ། དེས་ནི་རྒྱུ་བའོ། །དེ་ཡང་ནང་གིར་བཤད་དོ། །རླུང་དེ་ཁོ་ན་ཉིད་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་ལ་ཁྱབ་པས་ན་གནས་པ་ཞེས་བྱའོ། །དེ་ནི་དུས་ཏེ་རྒྱུ་བ་ནི་རླུང་ངོ་། །ཐུན་ཕྱེད་ཕྱེད་རླུང་ཀུན་དུ་རྒྱུ་

เล่ม ๓๖ · หน้า 149b

ཞིང་གནས་ཞེས་བྱ་བའི་དོན་ཏོ། །གོ་རིམས་ཇི་བཞིན་ཞེས་བྱ་བ་ནི་དེ་དཀྱིལ་འཁོར་སོ་སོའི་ལྷ་གནས་པ་ལས་མ་འདས་པ་སྟེ། འདིར་དོན་མདོར་བསྟན་པ་ལ་ནི་འདིའོ། །མགྲིན་པ་ནས་བརྩམས་ནས་ལྟེ་བའི་བར་དུ་གཡོན་པའི་ཕྱོགས་སུ་ཐུར་དུ་བལྟས་པའི་རྩ་དེ་ཟླ་བ་དང་།

ཨཱ་ལི་སྟེ་བྱང་ཆུབ་ཀྱི་སེམས་གནས་པའོ། །གང་ལྟེ་བ་ནས་མགྲིན་པའི་མཐར་ཐུག་པར་ཁ་གྱེན་དུ་བལྟས་ཤིང་གཡས་ཕྱོགས་ན་གནས་པའི་རྩ་དེ་ཉི་མ་དང་ཀཱ་ལི་སྟེ། ཁྲག་གནས་པ་ཉིད་དོ། །དེ་ལ་རྩ་གཡོན་པ་ནི་འཇུག་པའི་ལམ་དུ་བྱའོ། །རྩ་གཡས་པ་ནི་འབྱུང་

བའི་ལམ་མོ། །གཉི་ག་ནི་སྣའི་བུ་ག་གཉིས་ནས་རྒྱུ་བའོ། །དེ་དག་ནི་སྣའི་བུ་ག་གཉིས་ནས་ཐུན་ཕྱེད་ཕྱེད་དུ་ཀུན་དུ་རྒྱུ་བ་སྟེ། ཉིན་མཚན་གཉིས་ན་ཆ་བཅུ་དྲུག་ཏུ་འགྱུར་རོ། །ད་ནི་འབྱུང་བ་བཞིའི་དཀྱིལ་འཁོར་རང་གི་ལུས་ཐམས་ཅད་ལ་ཡང་འོད་ཟེར་ཀུན་དུ་རྒྱུ་བས་ཚིག་

ལེའུར་བྱས་པ་དྲུག་གིས་ལྷ་ཉིད་བྱིན་གྱིས་བརླབ་པར་བཤད་དོ། །གཡས་པ་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྣའི་བུ་ག་གཡས་པ་ནས་འོད་ཟེར་འབྱུང་བ་དེའི་ཚེ། མེའི་དཀྱིལ་འཁོར་གནས་པ་ཞེས་བྱ་བར་ཤེས་པར་བྱའོ། །དཀྱིལ་འཁོར་དང་འོད་ཟེར་གཉིས་

སུ་མེད་པར་ཉེ་བར་བརྟགས་པས་ན། ཁ་དོག་དམར་བ་དང་། བྱེ་བྲག་མེད་པ་སྟེ། འདི་དག་ནི་འོད་ཟེར་གྱི་ཁྱད་པར་དུ་ཁོང་དུ་ཆུད་པར་བྱའོ། །གཞན་དུ་བཤད་པར་གྱུར་ན་རྟགས་འཁྲུལ་པའི་སྐྱོན་དུ་འགྱུར་རོ། །དེ་ལྟར་འོག་མ་ལ་ཡང་བཤད་པར་བྱའོ། །འདིར་

ཡང་གནས་པ་པོ་ཉིད་ནི་པདྨའི་མགོན་པོ་སྟེ། འོད་དཔག་ཏུ་མེད་པའི་ལྷ་ཉིད་དུ་རིག་པར་བྱའོ། །དེ་ལྟར་གང་གི་ཚེ་གཡོན་པ་ལས་འོད་ཟེར་ཁ་དོག་ལྗང་སེར་འབྱུང་བ་དེའི་ཚེ། རླུང་གི་དཀྱིལ་འཁོར་ལས་བྱུང་བ། །ཞེས་བྱ་བར་ཤེས་པར་བྱའོ། །ལས་ཀྱི་མགོན་པོ་ནི་

འདིར་དོན་ཡོད་གྲུབ་པ་སྟེ་དེ་འདིར་གནས་པ་པོའོ། །གང་གི་ཚེ་ཡང་གཉི་ག་ལས་ཁ་དོག་སེར་པོ་འབྱུང་བ་དེའི་ཚེ་དབང་ཆེན་གྱི་དཀྱིལ་འཁོར་ལས་བྱུང་བར་ཁོང་དུ་ཆུད་པར་བྱའོ། །རིན་ཆེན་མགོན་པོ་ནི་རིན་ཆེན་འབྱུང་བ་སྟེ། དེ་འདིར་ལྷ་ཉིད་དོ། །གང་གི་ཚེ་དེ་ལ་ཞིང་དམན་

เล่ม ๓๖ · หน้า 150a

པར་རྒྱུ་བ་མེ་ཏོག་ཀུ་མུ་ཏ་དང་། ཟླ་བ་ལྟར་དཀར་བའི་མདོག་ཏུ་འབྱུང་བ་དེའི་ཚེ་ཆུའི་དཀྱིལ་འཁོར་ལས་བྱུང་བར་ཤེས་པར་བྱའོ། །རྡོ་རྗེ་མགོན་པོ་ནི་མི་བསྐྱོད་པ་སྟེ་དེ་འདིར་གནས་པ་པོ་ཉིད་དོ། །ཇི་སྐད་དུ། ཁ་སྦྱར་གྱི་གཞུང་ལས། མེ་ཉིད་དང་ནི་རླུང་དང་ནི། །

དེ་ཉིད་ཆུ་དང་དབང་ཆེན་དུ། །སྟེང་ལོགས་ཐད་ཀར་འོག་ཏུ་ནི། །དཀྱིལ་འཁོར་དེར་ནི་ཀུན་འགྲོའོ། །དབང་ཆེན་གྱིས་ནི་རྒྱལ་སྲིད་འབྱུང་། །ཆུ་ཡིས་ནོར་ནི་ཀུན་དུ་འཕེལ། །མེ་ཡིས་འཆི་བར་འགྱུར་བ་དང་། །རླུང་གིས་ནོར་ནི་ཟད་པར་འགྱུར། །ཞེས་འབྱུང་བའོ། །དེ་ལྟར་འབྱུང་

བ་ཆེན་པོ་བཞི་པོ་དེ་ཡང་ཀུན་དུ་རྒྱུ་བར་རིག་པར་བྱ་སྟེ། གང་ཞིག་སླར་ཡང་ལུས་ཐམས་ཅད་ལ་ཁྱབ་པའི་རླུང་བྱ་བ་ཐམས་ཅད་ལ་འཇུག་པ་པོ་དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ། དེ་ཡང་སྐྱེས་བུ་འཆི་བ་སྲོག་གཏོང་བའི་ལུས་ལས་བྱུང་བ་སྟེ། གཞན་དུ་འགྲོ་བ་ཞེས་པའི་

དོན་ཏོ། །འདི་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གསལ་བར་བསྟན་པ་སྟེ། འདིས་ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དང་། རླུང་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་ཅེས་བྱ་བ་བཞིའི་དོན་གསལ་བར་བྱས་པའོ། །འདི་དག་ཀྱང་རྟོག་གེ་པས་མི་ཤེས་ཏེ་ཁོང་དུ་ཆུད་

པར་མི་འགྱུར་བའོ། །རྣལ་འབྱོར་བྱིས་པ་ནི་ལས་དང་པོ་པ་སྟེ། དེས་ནི་ཁོང་དུ་ཆུད་པར་མི་འགྱུར་བའོ། །རླུང་གི་དེ་ཁོ་ན་ཉིད་ཡན་ལག་དང་བཅས་པ་བཤད་ཟིན་ཏོ། །དེ་བས་ན་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་དེ་རབ་ཏུ་བསྟན་པའི་ཕྱིར་མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལས་གསུངས་ཏེ། དེ་

ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་ཏེ། ཇི་སྐད་དུ། དབང་ཕྱུག་ཕུན་སུམ་ཚོགས་པ་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་

འགྲུས་དང་ནི་གཟུགས་བཟང་པོ། །དྲུག་ལ་ལྡན་པ་ཞེས་གྲགས་སོ། །ཡང་ན་ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་དང་། ལྷའི་བུ་ཞེས་བྱ་བའི་བདུད་རྣམ་པ་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཏེ། གསང་སྔགས་ཀུན་དུ་བསྡུས་པ་གསུངས་སོ་ཞེས་བྱ་བར་

เล่ม ๓๖ · หน้า 150b

སྦྱར་རོ། །ལྷའི་དེ་ཁོ་ན་ཉིད་སུ་ཞིག་གི་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྔ་སྟེ། དེ་རྣམས་ཀྱིས་རིགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་དག་གི་སྐུ་གསུང་ཐུགས་གསང་བ་ཆེན་པོ་གསང་

བའི་ཡི་གེ་གསུམ་མོ། །དེ་ཡང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ནི་སྔགས་ཐམས་ཅད་དེ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ནི། དེ་རྣམས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་དོ། །ཀུན་དུ་སྐུལ་བར་

བྱེད་པ་ནི། བརྩོན་འགྲུས་དང་བཅས་ཤིང་བསྐུལ་བ་ཞེས་བྱ་སྟེ། དེ་ཉིད་ཀྱི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་མཆོག་ཏུ་གསང་བ་ནི། །སྐལ་བ་དམན་པ་ལ་བསྟན་པར་བྱ་བ་མ་ཡིན་པས་སོ། །གང་ལས་ཤེ་ན། རང་གི་སྐུ་དང་གསུང་དང་ཐུགས་ལས་ཏེ།

སྐུ་གསུང་ཐུགས་མཉམ་པར་བཞག་ནས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཚིག་ལམ་ངེས་པ་བརྗོད་པ་ཞེས་བྱ་བ་སྟེ། ཚིག་གི་ལམ་ནི་ཚིག་གི་སྒྲའོ། །དེའི་ངེས་པ་བརྗོད་པ་ནི་ཡང་དང་ཡང་དུ་བརྗོད་པའོ། །ཅིའི་ཕྱིར་ཡང་དང་ཡང་དུ་ངེས་པ་བརྗོད་ཅེ་ན། སྨྲས་པ་འཁོར་དུ་

མའི་བསམ་པའི་ཕྱིར་ཏེ། གང་གི་བཅོམ་ལྡན་འདས་ཆོས་སྟོན་པ་དེའི་ཚེ། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་ལ་སོགས་པ་འཁོར་དུ་མ་ཀུན་དུ་འདུས་པར་གྱུར་པའོ། །དེ་བས་ན་དེ་དག་ལ་ཕན་པའི་ཕྱིར་གསུང་དུ་མས་ངེས་པར་བརྗོད་པ་ལ་སྐྱོན་མེད་དོ། །

གསུང་ཞེས་བྱ་བ་ནི་བཤད་པར་གྱུར་པའོ། །ཨོཾ་ཨཱཿཧཱུྃ་འདིའི་རང་གི་ངོ་བོ་གཏན་ལ་དབབ་པ་ནི་འོག་ནས་བཤད་པར་བྱའོ། །ད་ནི་རྡོ་རྗེ་བཟླས་པ་ངེས་པར་སྟོན་ཏེ། དོན་རྟོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། དོན་རྟོགས་པ་ཁོང་དུ་ཆུད་པ་སྟེ། དེས་ན་གང་དུ་དོན་རྟོགས་པ་དང་

ལྡན་པའི་བཟླས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཇི་ལྟ་བུས་ཤེ་ན། ངོ་བོ་ཉིད་མེད་ཅེས་བྱ་སྟེ། དམིགས་པ་སྤངས་པས་སོ། །ཇི་སྲིད་དུ་དམིགས་པ་ཁོ་ན་ནི་ལས་དང་པོ་པའི་གནས་སྐབས་ཏེ། དེ་ཡང་གྲོལ་བར་འདོད་པས་སྤང་བའོ། །ཡང་ན་ངོ་བོ་ཉིད་མེད་ཅེས་བྱ་

เล่ม ๓๖ · หน้า 151a

བ་ནི། ཡི་གེ་རྣམས་བརྗོད་པ་ནི་ཞིག་པར་འགྱུར་བས་འཛིན་པ་མེད་པའོ། །བཟང་པོ་ཞེས་བྱ་བ་ནི་ཡིད་དུ་འོང་བ་སྟེ། གནས་ཇི་ལྟ་བ་བཞིན་རང་ཉིད་ལྷ་ཉིད་སྒོམ་པ་སྔོན་དུ་འགྲོ་བས་བརྗོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཁྱད་པར་དུ་གྱུར་པའི་བཟླས་པས་དུས་གསུམ་དུ་

བཞུགས་པའི་སངས་རྒྱས་མངོན་སུམ་དུ་གྱུར་པས་ནི་བརྟགས་པ་སྟེ་བསྒོམ་པའོ། །དེ་མདོར་བསྡུས་པ་ནི་རྡོ་རྗེ་བཟླས་པར་བསྟན་ཏེ། འདི་སྐད་དུ་གསུངས་པ་ཡིན་ཏེ། སངས་རྒྱས་སུ་བྱིན་གྱིས་བརླབས་ན། སེམས་འདོད་ཆགས་དང་བྲལ་བར་འཇུག་གོ། །དེ་ནས་ལུས་རྣམ་པར་

དཔྱོད་དེ། དེ་ནས་ཡང་དག་པར་དཔྱོད་པའི་ཏིང་ངེ་འཛིན་ཁོང་དུ་ཆུད་དོ། །དེའི་ཕྱིར་ཡང་རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་གྱིས་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པའོ། །དེ་ཉིད་རྡོ་རྗེ་བཟླས་པའི་མཚན་ཉིད་མདོར་བསྟན་པ་སྟེ། ཇི་སྐད་དུ། རྡོ་རྗེ་ངག་ནི་དབྱངས་སུ་སྦྱོར། །ཞེས་གསུངས་པའོ། །

ད་ནི་ལུས་གདུང་བ་ལ་སོགས་པའི་སྒོ་ནས་སྔགས་མི་འགྲུབ་པར་བཤད་པ་སྟོན་ཏེ། སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། སློང་བའི་ཚོགས་ནི་སློང་བ་པ་སྟེ། སློང་མོའི་ངང་ཚུལ་གྱིས་ཟས་བཟའ་ཞིང་བཟླ་བར་མི་བྱ་བ་སྟེ། བཟླས་བརྗོད་གདོན་པར་མི་བྱ་བ་ཞེས་བྱའོ། །

སློང་མོའི་ཟས་ཞེས་བྱ་བ་ནི་ཉེ་བར་མཚོན་པའི་དོན་ཏེ། དེས་ན་ཡོངས་སུ་ཚོལ་བ་ལ་སོགས་པ་གཞན་རྣམས་དང་ལྡན་པས་བཟའ་བར་མི་བྱ་ཞེས་བྱ་བར་དགོངས་སོ། །མ་བསླངས་པའང་ཞེས་བྱ་བ་ལ་སོགས་པ་ལ། གང་བསླངས་པ་ལས་གཞན་འབད་པ་མེད་པར་རྙེད་པའི་བཟའ་

བ་ནི་མ་བསླངས་པའོ། །དེ་ལ་ཡང་ཆགས་ཤིང་ཞེན་པར་མི་བྱ་བ་སྟེ། ཇི་སྲིད་དུ་ལུས་གནས་པར་འགྱུར་བ་དེ་ཙམ་གྱིས་ཆོག་ཤེས་ཤིང་། མཆོག་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པར་བྱའོ། །ཇི་ལྟར་བཟླ་བར་བྱ་ཞེ་ན། མ་ཉམས་བཟླས་ཞེས་པ་སྟེ། སྔགས་ནི་ཡི་གེ་གསུམ་

མམ་གཞན་པ་སྟེ། མ་ཉམས་ཞེས་བྱ་བ་ལྷ་ཉིད་དང་དབྱེར་མེད་པའམ། དབྱངས་དམན་པ་མ་ཡིན་པ་སྟེ། ཡི་གེ་ཉམས་པ་ཡང་བཟླ་བར་མི་བྱ་ཞེས་གསུངས་པའི་ཕྱིར་རོ། །གང་གི་བཟླ་ཞེ་ན། འདོད་ཀུན་ལ་ལོངས་སྤྱོད་བྱེད་ཅིང་། །ཞེས་བྱ་བ་སྟེ། འདོད་ཀུན་ནི་གཟུགས་

เล่ม ๓๖ · หน้า 151b

དང་སྒྲ་ལ་སོགས་པ་རྣམས་སོ། །བྱེད་ཅེས་བྱ་བ་ནི་འདོད་པ་དེ་ཐམས་ཅད་ལ་ལོངས་སྤྱོད་པར་བྱེད་པའི་སྔགས་པ་སྟེ། སེམས་བདེ་བའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ནས། སེམས་མཉམ་པར་གཞག་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བསྟན་པའོ། །

ཡང་ན་འདོད་པ་ཐམས་ཅད་ནི་འདོད་པའི་རྟོག་པའི་ངོ་བོའོ། །འདི་རྣམས་ལ་ལོངས་སྤྱོད་ཅེས་བྱ་བ་ནི། འཇོམས་པར་བྱེད་པ་སྟེ་བྱེད་ཅེས་བྱ་བ་ནི་སྔགས་པ་འདོད་པ་ཀུན་ལ་ལོངས་སྤྱོད་ཅེས་བྱ་བ་སྟེ། རྣལ་འབྱོར་པ་དེས་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས་བཟླ་བར་བྱ་

ཞེས་བྱ་བའི་དོན་ཏོ། །ད་ནི་སྔགས་ཀྱི་མཚན་ཉིད་འདི་ཁོ་ན་མདོར་བསྟན་པ་བཤད་པའི་རྒྱུད་དགོངས་པ་ལུང་བསྟན་པ་ལས་རྒྱས་པར་གསུངས་པས་དེ་ལ་འཇུག་པར་བྱ་སྟེ། སླར་གསོལ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་བསྟན་པ་དེ་མ་ཐག་ཏུ་བཅོམ་ལྡན་འདས་ལག་ན་རྡོ་རྗེས་

སླར་གསོལ་པ་སྟེ་འདྲི་བ་ཞུས་བའོ། །གང་ལ་གསོལ་ཞེ་ན། དཔལ་རྣམ་པར་སྣང་མཛད་ཅེས་བྱ་བ་སྟེ། དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་རྣམ་པ་གཉིས་སོ། །དེ་ཡང་ལྷན་ཅིག་སྐྱེས་པ་དང་། བསྒྲུབས་པ་ལས་བྱུང་བའོ། །དེ་ལྷན་ཅིག་སྐྱེས་པ་ནི་

གང་རང་བཞིན་གྱིས་འོད་གསལ་བའི་སེམས་སོ། །བསྒྲུབས་པ་ལས་བྱུང་བ་ནི་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པ་སྟེ། དེ་ལྟ་བུའི་དཔལ་གང་ལ་ཡོད་པ་དེ་ནི་དཔལ་དང་ལྡན་པའོ། །དཔལ་དང་ལྡན་པ་ཡང་ཡིན་ལ་རྣམ་པར་སྣང་མཛད་ཀྱང་ཡིན་པས་ན། དཔལ་

ལྡན་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་སྟེ་ཁྱད་པར་གྱི་བསྡུ་བའོ། །ཁྱབ་བདག་ཅེས་བྱ་བ་ནི་ཐམས་ཅད་ཀྱི་གཙོ་བོར་གྱུར་པའོ། །དེ་ལ་གསོལ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །ཅིས་གསོལ་ཞེ་ན། གསོལ་ཞེས་བྱ་བ་ནི་ལས་གཉིས་པ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་

གསུམ་གྱི་མཚན་ཉིད་བསྐྱེད་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྣ་ཚོགས་གཟུགས་ཅན་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་བཞིས་གསོལ་བ་གདབ་པའོ། །སྣ་ཚོགས་གཟུགས་ཅན་ནི་རྣམ་པ་སྣ་ཚོགས་པ་སྟེ། ཡུལ་དང་། སྐད་དང་། ཆ་བྱད་ལ་སོགས་པའི་བྱེ་

เล่ม ๓๖ · หน้า 152a

བྲག་གིས་ཐ་དད་པའི་ཕྱིར་རོ། །གང་ཞིག་ཅེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཐམས་ཅད་སྐྱེད་པ་དེ་བས་ན། ལྷ་དང་ལྷ་མ་ཡིན་དང་། མི་ལ་སོགས་པའི་བར་དུ་དེ་ལས་སྐྱེས་ཞེས་བྱ་བའི་དོན་ཏེ། དེ་ནི་རྒྱུའི་

ལྔ་པའོ། །ཇི་ལྟར་དེ་སྐྱེ་བར་ཁས་བླང་པར་བྱ་ཞེ་ན། དེ་བས་དངོས་པོ་མེད་གྱུར་ཀྱང་། །ཞེས་བྱ་བ་སྟེ་དངོས་པོ་མེད་པ་ནི་རྣམ་པ་མེད་པའི་སེམས་ཏེ། དེ་ལས་སྐྱེས་ཤིང་བྱུང་བར་གྱུར། །ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེས། འཇིག་རྟེན་གྱི་ཐ་སྙད་ཀྱི་གྲུབ་པའི་ཕྱིར་

སྲིད་པའི་ཞེས་བྱ་བའི་དངོས་པོ་བརྗོད་དེ། དེའི་རང་གི་ངོ་བོ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ལན་མང་དུ་བཀག་པའི་ཕྱིར་རོ། །རྗེས་སུ་མྱོང་མཛད་པ་ཞེས་བྱ་བ་ལ་སོགས་པ་ལ། ལེགས་པར་རྗེས་སུ་མྱོང་བ་ཞེས་བྱ་བ་ནི། རང་རིག་པའི་ཤེས་པས་ཉམས་སུ་མྱོང་བ་སྟེ་

ཉམས་སུ་མྱོང་བ་དང་བཅས་པའི་ཤེས་པས་མཉམ་པར་གཞག་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱེར་མེད་པར་ཉེ་བར་གདགས་པའི་ཡི་གེ་གསུམ་ནི་སྐྱེད་པ་པོ་ཡིད་དོ། །མཁའ་དང་མཉམ་པ་ཉིད་ནི་མཁའ་མཉམ་སྟེ།

ནམ་མཁའི་རང་བཞིན་ལྟ་བུར་བསྒྲུབ་པ་མེད་ཅེས་བྱ་བའི་དོན་ཏོ། །སྐྱེ་བོ་མཆོག་གི་ཡུལ་དུ་ཡང་དག་པ་ཕྱིན་ཅི་མ་ལོག་པར་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བའི་དོན་མཛད་པའི་ཕྱིར་ཏེ། སྣོད་དུ་གྱུར་པའི་སྐྱེ་བོ་ཐམས་

ཅད་ཀྱི་ལོངས་སྤྱོད་དུ་གྱུར་པའི་ཕྱིར་རོ། །ད་ལྟར་རྩོད་པའི་དུས་སུ་སེམས་ཅན་དག་འདི་ལྟར་བྱེད་ཅེས་བྱའོ། །སྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པའི་ཐབས་ཙམ་ནི་རང་དད་པའི་ལྷ་ཉིད་མཉེས་པར་བྱ་བའི་ཡན་ལག་བསྟན་བཅོས་ཀྱི་ཆ་ཤས་ཙམ་ཉིད་དུ་ཁོང་དུ་ཆུད་

ནས། རྒྱུད་ཀྱི་དོན་མི་ཤེས་ཤིང་རྒྱབ་ཀྱིས་ཕྱོགས་པ་སྟེ། བདག་ཉིད་བླ་མ་དང་སློབ་དཔོན་ཞེས་བརྗོད་པ་ནི། དེ་ནི་བླ་མ་མ་ཡིན་ཞིང་ང་རྒྱལ་འབའ་ཞིག་ཁོ་ན་རྟོགས་པར་བྱེད་པའོ། །མ་འོངས་པ་ཞེས་པ་ནི་དུས་ཕྱི་མའི་སྐྱེ་བའོ། །གཞན་ཡང་བདག་གི་ཚིག་འདི་དག་ཉིད་ཅེས་བྱ་བ་

เล่ม ๓๖ · หน้า 152b

ལ་སོགས་པ་ལ་བསྟན་བཅོས་འདི་དག་གིས་རྣམ་པར་བྱེ་བའོ་ཞེས་སྟོན་ཅིང་བྱིས་པའི་བློ་གྲོས་ཀྱི་ཤེད་མ་བྱེ་བ་འཇུག་པ་སྟེ། ལམ་ལོག་པ་ལ་འཛུད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དེ་ཡིས་དགོངས་པའི་ཞེས་བྱ་བ་ལ་སོགས་པ་ལ། གང་དགོངས་པ་བཤད་པ།

སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སེམས་རྒྱུད་དེ་དང་དེ་རྣམས་སུ་དེ་ཡང་རྣམ་གྲངས་པ་དང་ཐ་སྙད་བྱེ་བྲག་ཏུ་གསུངས་པ་དོན་དམ་པར་དབྱེར་མེད་པའི་ངོ་བོ་དེ་ཡིས་མི་ཤེས་པ་སྟེ། ཁོང་དུ་མི་ཆུད་ཅིང་དེས་ཅི་ལྟ་བ་བཞིན་དུ་རྟོགས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་རིགས་

པ་དང་བཅས་པ་ཞེས་འཆད་དེ། དེ་ལ་དོན་འདི་ཡང་རིགས་པ་དང་ལྡན་པས་རིགས་པར་འཇུག་པ་ནི་རིགས་པ་དང་བཅས་པ་སྟེ། དེ་འཐད་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཞུ་བ་པོ་ལ་ལན་གསུངས་པ་སྟེ། དེ་ནས་ཞེས་བྱ་བ་ནི་དྲི་བ་ཡོངས་སུ་རྫོགས་

ནས་དེ་མ་ཐག་པ་སྟེ། འདི་འོག་ནས་འཆད་པར་འགྱུར་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །རིགས་ཀྱི་གཙོ་བོར་གྱུར་པས་ན། བདག་པོ་ཞེས་བྱའོ། །གང་ཞིག་ཅེ་ན། རྣམ་པར་སྣང་མཛད་ཅེས་བྱ་བ་གསུངས་ཏེ། རྣམ་པར་སྣང་ཞིང་

འབར་བས་ན་རྣམ་པར་སྣང་མཛད་ཅེས་བྱའོ། །ཆེན་པོ་ཡང་ཡིན་ལ། རྣམ་པར་སྣང་མཛད་ཀྱང་ཡིན་པས་ན་རྣམ་པར་སྣང་མཛད་ཆེན་པོ་སྟེ་ཁྱད་པར་ནི་བསྡུ་བའོ། །ཆེན་པོ་ཞེས་བྱ་བ་ནི་ཐབས་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཐུབ་པས་ན་ཐུབ་པ་ཞེས་

བྱའོ། །ཞུ་བ་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་གསུངས་ཞེས་བྱ་བ་ནི། གསུངས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་མཛད་ནས་ཤེ་ན། ལེགས་སོ་ཞེས་གསུངས་པར་མཛད་ནས་སོ། །ལན་གསུམ་མཛད་ནས་ཏེ། གསུངས་ཞེས་བྱ་བའི་ཐ་ཚིག་གོ། །

བཤད་པར་བྱ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་སྔགས་ཀྱིས་བྱེ་བྲག་རྣམ་པ་བཞི་སྟོན་ཏེ། རབ་ཏུ་ཕྱེ་བ་ནས་ཞེས་བྱ་བ་ནི་རྣམ་པ་བཞི་གསལ་བར་ཕྱེ་ནས་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་རྣམ་པར་རྟོག་པ་སྤངས་པའི་དོན་གང་ཡིན་པ་དེ་ནི་རྣམ་པར་མི་

เล่ม ๓๖ · หน้า 153a

རྟོག་པའི་དོན་ཏོ། །དེའི་དེ་ཁོ་ན་ཉིད་ནི་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པའོ། །དེའི་ཕྱིར་འདི་ལྟར་སྔགས་ཀྱི་དོན་ཡི་གེ་བསྒྲུབ་པའི་བདག་ཉིད་ཅན་ཐོག་མ་གསུངས་པའོ། །བརྗོད་པ་ནི་སྟོན་པ་སྟེ། དེ་ཡང་ཡི་གེ་རེ་རེ་ལ་བརྟེན་ནས་བཏུ་བ་ཞེས་བྱ་བའོ། །སྦྱོར་བ་འདི་

དང་ལྡན་པས་དམིགས་པ་ཐོབ་པ་གང་ཡིན་པ་དེ་ནི་དམིགས་པ་ཞེས་བྱའོ། །བརྗོད་པ་ཡང་ཡིན་ལ། དམིགས་པ་ཡང་ཡིན་པས་ན་བརྗོད་པ་དམིགས་པ་སྟེ། ཁྱད་པར་གྱི་བསྡུ་བའོ། །སངས་རྒྱས་ཉིད་ཅེས་བྱ་བ་ལ། དེ་ཡང་སངས་རྒྱས་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའོ། །

ཉེ་བར་དམིགས་པ་ཐོབ་པར་བྱེད་པའི་རྒྱུའོ། །འདིས་སྔགས་བཏུ་བ་སྟེ། གཉིས་པ་སྟོན་ཏོ། །བརྡ་ཞེས་བྱ་བ་ལ། སྦྲུལ་ལ་སོགས་པའི་མིང་དང་ལྡན་པ་སྟེ། སྩོགས་པའི་སྒྲས་ཐོག་མཐའ་མེད་པའི་སྔགས་དང་། བཏུ་བའི་སྔགས་དང་། མཐའ་མེད་ཀྱི་སྔགས་རྣམས་ཤེས་པར་བྱའོ། །

དེ་ལ་ཨོཾ་ཞེས་བྱ་བ་དང་པོ་དང་། སྭཱ་ཧཱ་མཐར་གནས་པའི་སྦྲུལ་ལྟ་བུའི་སྔགས་ཏེ་ཐོག་མཐའ་གཉིས་དང་ལྡན་པའི་ཕྱིར་རོ། །ཨོཾ་དང་སྭཱ་ཧཱ་མེད་པའི་སྔགས་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ནི་མགོ་མེད་ཀྱི་སྔགས་ཏེ། ཐོག་མཐའ་གཉིས་དང་མི་ལྡན་པའི་ཕྱིར་རོ། །བཏུ་བའི་སྔགས་ནི་

དབྱངས་དང་གསལ་བྱེད་ཐོད་ལོ་ཀོར་གྱིས་རྣམ་པར་ཕྱེ་བས་ཏེ། ཕྲེང་བ་ལྟ་བུའི་སྔགས་ལ་སོགས་པའམ། གཞན་ཡང་བཏུས་ནས་རྣམ་པར་བྱས་པའི་ཕྱིར་རོ། །མཐའ་མེད་ཀྱི་སྔགས་ནི་ཨོཾ་དང་ལྡན་ལ་སྭཱ་ཧཱ་ནི་མེད་པ་སྟེ་མཐའ་དང་མི་ལྡན་པའི་ཕྱིར་རོ། །འདི་དག་ནི་སྔགས་ཀྱི་བརྡ་

བརྗོད་པ་སྟེ་གསུམ་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མ་ཉམས་པ་ལས་བྱུང་བས་ན་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ་བཞི་པའོ། །དེ་ནི་དོན་དམ་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ལ་བཤད་མ་ཐག་པ་རྣམ་པ་བཞི་ཡང་དོན་དམ་པ་ཉིད་ཅེས་བྱ་བའོ། །དོན་དམ་པའི་

རྒྱུ་ཞེས་བྱ་བའི་ཐ་ཚིག་སྟེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །སྔགས་ཀྱི་དབྱེ་བ་རྣམ་པ་བཞི་ཡང་བསྟན་ཏོ། །ད་ནི་ཡི་གེའི་དོན་གྱི་རྣམ་པ་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། །གཅིག་ནི་མི་འགྱུར་བའི་རང་གི་ངོ་བོ་དང་པོའི་ཡི་གེ་ཨ་སྟེ་དོན་དམ་པ་ཉིད་དོ། །

เล่ม ๓๖ · หน้า 153b

དགུ་དབུས་ཞེས་བྱ་བ་ཡི་གེ་སྡེ་ཚན་དགུའི་གྲངས་ངེས་པར་བཅད་པ་གང་ཡིན་པ་དེའི་དབུས་ན་སྟེ་གང་གི་ཕྱིར་འདིར་བརྗོད་པའི་དོན་ཏོ། །དེ་བས་ན་དེ་མེད་ན་ཀ་དང་ཧའི་བར་དུ་ཡི་གེ་རྣམས་བརྗོད་པར་མི་ནུས་པ་སྟེ། དབྱངས་མེད་པའི་ཕྱིར་རོ། །ནའི་སྒྲ་ནི་ཐམས་ཅད་དུ་

ཡང་གི་དོན་ཏོ། །གང་ཞིག་བཅུ་ཡིས་མ་བཅིངས་པ། །ཞེས་བྱ་བ་ལ། དབྱངས་ཡི་གེ་བཅུ་དྲུག་གི་ནང་ནས་སྔ་མའི་ཡི་གེ་བརྒྱད་ནི་ཐུང་ངུའི་སྡེ་ཚན་ནོ། །ཕྱི་མ་བརྒྱད་ནི་རིང་པོའི་སྡེ་ཚན་ནོ། །ཀ་ལ་སོགས་པ་ལྔའི་སྡེ་ཚན་ལྔ་དང་། ཡ་ལ་སོགས་པ་འབྱུང་བ་བཞིའི་སྡེ་ཚན་དང་།

གཞན་ཡང་ཤ་ལ་སོགས་པ་སྡེ་ཚན་བརྒྱད་པའི་ཐ་མ་དང་། བཅུ་པ་མི་འགྱུར་པའི་ཡི་གེ་ཨའོ། །དེ་ཡང་ཁ་ཅིག་ནི་ཨ་དང་གཞན་ཐ་དད་པའི་སྡེ་ཚན་ཁོ་ནར་འདོད་དོ། །གང་དག་གི་རྣམ་པར་རྟོག་པའི་ངོ་བོ་བཅུ་པོ་འདི་རྣམས་ཀྱིས་རྣལ་འབྱོར་པའི་ངག་མ་བཅིངས་པའོ། །དེ་ནི་

བཅིངས་མེད་ཅེས་བྱ་བ་ལ། མ་བཅིངས་པ་ནི་འཁོར་བའི་བཙོན་ར་ལས་ཐར་པའོ། །ཤེས་པར་བྱ་ཞེས་བྱ་བ་ནི། ཁོང་དུ་ཆུད་པར་བྱ་བའོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཤེས་པ་མཆོག་གི་གནས་ཞེས་བྱ་བ་ནི་ངག་གི་རྣམ་པར་རྟོག་པ་སྤངས་པའི་ངོ་བོ་མི་འགྱུར་

བའི་གནས་ཞེས་བྱ་བ་སྟེ་ཡི་གེའི་དོན་ཏོ། །བསྡུས་པའི་སྤྱིའི་དོན་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ཉིད་ནི་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཡི་གེ་སྟེ། ཤེས་རབ་ཀྱི་རང་གི་ངོ་བོའོ། །དང་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྐྱེ་བའི་འབྱུང་གནས་

སོ། །དགུ་དབུས་ན་ཞེས་བྱ་བ་ནི་ཡི་གེ་དེ་ཉིད་ཕུང་པོ་ལྔ་དང་། འབྱུང་བ་བཞི་ཞེས་བྱ་བའི་དགུའི་དབུས་ན་རང་རིག་པའི་མཚན་ཉིད་གནས་པའོ། །ཕུང་པོ་དང་འབྱུང་བ་དགུ་པོ་རང་བཞིན་འདི་རྣམས་དང་བཅས་པས། ཨེས་ཀྱང་གང་ཞིག་བཅིངས་མེད་པ། །ཞེས་བྱ་

སྟེ། འཁོར་བའི་ཞགས་པས་མ་བཅིངས་པ། །ཞེས་བྱ་བ་སྟེ། ཡི་གེ་གསུམ་གྱི་ངོ་བོ་ཉིད་པས་ན། ལུས་ངག་ཡིད་གསུམ་མོ། །དེ་ནི་བཅིངས་མེད་ཅེས་བྱ་བ་འཁོར་བའི་ཞགས་པ་ལས་གྲོལ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པར་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཞེས་བྱ་བ་ནི་རྣལ་

เล่ม ๓๖ · หน้า 154a

འབྱོར་པ་སྟེ། རིག་ན་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་དོན་ཏོ། །མཆོག་གི་གནས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རང་གི་ངོ་བོ་ཡི་གེ་གསུམ་གྱི་བདག་ཉིད་ཅེས་བྱའོ། །སྤྱིའི་དོན་དེ་འགྱོད་པ་མེད་པའི་ཕྱིར་རོ། །སླར་ཡང་སྤྱིའི་དོན་སྟོན་ཏོ། །གཅིག་ཅེས་བྱ་བ་ལ་སོགས་པ་

ལ། །གཅིག་དང་པོ་གང་ཡིན་པ་དེ་ནི་གཅིག་དང་པོ་སྟེ། ཨཱ་ལིའི་རིམ་པའོ། །གཞན་ཡང་གཅིག་དང་པོ་གང་ཡིན་པ་དེ་ནི་གཅིག་དང་པོ་སྟེ་ཀཱ་ལིའོ། །དགུ་ཞེས་བྱ་བ་ནི་སྡེ་ཚན་དགུའི་མཚན་ཉིད་དེ་གཅིག་དང་པོ་ཡང་ཡིན་ལ། སྡེ་ཚན་དགུར་བཅས་ཡང་ཡིན་པས་ན། སྡེ་ཚན་

དགུའི་དང་པོ་སྟེ། ཁྱད་པར་གྱི་བསྡུ་བའོ། །དབུས་ཞེས་བྱ་བ་ནི་ལུས་ཀྱི་ལྟེ་བ་སྟེ། གནས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བཅུ་ཡི་ཞེས་བྱ་བ་ནི་ཡི་གེའི་ཕྱི་མོ་སྡེ་ཚན་དགུ་དང་། དང་པོའི་ཡི་གེ་འདི་རྣམས་ཀྱིས་སོ། །གང་ཞིག་ཅེས་བྱ་བ་ནི་བསྒོམ་པ་གོམས་པ་དང་ལྡན་པའོ། །

མ་བཅིངས་པ་ཞེས་བྱ་བ་ནི་མ་བསྡམས་པ་སྟེ། སྡེ་ཚན་དེ་རྣམས་སྒྱུ་མའི་རང་གི་ངོ་བོ་ཉིད་དེ། བརྗོད་མ་ཐག་ཏུ་འཇིག་པས་ཀྱང་ངོ་། །དེ་ནི་བཅིང་མེད་ཅེས་བྱ་བ་ནི་ངག་གི་རང་བཞིན་ཡི་གེ་རྣམས་ལ་མ་ཞེན་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ཞེས་བྱ་བ་ནི་ཡི་གེའི་

ཕྱི་མོ་བསྒོམ་པ་དང་ལྡན་པའོ། །རིག་ཅེས་བྱ་བ་ནི་ཤེས་པའི་དོན་ཏོ། །མཆོག་ཅེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཡི་གེ་ཕྱི་མོ་བརྗོད་པའི་གནས་ཀྱི་ཁྱད་པར་རོ། །བསྐྱེད་པའི་རིམ་པ་ལ་སོགས་པ་གོམས་པ་སྤྱིའི་དོན་བཤད་པ་སྟོན་ཏོ། །ད་ནི་སྦས་པའི་བཤད་པ་སྟོན་ཏེ། གཅིག་

ཅེས་བྱ་བ་ལ་སོགས་པ་ལ་ཁ་ཅིག་ནི་སྲོག་གི་ངོ་བོ་རླུང་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ནོ། །དང་པོ་ཞེས་བྱ་བ་ནི་མཆོག་གོ། །དགུ་དབུས་ན་ཞེས་བྱ་བ་ནི་རླུང་དགུ་པོ་རྣམས་ཀྱི་དབུས་ཏེ། སྙིང་པོ་ཞེས་བྱ་བའི་བར་དུའོ། །རླུང་དགུ་པོ་རྣམས་ནི་སྔར་བཤད་པའོ། །བཅུ་ཡིས་ཞེས་

བྱ་བ་ནི་རླུང་དགུ་དང་། དང་པོའི་རླུང་སྲོག་གི་ངོ་བོ་དང་བཅུས་སོ། །གང་ཞིག་ཅེས་བྱ་བ་ནི་མངོན་པར་བརྗོད་པའི་སྔགས་ཀྱི་བདག་ཉིད་ཅན་ནོ། །མ་བཅིངས་པ་ཞེས་བྱ་བ་ནི་མ་ཞེན་པ་སྟེ། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ནི་

เล่ม ๓๖ · หน้า 154b

བཅིངས་མེད་ཅེས་བྱ་བ་ནི། འདོད་པ་ཇི་ལྟ་བ་བཞིན་བྱ་བ་བྱེད་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་གོམས་པ་དང་ལྡན་པའོ། །རིག་ཅེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྩ་ལ་རྒྱུ་བའི་རིམ་པས་ཞེས་པའོ། །འདོད་ཆགས་ཀྱི་ཆོས་སྟོན་པས་ན་

སྦས་པའོ། །ཡང་དེ་ཉིད་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ནི་མི་རྒྱུ་བ་བརྗོད་དུ་མེད་པ་ནམ་མཁའི་རང་བཞིན་ཐེར་ཟུག་པའི་ཡི་གེའོ། །དང་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་འབྱུང་བའི་གནས་སོ། །དགུ་དབུས་ན་ཞེས་བྱ་བ་ནི་དབང་པོ་ལྔ་དང་འབྱུང་བ་བཞི་མཐར་

ཐུག་པ་ཡིན་ཏེ། གནས་དེ་ལ་གནས་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བཅུ་ཡིས་ཞེས་བྱ་བ་ནི་དབང་པོ་ལྔ་དང་ཡུལ་ལྔའོ། །འདི་རྣམས་ཀྱིས་སོ། །གང་ཞིག་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྤངས་པའི་རྣལ་འབྱོར་པའོ། །མ་བཅིངས་པ་ཞེས་བྱ་བ་ནི་རྣམ་པར་

གཡེང་བ་བསྟེན་པར་མི་འགྱུར་བའོ། །དེ་ནི་བཅིངས་མེད་ཅེས་བྱ་བ་ནི་མི་གཡོ་བའི་སེམས་སོ། །ཤེས་བྱས་ནས་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བའོ། །དེ་ཞེས་བྱ་བ་ནི་ཡེ་ཤེས་ལ་མངོན་པར་བརྩོན་པའོ། །ཤེས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་དོན་ཏོ། །མཆོག་ཅེས་

བྱ་བ་ནི་ཆོས་ཀྱི་དབྱིངས་མི་ཤིགས་པའི་མཚན་ཉིད་ཅེས་བྱ་བ་སྟེ། རང་རིག་པའི་ངོ་བོ་དེ་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཀྱི་དོན་ཁོང་དུ་ཆུད་པས་ན་སྦས་པ་ཉིད་དོ། །ཡང་དེ་ཉིད་སྟོན་ཏེ་གཅིག་ཅེས་བྱ་བ་ནི་གང་གི་ཕྱིར་རྟོགས་པར་དཀའ་བ། །རྟག་པར་

སྣང་བ་འོད་གསལ་བའི་ངོ་བོ་ཐིག་ལེ་ཡང་མི་ཤིགས་པ་ཞེས་པ་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ་བརྟེན་ཅིང་ཨ་ལ་གནས་པ་འབྱུང་བ་བཞི་ཡང་དག་པར་རིག་པའི་རང་བཞིན་ནོ། །དང་པོ་ཞེས་བྱ་བ་ནི་དང་པོའི་ཡེ་ཤེས་ཏེ། མན་ངག་གི་དུས་སུ་ཐོག་མར་དེ་

ཉམས་སུ་མྱོང་བའོ། །དགུ་དབུས་ན་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པའི་འདབ་མ་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་བྱ་བ་བརྒྱད་དང་། དགུ་པ་ཐིག་ལེའི་ངོ་བོ་ཉམས་སུ་མྱོང་བ་ཡིན་ཏེ། གནས་པ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །བཅུ་ཡིས་ཞེས་བྱ་བ་ནི་

เล่ม ๓๖ · หน้า 155a

སེམས་ཀྱི་རྣམ་པར་རྟོག་པའི་གཡེང་བ་རྣམས་ཀྱིས་སོ། །ཇི་སྐད་དུ། ཡོད་མེད་དང་ནི་སྒྲོ་འདོགས་སྐུར་འདེབས་རྟོགས་པ་དང་། །གཅིག་དང་དུ་མ་ཉིད་དང་ཁྱད་པར་མེད་རྟོག་པ། །དོན་ལ་ཇི་བཞིན་མིང་ནི་མངོན་པར་ཞེན་རྟོག་པ། །རྒྱལ་བ་སྲས་

དང་བཅས་པས་ཡང་དག་སྤང་བར་བྱ། །ཞེས་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པ་ལ་ལྷག་པར་གནས་པའི་རྣལ་འབྱོར་པའོ། །མ་བཅིངས་པ་ཞེས་བྱ་བ་ནི་ཞེན་པ་མི་བསྟན་པའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། ཇི་སྐད་

དུ། །རྣམ་པར་གཡེང་བ་བཅུ་པོ་ཡིས། །སེམས་ནི་གཞན་དུ་གཡེངས་པ་ན། །གཉིས་མེད་ཡེ་ཤེས་སྒྲུབ་པ་ཡིས། །སྣོད་དུ་བྱིས་པ་འགྱུར་མ་ཡིན། །དེ་ནི་སྤངས་ཕྱིར་ཕན་ཚུན་དུ། །མི་མཐུན་པ་དང་གཉེན་པོ་དག །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །གཞུང་

དུ་ཡང་དག་བསྡུས་ཏེ་བསྟན། །ཞེས་གསུངས་པའོ། །དེ་ནི་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པའོ། །ཨས་བཅིངས་ཞེས་བྱ་བ་ནི་ཨས་བཅིངས་པས་ན་ཨས་བཅིངས་ཏེ། ཨར་བརྡར་བཏགས་པའི་འོད་གསལ་བའི་ཡི་གེས་བཅིངས་ཞེས་

དགར་བའི་དོན་ཏོ། །གང་ཡང་སྔར་བཤད་པ་ནི། ཨ་ལ་ཡོངས་སུ་གནས་པའི་ཐིག་ལེ་ཞེས་བཤད་ལ། འདིར་ཨས་བཅིངས་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན་སྨྲས་པ། དེ་དག་ནི་གཅིག་པ་སྟེ། དེ་བས་ན་དེ་མེད་ན་ཐིག་ལེ་ཡང་བརྗོད་པར་མི་ནུས་པ་ཉིད་ཀྱི་

ཕྱིར་རོ། །དེ་ཤེས་པ་ཞེས་བྱ་བ་ནི་དེའི་མི་ཟད་པའི་ཡེ་ཤེས་རང་རིག་པའི་ངོ་བོ་ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་གསུམ་རྣམ་པར་དབྱེ་བ་སྟོན་པ་སྦས་པའི་བཤད་པ་རྣམ་པ་གསུམ་མོ། །མཐར་ཐུག་པས་བཤད་པ་སྟོན་ཏེ། གཅིག་ཅེས་བྱ་བ་ལ་

སོགས་པ་ལ། གཅིག་ནི་མི་འགྱུར་བའི་ཡི་གེ་ཨའོ། །དང་པོ་ཞེས་བྱ་བ་ནི་དང་པོར་གྱུར་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ་ཧཱུྃ་ངོ་། །དགུ་དབུས་ན་ཞེས་བྱ་བ་ནི་ལུས་ཀྱི་གནས་དགུའི་ནང་ན་སྟེ། གནས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་སྐད་དུ། མགྲིན་སྙིང་ལྟེ་བ་

เล่ม ๓๖ · หน้า 155b

གསང་བ་ཡི། །པདྨ་ལ་གནས་ཧཱུྃ་དུ་གྲགས། །མེ་ཆུ་དེ་བཞིན་རླུང་དང་ནི། །ས་ཡི་དཀྱིལ་འཁོར་རྣམས་དག་པའོ། །ཞེས་གསུངས་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་ཉིད་བཤད་པ་བསྟན་ཏེ། མགྲིན་པའི་མེའི་དཀྱིལ་འཁོར་དང་པདྨ་ལ། སྙིང་གའི་ཆུའི་

དཀྱིལ་འཁོར་དང་པདྨ་ལ། ལྟེ་བའི་རླུང་གི་དཀྱིལ་འཁོར་དང་པདྨ་ལ། གསང་བའི་སའི་དཀྱིལ་འཁོར་དང་པདྨ་ལ། འདི་ལྟར་བརྒྱད་དང་ཡིད་དང་དགུ། །ནམ་མཁའ་ལྡན་པས་བྱུང་བ་ཉིད་ཀྱི་གནས་པ་སྟེ་ཧཱུྃ་ངོ་། །བཅུ་ཡིས་ཞེས་བྱ་བ་ནི་དགུ་པོ་དེ་རྣམས་དང་། ནམ་

མཁའ་དང་བཅུས་སོ། །གང་ཞིག་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རྣལ་འབྱོར་པའོ། །མ་བཅིངས་པ་ཞེས་བྱ་བ་ནི་མ་གོས་པའི་དོན་ཏོ། །མི་དམིགས་པའི་ཕྱིར་དང་། དེ་སྲོག་གི་ངོ་བོ་ཡིན་པས་ནའོ། །དེ་ནི་ཞེས་བྱ་བ་ནི་ཡོན་ཏན་གྱི་ཚོགས་དང་ལྡན་པའི་དང་པོའི་ཡི་

གེ་སྟེ་རྡོ་རྗེ་སེམས་པའི་རང་གི་ངོ་བོའོ། །བཅིངས་མེད་ཅེས་བྱ་བ་ནི་བསྡམས་པ་མེད་པའོ། །ཤེས་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཤེས་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །མཆོག་ཅེས་བྱ་བ་ནི་ཡེ་ཤེས་ལྔའི་རང་གི་ངོ་བོ་ཐོབ་པ་ཞེས་

བྱ་བ་སྟེ། འོད་གསལ་བ་གསལ་བར་བསྟན་པ་ན་མཐར་ཐུག་པའོ། །སླར་ཡང་དེ་ཉིད་སྟོན་ཏེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ནི་ཕྲ་བའི་ཁམས་འགྱུར་བ་མེད་པ། སེམས་དང་ལྷན་ཅིག་གཉིས་སུ་མེད་པའི་ཡེ་ཤེས་སུ་གནས་པ། ཐབས་དང་ཤེས་

རབ་སྙོམས་པར་འཇུག་པས་ཉི་མ་དང་ཟླ་བ་དང་། མེ་ལྟར་འདྲེས་པར་གྱུར་པ། སྟོང་པ་ཉིད་གསུམ་དང་། སྣང་བ་མཆེད་པ་རང་གི་ངོ་བོའོ། །དང་པོ་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་ནི་མི་ཤིགས་པའི་ཡི་གེ་ཨའོ། །དེ་ལས་ཡང་དག་པར་བྱུང་བ་དུས་གསུམ་པ། ཡི་

གེ་གསུམ་བརྗོད་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །དགུ་ཞེས་བྱ་བ་ནི་དེ་ཡང་སྒྲ་མཐར་ཕྱིན་པའི་སྡེ་ཚན་དགུའི་ནང་ན་གནས་པའོ། །གཞན་ཡང་དབུགས་དབྱུང་བ་དང་རྔུབ་པ་དང་པོའི་རྣལ་འབྱོར་པ་སྟེ། མྱུར་བ་དང་གཉི་ག་མ་ཡིན་པ་དང་དལ་བ་ཅན་ཏེ། རྣམ་པར་

เล่ม ๓๖ · หน้า 156a

ལྡང་བ་དང་། འཇུག་པ་དང་གནས་པའི་མཚན་ཉིད་དོ། །བཅུ་ཡིས་ཞེས་བྱ་བ་ནི་དབང་པོ་དང་ཡུལ་རྣམས་ཀྱིས་སོ། །གང་ཞིག་ཅེས་བྱ་བ་ནི་ཕྲ་བའི་ཁམས་སོ། །མ་བཅིངས་པ་ཞེས་བྱ་བ་ནི་རྗེས་སུ་ཞེན་པ་དང་བཅས་པར་མི་བྱའོ། །འདི་སྐད་གསུངས་

ཏེ། ལྟེ་བའི་དབུས་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་དང་། དེ་ལས་ཨཱ་ལི་དང་ཀཱ་ལིའོ། །དེ་དག་ལས་དབུགས་དབྱུང་བ་དང་རྔུབ་པ་སྟེ། ཉི་མ་དང་ཟླ་བ་ཐབས་དང་ཤེས་རབ་དེ་དག་ངེས་པར་སྦྱར་བས་འཇུག་པ་དང་། གནས་པ་དང་ལྡང་བའི་མཚན་ཉིད་ཅན་

དེས་བདེ་བ་ཆེན་པོར་གནས་པར་རྟོགས་ནས། སྟོང་པ་གསུམ་གྱི་གསལ་བ་ཉམས་པར་གྱུར་ན་འོད་གསལ་བ་མངོན་དུ་བྱེད་པས་ན། དབང་པོ་དང་ཤེས་པ་མེད་ན་རྣམ་པར་རྟོག་པས་ཕན་ཚུན་མ་བཅིངས་པའོ། །ཡི་གེ་གསུམ་ཉིན་མཚན་ཕྱེད་མར་རྒྱུན་དུ་གྱུར་ཅེས་བྱ་

བ་དེའི་མཐར་ཐུག་པའི་དོན་ཏོ། །དེ་ནི་ཡོན་ཏན་གྱི་ཚོགས་ཀྱི་གནས་ཞེས་བྱ་བའི་ཐ་ཚིག་གོ། །ཨས་བཅིངས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣལ་འབྱོར་ཞེས་བྱ་བའི་བར་དུའོ། །དེ་ཞེས་བྱ་བ་ནི་ཡེ་ཤེས་མཐར་ཕྱིན་པའི་རྣལ་འབྱོར་པའོ། །ཤེས་པ་ནི་

ཉམས་སུ་མྱོང་བའོ། །མཆོག་ཅེས་བྱ་བ་ནི་ལྷུན་གྱིས་གྲུབ་པ་མཐར་ཐུག་པའི་ཡེ་ཤེས་ཀྱི་རྒྱུན་ཉིད་དེ་དེ་བཞིན་ཉམས་སུ་མྱོང་བ་ཞེས་བྱ་སྟེ་ཟུང་དུ་འཇུག་པ་གསལ་བར་བྱེད་པས་ན་མཐར་ཐུག་པའོ། །ཤེས་པའི་དོན་གྱི་ཚིགས་སུ་བཅད་པའོ། །འདིས་མཐའ་དྲུག་

རྣམ་པར་དབྱེ་བ་རབ་ཏུ་སྟོན་ཏེ། གང་གི་ཕྱིར་རྩ་བ་ནི་དགོངས་པས་བཤད་པའོ། །ཡི་གེའི་དོན་གྱིས་ནི་དགོངས་པ་མ་ཡིན་པས་བཤད་པའོ། །སྤྱིའི་དོན་གྱིས་ནི་དྲང་བ་དང་ངེས་པའི་དོན་ཏོ། །སྦས་པའི་དོན་གྱི་སྒྲ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །མཐར་ཐུག་པས་

ནི་སྒྲ་ཇི་བཞིན་པའོ། །དེ་ཉིད་བརྟག་པར་མཐའ་དྲུག་པའི་རྗེས་སུ་འབྲངས་ནས། བཤད་པ་རྣམ་བཞིའི་རིམ་པས་ཚིགས་སུ་བཅད་པ་དང་པོ་དོན་བརྒྱད་ཀྱིས་བཤད་ནས། ཡང་དོན་དེ་ཉིད་གསལ་བར་བསྟན་ཏེ། དབྱངས་དང་གསལ་བྱེད་ཡི་གེ་སྟེ། །ཞེས་བྱ་བ་

เล่ม ๓๖ · หน้า 156b

ལ་སོགས་པ་ལ། དབྱངས་དང་གསལ་བྱེད་དང་། ཡི་གེ་ནི་དབྱངས་དང་གསལ་བྱེད་དང་ཡི་གེའོ། །དབྱངས་ནི་ཨ་ལ་སོགས་པ་བཅུ་དྲུག་གོ། །གསལ་བྱེད་ནི་ཀ་ལ་སོགས་པ་ཉི་ཤུ་རྩ་ལྔའོ། །ཡི་གེ་ནི་ཡ་ལ་སོགས་པ་བརྒྱད་དོ། །གྲངས་དགུའི་ཞེས་བྱ་

བ་ལ། །དབྱངས་རྣམས་ལ་ཐུང་ངུ་དང་། རིང་པོའི་བྱེ་བྲག་གིས་སྡེ་ཚན་གཉིས་སོ། །གསལ་བྱེད་ལྔ་ལྔ་པ་རྣམས་ཀྱི་སྡེ་ཚན་ལྔའོ། །ཡི་གེ་ལ་སྡེ་ཚན་རྣམ་པ་གཉིས་ཏེ། འདི་ལྟར་གྲངས་དགུའོ། །དེའི་རྗེས་སུ་འཇུག་པའི་ངང་ཚུལ་ཅན་གང་ཡིན་པ་དེ་རྣམས་ནི་

གྲངས་དགུའི་རྗེས་སུ་འཇུག་པའོ། །ཨས་བཅིངས་ཞེས་བྱ་བ་ནི་མ་ཉམས་པའི་སྒོར་གནས་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་མཉམ་པའི་རོ་མྱོང་བ་ལ་མངོན་པར་བརྩོན་པའི་རྣལ་འབྱོར་པའོ། །དགོད་

ཅེས་བྱ་བ་ནི་སྙིང་གའི་པདྨའི་ལྟེ་བའི་དབུས་སུ་གནས་པའི་ཉི་མ་དང་ཟླ་བའི་འོད་ཟེར་འཁྲིགས་པའི་ནང་དུ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྒྲུབ་པ་དང་བཅས་པའི་སྐད་ཀྱི་དབྱིངས་ནི་དོན་དུ་མ་ཉིད་པས་ན་དགོད་ཅེས་བྱ་བ་ནི་བསྒོམ་པའི་དོན་དུ་འཇུག་པའོ། །སྦྱོར་

བས་ནི་བསྒོམ་པ་གསལ་བར་སྟོན་པར་འགྱུར་བའི་ཕྱིར་རོ། །གང་གི་སྒྲ་རྣམ་པ་གཉིས་སུ་བཟླས་པའི་དོན་ལ་སྐྱོན་མེད་པའོ། །དེ་ནས་གང་དང་གང་སུ་ཞིག་གོམས་པ་དེ་འགྲོ་བའི་བླ་ཞེས་བྱ་བར་སྦྱར་རོ། །ཕན་ཚུན་ངག་སྦྱོར་ཞེས་ཁ་ཅིག་འཆད་དེ། བཤད་པ་དེ་ནི་

སྦྱོར་ཉེས་སུ་མཐོང་བས། ཁོ་བོ་ཅག་ཡིད་མགུ་བར་བྱེད་པ་མ་ཡིན་ཏེ་དོར་བར་བྱའོ། །གང་གིས་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཤེས་ཞེས་བྱ་བ་ནི་གང་ཅུང་ཟད་རང་དགའ་བར་བྱེད་པ་དེས་ཉམས་སུ་མྱོང་བ་སྟེ། དེ་སྙིང་གའི་པདྨའི་ལྟེ་བའི་དབུས་སུ་སྔར་བཤད་པའི་ཡི་

གེའི་ཕྱི་མོ་ཉིད་ཅེས་པའི་དོན་ཏོ། །འགྲོ་བའི་བླ་ཞེས་བྱ་བ་ནི་འགྲོ་བ་གསུམ་པོའི་ཡང་བདག་པོར་དེ་གྱུར་ཏོ་ཞེས་བྱ་བ་སྟེ་ཚིག་གི་ལྷག་མའོ། །འབྱུང་བའི་མཐའ་དང་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བའི་སྒྲས་ནི་ཡ་ལ་སོགས་པའི་སྡེ་ཚན་མངོན་པར་འདོད་དོ། །

เล่ม ๓๖ · หน้า 157a

འབྱུང་བ་བཞི་ས་བོན་གྱི་རང་བཞིན་ཉིད་པས་ན་ཞེས་བྱ་བ་ནི་དང་པོའོ། །མཐའི་སྒྲས་ནི་ཤ་ལ་སོགས་པའི་སྡེ་ཚན་ཏེ་དེ་བས་ན་ཡང་དག་ལྡན་ཞེས་བྱ་བ་ནི་འདྲེས་པར་གྱུར་ཅེས་བྱ་བ་སྟེ་གཉིས་པའོ། །ཆ་ལ་སོགས་པ་ཞེས་བྱ་བ་ལ། ཨ་

ལ་སོགས་པ་བཅུ་དྲུག་སྟེ། དེར་གནས་ཞེས་བྱ་བ་ནི་གསུམ་པའོ། །ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ་ཀ་ལ་སོགས་པ་ལྔ་ལྔ་པའི་སྡེ་ཚན་ནོ། །ཡང་དག་ལྡན་ཞེས་བྱ་བ་ནི་སྦྱར་བ་ཞེས་བྱ་བ་སྟེ་བཞི་པའོ། །བཞི་ནི་ཞེས་བྱ་བ་ནི་ཡི་གེ་བཞི་སྟེ། ཡ་དང་ཤ་དང་ཨ་དང་ཀའོ། །

གསུམ་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་ངེས་པར་སྦྱར་བ་སྟེ། ཡོངས་སུ་གྱུར་ཅེས་བྱའོ། །ཇི་ལྟར་ཞེ་ན། མོ་དང་ཕོ་དང་མ་ནིང་གི་ངོ་བོས་སོ། །མོ་དང་ཕོ་དང་མ་ནིང་དེ་རྣམས་ལ་ཡང་འོག་གི་ཚིག་ལེའུར་བྱས་པའི་ཕྱོགས་གཅིག་གིས་འཆད་པར་འགྱུར་དུ་ཟིན་ཀྱང་། འདིར་

དགོངས་པ་ནི་དེ་བཤད་པར་འགྱུར་བའོ། །དེ་ལ་ཨ་ལ་སོགས་པའི་ཡི་གེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་མོའི་ངོ་བོའོ། །དེ་བས་ན་དེ་ཡོངས་སུ་གྱུར་པ་ནི་པདྨའི་རིགས་དང་ངག་རྡོ་རྗེའི་ས་བོན་ཨའོ། །ཀ་ལ་སོགས་པ་ནས་སོ་སོའི་མཐར་ཐུག་པ་ནི་སྐྱེས་བུ་ཆེན་

པོའི་མཚན་སུམ་ཅུ་རྩ་གཉིས་པས་ན། ཐུགས་ཀྱི་ས་བོན་བསྐྱེད་པའི་མཚན་ཉིད་ཧཱུྃ་སྟེ་ཕོའི་ངོ་བོའོ། །ཨ་དང་ཀའི་ངོ་བོ་ཕྱོགས་གཉི་ག་ལ་བརྟེན་པ་ཐབས་དང་ཤེས་རབ་གཅིག་པའི་ངོ་བོ་ནི་དབྱངས་ཀྱི་ཡི་གེ་དང་པོས་སྦྱར་བས་ན། སྐུ་རྡོ་རྗེའི་ས་བོན་མ་ནིང་གི་ངོ་བོ་སྟེ།

ཨོཾ་ཞེས་བྱ་བ་ཡི་གེ་གསུམ་གྱི་རིགས་པ་འདིས་ངེས་པར་སྦྱར་བ་ནི། རབ་ཏུ་སྤྲས་ཞེས་བྱ་བའི་ཐ་ཚིག་གོ། །སྔར་བཤད་པ་བསྡུས་ནས་སྟོན་ཏེ། རྗེས་འཇུག་དབྱངས་བཅས་ཞེས་བྱ་བ་ལ་སོགས་པ་ལ། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །ཞེས་བྱ་བར་སྦྱར་བ་སྟེ། ངག་ཐམས་

ཅད་སྐྱེད་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འཇུག་པའི་དབྱངས་ནི་ཐིག་ལེ་སྟེ། ལྷན་ཅིག་པར་འཇུག་པས་ན་རྗེས་སུ་འཇུག་པའི་དབྱངས་ཞེས་བྱའོ། །རིང་པོར་བཅས་ཞེས་བྱ་བ་ནི་ཨཱ་རིང་པོ་ཡང་དེ་བཞིན་ནོ། །ཡོན་ཏན་སྦྱོར་བ་ཞེས་བྱ་བ་ལ། ཡོན་ཏན་དང་

เล่ม ๓๖ · หน้า 157b

སྦྱོར་བ་དེ་དག་ནི་ཡོན་ཏན་སྦྱོར་བའོ། །ཡོན་ཏན་གྱི་སྒྲས་ནི་ཡི་གེ་ཧའོ། །སྦྱོར་བའི་སྒྲས་ནི་ཡི་གེ་ཨུའོ། །ཧཱུྃ་ཞེས་བྱ་བ་ནི་བསྡུས་པ་ཡིན་ནོ། །ཕྱིས་དང་ལྡན་ཞེས་བྱ་བ་ནི། གང་ལ་ཕྱིས་པ་ཡོད་པ་དེ་ལ་ཕྱིས་པ་དང་ལྡན་པ་སྟེ་ཐུང་ངུ་ཉིད་དོ། །དེ་བས་ན་དོན་ཅི་ལྟ་

བུ་ཞེ་ན། སྦྱོར་བ་དབྱི་བ་བྱས་ནས། གང་ལུས་པའི་གཟུགས་ཡོད་པ་ཙམ་གྱི་མཚན་ཉིད་ནི་ངག་ཐམས་ཅད་སྐྱེད་པའི་རྒྱུ་མཚན་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུ་སྟེ་ཨོཾ་ཨཱཿཧཱུྃ་ནི་ཡི་གེ་བསྡུས་པ་གནས་པ་སྟེ། ཐོག་མའི་ཨོཾ་དང་མ་ཕྱིས་ནས་ཅི་ཞིག་ལུས་པར་འགྱུར་ཞེ་ན།

ཡི་གེ་ཨ་ཉིད་ཙམ་མོ། །དེ་བཞིན་དུ་གཉིས་པའི་ཚེག་དྲག་དང་། རིང་བ་ཉིད་ཕྱིས་ནས་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ཉིད་ཅེས་བྱ་བའི་དོན་ཏོ། །གསུམ་པ་ཡང་ཡི་གེའི་མགོ་དང་། ཧ་དང་ཨུ་དང་ཟླ་ཚེས་དང་། ཐིག་ལེའི་གཟུགས་རྣམ་པ་བཞི་ལས་གསུམ་ཕྱིས་ནས་ཨ་

དེ་ཉིད་ཙམ་ལུས་པའོ། །དེ་འདི་ལྟར་གྱུར་པ་ཡིན་ན་བྱེད་པ་དང་། རྣམ་པར་འབྱེད་པ་དང་། བསྡུ་བ་དང་། རྟགས་དང་། སྐྱེས་བུ་དང་། བྱ་བ་དང་། ཚིག་དང་མཚམས་སྦྱར་བ་དང་། དུས་དང་། གཞན་གྱི་ཚིག་དང་། བདག་གི་ཚིག་དང་། བྱེད་པ་དང་།

ཕན་པ་ལ་སོགས་པ་འཇིག་རྟེན་གྱི་བསྟན་བཅོས་རྣམས་དང་། འཇིག་རྟེན་ལས་འདས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྒྱུའི་གཙོ་བོར་ཡང་ངེས་པར་འགྱུར་བའི་དོན་ཏོ། །དེ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་སྟོན་ཏེ། གཅིག་མིན་ཞེས་བྱ་བ་ལ་སོགས་པ་ལ། དེ་

ཉིད་འོད་གསལ་བ་རྒྱུན་མི་འཆད་པར་སྣང་བ་དེས་ན། རྡོ་རྗེ་འཆང་གི་སའི་མཚན་ཉིད་ཁོ་ནས་གཅིག་དང་དུ་མའི་རྟོག་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། རྡོ་རྗེའི་དཀྱིལ་འཁོར་གྱི་རྒྱན་ལས། །སྙིང་གའི་དབུས་ན་མི་ཤིགས་པ། །མར་མེ་ལྟ་བུར་འབར་བ་ཡི། །

མཆོག་ཏུ་ཕྲ་བའི་ཡི་གེ་ནི། །ཡི་གེ་དམ་པ་ཨར་ཤེས་བྱ། །ཞེས་གསུངས་པའོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་ཡི་གེ་གསུམ་གྱིས་མོ་དང་། ཕོ་དང་མ་ནིང་བཤད་པ་སྟོན་ཏེ། ཡི་གེ་གང་ཞིག་བྱམས་པ་ལ་སོགས་པ་ལ། ཡི་གེ་ནི་གང་ཞིག་སྔར་

เล่ม ๓๖ · หน้า 158a

བཤད་པ་རྣམས་ཏེ། འདིར་དབྱངས་དང་གསལ་བྱེད་ཅེས་བྱ་བ་ལ་སོགས་པའོ། །གང་ཞིག་མངོན་དུ་ཕྱོགས་པ་ནི་གཙོ་བོར་གྱུར་པ་དེས། དེའི་དབུས་ན་གནས་པའི་ཡི་གེའི་སྒྲས་བསྟན་པ་ནི། ཡ་ར་ཝ་སྟེ། ལས་ལ་ཉེ་བར་སྦྱོར་བ་གཉིས་སོ། །དེ་

ཐམས་ཅད་ཁམས་ལ་སོགས་པ་ཡོངས་སུ་བརྟགས་པར་གྱུར་ན། མོ་དང་ཕོ་དང་། མ་ནིང་གི་བྱེ་བྲག་གིས་དབྱེ་བ་ཡིན་ཏེ་འགྱུར་ཞེས་བྱ་བའི་དོན་ཏོ། །སོགས་ཞེས་བྱ་བའི་སྒྲས་རྐྱེན་དང་། རྣམ་པར་དབྱེ་བ་དང་བྱེད་པ་ལ་སོགས་པ་གཟུང་སྟེ། འདི་སྐད་དུ། ཨའི་རྗེས་

སུ་འགྲོ་བས་ན་རླུང་གིས་བསྐྱོད་པའི་སྒྲས་ཨཱ་ལི་ཀཱ་ལིའི་རང་བཞིན་དུ་འབྱུང་བར་འགྱུར་ཏེ། དེ་ལས་བྱུང་བར་གྱུར་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་སོ། །རླུང་དང་ནམ་མཁའ་ལས་བྱུང་ལུས་ལས་ནི། །

ཀུན་དུ་བྱུང་ནས་ངག་གི་སྒྲར་གྱུར་ཏེ། །གནས་གཞན་རྣམས་སུ་བྱེ་བྲག་གྱུར་ནས་ནི། །ཡི་གེ་ཉིད་གྱུར་གང་ཡིན་དེ་སྒྲའོ། །ཡང་ན། མོ་དང་། ཕོ་དང་། མ་ནིང་གི་བྱེ་བྲག་གིས་གང་མིའི་ལུས་སུ་གནས་པ་སྟེ། དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་ཀུན་དུ་འབྱུང་

བ་ཉིད་ཀྱིས་སོ། །ཁམས་ལ་སོགས་པར་རབ་ཏུ་བརྟག །ཅེས་བྱ་བ་ནི་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཁམས་ཀྱི་སྒྲས་ནི་འདིར་ས་དང་། ཆུ་དང་། མེ་དང་། རླུང་དག་ལ་མངོན་པར་འཐད་དོ། །སོགས་པའི་སྒྲས་ཕུང་པོ་དང་སྐྱེ་མཆེད་རྣམས་སོ། །འོག་ནས་

སྟེང་དུ་ཞེས་བྱ་བ་ལ། འོག་དང་སྟེང་གི་སྒྲས་ཡི་གེ་གསུམ་བརྗོད་པར་བྱ་སྟེ། གང་གི་ཚེ་རླུང་ལུས་ཀྱི་ནང་རྒྱུད་ཀྱི་གནས་སུ་འཇུག་པ་དེའི་ཚེ་སྐུ་རྡོ་རྗེའི་ས་བོན་ཨོཾ་མོ། །གཞན་ཡང་ལྡན་པ་ལས་མི་ཤིགས་པ། ཐུགས་རྡོ་རྗེའི་ས་བོན་ཧཱུྃ་ངོ་། །དེ་ཉིད་ལ་བརྟེན་པའི་ངོ་བོས་

གསུང་གི་རྡོ་རྗེའི་ས་བོན་ཡི་གེ་ཨཱཿསྟེ། གནས་པའི་རང་བཞིན་ཅན་ནོ་ཞེས་བྱ་བའོ། །འདི་ལྟར་མོ་དང་ཕོ་དང་། མ་ནིང་གི་བྱེ་བྲག་གིས་འོག་ནས་སྟེང་དུ་ཡང་དག་པར་ལྡང་བ་སྟེ། འཇུག་པ་དང་། གནས་པ་དང་། ལྡང་བའི་སྦྱོར་བས་རྣམ་པར་ཕྱེ་བས་ན་ཡི་གེ་

เล่ม ๓๖ · หน้า 158b

གསུམ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདི་ལྟར་རླུང་གི་བཞོན་པ་དང་། ཡང་དག་པར་ལྡན་པས་ཉིན་མཚན་ཕྱེད་པར་བསྒོམས་ནས་ཏེ། ཤེས་ནས་ཞེས་བྱ་བ་ནི་ཁོང་དུ་ཆུད་ནས་ཞེས་བྱ་བའོ། །འོད་གསལ་བ་རྣམ་པར་དག་པའི་ཤེས་རབ་ཀྱིས་ཀྱང་ཁོང་དུ་ཆུད་

པར་ངེས་པར་སྦྱར་ཞེས་བྱ་བ་ནི་ངེས་པར་ལྡན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བཟླས་པའི་རྒྱུའི་ཡི་གེ་གསུམ་ཞེས་བྱ་བའི་དོན་ཏོ། །བརྗོད་པ་ཡི་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདིར་ཡི་གེ་སྔར་བཤད་པ་གསུམ་གྱི་བདག་ཉིད་ཅན་གྱི་སྔགས་དེ་བརྗོད་པར་

བྱ་བ་སྟེ། ངག་ཐམས་ཅད་ཀྱི་རང་བཞིན་གྱི་སྔགས་རྣམས་འཇུག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དངོས་པོ་མེད་པར་གཅིག་པའི་ངོ་བོ་མི་ཤིགས་ལས་བྱུང་བ་ཞེས་བྱ་བའི་བར་དུའོ། །དེ་ནས་ཡོངས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཡི་གེ་

གསུམ་ཡོངས་སུ་གྱུར་པ་དེ་ལས་བྱུང་བ་ནི། ཇི་ལྟ་བུའི་གཟུགས་ཤེ་ན་ཞལ་གསུམ་ཕྱག་དྲུག་པ་ལྟ་བུའི་རྡོ་རྗེ་འཆང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡོངས་སུ་གྱུར་ཅེས་བྱ་བ་ནི་འོ་མ་ལྟར་རོ། །ཇི་སྐད་དུ། གཞན་དུ་སྔར་གྱི་ཆོས་ཉམས་ནས། །གང་ཚེ་གང་ཞིག་

ཉེར་ལེན་ཅིང་། །ཆོས་ཅན་དེ་ཉིད་མི་འཇིག་པ། །ཡོངས་སུ་གྱུར་པར་དེ་བརྗོད་དོ། །ཞེས་འབྱུང་བའོ། །གང་ཞིག་ལྷར་ནི་ཞེས་བྱ་བ་ལ། ལྷའི་ངོ་བོ་ཉེ་བར་མཚོན་པ་ནི་ཐོབ་ཅེས་བྱ་བར་རྣམ་པར་སྦྱར་རོ། །ཨ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་ཨ་ནི་སྟོན་པར་བྱེད་པ་སྟེ།

གང་གིས་བསྟན་པའི་ཡེ་ཤེས་དེ་ནི་ཨས་བསྟན་པའི་ཡེ་ཤེས་སོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྙིང་པོ་གཙོ་བོར་གྱུར་པ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུང་པའི་ཕྱིར་རོ། །ད་ནི་ཡི་གེ་གསུམ་པོ་ཉིད་

ཀྱི་འབྱུང་བ་དང་། གནས་པ་དང་། བསྡུ་བའི་བྱ་བ་སྟོན་ཏེ། ཧཱུྃ་གི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཧཱུྃ་ནི་ཐུགས་ཀྱི་ས་བོན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དེ་ཉིད་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ཉིད་མཚམས་སྦྱོར་བར་རུང་བ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ།

เล่ม ๓๖ · หน้า 159a

སྲིད་པ་བར་མའི་རྒྱུན་གྱི་ནི། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཞེས་གསུངས་ཏེ། སེམས་ཅན་སྐྱེད་པའི་རྒྱུ་སེམས་ཀྱི་ས་བོན་ཡི་གེ་ཧཱུྃ་སྟེ་སེམས་ཅན་སྐྱེད་པར་བྱེད་པའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། སངས་རྒྱས་སྐུར་ནི་ཞེས་བྱ་བ་ལ་སོགས་པ་ལ།

སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་བྱ་བའི་རིགས་པ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ངོ་བོར་རབ་ཏུ་བརྟག་པར་བྱ་སྟེ། ཇི་སྐད་དུ། འདི་ན་སྐལ་མིན་ཡོད་མིན་པས། །སངས་རྒྱས་སུ་ནི་ཐམས་ཅད་

འགྱུར། །ཞེས་གསུངས་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ནི་རྟག་པ་ཆེན་པོའི་ས་བོན་ཏེ། དེ་ཡང་སེམས་ཅན་ཐམས་ཅད་སྡུད་པར་བྱེད་པའོ། །རྟག་པ་ཆེན་པོའི་སྐུར་ཡོངས་སུ་གྱུར་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་རབ་ཏུ་འཇུག་ཅིང་ཕུན་

སུམ་ཚོགས་པར་བྱེད་ཅེས་བྱ་བའི་བར་དུའོ། །ཨ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཨ་ནི་འོད་དཔག་ཏུ་མེད་པའི་ས་བོན་ཏེ། དེ་ཡང་སེམས་ཅན་ཐམས་ཅད་གནས་པར་བྱེད་པ། ངག་བརྗོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །རྣམ་པ་གསུམ་དུ་ངག་རྗོད་པར་

བྱེད་པ་མ་ཡིན་ན་ལུས་ཤིང་བརྩིགས་པ་ལྟ་བུའི་གནས་པར་ཤེས་པར་བྱའོ། །གནས་པའི་ངོ་བོ་ཉིད་ཀྱི་འགྲོ་བ་འཇུག་པ་ལ་སོགས་པའི་རིམ་པས་བཟླས་པ་དང་། བསྒོམ་པའི་དོན་ལ་བརྩོན་པ་དང་ལྡན་པ་ཞེས་བྱ་བ་བཤད་པ་སྟོན་ཏེ། འཇུག་པ་ལ་སོགས་པའི་མཚན་

ཉིད་ནི་འོག་ནས་སྟོན་ཏོ། །རིམ་གྱིས་ཞེས་བྱ་བ་ནི་གསུམ་གྱི་བདག་ཉིད་ཅན་གྱི་རིམ་པས་སོ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བྱ་བ་ལ་སྔགས་ཞེས་བྱ་བ་མནྟྲའི་སྒྲས། མ་ནི་ཡིད་ལ་བྱེད་པ་ཡིན་ལ། ཏྲ་ནི་སྐྱོབ་པ་ཡིན་པས་ཡིད་ལ་བྱེད་པ་སྐྱོབ་

པའོ། །མ་ཉམས་ཞེས་བྱ་བ་ནི་ལྷ་དང་མི་ཕྱེད་པར་སྦྱོར་བའོ། །གང་ཞིག་ཟློས་ཤེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ནོ། །ཐབས་ནི་སྙིང་རྗེ་ཆེན་

เล่ม ๓๖ · หน้า 159b

པོའོ། །དེ་དག་གི་གནས་མི་འགྱུར་བའི་ངོ་བོ་བསྒོམ་པས་ན། དེ་ལ་གནས་པའི་རྣལ་འབྱོར་པས་གསང་སྔགས་ཟློས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ད་ནི་བཟླས་པའི་གྲངས་སྟོན་ཏེ། གོས་དཀར་མོ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་བཞིའི་དཀྱིལ་འཁོར་བྱིན་

གྱིས་རློབ་པའི་ལྷ་མོ་བཞི་སྟེ། ཇི་སྐད་དུ། ས་ནི་སྤྱན་དུ་ཤེས་པར་བྱ། །ཆུ་ཁམས་མཱ་མ་ཀཱིར་བཤད་དེ། །མེ་ཡི་དཀྱིལ་འཁོར་གོས་དཀར་མོ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །ཞེས་གསུངས་པའོ། །དེ་ཉེ་བར་མཚོན་པའི་བཟླས་པ་བྱ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་

བུ་ཞེ་ན། ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ་བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ་ནི། ལྷ་སོ་སོའི་བཟླས་པ་སྟེ། འདི་སྐད་དུ་གྲངས་ཀྱི་ཚད་དགུ་བརྒྱར་འགྱུར་བའི་ཕྱིར། ལྷ་མོ་རེ་རེ་ལ་བརྒྱ་ཕྲག་གཉིས་ཉི་ཤུ་ལྔར་གསུངས་སོ། །རྣམ་པ་གཞན་དུ་ན་བདག་པོའི་བཟླས་པ་མ་གཏོགས་

པར་ལྷ་མོའི་བཟླས་པ་ཅི་ལྟར་འབྱུང་ཞེ་ན། དེ་ཉིད་བསྟན་པར་བྱ་སྟེ། བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་ཕྲག་གཉིས་ནི་ཉི་ཤུ་ལྔས་ལྷག་པའི་གྲངས་ལྷ་མོ་བཞི་ཉེ་བར་མཚོན་པར་དཀྱིལ་འཁོར་གྱི་གྲངས་ཀྱིས་དགུ་བརྒྱར་འགྱུར་ཏེ། ལེགས་པར་ཞེས་བྱ་བ་ནི་བློ་མ་

ཡེངས་པས་སོ། །སྦྱོར་བ་བཞི་ཞེས་བྱ་བ་ལ། ལྷ་མོ་བཞིའི་སྦྱོར་བའི་དབང་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཞེས་བྱ་བ་ལ་བསྟན་པ་ནི་དམིགས་པ་སྟེ། དེ་ཉི་ཤུ་རྩ་བཞིའི་གྲངས་སུ་བསྒྲེས་པས། ཁྲི་ཕྲག་གཉིས་དང་ཆིག་སྟོང་

དྲུག་བརྒྱར་འགྱུར་རོ། །ཇི་ལྟར་ཞེ་ན། སོ་སོར་འབྱུང་བ་ལས་ཞེས་བྱ་བ་སྟེ་སོ་སོར་ཞེས་བྱ་བའི་སྒྲ་ནི་འདི་ཟློས་པའི་དོན་དུ་ཤེས་པར་བྱའོ། །དེ་བས་ན་སོ་སོར་འབྱུང་བས་འཕེལ་ཞིང་བསྒྲེ་ཞེས་བྱ་བའི་བར་དུའོ། །ཁྲི་ནི་སྟོང་ཕྲག་བཅུའོ། །དེ་ནི་སོ་སོར་འབྱུང་བ་སྟེ། གྲངས་ཀྱི་སྦྱོར་

བ་འདིས་ཉིན་དང་མཚན་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། བཟླས་པའི་གྲངས་གསུངས་པའོ། །ནང་གི་དུས་ཀྱི་སྐད་ཅིག་འདི་ཉིད་འདུས་པའི་རྒྱུད་ཕྱི་མ་ལས་རིག་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། རིག་པ་དང་ཆོ་ག་ནི་རིག་པའི་ཆོ་ག་སྟེ། ཟླས་དབྱེ་བའོ། །རིག་པ་ནི་

เล่ม ๓๖ · หน้า 160a

ཤེས་རབ། ཆོ་ག་ནི་ཐབས་ཏེ། དེ་དག་གི་ཐབས་ཀྱི་བྱ་བ་བསྒོམ་ཞིང་གོམས་པ་དེ་ཡིས་སོ། །གཞན་ཡང་ཐུན་མཚམས་བཞི་ཞེས་བྱ་བ་ལ་སོགས་པ་ལ་ནང་གི་བདག་ཉིད་ཅན་གྱི་དུས་ནི་ཐུན་མཚམས་བཞི་སྟེ། སོ་སོའི་དཀྱིལ་འཁོར་རོ། །རབ་ཏུ་སྦྱོར་བ་ནི་

རབ་ཏུ་འབྲེལ་པ་སྟེ། བསམ་ཞིང་བསྒོམ་ཞེས་པའི་དོན་ཏོ། །དེ་ལ་ཐུན་མཚམས་བཞི་ནི་ཐོ་རངས་དང་ཉི་མ་ཕྱེད་དང་། ནམ་སྲོས་ཁ་དང་། མཚན་ཕྱེད་དེ། དེ་རབ་ཏུ་སྦྱོར་བའོ། །མཉམས་བཟླས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཚན་བཞི་ཞེས་བྱ་བ་ལ་སོགས་པ་ལ། ཚན་ནི་

ནང་གི་བརྡའི་གནས་ཏེ་རླུང་ལ་སོགས་པའི་དཀྱིལ་འཁོར་གང་ཞིག་གི་དབང་དུ་བྱས་ནས་བསྒོམ་པ་ལ་རབ་ཏུ་འཇུག་པའོ། །མཚན་ཉིད་ནི་མཉམ་པར་གཞག་པའི་སེམས་ཏེ། རྣམ་པར་མི་གཡེང་བའི་ཡིད་གང་གིས་དེ་ལ་ཉིན་མཚན་དུ་དམིགས་ཤིང་སེམས་པའི་

མཚན་ཉིད་ཅེས་བརྗོད་དོ། །དེ་དག་གི་གྲངས་ནི་རྒྱུན་མ་ཆད་པའི་རྩིས་སོ། །འདི་སྐད་དུ་གཞན་དུ་རྣམ་པར་གཡེང་བ་ཐམས་ཅད་ཡོངས་སུ་སྤངས་ནས། སེམས་ནང་དུ་འཇོག་ཅིང་བསྒོམས་པས། ཉིན་རེ་བཞིན་དུ་བསམ་གཏན་བྱ། །ཞེས་དགོངས་པའོ། །

དེ་ནི་མཐུན་པའི་ཆོས་སྟོན་ཏེ། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལ་སྣང་བར་གྱུར་པ་དེ་ཉིད་ཀྱིས་ན། བསྒོམ་པ་ལ་མ་ཞེན་པའི་རྣལ་འབྱོར་པ་ཕྱི་རོལ་གྱི་བཟླས་པ་སྤོང་བ་སྟེ། འདོར་རོ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ཕྲེང་བ་ཟློས་པ་ནི་ཕྱི་རོལ་གྱི་བཟླས་པའོ། །

བར་ཆད་ནི་རྣམ་པར་གཡེང་བའོ། །བསྒོམ་པའི་ནི་ཞེས་བྱ་བ་ཕྱི་རོལ་གྱི་བཟླས་པ་ཡིན་ན། ནང་དུ་དམིགས་ཤིང་སྒོམ་པ་ལ་ཡིད་དགའ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ལ་ཕན་པའི་རྒྱུ་སྟོན་ཏེ། སྔགས་དོན་ཞེས་བྱ་བ་ལ་སོགས་པ་ལ། སྔགས་

ཀྱི་དོན་ནི་སྔགས་དོན་ཏོ། །བསྒྲུབ་པར་བྱ་བའི་ངོ་བོ་ནི་འབྲས་བུ་སྟེ། ལྷ་ཉིད་རྫོགས་པ་ཞེས་པའི་བར་དུའོ། །ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་བྱ་བ་སྟེ་རྡོ་རྗེ་འཆང་ཉིད་དོ། །གལ་ཏེ་དེའི་བདག་ཉིད་ཀྱི་རྣལ་འབྱོར་ཅི་ལྟ་བར་བཟླས་པ་ཟློས་པར་

เล่ม ๓๖ · หน้า 160b

བྱེད་པ་སྟེ། འབྲས་བུའི་དུས་སུ་རྒྱུ་ཡོངས་སུ་གྱུར་པའི་ཕྱིར་རོ། །དཔེ་སྟོན་ཏེ་གླང་པོའི་མངོན་དུ་ཞེས་བྱ་བ་ཁ་ཅིག་ཏུ་འདི་ལྟར་གྲགས་ཏེ་གླང་པོ་བསྐྱོད་པའི་གདགས་ཤིང་གླང་པོ་ཆེས་མཚན་མོ་ཕྱུང་སྟེ་བྲོས་པར་གྱུར་ཏོ། །གླང་རྫི་དེ་ཡང་ནང་པར་ཐོ་རངས་འདི་ལྟར་

ཤིན་ཏུ་སེམས་པར་གྱུར་ཏོ། །ཀྱེ་མའོ་ཀྱི་ཧུད་ཁོ་བོ་ཅག་གི་ངོ་བོ་ནི་མགུ་བར་དཀའ་བ་སྟེ། གླང་པོ་བཟང་སྐྱོང་དྲེགས་པའི་དབང་གིས་གང་དུ་སོང་། འདི་ཇི་ལྟར་རྙེད་པར་བྱ་ཞེས་ཡུན་རིང་དུ་ཡང་དང་ཡང་སེམས་ཤིང་དེའི་སྐད་ཅིག་ན་འདི་ལྟ་བུའི་དྲན་པ་རྙེད་དེ་རེ་ཞིག་

སེམས་ཤིང་ཅང་མི་སྨྲ་བར་གནས་སོ། །ཁོ་བོས་ནི་ཐབས་རྙེད་དེ། གང་འདིའི་རྗེས་ནི་ཤིན་ཏུ་ཆེ་བས་མཚོན་ཏེ་རྙེད་པར་འགྱུར་རོ་ཞེས་སོ། །དེ་ནས་དེའི་རྗེས་སུ་འཇུག་པ་རྩོམ་པར་བྱེད་དོ། །བཟང་སྐྱོད་དེ་ཡང་ཡུན་རིང་དུ་ཕྱིན་ནས་དྲེགས་པ་དང་བྲལ་བ་ཉིད་ཀྱི་བསླབ་པ་

རྗེས་སུ་དྲན་ནས་རང་ཉིད་གདགས་ཤིང་གི་དྲུང་དུ་ཕྱིན་ཏེ་གནས་སོ། །འདི་ལྟར་དགོས་པ་རྙེད་ནས་དེའི་རྐང་རྗེས་ཚོལ་བ་ལ་ཡང་དགོས་པ་ཅི་ཡང་མེད་དེ། གལ་ཏེ་དེའི་སྐད་ཅིག་ནི་གླང་པོ་ཆེ་དེ་རྙེད་ནས་ཇི་ཞིག་དེའི་རྗེས་ཚོལ་བར་བྱེད་ཅེས་བྱ་བ་ནི་བཅུས་ཏེ། གླང་པོ་

ཆེའི་རྐང་རྗེས་མཚོན་པར་མི་དགོས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་ཁ་ཅིག་ཚོལ་བར་བྱེད་པ་ནི་སྦས། སྟོང་པའི་གླང་ཉིད་དུ་བལྟ་བར་བྱའོ། །དོན་བཤད་པ་སྟོན་ཏེ། སྔགས་ལུས་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་རང་ཉིད་སྔགས་ཀྱི་སྐུའི་རྣལ་འབྱོར་པ།

འབྲས་བུ་ལ་སྦྱར་བས་དེ་ལྟར་སླར་ཡང་གཞན་གྱི་རང་གི་ངོ་བོའི་དངོས་པོ་རྗེས་སུ་འགྲོ་ཞིང་ཚོལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་རྫོགས་པ་ཉིད་པས་ན། ཞིབ་ལ་འཐག་པ་ཇི་ལྟ་བ་བཞིན་ནོ། །འཇུག་པ་ལ་སོགས་པའི་མཚན་ཉིད་འོག་ནས་འཆད་པར་

འགྱུར་ཞེས་བསྟན་པ་གང་ཡིན་པ་དེ་བཤད་པའི་ཕྱིར་རོ། །ཚིག་ལེའུར་བྱས་པ་གསུམ་སྟོན་ཏེ། གཞན་ཡང་ཞེས་བྱ་བའི་དོན་གཞན་པའོ། །རྡོ་རྗེ་འཛིན་ཞེས་པ་ནི་སྐྱེས་བུའི་མིང་ངེས་པར་བསྟན་པའོ། །གསུམ་སྦྱོར་བ་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པ་

เล่ม ๓๖ · หน้า 161a

གསུམ་གྱི་རྗེས་སུ་སྦྱོར་ཞིང་ལྡན་པ་སྟེ། དེའི་དངོས་གྲུབ་བླ་ན་མེད་པར་འགྱུར་ཞེས་བྱ་བར་སྦྱར་རོ། །སྦྱོར་བ་ནི་རང་གི་གནས་སུ་སོ་སོར་ལེགས་པར་སྦྱར་བའོ། །སྤྱན་དྲང་བ་ནི་དགུག་པ་སྟེ། དེ་ཡང་གཞུག་པའི་སྒྲར་བརྗོད་དོ། །གཤེགས་

སུ་གསོལ་བ་ནི། མྱུར་བ་སྟེ་གཏོང་བ་ཞེས་བྱ་བའི་དོན་ཏོ། །གཉི་ག་མ་ཡིན་པའི་སྒྲས་ནི་གནས་པ་སྟེ་གནས་པར་བྱེད་པའོ། །ལུང་གཞན་ལས་ཡོངས་སུ་མཐོང་བའི་སྒྲ་གཞན་པ་འདིས་འཇུག་པ་དང་། གནས་པ་དང་ལྡང་བ་ཉིད་དུ་རབ་ཏུ་བསྟན་པ་སྟེ། འདིར་སྔར་མ་བྱུང་

བ་ནི་ཅུང་ཟད་ཀྱང་མེད་པའོ། །འོན་ཀྱང་གཉིས་ཀ་མ་ཡིན་པའི་སྒྲས་གང་ཞིག་གཉིས་ལས་གཞན་པ་གསུམ་པར་དེ་བརྗོད་དེ་བར་ན་གནས་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་པ་ལྟ་བུ་ནི་གཉི་ག་མིན་པའོ། །ཅི་ལྟར་གྲང་བ་ལས་འདས་པའི་དུས་ས་ལས་རླངས་པ་བྱུང་བ་དེ་

བཞིན་དུ་འདིར་ཡང་སྔགས་ཀྱི་ཡི་གེ་རྣམས་གནས་ཇི་ལྟ་བ་བཞིན་དུ་ངེས་པར་སྦྱོར་བས་བསྒོམ་པ་རབ་ཏུ་གསལ་བར་གྱུར་པའི་རྣལ་འབྱོར་པ་རྣམས་ལ་ཡང་དྲོད་རབ་ཏུ་འབྱུང་བ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །གྲུབ་པ་ནི་མངོན་པར་འདོད་པའི་འབྲས་བུ་འཐོབ་པ་སྟེ། ཇི་ལྟ་བུ་ཞེ་ན།

སྣ་ཚོགས་གནས་པ་ནི་སྣ་ཚོགས་གནས་ཏེ། ལས་ཐམས་ཅད་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱིས་བླ་ན་མེད་པ་སྟེ། སེམས་ཅན་གྱི་འདོད་པའི་བསམ་པ་སྣ་ཚོགས་པ་ཡོངས་སུ་སྐོང་བའི་ཕྱིར་རོ། །དྲོ་བ་ཐོབ་ནས་རང་གི་སེམས་ལ་ཐོག་མར་སྔགས་ངེས་

པར་སྦྱོར་བར་བྱེད་པ་ཞེས་བྱ་བ་སྟོན་ཏེ། མྱུར་བ་ཞེས་བྱ་བ་ལ་སོགས་པ་ལ་མྱུར་བ་ནི་ལྡང་བའོ། །རྣམ་པར་སྡུད་པ་ནི་རབ་ཏུ་འཇུག་པའོ། །དལ་བ་ཅན་ནི་གནས་པའོ། །སྔགས་ཀྱི་ཡི་གེ་གསུམ་ངེས་པར་སྦྱོར་བ་སྒོམ་པར་བྱེད་པའོ། །སྡང་བ་ནི་སྔགས་ཀྱི་ཀུན་དུ་སྤྱོད་པའོ། །

དེ་ཡང་བསྒོམ་པས་སྦྱོར་བར་འགྱུར་ཏེ་དེ་མ་ཐག་ཏུ་སློབ་མའི་རྣ་དྲུང་དུ་བླ་མས་གང་ཞིག་འདི་ལྟར་བསྟན་པར་གྱུར་ནས་འབྲས་བུ་འབྱུང་བར་འགྱུར་རོ། །རབ་ཏུ་འབད་པས་ཞེས་བྱ་བ་ནི་སློབ་མས་གསོལ་བ་གདབ་པའོ། །འདི་བླ་མ་དང་སློབ་མ་གཉིས་ཀྱིས་བཤད་པ་གཉིས་

เล่ม ๓๖ · หน้า 161b

བྱེད་པའི་ཚིག་ནི་མེད་པར་བལྟ་བར་བྱའོ། །ད་ནི་ཚིག་ལེའུར་བྱས་པ་དྲུག་གི་ཕན་ཡོན་དང་སྔགས་བཏུ་བ་དང་། བཟླས་པའི་གྲངས་ཀྱང་སྟོན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔགས་བཏུ་བ་སྟོན་པའི་དོན་ཏོ། །རྣལ་འབྱོར་གྱི་

དབང་ཕྱུག་ནི་རྣལ་འབྱོར་གྱི་སྤྱི་གཙུག་གི་ནོར་བུའོ། །དེ་རྣམས་དང་འབྲེལ་པ་གསང་བའི་ཡི་གེ་རབ་ཏུ་བཤད་པ་ཞེས་བྱ་བར་སྦྱར་རོ། །མི་བསྟན་པ་ཉིད་ཀྱིས་ན་གསང་བའོ། །ཡང་ན་འདིས་ལྷའི་དེ་ཁོ་ན་ཉིད་གསང་བས་ན་གསང་བའོ། །གསང་བ་ཡང་ཡིན་ལ་ཡི་གེ་

ཡང་ཡིན་ལས་ན་གསང་བའི་ཡི་གེའོ། །དེ་འགྲོ་བ་དམ་པ་ལ་བརྟེན་ནས་རབ་ཏུ་བཤད་པ་སྟེ། བསྟན་པར་བྱ་བའོ་ཞེས་རྡོ་རྗེ་འཆང་གིས་གསུངས་སོ། །ཇི་ལྟ་བུ་ཞེ་ན། ཐབས་ཀྱི་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་རིགས་པས་

སོ། །རབ་ཏུ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་གསལ་བར་བྱ་བའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་ཞེས་བྱ་བ་ནི་ལྷ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། དེའི་དངོས་གྲུབ་མཐར་ཕྱིན་པའོ། །འབྲས་བུ་ནི་དེ་ཉིད་རྫོགས་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རྣམ་

པ་དེ་གཉིས་རབ་ཏུ་བསྟན་པས་སྟེར་ཞེས་བྱ་བ་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བའོ། །གང་གི་བསམས་པ་ཙམ་གྱིས་ཞེས་བྱ་བ་རྣལ་འབྱོར་གྱི་དངོས་གྲུབ་མ་གཏོགས་པ་བཟླས་པ་ཙམ་གྱིས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པས་མཆོག་སྟེར་བར་ནུས་

པར་འགྱུར་བའོ། །མཆོག་ནི་མངོན་པར་འདོད་པ་སྟེ། རིག་སྔགས་འཆང་ལ་སོགས་པ་ཉིད་དོ། །དང་པོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དང་པོའི་ཡི་གེ་ནི་ཨོཾ་མོ། །དེ་སྔགས་དུ་མའི་ཐོག་མར་མཐོང་བ་ཉིད་པས་ན། དེའི་སྦྱོར་བས་རིམ་གྱིས་རྗོད་པར་བྱེད་

པའི་རྣལ་འབྱོར་པ་ཞེས་སྦྱོར་རོ། །དེ་ཅི་ཞིག་བྱེད་ཅེ་ན། དབུགས་རྔུབ་པར་བྱེད་པ་སྟེ། རླུང་གྱེན་དུ་རྒྱུ་བའོ། །རྟག་ཏུ་ཞེས་བྱ་བ་ནི་བསྒོམ་པའི་གནས་སྐབས་ནའོ། །བརྒྱད་པའི་མཐའ་ཞེས་བྱ་བ་ནི་ཡི་གེ་ཧའོ། །ལྡན་པ་ནི་ཡི་གེ་ཨུ་སྟེ་འདྲེས་པར་གྱུར་ཅེས་བྱ་

เล่ม ๓๖ · หน้า 162a

བའི་དོན་ཏོ། །ཧའི་སྟེང་གི་ཐིག་ལེ་དང་བཅས་པར་ཇི་ལྟར་འགྱུར་བ་དེ་བཞིན་དུ་བྱ་བའོ། །ཧཱུྃ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དབུགས་དབྱུང་བ་ནི་རླུང་ཕྱིར་རྒྱུ་བའོ། །འདིར་ཨོཾ་གྱི་ཚད་ནི་ཐལ་མོ་བརྡབས་པ་ཕྱེད་དང་གཉིས་སོ། །ཐུགས་ཀྱི་

ས་བོན་གྱི་ཚད་ནི་ཐལ་མོ་བརྡབས་པ་ཕྱེད་དང་བཞིའོ། །འདིར་ནི་མན་ངག་གོ། །ཨོཾ་གྱི་དོན་ནི་ཡི་གེ་ཙམ་མོ། །ཡི་གེ་ཨོཾ་ནི་ཡེ་ཤེས་ཀྱི་སྙིང་པོ་ཞེས་རྩ་བའི་རྒྱུད་ལས་བསྟན་པས་སོ། །སྣང་བ་མེད་པ་གཉིས་ཀྱིས་སྐུ་གསུང་ཐུགས་མཉམ་པ་ཉིད་ཧཱུྃ་གི་དོན་ཏོ། །

ཡི་གེ་ཧཱུྃ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པས་འཐད་པ་ཞེས་དེ་ཉིད་ལས་བསྟན་ཏོ། །དེ་བས་ན་ཡི་གེ་ཨོཾ་བསྟན་པས་ནི་དབུགས་དབྱུང་བའོ། །ཡི་གེ་ཧཱུྃ་བསྟན་པས་ནི་དབུགས་རྔུབ་པ་སྟེ་སེམས་ཙམ་དུ་བསྟན་པར་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་

ཏོ། །འདིར་ཡི་གེ་གསུམ་བསྒོམ་པ་རབ་ཏུ་བརྩོན་པ་མ་ཡིན་ནམ། ཅི་ལྟར་རྣམ་པ་གཉིས་པ་དེ་བཏུ་ཞིང་གསུམ་པ་མ་ཡིན་ཞེ་ན། སྨྲས་པ་དབུགས་དབྱུང་བ་དང་། རྔུབ་པ་གཉིས་ཡོངས་སུ་མ་གཏོགས་པ་གཞན་ཕྱོགས་གསུམ་པ་ནི་ཡོད་པ་མ་ཡིན་པ་སྟེ།

གང་ཞིག་གསུམ་པ་བསྒྲུབ་པའི་ཕྱིར། །ཡི་གེ་ཨཱཿ་རབ་ཏུ་སྦྱོར་བར་འགྱུར་རོ། །དེ་བས་ན་ཨོཾ་དང་ཧཱུྃ་གཉིས་པོ་དག་དགོད་པས་ན། དེ་དག་ཉིད་བཏུ་བར་བྱ་བ་སྟེ། དེ་དག་ནི་གཙོ་བོའི་ངོ་བོ་ཉིད་དུ་བསྟན་པའོ། །གསུམ་པ་ཡི་གེ་ཨ་ནི་མ་ཡིན་པ་སྟེ། དགོས་པ་མེད་པའི་

ཕྱིར་རོ། །ཡི་གེ་ཨ་ཡང་གནས་པར་འགྱུར་བ་ལ་འཇུག་པར་བསམ་པར་བྱའོ། །དེ་ཡང་ཐལ་མོ་བརྡབས་པ་ཕྱེད་དང་གཉིས་ཀྱི་ཚད་དོ། །ཅི་དགའ་བའི་བཟླས་པ་ཞེས་བྱ་བ་ཡང་དེ་ཉིད་ལ་བྱ་སྟེ། རང་མོས་པའི་རྗེས་སུ་འབྲངས་པའི་བཟླས་པ་སྟེ། ཁྲི་ཕྲག་གཉིས་

ཞེས་བྱ་བ་ལ་སོགས་པ་ལ། སྟོང་ཕྲག་ཉི་ཤུ་ལ་ནི་ཁྲི་ཕྲག་གཉིས་སོ། །ཡང་སྟོང་ཕྲག་གཅིག་དང་། བརྒྱ་ཕྲག་དྲུག་གོ། །གཅིག་ཏུ་བགྲངས་ནས་སྟོང་ཕྲག་ཉི་ཤུ་གཅིག་དང་བརྒྱ་ཕྲག་དྲུག་ཏུ་འགྱུར་རོ། །ཉིན་མཚན་ཞེས་བྱ་བ་ནི་ཉིན་དང་མཚན་དུ་བཟླས་པའི་

เล่ม ๓๖ · หน้า 162b

གྲངས་བྱེད་པ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ནི་སེམས་མཉམ་པར་གཞག་པའོ། །དེ་འདོད་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་སྐལ་བ་ཅན་གང་སུ་ཞིག་སྟེ། གསང་བའི་དགོངས་པ་ནི་དགོངས་པ་ལུང་བསྟན་པ་ལ་སོགས་པར་གནས་པའི་ཕྲ་མོའི་

སྦྱོར་བ་བདག་ཉིད་ལ་གསལ་བར་ཤེས་པར་བྱ་བའི་ཕྱིར་མངོན་པར་འདོད་པའོ། །དེའི་རྡོ་རྗེ་བཟླས་པ་དེ་ཉིད་དང་པོར་བསྟན་པར་བྱ་སྟེ། དེ་ཉིད་ཀྱི་རིམ་པས་ཕྲ་མོའི་སྦྱོར་བ་ཐོབ་ཅེས་བྱ་བ་ཡང་ཚིག་གི་དོན་ཏོ། །ཅི་ལྟ་བུ་ཞེ་ན། བསམ་གཏན་ཞེས་བྱ་བ་ལ་སོགས་པ་

སྟེ། ཡིད་ནང་དུ་བསྡུས་པས་ན་བསམ་གཏན་ནོ། །ཀློག་པ་ནི་དེས་སྐྱོ་བ་ན་དེའི་རྗེས་སུ་མཐུན་པའི་མདོ་ཀློག་པ་སྟེ་དེ་དག་དང་ལྡན་པའོ། །དེ་ཡིས་ཞེས་བྱ་བ་ནི་ཕན་ཡོན་ནོ། །ལས་རྣམས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཞེས་བྱ་བའི་དོན་ཏོ། །སྒྱུ་མ་

ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་མཐོང་བའོ། །དེ་བས་ན་ཚིག་ལེའུར་བྱས་པ་བརྒྱད་ཀྱིས་སྔར་བཤད་ཅིང་བསྒྲུབ་པའི་དོན་ལུང་གཞན་གྱིས་གསལ་བར་སྟོན་ཏེ། གཉིས་སུ་མེད་པར་ཞེས་བྱ་བ་མཉམ་

པ་ཉིད་ཀྱི་ཡེ་ཤེས་རྣམ་པར་རྒྱལ་བར་བྱེད་པ་གང་ཡིན་པ་སྟེ། ཇི་སྐད་དུ། དེ་ཉིད་ཀྱིས་ན་རྣལ་འབྱོར་ཆེན་པོའི་རྒྱུད་དེ། དེར་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བཟླས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པའི་

བདག་ཉིད་ཅན་ནི་བསྒྲུབ་པའི་མཐར་ཐུག་པའི་རྣལ་འབྱོར་པའོ། །གསང་སྔགས་བཟླས་ནས་ཞེས་བྱ་བ་ནི་གསང་སྔགས་བཟླས་པ་བྱས་པའོ། །མཉམ་མེད་ཅེས་བྱ་བ་ནི་བརྩོན་པ་དང་བཅས་ཤིང་ནུས་པ་དང་བཅས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་བསྒྲུབ་པར་བྱ་

ཞེ་ན་ཁམས་གསུམ་སྟེ། ས་གསུམ་དབང་དུ་བྱ་བ་ཉིད་ནི་དེར་གནས་པའི་འགྲོ་བ་དབང་དུ་བྱ་བའོ། །དེ་ཡང་འདིར་གསང་སྔགས་བསྒྲུབ་པར་སོམ་ཉི་མེད་པ་སྟེ། དེ་ལ་གཞོལ་བ་ཉིད་ཀྱིས་སོ། །ཟླ་བ་གཅིག་གིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་དེ་བས་ན་གཉིས་

เล่ม ๓๖ · หน้า 163a

སམ་གསུམ་མམ། དྲུག་གམ་ལོ་གཅིག་གིས་ཞེས་བྱ་བའི་བར་དུའོ། །ཡང་ན་ཁམས་གསུམ་དང་སྐུ་གསུང་ཐུགས་ནི་དབྱེར་མེད་པར་ཉེ་བར་གདགས་པར་བྱ་སྟེ། དེ་དག་གང་གི་དབང་དུ་འགྱུར་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །འབུམ་ཕྲག་དྲུག་

ལྡན་ཞེས་བྱ་བ་ནི་སྟོང་ཕྲག་བཅུ་ལ་ཁྲི་ཕྲག་གཅིག །ཁྲི་ཕྲག་བཅུ་ལ་འབུམ་ཕྲག་གཅིག་སྟེ། དེ་ཙམ་གྲངས་འབུམ་ཕྲག་དྲུག་ཏུ་བཅད་པའི་ཚད་དུ་སྔགས་པས། གསང་སྔགས་བཟླས་ན་ཟླ་བ་ཡར་གྱི་ངོའི་ཉ་ལ་འགྲུབ་པར་འགྱུར་ཞེས་བྱ་བའི་ཚིག་གི་དོན་ཏོ། །ཅི་

ཞིག་བྱས་ནས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དང་པོར་ཕྱག་བྱས་ཤིང་མཉེས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །གསང་སྔགས་ཅི་ལྟ་བུ་ཞེ་ན། གང་རྣམ་པར་ཤེས་པ་ལས་བྱུང་ཞིང་སྐྱེས་པ་དེ་ལ་དེ་སྐད་དུ་བསྟན་ཏེ། སེམས་ལས་ཀུན་དུ་བྱུང་བའི་

སྔགས་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་སྔགས་ལ་གཞོལ་བའི་སྔགས་པ་སྟེ། བརྟུལ་ཞུགས་ནི་མི་སྨྲ་བ་དང་། ལངས་ཏེ་གནས་པ་དང་སློང་བ་ལ་སོགས་པ་ལ་སྡོམ་པའོ། །ཕྲེང་བ་ནི་གྲངས་འཛིན་པར་བྱེད་པའི་

ཕྲེང་བའོ། །དགག་པ་དང་གཟུང་བ་ནི་སྲོག་གི་རླུང་དག་སྟེ་སྦྱིན་སྲེག་ནི་མེའི་མཆོད་སྦྱིན་ནོ། །ལས་རྣམས་ནི་ཞི་བ་ལ་སོགས་པའོ། །དེ་དག་ཐམས་ཅད་ལ་ལྡོག་པ་ནི་ཉེ་བར་ཞི་བར་འགྱུར་བའོ། །གཅིག་ནས་གཅིག་ཏུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ལས་དེ་དག་ལས་ཀྱང་

ལྡོག་པ་སྟེ། གང་གི་ཕྱིར་རྣམ་པར་གཡེང་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ན་མི་འཐད་པའོ། །གང་ནམ་ཞིག་གི་ཚེ་མི་འཐད་པ་དེ་འདིར་འདུལ་བའི་སྐྱེ་བོའི་དོན་དུ་བྱ་བ་འབྱུང་བ་དེའི་ཚེ། སྙིང་རྗེ་ཆེན་པོས་དམིགས་ནས་བྱ། །ཞེས་སྟོན་ཏེ། ཡའི་དོན་གྱིས་ཞེས་བྱ་བ་ལ་

སོགས་པ་ལ། ཡའི་དོན་ནི་ཡོངས་སུ་གྱུར་པའི་ངོ་བོ་རླུང་གི་དཀྱིལ་འཁོར་ཏེ་དེ་ཡིད་ལ་རྣམ་པར་བསམ་པར་བྱ་ཞིང་། ས་བོན་བཞིའི་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱིས་གང་ཅུང་ཟད་ཞི་བ་ལ་སོགས་པའི་ལས་རྒྱས་པར་བྱ་བའི་དོན་ཏོ། །གང་གིས་ཤེ་ན་

เล่ม ๓๖ · หน้า 163b

དངོས་གྲུབ་འདོད་པས་ཞེས་བྱ་བ་སྟེ། མངོན་པར་འདོད་པའི་འབྲས་བུ་སྒྲུབ་པ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ར་ལ་སོགས་པ་གསུམ་ནི། ར་དང་། ལ་དང་། ཝའི་མཚན་ཉིད་ཅན་ནོ། །དེ་ལྟར་གྱུར་པ་ཡིན་ན་འགྲོ་བའི་དོན་བྱ་བ་རྒྱ་ཆེར་རབ་ཏུ་འཇུག་ཅེས་བྱ་བའི་ཐ་ཚིག་

གོ། །དེ་དག་ཇི་ལྟར་བསྒོམ་པར་བྱ་ཞེ་ན། མེ་དང་རླུང་དང་ཞེས་བྱ་བ་ལ་སོགས་པ་གསུམ་སྟེ། མེ་ལ་སོགས་པའི་དཀྱིལ་འཁོར་བཞི་པ་དེར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་གནས་པ་སྟེ། གནས་པ་ཐོབ་པའོ། །དེ་ཇི་ལྟར་ཞེ་ན། ལས་ནི་ཞེས་བྱ་བ་ནི་ཞི་བ་ལ་སོགས་

པའི་ལས་སུ་སྒྲུབ་པ་སྟེ། ཇི་སྐད་དུ། གང་གི་ཚེ་སྔགས་པས་ཞི་བ་ལ་སོགས་པའི་ལས་སྒྲུབ་པ་ལ་གཞོལ་བར་གྱུར་པ་དེའི་ཚེ། དེའི་སེམས་མཉམ་པར་གཞག་པས་རླུང་ལ་སོགས་པའི་དཀྱིལ་འཁོར་རེ་རེ་ཐུན་ཕྱེད་ཕྱེད་དུ་རླུང་གི་རྒྱུ་བ་ཉེ་བར་དམིགས་ཞེས་བྱ་བ་

ནི་བསྡུས་པའི་དོན་ཏོ། །གཉིས་གཉིས་ཞེས་བྱ་བ་ནི་ལན་གཉིས་གཉིས་ཏེ། སོ་སོའི་དཀྱིལ་འཁོར་དུ་ཉིན་མཚན་ཕྱེད་པར་ཀུན་དུ་རྒྱུ་བར་ཤེས་པར་བྱའོ། །སླར་ཡང་ལྡོག་པས་དེ་ལྟར་རླུང་གི་རྒྱུ་བ་ཉིན་མཚན་གཉིས་ནས་བཅུ་དྲུག་ཏུ་གྱུར་པའོ། །ཡང་ན་གཉིས་གཉིས་

ཞེས་བྱ་བ་ནི་ཟློས་པའི་ཚིག་སྟེ། ལས་རྣམ་པ་བཞིའོ། །དེའི་དབང་དུ་བྱས་ནས་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ལས་བཞི་ལ་རབ་ཏུ་སྦྱར་བར་བྱ་ཞེས་ཁ་ཅིག་སྨྲ་སྟེ། དེ་ཡང་སྐྱོན་མེད་པའོ། །མཆོད་ལ་ཞེས་བྱ་བ་ནི་རྣལ་འབྱོར་པ་གང་ཞིག་མཆོད་པ་

ལ་བརྩོན་པ་དེ་གཞན་གྱིས་མཆོད་པར་འགྱུར་ཏེ། གང་དང་གང་དུ་འགྲོ་བ་དེ་དང་དེར་མཆོད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བཟླས་པ་ཞེས་བྱ་བ་ནི་བཟླས་པ་ལ་སོགས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་བྲལ་ཞིང་རྣམ་པར་དག་པའོ། །མེ་ལ་ཞེས་

བྱ་བ་ནི་མེ་ལ་མཆོད་པ་ལ་བརྩོན་པས་འབྱོར་པར་འགྱུར་བའོ། །བསམ་གཏན་ཞེས་བྱ་བ་ནི་བསམ་གཏན་ལ་ལྷག་པར་གནས་པས་ཀྱང་མྱ་ངན་ལས་འདས་པར་འགྱུར་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །དེ་ལྟར་ཤེས་ནས་ཞེས་བྱ་བ་ནི་དེ་ལྟར་རྣམ་པ་འདིས་རང་གི་ངོ་བོ་

เล่ม ๓๖ · หน้า 164a

ཐོབ་པའི་རྣལ་འབྱོར་པ་འགྲོ་བ་ནི་འཇིག་རྟེན་གསུམ་གྱི་ཁོངས་སུ་གཏོགས་པའི་འགྲོ་བའི་ཚོགས་བྱིས་པ་བཞིན་དུ་མཐོང་བ་སྟེ། དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་དབང་གིས་འགྲོ་བ་ལྟར་སྲིད་པའི་འཁོར་ལོར་ཡོངས་སུ་འཁྱམ་པར་འགྱུར་

བའོ། །དེ་བས་ན་དེའི་མོད་ལ་སྔགས་པས་འདིའི་གསང་སྔགས་འགྲུབ་སྟེ། འབྲས་བུ་སྟེར་བར་ནུས་པར་འགྱུར་བའོ། །ཇི་ལྟ་བུས་ཤེ་ན། མི་རྟོག་ཆོས་ཅན་ཞེས་བྱ་བ་རྣམ་པར་མི་རྟོག་པའི་ཆོས་ཉིད་འཐོབ་པ་སྟེ། དེ་ཡང་སྔགས་ཀྱི་དེ་ཁོ་ན་ཉིད་གསལ་བ་ནི་གསུང་

རྡོ་རྗེ་བཅོམ་ལྡན་འདས་འོད་དཔག་མེད་སྒྲུབ་ཅིང་རྫོགས་པར་བྱེད་པའི་རྒྱུའོ། །སྔགས་ཀྱི་དེ་ཁོ་ན་ཉིད་དེ་ཡང་སེམས་ཙམ་ལ་ངེས་པར་སྦྱར་ཞེས་བྱ་བར་སྦྱར་ཏེ། རྣམ་པར་རྟོག་པའི་དྲ་བ་ཐམས་ཅད་སྤངས་པའི་སེམས་འབའ་ཞིག་ནི་སེམས་ཙམ་མོ། །ཇི་ལྟ་བུ་ཞེ་ན། ཡེ་

ཤེས་གསུམ་གྱིས་ཞེས་བྱ་བ་སྟེ། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱིས་བྱེ་བྲག་གི་རིགས་པས་སོ། །དེ་ནི་སྣོད་དང་སྣོད་མ་ཡིན་པའི་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། བླ་མ་བརྙས་ཞེས་བྱ་བ་ལ་སོགས་པ་ལ། བླ་མ་དགེ་བའི་བཤེས་གཉེན་བརྙས་

ཤིང་། སྨོད་པའི་ཚིག་གང་ལ་ཡོད་པ་དེ་ལ་དེ་སྐད་དུ་བརྗོད་དོ། །གཡོན་ཅན་ནི་དྲང་པོ་མ་ཡིན་པའོ། །དད་པ་མེད་པ་ནི་མ་དད་པའོ། །གསང་སྔགས་ཀླགས་པ་ཙམ་གྱིས་ཀྱང་རློམ་པ་སྟེ། གླེགས་བམ་མཐོང་བས་ཁེངས་ཤིང་མངོན་པར་ང་རྒྱལ་བ་ནི་གླེགས་བམ་མཐོང་

བས་ཁེངས་པའོ། །གཞན་གྱིས་ཅུང་ཟད་ལེགས་པར་བཤད་ཅིང་བསྟན་པ་དེ་ལ་ཡང་དད་ཅིང་ཉམས་སུ་ལེན་པར་མི་བྱེད་པ་དེ་ནི་དད་པ་མེད་པའོ། །དབང་བསྐུར་བ་མ་ཐོབ་པར་དབང་བསྐུར་བ་ཐོབ་པོ་ཞེས་བརྗོད་པ་ནི་དབང་བསྐུར་དམན་པའོ། །སེམས་དེ་ལྟ་བུའི་སྐྱོན་དུ་

མས་གོས་པའི་སློབ་མ་དམན་པ་འདི་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་གཏམ་ཡང་མི་བརྗོད་པ་སྟེ། གཏམ་ཙམ་ཡང་བསྙད་པར་མི་བྱ་ཞེས་བྱ་བར་དགོངས་པའོ། །གང་ཞིག་དད་པ་དང་ལྡན་པ་ནི་ཤིན་ཏུ་ཉུང་བའི་ཆོས་ཤིག་བསྟན་པ་ན་ཡང་དེ་བཞིན་དུ་འཛིན་

เล่ม ๓๖ · หน้า 164b

ཏེ། བླ་མ་ལ་གུས་པ་དང་ཡིད་བསྙེན་བཀུར་ལ་བརྩོན་པའོ། །ཉན་འདོད་པ་ནི་ཉན་པ་ལ་གུས་པ་སྟེ། དེ་ལ་རྟག་ཏུ་མངོན་པར་བརྩོན་ཞིང་འབད་པའོ། །ཐོས་པ་འཛིན་པར་བྱེད་ཅིང་འདིས་མི་གཏོང་བས་ན་ཐོས་པ་འཛིན་པ་སྟེ། བླ་མས་བཤད་པའི་ཚིག་ཟུར་

ཙམ་གྱིས་རྟོགས་ཤིང་ཁོང་དུ་ཆུད་པ་སྟེ། ཕྱག་འཚལ་བ་སྔོན་དུ་འགྲོ་བས་འཛིན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དེ་བླ་མ་དམ་པས་བརྟག་མི་དགོས་པའོ། །དེ་ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། རྣམ་པ་ཐམས་ཅད་དུ་འདི་ནི་བརྟག་པའི་གནས་མ་ཡིན་ཞེས་

བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་འདི་ནི་བླ་མ་ཆེན་པོའི་བཀའ་དྲིན་ནི་རྗེས་སུ་གཟུང་བའི་གནས་བཞིའམ། ཡང་ན་ནི་འདིར་བླ་མ་ལ་དད་པའོ། །དཔེ་བཤད་ཅིང་བསྟན་ཏེ། རི་དབང་རྩེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཁ་ཅིག་རི་རབ་ཀྱི་རྩེ་མོར་བག་

མེད་པར་སྤྱོད་པས་ལྷུང་བ་ལྷུང་བར་མི་བྱའོ་སྙམ་སེམས་ན་ཡང་ལྷུང་བ་དེ་ཉིད་དེ། འདིར་ནི་འཛིན་པར་བྱེད་པ་མ་མཐོང་བའོ། །གལ་ཏེ་ཡང་ཁ་ཅིག་རི་རབ་ཀྱི་རྐེད་དུ་ཆགས་པར་འགྱུར་བ་ཡང་སྲིད་དོ་ཞེས་སྨྲ་བ་ན། དེ་ལྟ་མོད་ཀྱི་ལྷུང་བ་ནི་འབྲས་བུའོ། །འདིར་

སོམ་ཉི་མེད་པའི་དཔེ་ཞེས་བྱ་བའོ། །འདིར་དོན་བསྟན་ཏེ་བླ་མའི་དྲིན་གྱིས་ཞེས་བྱ་བ་བླ་མའི་དྲིན་གྱིས་མན་ངག་ཐོབ་པའི་མཚན་ཉིད་ཅན་དེ་ལ་དེ་སྐད་དུ་བསྟན་ཏོ། །གང་ཞིག་གྲོལ་བ་ནི་ཐར་པའི་ལམ་སྟེ། གྲོལ་བར་མི་འདོད་ཀྱང་འདིར་བླ་མའི་དྲིན་གྱི་སྟོབས་

ཀྱིས་གྲོལ་བའི་གནས་སུ་འགྱུར་བའོ། །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་རྡོ་རྗེ་བཟླས་པ་སྟེ། རིམ་པ་དང་པོའི་འགྲེལ་པའོ།། །།དེ་ལྟར་རྡོ་རྗེ་བཟླས་པའི་རིམ་པ་ཡན་ལག་ཐམས་ཅད་རབ་ཏུ་བསྟན་ནས། ད་ནི་གཉིས་

པ་སེམས་ལ་དམིགས་པ་ཙམ་གྱི་མཚན་ཉིད་སྟོན་ཏེ། ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱག་འཚལ་བ་རྣམ་པ་དྲུག་གི་སྒྲས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་དང་། རིགས་དྲུག་པ་གཙོ་བོ་ཉིད་ཡིན་པས་བཅོམ་ལྡན་འདས་རྡོ་རྗེ་

เล่ม ๓๖ · หน้า 165a

འཆང་ཉིད་ལ་བསྟོད་པའོ། །ཅི་ལྟར་བསྟོད་ཅིང་ཞེས་བྱ་བ་ལ་བསྟོད་པར་འོས་པ་སྤྱན་དྲང་བའོ། །སྒྲའི་དངོས་པོའི་བདག་ཉིད་ཀྱིས། །ཞེས་བསྟོད་པ་དང་། གང་ལ་གང་གིས་བསྟོད་པར་འགྱུར་ཏེ། གང་གིས་ཀྱང་གསུམ་པོ་རྗེས་སུ་མི་དམིགས་

ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་མི་དམིགས་པ་དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཆུ་ལ་ཆུ་དང་མར་ལ་མར་བཞག་པ་ནི་འདྲེས་ཤིང་བྱེ་བྲག་མེད་པར་གྱུར་པ་སྟེ། བྱེ་བྲག་ཏུ་ཤེས་པ་མ་ཡིན་པའོ། །དེ་བཞིན་དུ་རང་གི་ཡེ་

ཤེས་རང་ཉིད་ཀྱིས་མཐོང་བ་ནི་འདིར་ཕྱག་འཚལ་བའི་སྒྲའི་དོན་ཏོ། །གསུམ་རྗེས་སུ་དམིགས་པས་ཡེ་ཤེས་ཀྱང་མེད་པར་འགྱུར་རོ་ཞེས། ཁ་ཅིག་དོགས་པར་འགྱུར་བ་དེ་བསལ་བའི་ཕྱིར། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཀྱང་ཞེས་བྱ་བའི་སྒྲ་ནི་

དྲི་བ་དང་སྡུད་པའི་དོན་ཏོ། །ཕྱོགས་གཉིས་པ་ལ་འཇུག་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་བློའི་ཡུལ་དུ་གྱུར་པའོ། །ཐམས་ཅད་མཁྱེན་པའི་རྗེས་སུ་མཐུན་པ་ཚད་མར་གྱུར་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་སྟེ། ཚད་མའི་སྐྱེས་བུ་

སྔོན་གྱི་སློབ་དཔོན་ནོ། །དེ་མེད་པར་ཡེ་ཤེས་དེ་མི་འཐོབ་པ་སྟེ། གང་གིས་ཤེ་ན། མུན་ནག་ཅེས་བྱ་བ་ལ་སོགས་པ་སྟེ། མ་རིག་པའི་རབ་རིབ་ཀྱིས་བློའི་མིག་ཉམས་པར་བྱས་པའོ། །དེ་བས་ན་རིན་པོ་ཆེ་ལྟ་བུའི་བསམ་པ་བཟང་པོ་གང་ཟག་ཁ་ཅིག་ལ་དྲིན་གྱིས་ཞེས་བྱ་བ་བླ་

མ་ལ་བསྙེན་བཀུར་བྱ་བ་ལས་བྱུང་བའོ། །སྣང་བ་ནི་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་གྱུར་ཅེས་བྱ་བའི་དོན་ཏོ། །དེ་འདིས་རབ་ཏུ་སྟོན་ཏེ། འོད་གསལ་བ་ལས་བྱུང་བའི་རྣམ་པར་ཤེས་པ་ནི་དེ་ཉིད་སེམས་དང་ཡིད་ཅེས་བྱ་བ་སྟེ་རྣམ་གྲངས་སོ། །དེ་ནི་ཀུན་ནས་ཉོན་མོངས་པ་དང་།

རྣམ་པར་བྱང་བའི་བདག་ཉིད་ཅན་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་བས་ན་དེར་རླུང་ལ་བརྟེན་པའི་རྣམ་པར་ཤེས་པ་ཡོད་ན་རྣམ་པར་རྟོག་པ་གཉིས་རབ་ཏུ་སྐྱེ་བར་འགྱུར་རོ། །ཇི་སྐད་དུ། བདག་དང་གཞན་ཞེས་བྱ་བ་ཡོད་པ་ན། །རང་དང་གཞན་གྱི་དབྱེ་བས་ཡོངས་འཛིན་སྐྱོན། །

เล่ม ๓๖ · หน้า 165b

དེ་དག་གིས་ནི་ཀུན་དུ་བཅིངས་པ་ན། །ཉེས་པ་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའོ། །དེ་བས་ན་རླུང་ལས་མེ། མེ་ལས་ཆུ། ཆུ་ལས་ས་སྟེ། དེ་རྣམས་ལས་ཕུང་པོ་ལྔ་དང་། སྐྱེ་མཆེད་དང་། ཡུལ་རྣམས་སོ། །དེའི་མོད་ལ་རྣམ་པར་ཤེས་པ་གསུམ་གྱི་

རང་བཞིན་སྣང་བའི་རྒྱུ་བ་གསལ་བར་ཉམས་སུ་མྱོང་བའོ། །སྣང་བའི་རྒྱུ་ལས་ཀྱང་རང་བཞིན་ཐམས་ཅད་ཀྱིས་ཀུན་འབྱུང་བ་ཞེས་བྱ་བ་ནི་མན་ངག་གོ། །རྣམ་པར་ཤེས་པ་གསུམ་ཡང་ཐབས་དང་ཤེས་རབ་དང་གསལ་བ་དང་མི་གསལ་བ་སྟེ་རྣམ་གྲངས་སོ། །དེ་ལ་སྣང་བ་དང་སྣང་

བ་མཆེད་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་གསལ་བའི་ཕྱོགས་སོ། །དགོས་པའི་བརྡའི་ཚིག་ནི་མ་ནིང་གི་ཚིག་དང་། སྣང་བ་ཐོབ་པ་ནི་མི་གསལ་བའི་ཕྱོགས་སོ། །གཞན་ཡང་སེམས་དང་ཡིད་དང་། རྣམ་པར་ཤེས་པ་དང་། གཞན་དབང་དང་། ཡོངས་སུ་གྲུབ་པ་དང་། འདོད་

ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བ་ནི་རྣམ་གྲངས་ཏེ། ཐམས་ཅད་འཁོར་བའི་ཐུན་མོང་གི་ཆོས་སོ། །དེའི་གཉེན་པོ་ངོ་བོ་རྣམ་པར་བྱང་བའི་ཆོས་ཏེ། དེས་ན་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་རྣམ་གྲངས་སྟོན་ཏེ། སྣང་བ་ཞེས་བྱ་བ་ལ་

སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། སེམས་དང་། སེམས་ལས་བྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ཞེས་བྱ་བའོ། །བཞི་པ་ཡང་ཐམས་ཅད་སྟོང་པའི་

མཚན་ཉིད་དེ། རྒྱུ་དང་འབྲས་བུའི་བྱེ་བྲག་གིས་ཤེས་པར་བྱའོ། །དེ་ཉིད་གསལ་བར་སྟོན་ཏེ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ནི་བདག་མེད་པར་མཐོང་བའོ། །ཐབས་ནི་སྙིང་རྗེ་ཆེན་པོའོ། །དེ་དག་ཡང་དག་པར་སྦྱོར་བ་ནི་གཉིས་སུ་མེད་པ་སྟེ།

རྫོགས་པའི་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེད་པའོ། །དེ་དག་ལས་ཀྱང་འོད་གསལ་བའི་མཚན་ཉིད་ཐམས་ཅད་སྟོང་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། འདི་ལྟར་རྒྱུའི་རིམ་པ་རྣམ་པར་དག་ཅིང་དྲི་མ་མེད་པ་བླ་ན་མེད་པའི་གནས་འཐོབ་ཅེས་བྱ་བར་སྦྱར་རོ། །གཞན་ཡང་

เล่ม ๓๖ · หน้า 166a

རྣམ་པར་ཤེས་པ་གསུམ་རྣམ་པར་དག་པས་སྟོང་པ་གསུམ་རྣམ་པར་སྦྱོར་བ་ཞེས་བྱ་བ་རྒྱུ་དང་འབྲས་བུའི་ངོ་བོ་རབ་ཏུ་སྟོན་ཏེ། དེ་ཉིད་སྣང་བ་དང་། སྟོང་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། གཞན་དབང་གི་ངོ་བོ་དང་། སེམས་ཞེས་

བྱ་བ་ནི་རྣམ་གྲངས་སུ་བརྗོད་པའོ། །རང་བཞིན་གྱི་སེམས་དེའི་མཚན་ཉིད་གསལ་བར་སྟོན་ཏེ། དེ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་ནི་བརྗོད་མི་དགོས་ཏེ་གོ་སླའོ། །ཆགས་བྲལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདོད་ཆགས་དང་བྲལ་བའི་

སེམས་ནི་ཡིད་དུ་འོང་བ་མཐོང་བས་མ་ཆགས་པའོ། །དེ་ཡང་དམན་པ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡིད་འགྲོ་ཞིང་འོང་བ་ནི་སེམས་རྣམ་པར་གཡོ་བ་ནི་མྱ་ངན་ལ་སོགས་པ་གསུམ་ཞེས་བྱ་བ་ནི་སྟུག་པ་དང་བྲལ་བར་འགྱུར་ན་ཡིད་ལ་སེམས་

ཤིང་གདུང་བའོ། །དེ་ཡང་དམན་པ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཞི་བ་ལ་ཞེས་བྱ་བ་ལ་ནི་སེམས་ཞི་བར་གནས་པའོ། །རྣམ་པར་རྟོག་པ་ནི་རྒོད་པར་གནས་པའོ། །འཇིགས་པ་ཞེས་བྱ་བ་ནི་ཡིད་དུ་མི་འོང་བ་དང་ཕྲད་པར་གྱུར་ན་སེམས་

སྐྲག་པར་གྱུར་པའོ། །དེ་ཡང་རྣམ་པ་གསུམ་ནི་སྔ་མ་བཞིན་ནོ། །སྲིད་པ་ནི་ཡུལ་ལ་ཞེན་པ་སྟེ། དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ནི་སྔ་མ་བཞིན་ནོ། །ཉེ་བར་ལེན་པ་ནི་གཞན་གྱི་ནོར་ཡིད་ཀྱིས་ལེན་པར་བྱེད་པའམ། ཡུལ་རྣམས་ལ་ཀུན་དུ་འཛིན་པའོ། །

མི་དགེ་བ་ནི་དགེ་བའི་ལས་ལ་ཡིད་གཉིས་ཟ་བའོ། །བཀྲེས་པ་དང་སྐོམ་པ་ནི་རང་གི་རྒྱུན་དུ་ཉམས་སུ་མྱོང་ཞིང་འཇུག་པའི་མཚན་ཉིད་དོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་། གཉི་ག་མ་ཡིན་པའི་རྣམ་པ་ཉམས་སུ་མྱོང་བ་སྟེ། དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་

པ་གསུམ་མོ། །རིག་དང་རིག་འཛིན་ཞེས་བྱ་བ་ལ། རིག་པ་ནི་རིག་པའོ། །རིག་འཛིན་ནི་རང་གི་རིག་པའི་ཤེས་པའོ། །དེ་དག་གི་གཞི་ནི་གནས་ཏེ། དམིགས་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །སོ་སོར་རྟོག་པ་ནི་རིགས་དང་མི་རིགས་པ་དཔྱོད་པའོ། །ངོ་ཚ་ཤེས་པ་

เล่ม ๓๖ · หน้า 166b

ནི་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་སེམས་སོ། །བརྩེ་བ་ནི་དམིགས་བྱ་ཡོངས་སུ་སྲུང་བའམ་སྡུག་པ་དང་ཕྲད་པར་འདོད་པའོ། །དེ་ཡང་ལུས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དོགས་པ་ནི་སེམས་ངེས་པར་མི་གནས་

པའོ། །བསགས་པ་ནི་ཡོ་བྱད་ཡོངས་སུ་སྡུད་པའོ། །སེར་སྣའི་བློས་མི་གཏོང་བའོ། །རང་བཞིན་སུམ་ཅུ་རྩ་གསུམ་པོ་དེ་དག་མི་རྣམས་ཀྱིས་རང་རིག་པའོ། །དེ་ཡང་ཀུན་རྫོབ་གསལ་བའི་ངོ་བོས་མཚན་མོ་ཞེས་བྱ་བར་བསྟན་ཏེ། དེ་ཉིད་ཀྱིས་བུད་མེད་དང་འཇམ་པོ་ལྟ་བུ་

ཞེས་བྱའོ། །གཡོན་པ་ཞེས་བྱ་བ་དང་། ཟླ་བའི་དཀྱིལ་འཁོར་དང་། པདྨ་ཞེས་བྱ་བ་ཡང་བསྟན་ཏེ། འདིར་འཇམ་པོ་ལྟ་བུ་དང་། གཡོན་པ་ཞེས་བྱ་བ་ཟླ་བའི་སྣང་བ་མཆེད་པས་གཡོན་པ་ལ་བརྟེན་པ་ཉིད་ཀྱིས་སོ། །འཇམ་པོ་ནི་ཤིན་ཏུ་གཞོན་པའོ། །གཡོན་པ་ཞེས་

བྱ་བས་ཀྱང་འདིར་བྱང་ཕྱོགས་སུ་འགྲོ་བའི་མིང་དུ་བརྗོད་དོ། །འདི་ཉིད་དང་པོའི་ལས་ཅན་བརྟན་པར་བྱེད་པའི་རྒྱུ་དང་པོའི་དབྱངས་ཡིག་ཐིག་ལེ་དང་བཅས་པ་རབ་ཏུ་བསྟན་པ་ཨོཾ་སྟེ། དེ་བསྒོམ་པ་འཕེལ་བར་གྱུར་པས་ཀྱང་། ཟླ་བའི་འོད་ཟེར་སྣང་བ་ལྟ་བུ་སྣང་བའི་ཡེ་ཤེས་ཡང་

དག་པར་འབྱུང་བ་སྟེ། སྐྱེ་ཞེས་བྱ་བར་གསུངས་སོ། །རང་བཞིན་སུམ་ཅུ་རྩ་གཉིས་ཤེས་རབ་དང་སྙིང་རྗེ་ལ་དམིགས་པ་གསུངས་ཏེ། སྟོང་པའི་ཁོངས་སུ་གཏོགས་པ་སྣང་བའི་མཚན་ཉིད་དོ། །ད་ནི་ཐབས་ཀྱི་ཡེ་ཤེས་ལ་གཙོར་དམིགས་པ་ཤིན་ཏུ་སྟོང་པའི་ཁོངས་སུ་

གཏོགས་པ། རང་བཞིན་ཚིག་ལེའུར་བྱས་པ་བདུན་གྱིས་སྟོན་ཏེ། སྣང་བ་མཆེད་པ་དང་། ཤིན་ཏུ་སྟོང་པ་དང་། ཐབས་ཀྱི་ཡེ་ཤེས་དང་ཡོངས་སུ་བརྟགས་པ་དང་། སེམས་ལས་བྱུང་བ་ཞེས་བྱ་བ་ནི་ཕྱོགས་གཅིག་སྟེ། རྣམ་གྲངས་ཀྱི་དབྱེ་བར་བསྟན་ཏོ། །ཆགས་པ་

ཞེས་བྱ་བ་ནི་མ་ཐོབ་པའི་ཡུལ་ལ་ཡིད་ཀུན་དུ་ཆགས་པའོ། །ཞེན་པ་ནི་ཐོབ་པའི་ཡུལ་ལ་ཆགས་པའོ། །དགའ་བ་ནི་ཡིད་དུ་འོང་བའི་དངོས་པོ་མཐོང་བས་སེམས་དགའ་བའོ། །དེ་ཡང་དམན་པ་དང་། བར་མ་དང་ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །རངས་

เล่ม ๓๖ · หน้า 167a

པའི་སེམས་ཀྱིས་མངོན་པར་འདོད་པའི་དངོས་པོ་འགྲུབ་པས་བདེ་བའི་གནས་སྐབས་སོ། །རབ་ཏུ་མགུ་བ་ནི་དེའི་རྣམ་པའི་སེམས་ཀྱིས་ཡང་དང་ཡང་དུ་ཉམས་སུ་མྱོང་བའོ། །ངོ་མཚར་ཞེས་བྱ་བས་ནི་གཏམ་སྣ་ཚོགས་པས་ཅི་འདི་ཡིན་ནམ་མ་ཡིན་སྙམ་དུ་

ཐེ་ཚོམ་ཟ་བའོ། །དགོད་པ་ནི་ཡིད་དུ་འོང་བ་མཐོང་བས་དགོད་པར་བྱེད་པའོ། །ཚིམ་པ་ནི་བདེ་བའི་རྣམ་པ་ཉམས་སུ་མྱོང་བའོ། །འཁྱུད་པ་ནི་ཡིད་དུ་འོང་བའི་དངོས་པོ་དང་ལྷན་ཅིག་ཏུ་འདྲེས་པའོ། །འོ་བྱེད་དེ་བཞིན་འཇིབ་ཅེས་བྱ་བ་ནི་གོ་སླ་བ་ཉིད་དོ། །བརྟན་པ་ནི་མི་

གཡོ་བའོ། །བརྩོན་འགྲུས་ནི་དགེ་བ་ལ་མཆོག་ཏུ་གཞོལ་བའོ། །ང་རྒྱལ་ནི་མཐོང་བ་སེམས་པའོ། །ལས་ནི་རྟག་ཏུ་སྤྱོད་པའི་བྱ་བ་རྫོགས་པའོ། །འཕྲོག་པ་ནི་གཞན་གྱི་ནོར་འཕྲོག་པར་འདོད་པའོ། །སྟོབས་ནི་གཡུལ་འགྱེད་པར་འདོད་པའོ། །སྤྲོ་བ་ནི་དགེ་བའི་ལས་ལ་

གོམས་པར་བྱེད་པའོ། །ཚམ་ཚོམ་མེད་པ་ནི་དྲེག་པའི་དབང་གིས་མི་དགེ་བའི་ལས་ལ་སྤྱོད་པའོ། །དེ་ཡང་དམན་པ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དྲག་པ་ནི་སྒྱུ་མེད་པར་ཡང་དམ་པ་རྣམས་དང་། རྩོད་པར་སེམས་པའོ། །

སྒེག་པ་ནི་ཡིད་དུ་འོང་བ་མཐོང་བས་འགྱིང་བའི་སེམས་སམ། རྩེ་བར་འདོད་པའོ། །ཞེ་འགྲས་པ་ནི་ཡིད་དུ་མི་འོང་བ་སྤོང་བར་འདོད་པའོ། །དགེ་བ་ནི་དགེ་བའི་ལས་ལ་བརྩོན་པར་འདོད་པའོ། །ཚིག་གསལ་བ་ནི་ཐོགས་པ་མེད་པར་ཚིག་བརྗོད་པའོ། །བདེན་པ་ནི་

འཁྲུགས་པ་མེད་པའི་ངག་གོ། །མི་བདེན་པ་ནི་དེ་ལས་བཟློག་པའོ། །ངེས་པ་ནི་ཤིན་ཏུ་བརྟན་པའི་ཡི་དམ་མོ། །ཉེ་བར་མི་ལེན་པ་ནི་དངོས་པོ་ཐམས་ཅད་ཡོངས་སུ་འཛིན་པར་མི་འདོད་པའོ། །སྦྱིན་པ་པོ་ནི་རང་གི་བདོག་པ་ཡོངས་སུ་གཏོང་བར་བྱེད་པའི་ཡིད་དོ། །

བསྐུལ་བ་ནི་ལེ་ལོ་ཅན་གྱི་སེམས་འཛུད་པར་བྱེད་པའོ། །དཔའ་བོ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བར་འདོད་པའོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ལས་རྩོམ་པའོ། །སྒྱུ་ནི་བཅོས་མས་གཞན་སླུ་བའོ། །འདུག་པ་ནི་ལྟ་བ་ངན་པ་ལ་བྱང་བའོ། །གཡོ་

เล่ม ๓๖ · หน้า 167b

ནི་རང་གི་སྐྱོན་འཆབ་པ་ལ་བརྩོན་པའོ། །གྱ་གྱུ་ནི་དྲང་པོ་མ་ཡིན་པའོ། །རང་བཞིན་བཞི་བཅུ་དེ་དག་ནི་ཤིན་ཏུ་སྟོང་པའི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །དེ་ཡང་སྐད་ཅིག་མ་སྟེ། མི་གནས་པ་ཉིད་ཀྱི་ཕྱིར་རོ། །རྩུབ་པའི་རྣམ་པ་ནི་འཇམ་པ་མ་ཡིན་པ་སྟེ། རད་རོད་ཅེས་

བྱ་བའི་བར་དུའོ། །གཡས་པ་ཞེས་བྱ་བ་ནི་གཡས་སུ་འགྲོ་བར་ཤེས་པར་བྱ་སྟེ། ཉི་མའི་སྣང་བ་མཆེད་པས་གཡས་པའི་ཕྱོགས་སུ་བརྟེན་པ་ཉིད་ཀྱིས་ཀྱང་འདིས་ཉིན་མོ་དང་། སྐྱེས་པ་དང་། ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་ཞེས་བྱ་བར་རབ་ཏུ་བསྟན་ཏེ། རྡོ་རྗེའི་མིང་ནི་འདིར་

ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་དུ་ན་སྐད་ཅིག་མ་ཉིད་དུ་བསྟན་པས་སྐྱོན་དུ་འགྱུར་བའོ། །འདིར་དང་པོའི་ལས་ཅན་བསྟན་པར་བྱ་བའི་ཕྱིར་ས་བོན་བསྒོམ་པ་སྟོན་ཏེ། ཆ་ཞེས་བྱ་བ་དེ་ཉིད་ཐབས་ཀྱི་རང་བཞིན་ཆ་སྟེ་ཐོག་མའི་དབྱངས་ཐིག་

ལེ་གཉིས་ཀྱིས་བརྒྱན་ཞེས་བྱ་བར་ཤེས་པར་བྱའོ། །ཨ་དེ་དག་བསྒོམ་པ་ལ་གོམས་པར་གྱུར་པས་འོད་ཟེར་སྟོང་གི་གསལ་བ་དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་ཀུན་དུ་འབྱུང་བ་སྟེ། རབ་ཏུ་སྐྱེ་བར་ཤེས་པར་བྱའོ། །ཁ་ཅིག་ནི་སྣང་བ་མཆེད་པའི་སྦྱོར་བ་ལས་བྱུང་ཞེས་བརྗོད་

དེ། དེ་ནི་དོན་དང་མི་ལྡན་པས་དོར་བར་བྱའོ། །ད་ནི་ཚིག་ལེའུར་བྱས་པ་བཞིས་རྣམ་གྲངས་དང་བཅས་པའི་སྣང་བ་མཆེད་པའི་རང་བཞིན་སྤྲོས་པ་སྟོན་ཏེ། སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་ནི་ཐོག་མར་སྣང་བའི་ཡེ་ཤེས་ཀྱི་དྲོད་འབྱུང་བའོ། །ཉེ་བར་ཐོབ་པ་ནི་དེ་ཉིད་ཀྱི་འཕེལ་

བས་ཐོབ་པ་སྟེ། མ་རིག་པ་རྣམ་པར་ཉམས་པས་ཐོབ་པ་ཡོངས་སུ་གྲུབ་པའི་ཡེ་ཤེས་འབྱུང་བའོ། །འདིས་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའི་མཚན་ཉིད་གསུམ་པོ་དང་། ཡོངས་སུ་གྲུབ་པ་དང་རིག་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །དེ་བཞིན་གཤེགས་

པས་རྒྱུད་དེ་དང་དེར་སྟོང་པ་ཆེན་པོ་གནས་ཉིད་དུ་གསུངས་པ་སྟེ། སྔ་མ་བྱུང་བ་ནི་ཅུང་ཟད་ཀྱང་མིན་པའོ། །ཆགས་པ་བར་མ་ཞེས་བྱ་བ་ནི་ཆགས་པ་བར་མའི་སྐད་ཅིག་གིས་གནས་སྐབས་ཀྱི་སེམས་སློང་བའོ། །བརྗེད་ངས་པ་ནི་སྔར་ཉམས་སུ་མྱོང་བར་གྱུར་པའི་དོན་ལ་ཡོངས་སུ་འཁྲུལ་

เล่ม ๓๖ · หน้า 168a

པའོ། །འཁྲུལ་བ་ནི་གཡེང་བའི་སེམས་ཏེ་སྤྲེའུ་ལྟ་བུའོ། །མི་སྨྲ་བར་གྱུར་པ་ནི་ལྐུགས་པ་ལྟ་བུའོ། །སྐྱོ་བ་ནི་ཡིད་ལ་སེམས་པས་སེམས་དུབ་པའོ། །ལེ་ལོ་ནི་སྙོམ་ལས་སོ། །ཐེ་ཚོམ་ནི་མ་ངེས་པའི་སེམས་བྱུང་བའོ། །རང་བཞིན་བདུན་པོ་དེ་དག་ནི་ཕྲ་

མོའི་རྣལ་འབྱོར་ལ་གོམས་ཤིང་གཞོལ་བར་ཤེས་པར་བྱའོ། །དེ་ཉིད་ཀྱིས་ན་དེ་ལས་བཟློག་པའི་མཚན་ཉིད་ཀྱི་སྣང་བ་ཐོབ་པའི་མཚན་ཉིད་སྟོན་ཏེ། ས་བོན་ཐིག་ལེར་ལྡན་མིན་ལ། །ཞེས་བྱ་བ་ལ་སོགས་པ་ལ། ས་བོན་ནི་སྔགས་ཀྱི་ཡི་གེ་བསྒོམ་པ་སྟེ། སྟེང་དུ་ཐིག་ལེ་དང་བཅས་

པའི་ཡི་གེའོ། །དེ་བསྒོམ་པ་ལ་སྦྱོར་བར་མི་བྱ་བ་དང་། སྣའི་བུ་གའི་རླུང་གི་སྒོ་ནས་ཀྱང་ཀུན་དུ་མི་རྒྱུ་བའོ། །དེ་ཉིད་ཀྱིས་ནི་སྣང་བ་ཡོད་པ་ན། མ་རིག་པ་རྣམ་པར་བཅོམ་སྟེ། གང་ཞིག་ཡེ་ཤེས་ཀྱིས་སྐད་ཅིག་ཉེ་བར་དམིགས་ཤིང་ཐོབ་པ་དེ་སྣང་བ་ཐོབ་པའོ། །འདི་སྐད་དུ།

སྣང་བ་ཐོབ་པའི་གནས་སྐབས་ཀྱི་རྣལ་འབྱོར་པ་རྣམས་ས་བོན་བསྒོམ་པར་བྱ་བ་ལ་སྦྱར་བར་མི་བྱ་ཞིང་སྲོག་དང་རྩོལ་བ་བསྒོམ་པར་ཡང་མི་བྱ་ཞེས་བྱའོ། །དེ་ཉིད་སེམས་མི་གཡོ་བའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །དེ་དག་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བ་སྟེ། རང་

བཞིན་སྔར་བཤད་པ་དེ་དག་གི་དབྱེ་བ་རྣམ་པ་གསུམ་གྱིས་ན་གྲངས་བརྒྱད་ཅུར་འགྱུར་བའོ། །ཕྲ་མོ་ཞེས་བྱ་བ་ནི་བརྟག་པར་དཀའ་བའོ། །དེ་ཡང་ཉིན་མཚན་གྱི་དབྱེ་བས་ཉིས་འགྱུར་དུ་བརྩིས་ན། རང་བཞིན་བརྒྱ་དྲུག་ཅུར་འགྱུར་བ་སྟེ། སྒོ་ང་ལས་སྐྱེས་པ་ལ་སོགས་པ་ལ་ཡང་འབྱུང་

བའོ། །ཇི་ལྟ་བུ་ཞེ་ན། རླུང་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་རླུང་བཞོན་པའི་ངོ་བོ་འཛིན་པ་དེའི་ཚེ། དེ་དག་རང་བཞིན་ཡང་ནས་ཡང་དུ་འཇུག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རླུང་མེད་ན་རྣམ་པར་ཤེས་པ་མེད་ལ། དེ་མེད་ན་རང་བཞིན་རྣམས་ཀྱང་མེད་པར་འགྱུར་ཞེས་

སྟན་ཏོ། །རྣམ་པར་ཤེས་པ་ནི་གནས་མེད་པ། གནས་པ་མེད་པ། རྟག་པ་མེད་པ། ཁ་དོག་དང་དབྱིབས་མེད་ཅིང་། དབང་པོའི་ཡུལ་ལས་འདས་པ། ཡན་ལག་དང་ཉིང་ལག་མེད་ཅིང་། དབང་པོ་མ་ཡིན་པས་སྔོ་བསངས་ཞེས་བྱ་བ་ལ་སོགས་པའི་ལྷག་པར་ཡང་ཁ་

เล่ม ๓๖ · หน้า 168b

དོག་མ་ཡིན་པ་མ་ཡིན་ནམ། རང་བཞིན་དེ་ཅི་ལྟར་ཉམས་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ་ཇི་ལྟར་རླུང་གི་ཁམས་གཟུགས་ཅན་མ་ཡིན་པ་ལ་གཡོ་བ་དང་བསྐྱོད་པ་ལ་སོགས་པའི་བྱ་བ་སྣང་བ་ལས་རྗེས་སུ་དཔག་པས་ཉམས་སུ་མྱོང་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་

རླུང་དང་ལྷན་ཅིག་ཏུ་འདོད་ཆགས་དང་། འདོད་ཆགས་བར་མ་དང་། འདོད་ཆགས་བྲལ་བ་ལ་སོགས་པའི་རང་བཞིན་རྗེས་སུ་དཔག་པས་ཉམས་སུ་མྱོང་བར་འགྱུར་ཏེ། འདིར་གང་དུ་ཡང་འགལ་བ་མེད་དོ། །གལ་ཏེ་རྣལ་འབྱོར་ཇི་ལྟར་ཉམས་སུ་མྱོང་ཞེ་ན། སྐད་ཅིག་ཅེས་བྱ་བ་

ལ་སོགས་པ་སྨོས་ཏེ། སྐད་ཅིག་ནི་མཐེ་བོ་དང་གུང་མོ་སྦྱར་ནས་གཏོགས་པའི་སྒྲ་དེ་ལ་སྐད་ཅིག་ཅེས་བྱའོ། །ཐང་ཅིག་ནི་གཟུགས་ལ་སོགས་པ་ཡིད་དུ་འོང་བ་མཐོང་བས་རེག་པ་འཇུག་པའོ། །ཡུད་ཙམ་ནི་དབུགས་རྔུབ་པ་ཙམ་གྱི་ཚད་དོ། །མིག་འཛུམ་པ་ནི་ཕྱེ་བ་ལ་ལྟོས་པ་ཙམ་མོ། །

ཐལ་མོ་ནི་ལག་པ་དང་ལག་པ་བརྡབས་པའོ། །ཕྲ་བའི་ཁམས་འཇུག་པས་སྐད་ཅིག་ལ་སོགས་པ་ཕན་ཚུན་གང་དེ་ཉམས་སུ་མྱོང་བ་གྲུབ་པ་ཞེས་བྱ་བར་དགོངས་ཏེ། སྐད་ཅིག་ལ་སོགས་པའི་མཚན་ཉིད་བསྟན་པའོ། །ད་ནི་སྔར་བཤད་པའི་དོན་ལུང་གཞན་དགོངས་པ་བླ་ན་མེད་

པའི་མདོ་སྡེ་ཚིག་ལེའུར་བྱས་པ་སྔར་བསྒྲུབ་ཅིང་སྟོན་ཏེ། རང་རིག་ཅེས་བྱ་བ་ནི་ཉམས་སུ་མྱོང་བའོ། །རེ་ཞིག་ཙམ་གྱི་མཚན་ཉིད་ནི་གང་གི་ཡེ་ཤེས་ཀྱི་ངོ་བོ་དེ་རང་རིག་པ་ཙམ་མོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། ནམ་མཁའ་ལྟ་བུར་སྒྲིབ་པ་མེད་པའི་མཚན་ཉིད་དོ། །འོན་ཀྱང་

ཞེས་པ་ནི་ཕྱོགས་གཞན་པའོ། །དེའི་ཡེ་ཤེས་ཀྱི་རྣམ་པ་སྤངས་པའི་དབྱེ་བ་གསུམ་གྱི་བདག་ཉིད་དེ་དག་དང་ལྡན་པ་སྟེ། འདི་ཅི་ལྟར་ཞེ་ན། མཚན་མོ་ཞེས་བྱ་བ་ནི་སྣང་བའོ། །ཉིན་མོ་ཞེས་བྱ་བ་ནི་སྣང་བ་མཆེད་པའོ། །མཚམས་ཞེས་བྱ་བ་ནི་སྣང་བ་ཐོབ་པ་སྟེ་གསུམ་གྱི་བདག་

ཉིད་ཅན་གྱི་རང་གི་ངོ་བོར་རབ་ཏུ་བསྟན་ཏོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་རང་གི་ཟླ་བ་ལྟ་བུའོ། །སྟོང་པ་ཙམ་ཞེས་བྱ་བ་ནི། སྣང་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་ཡང་དྲི་མ་དང་བཅས་པར་སྣང་བ་སྟེ།

เล่ม ๓๖ · หน้า 169a

ཤིན་ཏུ་སྲབ་པའི་དར་སེར་པོས་གཡོགས་པའི་མིག་ལྟ་བུའོ། །ཐབས་ཡེ་ཤེས་ཀྱི་རང་གི་ངོ་བོ་ཉི་མའི་སྣང་བ་ལྟ་བུ་ཤིན་ཏུ་སྟོང་པ་ནི་གསལ་བར་སྣང་བ་སྟེ། སྒྲིབ་གཡོགས་དང་བྲལ་བའི་མིག་གིས་ལག་མཐིལ་གྱི་སྐྱུ་རུ་ར་མཐོང་བ་ལྟ་བུ་ནི་སྣང་བ་མཆེད་པའི་མཚན་ཉིད་དོ། །

ཤེས་པ་གཉིས་སྤངས་པའི་མཚན་མ་དང་། མཚམས་ལྟ་བུ་ནི་སྟོང་པ་ཆེན་པོའི་མཚན་ཉིད་རབ་རིབ་ཀྱིས་ཉམས་པའི་མིག་ལྟ་བུ་སྟེ། འདི་ནི་སྣང་བ་ཐོབ་པའི་མཚན་ཉིད་དེ་དེ་ཉིད་ཀྱིས་ན་སྣང་བ་མཆེད་པ་ཞེས་བྱ་སྟེ། སེམས་ཀྱི་དབྱེ་བ་རྣམ་པ་གསུམ་དུ་གསུངས་སོ། །དེའི་གཞི་ནི་བརྗོད་

པར་བྱ་བ་ཞེས་བྱ་བ་ལ། བཞོན་པ་ནི་བཞོན་པ་སྟེ། སྐྱེས་བུའི་བཞོན་པ་ལྟ་བུའོ། །དེའི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་འོ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ཞེས་བྱ་བ་ལ། རླུང་ནི་ཐ་མལ་པར་གཡོ་བར་གནས་པའོ། །ཕྲ་བ་ནི་བརྟག་དགའ་བའི་ངོ་བོ་ཤེས་པ་སྟེ།

ཤེས་པ་རྣམ་པ་གསུམ་པོ་དེ་དང་ཡང་འདྲེས་པར་གྱུར་ཅིང་མིག་ལ་སོགས་པའི་སྒོ་ནས་བྱུང་ནས་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལ་དམིགས་ཤིང་འཛིན་པའོ། །སྣང་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་ནི་དང་པོར་སྣང་བའི་དྲོད་འབྱུང་བ་སྟེ། དེ་བས་ན་གང་གི་ཚེ་

དེ་དང་ལྡན་པར་འགྱུར་བའི་རླུང་གི་བཞོན་པ་དང་ཕྲད་པར་གྱུར་པ་དེའི་ཚེ། དངོས་པོ་མཐའ་དག་གི་རང་བཞིན་ལ་འཇུག་པར་བྱེད་ཅིང་དེས་འཐད་པ་མ་ཡིན་པར་འཇུག་པར་བྱེད་པའམ། བསྡུས་པ་དང་དེས་སོ་སོ་རེ་རེར་ཕྱེ་བ་སྟེ། འདིས་ངེས་པ་མེད་པའོ། །གང་དུ་ཞེས་བྱ་བ་ལ་སོགས་པ་ལ།

གང་དུ་སྲོག་ཆགས་སྐྱེ་ཞིང་གནས་པའི་གཟུགས་ཏེ། རླུང་གནས་པ་དེ་དང་དེའི་རང་བཞིན་གྱི་རྣམ་པར་འབྱུང་ཞིང་འཛིན་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །དུས་ཇི་སྲིད་ཅིག་ལ་ནི་སྲིད་ཅེས་བྱ་བ་སྟེ། ཇི་སྲིད་དངོས་པོ་མཐའ་དག་ཡེ་ཤེས་ཀྱི་སྐད་ཅིག་མ་བརྟན་པར་མ་གྱུར་པ་དེ་སྲིད་དུ་དེའི་

ཁྱད་པར་གཡོ་བ་ཞེས་བྱ་བ་ཡོངས་སུ་སྲོག་ཆགས་བསྐྱོད་པ་སྟེ། གང་ལ་འཛུད་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཡི་གེ་གསུམ་གྱི་རྒྱུ་དང་། འབྲས་བུ་འོད་གསལ་བར་བསྟན་ཏོ། །སྣང་བ་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་བ་ལ་བདག་དངོས་པོ་ནི། རང་གི་ཡིད་གང་གིས་

เล่ม ๓๖ · หน้า 169b

ཉོན་མོངས་པ་སྤོང་ཞིང་རྣམ་པར་རྟོག་པའི་ངོ་བོ་དང་བྲལ་བའི་གནས་སྐབས་སོ། །དེ་ཉིད་རྒྱུ་རྐྱེན་འབྲས་བུའི་སྣང་བ་གཉིས་པའོ། །གནས་སྐབས་གང་དུ་སྣང་བ་ཐོབ་པ་འབྲས་བུར་གྱུར་པ་དེར་གཉི་ག་ཡང་རྒྱུ་སྟེ། སྣང་བ་མཆེད་པ་གང་གི་རྒྱུ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །ཡེ་

ཤེས་གསུམ་པོ་ཡང་གང་དུ་ཉམས་སུ་མྱོང་བ་ཞེས་བྱ་བ་སྟོན་ཏོ། །སྒྱུ་མ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའམ། གང་གི་ཕྱིར་སྒྱུ་མའི་རིག་པ་རྣམ་པ་ཐམས་ཅད་ཀྱི་ནང་ནས་བུད་མེད་ཀྱི་སྒྱུ་མ་ནི་ཤིན་ཏུ་ཁྱད་པར་དུ་གསུངས་ཏེ། དེས་ནི་དེ་ཉིད་གསུངས་ཏེ། ཡེ་ཤེས་གསུམ་གྱི་རང་གི་

རིག་པའི་ངོ་བོ་དེས་གསལ་བར་ཡང་དང་ཡང་དུ་ཉམས་སུ་མྱོང་བར་འགྱུར་བའོ། །ཅི་ལྟར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་དང་པོའི་སྐད་ཅིག་སྟེ་དགའ་བ་ཞེས་བྱའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་ཞེས་བྱ་བའོ། །དེ་དག་

གི་བར་ནི་གཉིས་ཀྱི་བར་མ་སྟེ་འདྲེས་པར་འགྱུར་བའོ། །ཅི་ཞེ་ན་གསུམ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་སྐད་ཅིག་མ་བསྟན་ཏེ། ཉམས་སུ་མྱོང་བའི་དུས་སུ་རང་རིག་པ་ཉིད་ཀྱིས་སོ། །དེ་ཉིད་ལུས་ཀྱི་བཤད་པ་སྟེ། དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་གཉིས་

གང་མཉམ་པར་སྦྱོར་བ་དེ། རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཞེས་བཤད་དོ། །འདིས་རབ་ཏུ་བཤད་ཅིང་བསྟན་པས་ན། དང་པོའི་སྣང་བའི་ཡེ་ཤེས་སྐྱེ་བ་ཞེས་གསུངས་སོ། །ཡེ་ཤེས་གཉིས་ནི་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཡེ་ཤེས་དང་། ཐབས་ཀྱི་ཡེ་ཤེས་གང་ཞིག་མཉམ་པར་སྦྱོར་

བ་སྟེ། །མངོན་དུ་གྱུར་ཅིང་སྙོམས་པར་འཇུག་པ་ཞེས་སྟོན་ཏོ། །འདིས་གཉིས་པ་སྣང་བ་མཆེད་པའི་ཡེ་ཤེས་རབ་ཏུ་སྟོན་ཏེ། དེ་ཉིད་ཡེ་ཤེས་གཉིས་གང་ཞིག་སྙོམས་པར་འཇུག་ཅིང་མངོན་དུ་གྱུར་པའོ། །ཇི་སྐད་བཤད་པ་ཞེས་བྱ་བ་ནི། སྔར་བཤད་པའི་དོན་ནམ། བླ་

མའི་ཞལ་ནས་གསུངས་པའོ། །བྱ་བ་ནི་སྒྲུབ་པའོ། །གང་ཞིག་ཡེ་ཤེས་གསུམ་པ་སྐྱེ་བར་འགྱུར་བ་དེའི་ཚེ། སྣང་བ་ཐོབ་པ་ཞེས་བཤད་དོ། །དེ་དག་གི་མི་མཐུན་པའི་ཆོས་སྟོན་ཏེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་ཞིག་བསླབ་པ་འཛིན་པར་མོས་པའམ།

เล่ม ๓๖ · หน้า 170a

མ་ནིང་དག་ལ་ཀུན་རྫོབ་ཏུ་ཡང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་དེའི་མཉམ་པར་གཞག་པའི་གསལ་བ་ལས་གྱུར་པ་ཉིད་བསྐྱེད་པའི་ཡེ་ཤེས་གསུམ་ཞེས་བྱ་བ་ནི་འདིར་ཡིད་གཉིས་མེད་པར་འབྱུང་བའོ། །ཅི་ལྟ་ཞེ་ན། ལན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་

ཏེ། །ལན་ཅིག་ཅེས་བྱ་བ་ནི་དུ་མ་མ་ཡིན་པའོ། །ཉམས་སུ་མྱོང་བ་ལྟ་བུ་ནི་ཉམས་སུ་མྱོང་བ་ཉིད་དོ། །ཅི་ལྟར་གང་གི་གང་དུ་རིག་སྔགས་འཆང་ནི། མཆོག་དང་ཕྲད་ནས་བླ་ན་མེད་པའི་བདེ་བ་ཉམས་སུ་མྱོང་བ་དེ། དུས་གཞན་ཞིག་ན་མཉམ་པར་གྱུར་ཀྱང་། བདེ་བའི་ལོངས་

སྤྱོད་ཀྱི་མཚན་ཉིད་དྲན་པས་ཉམས་སུ་མྱོང་བ་སྟེ། དེའི་ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བའོ། །དེ་བཞིན་དུ་འདི་ཡང་བདེ་བ་ལན་ཅིག་ཉམས་སུ་མྱོང་བ་དྲན་པས་ཤེས་པ་ཅུང་ཟད་ཀྱང་ཉམས་པ་མེད་པའོ། །དེ་ལྟར་ཡེ་ཤེས་རྣམ་པ་གསུམ་གྱི་ཇི་ལྟ་བའི་དབྱེ་བའི་མཚན་ཉིད་

ཕྱིན་ཅི་མ་ལོག་པར་ཤེས་ནས་དེ་ཉིད་དམིགས་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། ཡེ་ཤེས་ཞེས་བྱ་བ་སྟེ། ཡེ་ཤེས་འཇུག་པ་ནི་ཡེ་ཤེས་འཇུག་པའོ། །དེའི་རང་བཞིན་ནི་རང་གི་ངོ་བོ་ཡོད་པའོ། །དེའི་ཕྱིར་དེ་ཉིད་རང་བཞིན་གྱི་ངོ་བོ་ཡོད་པ་ནི་རྟག་ཏུ་མཉམ་པར་གཞག་པའི་

རྣལ་འབྱོར་པས་ཡང་དང་ཡང་དུ་བསམ་པར་བྱ་ཞེས་བྱ་བ་སྟེ། དེའི་མཐར་ཐུག་པའི་དོན་ཏོ། །དེའི་དགོངས་པ་བླ་ན་མེད་པའི་མདོ་སྡེ་ལ་སོགས་པ་ཚིག་ལེའུར་བྱས་པ་དྲུག་གིས་བསྒྲུབ་པ་སྟོན་ཏེ། ཇི་ལྟར་ཆུ་འཛིན་བྱེད་ཅེས་བྱ་བ་ལ་སོགས་པ་ལ། ཆུ་འཛིན་ནི་སྤྲིན་ནོ། །

ནམ་མཁའི་དབྱིངས་ནི་ནམ་མཁའི་དཀྱིལ་ལོ། །སྣང་བ་གསུམ་ནི་རྣམ་པར་ཤེས་པ་གསུམ་མོ། །མ་ལུས་པའི་ཡུལ་ནི་ཉེ་བར་ལོངས་སྤྱོད་པ་སྟེ། ཡུལ་ལ་ཉེ་བར་བསྒྱུར་བ་གོང་དུ་སྦྱར་བ་ནི་ལོངས་སྤྱོད་ཀྱི་དོན་ཉིད་དོ། །འདི་འདྲའི་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པ་གསུམ་སྟེ།

རང་གི་ངོ་བོ་ཁོངས་སུ་མ་ཆུད་པ་དེ་ཉིད་ཀྱིས་ན། །མི་ཤེས་པའི་རབ་རིབ་ཀྱིས་ཁེབས་པ་སྟེ། དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་བསགས་ནས་འགྲོ་བ་ལྔའི་སེམས་ཅན་རྣམས་སུ་ཡོངས་སུ་འཁྱམ་པ་སྟེ། དེ་ཡང་མཚམས་མེད་པ་མི་དགེ་བའི་ལས་ཀྱིས་གཅིག་ནས་གཅིག་ཏུ་

เล่ม ๓๖ · หน้า 170b

དམྱལ་བར་རྣམ་པར་སྨིན་ཅིང་སྦྱིན་པ་ལ་སོགས་པ་ཡོངས་སུ་བསགས་པས་མཐོ་རིས་སུ་རྣམ་པར་སྨིན་པའོ། །དེ་ལྟར་ཡང་དང་ཡང་དུ་སྐྱེ་བ་ཕྲག་དུ་མར་སྐྱེ་ཞིང་གཅིག་ནས་གཅིག་ཏུ་ཐོབ་ནས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཤེས་ཏེ། དམྱལ་བ་ལ་སོགས་པ་

ལ་ནི་སེམས་ཅན་རྣམས་མྱ་ངན་བྱེད་པ་དང་། མཐོ་རིས་ལ་སོགས་པ་ལ་ནི་དགའ་བ་བྱེད་པའོ། །རང་བཞིན་རྣམས་ཀྱི་སྣང་བ་ནི་རང་བཞིན་སྣང་བའོ། །དེའི་ཚུལ་གྱི་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་ཉམས་སུ་མྱོང་བ་སྟེ། དེ་ཡོངས་སུ་ཤེས་པ་མེད་པས་སོ། །སླར་

ཡང་རྣལ་འབྱོར་པས་དེ་ཉིད་ཡོངས་སུ་ཤེས་པས་འཁོར་བའི་གཟེབ་ལས་གྲོལ་བ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཅེས་བྱ་བ་ནི་འདིར་སྔར་བཤད་པའི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ཏེ་ཤེས་པར་བྱ་བའོ། །དེ་བསྟན་པའི་ཕྱིར་ཡང་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་སྟེ། རང་

གི་སེམས་ཉིད་རྣལ་འབྱོར་པ་རང་གི་ཟླ་བའི་གཟུགས་བརྙན་ལྟ་བུ་གཉིས་སུ་མེད་པའི་ངོ་བོར་བསམ་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་རིམ་པ་ཐ་དད་པའོ། །ཟླ་བའི་དཀྱིལ་འཁོར་བསྒོམ་པའི་རྗེས་སུ་རྣམ་པར་བསམ་པར་བྱ་སྟེ། གང་ཞིག་དེ་རྡོ་རྗེ་ལ་སོགས་པའི་མཚན་མ་དེ་དག་བསྒོམ་

པ་ནི་བསྐྱེད་པའི་རིམ་པ་སྒོམ་པ་པོའི་ཐབས་ཀྱི་ཡེ་ཤེས་གསལ་བར་བྱེད་པ་སྟོན་ཏོ། །དེ་ཉིད་ཀྱིས་ན་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་སྔོན་དུ་བསྒོམས་པས་ནི། སེམས་དང་སེམས་ལས་བྱུང་བ་ཡོངས་སུ་ཤེས་ཤིང་ཐབས་དང་ཤེས་རབ་བསྒོམས་པས་ཀྱང་ལྷ་ཉིད་ཀྱི་རྣམ་པར་རྫོགས་པའོ། །དེ་

ཉིད་གསལ་བར་སྟོན་ཏེ། ཕྱག་རྒྱ་བཞིས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་དང་། ལས་དང་། དམ་ཚིག་དང་། ཡེ་ཤེས་ཀྱི་མཚན་ཉིད་རྣམ་པ་བཞི་ཕྱག་རྒྱས་བདག་ཉིད་ཤིན་ཏུ་བསྲུང་བ་བྱས་ནས་ལྷ་དེ་ཉིད་ཀྱི་གཟུགས་ཀྱིས་གནས་པའོ། །འདི་རྣམས་ཀྱང་ལས་དང་པོ་པའི་

གནས་སྐབས་སོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ་ནི་གསལ་བས་གོ་སླ་བ་ཉིད་དོ། །ད་ནི་རྫོགས་པའི་རིམ་པ་བསྒོམ་པ་སྟོན་ཏེ། ཡོངས་རྫོགས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་སྟོང་པ་གསུམ་གྱི་རྣམ་པར་དག་པ་དེ་འོད་གསལ་བའི་ཡེ་ཤེས་སུ་བརྗོད་དེ། དེ་ཡང་ཡེ་

เล่ม ๓๖ · หน้า 171a

ཤེས་གསུམ་རྣམ་པར་དག་པའོ། །ཐམས་ཅད་སྟོང་གནས་ཞེས་བྱ་བ་ནི་དེ་ཉིད་དེ་ཁོ་ན་ཐམས་ཅད་རྣམ་པར་དག་པའི་གནས་སོ། །དེ་ཉིད་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཅེས་བྱ་བ་སྟེ་རྣམ་གྲངས་སོ། །འདི་ཉིད་ནི་དཔེ་སྟེ། འགྱུར་བ་

མེད་ཅིང་བྱ་བ་ལ་སོགས་པ་ལ། འགྱུར་བ་མེད་པའི་རྣམ་པར་རྟོག་པའི་རྒྱུ་བ་སྤངས་པའོ། །སྣང་བ་མེད་པ་ནི་སྣང་བ་སྤངས་པ་སྟེ། རང་བཞིན་རྣམས་མཉམ་པ་ཉིད་ཀྱིས་སོ། །གཉིས་མེད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བ་ཉིད་ཀྱིས་སོ། །མཐར་ཕྱིན་པ་ཉིད་

ཀྱིས་ན་མཆོག་གོ། །ལེགས་པར་བྱེད་པ་ཉིད་ཀྱིས་ན་ཞི་བའོ། །དེ་ཡང་འདི་ནའོ་ཞེས་ཚིག་གིས་བརྗོད་པར་ནུས་པ་མ་ཡིན་པ་སྟེ། ཡོད་པ་དང་མེད་པའི་ཐ་སྙད་ལས་འདས་པའི་ཕྱིར་རོ། །དེ་བས་ན་རྒྱུ་འོད་གསལ་བ་ལས་ཡེ་ཤེས་གསུམ་རབ་ཏུ་སྐྱེ་བ་སྟེ། སྒོམ་པ་འདིས་ཀྱང་མཚན་དང་

དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་རྫོགས་པར་འགྱུར་བའོ། །འདི་ཉིད་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་རྒྱས་པར་སྟོན་ཏེ། འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྒྲར་བརྗོད་པར་མི་འགྱུར་བ་ཞིག་ན།

འོན་ཀྱང་ངེས་པ་རྙེད་པས་ན། །དེ་བཞིན་གཤེགས་པའོ། །སྟོང་པ་ཆེན་པོ་ཞེས་བྱ་བ་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏོ། །ཏིལ་གྱིས་གད་བ་ནི་ཏིལ་གྱི་གང་བུའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ན་གནས་པའོ། །གཡོ་བ་མེད་པས་ཞེས་བྱ་བ་ནི་ཡིད་ཀྱི་རྟོག་པའི་

དྲི་མ་སྤངས་པས་སོ། །རྒྱལ་བའི་སྲས་ཞེས་བྱ་བ་ནི། རྒྱལ་བའི་སྲས་གཞོན་ནུ་དོན་ཐམས་ཅད་གྲུབ་པའོ། །འདི་ནི་རྣམ་དག་མིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པ་མ་ཡིན་པའོ། །དེ་བས་ན་དྲི་མ་མེད་པ་ནམ་མཁའི་རང་བཞིན་འོད་གསལ་བ་ཉིད་ལ་དམིགས་པར་གྱིས་

ཤིག་ཅེས་བྱ་བ་སྟེ། དེར་རང་ཉིད་འདོད་པའི་ངོ་བོ་ཁྱེད་ལ་སྐྱེ་བར་འགྱུར་བ་སྟེ། ཀུན་གྱི་དབང་ཕྱུག་གི་མཚན་ཉིད་རྡོ་རྗེའི་སྐུ་ཡང་ཐོབ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ངང་པའི་རྒྱལ་པོ་ལྟར་རོལ་པར་འགྱུར་རོ་ཞེས་གསུངས་སོ། །སྒྲ་དེ་གནས་ནས་མི་གཡོ་བའི་ཏིང་ངེ་

เล่ม ๓๖ · หน้า 171b

འཛིན་བཏང་སྟེ། ནམ་ཕྱེད་ཀྱི་དུས་སུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ལས་རྒྱལ་བར་འགྱུར་ཏེ། དེ་ཉིད་ཀྱང་འགྲོ་བ་ལ་ཕན་པར་བཞེད་པས་བརྙེས་པའོ། །དེ་འདིར་དེ་ཉིད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་གསལ་བར་སྟོན་ཏེ། མཚམས་མེད་པ་ལྔ་ནི་གང་གི་ཚེ་ལས་སྤྱད་པ་དེ་མ་

ཐག་ཏུ་དམྱལ་བར་སྐྱེ་བ་དེའི་ཚེ། མཚམས་མེད་པའི་ལས་ཞེས་བྱའོ། །དེ་ཡང་རྣམ་པ་ལྔ་སྟེ། དགྲ་བཅོམ་པ་དང་། ཕ་མ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །བསམ་པའི་དོན་རབ་ཏུ་སྟེར་བའི་ནོར་བུ་ནི་ཡིད་

བཞིན་གྱི་ནོར་བུའོ། །མ་འོངས་པ་ནི་འབྱུང་བར་འགྱུར་བའོ། །འདོད་ཆགས་ལ་སོགས་པ་ནི་གོ་སླའོ། །ཡེ་ཤེས་གསུམ་དང་བྲལ་བ་ནི་གཞན་པ་དེ་ཁོ་ན་ཉིད་བཞི་པའོ། །དེ་ཡང་བླ་མའི་ཞལ་ནས་རྟོགས་པར་བྱའོ། །དཔལ་གསང་བ་འདུས་པའི་ལེའུ་གཉིས་པ་ལས་བསྟན་པ་དེ་

ཉིད་ལས་ངེས་པར་གཟུང་བར་བྱའོ། །དཔལ་མཆོག་ཅེས་བྱ་བ་ནི་རྒྱུད་དོ། །རལ་བ་ནི་གཅིག་དང་གཉིས་དང་གསུམ་འཆང་བའོ། །དེ་ལྟར་གང་གིས་རྟགས་སྣ་ཚོགས་པས་མངོན་པར་བྱང་ཆུབ་པར་འདོད་པ་སྟེ། དེ་དང་བྲལ་ན་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་ཞེས་པའོ། །དང་

པོའི་ལས་ཅན་གྱི་རྣལ་འབྱོར་པས་གོང་ནས་གོང་དུ་འཕེལ་བར་བྱས་པས་མཐར་ཕྱིན་པའི་འབྲས་བུས་བརྒྱད་པ་ཐོབ་སྟེ། ཡེ་ཤེས་གསུམ་བསྒོམས་པ་ལས་ས་བཅུ་ཐོབ་པའོ། །རིམ་པ་དེ་ལྟ་བུས་སངས་རྒྱས་ཀྱིས་ཡང་ལྷག་པར་རྟོགས་ཏེ། ཐོག་མར་གཙང་མའི་ལྷའི་གནས་

སུ་ཆོས་ཀྱི་འཁོར་ལོ་བསྐོར་ན། དེའི་རྗེས་སུ་སངས་རྒྱས་ཀྱི་ཞིང་རྣམས་སུ་བསྐོར་བར་འགྱུར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཆོས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་སྤྱོད་པ་གསུམ་ལ་གོམས་པར་བྱ་བ་སྟོན་ཏེ། སྤྲོས་པ་དང་བཅས་པ་དང་།

སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་བྱེ་བྲག་གིས། སྤྱོད་པ་རྣམ་པ་གསུམ་མོ། །སྤྱོད་པ་རྣམ་པ་གསུམ་པོ་དེ་ཉིད་ལ་སྤྱོད་པས་ཆོས་འབྱུང་བ་དང་། ཆོས་ཀྱི་དབྱིངས་དང་། བླ་ན་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་གསུམ་ཡང་གོ་རིམས་ཇི་ལྟ་བ་བཞིན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด