ตัวบทไม่มีชื่อ — ประโยคแรก: དཔལ་གསང་བ་འདུས་པའི་རྒྱུད་ཀྱི་མན་ངག་གི་རྒྱ་མཚོ་ཐིགས་པ་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๘ · หน้า 136a
མཁའ་དབྱིངས་སུ་བསྒོམ་པ་སྟེ། དེ་དག་ཀྱང་ལེའུ་དེ་ཉིད་ལས་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། སངས་རྒྱས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་བསྒོམས་པའི་བ་སྤུའི་བུ་ག་ཀུན་ནས་སངས་རྒྱས་ཡབ་ཡུམ་སྤྲོ་བའོ། །དེ་བཞིན་དུ་ཆོས་དང་། རྡོ་རྗེ་དང་། རིགས་དང་།
རིགས་རྗེས་སུ་དྲན་པ་ཞེས་བྱ་བའི་རིན་པོ་ཆེ་དང་ཁྲོ་བོ་རྗེས་སུ་དྲན་པ་སྟེ། ལྔ་པ་ཡང་ཚུལ་གོང་མ་བཞིན་དུ་སྤྲོ་བ་བྱའོ། །དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བདག་ཡབ་ཡུམ་གྱི་ཁུ་བས་རྡོ་རྗེ་སེམས་དཔའ་མཆོད་པའོ། །དཀྱིལ་འཁོར་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།
ཡབ་ཀྱི་ཁུ་བ་ཕྱུང་སྟེ། ཡབ་ཡུམ་གྱི་མཁའ་ལ་དཀྱིལ་འཁོར་ཟླུམ་པོར་བསྒོམས་ཏེ། ལྷ་རྣམས་བསྒོམ་པའོ། །སྐུ་རྗེས་སུ་དྲན་པ་ནི། བདག་སངས་རྒྱས་ཀྱི་སྐུར་བསྒོམ་པ་སྟེ། སྐུ་གསུང་ཐུགས་རྗེས་སུ་དྲན་པ་ཡང་ཚུལ་དེ་བཞིན་དུ་བྱའོ། །དེ་ལ་སེམས་ཅན་རྗེས་སུ་དྲན་པ་ནི། སེམས་
ཅན་ཐམས་ཅད་ཀྱི་སེམས་ཚུར་བསྡུས་ཏེ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པའོ། །སྔགས་ཐམས་ཅད་ཀྱི་གཟུགས་དང་སྐུ་གསུང་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་སྔགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གང་ཡིན་པ་དེ་ཉིད་བདག་ཡིན་པར་བསྒོམ་པའོ། །དམ་ཚིག་རྗེས་
སུ་དྲན་པ་བསྒོམ་པ་ནི། ཡབ་ཡུམ་གྱི་ཁུ་བ་བཏུང་བ་དང་། དེ་བཞིན་གཤེགས་པའི་འཁོར་སྤྲོ་བ་གཉིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པ་བསྒོམ་པ་ནི་བདག་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པ། ཟག་པ་མེད་པ། བྱང་ཆུབ་མེད་པ། རྟོག་པ་མེད་པ། ཁམས་མེད་པ།
འབྱུང་བ་མེད་པ། རྗེས་སུ་དྲན་པ། མ་སྐྱེས་པ་རྗེས་སུ་དྲན་པ་དང་བསྒོམ་པ་ནི་རང་བཞིན་གྱིས་མཚན་མ་མེད་པ་མི་འགྱུར་བ་གཉིས་སུ་མེད་པ་མ་ཡིན་པ། ཞི་བ་དྲི་མ་མེད་པ་ནམ་མཁའ་ལྟ་བུའོ། །ཞེ་སྡང་གི་རིགས་ལ་སོགས་པ་མཆོད་པ་རྗེས་སུ་དྲན་པ་བསྒོམ་པ་ནི། བུད་མེད་ལོ་བཅུ་གཉིས་
ལོན་པ་ལ་རིགས་ཀྱི་ཚུལ་བཞིན་དུ་སྦྱར་ཏེ་བདག་གི་ཁུ་བས་མཆོད་པར་བྱ་བའོ། །རྗེས་སུ་དྲན་པའི་ཡོན་ཏན་ནི་དངོས་གྲུབ་མཆོག་དང་ཕྲ་མོ་ཀུན་འགྲུབ་སྟེ། འདིས་ནི་དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་དང་། གང་གཞན་ཕྲ་མོ་བཤད་པ་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། བཟླས་
เล่ม ๓๘ · หน้า 136b
པ་ཙམ་གྱིས་དེ་འགྲུབ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པ་རྩ་བའི་རྒྱུད་ཀྱི་ལེའུ་དེ་ཉིད་ནས་འབྱུང་ངོ་། །ད་ནི་སྦྱོར་བ་ཡན་ལག་དྲུག་བསྟན་པའི་ཐ་མ་ཏིང་ངེ་འཛིན་ནི། །ཐབས་དང་ཤེས་རབ་སྙོམས་འཇུག་ཅིང་། །དངོས་པོ་ཐམས་ཅད་བསྡུས་ནས་སུ། །ཀུན་བསྡུས་གོང་
བུའི་ཚུལ་གྱིས་ནི། །གཟུགས་ཀྱི་ནང་དུ་བསྒོམ་པར་བྱ། །ཡེ་ཤེས་ཡུད་ཙམ་གྱིས་རྫོགས་པ། །ཏིང་ངེ་འཛིན་ཞེས་བྱ་བ་ཡིན། །ཞེས་གསུངས་ཏེ། ཕྱི་ནང་གི་དངོས་པོ་ཀུན་བསྡུས་ནས་འོད་ཀྱི་གོང་བུ་གཅིག་ཏུ་བྱས་ཏེ། བདག་ཉིད་ཐབས་དང་ཤེས་རབ་ཏུ་བསྒོམས་པའི་བ་སྤུའི་བུ་གར་
བཅུག་ཅིང་མཁའ་དབྱིངས་སུ་བསྒོམས་ཏེ། གོང་བུ་རྗེས་སུ་དྲན་པའི་དུས་སུ་སྤྲོ་བ་ཀུན་ཡང་བདག་ཡབ་ཡུམ་གྱི་བྱང་ཆུབ་སེམས་ལ་བསྡུས་ཏེ་ཡེ་ཤེས་ཀྱི་ངོ་བོར་གྱུར་ནས་ཡུད་ཙམ་གྱིས་ཡེ་ཤེས་ལྔ་རྫོགས་པའི་ཏིང་ངེ་འཛིན་བསྒོམ་པའོ། །ད་ནི་སྦྱོར་བ་ཡན་ལག་དྲུག་བསྒོམས་པའི་ཡོན་ཏན་
བསྟན་པའི་ཕྱིར། སོ་སོར་སྤོང་བ་སྙོམས་འཇུག་ན། །ཐམས་ཅད་བྱིན་གྱིས་རློབ་པར་འགྱུར། །བསམ་གཏན་ཡེ་ཤེས་སྙོམས་འཇུག་ན། །མངོན་པར་ཤེས་པ་ལྔ་འཐོབ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སོ་སོར་སྤོང་བ་ལ་སྙོམས་པར་འཇུག་ན་དེའི་ཡོན་ཏན་ནི་སངས་རྒྱས་ཐམས་
ཅད་ཀྱིས་ཀྱང་བདག་ཚུར་བྱིན་གྱིས་རློབ་ལ། བདག་གིས་ཀྱང་དགོས་པ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་ཕར་བྱིན་གྱིས་རློབ་ནུས་པར་འགྱུར་རོ། །བསམ་གཏན་གྱི་ཡེ་ཤེས་ལ་སྙོམས་པར་འཇུག་ན། དེའི་ཡོན་ཏན་ནི་སྙོམས་པར་འཇུག་པ་བཞི་ཐོབ་ཅིང་མངོན་པར་ཤེས་པ་ལྔ་ཐོབ་
ནས་འགྲོ་བ་འདུལ་ཞིང་ཚོགས་རྫོགས་པར་འགྱུར་རོ། །དབུགས་དགག་གཏོང་བར་ངེས་པ་ནི། །བྱང་ཆུབ་སེམས་དཔས་གཟིགས་པར་འགྱུར། །རྟག་ཏུ་གཟུང་བ་སྡོམ་ལྡན་དེ། རྡོ་རྗེ་སེམས་དཔའ་ཡང་དག་འཇུག །ཅེས་བྱ་བ་ནི་དབུགས་དགག་པ་དང་གཏོང་བ་ངེས་པར་མངོན་དུ་གྱུར་ན་དེའི་
ཡོན་ཏན་ནི་བྱང་ཆུབ་སེམས་དཔས་བདག་ལ་གཟིགས་ཤིང་ཕན་འདོགས་ལ། བདག་གིས་ཀྱང་ཕར་མཐོང་བར་འགྱུར་རོ། །རྟག་ཏུ་གཟུང་བ་བསྒོམས་པའི་ཡོན་ཏན་ནི། ཆོས་ཉིད་ཀྱི་སྟོབས་དང་ཡེ་ཤེས་ཀྱི་སྟོབས་རྣམ་པ་གཉིས་སམ་བཞི་ཐོབ་ནས་རྡོ་རྗེ་སེམས་དཔའ་དང་། སྤྱོད་ཡུལ་
เล่ม ๓๘ · หน้า 137a
གཅིག་པར་འཇུག་ནུས་པར་འགྱུར་རོ། །རྗེས་སུ་ཤིན་ཏུ་སྦྱོར་བ་ལས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་བྱ། །ཏིང་འཛིན་དབང་དུ་གྱུར་ཙམ་གྱིས། །སྒྲིབ་པ་མེད་དང་ལྡན་པར་འགྱུར། །ཞེས་བྱ་བ་རྗེས་སུ་དྲན་པ་བཅུ་དྲུག་གི་རང་བཞིན་དུ་སྦྱོར་བའི་ཏིང་ངེ་འཛིན་
བསྒོམས་པས་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་འཕྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོར་ཁྱབ་པ་དང་བསྡུས་ན་འདོམ་གང་བ་ལྟ་བུ་དང་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན་བསྒོམ་པ་དབང་དུ་འགྱུར་བའི་ཡོན་ཏན་ནི་སྒྲིབ་པའི་ཚོགས་ཐམས་ཅད་མ་ལུས་པར་བྱང་ནས་འཚང་རྒྱ་
བར་འགྱུར་རོ། །ད་ནི་ཉེ་བར་སྒྲུབ་པ་བསྟན་པའི་ཕྱིར་ན། །ཟླ་བ་རྡོ་རྗེ་རབ་སྦྱོར་བས། །སེམས་དེ་སྙིང་ལ་བརྟག་པར་བྱ། །མཚོན་ཆ་མཆོག་གིས་དྲངས་ནས་སུ། །སེམས་ནི་སྔགས་ཀྱི་ངོ་བོར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡང་དོན་བཞི་སྟེ་སེམས་སྔགས་ཀྱི་ངོ་བོར་བྱ་
བ་དང་། རང་གི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པ་བརྗོད་པ་དང་། སྦྱོར་བའི་ཆོ་ག་བསྒོམ་པ་དང་། སེམས་ཡེ་ཤེས་སུ་བསྒྱུར་བ་བཞི་ལ་ཞེས་བྱ་བ་ནི་ཟླ་བ་རྡོ་རྗེ་སྔོན་དུ་སྨོས་ཀྱང་དང་པོར་སྔགས་ཀྱི་ངོ་བོར་བྱས་པ་བསྒོམ་དགོས་ཏེ། དེ་ཡང་གདོད་དེའི་སྙིང་གར་བདག་ཉིད་ལྷར་བསྒོམས་པའི་
སྙིང་གར་པདྨ་ཟླ་བ་ལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་བསྒོམས་ནས་སེམས་དེ་སྙིང་ལ་བརྟག་པར་བྱ་ཞེས་ཏེ། བདག་གི་སེམས་དང་དབྱེར་མེད་པར་བསྒོམ་མོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཤིང་རྡོ་རྗེ་ལྕགས་ཀྱུ་གྲངས་མེད་པ་འཕྲོས་པ་ཕྱོགས་བཅུའི་སངས་རྒྱས་
ལ་རིག་པ་ཐམས་ཅད་བདག་གིས་གང་སྒྲུབ་པའི་ཡེ་ཤེས་སེམས་དཔའི་སྐུར་གྱུར་པའམ། དངོས་སུ་ཡང་རུང་སྤྱན་དྲངས་ནས་བདག་གི་སྙིང་གའི་རྡོ་རྗེ་ལ་བསྡུས་ནས་གཉིས་སུ་མེད་པར་བསྒོམས་ལ། བདག་གི་སྔགས་ཀྱི་ངོ་བོར་བྱ། རང་གི་བྱང་ཆུབ་ཚིགས་བཅད་བརྗོད་པ་ནི། །སྔགས་ཀྱི་
གཟུགས་ཀྱི་ཚུལ་གྱིས་ནི། །རང་གི་བྱང་ཆུབ་ཚིགས་བཅད་བརྗོད། །ཅེས་བྱ་སྟེ། གོང་དུ་སྔགས་ཀྱི་ངོར་བྱས་པ་དེའི་ཚུལ་དུ་བསྒོམས་ལ། རང་གི་བྱང་ཆུབ་ཚིགས་བཅད་འདི་བརྗོད་དོ། །བདག་གི་སྐལ་ལྡན་ཆེ་གེ་མོ། །ཁྱོད་ནི་སྒྲུབ་པར་གནས་པ་སྟེ། འདི་ལྟར་རྟག་ཏུ་ཁྱོད་ལ་གུས། །
เล่ม ๓๘ · หน้า 137b
བསྲུང་དང་མཆོད་ལ་སོགས་པར་གནས། །རང་གི་དངོས་གྲུབ་བདག་ལ་སྩོལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྗོད་ཅིང་། བདག་ཉིད་དང་ལྷ་མངོན་དུ་དབྱེར་མེད་པར་བྱའོ། །ཆོ་གའི་སྦྱོར་བ་བསྒོམ་པ་ནི། །རང་གི་དཀྱིལ་འཁོར་ལ་འདུག་ནས། །ཆོ་ག་ཡང་དག་སྦྱོར་བ་
བསྒོམ། །ཞེས་བྱ་སྟེ། རང་གི་རིགས་ཀྱི་ལྷར་བསྒོམས་ལ། །ཆོ་ག་ནི་ཡང་དག་པ་སྟེ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྦྱོར་བ་བསྒོམས་པའི་འོད་ཟེར་རྡོ་རྗེར་འཕྲོས་པས་ཐུགས་ཀར་བརྡེག་ཅིང་བསྐུལ་ལ། ལྕགས་ཀྱུས་དགུག་ཅིང་བདག་ལ་བསྟིམ་མོ། །སེམས་ཡེ་
ཤེས་སུ་བསྒྱུར་བ་ནི། སེམས་དེ་ཡེ་ཤེས་གཟུགས་སུ་བསྒྱུར། །སྒོམ་པ་ནི་ཉེ་བའི་སྒྲུབ་པའོ་ཞེས་བྱ་སྟེ།བདག་ལྷ་ཡབ་ཡུམ་དུ་བསྒོམ་པ་དང་། དེའི་བྱང་ཆུབ་སེམས་དང་ལྷ་བཀུག་ཅིང་ཐིམ་པ་དང་གསུམ་དབྱེར་མེད་པའི་སེམས་དེ་ཡེ་ཤེས་སེམས་དཔའི་གཟུགས་སུ་བསྒྱུར་ལ་དེའི་ངང་དུ་
བསྒོམས་ཏེ་ཡེ་ཤེས་ལྔ་དང་ལྡན་པའི་ངོ་བོར་བྱའོ། །ཉེ་བར་སྒྲུབ་པ་ཞེས་བྱ་བ་ནི་ལྷའི་སྦྱོར་བ་རྫོགས་ཤིང་དེ་དང་ཉེ་བའི་རྒྱུར་གྱུར་པས་ཉེ་བར་སྒྲུབ་པ་ཞེས་བྱའོ། །ད་ནི་སྒྲུབ་པ་བསྟན་པའི་ཕྱིར་ན། ཇི་སྲིད་རྣམ་གཉིས་མཐོང་བ་རུ། །དེ་སྲིད་ཟླ་བ་དྲུག་ཏུ་བསྒོམ། །འདོད་ཆགས་ཐམས་ཅད་
ལོངས་སྤྱད་དེ། ཐམས་ཅད་རྟག་ཏུ་སྦྱོར་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་མ་ལྟ་བུར་བསྙེན་པས་སེམས་སྦྱངས་ཤིང་ཉེ་བར་སྒྲུབ་པས་བསྒྲུབས་ཏེ་རྟགས་བྱུང་གྲུབ་ནའང་ལེགས་ཏེ་སྒྲུབ་པ་ལ་འཇུག་དགོས། གལ་ཏེ་རྟགས་མ་བྱུང་ཞིང་མ་གྲུབ་ན་ཡང་བསྒྲུབ་པར་བྱ་དགོས་ཏེ།
དེ་ཡང་རང་རང་གི་རིགས་དང་མཐུན་པའི་ཡུམ་བཙལ་ལ་དེ་དང་ལྡན་པའི་བྱང་ཆུབ་སེམས་ལས་དཀྱིལ་འཁོར་གདོན་ཅིང་རང་ཉིད་ལྷའི་སྐུ་གསུང་ཐུགས་སུ་བསྒོམ་ཞིང་གང་འདོད་པའི་ལྷ་དེ་བསྒྲུབ་པར་བྱའོ། །དུས་ཇི་སྲིད་རྣམ་གཉིས་ཞེས་བྱ་བ་དུས་ཇི་སྲིད་ལྷ་ཡབ་ཡུམ་རྣམ་གཉིས་སམ། ཕྱག་
རྒྱ་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པའི་ངོ་བོར་བཞུགས་པ་ལ་ནི་རྣམ་པ་གཉིས་ཞེས་བྱ་སྟེ། དེ་དབང་པོ་དང་ཡིད་ཀྱིས་མངོན་སུམ་དུ་སྣང་ཞིང་མཐོང་བར་མ་གྱུར་གྱི་བར་དེ་སྲིད་དུ་ཡུན་རིང་ན་ཟླ་བ་དྲུག་གི་བར་དུ་ཡང་བསྒོམ་ཞིང་བསྒྲུབ་པར་བྱ་སྟེ། དེ་ཡང་དྲུག་གསུམ་གཉིས་
เล่ม ๓๘ · หน้า 138a
གཅིག་ཟླ་བ་ཕྱེད་དང་དྲུག་བསྒྲུབ་ཅིང་འདོད་པའི་ཡུལ་ཆགས་པར་བྱ་བའི་ཡོན་ཏན་ཐམས་ཅད་ཀྱང་མི་བཀག་པར་ལོངས་སྤྱོད་ཅིང་། གང་སྤྱོད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་རྟག་པར་རང་གི་སྤྱོད་ཡུལ་དུ་སྦྱར་ལ་སྤྱད་པར་བྱའོ། །གལ་ཏེ་ཟླ་བ་དྲུག་གིས་ནི། །
གང་གསུངས་མཐོང་བར་མ་གྱུར་ན། །དེ་ལྟར་གསུངས་པའི་ཆོ་ག་ལྟར། །དེ་ནི་ལན་གསུམ་རབ་ཏུ་བརྩམ། །ཞེས་གསུངས་ཏེ། གལ་ཏེ་ཟླ་བ་དྲུག་གིས་ཀྱང་གང་སྒྲུབ་པར་གསུངས་པའི་ལྷ་དེ་ཡིད་དང་། དབང་པོས་མངོན་སུམ་དུ་སྣང་ཞིང་མཐོང་བར་མ་གྱུར་ན། འདི་ཉིད་ཀྱི་རྩ་བའི་
རྒྱུད་ལས་སྔར་ཇི་ལྟར་གསུངས་པ་དང་། སྒྲུབ་ཐབས་ལས་འབྱུང་བའི་སྤོགས་པའི་ཆོ་ག་དང་ལྡན་པར་བྱས་ལ་དེ་ནི་བྱ་བ་བསྒྲུབ་པར་བྱ་བའི་ལྷ་དེ་ལན་གསུམ་གྱི་བར་དུ་སྒྲུབ་པ་བརྩམ་པར་བྱའོ། །དེ་ལྟར་ལན་དུ་མར་སྤོགས་པའི། ཆོ་ག་དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། མཐོང་བ་འབྱུང་བར་
མ་གྱུར་ཅིང་། གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་གྱིས་ནི་བསྒྲུབ་པར་བྱ། །དེ་ལྟར་དྲུག་ཚན་ཕྱི་མཐའི་བར་དུ་སྒྲུབ་པར་གྱུར་པ་ལས་ཀྱང་མ་གྲུབ་ཅིང་སྒྲུབ་པ་པོས་ལྷའི་གཟུགས་མཐོང་བར་མ་གྱུར་ཅིང་། གང་གི་ཚེ་རྟོག་པར་བྱ་བའི་ཡུལ་བྱང་ཆུབ་དེ་ཡང་མ་རྟོགས་ཏེ་མ་གྲུབ་པར་གྱུར་ན་དྲག་
ཤུལ་གྱིས་ནི་བསྒྲུབ་པར་བྱ། ཞེས་བྱ་སྟེ། དྲག་ཤུལ་གྱི་ལས་ཀྱིས་དངོས་གྲུབ་བསྒྲུབ་པར་བྱའོ། །དེའི་ཐབས་ཀྱང་རྣམ་པ་གསུམ་སྟེ། དང་པོར་སྙན་པའི་ཚིག་གིས་སྒྲུབ་པ་དང་། བསྡིགས་པའི་ཚུལ་གྱིས་སྒྲུབ་པ་དང་། ཆད་པས་བཅད་པའི་ལས་ཀྱིས་བསྒྲུབ་པར་བྱའོ། །དེ་ལ་སྙན་
པའི་ཚིག་གིས་སྒྲུབ་པ་ནི་གཞལ་ཡས་ཁང་ཇི་བཞིན་པའི་ནང་ན་རང་གི་དཀྱིལ་འཁོར་གྱི་དབུས་སུ། དཔལ་རྡོ་རྗེ་སེམས་དཔའ་མ་གཏོགས་པའི་རྡོ་རྗེ་རིགས་ཀྱི་ལྷ་གང་ཡང་རུང་བ་ཞིག་གི་སྦྱོར་བ་དང་ལྡན་པར་བསྒོམས་ནས། བདག་ཉིད་ཀྱི་བ་སྤུའི་བུ་ག་ནས་ལྷ་མོའི་ཚོགས་བྱུང་བ་རྣམས་ཀྱིས་ཞེ་སྡང་
རྣམ་པར་དག་ཅིང་རྡོ་རྗེའི་རིགས་སུ་སངས་རྒྱས་པའི་ཡེ་ཤེས་ཀྱི་ལྷ་མངོན་དགའི་འཇིག་རྟེན་ན་བཞུགས་པ་རྣམས་ལ་མཆོད་པ་བླ་ན་ཡོད་པ་དང་། བླ་ན་མེད་པ་ཕྱི་ནང་གསང་བ་རྣམ་པ་གསུམ་གྱིས་བསྡུས་པས་མཆོད་ནས། སྙན་ཅིང་མཛེས་ལ་ཡིད་འཕྲོག་པར་ནུས་པའི་དབྱངས་ཀྱིས་བསྐུལ་ཏེ།
เล่ม ๓๘ · หน้า 138b
སྲི་ཞུ་དེ་ལྟ་བུས་སྤྱན་དྲངས་ནས། བདག་གི་ལུས་ལ་ཞུགས་ཏེ། དེ་དང་དབྱེར་མེད་པར་གྱུར་པར་བསམས་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །གལ་ཏེ་དེས་ཀྱང་མ་གྲུབ་པར་གྱུར་ན་བསྡིགས་པའི་ཐབས་ཀྱིས་སྒྲུབ་སྟེ། བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་དང་ཟླ་
བའི་སྟེང་དུ་རྡོ་རྗེའི་བུམ་པ་ལ་ཧཱུཾ་གིས་མཚན་པ་ལས་བསྐྱེད་པའི་སུམྦྷ་ར་ཙ་ཇི་ལྟ་བུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་པའི་ལག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་བདག་ཉིད་ཀྱི་ཁ་ནས་ཕྱིར་བྱུང་སྟེ། ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་བསྐྱེད་པའི་གྲུ་གསུམ་
མེ་འདྲ་བའི་དབུས་སུ་གནས་པ་ཉི་མའམ་བསྐལ་པའི་མེ་ལྟར་འབར་བ། མདུན་དུ་བཀའ་ནོད་པར་གྱུར་པར་བསམས་ལ་དེའི་ལག་པའི་འབར་བ་རྡོ་རྗེ་ལྕགས་ཀྱུས་སྙིང་གར་བཏབ་ཅིང་། བདག་ནི་སྐལ་ལྡན་ཆེ་གེ་མོ། །ཞེས་སྔར་གསུངས་པའི་ཚིག་གིས་བསྐུལ་ན་ཞག་བདུན་གྱིས་
འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་བྱས་པས་ཀྱང་དངོས་གྲུབ་མི་སྟེར་ན། དེའི་དུས་སུ་ཆད་པས་བཅད་པའི་ལས་ཀྱིས་བསྒྲུབ་པར་བྱ་སྟེ། རིག་མའི་པདྨའི་ནང་དུ་ཧ་ལས་རྡོ་རྗེ་རྒྱ་གྲམ་བསྐྱེད་པའི་སྟེང་དུ། ཧཱུཾ་ལས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་འཇིག་རྟེན་པའི་ཉི་མ་བྱེ་བ་ཕྲག་
བརྒྱ་དུས་གཅིག་ཏུ་ཤར་བ་ལྟ་བུའི་འོད་དང་ལྡན་པ། དེའི་སྟེང་དུ་རཾ་ལས་བསྐྱེད་པའི་ཟུར་གསུམ་མེ་འདྲ་བའི་ཡི་གེ་རས་མཚོན་པ་བསྐལ་པའི་མེ་ལྟར་འབར་བ་བསམས་ལ་བདག་ཉིད་ཀྱི་གསང་བའི་རྡོ་རྗེ་ལས་བསྐྱེད་པ་སྙིང་རྗེ་ཆེན་པོ་དང་། འདོད་ཆགས་རྣམ་པར་དག་པའི་རང་བཞིན་ཁ་
དོག་དཀར་ལ་དམར་བ། འོད་ཟེར་སྣ་ཚོགས་པའི་ཕྲེང་བ་འབྱུང་བ། ནོར་བུ་རིན་པོ་ཆེ་འབར་བ་ལྟ་བུ་རིག་མའི་ཚོགས་ཐམས་ཅད་ཆགས་པར་བྱེད་པ། སྤྱི་བོ་ཨོཾ་གྱིས་མཚོན་པར་བྱིན་གྱིས་བརླབས་ནས་གསང་བའི་པདྨ་དེ་ལ་གཞག་པར་བྱའོ། །དེ་ནས་རྡོ་རྗེ་དང་པདྨའི་སྦྱོར་མཚམས་ནས།
རྡོ་རྗེ་ལྕགས་ཀྱུ་ཞགས་པ་འཕྲོས་པས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་སྙིང་གར་བཙུགས་ནས་དྲངས་ཏེ། ལྷ་མོའི་པདྨ་སྣ་རྩེའི་མེའི་དཀྱིལ་འཁོར་གྱི་སྟེང་དུ་གཞག་པར་བྱའོ། །དེ་ནས་ལྷ་མོ་དེ་རྣམས་བསྲེགས་པའི་མེ་དཔུང་འཕྲོ་བའི་རྡོ་རྗེ་པདྨར་ཞུགས་པ་དང་། ཐབས་དང་ཤེས་རབ་ཀྱི་བསྒུལ་
เล่ม ๓๘ · หน้า 139a
བསྐྱོད་དང་། སྔགས་ཀྱི་འོད་ཟེར་གྱི་འཕྲོ་འདུ་དང་། ལྷག་པ་བྱང་ཆུབ་སེམས་ཀྱི་རྒྱུན་འབར་བ་ཐོག་དང་སེར་བ་ལྟ་བུ་ལྷ་དེ་དག་གི་ལུས་ལ་ལྷུང་ཞིང་བབ་པས་ཐལ་བ་བཞིན་དུ་བརླག་པར་བསམ་མོ། །དེ་ནས་ལྷ་དེ་དག་གི་ཐུགས་ཡེ་ཤེས་མར་མེ་ལྟ་བུའི་ཧཱུཾ་གི་
གཟུགས་སུ་བསྒྱུར་ཏེ། དེ་ལས་དཔལ་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པ་བདག་གི་ལུས་ལ་ཞུགས་ཏེ། བདག་དང་གཉིས་སུ་མེད་པར་བསྒོམས་ནས། ཉིད་ཀྱིས་གསུངས་པའི་དམ་ཚིག་ལས་འདའ་བར་དོགས་ན་ཞག་བདུན་ཚུན་ཆད་ཀྱིས་ངེས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །རྒོལ་བ་པ་ན་རེ།
སྔར་ཉེ་བའི་བསྙེན་པའི་སྐབས་སུ་ཟླ་བ་རྡོ་རྗེ་རབ་སྦྱོར་བ་ཞེས་གསུངས་པས་བསྐུལ་བ་དང་། རང་གི་དཀྱིལ་འཁོར་ལ་འདུག་ནས་ཞེས་གསུངས་པའི་དོན་གྱིས་སེམས་ཡེ་ཤེས་ཀྱི་གཟུགས་སུ་བསྒྱུར་བས་གསུངས་པ་སྔར་ཡང་བསྟན་ཟིན་ན། དེ་ལས་མི་མཐུན་པར་གྱུར་པ་སྒྲུབ་པའི་སྐབས་སུ་འདིར་ཡང་
སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ཡང་བདེན་མོད་ཀྱི་འོན་ཀྱང་བསྙེན་པ་དང་། ཉེ་བའི་སྒྲུབ་པ་ནི་སེམས་སྦྱང་བའི་དོན་དུ་ཏིང་ངེ་འཛིན་དཀྱུས་མར་བྱ་བ་ཡིན་ལ། དེ་ལྟར་སེམས་སྦྱངས་ནས་གྲུབ་པ་ནི་གང་འདོད་པའི་དངོས་གྲུབ་དེ་ཉིད་མངོན་དུ་སྒྲུབ་པའི་ཏིང་ངེ་འཛིན་ཏེ། དེ་ལྟར་བསྒྲུབ་པའི་དུས་སུ་
དངོས་གྲུབ་མི་སྟེར་བར་གྱུར་ན། དྲག་ཤུལ་གྱི་ལས་བརྩམས་ལ་ནན་གྱིས་དངོས་གྲུབ་བླང་བར་བསྟན་པ་སྟེ། དེ་ཡང་ལྷའི་དགོངས་ཚད་སྲ་སྙི་དང་། ལས་དྲག་དལ་གྱི་ཚད་རྣམ་པ་གསུམ་རིམ་བཞིན་དུ་སྦྱར་ལ་བྱའོ་བར་བསྟན་པའོ། །རྒོལ་བ་པ་ན་རེ། སྒྲིབ་པ་ཟད་པ་ཉིད་དངོས་གྲུབ་དུ་འགྱུར་བའམ་
སྒྲིབ་པ་ཟད་པས་དངོས་གྲུབ་ཐོབ་པ་ཡིན་ན། སྒྲིབ་པ་ཟད་པར་བྱ་བའི་ཕྱིར་རང་གི་རྒྱུད་ལེགས་པར་མ་སྦྱངས་ན་དྲག་ཤུལ་གྱི་སྦྱོར་བ་ནན་གྱིས་ལྷའི་དངོས་གྲུབ་ཐོབ་པར་འགྱུར་རམ་ཞེ་ན། སྨྲས་པ། མཚན་མ་མེད་པ་ལ་དགའ་བས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སྦྱང་བ་དང་། མཚན་མ་ལ་
དགའ་བས་མཚན་མའི་ཏིང་ངེ་འཛིན་གཙོར་བྱས་པས་སྦྱང་བ་དང་གཉིས་ལས། འདི་ནི་མཚན་མ་ལ་དགའ་བའི་རྣལ་འབྱོར་པས་མཚན་མའི་ཏིང་ངེ་འཛིན་གཙོར་བྱས་པས་སྒྲིབ་པ་སྦྱང་བའི་ཐབས་སུ་བསྟན་པ་སྟེ། ལས་ཀྱི་བྱེ་བྲག་མི་མཐུན་པ་དུ་མར་བསྟན་པ་ཡང་ནས་ཡང་དུ་རྣམ་པ་དུ་མའི་སྒོ་ནས་
เล่ม ๓๘ · หน้า 139b
སེམས་སྦྱང་བའི་ཐབས་སུ་བསྟན་པ་སྟེ། སྒྲིབ་པ་ཟད་པར་བྱ་བའི་གཉེན་པོའི་ཐབས་སུ་གཅིག་ན་ཡང་བྱེ་བྲག་མི་མཐུན་པ་དུ་མར་བསྟན་པ་ནི་རྒྱལ་བས་ཚིག་གི་ཐ་སྙད་རིམ་པར་ཕྱེ་ནས་གསུངས་པའི་མཚམས་ཕྱེད་པར་བྱ་བ་དང་། སྒྲུབ་པ་པོའི་ཏིང་ངེ་འཛིན་དང་ལས་ཀྱི་རིམ་པ་མི་མཐུན་པའི་སྒོ་ནས་དུ་
མར་བསྒྱུར་ཅིང་ཞུགས་ན། སེམས་སྐྱོ་བ་མེད་ཅིང་ཏིང་ངེ་འཛིན་སོ་མ་བརྩེགས་པས་ངལ་དུབ་མེད་པའི་སྒོ་ནས་སྒྲུབ་པ་མྱུར་དུ་འཐོབ་པའི་ཕྱིར་བསྟན་པ་ཡིན་ལ་མཚན་མ་མེད་པ་ལ་དགའ་བས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སྦྱང་བའི་ཐབས་ཀྱང་འདིའི་རྩ་བའི་རྒྱུད་ཀྱི་སྐབས་སུ་ལྟ་བའི་དབང་དུ་
གསུངས་པ་དག་ཀྱང་ཡིན་ལ། ཕལ་དུ་གཞུང་གཞན་ལས་གསུངས་པ་ཡང་མང་བས་འདིར་མི་སྨོས་ཏེ། གསང་སྔགས་ནི་དོན་རྟགས་ཀྱིས་འཇུག་པས་འདིར་སྤྱོད་པ་གཙོར་བསྟན་པ་ཡིན་པར་རིག་པར་བྱའོ། །འདི་ལྟར་བསྟན་པ་འདི་ཡང་རྣལ་འབྱོར་པས་སྒྲུབ་ཐབས་གཅིག་གི་སྒོ་ནས་ལན་
ཅིག་ཙམ་འབད་ནས་བསྒྲུབས་པ་དང་ལས་མ་གྲུབ་ཏུ་ཟིན་ཀྱང་ཐབས་གཞན་དང་གཞན་གྱི་སྒོ་ནས་ལན་དུ་མར་འབད་ནས་བསྒྲུབ་ན་འགྲུབ་པར་ངེས་ཏེ། རྣལ་འབྱོར་པའི་འབད་རྩོལ་བསྐྱེད་པའི་སེམས་དང་། འཕགས་པའི་ཐུགས་རྗེའི་གདུལ་བྱ་ལ་དགོངས་ཏེ་སྨྲེལ་ཞིར་གྱུར་ནས་མི་ཕྲད་པ་མི་སྲིད་
ཅེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེ་ཡི་ཡེ་ཤེས་ནི། །འགྲུབ་པ་ངེས་པར་ཉེ་བར་འགྱུར། །ཞེས་གསུངས་ཏེ། དྲག་ཤུལ་རྣམ་པ་གསུམ་གྱིས་དེ་ལྟར་བསྒྲུབ་པ་དེའི་ཚེ་ཡེ་ཤེས་ཀྱི་ལྷའི་དངོས་གྲུབ་གང་འདོད་པ་དེ་ངེས་པར་མྱུར་དུ་འགྲུབ་ཅིང་། རྟགས་དང་མཚན་མ་འབྱུང་ཞིང་
འཁོར་བ་ལ་ངེས་པར་འབྱུང་བར་འགྱུར་རོ། །ད་ནི་སྒྲུབ་པ་ཆེན་པོའི་དོན་བསྟན་པའི་ཕྱིར་ན། རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང་དུ་བྱ་བ་དང་། །སྲུང་བའི་སྦྱོར་བ་དག་ཀྱང་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྙེན་པ་དང་། ཉེ་བའི་སྒྲུབ་པ་
ཡང་དང་ཡང་དུ་བྱས་ནས་སེམས་བྱང་བ་དང་། དེ་ལྟར་བསྒྲུབས་ནས་གྲུབ་པ་ཐོབ་པ་དང་། སྒྲུབ་པ་ཆེན་པོའི་བདག་ཉིད་ལྷའི་སྐུར་སྣང་ཞིང་། ཡུམ་གྱི་མཁའ་དབྱིངས་ནས་དཀྱིལ་འཁོར་གདོན་པ་ཕྲིན་ལས་སྣ་ཚོགས་པ་བྱེད་ནུས་པ་སྟེ། དེ་ཡང་རིགས་ཀྱི་བྱེ་བྲག་མི་མཐུན་པའི་སོ་སོའི་
เล่ม ๓๘ · หน้า 140a
འདོད་པ་བཞིན་དུ་གཟུངས་བཙལ་ཐབས་ཚུལ་དེ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གསང་གནས་བྱིན་གྱིས་བརླབས་ཏེ། གསང་བའི་པདྨ་ལ་རྡོ་རྗེ་ཕུར་པས་གདབ་པར་བྱ་ཞིང་། དཀྱིལ་འཁོར་བསྐྱེད་པ་དང་། གང་འདོད་པའི་ལས་བརྩམ་པ་དང་། གཉིས་སུ་ན་སོ་སོའི་
རིགས་ཀྱི་བྱེ་བྲག་བཞིན་དུ་ལས་རྣམ་བཞི་བརྩམ་ཞིང་ཚུལ་དེ་ཉིད་ཀྱིས་གདུལ་བྱའི་གཟུགས་ལ་རྡོ་རྗེ་ཕུར་བུ་གདབ་པར་བྱ་བ་དང་། གང་དབང་དུ་འདུ་བར་འདོད་ཅིང་མི་འཇུར་བ་དག་བདག་གི་དབང་དུ་བྱ་བ་དང་། ནད་པ་དང་། བྱིས་པ་དང་། གདོན་གྱིས་གནོད་ཅིང་འཚེ་བ་དང་། གནོད་ཅིང་
འཚེ་བར་དོགས་པ་དག་བསྲུང་བར་བྱ་བ་ཡང་། སྒྲུབ་པ་ཆེན་པོའི་སྦྱོར་བས་འགྲུབ་པ་ཡིན་པས་དེ་ལྟ་བུའི་བྱ་བ་སྒྲུབ་པ་ཆེན་པོ་ཡུམ་དང་ལྡན་པའི་ཚུལ་གྱིས་སྦྱར་བར་བྱ་བའམ། སྒྲུབ་པ་ཆེན་པོ་ཡུམ་དང་ལྡན་པས་ལས་དང་བྱ་བ་དེ་དག་ཐམས་ཅད་སྒྲུབ་པའི་ཐབས་ཀྱིས་རིམ་པར་སྦྱར་བར་བྱའོ། །དོན་
དེ་ཉིད་ཀྱི་ཕྱིར་ན། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུས། །ལྷ་མོ་དགུ་ནི་སྤྲོས་ནས་སུ། །བསྒྲུབ་པར་བྱ་བའི་ལུས་ལ་དགོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་ཆེན་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་འདོད་ཆགས་ཆེན་པོའི་
ཚུལ་གྱི་ཏིང་ངེ་འཛིན་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔའི་ཡེ་ཤེས་ཀྱི་འཁོར་ལོ་བཀོད་པ་མ་ལུས་པ་ཀུན་བསྡུས་ནས་བདག་གི་ལུས་ལ་ཞུགས་པ་དང་། སངས་རྒྱས་སྤྱན་ལ་སོགས་པའི་བུད་མེད་རྣམ་པ་དགུར་གྱུར་པ་ཕྱིར་ཕྱུང་། ཕྱོགས་བཅུར་སྤྲོས་ནས་
ཀྱང་བྱ་བ་དེ་ཙམ་གྱི་སོ་ལ་གཞག་པའམ་མ་ཡིན་ཏེ། དེ་དག་གིས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་མཛད་ནས་སླར་བྱོན་ཏེ། བསྒྲུབ་བྱའི་ལུས་ལ་དགོད་པར་བྱ། །ཞེས་བྱ་བ་རང་གི་གཟུངས་རིག་མའི་ལུས་ལ་གཞུག་པར་
བྱ་བ་ལ་ནི་དགོད་པར་བྱ་ཞེས་སྨོས་སོ། །དེ་ལྟར་བྱས་པ་ལས་ཇི་ལྟ་བུར་འགྱུར་ཞེ་ན། ཡོངས་སུ་གྱུར་ལས་ཕྱག་རྒྱ་བཞིའི། །དཀྱིལ་འཁོར་དེར་ནི་བརྟག་པར་བྱ། །བདག་ཉིད་དབུས་སུ་གནས་བྱས་ནས། །འཁོར་ལོ་ཐམས་ཅད་བསྡུ་བར་བྱ། །ཞེས་གསུངས་ཏེ། དེ་ནས་གཟུངས་རིག་
เล่ม ๓๘ · หน้า 140b
མ་དེའི་ལུས་ལས་དཀྱིལ་འཁོར་ཕྱག་རྒྱ་བཞི་ཞེས་བྱ་བ་སངས་རྒྱས་སྤྱན་ལ་སོགས་པའི་ཡུམ་བཞི་ཕྱིར་བྱུང་བར་གྱུར་ཏེ། དེ་དག་གིས་ཡུམ་དེ་ལ་ཀུན་ནས་ཡོངས་སུ་གྲུ་བཞི་པའི་ཚུལ་དུ་བསྐོར་བར་བརྟག་གོ། །ལེའུ་དང་པོ་ལས་དམ་ཚིག་གི་དཀྱིལ་འཁོར་གྲུ་བཞི་པར་བྱིན་གྱིས་
བརླབས་ཏེ་ཞེས་གསུངས་པ་ཡང་དོན་དེ་ཉིད་དོ། །བདག་ཉིད་དབུས་སུ་གནས་བྱས་ལ། །ཞེས་བྱ་བ་ནི་བདག་ཉིད་ཡུམ་བཞིར་བསྐོར་བའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་རིག་མ་དང་གཉིས་སུ་མེད་པར་སྦྱོར་བའི་ཕྲིན་ལས་ལ་གནས་པར་བྱས་ནས། འཁོར་ལོ་ཐམས་ཅད་
བསྡུ་བར་བྱ། །ཞེས་བྱ་བ་གཉིས་སུ་མེད་པར་རོལ་པ་སྤྱོད་པའི་བདེ་བའི་སྒྲ་དང་། ལྷག་པར་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲོ་བས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ཅིང་ལུས་ལ་བསྡུས་ཏེ། བདག་གི་བ་སྤུའི་བུ་ག་ནས་ཞུགས་
ཏེ་ལུས་ལ་ཐིམ་པར་བྱའོ། །ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། །དེ་འོག་བྱང་ཆུབ་བསྒོམ་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་ཐིམ་པ་དང་ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས། ཡུམ་གྱི་གསང་བའི་མཁའ་ལ་བབས་པ་ནི་གསང་བའི་ས་བོན་ཞེས་བྱ་ལ། དེ་ལ་ཡེ་ཤེས་ཀྱི་ས་བོན་ཧོ་ཨོཾ་ཨཱཿཧཱུཾ་ཧོ་
ཞེས་བྱ་བའི་ཡི་གེ་དཀར་བ་དང་། དམར་བ་དང་། མཐིང་ག་གསུམ་གྱི་མཐའ་ཧོ་དམར་པོ་གཉིས་ཀྱིས་བརྟེན་པ་འཐོན་པ་ཡང་བསམ། བདག་གིས་བརྗོད་ཅིང་དེ་ལ་བསྟིམ་པ་དང་དེ་ལྟར་གསལ་བར་ཡང་བསམ་པ་ནི། ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། །ཞེས་བྱ་བ་སྟེ། ཡེ་ཤེས་རྡོ་རྗེ་
ལྟ་བུའི་དོན་དང་ལྡན་ཞིང་སངས་རྒྱས་ཀུན་གྱི་དངོས་པོ་དེ་ལྟ་བུར་བསྡུ་བ་བྱས་ཤིང་བསྒོམ་པར་བྱའོ། །དེ་ནས་ཡི་གེ་ཧོ་དམར་པོ་དགྱེས་པ་ཆེན་པོ་འདོད་ཆགས་ཀྱི་མེས་ཡི་གེ་གསུམ་དང་ཡབ་ཡུམ་གསང་གནས་སུ་བཅས་པ་ཞུ་སྟེ། འོད་ཀྱི་གོང་བུར་གྱུར་པའམ་དེ་གཉིས་སུ་ན་ཡབ་ཡུམ་ཐབས་
དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་མཛད་པའི་བདེ་བ་ཆེན་པོས་མྱོས་ཏེ། རྣམ་པར་མི་རྟོག་པའི་ངང་དུ་རྨོངས་པར་གྱུར་པ་སྣང་བ་མེད་ཅིང་མཐོང་བ་མེད་པའི་ངོ་བོར་གནས་པ་ལ་ནི། དེ་འོག་བྱང་ཆུབ་བསྒོམ་པར་བྱ། །ཞེས་བྱ་སྟེ། ལྷག་པ་བྱང་ཆུབ་ཀྱི་སེམས་ཡི་གེ་གསུམ་དུ་
เล่ม ๓๘ · หน้า 141a
གྱུར་པ་མཐའ་བཞག་པའི་ཧོས་བཞུས་པ་དེའི་ཚེ་འོད་ཀྱི་གོང་བུར་གྱུར་པའམ། དེ་ཉིད་ཀྱང་སྣང་མཐོང་མེད་པ་མི་རྟོག་པར་གྱུར་པ་ལ་བྱང་ཆུབ་ཅེས་བྱ་སྟེ། དེ་ལྟ་བུའི་ངང་དུ་ཡང་ནས་ཡང་དུ་གོམས་པར་བསྒོམ་པ་ལ་ནི་རྣམ་པར་བསྒོམ་ཞེས་བྱ་སྟེ། དེ་ལྟར་ཡང་རྩ་བའི་
རྒྱུད་ཀྱི་ལེའུ་གཉིས་པ་ལས། དངོས་པོ་མེད་པ་སྒོམ་པ་མེད། །སྒོམ་པ་བསྒོམ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་དེ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་པའི་དོན་ཡང་འདི་ཉིད་དེ། མིང་གི་རྣམ་གྲངས་མཆོག་གི་བསྙེན་པ་ཡེ་ཤེས་བདུད་རྩི་ཞེས་ཀྱང་བྱའོ། །
ཅིའི་ཕྱིར་ཞེ་ན། འདིར་ནི་རྟག་པ་ཐེར་ཟུག་ཏུ་འཛིན་ཅིང་མཚན་མར་ལྟ་བའི་རྣམ་རྟོག་གི་བདུད་འཇོམས་པའི་རྩི། ཡེ་ཤེས་ལྔའི་ངོ་བོ་སྟོང་པ་ཉིད་བསྒོམས་པའི་བག་ཆགས་ཆོས་ཀྱི་སྐུ་དང་ཉེ་བའི་ཕྱིར་རོ། །དེ་ཡང་སེམས་ཅན་གྱི་གནས་སྐབས་ན་སྲིད་པ་བར་མ་དོའི་དྲི་ཟ་ཉེ་བར་འཁོར་བ་ལྟ་བུའི་སྐྱེ་
བ་སྔོན་མ་ནི་ཐལ། ད་དུང་ཕྱི་མ་ནི་མ་བླངས། ལེན་ལ་ཁད་པར་ཉེར་བསྡོགས་སུ་གནས་པའོ་ཞེས་སློབ་དཔོན་གཞན་དག་སྨྲའོ། །དེ་ལྟ་བུའི་ངང་དུ་གནས་ན་རང་གི་ལྷ་མོ་མཉེས་པ་དང་འགྲོ་བའི་དོན་བྱ་བ་མི་འགྲུབ་པས་དེ་ལས་བསླང་ཞིང་འགྲོ་བའི་དོན་ལ་གཟུང་བའི་ཕྱིར། བསྐུལ་བའི་གླུ་དབྱངས་
བཞི་ཡིས་ནི། །ལྷ་མོས་སྙིང་པོ་བསྐུལ་བ་ཡིས། །ཞེས་གསུངས་ཏེ། ཚད་མེད་པ་རྣམ་པ་བཞི་ཡུན་རིང་པོ་ནས་བསྒོམས་པའི་བག་ཆགས་རྟས་པ་དང་། འབྱུང་བ་རྣམ་པ་བཞི་གནས་སུ་དག་ཅིང་སངས་རྒྱས་པར་གྱུར་པའི་རང་བཞིན་ལྷ་མོ་སངས་རྒྱས་སྤྱན་ལ་སོགས་པ་བཞི་གྲྭ་བཞིའི་
མཚམས་ན་བཞུགས་པར་རྟག་པར་ཡིད་ལ་བྱེད་ཅིང་སྙིང་ལ་མི་བརྗེད་པར་འཛིན་པ་ནི། གཙོ་བོ་ཡིན་ལ་དེ་ལ་བསྐུལ་ནས་རྣམ་པར་མི་རྟོག་པའི་ངང་ལས་བསླང་བའི་ཕྱིར་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་པ་ལས་གསུངས་པའི་དབྱངས་བཞིས་རིམ་པ་བཞིན་དུ་བསྐུལ་བའོ། །གཉིས་སུ་ན་ལྷ་མོ་འདིས་དབྱངས་
ཀྱིས་གཙོ་བོའི་ཐུགས་ལ་བསྐུལ་བ་ནི་བསྐུལ་བའོ། །དེ་ལྟར་བསྐུལ་བ་དེའི་ཅིར་འགྱུར་ཞེ་ན། ཡེ་ཤེས་ལྟ་བུར་ལུས་བསྒོམ་མོ། །ཞེས་བྱ་སྟེ། ཡེ་ཤེས་ཀྱི་ཁྱད་པར་ཇི་ལྟ་བུར་དགོངས་ཤིང་དམིགས་པ་བཞིན་དུ་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའམ། གཉིས་སུ་ན་ཡེ་ཤེས་གང་གི་
เล่ม ๓๘ · หน้า 141b
ངོ་བོར་གནས་པ་དེ་ལྟ་བུར་ལུས་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའམ། གཉིས་སུ་ན་ཡེ་ཤེས་གང་གི་ངོ་བོར་གནས་པ་དེ་ལྟ་བུར་ལུས་ཕྱག་རྒྱ་ཆེན་པོར་བསྐྱེད་པ་སྟེ། དེའི་རིམ་པ་ཡང་འོད་ཀྱི་གོང་བུའམ། རྣམ་པར་མི་རྟོག་པའམ། རིགས་གང་ཡིན་པའི་ཡིག་འབྲུར་གྱུར། དེ་ལས་
ཐུགས་མཚན་ཡིག་འབྲུའི་མཚན་མར་གྱུར། དེ་ལས་འོད་འཕྲོས་པས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་བཀུག་ཅིང་སྤྱན་དྲངས་ཏེ། སླར་འདུས་པ་ཐུགས་མཚན་ཡིག་འབྲུར་བཅས་པ་ལ་ཞུགས་ཤིང་
ཐིམ་པ་ལས་གང་ལྟར་འདོད་ཅིང་ཇི་ལྟར་བསྒོམས་པའི་ལྷ་དེའི་གཟུགས་སུ་གྱུར་པར་བརྟག་པའོ། །དེ་ལྟར་གྱུར་མ་ཐག་ཏུ། །དུས་གསུམ་རྡོ་རྗེའི་རང་བཞིན་སེམས། །ཞེས་བྱ་བ་ནི་དེའི་ལུས་ངག་ཡིད་གསུམ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་
རྡོ་རྗེ་རྣམ་པ་གསུམ་གྱི་དངོས་པོར་བསྒོམ་པར་བྱའོ། །དྲེགས་པས་ཁ་དོག་རྣམ་པར་དབྱེ། །ཞེས་བྱ་བ་ནི་རིགས་ལྔའམ་ལས་བཞིའི་གང་འདོད་པར་བསྒོམ། དེའི་ཏིང་ངེ་འཛིན་གྱིས་སྐུའི་ཁ་དོག་ཀྱང་དེ་བཞིན་དུ་གྱུར་པར་བསྒོམ་མོ། །དེ་བཞིན་ཉམས་ཀྱི་སྙིང་པོ་སྟེ། །ཞེས་བྱ་བ་ནི་རྒྱུ་རྐྱེན་
གྱི་ཏིང་ངེ་འཛིན་ཇི་ལྟར་བསྒོམས་པས་དེ་གོམས་པ་མངོན་དུ་གྱུར་པའི་འབྲས་བུ་དེ་བཞིན་དུ་འགྲུབ་པར་བསྟན་པ་ནི་རོ་ཡི་སྙིང་ཞེས་བྱ་སྟེ། དེ་ནི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བའི་མཚན་ཉིད་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང་དབྱེར་མེད་པའི་རང་བཞིན་ཆོས་ཀྱི་སྐུ་དང་མི་གཉིས་
པར་བསྟན་པའོ། །རྣམ་པར་སྣང་མཛད་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་དང་གནས། །ཞེས་བྱ་བ་ལྟ་བུའོ། །དབང་བསྐུར་བས་ནི་རང་གི་རྒྱུ། །ཞེས་བྱ་བ་ནི་ཡབ་ཡུམ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལྷག་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་སྟེ། དེའི་འབྲས་བུ་ནི་རང་གི་
རིགས་ཀྱི་བདག་པོས་དབུ་ལ་བརྒྱན་པའོ། །གཉིས་སུ་ན་རྒྱུ་དང་འབྲས་བུའི་ཚུལ་དུ་དབང་བསྐུར་བས་གཅིག་གི་དབུ་རྒྱན་དུ་གཅིག་གྱུར་པའོ། །བཞི་ཡིས་འབྲས་བུ་ཆེ་བ་ཡིན། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ཡེ་ཤེས་སེམས་དཔའ་དང་བཞིའི་བྱེ་བྲག་མི་མཐུན་
เล่ม ๓๘ · หน้า 142a
པ་བསྒོམས་པའི་འབྲས་བུ་ཉིད་ཀྱང་སོ་སོའི་གནས་བཞིན་རང་རང་གི་སྐུ་བཞུགས་པར་སྣང་བའོ། །སྔགས་ཀྱི་ཆོས་ནི་བྱེད་འགྱུར་ལ། །ཞེས་བྱ་བ་ནི་གསང་སྔགས་ཞེས་བྱ་བ་མན་ཏྲའི་སྒྲས་ལྷ་ཕོའི་མཚན་ཉིད་མཚོན་པ་སྟེ། ཡབ་ཀྱི་གསང་གནས་འདོད་
ཆགས་ཆེན་པོ་རྡོ་རྗེ་ཆོས་ཀྱི་རང་བཞིན་དབྱེར་མེད་པར་གྱུར་པའི་རྒྱུ་རྩེ་ལྔ་པར་བྱིན་གྱིས་བརླབ་པའོ། རིག་པའམ་ཆོས་ཀྱི་ཕྱག་རྒྱས་སོ། །ཞེས་བྱ་བ་ནི་རིག་སྔགས་ནི་བིདྱཱ་ཞེས་བྱ་བའི་སྒྲས་ལྷ་མོའི་མཚན་ཉིད་མཚོན་པ་སྟེ། ཡེ་ཤེས་ཀྱི་ཡུམ་རིག་མ་མྱུ་གུ་དང་གྲིབ་མ་བཞིན་དུ་བསྐྱེད་པའི་གསང་
གནས་ཀྱང་འདོད་ཆགས་ཆེན་པོ་རྣམ་པར་དག་པ། ཆོས་ཀྱི་ཕྱག་རྒྱ་པདྨ་འདབ་མ་བརྒྱད་པར་བསྐྱེད་པའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དྲུག །ཅེས་བྱ་བ་ནི་འཁོར་ལོ་རྒྱུན་མི་འཆད་པར་འཁོར་བ་བཞིན་དུ་དབང་པོ་དང་རྣམ་པར་ཤེས་པ་ཡུལ་ལ་རྒྱུན་མི་འཆད་པར་འཇུག་པའི་མཚན་ཉིད་ཅན་
གྱི་མིག་ལ་སོགས་པ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་ཏུ་གྱུར་ཅིང་སྣང་བའོ། །གཙུག་ཏོར་ཞེས་ནི་རྣམ་པར་གྲགས། །ཞེས་བྱ་བ་ནི་གཙུག་ཏོར་རམ་དབལ་སོ་ནི་ཁྱད་པར་དུ་འཕགས་ཤིང་གཞན་ཟིལ་གྱིས་གནོན་པ་སྟེ། དེའི་མཚན་ཉིད་དང་མཚུངས་པ་རྣམ་པར་སྣང་མཛད་
ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་སྟེ། ཟག་པ་དང་བཅས་པའི་ཕུང་པོ་རྣམ་པ་ལྔ་དེ་ལྟ་བུར་གྱུར་ཅིང་སྣང་བའོ། །རྫུ་འཕྲུལ་ཆེན་པོ་ལོངས་སྤྱོད་བཞི། །ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་ནི་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་འབྱུང་བའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་སྟེ། དེའི་
མཚན་ཉིད་ནི་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་བཞིར་གྱུར་ཅིང་སྣང་བའོ། །རིག་པའི་རྒྱལ་པོ་ཞེས་བྱར་གྲགས། །ཞེས་བྱ་བ་ནི་ལག་པ་གཡས་གཡོན་ལ་སོགས་པའི་མཚན་ཉིད་ནི་གཤིན་རྗེ་གཤེད་ལ་སོགས་པ་བཞིར་གྱུར་ཅིང་སྣང་བའོ། །དེ་བཞིན་རྡོ་རྗེའི་བདག་པོ་རྣམས། །ཞེས་བྱ་
བ་ནི་སྔར་བསྟན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་འདོད་པའི་ཡུལ་དྲུག་པོ་ཐམས་ཅད་ནི་རྡོ་རྗེའི་བདག་པོ་སྟེ། སེམས་དཔའ་དྲུག་ལ་དབང་བྱེད་པ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་ཏུ་གྱུར་ཅིང་སྣང་བའོ། །འདི་དག་གི་རིམ་པ་ཐོད་རྒལ་དུ་འབྱུང་བ་ནི་རྒྱུད་དཀྲུགས་པའི་མཚན་
เล่ม ๓๘ · หน้า 142b
ཉིད་ཅན་པས་སྒྲུབ་ཐབས་ཀྱི་རིམ་པ་བཞིན་དུ་རིག་པར་བྱའོ། །ལྷ་འདི་དག་ཀྱང་རང་བཞིན་གྱིས་དཀྱིལ་འཁོར་འབྲས་བུ་མཐར་ཕྱིན་པའི་གནས་སྐབས་ན་ནི་འདི་ལྟར་མངོན་དུ་འགྲུབ་ཅིང་འཁོར་དུ་འཁོད་པར་སྣང་བ་ཡིན་ལ་རྣལ་འབྱོར་པས་ནི་བསྒོམ་ཞིང་བརྟག་པར་བྱ་བའི་རིག་པའོ། །ཕྱག་
རྒྱ་བཞིས་བསྐོར་བའི་གཙོ་བོ་རྡོ་རྗེ་སེམས་དཔའ་འདོད་ཆགས་ཆེན་པོའི་མེས་ཞུ་བ་ལ། ལྷ་མོ་བཞིའི་དབྱངས་ཀྱིས་བསྐུལ་ནས་སྐུར་བསྐྱེད་པ་འདི་ཡང་རྩ་བའི་རྒྱུད་ཀྱི་གནས་སྐབས་ན་ནི་རྡོ་རྗེ་འཛིན་ཆེན་པོ་ལས་དཀྱིལ་འཁོར་གྱི་བདག་པོའི་རྒྱུད་འཆད་པའི་སྟོན་པའི་སྐུ་བསྐྱེད་པའི་གཏན་
ཚིགས་གསུངས་པ་དེ་འདིས་མཚོན་པར་ཤེས་པར་བྱ་ལ། རྣལ་འབྱོར་པའི་གནས་སྐབས་ན་ནི་བདག་གང་ལ་མོས་ཤིང་སྒྲུབ་པའི་ལྷ་དེ་དང་པོར་རྡོ་རྗེ་འཛིན་ཆེན་པོར་བསྒོམས་པ་འོད་དུ་ཞུ་བའམ། མི་རྟོག་པར་བྱས་པ་ལས་བསྐྱེད་པའི་སྐབས་སུ་བསྟན་པ་ལ་རྒྱུད་ཕྱི་མ་ལེའུ་བཅོ་
བརྒྱད་པོ་འདིས་ནི་སྙེན་སྒྲུབ་བཞིའི་སྒྲུབ་པ་ཆེན་པོ་མཚོན་ཅིང་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྒོམས་པའི་ཡོན་ཏན་བསྟན་པའི་ཕྱིར་ན། བསམ་གཏན་རྡོ་རྗེ་ཐམས་ཅད་ལ། །དབང་བསྐུར་བ་ནི་རབ་ཏུ་བསྔགས། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་དང་ནི་ལུས་
མཉམ་མོ། །ཞེས་གསུངས་ཏེ། དེ་ལྟར་བསྟན་པའི་བསམ་གཏན་ཏིང་ངེ་འཛིན་རྩེ་གཅིག་པའི་དཀྱིལ་འཁོར་བསྒོམ་ཞིང་དེའི་དོན་དུ་བྱེད་པའི་རིམ་པ་བསྟན་པ་འདི་རྣམས་ཀྱིས་རྣལ་འབྱོར་པ་གང་གི་རྒྱུད་ལ་དེ་ལྟར་གནས་ཤིང་ཞེན་པར་གྱུར་པ་དེ་ནི་དབང་བསྐུར་བའི་དོན་དང་ལྡན་པ་
ཡིན་པ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྟོད་ཅིང་བསྔགས་པར་མཛད་པ་སྟེ། རང་གི་ཡུལ་དང་ཐབས་གཅིག་ཏུ་གནས་པའི་ཆོ་ག་འདི་ལྟ་བུའི་དོན་ཚང་བར་བྱས་པའི་ཚུལ་གྱིས་ནི། ཡེ་ཤེས་ལུས་དང་ལྷན་ཅིག་ཏུ། །ཞེས་བྱ་སྟེ། བདག་གི་སེམས་དང་དེ་བཞིན་
གཤེགས་པའི་ཡེ་ཤེས་སུ་མཉམ་ལ། བདག་གི་ལུས་དང་དེ་བཞིན་གཤེགས་པའི་སྐུར་མཉམ་སྟེ། དབྱེར་མེད་པར་གྱུར་པའམ་གཉིས་སུ་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་ཇི་ལྟར་བསྒོམས་ཤིང་དམིགས་པ་དང་། མཉམ་པའི་ལུས་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་
เล่ม ๓๘ · หน้า 143a
ནོ། །དེའི་ཐབས་མདོར་བསྡུས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་སྒྲུབ་བྱེད་པ། །ཞེས་བསྟན་ཏེ། བདག་དང་ལྷ་ཐ་དད་པར་གྱུར་པ་ལ་གཅིག་གིས་གཅིག་ལ་དངོས་གྲུབ་སྦྱིན་པ་ལྟ་བུ་མ་ཡིན་ཏེ། བདག་གི་ལུས་ངག་ཡིད་གསུམ་དང་།
ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་དབྱེ་བ་མེད་པར་བསྒོམས་ཏེ། ཐ་མི་དད་པར་བྱས་པའི་སྒོ་ནས་བསྒྲུབ་པར་བྱ་སྟེ། དེ་ནི་སྦྱོར་བའི་རྒྱུད་ལ་ཁྱད་པར་ཡོད་པར་བསྟན་པའོ། །འདི་ལ་ཅིའི་ཕྱིར་སྒྲུབ་པ་ཆེན་པོ་ཞེས་བྱ་ཞེ་ན། དེའི་དོན་བསྟན་པའི་ཕྱིར་ན། སྔར་བཤད་པ་ཡི་རིམ་གྱིས་ནི། །
རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་ཏེ། ཏིང་ངེ་འཛིན་གོང་དུ་སྨོས་པའི་རིམ་པ་ཉིད་ཀྱིས་རིག་མ་དང་ལྡན་པའི་རིག་པའི་སྐྱེས་བུ་སྐུ་གསུང་ཐུགས་རྡོ་རྗེ་ཅན་དུ་བསྐྱེད་ནས། བྱང་ཆུབ་ཀྱི་སེམས་
རྡོ་རྗེ་དག་གིས་རྩ་བའི་རྒྱུད་བཞིའི་ལེའུ་དང་པོ་ལས་སྨོས་པའི་དཀྱིལ་འཁོར་རིམ་པ་ཇི་ལྟར་བསྐྱེད་ཅིང་འབྱིན་པ་དང་། དེ་དང་འདྲ་བར་འབྱིན་ནུས་པའི་ཏིང་ངེ་འཛིན་ནམ་ཏིང་ངེ་འཛིན་དེ་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་ནི་སྒྲུབ་པ་ཆེན་པོའམ། སྒྲུབ་པ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །དེ་ནི་
དེ་དག་གི་དོན་བསྡུས་ནས་བསྟན་པའི་ཕྱིར་ན། བསྙེན་པའི་དུས་སུ་གཙུག་ཏོར་ཆེན་པོའི་སྦྱོར་བ་ཉིད་ཀྱི་གཟུགས་སུ་དམིགས་པ་ཉིད་དུ་སྦྱར་རོ། །ཉེ་བར་སྒྲུབ་པའི་དུས་སུ་ནི། བདུད་རྩི་ཐབ་སྦྱོར་བ་ཡི་གཟུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བསྙེན་པའི་དུས་སུ་ནི་
དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཙོར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་དང་། དྷརྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པས། དཔལ་རྡོ་རྗེ་འཛིན་ཆེན་པོ་ལ་སོགས་པའི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་པ་ལ་ནི་གཙུག་ཏོར་ཆེན་པོའི་གཟུགས་
ཞེས་བྱ་སྟེ། དེ་ནི་གཙུག་ཏོར་རམ་དབལ་ལྟ་བུར་ཁྱད་པར་དུ་འཕགས་ཤིང་། གཞན་ཟིལ་གྱིས་གནོན་པའི་སྟོབས་དང་ཡོན་ཏན་མངའ་བ་སྟེ། དེ་གསལ་བ་ཉིད་དུ་དམིགས་པའི་ཏིང་ངེ་འཛིན་གྱི་སྦྱོར་བས་བསྒོམ་ཞིང་ཡུམ་དང་ཡང་ལྡན་པར་བྱའོ། །འོ་ན་ལེའུ་བཅུ་གཉིས་པ་
เล่ม ๓๘ · หน้า 143b
ལས། །བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་འབྱུང་བ་དང་མཐུན་པར་སློབ་དཔོན་ཁ་ཅིག་ན་རེ། བསྙེན་པ་ནི་སྟོང་པ་ཉིད་དུ་བསྒོམ་པའོ་ཞེས་ཟེར་ན། འདིར་ཕྱག་རྒྱ་ཆེན་པོར་བསྐྱེད་པར་གསུང་པ་མི་མཐུན་པ་ཇི་ལྟར་རིག་པར་བྱ་ཞེ་ན།
སྨྲས་པ་འདིར་བྱང་ཆུབ་མཆོག་ཅེས་སྨོས་པ་ནི་ཤེས་རབ་དང་སྙིང་རྗེར་འབྲེལ་པའི་ངོ་བོ་སྟེ། ཤེས་རབ་ཀྱིས་སྟོང་པ་ཉིད་ཀྱི་མངོན་པར་བྱང་ཆུབ་པ་བསྒོམས་ནས་སྙིང་རྗེས་ཐབས་ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པར་བསྒོམ་པ་བསྟན་པར་ཟད་ཀྱི་སྟོང་པ་ཉིད་དུ་བསྒོམ་པ་ནི་བསྙེན་པ་
ཞེས་བྱ་བའི་སྒྲ་དེ་ཡང་མངོན་པར་འགྱུར་ཏེ། དེ་ལྟར་ཡིན་པའི་གཏན་ཚིགས་རྒྱས་པར་སྔར་བསྟན་ཟིན་ཏོ། །ཉེ་བར་སྒྲུབ་པ་བསྒོམ་པའི་དུས་སུ་ནི་བསྙེན་པ་བསྐྱེད་པའི་ལྷ་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཞུགས་པ་ལ་སོགས་ཏེ། ཡན་ལག་བཞི་ལ་ཁྲོ་བོ་བཞི་བསྒོམ་པ་
ནི་བདུད་རྩི་འཁྱིལ་པ་ཐ་མར་སྨོས་པ་ལ་ཐུག་གི་བར་དུ་གསལ་བར་བསྒོམ་པ་ལ་བྱ་སྟེ། དེའི་དོན་ཡང་རྒྱས་པར་སྔར་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། གསང་བའི་མཚན་མ་ལ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་བའི་གཟུགས་བསྒོམ་ཞེས་འདྲེས་ཀྱི་རིམ་པའི་མཐའ་གཟུང་བར་ཤེས་པར་
བྱའོ། །འོ་ན་ལེའུ་བཅུ་གཉིས་པ་ལས། །ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་བརྟག །ཅེས་གསུངས་པའི་དོན་ནི་སྐྱེ་མཆེད་དྲུག་ལ་སེམས་དཔའ་དྲུག་བསྒོམ་པ་འབའ་ཞིག་ཏུ་འབྱུང་ན་འདི་ལྟར་བསྟན་པར་ཇི་ལྟར་རིག་པར་བྱ་ཞེ་ན། སྨྲས་པ། དེ་སྐད་མགོ་སྨོས་པས་མཚོན་ནས་
བདུད་རྩི་འཁྱིལ་པ་ལ་ཐུག་གི་བར་དུ་བསྒོམ་མོ་ཞེས་གསུངས་པས་དེར་ནི་འདྲེས་ཀྱིས་རིམ་པའི་མགོ་སྨོས་ལ། འདིར་བསྟན་པས་མཇུག་བསྡུས་པས་ལྷ་ཚང་བར་བསྒོམ་དགོས་པར་མངོན་ཏེ་འགལ་བ་མེད་པར་རིག་པར་བྱའོ། །ཉེ་བར་སྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་
གཟུགས་ཀྱི་བར། །སྔགས་པ་ཆོ་ག་ཤེས་པ་ཡིས། །སྒྲུབ་པ་རང་ལྷའི་སྦྱོར་བས་བྱ། །ཞེས་བྱ་བ་ནི་སྒྲུབ་པའི་ཚེ་ན་ནི་རྡོ་རྗེ་འཛིན་ཆེན་པོ་ལ་སོགས་རང་གི་ལྷ་སྔར་གང་བསྒོམས་པ་དེའི་རང་བཞིན་དུ་ཏིང་ངེ་འཛིན་གྱིས་དབྱེར་མེད་པར་སྦྱོར་བ་བསྒོམ་སྟེ། སྒྲུབ་པ་ཆེན་པོའི་དུས་སུ་ནི། །
เล่ม ๓๘ · หน้า 144a
ཞེས་བྱ་བ་ནི། དེའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་བསྐྱེད་ལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པས་བསྐུལ་ཞིང་གསོལ་བ་གདབ་པ་དང་། ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་ལ་
བསྐུལ་བ་དང་། ལྷའི་དཀྱིལ་འཁོར་ལ་བསྐུལ་བའི་དོན་ལེའུ་བཅུ་གཉིས་པ་ལས། སྒྲུབ་པའི་དུས་ན་བསྐུལ་བར་གསུངས། །སྔགས་ཀྱི་བདག་པོ་བསྒོམ་པར་བྱ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །གསང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསྒོམ། །
ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་ལ་ཁ་བྲག་གཉིས་སུ་སྦྱར་ནས་བཤད་པའི་དོན་རྒྱས་པར་སྔར་བསྟན་པ་ལྟ་བུ་ལ་བྱ་སྟེ། ལྷ་དེ་དང་ཏིང་ངེ་འཛིན་དེས་གཞན་བསྐུལ་ཞིང་རོལ་པའམ་བརྩམ་པར་བྱའོ། །འོ་ན་ཁ་ཅིག་ན་རེ། བསྐུལ་བ་
ཁོ་ནའོ་ཞེས་ཟེར། ཁ་ཅིག་ན་རེ། ལུས་ངག་བྱིན་གྱིས་བརླབ་པའོ་ཞེས་ཟེར་ན། དེ་དང་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདིར་སྐུ་གསུང་ཐུགས་རྡོ་རྗེ་ལ་བསྐུལ་དགོས་པའི་ཕྱིར་ན་འདི་ལྟར་བསྟན་ཏོ། །སྒྲུབ་པ་ཆེན་པོ་བསྒོམ་པའི་དུས་སུ་ནི་སངས་རྒྱས་ཐམས་
ཅད་ཀྱི་བདག་པོ་དཀྱིལ་འཁོར་གྱི་ཡང་མངའ་བདག་རྡོ་རྗེ་འཛིན་ཆེན་པོའམ། རྒྱུད་འཆད་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཡིན་མོད་ཀྱི། འོན་ཀྱང་སྔར་གང་བསྒོམས་པའི་ལྷ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའམ། ཡབ་ཡུམ་རོལ་པ་མཛད་པའི་བདེ་
བའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས། བདག་གི་བ་སྤུའི་བུ་ག་ནས་ཐིམ་པ་ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཡུམ་གྱི་མཁའ་ལ་བབས་པས། ཡུམ་གྱི་བ་སྤུའི་བུ་ག་ནས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པར་གྱུར་ཏེ། སླར་བྱུང་བས་བདག་
གི་མགོ་བོར་དབང་བསྐུར་ཏེ། ཐིམ་པ་ལས་རང་གི་རིགས་ཀྱི་བདག་པོས་དབུ་ལ་བརྒྱན་པ་སྟེ། འདིའི་དོན་ཡང་རྒྱས་པར་སྔར་བསྟན་པ་ལས་རིག་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཇི་ལྟར་དབང་བསྐུར་བའི་ཐབས་ཀྱང་སྔར་བསྟན་པ་བཞིན་ནོ། །འོ་ན། གོང་དུ་སྨོས་
เล่ม ๓๘ · หน้า 144b
པའི་རིམ་གྱིས་ནི། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་པ་དེ་དང་མི་མཐུན་པས་འགལ་ལོ་ཞེས་སྨྲས་པ། དང་པོར་བསྙེན་པས་ལྷ་བསྐྱེད་པ་ནས་བཟུང་སྟེ། ཐ་མར་དབུ་རྒྱན་
ལ་བདག་པོ་བསྒོམས་པས་དབང་བསྐུར་བ་ལ་ཐུག་གི་བར་དུ་བསྒོམས་ནས། གདོད་གཉིས་སུ་མེད་པའི་རོལ་པ་སྤྱད་པའི་བྱང་ཆུབ་སེམས་རྣམ་གཉིས་དང་། ས་བོན་རྣམ་གཉིས་དབྱེར་མེད་པ་ལས་གསང་བའི་དཀྱིལ་འཁོར་བསྐྱེད་ཅིང་ཕྱི་རོལ་དུ་སྤྱན་དྲངས་ནས་རྡུལ་ཚོན་དུ་
དགོད་དགོས་པས་ན་མི་མཐུན་པ་འགལ་བ་མེད་དོ། །འོ་ན་བསྙེན་སྒྲུབ་བཞི་ཡན་ལག་ཚང་བར་བསྒོམ་པའི་གནས་སྐབས་སོ་སོར་དགོས་པ་དེ་དག་སྒྲུབ་པ་ཆེན་པོའི་སྐབས་སུ་ཚང་བར་བསྒོམ་ཞེས་གསུངས་པ་ཅིའི་ཕྱིར་ཞེ་ན། བསྙེན་པ་ལ་སོགས་པ་བསྒོམ་པའི་སྐབས་སུ་
དགོས་པ་དེ་དག་ཀུན་སྒྲུབ་པ་ཆེན་པོའི་སྐབས་སུ་ཚང་བར་བྱ་དགོས་ལ། བསྙེན་པ་ལ་སོགས་པ་གསུམ་པ་ནི་སྒྲུབ་པ་ཆེན་པོའི་སྐབས་ཀྱི་དོན་ཚང་བ་མ་ཡིན་པའི་ཕྱིར་ན། འདི་ལྟར་བསྟན་པ་ལ་འགལ་བའི་ཉེས་པ་མེད་དོ། །ད་ནི་དེའི་ཡོན་ཏན་བསྟན་པའི་ཕྱིར་ན། གཙོ་བོ་སངས་
རྒྱས་བདག་པོའི་སྐུ། །འདི་ནི་རྡོ་རྗེ་ཅན་ཀུན་དང་། །རྣལ་འབྱོར་མཆོག་གི་གསང་བ་ཆེ། །དེ་ལྟའི་རྣམ་ཕྱེས་ཤེས་བྱས་ནས། །ཞེས་གསུངས་ཏེ། དེ་ལྟར་བསྟན་པ་དང་འོག་ནས་འབྱུང་བའི་དོན་འདི་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་དབྱེར་མེད་པའི་ཡེ་ཤེས་མངའ་བའི་སངས་རྒྱས་མ་ལུས་
པ་ཐམས་ཅད་ཀུན་གྱི་སྤྱོད་ཡུལ་དུ་འགྱུར་གྱི། །ཕལ་གྱིས་རྟོགས་པར་དཀའ་བས་གསང་ཆེན་ཞེས་བྱ་བ་ཡིན་ནོ། །འདི་ལྟར་བསྟན་པ་འདི་ཡང་སངས་རྒྱས་གཅིག་ཁོ་ན་འབའ་ཞིག་བསྒོམས་པས་འགྲུབ་པར་ནུས་ཀྱི་གཞན་གྱིས་མི་འགྲུབ་པ་མ་ཡིན་ཏེ། སངས་རྒྱས་རིགས་སོ་སོ་
གང་ཡིན་པའི་ཏིང་ངེ་འཛིན་གྱི་ཆ་དེ་ལྟར་བསྒོམས་པས་དེ་དང་དེའི་སྤྱིའི་རྒྱུད་ལ་མངའ་བའི་དངོས་གྲུབ་མཆོག་གཞན་དང་ཐུན་མོང་དུ་མ་གྱུར་པ་དེ་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །ཞི་བ་མཆོག་གི་དངོས་གྲུབ་ནི། །གཞན་དག་གིས་ནི་མི་འགྱུར་རོ། །དངོས་གྲུབ་མཆོག་ནི་བསྒྲུབ་
เล่ม ๓๘ · หน้า 145a
པར་བྱ། །ཞེས་པ་གསང་བའི་ཐེག་པའི་ལམ་གྱིས་མངོན་པར་བྱང་ཆུབ་པའི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཐེག་པའི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་གྱིས་ཞི་བ་མཆོག་གི་དངོས་གྲུབ་དམ་པ་དེ་ནི་བསྙེན་སྒྲུབ་ཡན་ལག་བཞི་ཕྲུགས་ཤིང་མ་ནོར་བར་
བསྒོམ་པའི་ཐབས་འདི་ལྟ་བུ་ལ་འབད་པས་འགྲུབ་པར་འགྱུར་གྱི། དེ་ལས་གཞན་དུ་གྱུར་པའི་ཐབས་དག་གིས་ནི་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་གསུངས་སོ། །ལ་ལ་ན་རེ། བསྙེན་དུས་གཙུག་ཏོར་ཆེན་པོ་ལས། བདུད་རྩི་ཐབ་སྦྱོར་དང་། ཡི་དམ་གྱི་ལྷ་དང་། བྱང་
ཆུབ་སེམས་རྡོ་རྗེ་རྣམས་ནི་བསྙེན་སྒྲུབ་ཀྱི་ལྷ་ཞེས་བྱ་སྟེ། དེ་བཞིས་བསྙེན་སྒྲུབ་བཞི་བསྒོམ་པའི་དུས་སུ་བདག་བསྒོམ་པ་དང་། མཚམས་བཅད་པ་གཉིས་ཀ་ལ་སྦྱར་བར་བྱའོ་ཞེས་ཟེར་ན། ལན་དུ་དེ་ལྟ་ན་ནི་བསྙེན་སྒྲུབ་ཡན་ལག་བཞི་རེ་རེའི་གནས་སྐབས་སུ་ལྷ་རེ་རེ་བསྒོམ་ན་ནི་ལྷ་
གཅིག་ལ་བཞི་ཆར་མ་ཚང་ལ། འདི་བཞི་ཁོ་ན་བསྒོམ་ན་ནི་ལྷ་གཞན་དང་མ་འབྲེལ་ཞིང་དེའི་སྐབས་སུ་བགེགས་བསྐྲད་ཅིང་མཚམས་བཅད་དགོས་ན་ཡང་བྱ་བའི་རྒྱུད་ལྟར་རྟོག་པ་ཅན་དུའང་འགྱུར་ལ། ལྷ་གཅིག་ཏུ་ངེས་པར་བཅད་པས་རྒྱུད་ཀྱི་དོན་དང་འགལ་བའི་ཉེས་པར་འགྱུར་བས་མི་
རིགས་སོ། །ད་ནི་སྦྱར་བའི་བསྙེན་སྒྲུབ་བཞི་བསྟན་པའི་ཕྱིར་ན་མཉམ་སྦྱོར་ལས། བསྐལ་པ་བྱེ་བར་མི་འགྲུབ་པ། །དེ་འདིར་མྱུར་བར་བསྒྲུབས་ན་འགྲུབ། །ཅེས་གསུངས། འདིར་སངས་རྒྱས་རྣམས་ཀྱིས་བསྐལ་པ་བྱེ་བ་སྟོང་དུ་བྱང་ཆུབ་སེམས་རྣམ་པ་གཉིས་ལ་སྦྱོར་བ་གོམས་པར་བྱས་
པས་འབྲས་བུ་བསྙེན་ཞེས་གསུངས་ཏེ། དེ་གཉིས་མི་མཐུན་པ་ནི་ལན་རྒྱུད་སོ་སོ་ཉིད་ལས་གསལ་ལོ། །གཞན་དུ་བསྐལ་པ་བྱེ་བས་ནི། །སངས་རྒྱས་སྐྱོབ་པ་རྣམས་ཀྱིས་ཀྱང་། །དངོས་གྲུབ་མཆོག་ནི་ཞི་བ་དག །ངེས་པར་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྐལ་པ་བྱེ་བ་སྟོང་གི་བར་དུ་བྱང་ཆུབ་སེམས་རྣམ་གཉིས་ལ་སྦྱོར་བ་གོམས་པར་བྱས་པས་བྱང་ཆུབ་སེམས་རྡོ་རྗེ་གྲུབ་པ་བསྙེན་པའི་ཕྱིར་ན། བསྒྲུབ་བྱ་སྒྲུབ་པར་ཡང་དག་སྦྱོར། །གང་ཡིན་དེ་ནི་བསྙེན་པར་བཤད། །
เล่ม ๓๘ · หน้า 145b
ཅེས་བྱ་བ་བདག་ཡབ་ཡུམ་ཡང་བྱང་ཆུབ་སེམས་རྡོ་རྗེར་འགྲུབ་པར་བྱས་ན། བྱང་ཆུབ་སེམས་རྣམ་གཉིས་སྐྱེ་བ་མེད་པར་སྒྲུབ་པ་ལ་སྦྱོར་བ་ཞེས་པ་ལས་བྱང་ཆུབ་སེམས་རྡོ་རྗེའི་དངོས་གྲུབ་འབྱུང་བ་བསྙེན་པ་ཞེས་སུ་གསུངས། དོན་དམ་པ་བྱང་ཆུབ་སེམས་ཤེས་རབ་ཀྱིས་སྟོང་པ་
ཉིད་དུ་བསྒོམ་པ་དང་། ཀུན་རྫོབ་བྱང་ཆུབ་སེམས་སྙིང་རྗེས་ཐབས་ཕྱག་རྒྱ་ཆེན་པོར་མངོན་པར་བྱང་ཆུབ་པའི་བསྒོམ་པ་ནི་བསྙེན་པའོ། །ཉེ་བའི་བསྙེན་པ་ནི་དེ་ལྟར་བྱང་ཆུབ་སེམས་རྣམ་གཉིས་རྟོགས་པས་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་སྒོ་ནས་ཡབ་ཡུམ་རྡོ་རྗེ་དང་པདྨར་སྦྱོར་
བ་ལ་བྱ་སྟེ། རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བཤད་དོ། །ཞེས་གསུངས་སོ། །སྒྲུབ་པ་ནི། ཡི་གེ་ཧཱུཾ་དང་ཕཊ་ལྡན་པ། །བསྐྱོད་པ་སྒྲུབ་པ་ཞེས་བཤད་པ། །ཞེས་བྱ་སྟེ། ཧཱུཾ་གིས་རྡོ་རྗེ་དང་པདྨ་བསྐྱེད། ཕཊ་ཀྱིས་གསང་ལམ་རྣམས་གཉིས་སྦྱང་
ཞིང་པདྨོ་ཁ་ཕྱེ། ཕྱག་རྒྱ་བཞི་དང་ལྡན་པས་ཡན་ལག་བསྐྱོད་པ་སྟེ། ཧཱུཾ་ཕཊ་བསྐྱོད་པ་དང་གསུམ་དུ་ལྡན་པའོ། །སྒྲུབ་པ་ཆེན་པོ་ནི། ངོ་བོ་ཉིད་ནི་ཞི་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་ཏེ། བྱང་ཆུབ་སེམས་རང་བཞིན་ཉིད་ཀྱི་སྒོ་ནས་ཞི་ཞིང་རྣམ་
པར་དག་པ་གསང་བའི་མཁའ་ལ་བབས་ནས་ཡབ་ཡུམ་ཡང་བདེ་བ་ཆེན་པོས་མྱོས་ཏེ། དེའི་ངང་དུ་མཚུངས་པར་གྱུར་པའོ། །རྒོལ་བ་པ་ན་རེ་བསྙེན་སྒྲུབ་རྣམ་པ་བཞི་ཞེས་མིང་དང་གྲངས་མཐུན་པ་ལ་ཚིག་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཐུན་མོང་དང་མཆོག་གི་
བྱེ་བྲག་དང་། ལྟ་བ་དང་སྤྱོད་པ་ལ་དགའ་བའི་དབང་དུ་བྱས་ནས་དེ་ལྟར་བསྟན་པ་ཡང་འགལ་བ་མེད་ཅིང་རིགས་ལ་གཉིས་སུ་ན་སྦྱོར་བ་ཆེན་པོའི་ལུགས་ཀྱིས་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་ཡན་ལག་རྣམ་པ་བཞིར་ཕྱེ་བ་དེ་ཡབ་ཡུམ་ཞལ་སྦྱོར་ཞིང་གཉིས་སུ་མེད་པའི་རོལ་པ་
བརྩམ་པའི་དུས་ན། གནས་སྐབས་དེར་ཡན་ལག་བཞི་ཚང་བར་གསུངས་པ་ཡང་རིགས་པ་སྟེ་འགལ་བ་མེད་དོ། །ད་ནི་བསྙེན་སྒྲུབ་རྣམ་པ་བཞིའི་རང་བཞིན་དང་། ཡོན་ཏན་དུ་བཅས་པ་བསྟན་པའི་ཕྱིར་ན། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཆེན་པོའི་
เล่ม ๓๘ · หน้า 146a
གནས། །སངས་རྒྱས་ཀུན་གྱི་ཐབས་ལས་བྱུང་། །དེ་ཉིད་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིར་བསྟན་པ་འདི་ནི་བདག་གཞན་གྱི་དཔལ་ཟབ་པ་དང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་དང་
ལྡན་པའི་སངས་རྒྱས་མ་ལུས་པ་ཀུན་གྱི་སྐུའི་བདག་ཉིད་ཕྱོགས་བཅུ་དུས་གསུམ་གྱི་རྡོ་རྗེ་འཆང་བ་མ་ལུས་པ་ཀུན་གྱི་འབྱུང་གནས་དང་། གཤེགས་ཤུལ་དང་བཞུགས་པར་ཆོས་རྣམས་ཀུན་གྱི་ཆོས་ཉིད་དུས་གསུམ་དུ་འདུས་མ་བྱས་པ་དང་ཡང་ཐ་མི་དད་པ་ཡིན་ནོ། །ཕྱོགས་བཅུ་དུས་
གསུམ་གྱི་སངས་རྒྱས་ཐམས་ཅད་མ་ལུས་པ་ཀུན་གྱི་སྐུ་དང་ཡེ་ཤེས་སྐྱེད་པར་བྱེད་པའི་རྒྱུའམ། སངས་རྒྱས་ཀུན་གྱི་ཐབས་མཁས་པའི་མཛད་སྤྱོད་ཀྱིས་འགྲོ་བ་སྐལ་བ་ཡོད་པས་སྒྲུབ་པ་དང་། སྐལ་བ་མེད་པར་ཡང་དེའི་སྒོ་ནས་སམ་བྱིན་གྱི་རླབས་ཀྱིས་ཁམས་གསུམ་འཁོར་བ་
ལས་སྒྲོལ་བར་བྱེད་པའི་ལམ་དང་། གྲུ་གཟིངས་སམ་བཞོན་པར་གྱུར་པ་ཡིན་ཏེ། དོན་དེ་ཉིད་ཀྱི་ཕྱིར་ན། ལས་དང་རྗེས་མཐུན་གང་གང་གིས། །རྣལ་འབྱོར་པ་ཡི་སྦྱོར་བ་དམིགས། །དཀྱིལ་འཁོར་དེ་དང་དེ་བསྐྱེད་ན། །དམ་ཚིག་མི་ཟད་བསྒོམ་པར་བྱ། །ཞེས་གསུངས་ཏེ། ལྷ་གང་
དང་གང་བསྒོམ་ཞིང་བསྒྲུབ་པའམ། ལས་གང་དང་གང་བརྩམ་པར་འདོད་ན་ཡང་དངོས་པོ་དེ་ལ་རྗེས་སུ་མཐུན་པར་དེ་ལྟར་འདོད་པའི་རྣལ་འབྱོར་པ་དེས་ཏིང་ངེ་འཛིན་དང་ལས་ཀྱི་སྦྱོར་བ་དམིགས་ཤིང་བསྒོམ་པའམ། བརྩམ་པར་བྱས་ནས་འགྲུབ་པར་འགྱུར་ལ། དེའི་ཐབས་ཀྱང་དང་པོར་ལྷ་
གང་བསྒོམ་པ་དང་། ལྷ་གང་བརྩམ་པའི་ལྷ་དེའི་དཀྱིལ་འཁོར་ཐམས་ཅད་མ་ལུས་པར་བསྐྱེད་ཅིང་གསལ་བར་བསྒོམས་ནས། དམ་ཚིག་མི་ཟད་བསྒོམ་པར་བྱ། །ཞེས་པ་དེ་ཉིད་ཀྱི་དམ་ཚིག་བསྲུངས་ན་དེ་བཞིན་དུ་གང་འདོད་པ་འགྲུབ་པས་ན་མི་ཟད་ཅེས་བྱ་སྟེ། དེ་ཡང་ཐེག་པ་འོག་མ་པ་ལྟར་
ལུས་དང་ངག་གཙོར་བྱས་ནས་བསྲུང་བ་མ་ཡིན་གྱི། སེམས་གཙོར་བྱས་ནས་ཏིང་ངེ་འཛིན་གྱིས་བསྲུང་དགོས་པས་ན་བསྒོམ་པར་བྱ་ཞེས་གསུངས་པའོ། །དེ་ལྟར་བསྟན་པའི་བསྙེན་སྒྲུབ་ཡན་ལག་བཞི་པོ་དེའི་དཀྱིལ་འཁོར་བསྐྱེད་ཅིང་སྦྱོར་བ་བསྒོམ་པ་དེའི་ཚེ་དམ་ཚིག་བསྲུང་
เล่ม ๓๘ · หน้า 146b
བར་གསུངས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ཉིད་ཀྱི་ཕྱིར་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དམ་ཚིག་དང་པོ་བསྲུང་བར་བྱ། །དེ་ནས་གཙུག་ཏོར་དམ་ཚིག་ནི། །ཆོ་ག་ཇི་སྐད་གསུངས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྙེན་སྒྲུབ་ཡན་ལག་རྣམ་པ་
བཞི་ཏིང་ངེ་འཛིན་ལ་མ་ཞུགས་པའི་སྔོན་རོལ་ནས་དམ་ཚིག་བསྲུང་བར་བྱ་སྟེ། དེ་ཡང་སྐུ་གསུང་ཐུགས་རྣམ་པ་གསུམ་གྱི་དམ་ཚིག་གམ། ཡང་ན་གཙུག་ཏོར་བྱ་བ་སངས་རྒྱས་ལ་སྨྲ་བའི་སྒྲ་ཡིན་པས། གཙོ་བོ་བྱང་ཆུབ་སེམས་རྡོ་རྗེའམ། རིགས་ལྔའི་དམ་ཚིག་སྒོ་གསུམ་
མམ། སེམས་ཉིད་ལེགས་པར་སྦྱངས་ལ་འདི་ཉིད་ལས་ཆོ་ག་ཇི་སྐད་གསུངས་པ་བཞིན་དུ། ལས་དང་གང་གང་རྗེས་མཐུན་པས། །རང་གི་དཀྱིལ་འཁོར་འབར་ཚིམ་བྱ། །ཞེས་བྱ་སྟེ། གང་བསྒོམ་ཞིང་བསྒྲུབ་པ་དང་། གང་བརྩམ་པར་འདོད་པ་དེའི་ལས་དང་རྗེས་སུ་
མཐུན་པར་བདག་གིས་དཀྱིལ་འཁོར་གསལ་བར་བསྐྱེད་ཅིང་དེ་དང་གཉིས་སུ་མེད་པར་བསྒོམ་པར་བྱའོ། །ད་ནི་ཞུས་ཚིག་ལྔ་བཅུ་ང་ལྔ་པ། རྣལ་འབྱོར་རྡོ་རྗེ་ཅན་ཀུན་གྱིས། །བཀའ་ནི་ཇི་ལྟར་བསྒོམ་པར་བགྱི། །ཞེས་པའི་ལན་ནི་འདི་ཡན་ཆད་དུ་གསུངས་པ་དང་། འདི་
མན་ཆད་འབྱུང་བ་དེ་བཞིན་དུ་བཀའ་སྩལ་པ་ཡིན་པས་དཀྱིལ་འཁོར་རྣམ་པ་གསུམ་གྱི་རང་བཞིན་དུ་བསྒོམ་པའི་རྣལ་འབྱོར་པས། སྟོན་པར་ཇི་སྐད་གསུངས་པའི་དོན་འདི་བཞིན་དུ་རང་གི་སློབ་མ་དང་སྔགས་ཀྱིས་ངེས་པར་འབྱུང་བའི་སྐལ་བ་ཡོད་པའི་གདུལ་བྱ་ལ་བཀའ་སྩལ་
པར་བྱའོ། །ཞེས་སྤྱིར་སྦྱར་བར་བྱའོ། །ལ་ལ་ན་རེ། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །ཞེས་བྱ་བ་ནས། སྔགས་དང་དེ་ཉིད་དངོས་གྲུབ་པའོ། །ཞེས་པའི་བར་གྱི་ཚིགས་བཅད་ཕྱེད་དང་བཞིས་བསྙེན་སྒྲུབ་ཡན་ལག་བཞི་མཇུག་བསྡུས་པ་བཞིན་དུ་བཀའ་སྩལ་པར་བྱའོ། །
ཞེས་ཟེར་ན། དེ་ཡང་འགལ་བ་ནི་མེད་ན་སྔར་བསྟན་པ་ཉིད་རིགས་པར་སྣང་ངོ་། །ད་ནི་ཞས་ཚིག་ལྔ་བཅུ་དྲུག་པ་སྟེ་ཐ་མ་ཞི་བ་ལ་སོགས་པའི་ལས་ཆ་ཕྲ་བ་སྣ་ཚོགས་པ་རྣམས་ཇི་ལྟར་བགྱི་ཞེས་པའི་ལན་དུ། བསྒྲུབ་བྱའི་ལུས་ངག་ཡིན་པ་ལའང་། །དཀྱིལ་འཁོར་རྣམ་
เล่ม ๓๘ · หน้า 147a
པར་བསྒོམས་ནས་སུ། །དེ་ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒྲག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱ་གཞན་ལ་ཕན་གདགས་པ་དང་། གནོད་པར་བྱ་བ་གཉི་གའི་ཐབས་ཁ་བྲག་གཉིས་སུ་བཤད་དེ། དེ་ཡང་དང་
པོར་ཕན་གདགས་པའི་ཐབས་བསྟན་ཏེ། ཡམས་དང་ཉེ་བར་འཚེ་བ་ཀུན། །ཞེས་བྱ་བ་བསྒྲུབ་བྱ་གང་ཡང་རུང་བ་གང་ཞིག་གི་ལུས་སེམས་ཀྱི་རྒྱུད་ལ་གདོན་འབྱུང་པོས་ཟིན་ཏམ། ནད་ཀྱིས་བཏབ་པར་གྱུར་པ་དེའི་ལུས་ལ་ཡང་ཏིང་ངེ་འཛིན་གྱི་སྦྱོར་བ་འདི་ལྟ་བུ་མངོན་དུ་བྱ་སྟེ།
དེ་ཡི་ཉེས་པ་བསྒྲག་པར་བྱ། །ཞེས་པ་སྔར་གསུངས་པ་བཞིན་དུ་ཕུང་པོ་ལྔ་རིགས་ལྔ་ལ་སོགས་པ་ནས་བདུད་རྩི་འཁྱིལ་པ་ལ་ཐུག་གི་བར་དུ་ལྷའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ནས་བསྒྲུབ་བྱ་དེའི་ལུས་ཀྱི་རང་བཞིན་དུ་གནས་པའི་འཁོར་ལོ་དེ་ལ་བསྒྲུབ་བྱ་དེའི་རྒྱུད་ལ་གནོད་
པའི་བགེགས་སམ་ནད་ཀྱི་གནོད་པའི་ཉེས་པ་དེ་དག་ཀྱང་གནས་པར་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་དེས་བཅོམ་ནས། །བྱུང་བར་གྱུར་པར་རབ་བསྒོམས་ནས། །དངོས་གྲུབ་ཐམས་ཅད་དྲངས་ནས་ཀྱང་། །རང་གི་འཁོར་ལོ་ཕུར་བུས་གདབ། །ཞེས་བྱ་བ་ནི་དཔེར་ན་མར་
ཁོལ་བ་དང་ཆུ་ལྷན་ཅིག་ན་གནས་པར་མི་བཏུབ་པ་བཞིན་དུ་ལྷའི་དཀྱིལ་འཁོར་དང་ནད་བགེགས་ཀྱི་ཉེས་པས་གནོད་པ་བྱེད་པའང་ལྷན་ཅིག་ཏུ་གནས་པར་མི་རུང་སྟེ། གཅིག་གནས་ན་གཅིག་འགག་པའམ་གཅིག་གིས་གཅིག་སྤོང་བར་བྱེད་པར་བསྟན་ཏེ། གོང་མ་ལྟ་བུར་སྒོམ་
པར་བྱེད་པའི་སྔགས་མཁན་ནི་རྣལ་འབྱོར་པ་དེའི་བགེགས་སམ། ནད་ཀྱི་གནོད་པ་དེ་ནི་ལྷའི་དཀྱིལ་འཁོར་བསྒོམས་པ་དེས་བཅོམ་ཞིང་བསལ་ཏེ། གདོན་ནམ་ནད་ཀྱི་ཉེས་པ་དེ་ནི་བསྒྲུབ་བྱ་དེའི་ལུས་ལ་ཕྱི་རོལ་དུ་འབྱུང་བར་བསྒོམས་ནས་གདོན་དང་ནད་ཀྱི་དངོས་པོ་གང་ཡིན་པ་དེ་
དག་མ་ལུས་པར་ཐམས་ཅད་ལྕགས་ཀྱུས་དྲངས་པ་དང་། ཞགས་པས་བཅིང་བ་ལ་སོགས་པ་བྱ་སྟེ། དེ་དག་ཀྱང་ཞགས་པས་དྲངས་པ་ཙམ་གྱི་སར་གཞག་པའང་མ་ཡིན་ཏེ། འོ་ན་ཇི་ལྟ་བུར་བྱ་ཞེ་ན། དེ་རྣམས་ཀྱི་ནི་ཕུར་བུས་གདབ། །ཅེས་ཏེ། རང་གི་མཐུས་སྐུ་
เล่ม ๓๘ · หน้า 147b
གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྒོམས་པ་ལ་འཁོར་ལོ་ཞེས་བྱ་སྟེ། དེའི་ཕུར་བུས་བགེགས་སམ་ནད་ཀྱི་ཉེས་པ་དེ་དག་ལ་གདབ་བོ། །གཉིས་སུ་ན་བགེགས་སམ་ནད་ཀྱི་ཉེས་པ་དེ་རང་གི་ངོ་བོ་ལས་ཐ་དད་དུ་འཁོར་ལོ་ཞེས་བྱ་སྟེ། དེ་ཕུར་བུས་གདབ་པར་བྱ་བའོ། །ཁ་
བྲག་གཉིས་པ་གཞན་ལ་གནོད་པ་བྱ་བ་ཐབས་སུ་བསྟན་པ་ནི། བསྒྲུབ་བྱའི་ལུས་ངག་ཡིན་པ་ལའང་། །དཀྱིལ་འཁོར་རྣམ་པར་བསྒོམས་ནས་སུ། །དེ་ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒྲག་པར་བྱ། །ཞེས་བྱ་བར་གང་ཞིག་ལ་གནོད་པར་བྱ་བར་འདོད་པའི་བསྒྲུབ་བྱ་
ཡོད་ན་བདག་ཉིད་ལྷའི་དཀྱིལ་འཁོར་དུ་རྣམ་པར་བསྒོམ་ཞིང་བསྒྲུབ་བྱ་དེའི་ལུས་ལ་ཡང་ལྷའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དེའི་ལུས་དང་སེམས་ཀྱི་ངོ་བོར་གནས་པ་ལ་ཐ་སྙད་དུ་འཁོར་ལོ་ཞེས་བྱ་སྟེ། དེ་ལ་བསྒྲུབ་བྱ་དེ་ཡི་སྒོ་གསུམ་ནས་གཞན་ལ་གནོད་པ་ཅི་དང་ཅི་བྱས་
པའི་ཉེས་པ་དེ་དག་ཡང་བག་ཆགས་སྟུག་པོ་དབྱིབས་མི་མཐུན་པར་གནས་ཤིང་ཆགས་པར་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་དེས་བཅོམ་ནས། །བྱུང་བར་གྱུར་པ་རྣམ་པར་བསྒོམ། །ཞེས་བྱ་བ་དེ་ལྟར་བསྒོམས་པའི་མཁན་པོ་རྣལ་འབྱོར་པ་དེའི་སྡིག་ཅན་གྱི་ལུས་སེམས་ཀྱི་རྒྱུད་
ཉེས་པ་དང་བཅས་པ་དེ་ནི་བདག་གིས་བསྒོམས་པ་དང་དེ་རང་གི་རྒྱུད་ལས་བསྒོམས་པ་དེས་བཅོམ་སྟེ། དེའི་སེམས་ཉེས་པའི་བག་ཆགས་དང་བཅས་པ་དེ་ནི་ལུས་ཀྱི་བ་སྤུའི་བུ་ག་ནས་ཕྱིར་བྱུང་བར་རབ་ཏུ་བསྒོམས་ནས། སེམས་ཀྱི་དངོས་པོ་ལུས་དང་བཅས་པ་མ་ལུས་པ་ཐམས་ཅད་
ལྕགས་ཀྱུས་བཀུག་ཅིང་ཞགས་པས་བཅིངས་པ་ལ་སོགས་པ་བྱས་ནས་རང་གི་རྒྱུད་ལྷའི་དཀྱིལ་འཁོར་དུ་བསྒོམས་པའི་འཁོར་ལོ་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་ཏོ། །ཆོ་ག་དེ་ལས་གཞན་ཡང་བསྟན་པའི་ཕྱིར། ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས། །དེ་ཡི་གཟུགས་
བརྙན་བྱས་ནས་ནི། ཁྲོས་པས་ཁྱབ་པའི་སེམས་ཀྱིས་ནི། །རྐང་པས་མཚན་མ་མནན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་རྩ་བའི་རྒྱུད་ལས་ཇི་སྐད་གསུངས་པའི་རྫས་གྲོག་མཁར་གྱི་ས་དང་། དུར་ཁྲོད་ཀྱི་སོལ་བ་དང་། རྐང་རྗེས་ཀྱི་ས་ལ་སོགས་པ་དང་ལྡན་
เล่ม ๓๘ · หน้า 148a
པ་བསགས་པ་ལ་བསྒྲུབ་བྱ་གང་ཡིན་པ་དེའི་གཟུགས་བརྙན་བྱ་སྟེ། ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་དུ་བསྒོམས་པའི་སེམས་ཀྱིས་མཚན་མའི་གཟུགས་ཀྱི་ལིང་ག་དེ་བདག་གི་རྐང་པས་ཀུན་དུ་ཁྱབ་པར་མནན་ནས། དེ་ནས་བཀའ་མནོས་ཁྲོ་བོ་ནི། །སྣ་ཚོགས་
ཚོགས་ཀྱིས་བསྐོར་བ་རྣམས། །སྒྲུབ་པ་རྡོ་རྗེ་ཅན་གྱིས་ནི། །བསྒྲུབ་བྱ་གསང་ཕྱིར་གཏང་བར་བྱ། །ཞེས་གསུངས་ཏེ། དེ་ཡང་རྩ་བའི་རྒྱུད་ལས་བདག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཕྱུང་བ་དང་། འོད་ཟེར་གྱི་ཀྱོ་བས་ཕྱོགས་བཅུའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་བདག་གི་དྲུང་དུ་
ལྷགས་ནས་ཁྲོ་བོས་བདག་ལ་བཀའ་ནོད་ཅིང་ཅི་བགྱི་ཞེས་བདུད་རྩི་འཁྱིལ་བའི་འཁོར་ཁྲོ་བོ་དང་ཁྲོ་མོ་དང་། མགོ་བརྙན་དང་། ཕོ་ཉ་དང་། མགོ་བརྙན་མོ་དང་། གཅན་གཟན་ཕོ་དང་། གཅན་གཟན་མོ་དང་། འདབ་ཆགས་ཕོ་མོ་ལ་སོགས་པ་གཟུགས་ཐ་དད་ཅིང་ཆ་ལུགས་སྣ་ཚོགས་
པ་འཇིགས་ཤིང་སྐྱི་བུང་བར་བྱེད་པའི་ཚོགས་ཀྱིས་བདག་ཉིད་ལ་བསྐོར་བ་དང་དེ་ཉིད་ཀྱི་ཕྱིར་ན། ཁྲོ་བོའི་རྒྱལ་པོ་དེས་བསྐོར་ནས། །དེ་ནི་བཅིང་ཞིང་བརྡེག་པ་དང་། །དེ་ནས་བརྡུངས་ཤིང་སྐྲག་གྱུར་པ། །སྒྲུབ་པ་པོས་ནི་དགུག་པར་བྱ། །ཞེས་གསུངས་ཏེ། དེ་ནས་ཁྲོ་བོ་དང་ཁྲོ་མོའི་
ཚོགས་དེ་དག་གིས་བསྒྲུབ་བྱ་དེ་ནི་ཞགས་པ་དང་། ལྕགས་སྒྲོག་ལ་སོགས་པས་ལུས་བཅིངས་ཤིང་ཐོ་བ་དང་གཏུན་ཤིང་ལ་སོགས་པས་དྲག་པར་བརྡེགས་པས་ལུས་སེམས་ཀྱི་རྒྱུད་ཀུན་དུ་འཇིགས་ཤིང་སྐྲག་པར་གྱུར་ནས་དེ་མ་ཐག་ཏུ་ལྕགས་ཀྱུ་ལ་སོགས་པའི་འཕྲོ་འདུས་བསྒྲུབ་བྱ་
བཀུག་ཅིང་དྲང་བར་བྱ་སྟེ། དེས་ཅི་བྱེད་ཅེ་ན། རྡོ་རྗེ་གསུམ་གྱི་སྔགས་ཀྱིས་ནི། །དེ་ཡི་གཟུགས་བརྙན་ལ་ཕབ་ནས། །སྔགས་པས་རྡོ་རྗེ་དག་གིས་ནི། །སྤྱི་བོ་མགྲིན་པ་སྙིང་ག་རུ། །ཕུར་བུའི་སྔགས་ཀྱིས་ཕུར་བུ་གདབ། །ཅེས་གསུངས་ཏེ། སྔར་བཤད་པའི་གཟུགས་བརྙན་
ལ་ཕབ་ནས་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང་སྔགས་ཀྱིས་དབྱེར་མེད་པར་བྱས་ནས་ངག་གི་གནས་མགུལ་པ་དང་། དེ་བཞིན་དུ་སེམས་ཀྱི་གནས་སྙིང་ག་དང་། ལུས་ཀྱི་གནས་སྤྱི་བོ་གསུམ་དུ་སྔགས་ཀྱི་ཕུར་བུས་བཏབ་ལ་སྒོ་གསུམ་གྱི་རྟེན་མེད་པར་བྱའོ། །ཇི་
เล่ม ๓๘ · หน้า 148b
ལྟ་བུར་བསྒོམས་པའི་ཕུར་བུས་བཏབ་ཅེ་ན། སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་བསྒོམས་ཤིང་བྱིན་གྱིས་བརླབས་པའི་ཕུར་བུས་གདབ་པར་བྱའོ། །གཞན་ཡང་བསྒྲུབ་བྱ་དེ་ལ་ཡང་དང་ཡང་དུ་གནོད་པ་བསྐྱེད་པར་བྱ་བ་དང་། ཡུལ་སོ་སོ་ན་གནས་པའི་སེམས་ཅན་རྣམས་
ལ་མི་མ་ཡིན་པས་གནོད་པ་བསལ་ཅིང་། སྙིང་བརྩེ་བ་ཆེན་པོས་ཕན་གདགས་པའི་ཕྱིར་ན། ཡམས་ནད་ཉེ་བར་འཚེ་བ་དང་། །ཡུལ་དུ་སྣ་ཚོགས་འབྱུང་བ་ཀུན། །གཟུགས་དེ་ལ་ནི་གདབ་བྱ་ཞིང་། །དེ་རྣམས་རང་གི་ཕུར་བུས་གདབ། །ཅེས་གསུངས་ཏེ། རིམས་ཚ་
གྲང་གི་ཡམས་དང་། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་ཀྱིས་སེམས་ཅན་རྣམས་ལ་ཉེ་བར་འཚེ་བ་དང་། ཡུལ་དུ་དེ་ལྟ་བུའམ་འཁྲུག་པ་ལ་སོགས་པའི་ཉེས་པ་སྣ་ཚོགས་པ་འབྱུང་བ་ཀུན་ཡང་ཏིང་ངེ་འཛིན་གྱི་འཕྲོ་འདུ་དང་། ཕྱག་རྒྱ་ལྕགས་ཀྱུ་ལ་སོགས་པ་
དང་། དེའི་སྔགས་ཀྱིས་དྲངས་ཤིང་བཀུག་ནས་སྔར་བཤད་པའི་གཟུགས་དེ་ལ་གདབ་ཅིང་དབྱེར་མེད་པར་བྱ་སྟེ། དེ་རྣམས་ཀྱང་རང་གི་ཕུར་བུས་གདབ་པར་བྱ་བ་སྐུ་གསུང་ཐུགས་རྡོ་རྗེའི་ཕུར་བུས་སམ། རྣམ་པ་གཅིག་ཏུ་ཀཱི་ལ་ཡ་བཅུ་གཉིས་པའི་རྒྱུད་སོ་སོའི་འདུལ་ཐབས་
དང་མཐུན་པའི་ཕུར་བུ་གསུངས་པ་དེ་དག་གིས་གདབ་པར་བྱའོ། །ལས་ཕྲ་མོ་གཞན་རྣམས་ཀྱི་ཐབས་ཉིད་བསྟན་པའི་ཕྱིར་ན། དེ་ནས་སྦྱོར་བ་ཐམས་ཅད་ནི། །ཆོ་ག་ཇི་སྐད་གསུངས་པ་བཞིན། །ཐབས་དང་སྦྱོར་གྱི་རྒྱུད་ལ་སོགས། །ལས་ཀྱི་བྱེ་བྲག་ཏུ་ནི་སྦྱར། །ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐབས་ཀྱི་དེ་མ་ཐག་པ་སྟེ། གང་དུ་གསུངས་པའི་ལས་དེ་དག་བརྩམས་པའི་དེ་མ་ཐག་གམ། རྗེས་ཐོགས་སུ་ལས་ཆེ་ཕྲའི་སྦྱོར་བ་གང་དང་གང་བརྩམ་པར་འདོད་ན་ཡང་དེ་དག་ཐམས་ཅད་བརྩམ་པའི་ཐབས་ནི། །རྩ་བའི་རྒྱུད་
དམ་སྒྲུབ་ཐབས་གཞན་ལས་ཆོ་ག་ཇི་སྐད་གསུངས་པ་དེ་བཞིན་དུ། ཐབས་དང་སྦྱོར་གྱི་རྒྱུད་ལ་སོགས། །ཞེས་གསུངས་ཏེ།ལས་ཇི་ལྟ་བུར་བརྩམ་ཞིང་སྒྲུབ་པའི་ཐབས་དང་གང་ལ་དམིགས་པའི་དོན་དུ་སྦྱོར་བའི་ཏིང་ངེ་འཛིན་གྱིས་བསམ་རྒྱུད་དང་། སོགས་ཀྱི་སྒྲས་དམ་རྫས་དང་།
เล่ม ๓๘ · หน้า 149a
ཡོ་བྱད་གཏོར་མ་ཁ་དོག་ཇི་ལྟ་བུར་བསགས་པ་དག་བསྡུས་ཏེ། དེ་དག་གི་རིགས་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་ཆེ་ཕྲ་གང་བརྩམས་པ་དེ་ནི་བཞེད་བཞིན་དུ་སྦྱར་ལ་བཤམ་པར་བྱའོ། །དོན་དེ་ཉིད་ཀྱི་ཕྱིར་ན། མཚན་མ་མནན་ནས་བཟླས་པའམ། །
སྦྱིན་སྲེག་ཁྲོ་བོའི་དཀྱིལ་འཁོར་རམ། །གདུག་པའི་སེམས་ཅན་བསམ་གཏན་གྱིས། །བཟའ་བ་རུ་ནི་བརྟག་པར་བྱ། །ཞེས་གསུངས་ཏེ། རོ་དཀྲིས་པའི་རས་སམ་གྲོ་གའམ། ཤོག་ཤོག་གམ། ཤིང་ནིམ་པའི་ལོ་མའམ་ཏཱ་ལའི་ལོ་མ་ལྟ་བུ་ལ་གཟུགས་ཀྱི་མཚན་མ་ལྟ་བུའམ་
མིང་རུས་བྲིས་པའམ། དུར་ཁྲོད་ཀྱི་སོལ་བའམ་གྲོག་མཁར་གྱི་སའམ་རྐང་རྗེས་ཀྱི་ས་ལ་སོགས་པ་ལ་གཟུགས་ཀྱི་མཚན་མའི་ལིང་ག་བྱས་ལ། དེའི་ལུས་དང་ཡན་ལག་ལ་རྣལ་འབྱོར་པའི་རྐང་པའམ། ཕྱག་མཚན་གྱིས་མནན་ནས་དགུག་ཅིང་གཟིར་བ་དང་། གསང་བའི་སྔགས་
བཟླས་པ་བྱ་བའམ་བྱ་བའི་སྒྲས་དེ་གཅིག་པུར་ཡང་མ་ཟད་ཐབས་གཞན་ཡང་ཡོད་པར་བསྟན་པ་སྟེ། གང་ཞེ་ན། ཁྲོ་བོའི་དཀྱིལ་འཁོར་དུ་སྦྱིན་སྲེག་བྱ་ཞིང་། མཆོད་རྫས་དང་བསྒྲུབ་བྱའི་གཟུགས་སུ་བཅས་པའི་བསྲེག་པའི་ལས་བྱས་པའམ། དམ་ཚིག་ལ་སྡང་ཞིང་སེམས་ཅན་ལ་
གདུག་པའི་ཏིང་ངེ་འཛིན་དུ་སྦྱོར་བའི་བསམ་གཏན་གྱིས་དགུག་ཅིང་བསད་ལ། ཤ་ཁྲག་བཟའ་བ་བརྟག་པ་ཡང་ལས་ཀྱི་བྱེ་བྲག་དང་སྦྱར་ལ་བྱའོ། །ལས་རྣམ་བཞི་གང་རྩོམ་ཡང་གོ་མ་ནོར་བར་བྱ་དགོས་པའི་ཕྱིར་ན། ཞི་བ་ལ་ནི་ཞི་བའི་སེམས། །རྒྱས་པ་ལ་ཡང་རྒྱས་པ་སྟེ། །དབང་
ལ་ཆགས་པའི་ཡིད་བྱ་ཞིང་། ཁྲོ་ལ་གཏུམ་པའི་ཡི་གེས་བསྒྲུབ། །ཅེས་གསུངས་ཏེ། ཞི་བའི་ལས་བརྩམས་པ་ལ་ནི་རྫས་དང་ཡོ་བྱད་དཀར་པོ་དང་། མངར་གསུམ་བསགས་ནས་ཞི་བའི་སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་པས་བདག་གཞན་ལ་གནོད་པ་དང་། རྒྱལ་ཁམས་ཀྱི་
འཁྲུག་པ་དང་། ནད་ཡམས་ལངས་པ་ལྟ་བུ་དང་ངན་སོང་གསུམ་གྱི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་ཞི་བར་བྱའོ། །རྒྱས་པའི་ལས་བརྩམ་པ་ལ་ནི་རྫས་དང་ཡོ་བྱད་སེར་པོ་བསགས་ལ་རྒྱས་པའི་ཏིང་ངེ་འཛིན་དང་ལྡན་པས་སངས་རྒྱས་ཀྱི་བསྟན་པ་དང་། ཚེ་དང་དཔལ་དང་
เล่ม ๓๘ · หน้า 149b
དབང་ཐང་དང་། ལོངས་སྤྱོད་དང་། འབྱོར་པ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱའོ། །དབང་གི་ལས་བརྩམ་པ་ལ་ནི་རྫས་དང་ཡོ་བྱད་དམར་པོ་བསགས་ལ། ཆགས་པའི་ཡིད་དང་ལྡན་པའི་ཏིང་ངེ་འཛིན་མངོན་དུ་བྱའོ། །བདག་ལ་མི་འཚེ་བ་
དང་། གནོད་པ་དང་། ལྷ་མ་ཡིན་དང་། ཀླུ་གདུག་པ་ཅན་ལྟ་བུ་དབང་དུ་བྱས་ལ་དམ་ཚིག་སྦྱིན་ནོ། དྲག་པོའི་ལས་བརྩམ་པ་ལ་ནི་རྫས་དང་ཡོ་བྱད་ནག་པོ་བསགས་ལ། ཁྲོ་ལ་གཏུམ་པའི་ཡི་གེས་བསྒྲུབ། །ཅེས་བྱ་བ་རྒྱ་གར་གྱི་སྒྲ་ལ་ཨཀྵར་ཟེར་ན་ཡི་གེར་ཡང་འགྱུར་ལ།
མི་འགྱུར་བ་ཞེས་ཟེར་ཏེ། ཁྲོ་ལ་གཏུམ་པའི་ཏིང་ངེ་འཛིན་དུ་གནས་པ་ལས་གཞན་དུ་མི་འགྱུར་བར་བྱས་ལ། སེམས་རྩེ་གཅིག་པ་དེ་ལྟ་བུས་གང་འདོད་པའི་ལས་བསྒྲུབ་ཅེས་པའི་དོན་ཏོ། །དེ་ཡན་ཆད་དུ་ཞུས་ཚིག་ལྔ་བཅུ་རྩ་དྲུག་ལན་དང་བཅས་པར་བཤད་ཟིན་ཏོ། །དེ་ནས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་འཁོར་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་འཁོར་གྱི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་དེ་རྣམས་ཀྱིས་ཐེ་ཚོམ་མ་ཆོད་
པ་ཞུས་པ་རྣམས་བཅད་ནས། ཐེ་ཚོམ་ཐམས་ཅད་གཅོད་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་གསུང་ཐུགས་ཉིད་ཀྱི་ངོ་བོར་བཞུགས་པ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་ལ་ཞུགས་ཏེ། རིགས་ལྔ་དེ་དག་སོ་སོ་ནས་སྟོན་པ་དེའི་སྐུ་གསུང་ཐུགས་ལ་རང་
རང་གི་སྐུ་གསུང་ཐུགས་དབྱེར་མེད་པར་དམིགས་ནས་ཅི་ཡང་མི་གསུང་བར་མཉམ་པ་ཉིད་ཀྱི་ངང་ལ་བཞུགས་པར་གྱུར་ཏོ། །དེ་ལྟར་བཞུགས་པར་གྱུར་པ་དེ་མ་ཐག་ཏུ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་དག་མ་ལུས་པ་ཐམས་ཅད་ཀྱིས་
དེ་བཞིན་གཤེགས་པ་མ་ལུས་པ་དེ་དག་ཐམས་ཅད་ལ་བསྟོད་པའི་ནང་ན་རྒྱལ་པོ་ལྟ་བུར་གྱུར་པ་འདིས་བསྟོད་དོ། །གང་ཞེ་ན། སངས་རྒྱས་སྐུ་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་གསུང་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་ལོ། །ཐམས་ཅད་མཛད་
เล่ม ๓๘ · หน้า 150a
ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཀྱི་དངོས་པོར་སྣང་བ་ཐམས་ཅད་ལ་ནི་ཁྱོད་ཀྱི་སྐུས་ཁྱབ་པ། ཁྱོད་ཀྱི་སྐུ་ཡང་གཟུགས་སུ་སྣང་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དང་དབྱེར་མེད་པ་ཡིན་པས་ན་གཟུགས་ཀྱི་དངོས་པོ་ཐམས་ཅད་
སྐུའི་བདག་ཉིད་དུ་སྣང་བ་ཁྱོད་ལ་ཐུན་མོང་དང་ཟབ་མོའི་སྒོ་ནས་མི་གཉིས་པ་འདུད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་སྒྲ་སྐད་ཐམས་ཅད་ལ་གསུང་གིས་ཁྱབ་པ་དང་། གསུང་ཉིད་སྒྲ་སྐད་དང་དབྱེར་མེད་པར་སྒྲ་སྐད་ཐམས་ཅད་གསུང་གི་བདག་ཉིད་དུ་གྲགས་པ་དང་། དྲན་རྟོག་
ཐམས་ཅད་ལ་ཐུགས་ཀྱིས་ཁྱབ་པ་དང་། ཐུགས་ཉིད་དྲན་རྟོག་དང་རང་བཞིན་དབྱེར་མེད་པས་དྲན་རྟོག་ཐམས་ཅད་ཐུགས་ཀྱི་བདག་ཉིད་དུ་སྣང་བ་དང་བྱ་རྩོལ་ཅན་གྱི་སྤྱོད་པ་ཐམས་ཅད་ལ་ཕྲིན་ལས་ཀྱིས་ཁྱབ་པ་དང་། ཕྲིན་ལས་ཉིད་བྱ་རྩོལ་གྱི་སྤྱོད་པ་དང་དབྱེར་མེད་པར་གྱུར་པས་བྱ་
རྩོལ་ཐམས་ཅད་མཛད་པའི་ཕྲིན་ལས་སུ་སྣང་བ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ཞིང་འདུད་ཅེས་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་ངག་ཡིད་གསུམ་ཐོབ་གྱུར་ནས། སེམས་ནི་མི་མཉམ་མཉམ་སངས་རྒྱས། །གང་ཞིག་བསྒྲུབ་བྱ་སྒྲུབ་པ་གང་། །ཞེས་བྱ་བ་ནི་
མཉམ་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་ཅིང་འབྲས་བུ་མཐར་ཕྱིན་པ་བྱ་རྩོལ་དང་བྲལ་བ་དེ་བཞིན་གཤེགས་པ་མ་ལུས་པ་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་བཞུགས་པ་རྣམས་ནི་བྱ་རྩོལ་དང་བཅས་པའི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱིས་བསྒྲུབས་
ན་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་འགྲུབ་ཅིང་མཉམ་པ་ཉིད་ཀྱི་དོན་རྟོགས་ཤིང་ཐོབ་པར་གྱུར་པ་ཡིན་ན། སེམས་ཅན་གྱིས་མཉམ་པ་ཉིད་མ་རྟོགས་པས་ནི་འཁོར་བར་སྣང་ལ། མཉམ་པ་ཉིད་དུ་རྟོགས་པས་ནི་སངས་རྒྱས་སུ་སྣང་བས་རྣལ་འབྱོར་པ་གང་ཡང་རུང་བ་གང་ཞིག་
གིས་བསྙེན་སྒྲུབ་ཡན་ལག་བཞིའི་ཐབས་ཀྱིས་བསྒྲུབ་པར་བྱ་བ་སངས་རྒྱས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་འདོད་པ་གང་ཡིན་པ་དེ། སྒྲུབ་པ་བདག་ཉིད་ཆེན་པོའི་དབང་། །སངས་རྒྱས་ཐམས་ཅད་གསོད་པ་ཡིས། །དེ་ལྟར་སྡིག་པས་མི་གོས་ཏེ། །གལ་ཏེ་གོས་ནི་ཇི་ལྟར་
เล่ม ๓๘ · หน้า 150b
འབྲས། །ཞེས་པ་སྒྲུབ་པ་ཚུལ་བཞིན་བྱས་པ་ལ། བདག་ཉིད་ཆེན་པོའི་སྐུ་ཕྱག་རྒྱ་ཆེན་པོ་དེ་དག་རང་དབང་དུ་གྲུབ་པར་མ་གྱུར་དུ་ཟིན་ན། སྤོགས་པའི་བྲིད་པ་དང་སྡིགས་པ་བྱས་ལ་བསྒྲུབ། དེས་ཀྱང་མ་གྲུབ་ན་དངོས་གྲུབ་མི་སྟེར་བའི་སངས་རྒྱས་དེ་དག་མ་ལུས་
པ་ཐམས་ཅད་ཆད་པས་བཅད་དེ་གསད་པར་བྱའོ་ཞེས་གསུངས་པ་དང་། སངས་རྒྱས་དེ་དག་ཐམས་ཅད་རྣལ་འབྱོར་པས་གསོད་པའི་ལས་དང་སྦྱོར་བ་བརྩམ་པ་ཡིས། གཏན་ཚིགས་ཇི་ལྟར་སྡིག་པས་མི་གོས་ཏེ་འགྲུབ་པར་འགྱུར། གལ་ཏེ་རྒྱ་ལ་གོས་པར་འགྱུར་དུ་ཟིན་ན་ནི་
དེས་ཚུལ་ཇི་ལྟར་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་ཞུས་པ་དང་དེའི་ལན་གསུང་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུང་སྟེ་དེ་ལྟར་ཞུས་པའི་དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་དེ་དག་མ་ལུས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་
སོགས་པས་དེ་སྐད་ཞུས་པ་དེ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དེ་ཡང་ཇི་སྐད་ཅེ་ན། ལེགས་སོ་བྱང་ཆུབ་ཆེན་པོའི་བདག །ལེགས་སོ་བྱང་ཆུབ་ཆེན་པོའི་དབྱིངས། །ལེགས་སོ་བྱང་ཆུབ་ཆེ་བས་ཆེ། །ཞེས་བྱ་བ་ལ་སོགས་པ་དེ་སྐད་བྱིན་ཏེ། དེ་ལ་ལེགས་སོ་ཞེས་
བྱ་བ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཁྱེད་ཀྱིས་རྩ་བའི་རྒྱུད་ཐོས་པའི་ཐེ་ཚོམ་མ་ཆོད་པ་རྣམས་གཅོད་པར་ཞུས་པ་ཡང་ལེགས་ཏེ། བསམ་པ་ཆེན་པོས་མ་འོངས་པའི་རྣལ་འབྱོར་པ་རྣམས་ཐེ་ཚོམ་ཟ་བའི་གེགས་བསལ་བ་ཡིན་ནོ། །ལེགས་སོ་གཉིས་པ་ནི་བསྙེན་སྒྲུབ་ཡན་ལག་
རྣམ་པ་བཞིའི་ཚུལ་དུ་བསྒྲུབས་ན། བདག་ཉིད་ཆེན་པོའི་དངོས་གྲུབ་འཐོབ་པར་འགྱུར་བ་བསྟན་པའི་དོན་རིག་པའང་ལེགས་ཏེ། དེས་ནི་མ་འོངས་པའི་རྣལ་འབྱོར་པས་སྒྲུབ་ཐབས་ཀྱི་ཚུལ་ཤེས་པར་འགྱུར་རོ། །ལེགས་སོ་ཞེས་བྱ་བ་གསུམ་པ་ནི་མ་གྲུབ་ན་སྤོགས་པའི་ཆོ་ག་སངས་རྒྱས་
ཐམས་ཅད་གསད་པར་བསྟན་པ་དེའི་རྒྱུས་སྡིག་པས་གོས་པར་མི་འགྱུར་རམ་ཞེས་ཞུས་པའང་ལེགས་ཏེ། དེས་ནི་མ་འོངས་པའི་རྣལ་འབྱོར་པ་བྱ་རྩལ་གྱིས་སྒྲུབ་པའི་རྣལ་འབྱོར་པ་ལ་ཡིད་བརྟན་ཞིང་སྤྲོ་བ་སྐྱེ་བའི་རྒྱུར་འགྱུར་བའོ། །ལེགས་སོ་ཞེས་བྱ་བ་བཞི་པས་ནི་དེ་ལྟར་
เล่ม ๓๘ · หน้า 151a
སངས་རྒྱས་གསད་པས་སྡིག་པར་འགྱུར་ན་འབྲས་བུ་ཇི་ལྟ་བུ་དག་ཏུ་འགྱུར་ཞེས་ཞུས་པའང་ལེགས་ཏེ།སྡིག་པ་མེད་ལ་བསོད་ནམས་སྐྱེ་ཞིང་བྱང་ཆུབ་འགྲུབ་པར་གསུངས་པ་དེས་ནི་དེ་བཞིན་གཤེགས་པས་ནོར་བར་མི་གསུང་བས་འགལ་བར་སྣང་ཡང་ཉེས་
པ་མེད་པ་སྟེ། མ་འོངས་པའི་རྣལ་འབྱོར་པས་བསྒྲུབས་ན་མི་འགྲུབ་སྙམ་པའི་དོགས་པ་མེད་དོ། །ཐེག་པ་འོག་མའི་ཆེ་བ་ལས་སྒྲུབ་པ་དང་འབྲས་བུ་ཁྱད་པར་དུ་ཆེ་བར་བསྟན་པའོ། །གཞན་དག་ན་རེ་བྱང་ཆུབ་སེམས་དཔའ་ཁྱེད་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུའི་ངོ་བོ་
རྟོགས་པ་དང་ལྡན་པས་ལེགས་སོ། །བྱང་ཆུབ་ཆེན་པོའི་བདག་ཉིད་ལོངས་སྤྱོད་སྐུ་དང་ལྡན་པས་ལེགས་སོ། །བྱང་ཆུབ་ཆེན་པོའི་དབྱིངས་ཏེ་འགྲོ་བའི་རྒྱུད་ལ་སྐྱེད་པར་བྱེད་པས་སྤྲུལ་པའི་སྐུ་དང་ལྡན་པས་ལེགས་སོ། །རྒྱུ་ཆེ་བས་བསྐྱེད་པའི་འབྲས་བུ་ཆེ་བ་མངོན་པར་བྱང་ཆུབ་པའི་
སྐུ་དང་ལྡན་པས་ལེགས་སོ་ཞེས་ཟེར་ན། བྱང་ཆུབ་སེམས་དཔའ་འདི་དག་སྐུ་བཞི་དང་ལྡན་དུ་ཟིན་ཀྱང་སངས་རྒྱས་རྣམས་ཐེ་ཚོམ་ཞུས་པ་ལ་ལན་གནང་བའི་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་སྐུ་བཞི་དང་ལྡན་པ་ཡིན་ནོ་ཞེས་སངས་རྒྱས་རྣམས་ཀྱིས་བསྟོད་པ་རིགས་པ་མ་
ཡིན་པར་མངོན་ནོ། །དེ་ལྟར་ཞུས་པ་ལ་ལེགས་པ་བྱིན་པ་དེ་དག་གི་དོན་གསལ་བར་བསྟན་པའི་ཕྱིར་ན། །བྱང་ཆུབ་རྡོ་རྗེ་སློབ་དཔོན་ནི། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །སྒྱུ་མ་འདྲ་བའི་དངོས་པོ་ཀུན། །འབྱིན་དང་བསྡུ་བར་བྱེད་པའོ། །ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། བྱང་ཆུབ་རྡོ་རྗེ་ལྟ་བུའི་དོན་དང་ལྡན་པའི་སློབ་དཔོན་ནི་ཤེས་རབ་ཡེ་ཤེས་ཀྱི་ཐུགས་མངའ་བ་སྟེ། བདག་གཞན་གྱི་དཔལ་ཟབ་པ་དང་། རྒྱ་ཆེ་བ་རྣམ་པ་གཉིས་དང་ལྡན་པ་སངས་རྒྱས་མ་ལུས་པ་ཀུན་གྱི་བདག་ཉིད་དུ་གྱུར་པས། དེས་སྒྱུ་མ་དང་འདྲ་བའི་སྐུ་དང་ཡེ་
ཤེས་དཀྱིལ་འཁོར་གསུམ་གྱི་རྣམ་པར་སྣང་བའི་དངོས་པོ་མ་ལུས་པ་ཀུན་འབྱིན་ཅིང་སྣང་བར་བྱེད་པ་དང་། བསྡུ་ཞིང་མི་སྣང་བར་བྱེད་པའི་མཁན་པོ་ལྟ་བུ་ཡིན་པས་ན། འབྱིན་དང་བསྡུ་བར་བྱེད་པ་ཞེས་བྱ་སྟེ། མེད་བཞིན་དུ་སྣང་སྣང་བཞིན་དུ་སྟོང་པར་སྟོན་པ་སྟེ། དེ་ཡང་མུ་
เล่ม ๓๘ · หน้า 151b
སྟེགས་ཀྱི་བྱེད་པ་པོ་ལྟ་བུར་མེད་པ་ལས་ཡོད་པ་མེད་པ་དང་ཡོད་པའི་དངོས་པོ་མེད་པར་འཇོམས་པ་མ་ཡིན་ཏེ། ཡང་དག་པའི་ཀུན་རྫོབ་ཏུ་ནི་ཕྲ་བ་ལས་ནི་རགས་པ་བསྐྱེད་ལ། དོན་དམ་པར་ནི་རགས་པར་སྣང་བ་ཉིད་རང་བཞིན་མེད་པ་ལས་མི་གཡོ་བའི་དོན་གསལ་བར་མཛད་པ་
ཡིན་ནོ། །དེ་ནས་དེ་ལ་སྡིག་པར་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་བསོད་ནམས་སྡིག་མེད་ན། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཞེས་བྱ་བ་ནི་གོང་མ་ལྟ་བུ་བསྟན་པའི་གཏན་ཚིགས་དེས་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་བ་དེ་ལ་གསོད་མཁན་དང་གསད་
བྱ་མི་དམིགས་པས་གོས་པར་མི་འགྱུར་ཞིང་བསོད་ནམས་དག་ཀྱང་དེ་བཞིན་ནོ་ཞེས་གསུངས་པས། བསོད་ནམས་དག་ཀྱང་གུད་ན་མེད། །དེ་བཞིན་སྒྱུ་མ་ལྟ་བུར་རྟོགས་པ་ཉིད་ཡིན་པས་དེ་ཐོབ་པར་འགྱུར་རོ་ཞེའོ། །གང་ལ་བསོད་ནམས་སྡིག་མེད་ན། །ཞེས་བྱ་བ་སྒྲུབ་
པ་པོ་གང་ཞིག་གིས་དེ་ལྟར་རྟོགས་པ་དེ་ལ་བསོད་ནམས་སྐྱེ་ཞིང་སྡིག་པས་གོས་པ་མེད་ན། དེ་ལྟར་རྟོགས་པ་དེ་ཁོ་ན་ལ། བྱང་ཆུབ་བར་དུ་གྱུར་པར་གསུངས། །ཞེས་བྱ་སྟེ་ཐེག་པ་འོག་མ་པའི་བྱང་ཆུབ་ལས་ཁྱད་པར་དུ་འཕགས་པ་ཐོབ་པར་བསྟན་པ་ཡིན་ནོ། །མགོན་པོ་དེ་
ཡི་བཀའ་ཡིས་ནི། །འཇིགས་པར་འགྱུར་བའི་ལས་ཀུན་ཡང་། །ངན་འགྲོ་རུ་ནི་མི་སྐྱེ་སྟེ། །བྱང་ཆུབ་ཐོབ་པར་དཀའ་བ་མིན། །ཞེས་བྱ་བ་ནི་འཁོར་བ་དང་ངན་སོང་གིས་ཉེན་པའི་འགྲོ་བ་རྣམས་ཀྱི་མགོན་དུ་འགྱུར་བའི་རྡོ་རྗེ་སློབ་དཔོན་ཡིན་པས་མགོན་པོ་ཞེས་བྱ་སྟེ། དེའི་བཀས་
ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རིག་པའི་རྟོག་པ་དང་ལྡན་ན། མཚམས་མེད་པ་ལྔ་ལ་རོལ་ཅིང་མི་དགེ་བ་བཅུ་ཚང་བར་སྤྱད་པ་ལ་སོགས་པ་སྒོ་གསུམ་གྱིས་འཇིགས་པར་འགྱུར་བའི་ལས་དེ་ལྟ་བུ་མ་ལུས་པ་ཀུན་ཚང་བར་སྤྱད་ན་ཡང་། ངན་སོང་གསུམ་དུ་མི་སྐྱེ་ཞིང་དེ་ཉིད་
ཚོགས་རྫོགས་པའི་རྒྱུར་གྱུར་པས་བྱང་ཆུབ་འཐོབ་པ་མི་དཀའ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཐམས་ཅད་གསོད་པའི་ལས་བརྩམས་ཀྱང་གསོད་མཁན་དང་གསད་བྱ་དབྱེར་མེད་པར་སྒྱུ་མ་ལྟ་བུར་རྟོགས་པས་སྡིག་པས་མི་གོས་ཤིང་ཚོགས་སུ་གྱུར་ནས། བྱང་ཆུབ་
เล่ม ๓๘ · หน้า 152a
མཆོག་ཐོབ་ན་སློབ་དཔོན་དེའི་བཀའ་འཁོར་བ་དང་ངན་སོང་དུ་ལྟུང་བར་དོགས་པས་འཇིགས་པའི་ལས་མི་དགེ་བ་ཀུན་སྤྱད་ན་ཡང་ངན་འགྲོར་མི་སྐྱེ་ཞིང་བྱང་ཆུབ་ཐོབ་པར་མི་དཀའ་བ་ལྟ་ཅི་སྨོས་ཞེས་པའི་དོན་ཏོ། །འོ་ན་ལས་གཞན་གྱི་རྣམ་པར་སྨིན་པས་
ངན་སོང་དུ་སྐྱེ་བར་མི་འགྱུར་རམ་ཞེ་ན། དེའི་ཕྱིར་ན། སྔོན་དུ་བྱས་པའི་ལས་ཀྱིས་ནི། །གལ་ཏེ་མི་བཟད་དམྱལ་བ་ན། །སྐྱེ་བོ་སྐྱེ་དེ་རྣམས་ཀྱིས་ནི། །དམྱལ་བ་ཀུན་ནས་འབྲས་བུ་ཆེ། །ཞེས་གསུངས་ཏེ། སྔོན་དུ་དགེ་བ་བྱས་པའི་ལས་དང་ལས་ཀྱི་རྣམ་པར་སྨིན་པས་ད་ལྟར་རྣལ་
འབྱོར་སྒྲུབ་པ་པོའི་ལུས་བླངས་ཏེ་ངན་སོང་དུ་འགྲོ་ནི་མི་སྲིད་ན་ཡང་། སྡིག་པ་མི་དགེ་བའི་ལས་དྲག་པོ་སྤྱད་པའི་རྣམ་པར་སྨིན་པས་གལ་ཏེ་བརྒྱ་ལ་ཤིན་ཏུ་མི་བཟད་པའི་དམྱལ་བའི་གནས་སུ་སྐྱེ་བར་འགྱུར་སྲིད་དུ་ཟིན་ན་ཡང་། དམྱལ་སྲུང་གི་སྐྱེ་བོ་ལས་ཀྱིས་བསྐྱེད་པའི་གཟུགས་རབ་
ཏུ་འཇིགས་པར་སྣང་བ་དེ་ན་གནས་པ་རྣམས་ཀྱིས་དམྱལ་བའི་གནས་དེ་ཀུན་ནའང་བཀུར་སྟི་དང་། ཕུ་དུད་དང་། རིམ་གྲོ་སྐྱེད་པར་བྱེད་ཅིང་འབྲས་བུ་ཆེན་པོ་གཞན་དུ་མི་ཉམས་པ་དཀྱིལ་འཁོར་གྱི་རང་བཞིན་དུ་སྣང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱིས་ནི་རྒྱས་བཏབ་པས། །
ཞེས་གསུངས་ཏེ། བཟུང་བའི་ཡུལ་ཆོས་ཉིད་དུ་རིག་པ་ལ་འཛིན་པའི་སེམས་ཡེ་ཤེས་སུ་རྟོགས་པའི་རྒྱས་བཏབ་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་པ་ཡིན་ལ། དེའི་རྟགས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཐབས་དང་ཤེས་རབ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཡང་སྣང་ལ།
དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས་ཀྱང་གཡོ་བ་མེད་པར་རྟོགས་པའི་ཕྱིར་ན། དེ་ལྟ་བུར་འགྱུར་བ་ཡིན་ནོ་ཞེས་གོང་དུ་བསྟན་པའི་གཏན་ཚིགས་སུ་གཞག་པས་མཇུག་བསྡུས་ལ། འོག་གི་ཚིག་གི་མགོ་འདྲེན་དུ་ཡང་བསྟན་པའི་ཕྱིར་ན། ཡེ་ཤེས་ཀྱིས་ནི་རྒྱས་བཏབ་
པས། །བྱང་ཆུབ་རྡོ་རྗེ་བསྒྲུབ་བྱ་འདི། །དེ་ཡིས་སེམས་ཅན་རྣལ་འབྱོར་པས། །མཆོག་ཏུ་ཕན་འདོགས་ཤེས་པར་བྱ། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་ཚུལ་གྱིས་ཡེ་ཤེས་ཀྱིས་ཆོས་ཉིད་ལ་རྒྱས་བཏབ་པས། ཐམས་ཅད་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་དུ་
เล่ม ๓๘ · หน้า 152b
རྟོགས་པ་ལས་ཐབས་དང་ཤེས་རབ་ལྷ་དང་ལྷ་མོའི་དཀྱིལ་འཁོར་འབྱིན་ཅིང་སྡུད་ནུས་པའི་སློབ་དཔོན་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་དང་ལྡན་པས། བསྒྲུབ་བྱ་སངས་རྒྱས་ཐམས་ཅད་གསད་པའི་ཐབས་འདིས་བྱས་ན་ཞེའམ། གཉིས་སུ་ན་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་
ཅན་གྱི་བསྒྲུབ་བྱ་སངས་རྒྱས་ཐམས་ཅད་གསད་པའི་ཐབས་འདི་བཞིན་བརྩམས་པ་དེས་ནི་བསྒྲུབ་པར་འདོད་པའི་སེམས་ཅན་ནམ། སྒྲུབ་པ་པོ་དེ་ལ་རང་བཞིན་གྱི་རྣལ་འབྱོར་བསྒྲུབ་བྱར་དེ་བཞིན་གཤེགས་པས་ཕན་འདོགས་པ་ཤེས་པར་བྱ་ཞེ་ན། མཆོག་ཏུ་གྱུར་པའི་དངོས་གྲུབ་
སྦྱིན་ཅིང་ཕན་འདོགས་པར་མཛད་ངེས་པར་ཤེས་པར་བྱའོ། །གཞན་དག་ན་རེ་ཡེ་ཤེས་ཀྱིས་ནི་ཆོས་ཉིད་ལ་རྒྱས་བཏབ་པས་ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་སུ་སྡུད་ཤེས་པའི་རྣལ་འབྱོར་པས་བྱང་ཆུབ་རྡོ་རྗེ་ལྟ་བུའི་དོན་བསྒྲུབ་པར་བྱ་བའི་ཐབས་འདི་བདག་གིས་བྱས་
ཤིང་གཞན་ལ་བསྟན་ནས། དེའི་སེམས་ཅན་རྣལ་འབྱོར་དུ་བསྒྲུབས་པས་ཡང་དག་པའི་དོན་གྱི་སྒོ་ནས་མཆོག་ཏུ་གྱུར་པའི་ཕན་འདོགས་པ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་ན་དེ་ཡང་འགལ་བ་ནི་མེད་དོ། །དོན་དེ་ཉིད་ཀྱི་ཕྱིར་ན། །ཚར་གཅོད་ཕན་འདོགས་པ་ཡི་ལས། །
བདག་ཉིད་ཆེན་པོ་དེ་ཡིས་བྱེད། །སྒྲུབ་པ་ཆེན་པོའི་མཐའ་རུ་ཡང་། །ལས་སུ་བྱ་བ་བརྩམ་པར་བྱ། །ཞེས་གསུངས་ཏེ། གོང་མ་ལྟ་བུས་བསྒྲུབས་ནས་མ་གྲུབ་ན་སྤོགས་པའི་ཆོ་ག་ཚར་གཅོད་པའི་ཐབས་ཀྱིས་སངས་རྒྱས་ཐམས་ཅད་གསད་པར་བརྩམས་ན། གདོད་སྒྲུབ་
པ་པོ་ལ་ཕན་འདོགས་པའི་ལས་མངོན་པར་འགྲུབ་སྟེ། སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་གྱུར་པའི་སངས་རྒྱས་དེས་གང་འདོད་པའམ། གང་བསྒྲུབ་པའི་དངོས་གྲུབ་དེ་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་ཆེན་པོའི་མཐའ་རུ་ཡང་། །ཞེས་སོ། སྒྲུབ་པ་ཆེན་
པོའི་དོན་མངོན་དུ་བྱ་བར་འདོད་པ་དེའི་ཚེ། དེ་ཉིད་མངོན་པར་སྒྲུབ་པའི་ཐབས་སམ་མཐའ་རུ་ཡང་ལས་སུ་བྱ་སྟེ། སངས་རྒྱས་གསད་པར་བྱ་བ་འདི་བརྩམ་པར་བྱས་ན་མྱུར་དུ་འགྲུབ་པར་འགྱུར་ངེས་སོ་ཞེས་པའི་དོན་ཏོ། །གཞན་དག་ན་རེ་མ་རུངས་པ་ཚར་བཅད་པ་དང་།
เล่ม ๓๘ · หน้า 153a
བསྒྲུབ་བྱ་ལ་ཕན་འདོགས་པའི་ལས་གང་ལ་གང་འཚམ་པ་དེ་བཞིན་དུ་སྒྲུབ་པ་པོ་བདག་ཉིད་ཆེན་པོའི་ངང་དང་ལྡན་པ་དེས་བྱེད་ན་འགྲུབ་པར་འགྱུར་ལ། སྒྲུབ་པ་ཆེན་པོ་མྱུར་དུ་འགྲུབ་པར་འགྱུར་བའི་ཐབས་སམ་མཐའ་རུ་འགྱུར་བ་ཡང་འདིར་གསུངས་པའི་
ལས་སུ་བྱ་བ་གང་དང་གང་གསུངས་པ་དེ་དག་བརྩམ་པར་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ད་ལྟར་བྱས་ན་སེམས་བྱང་ཞིང་ཏིང་ངེ་འཛིན་གང་གོམས་པ་དེས་གང་སྒྲུབ་པར་འདོད་པ་དེ་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་པའི་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་རྡོ་རྗེ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆེན་པོའི་ཆོས་ཚུལ་ཐོབ་ནས་ཞེས་བྱ་བ། རྡོ་རྗེ་ཐེག་པའི་ལམ་གྱི་སྒོ་ནས་ཡེ་ཤེས་རྡོ་རྗེ་ལྟ་བུ་དབྱེར་མེད་པས་ཆོས་ཉིད་རྡོ་རྗེ་ལྟ་བུར་འདུས་མ་
བྱས་པའི་དོན་རྟོགས་ཤིང་ཐུགས་སུ་ཆུད་པའི་སངས་རྒྱས་རྣམས་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་དེ་དག་ནི་ཐུགས་ཞེ་སྡང་རྣམ་པར་དག་པ་རྡོ་རྗེ་ལྟ་བུའི་རང་བཞིན་གྱི་ཆོས་རྟོགས་པ་ནི་ཐུགས་རྡོ་རྗེ་ཆེན་པོའི་ཆོས་ཚུལ་འཐོབ་པ་སྟེ། རྟོགས་པའམ་འཐོབ་པའི་དོན་ཏོ། །དེ་ལྟར་ཐོས་
ཤིང་རྟོགས་ནས་མགུ་རབ་ཏུ་མགུ་ནས་ཞེས་བྱ་བ་དང་། དང་པོ་རྣ་བའི་དབང་པོས་ཐོས་ནས་ནི་མགུ་དེ་ནས་སེམས་ཀྱིས་རྟོགས་ནས་རབ་ཏུ་མགུ་བའི་ཡིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དེ་ལྟར་བཀའ་སྩལ་པ་ལེགས་སོ་ཞེས་གསོལ་ཏོ། །དེ་ཡང་ཇི་སྐད་གསོལ་ཞེ་ན།
མགོན་པོ་ཆེན་པོ་ལེགས་སོ་ལེགས། །ཐུབ་པ་ཆེན་པོ་ལེགས་སོ་ལེགས། །ཆོས་ཆེན་པོ་ཡང་ལེགས་སོ་ལེགས། །ཐུགས་རྗེ་ཆེན་པོ་ལེགས་སོ་ལེགས། །ཞེས་བྱ་བ་ལ་སོགས་གསུངས་ཏེ། དང་པོ་མགོན་པོ་ཆེན་པོ་ཞེས་བོས་པ་ནི་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ངང་
ལ་བཞུགས་པ་ཡང་ལེགས་སོ། །དེ་ལྟར་ན་ཡང་རང་བཞིན་གྱིས་འགྲོ་བ་འཁོར་བ་དང་ངན་སོང་གིས་འཇིགས་པའི་མགོན་སྐྱབས་སུ་འགྱུར་བའི་ཡོན་ཏན་དུ་འབྱུང་བ་ལེགས་སོ། །གཉིས་པ་ཐུབ་པ་ཆེན་པོ་ཞེས་བྱ་བ་ནི་སྔོན་གྱི་སྨོན་ལམ་དང་འཕྲལ་དུ་དུས་མཁྱེན་པའི་དབང་
เล่ม ๓๘ · หน้า 153b
གིས་གཟུགས་ཀྱི་སྐུར་བསྟན་པའང་ལེགས་སོ། །སྐུ་དེས་གང་ལ་མོས་པ་ལ་དེ་བཞིན་དུ་འདུལ་བའི་ཆ་ལུགས་བསྟན་ནས། འགྲོ་བ་རྣམས་ཀྱི་སྒོ་གསུམ་ཉེས་པ་འགོག་པར་མཛད་པའང་ལེགས་སོ་ཞེས་པའོ། །གསུམ་པ་ཆོས་ཆེན་པོ་ཡང་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུས་
བསྡུས་པའི་ཆོས་ཐམས་ཅད་བརྗོད་པ་མེད་པའི་དོན་གྱི་གསུང་ཟབ་པ་སྟེ། བརྗོད་པ་ཡོད་པའི་ཚིག་གི་གསུང་རྒྱ་ཆེ་བའི་སྒོ་ནས་བསྟན་པའང་ལེགས་སོ། །སྐུ་གསུང་ཐུགས་རྡོ་རྗེ་གསང་བ་གསུམ་གྱི་དོན་དང་ལྡན་པའི་རྒྱུད་འདི་བསྟན་པ་དང་། བདག་ཅག་ཐེ་ཚོམ་ཟ་བ་བཅད་
པར་མཛད་པས་ལེགས་སོ་ཞེས་བསྟན་པའོ། །བཞི་པ་ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ནི། དེ་ལྟར་བསྟན་པའང་ཐུགས་རྗེ་ཆེན་པོའི་སྒོ་ནས་ལ་ལ་ཉོན་མོངས་པ་སྤངས་པས་གྲོལ་བར་བསྟན། ལ་ལ་ཉོན་མོངས་པ་སྤྱོད་པས་གྲོལ་བར་བསྟན་པའང་ལེགས་སོ། །དེ་ཡང་ཉེས་པ་
མེད་ཅིང་འཚང་རྒྱ་བའི་རྒྱུར་འགྱུར་བའང་ལེགས་སོ་ཞེས་བསྟན་པའོ། །དེ་ལྟར་ལེགས་སོ་ཞེས་གསོལ་ཞིང་ཞུས་ནས་དོན་བརྗོད་པ། ཨེ་མ་ཀུན་དུ་བཟང་པོ་ཡི། །ཐུགས་རྗེ་མཆོག་ཏུ་དྲི་མེད་པས། །མི་བཟད་དགུག་པའི་ལས་རྣམས་ལའང་། །སངས་རྒྱས་འབྲས་བུ་སྨིན་
པར་མཛད། །ཅེས་གསུངས་པ་སྟེ། དེ་ལ་ཨེ་མའོ་ཞེས་པ་ནི་ངོམ་ཞིང་ངོ་མཚར་སྐྱེས་པ་སྟེ། གང་ལ་ཞེ་ན། དུས་ནམ་ཡང་རང་བཞིན་དང་མཛད་སྤྱོད་ངན་པར་མི་འགྱུར་བའི་ཀུན་དུ་བཟང་པོ་དེ་བཞིན་གཤེགས་པའི་ཐུགས་རྗེ་ནི། ཐེག་པ་འོག་མ་པའི་ཐུགས་རྗེ་མཆོག་ཏུ་གྱུར་ཅིང་གཟུང་
འཛིན་གྱི་ཉེས་པའི་དྲི་མ་མེད་པས་ཟས་བདུད་རྩི་རྣམ་པ་ལྔ་ཟ་བ་དང་། ལྕགས་ཀྱུ་རྣམ་པ་ལྔ་ལ་ལོངས་སྤྱོད་ཅིང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཕྲིན་ལས་ལ་གནས་ནས་མཚམས་མེད་པ་ལྔ་ལ་སོགས་པ་ལ་རོལ་ཅིང་སངས་རྒྱས་ཐམས་ཅད་གསད་པར་བྱ་བའི་སྦྱོར་བ་ལ་སོགས་པ་
ཤིན་ཏུ་མི་ཟད་ཅིང་རབ་ཏུ་གདུག་པར་གྱུར་པའི་ལས་ཆེ་ཕྲ་རྣམས་བསྟན་ཅིང་དེ་ལྟར་བསྟན་པ་དེ་དག་ཉམས་སུ་ལེན་ཅིང་སྤྱོད་པར་བྱེད་པའི་རྣལ་འབྱོར་པ་རྣམས་ལའང་སྡིག་པའི་སྐྱོན་གྱིས་མི་གོས་ཤིང་སངས་རྒྱས་ཀྱི་འབྲས་བུ་སྨིན་ཅིང་ཐོབ་པར་མཛད་པ་དེ་ལྟ་བུ་གསུངས་པ་ངོ་མཚར་
เล่ม ๓๘ · หน้า 154a
ཆེའོ། །ཞེས་ངོམ་ཞིང་ངོ་མཚར་སྐྱེའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་སྐད་ཅེས་གསོལ་བའི་དེ་མ་ཐག་ཏུ་ཡང་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མ་ལུས་པར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་
དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཞེས་བོས་ནས། གཏན་ཚིགས་དེ་ལྟ་བས་ན་ཐུན་མོང་ལྟར་ན་རྒྱུད་གསང་བ་འདུས་པ་འདི་ལས་བྱུང་བའི་དབང་བསྐུར་བའི་རིམ་པས་དབང་བསྐུར་བའི་སྔགས་པ་རྣལ་འབྱོར་པ་དེ་ནི་ཞེས་བྱ། ཟབ་མོ་ལྟར་ན་ཡབ་ཡུམ་གཉིས་སུ་མེད་པའི་
བདེ་བ་དང་། གསང་བའི་སེ་གོལ་གྱི་སྒྲས་ཕྱོགས་བཅུའི་སངས་རྒྱས་བསྡུས་ནས་ཡབ་ཀྱི་བ་སྤུའི་བུ་ག་ནས་ཐིམ་སྟེ། བྱང་ཆུབ་སེམས་སུ་ཞུ་ནས་ཡུམ་གྱི་གསང་བའི་མཁའ་ལ་འདུས་པ་ལས་བྱུང་བའི་རྫས་ཀྱི་དབང་བསྐུར་བའི་སྔགས་པ་རྣལ་འབྱོར་པ་དེ་ནི་ཕྱོགས་བཅུ་
དུས་གསུམ་གྱི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱིས་ཀྱང་དབང་བསྐུར་བས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གསང་བ་ལས་འཁྲུངས་པའི་སངས་རྒྱས་ཐམས་ཅད་ཀྱང་དབང་བསྐུར་བ་འདིས་དབང་བསྐུར་བས། སངས་རྒྱས་པ་ཡིན་པའི་ཕྱིར་དང་གཉིས་པའི་ཆ་གསང་
བ་བྱང་ཆུབ་སེམས་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ཤིང་། བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། དེ་ལྟར་དབང་བསྐུར་བའི་ཡོན་ཏན་དང་ལྡན་པས་འཁོར་བར་འཁོར་དགོས་པས་འཇིགས་པར་མི་བྱའོ། །ངན་སོང་
གསུམ་དུ་ལྟུང་བར་དོགས་པའི་སྡུག་བསྔལ་གྱིས་སྐྲག་པར་གྱུར་པར་མི་བྱའོ། །དེ་གཏན་ཚིགས་ཅིའི་ཕྱིར་ཞེ་ན། ཞེ་སྡང་རྡོ་རྗེ་ཆེ་ལ་སོགས། །བྱང་ཆུབ་རྡོ་རྗེ་ཡང་དག་འབྱུང་། །སྔགས་ཀྱི་རྒྱུད་ཀྱིས་བསྡུས་པས་ན། །སྤང་བ་རུ་ནི་མི་བྱའོ། །ཞེས་གསུངས་པའི་ཕྱིར་ཏེ། དེ་ཡང་
དབང་བསྐུར་བ་འདིས་ནི་ཕྱིན་ཅི་ལོག་གི་ཞེ་སྡང་གནས་སུ་དག་ནས། ཡང་དག་པ་ཞེ་སྡང་ཆེན་པོ་རྡོ་རྗེ་ལྟ་བུར་འགྲུབ་པར་བྱེད་པ་དང་། སོགས་ཀྱི་སྒྲས་ཉོན་མོངས་པ་ལྷག་མ་བཞི་ཡང་དེ་བཞིན་དུ་གནས་སུ་དག་ཅིང་ཡང་དག་པའི་ང་རྒྱལ་ཆེན་པོ་ལ་སོགས་པར་འགྲུབ་སྟེ། རིགས་
เล่ม ๓๘ · หน้า 154b
ལྔར་གྱུར་པ་དེ་དག་གིས་རྟོགས་པའི་བྱང་ཆུབ་རྡོ་རྗེ་ལྟ་བུ་དང་བཅས་པའི་ཡེ་ཤེས་ཡང་དག་པ་ཕྱིན་ཅི་མ་ལོག་པ་ཡང་དབང་བསྐུར་བ་དེ་ལས་འབྱུང་བའམ། གཉིས་སུ་ན་རིགས་ལྔ་ཡེ་ཤེས་ལྔ་དང་དེ་དག་དབྱེར་མེད་པར་འདུས་པའི་བདག་ཉིད་རྒྱུད་ཀྱི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ནི་
ཡང་དག་པར་ན་དེ་ལྟ་བུར་དབང་བསྐུར་བའི་སློབ་དཔོན་དེ་ལས་འབྱུང་བས་ན་དབང་བསྐུར་བ་དང་། དབང་བསྐུར་བའི་སློབ་དཔོན་དེ་ནི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་ཡིན་ནོ། །དེ་བས་སྔགས་ཀྱི་རྒྱུད་འདི་ནི་རྒྱུད་ཐམས་ཅད་
ལས་འབྱུང་བའི་ཚིག་དང་དོན་མ་ལུས་པར་བསྡུས་པ་ལྟ་བུའི་ཡོན་ཏན་དང་། མཚན་ཉིད་དུ་ལྡན་པ་ཡིན་པས་རྒྱུད་འདི་དང་འདི་ལས་འབྱུང་བ་ཇི་ལྟ་བ་བཞིན་དབང་བསྐུར་བའི་སློབ་དཔོན་དེ་གཉི་ག་ནམ་ཡང་སྤང་བར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ནས་བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་སྐད་བཀའ་སྩལ་པའི་དེ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་
པ་དེ་དག་མ་ལུས་པ་ཐམས་ཅད་ལ་མགྲིན་གཅིག་ཏུ་ཚིག་མཐུན་པར་ཚིགས་སུ་བཅད་པ་འོག་ནས་འབྱུང་བ་འདིས་མངོན་པར་བསྟོད་དོ། །དེ་ཡང་གང་ཞེ་ན། རྒྱུད་འདི་སྟོན་པ་དང་དེའི་འཁོར་དུ་གྱུར་པ་དཀྱིལ་འཁོར་གྱི་ལྷ་མ་ལུས་པ་ཐམས་ཅད་དང་། རྒྱུད་འདི་སྒྲུབ་ཅིང་དང་དུ་
ལེན་པའི་གང་ཟག་རྣམ་པ་དྲུག་ལ་བསྟོད་དོ། །ཇི་སྐད་བསྟོད་ཅེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །གང་གི་སྒོ་ནས་བསྟོད་ཅེ་ན། ཚིག་དང་དོན་དུ་ལྡན་པའི་སྒོ་ནས་བསྟོད་དེ། དེ་ལ་དང་པོར་རྒྱུད་འཆད་པའི་བདག་པོ་སྟོན་པ་བྱང་ཆུབ་སེམས་
རྡོ་རྗེ་ལ་བསྟོད་པ་བསྟན་པའི་ཕྱིར་ན། གང་གིས་དུས་གསུམ་རྡོ་རྗེ་འབྱུང་བ་སྲིད་ལས་ཐར་གྱུར་པ། །སྒྲིབ་པ་མེད་ཅིང་དྲི་མ་མེད་པའི་དངོས་པོ་དག་ཞི་བ། །དབང་ཕྱུག་དམ་པ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱི་སངས་རྒྱས། །དེ་ལ་ལུས་དང་ངག་ཡིད་དང་བའི་ཚིག་གིས་
เล่ม ๓๘ · หน้า 155a
ཕྱག་འཚལ་ལོ། །ཞེས་གསུངས། དེ་ཡང་ཐུན་མོང་གི་དབང་དུ་བཤད་ན་རྣལ་འབྱོར་པ་གང་ཡང་རུང་བའམ་གང་ཞིག་གིས་ད་ལྟར་དང་ཕྱིས་བསྒྲུབས་ན་ཡང་འགྲུབ་པར་འགྱུར་ལ། མངོན་དུ་བསྒྲུབས་པས་ཀྱང་འགྲུབ་པར་འགྱུར་ལ། དུས་གསུམ་གྱི་
སངས་རྒྱས་ཡེ་ཤེས་རྡོ་རྗེ་ལྟ་བུར་མཉེས་ཤིང་རྡོ་རྗེ་ཐེག་པའི་ལམ་ནས་བྱུང་བ་དང་། འབྱུང་བ་ཇི་ལྟ་བ་བཞིན་དུ་བྱུང་ཞིང་སྲིད་པ་གསུམ་ལས་གཏན་དུ་ཐར་པར་གྱུར་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་ཅིང་གཟུང་འཛིན་གྱི་དྲི་མ་ཡང་མེད་པར་མཚན་མའི་དངོས་པོ་དང་བྲལ་ཞིང་ནམ་
མཁའ་ལྟ་བུར་ཡེ་ཤེས་རྣམ་པར་དག་པ་མངའ་བས་སྤྲོས་པའི་མཐའ་ཐམས་ཅད་ཉེ་བར་ཞི་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་ཕྱུག་དམ་པ་ལ་མངའ་བརྙེས་པ། ཤེས་རབ་དང་སྙིང་རྗེའི་རང་བཞིན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུར་དབྱེར་མེད་ཅིང་འདུས་མ་བྱས་
ཀྱི་དོན་དང་ལྡན་པ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཡང་སངས་རྒྱས་སུ་གྱུར་པ་རྒྱུད་འཆད་པའི་སྟོན་པ་དང་། དཀྱིལ་འཁོར་གསུམ་གྱི་སྤྱི་གཟུགས་ཀྱི་བདག་པོར་གྱུར་པ་དེ་ལ་ལུས་གུས་པ་དང་། ངག་གིས་དོན་དང་ལྡན་པའི་ཡོན་ཏན་བརྗོད་པ་དང་། ཡིད་ཀྱིས་དང་བའི་
སྒོ་ནས་དམིགས་པའི་དེ་ཁོ་ན་ཉིད་གསལ་བ་དང་། སྒོ་གསུམ་མི་གཉིས་པར་འདུད་པའི་ཚིག་གིས་བསྔགས་པ་བརྗོད་དེ། ཕྱག་འཚལ་ལོ་ཞེས་བཤད་དོ། །ཟབ་མོའི་དབང་དུ་བཤད་ན་རྣལ་འབྱོར་པ་གང་ཡང་རུང་བ་གང་ཞིག་གིས་རྒྱུའི་དུས་ན་བསྒྲུབས་ཤིང་འབྲས་བུ་མངོན་
པར་འགྲུབ་པའི་མཚན་ཉིད་གཞན་ལ་སྣང་བ་གསལ་བའི་ཐེག་པའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་བརྙེས་ཤིང་ཡབ་ཀྱི་གསང་བའི་རྡོ་རྗེའི་ལམ་ནས་ཕྱུང་ཞིང་ཡུམ་གྱི་གསང་བའི་མཁའ་ལ་བབས་པ་ལས་སྔོན་དུ་བྱུང་ཞིང་ད་ལྟར་དང་ཕྱིས་འབྱུང་
བའི་སྐུ་འཁྲུངས་པ། འཁོར་བའི་སེམས་ཅན་དང་མཐུན་པར་སྣང་ཡང་འཁོར་བ་དང་སྲིད་པ་ལས་ཐར་བར་གྱུར་པའི་ཡོན་ཏན་མངའ་བ། མྱ་ངན་ལས་འདས་པའི་མཐར་འགྱུར་བའི་སྒྲིབ་པ་མེད་ཅིང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་ཡང་མེད་པས་མཚན་མར་ལྟ་བའི་
เล่ม ๓๘ · หน้า 155b
དངོས་པོ་དང་བྲལ་ཞིང་། ཕོ་མོར་རྟོག་པའི་ཞེན་ཆགས་རྣམ་པར་དག་པས་གཏི་མུག་ཞེ་སྡང་ང་རྒྱལ་ཕྲག་དོག་ཉེ་བར་ཞི་ཞིང་རྣམ་པར་རྟོག་པ་སྤྲོས་པ་སྤང་བའི་མཚན་ཉིད་ཅན་ཡང་དག་པའི་འདོད་ཆགས་ཆེན་པོ་ལ་སོགས་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོས་འཇིག་རྟེན་དང་འཇིག་རྟེན་
ལས་འདས་པའི་བདེ་བ་ལ་ལོངས་སྤྱོད་ཅིང་། ཡེ་ཤེས་དང་གསང་བ་ལས་འཁྲུངས་པའི་ཆོས་ཀྱི་རྒྱལ་པོའི་དབང་ཕྱུག་འཇིག་རྟེན་པའི་དབང་ཕྱུག་དམ་པར་གྱུར་པ་ཡང་བརྙེས་པ། ཉེས་པར་ལྟ་བའི་སྐྱོན་གྱི་སྒྲིབ་པ་བྱང་ཞིང་ལེགས་པར་འགྱུར་བའི་ཡེ་ཤེས་དང་། ཡོན་ཏན་
གྱིས་ཆུབ་པས་དེའི་ངང་ལས་མི་རྟོག་པའི་ཚུལ་གྱིས་སེམས་དཔའ་ཡེ་ཤེས་རྡོ་རྗེ་ལྟ་བུར་དབྱེར་མེད་ཅིང་། འདུས་མ་བྱས་ཀྱི་སྐུ་གསུང་ཐུགས་བརྙེས་པས་མཚན་ཉིད་ཐེག་པའི་ལས་ཀྱི་སྒོ་ནས་རྣམ་པར་སྦྱངས་ཤིང་། སངས་རྒྱས་པ་དེ་དག་ཀུན་གྱི་ནང་ན་ཡང་སངས་རྒྱས་སུ་གྱུར་པ་
གསང་བ་ཆེན་པོའི་ཐེག་པའི་ལམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པས་གསང་བའི་རྒྱུད་སྟོན་པར་མཛད་ཅིང་སྐུ་གསུང་ཐུགས་ཀྱི་གསང་བའི་དཀྱིལ་འཁོར་གྱི་གཙོ་བོ་དང་བདག་པོར་གྱུར་པ་དེ་ལ་སྒོ་གསུམ་མི་གཉིས་པར་འདུད་པའི་དོན་དང་བཅས་པའི་ཚིག་གིས་བརྗོད་པ་དང་
བཅས་པས་ཕྱག་འཚལ་ལོ་ཞེས་བཤད་དོ། །ཡེ་ཤེས་ཀྱི་དབང་ཕྱུག་ཏུ་བཤད་ན་དུས་གསུམ་གྱི་སངས་རྒྱས་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཤིང་། དེ་ལྟར་བྱུང་བ་དང་ཕྱིས་འབྱུང་བ་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་སུ་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་བརྙེས་ཏེ། སྲིད་
པ་ལས་ཐར་པར་གྱུར་པ་དང་སྒྲིབ་པ་མེད་ཅིང་དྲི་མ་མེད་ཅེས་པས། བདག་གཞན་དུ་ལྟ་བའི་སྒྲིབ་པ་དང་མི་མཉམ་པར་འཛིན་པའི་དྲི་མ་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་དང་། དངོས་པོ་དག་ཞི་བ་ཞེས་པ་ཡིད་ཀྱི་རྣམ་པར་ཤེས་པའི་དངོས་པོར་ལྟ་བ་དག་ཅིང་མཚན་
མར་འཛིན་པ་ཉེ་བར་ཞི་བས་སོ་སོར་རྟོག་པའི་ཡེ་ཤེས་བརྙེས་པ་དང་། ཆོས་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་པ་དང་། རང་གི་མཚན་ཉིད་མ་འདྲེས་པ་བཅོས་པར་མཁྱེན་ཅིང་དེ་ལ་ཆགས་སྡང་མཚན་མར་འཛིན་པ་མེད་པ་དང་། དབང་ཕྱུག་དམ་པ་ཞེས་བྱ་བ་སྒོ་ལྔའི་རྣམ་
เล่ม ๓๘ · หน้า 156a
པར་ཤེས་པ་སོ་སོའི་ཡུལ་ལ་རང་བྱོན་དུ་འཇུག་པས་རང་རང་གིས་སོ་སོའི་ཡུལ་དུ་ཞེན་པ་དང་ཆགས་པའི་དབང་གིས་མཚན་མར་འཛིན་ཅིང་ལོངས་སྤྱོད་པར་འདོད་པའི་ཉེས་སྐྱོན་དང་བྲལ་བས་བྱ་བ་སྒྲུབ་པའི་ཡེ་ཤེས་བརྙེས་ཏེ་ཐམས་ཅད་ཀྱི་དོན་བྱ་བ་ལ་ཉམ་ང་
བ་དང་སྐྱོ་བ་མེད་པས་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཐེག་པ་འོག་མ་པ་ལས་དམ་པར་གྱུར་པ་ལ་མངའ་བརྙེས་པ། རྣམ་པར་ཤེས་པ་བརྒྱད་ཀྱི་ཉེས་པའི་སྐྱོན་བྱང་ཞིང་ཡེ་ཤེས་ལྔར་ཆུབ་པས་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ། སངས་རྒྱས་ཇི་སྙེད་ཡོད་པ་ཀུན་གྱི་
ཡང་སངས་རྒྱས་སུ་གྱུར་པ་དེ་ལ་མཚན་མ་མེད་པའི་ལུས་དང་བརྗོད་པ་མེད་པའི་ཚིག་དག་དང་། རྟོག་པ་མེད་པའི་ཡིད་ཀྱི་འདུད་པས་ཕྱག་འཚལ་ལོ། །ཞེས་བཤད་དོ། །ཡོན་ཏན་ཕུན་སུམ་ཚོགས་པའི་སྒོ་ནས་བཤད་དོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཡེ་ཤེས་
རྡོ་རྗེ་ལྟ་བུ་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཁམས་གསུམ་སྲིད་པ་གསུམ་ལུས་ཐར་བའི་སྒྲིབ་པ་མེད་ཅིང་དྲི་མ་མེད་པ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། དངོས་པོ་དག་ཅིང་མཚན་མ་ཉེ་བར་ཞི་བ་ནི་རང་བཞིན་ཕུན་སུམ་ཚོགས་པའོ། །
དབང་ཕྱུག་དམ་པ་ཞེས་བྱ་བ་མན་ཆད་ནི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། དེ་ལྟ་བུའི་དོན་དང་ལྡན་པ་དེ་ལ་སྒོ་གསུམ་མི་དམིགས་པའི་འདུད་པས་ཕྱག་འཚལ་ལོ། །ཞེས་བཤད་དོ། །རྣམ་པར་དག་པའི་ཕྲིན་ལས་ཕུན་སུམ་ཚོགས་པའི་དབང་དུ་བཤད་ན། གང་གིས་དུས་གསུམ་རྒྱལ་
བའི་ལམ་ནས་བྱུང་ཞེས་བྱ་བ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ལམ་མཐུན་པར་སྦྱངས་པས་ཐེག་པ་ཐམས་ཅད་མཐར་ཕྱིན་པའི་གོ་འཕང་ཐོབ་པར་བསྟན་པའོ། །སྲིད་ལས་ཐར་འགྱུར་བ་ཞེས་བྱ་བ་ནི་ཉིད་འཁོར་བ་དང་ངན་སོང་ལས་ཐར་ནས་སྒོ་བདེ་བ་མཛད་པ་མ་
ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱང་འཁོར་བ་དང་ངན་སོང་ལས་ཐར་བར་མཛད་པའི་མགོན་དང་སྐྱབས་དམ་པར་བསྟན་པའོ། །སྒྲིབ་པ་མེད་ཅིང་དྲི་མ་མེད་པ་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་ཤིང་། གཟུང་འཛིན་དུ་རྟོག་པའི་དྲི་མ་དང་བྲལ་བའི་ཆོས་བསྟན་པས་
เล่ม ๓๘ · หน้า 156b
བྱང་ཆུབ་སེམས་དཔའ་རྣམས་ཀྱི་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་རིག་སྟེ། ས་ནས་ས་རིམ་པར་སྦྱོར་བ་ལ་འཛུད་པའི་ཕྲིན་ལས་མཛད་པ་དང་། བདག་ཞི་བ་ཞེས་བྱ་བ་གང་ཟག་ལ་བདག་མེད་པ་དང་། གཟུགས་ཀྱི་ཕུང་པོའི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་བདག་མེད་
པའི་ཆོས་བསྟན་པས་ཉན་ཐོས་དང་རང་རྒྱལ་བ་ལ་གཟུང་འཛིན་དུ་རྟོག་པའི་དྲི་མ་དག་ཅིང་ཕྱོགས་གཅིག་པའི་ཞི་བ་དང་མྱ་ངན་འདས་པའི་མཐའ་བསལ་ནས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་དམ་པ་ལ་དབང་བྱེད་པའི་རྒྱལ་པོ་མངོན་པར་གྲུབ་པའི་ཕྲིན་ལས་མཛད་པར་བསྟན་པའོ། །
བྱང་ཆུབ་རྡོ་རྗེའི་སངས་རྒྱས་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་དང་། ཡེ་ཤེས་རྡོ་རྗེ་ལྟ་བུའི་དོན་ཐུགས་སུ་ཆུད་པ་ནི་བྱང་ཆུབ་རྡོ་རྗེ་ཞེས་བྱ་སྟེ། བྱ་བ་དང་སྤྱོད་པ་དང་གཉི་ག་རྒྱུད་ཀྱི་ཐེག་པའི་དོན་བསྟན་པས་དེའི་སྣོད་དུ་གྱུར་པ་རྣམས་ཀྱིས་ལམ་དེའི་འབྲས་བུ་མངོན་དུ་གྱུར་
པར་མཛད་པ་དེ་ལས་ཀྱང་དཔག་པས་གསང་བའི་གོ་འཕང་ཆེན་པོའི་འབྲས་བུ་ལ་དགོད་པའི་ཕྲིན་ལས་མཛད་པའོ། །དེ་ལྟར་སོ་སོ་ནས་རང་གི་ལས་ཀྱིས་སྒྲུབ་པའི་འབྲས་བུ་ལས་དཔག་པས་ཟླ་མེད་པ་སངས་རྒྱས་ཀྱིས་ཐོབ་པར་མཛད་པའི་དོན་དང་ཕྲིན་ལས་སུ་ལྡན་པས་སངས་
རྒྱས་ཀྱི་སངས་རྒྱས་ཞེས་བྱ་སྟེ། དེའི་གོང་ནས་སངས་རྒྱས་ཀྱི་མིང་འཐོབ་པ་གང་ཡང་མེད་པར་བསྟན་པའོ། །དེ་ལྟ་བུའི་ཕྲིན་ལས་ཕུན་སུམ་ཚོགས་པ་མངའ་བ་དེ་ལ་ཕྱག་འཚལ་ལོ་ཞེས་བཤད། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་དེ་ལྟ་བུའི་ཐུན་མོང་དང་ཟབ་མོའི་དོན་དང་ཡེ་ཤེས་
དང་ཕྲིན་ལས་མངའ་བའི་སྒོ་ནས་བསྟོད་ནས། ད་ནི་དཀྱིལ་འཁོར་གསུམ་གྱིས་བསྡུས་པའི་ལྷ་རྣམས་ལ་བསྟོད་པ་བསྟན་པའི་ཕྱིར་ན། གང་དག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་བཅས་པ་དང་། །རྣམ་པར་ཤེས་པ་དང་ནི་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་དང་ཆུ་དང་མེ་དང་
རླུང་དང་ནམ་མཁའ་དག །བྱང་ཆུབ་སེམས་དང་འདྲ་བའི་རྒྱལ་ཆེན་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་དུས་ན་གང་ཟག་ཏུ་གྱུར་པ་གང་ཞིག །གཟུགས་ཀྱི་ཕུང་པོའི་རྒྱུའི་གཟུགས་བཞི་དང་། འབྲས་བུའི་གཟུགས་བཅུ་གཅིག་སོ་སོར་མ་ཕྱེ་ཞིང་
เล่ม ๓๘ · หน้า 157a
དབྱེར་མེད་པ་གཅིག་གི་ངོ་བོར་བསྡུས་པ་གནས་སུ་དག་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་སངས་རྒྱས་པ་དང་། ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བཏང་སྙོམས་གསུམ་སོ་སོར་མ་ཕྱེ་ཞིང་གཅིག་གི་ངོ་བོར་བསྡུས་ནས། གནས་སུ་དག་པ་རིན་ཆེན་འབྱུང་ལྡན་གྱི་
རང་བཞིན་དུ་སངས་རྒྱས་པ་དང་། འདུ་ཤེས་ཀྱི་ཕུང་པོ་རྒྱ་ཆུང་བ་དང་། རྒྱ་ཆེ་བ་དང་ཚད་མེད་པ་སོ་སོར་མ་ཕྱེ་ཞིང་གཅིག་གི་ངོ་བོར་བསྡུས་པ་གནས་སུ་དག་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་སངས་རྒྱས་པ་དང་། འདུ་བྱེད་ཀྱི་ཕུང་པོ་སེམས་ལས་བྱུང་བའི་འདུ་བྱེད་ལྔ་བཅུ་རྩ་གཅིག་
དང་། སེམས་དང་མི་ལྡན་པའི་འདུ་བྱེད་བཅུ་བཞི་སོ་སོར་མ་ཕྱེ་ཞིང་དབྱེར་མེད་པ་གཅིག་གི་ངོ་བོར་བསྡུས་པ་གནས་སུ་དག་པ་གདོན་མི་ཟ་བར་འགྲུབ་པའི་རང་བཞིན་དུ་སངས་རྒྱས་པ་དང་། རྣམ་པར་ཤེས་པའི་རང་བཞིན་ཕུང་པོ་ཚོགས་བརྒྱད་སོ་སོར་མ་ཕྱེ་ཞིང་དབྱེར་མེད་པ་གཅིག་
གི་ངོ་བོར་བསྡུས་པ་མི་བསྐྱོད་པའི་རང་བཞིན་དུ་སངས་རྒྱས་པ་སྟེ། གཙོ་བོ་སངས་རྒྱས་རྣམ་པ་ལྔ་དང་། དེ་བཞིན་དུ་ཡུལ་ཕྱིའི་སྐྱེ་མཆེད་གཟུགས་ལ་སོགས་པ་རྣམ་པ་དྲུག་གནས་སུ་དག་པ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་ཏུ་སངས་རྒྱས་པ་དང་། ནང་གི་དབང་པོ་དྲུག་
གནས་སུ་དག་པ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་ཏུ་སངས་རྒྱས་པ་དང་། གཟུགས་ཀྱི་ཕུང་པོའི་ཆ་ཤས་ལས་ཕྱེ་བ་ཕྱི་ནང་གསང་བ་གསུམ་གྱིས་བསྡུས་པ་དང་།ས་དང་ཆུ་དང་མེ་དང་རླུང་དང་བཞི་དེ་ལ་ནམ་མཁའ་བསྣན་པ་དང་ལྔ་གནས་སུ་དག་པ། སངས་རྒྱས་
སྤྱན་ལ་སོགས་པ། ཡུམ་ལྔའི་རང་བཞིན་དུ་སངས་རྒྱས་པ་དེ་དག་ཀྱང་བྱང་ཆུབ་སེམས་རྡོ་རྗེ་ཉིད་དང་འདྲ་བར་སྐུ་གསུང་ཐུགས་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་དུ་བཞུགས་པ་སྟེ། དེ་ལྟ་བུའི་དོན་དང་ལྡན་པ་དེ་ལ་གོང་མ་ལྟ་བུའི་ཚུལ་དུ་ཕྱག་འཚལ་ལོ་ཞེས་བྱའོ། །ད་ནི་སྐུའི་ཆ་ཤས་
ལས་ཕྱེ་བ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དང་ཡེ་ཤེས་སེམས་དཔར་བཅས་པ་ལ་ཕྱག་འཚལ་བར་བསྟན་པའི་ཕྱིར། གང་དག་འདོད་ཆགས་ཞེ་སྡང་གཏི་མུག་རྡོ་རྗེའི་ཆོས་དང་བཅས། །རྟག་ཏུ་རྒྱུན་མི་འཆད་པའི་རིགས་པ་འབྱུང་བ་ཡིན། །རྣམ་པ་སྣ་ཚོགས་དགའ་བས་དྲན་
เล่ม ๓๘ · หน้า 157b
པ་མེད་པའི་དངོས་འགྱུར་བའི། །བྱང་ཆུབ་སེམས་འདྲ་རྣམ་པ་སྣ་ཚོགས་དེ་དག་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཉོན་མོངས་པ་རྣམ་པ་གསུམ་གྱི་གནས་དང་སྒོར་གྱུར་པའི་སྒོ་གསུམ་གནས་སུ་དག་པ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་རང་བཞིན་དུ་གྱུར་པ་སྟེ། འདོད་
ཆགས་ངག་དང་བཅས་པ་གནས་སུ་དག་པ་གསུང་གི་རྡོ་རྗེ་ཆོས་དང་བཅས་པ་བྱ་བའི་སྒྲས་ལུས་སེམས་གཉིས་བསྡུས་པ་སྟེ། སེམས་ཞེ་སྡང་དང་བཅས་པ་གནས་སུ་དག་པ་ཐུགས་རྡོ་རྗེ་མི་བསྐྱོད་པ་དང་། ལུས་གཏི་མུག་དང་བཅས་པ་གནས་སུ་དག་པ་སྐུའི་རྡོ་རྗེ་རྣམ་པར་
སྣང་མཛད་ཀྱི་རང་བཞིན་དུ་གྲུབ་པ་སྟེ། རྟག་ཏུ་རྒྱུན་མི་འཆད་པའི་རིགས་པ་འབྱུང་བ་ཞེས་བྱ་བ་ནི་དེ་དག་གི་དུས་རྟག་ཏུ་རྒྱུན་མི་འཆད་པ་སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་གྱི་དོན་མཛད་པ་སྟེ། དེ་ཡང་སྐུས་འདུལ་བའི་རིགས་པ་ལ་ནི་སྐུ་གཅིག་དང་དུ་མའི་རྣམ་པར་སྣང་
བ་དང་། གསུང་གིས་འདུལ་བའི་རིགས་པ་ལ་ནི་གསུང་བརྗོད་པ་དང་བརྗོད་པ་དང་བཅས་པ་དང་། ཐུགས་ཀྱིས་འདུལ་བའི་རིགས་པ་ལ་ནི་དག་པ་འཇིག་རྟེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་
ཁྱབ་པ་ལ་སྙོམས་པར་འཇུག་པ་སྟོན་ཏེ། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་དང་རྣམ་པར་འཕྲུལ་བ་འབྱུང་བའི་ཡོན་ཏན་མངའ་བ་ཡིན་ནོ། །ལ་ལ་ན་རེ་སྐུ་གསུང་ཐུགས་རྡོ་རྗེ་དེ་དག་གིས་དུས་རྟག་ཏུ་རྒྱུན་མི་འཆད་པར་བྱ་བ་བྱེད་པའི་རིགས་པ་དང་མཐུན་པར་
འགྲོ་བ་འདུལ་བའི་ཐབས་དང་། སྤྲུལ་པ་འདུལ་བའི་བདག་ཉིད་དུ་གྱུར་པ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་ཉིད་རིགས་པ་དང་མཐུན་པ་སྐུ་གསུང་ཐུགས་རྡོ་རྗེ་དེ་དག་སོ་སོ་རང་རང་གི་ཆོས་ཉིད་ཀྱིས་དེ་ལྟ་བུའི་ནུས་པ་སྟོན་ཅིང་འབྱུང་བ་ཡིན་ནོ་ཞེས་ཟེར་རོ། །རྣམ་པ་སྣ་ཚོགས་དགའ་
བས་དྲན་པ་མེད་པའི་དངོས་གྱུར་པ། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ནི་བག་ཆགས་བཟང་པོ་ལ་སོགས་པའི་གཞི་འམ་གནས་སུ་གྱུར་པ་སྟེ། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་བླ་ན་ཡོད་པ་དང་། བླ་ན་མེད་པས་བསྡུས་པས་མཆོད་པ་དང་། གཏི་མུག་གི་བཟླས་
เล่ม ๓๘ · หน้า 158a
པ་ལ་སོགས་པ་མཉེས་པའི་ཐབས་རྣམ་པ་སྣ་ཚོགས་པས་མཉེས་པ་བསྐྱེད་ན། རྟོག་པ་མི་མངའ་བཞིན་དུ་དགྱེས་ཤིང་དགའ་བར་གྱུར་པས་དེའི་འབྲས་བུ་ནི་དྲན་པ་མེད་པའི་དངོས་གྱུར་པའི་ཞེས་བྱ་སྟེ། དྲན་པ་མེད་པ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཏེ།
དངོས་སུ་ན་སྣང་བ་མེད་ཅིང་མཐོང་བ་མེད་པའི་དོན་མངོན་དུ་གྱུར་པ་འཐོབ་པའོ། །འོ་ན་འགྲོ་བའི་དོན་ཇི་ལྟར་མཛད་ཅེ་ན། བྱང་ཆུབ་སེམས་འདྲ་ཞེས་བྱ་སྟེ། །བྱང་ཆུབ་སེམས་རྣམ་གཉིས་དང་འདྲ་བར་དོན་དམ་པར་རྣམ་པར་མི་རྟོག་པ་སྟོང་པ་ཉིད་ཀྱི་ངང་ལས་ཀྱང་མི་གཡོ་ལ། ཡང་
དག་པའི་ཀུན་རྫོབ་ཏུ་མི་དམིགས་པའི་ཐུགས་རྗེས་གཡོ་བས་འགྲོ་བ་འདུལ་ཅིང་སྨིན་པར་མཛད་པའི་ཐབས་རྣམ་པ་སྣ་ཚོགས་པ་རང་བཞིན་གྱིས་སྟོན་ཅིང་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་དོན་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་ཡེ་ཤེས་སེམས་དཔའ་དེ་དག་ལ་ཕྱག་འཚལ་ལོ་ཞེས་
བསྟན་ཏོ། །ད་ནི་ལུས་ཀྱི་གནས་བཞི་དང་མི་དགེ་བ་བཅུ་གནས་སུ་དག་པའི་སྒོ་སྲུང་གི་ཁྲོ་བོ་བཞིའམ་སྐུ་གསུང་ཐུགས་ཀྱི་གཙོར་བྱས་པའི་ཁྲོ་བོ་གསུམ་ལ་སོགས་པ་སྟེ། ཁྲོ་བོ་བཅུ་ལ་བསྟོད་པ་བསྟན་པའི་ཕྱིར་ན། གང་དག་གཏི་མུག་ཞེ་སྡང་འདོད་ཆགས་སྒྲིབ་པའི་རྡོ་རྗེ་བཞིན། །
གཟུང་བ་དང་ནི་དགའ་དང་དེ་བཞིན་ཚུལ་དང་མི་གཡོ་དང་། །རྒྱུ་དང་འབྲས་བུའི་འོད་གསལ་ཆོས་ཉིད་བྱང་ཆུབ་སེམས་ཤེས་པ། །བྱང་ཆུབ་སེམས་དང་འདྲ་བའི་རྒྱུ་ཆེན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། གང་དག་སེམས་ལས་བྱུང་བའི་ཆོས་གསུམ་པོ་འདི་དག་གིས་ནི་མཐོ་
རིས་དང་ཐར་པ་དང་། གཉི་ག་ལ་སྒྲིབ་ཅིང་གཞན་གྱིས་གཞིག་ཅིང་སྤང་བར་དཀའ་བས་རྡོ་རྗེ་བཞིན་དུ་སྲ་ཞིང་གཅིག་གི་ངོ་བོར་གཅིག་དབྱེར་མེད་པའི་མཚན་ཉིད་ཅན་ཏེ། དེ་དག་གནས་སུ་དག་པ་ཡང་ཡེ་ཤེས་རྡོ་རྗེ་ལྟ་བུའི་རང་བཞིན་དང་ལྡན་པའི་ཁྲོ་བོར་གྲུབ་པ་སྟེ། གང་ཞེ་ན། གཏི་མུག་
ནི་གཤིན་རྗེ་མཐར་བྱེད། ཞེ་སྡང་ནི་ཤེས་རབ་མཐར་བྱེད། འདོད་ཆགས་ནི་པདྨ་མཐར་བྱེད། ཉོན་མོངས་པ་གཞན་ལ་སྒྲིབ་པ་བགེགས་མཐར་བྱེད་པའོ། །གཟུང་བ་ནི་འགྲོ་བ་ཡལ་བར་མི་འདོར་བ་སྟེ་འདོད་པའི་རྒྱལ་པོའོ། །དགའ་བ་ནི་འགྲོ་བའི་འགྱོད་པ་སེལ་བའི་རང་
เล่ม ๓๘ · หน้า 158b
བཞིན་དབྱུག་པ་སྔོན་པོ་ཅན་ནོ། །ཚུལ་ནི་མ་ནོར་པའི་ཐབས་ཏེ་སྟོབས་པོ་ཆེའོ། །མི་གཡོ་བ་ནི་རྟོག་པའི་རླུང་གིས་མི་བསྐྱོད་པར་བརྟན་པས་ཏེ་གནོད་མཛེས་སོ། །རྒྱུ་ནི་ཧཱུཾ་མཛད་དོ། །འབྲས་བུ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། འདི་དག་ཀྱང་འོད་གསལ་ཆོས་ཉིད་བྱང་ཆུབ་སེམས་
ཤེས་པ་ཞེས་བྱ་སྟེ།རང་བཞིན་འོད་གསལ་བའི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཤེས་ཤིང་རྟོགས་པའི་ཁྱད་པར་ཉིད་ལས་དེ་ལྟ་བུར་སྣང་ཞིང་གཞན་མ་ཡིན་པར་རིག་པར་བྱའོ། །དེ་ལྟ་བུའི་ཁྲོ་བོ་དེ་དག་བྱང་ཆུབ་སེམས་རྡོ་རྗེ་དང་འདྲ་ཞིང་མཚུངས་པ་སྟེ། དུ་མ་རྣམ་པ་མང་
པོར་སྣང་བས་སམ། ཡེ་ཤེས་དང་ཡོན་ཏན་རྒྱ་ཆེ་བས་བརྒྱན་ཞེས་བྱ་སྟེ། དེ་ལྟ་བུའི་དོན་དང་ལྡན་པ་དེ་དག་ལ་ཕྱག་འཚལ་ལོ། །ཞེས་བསྟན་ཏོ། །ཁྲོ་མོ་རྣམས་ཅིའི་ཕྱིར་མ་སྨོས་ཤེ་ན། ལུས་ཡོད་ན་གྲིབ་མ་ཡོད་པ་དང་། མེ་མར་ཡོད་ན་འོད་ཡོད་པ་བཞིན་དུ་གཙོ་བོ་སྨོས་ན་ཡུམ་ཡང་
རང་བཞིན་གྱིས་ཡོད་པར་མངོན་ནོ། གཉིས་སུ་ན་དེའི་ལན་སྔར་བཏབ་ཟིན་ཏོ། །ད་ནི་རྒྱུད་འདི་སྒྲུབ་ཅིང་དང་དུ་ལེན་པའི་གང་ཟག་རྣམ་པ་དྲུག་ལ་བསྟོད་པའི་རིམ་པ་བསྟན་པ་སྟེ། དེ་ཡང་རབ་འབྲིང་ཐ་མ་གསུམ་དུ་ཕྱེ་སྟེ། དང་པོ་རབ་ཏུ་བསྟན་པའི་ཕྱིར་ན། གང་དག་ཐོག་མ་མེད་པའི་
རྣམ་དག་བསྒོམ་པ་ནི། །ཐབས་དང་ཤེས་རབ་ལས་ནི་བྱུང་བ་ལྟ་བུ་མེད་པ་ཡི། །རྟག་ཏུ་གསང་བའི་དབང་དང་བརྟུལ་ཞུགས་དག་ཏུ་སྦྱོར་བ་ལས། །བྱང་ཆུབ་རྡོ་རྗེ་བཞིན་བརྟག་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གང་དག་ཐོག་མ་མེད་པའི་དུས་ནས་བདག་གཞན་གྱི་
རྒྱུད་རྣམ་པར་དག་པར་བྱ་བའི་དོན་དུ་འཁོར་བའི་ཉེས་སྐྱོན་རྣམ་པར་དག་པ་དཀྱིལ་འཁོར་གསུམ་གྱི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྒོམ་པའི་རྣལ་འབྱོར་པ་འདི་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཡིན་ལ། ཐབས་དང་ཤེས་རབ་དེ་ལས་བྱུང་ཞིང་ཐོན་པའི་དངོས་གྲུབ་ལྟ་བུ་ནི་
གཞན་ན་མེད་པའི་དངོས་གྲུབ་ཟླ་མེད་པ་ཡིན་པས། རྟག་ཏུ་གསང་བའི་དབང་དང་བརྟུལ་ཞུགས་སྡོམ་པའི་སྦྱོར་བ་ལས། །ཞེས་བྱ་སྟེ། དུས་དང་གནས་སྐབས་རྟག་ཏུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལྷག་པ་བྱང་ཆུབ་སེམས་ཀྱི་གསང་བའི་དབང་དང་རིག་པ་བརྟུལ་ཞུགས་དང་
เล่ม ๓๘ · หน้า 159a
སྔགས་ཀྱི་སྡོམ་པ་ལ་སྦྱོར་བར་བྱེད་པའི་དོན་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་བྱང་ཆུབ་སེམས་རྡོ་རྗེ་བཞིན་དུ་འདྲ་བར་བརྟག་ཅིང་། དུས་རྟག་ཏུ་གོང་དུ་བསྟན་པའི་ཚུལ་དུ་ཕྱག་འཚལ་ལོ་ཞེས་བསྟན་ཏོ། །རབ་གཉིས་ལ་བསྟོད་པ་བསྟན་པའི་ཕྱིར་ན། གང་ཞིག་
གིས་ནི་དངོས་གྲུབ་དམ་པའི་ཐབས་སུ་སྦྱོར་བྱེད་པ། །བསྙེན་པའི་ཆོ་ག་དང་ཡང་ཉེ་བར་སྒྲུབ་དང་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོའི་བློ་ནི་སྒྲུབ་པའི་དབང་པོ་ལ། །བྱང་ཆུབ་རྡོ་རྗེ་བཞིན་བརྟག་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། རྣལ་འབྱོར་པ་གང་ཡང་རུང་བ་གང་ཞིག་གིས་
དཔལ་གསང་བ་འདུས་པའི་ལྷའི་དཀྱིལ་འཁོར་གྱི་དངོས་གྲུབ་དམ་པ་སྒྲུབ་པའི་ཐབས་འདི་རང་གི་རྒྱུད་ལ་སྦྱོར་བར་བྱེད་པ་དག་བསྙེན་སྒྲུབ་ཡན་ལག་བཞིའི་དོན་ལ་བློ་གཏད་ནས་རྒྱུའི་དུས་ན་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་དེ་ནི་བསྒྲུབ་པར་བྱ་བའི་ཡུལ་དེ་ལ་དབང་བྱེད་པར་ནུས་པ་ཡིན་པས་
དབང་པོ་ཞེས་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་རྡོ་རྗེ་བཞིན་བརྟག་ཅིང་བལྟ་སྟེ། དེ་དག་ལ་གོང་དུ་བསྟན་པའི་ཚུལ་དུ་ཕྱག་འཚལ་ལོ། །ཞེས་བསྟན་ཏོ། །ད་ནི་གསུམ་པ་འབྲིང་གི་དངོས་པོ་བསྟན་པའི་ཕྱིར་ན། གང་ཞིག་གིས་ནི་སྒྲུབ་པའི་རྡོ་རྗེ་བཞི་ཡིས་སྒྲུབ་བྱེད་པ། །འདི་ལ་རབ་མཆོག་
མེད་པའི་དམན་པའི་དངོས་གྲུབ་ཀྱང་། །བླ་མའི་དྲིན་ལན་འཇིགས་པ་མེད་པར་རྟོགས་པ་ཡི། །བྱང་ཆུབ་རྡོ་རྗེ་བཞིན་བརྟག་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །རྣལ་འབྱོར་པ་གང་ཡང་རུང་བ་གང་ཞིག་ཐུན་མོང་གི་སྒྲུབ་པའི་རྡོ་རྗེ་ཆོ་ག་རྣམ་པ་བཞི་ཡིས་རང་གི་འདོད་པའི་དངོས་གྲུབ་སྒྲུབ་
པར་བྱེད་འདོད་པ་དག་འདི་ལ་རབ་མཆོག་མེད་པའི་ཞེས་བྱ་བ་རྒྱུད་འདི་ལ་རབ་བམ་མཆོག་གི་དངོས་གྲུབ་ནི་སྒྲུབ་པར་བྱེད་པའི་བློ་དང་མི་ལྡན་པ་མེད་ཅེས་བྱ། དམན་པའི་དངོས་གྲུབ་ཅེས་བྱ་བ་ནི་དངོས་གྲུབ་ཕལ་པ་འབྲིང་དང་ཐ་མར་གྱུར་པ་དག་བསྒྲུབས་ནས་གྲུབ་པར་གྱུར་ཀྱང་རུང་མ་གྲུབ་ཀྱང་རུང་བ་དེ་
བླ་མའི་དྲིན་ལ་འཇིགས་པ་མེད་ཅེས་ཏེ། གསང་སྔགས་ཀྱི་རྒྱུད་མཐའ་དག་གམ་དཔལ་གསང་བ་འདུས་པའི་རྒྱུད་འདིའི་དོན་མ་ནོར་བར་སྟོན་པའི་རྡོ་རྗེ་སློབ་དཔོན་བླ་མ་དེའི་མན་ངག་ཐོབ་པའི་དྲིན་ལ་གནས་པས་གཞན་གྱི་གཏམ་དང་། །འཁོར་བ་དང་ངན་སོང་གི་འཇིགས་པ་མེད་པའམ་གཉིས་
เล่ม ๓๘ · หน้า 159b
སུ་ན་གསང་བའི་དོན་ལ་འཇིགས་པ་མེད་པར་རང་གིས་རྟོགས་པའི་བློ་དང་ལྡན་པ་དེ་ལ་བྱང་ཆུབ་སེམས་རྡོ་རྗེ་བཞིན་བལྟ་ཞིང་བརྟག་སྟེ་དེ་དག་ལ་ཕྱག་འཚལ་ལོ་ཞེས་བསྟན་ཏོ། །ད་ནི་བཞི་པ་འབྲིང་གི་གཉིས་པ་ལ་བསྟན་པའི་ཕྱིར་ན། གང་གིས་གསང་བ་འདུས་པའི་རྒྱུད་འདི་ཉན་པ་དང་། །
ཁ་ཏོན་འདོན་དང་ཀློག་པ་དང་ནི་སེམས་པ་དང་། །མཆོད་པ་བྱེད་པ་དང་ནི་འདྲི་བར་བྱེད་དང་འབྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་བཞིན་བརྟག་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། གང་གིས་གསང་བ་འདུས་པའི་རྒྱུད་འདི་རྣ་བའི་དབང་པོ་སྐྱོན་མེད་པས་ཉན་པ་དང་། དཀྱུས་ཀྱི་
ཚིག་དང་དོན་བློ་ལ་བླངས་ནས་ཁ་ཏོན་དུ་འདོན་པ་དང་། དཀྱུས་མ་ནོར་བར་ཀློག་པ་དང་། དོན་ཇི་ཙམ་གོ་བ་ཡིད་ལ་སེམས་པ་དང་། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་བླ་ན་ཡོད་པ་དང་། བླ་ན་མེད་པས་བསྡུས་པས་མཆོད་པ་བྱེད་པ་དང་། བདག་གིས་གླེགས་བམ་ཡི་གེར་འདྲི་བ་
དང་།གཞན་དག་ལ་ཡང་ཡི་གེར་འདྲིར་འཇུག་པ་དེ་ལ་བྱང་ཆུབ་སེམས་རྡོ་རྗེ་བཞིན་དུ་བརྟགས་ཏེ་ཕྱག་འཚལ་ལོ། །ཞེས་བསྟན་ཏོ། །ད་ནི་ལྔ་པ་ཐ་མའི་དང་པོ་ལ་བསྟོད་པ་བསྟན་པའི་ཕྱིར་ན། གང་འདི་ཁ་ཏོན་འདོན་ན་མངོན་པར་བརྩོན་དང་སྒྲུབ་དབང་དེ། །ཞི་བའི་ལས་ལ་སོགས་པ་
འབྱུང་བ་ཤིན་ཏུ་བརྟགས་པ་དང་། །སྔགས་ལས་བྱུང་བའི་ཐབས་ཀྱིས་དེ་བཞིན་ཕྱག་རྒྱ་བཏབ་པ་ལ། །བྱང་ཆུབ་བཞིན་བརྟག་དེ་དག་རྟག་ཏུ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། རྣལ་འབྱོར་པ་གང་ཡང་རུང་བ་གང་ཞིག་གིས་ཞི་བའི་ལས་དང་། སོགས་ཀྱི་སྒྲས་རྒྱས་པ་དང་དབང་
དང་དྲག་པོ་དང་། ཕྲན་ཚེགས་ཡན་ལག་བསྡུས་ཏེ་རྒྱུད་འདི་ལས་བྱུང་བ་བཞིན་དུ་ལེགས་པར་བལྟས་ཤིང་བརྟགས་ཏེ། ཡིད་ཆེས་པར་བྱས་ནས་བདག་དང་གཞན་ལ་ཕན་པར་བསམ་པ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་སྲུང་བའི་ཆོ་ག་
སྔགས་ལས་འབྱུང་བའི་ཐབས་ཀྱིས་ཇི་ལྟར་འབྱུང་བ་དེ་བཞིན་དུ་བདག་གཞན་ལ་ཕན་པར་གྱིས་རྒྱུད་ལ་རྒྱས་བཏབ་པའམ། གཉིས་སུ་ན་དེ་ལྟ་བུའི་ཆོ་གའི་ཐབས་ཀྱི་བདག་ཉིད་ཀྱི་རྒྱུད་ལ་རྟག་པར་རྒྱས་བཏབ་པ་དེ་ལ་ཡང་བྱང་ཆུབ་སེམས་རྡོ་རྗེ་བཞིན་དུ་བལྟ་ཞིང་བརྟགས་ཏེ། དེ་ལ་ཕྱག་
เล่ม ๓๘ · หน้า 160a
འཚལ་ལོ་ཞེས་བསྟན་ཏོ། །ད་ནི་དྲུག་པ་ཐ་མ་གཉིས་པ་ལ་བསྟོད་པ་བསྟན་པའི་ཕྱིར་ན། གང་གིས་རྟག་ཏུ་ལྟ་བར་བྱེད་དང་རིག་དང་དྲན་བྱེད་དང་། །མངའ་བདག་སྒྲུབ་པ་པོ་ཡི་མིང་ཙམ་ཐོས་ནས་ཀྱང་། །ཀུན་དུ་འཛིན་པར་བྱེད་དང་ཕྱོགས་འགའ་ཙམ་ཡང་ཀློག་བྱེད་
པ། །བྱང་ཆུབ་རྡོ་རྗེ་བཞིན་བརྟག་དེ་དག་རྟག་ཏུ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། རྣལ་འབྱོར་པ་གང་ཡང་རུང་བ་གང་ཞིག་གིས་རྒྱུད་འདི་ལ་མིག་གིས་ལྟ་བར་བྱེད་པ་དང་། ལག་པས་གླེགས་བམ་ལ་རེག་པར་བྱེད་པ་དང་། རྒྱུད་སྟོན་པའི་མངའ་བདག་བྱང་ཆུབ་སེམས་རྡོ་རྗེའམ་
དཀྱིལ་འཁོར་དང་། སྒྲུབ་ཐབས་ཀྱི་མངའ་བདག་རྣལ་འབྱོར་སྒྲུབ་པ་པོའི་མིང་ཙམ་ཐོས་སམ། ཐོས་ནས་ཀྱང་རྟག་པར་དུས་ཀུན་དུ་མི་བརྗེད་པར་ཡིད་ལ་འཛིན་པར་བྱེད་པའམ། གཉིས་སུ་ན་མངའ་བདག་སྒྲུབ་པ་པོའི་ཞལ་ནས་རྒྱུད་འདིའམ་གང་སྒྲུབ་པར་འདོད་པའི་ལྷའི་མིང་ཙམ་
ཐོས་པའམ་ཐོས་ནས་ཀྱང་འཛིན་པར་བྱེད་པ་དང་། རྒྱུད་འདིའི་དོན་ཚང་བར་ཀློག་མ་ནུས་ན་ཡང་ཕྱོགས་འགའ་ཙམ་ཡང་ཀློག་པ་ཡོད་ན་དེ་ལ་ཡང་བྱང་ཆུབ་སེམས་རྡོ་རྗེ་དང་འདྲ་བར་བལྟ་ཞིང་བརྟགས་ཏེ། དེ་དག་ལ་རྟག་ཏུ་ཕྱག་འཚལ་ལོ། །ཞེས་བསྟན་ཏོ། །ད་ནི་དེ་ལྟར་བསྟོད་པ་
དེའི་ཡོན་ཏན་བསྟན་པའི་ཕྱིར་ན། བསྟོད་ཚིག་བཞི་པ་འདི་ཡིས་ནི། །འདྲེན་པ་པོ་ཀུན་བསྟོད་པ་ཡིས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མགོན་པོ་དེ་དག་ཡི་རང་ངོ་། །ཞེས་གསུངས་ཏེ། དེ་ལྟར་བསྟོད་པའི་ཚིག་འདི་རྣམས་ནི་འགལ་བར་འགྱུར་བའི་ཉེས་པའི་སྐྱོན་
ཉེ་བར་ཞི་བ་ཡིན་ཏེ། དེས་འཁོར་བ་དང་ངན་སོང་ནས་འགྲོ་བ་ཐམས་ཅད་འདྲེན་པར་བྱེད་པ་པོ་རྒྱུད་འཆད་པའི་སྟོན་པ་དང་། དེའི་ཡུལ་གྱི་ལུས་ཀྱི་སྤྱོད་ཡུལ་དབང་པོ་དང་རྣམ་པར་ཤེས་པ་དང་ཡུལ་ལ་སོགས་པའི་དཀྱིལ་འཁོར་གསུམ་གྱི་ལྷར་སྣང་བའི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ལ་སོགས་པ་དང་། རྒྱུད་སྒྲུབ་ཅིང་དང་དུ་ལེན་པའི་གང་ཟག་སྒྲུབ་པ་པོ་རྣམས་ལ་བསྟོད་པ་དེས་ནི་རྒྱུ་ཕ་རོལ་ཏུ་ཕྱིན་པ་ལས་འབྲས་བུ་ཡེ་ཤེས་ལས་སྐྱེས་པ་དང་། གསང་བ་ཆེན་པོའི་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་མགོན་པོ་བསྟོད་པའི་
เล่ม ๓๘ · หน้า 160b
གནས་སུ་གྱུར་པ་དེ་དག་མཉེས་ཤིང་དགྱེས་ཏེ་ཡི་རང་ལ་འཁོར་དུ་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཇི་སྙེད་པ་ཐམས་ཅད་ནི་རྗེས་སུ་ཡི་རང་བར་གྱུར་ཏོ། །རྒོལ་བ་མ་ན་རེ། ལྷ་དང་སྒྲུབ་པ་པོ་ལ་བསྟོད་པར་བྱེད་ཀྱི་རྒྱུད་ཉིད་ལ་བསྟོད་པ་མི་བྱེད་པ་ཅིའི་
ཕྱིར་ཞེ་ན། སྨྲས་པ། རྒྱུད་ཀྱིས་ཀྱང་ལྷ་མཚོན་པར་བྱེད་པ་ལ་ལྷའི་དཀྱིལ་འཁོར་རང་བཞིན་ཉིད་ཀྱི་རྣམ་པར་སྣང་བས་གཅིག་གི་རང་བཞིན་དུ་གཅིག་དབྱེར་མེད་པར་གནས་པའི་ཕྱིར་ན་ལྷ་ལ་བསྟོད་པ་ཉིད་ཀྱིས་རྒྱུད་ལ་བསྟོད་པ་ཡིན་པར་འགྱུར་ལ་གཉིས་སུ་ན་རྒྱུད་བསྒྲུབ་ཅིང་
དང་དུ་ལེན་པའི་སྒྲུབ་པ་པོ་རྣམས་ལ་བསྟོད་པ་ཉིད་རྒྱུད་ཀྱི་ཡོན་ཏན་བརྗོད་ཅིང་བསྟོད་པ་ཡིན་ནོ། །གསུམ་དུ་ན། ལེགས་པར་གསུངས་པའི་རྒྱུད་འདི་ནི། །ཐབས་དང་རྒྱུད་ཀྱི་བདག་པོ་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །གསང་བ་འདུས་པ་ལས་བྱུང་ངོ་། །ཞེས་
གསུངས་པ་ཉིད་ཀྱང་རྒྱུད་ཀྱི་དོན་ལ་བསྟོད་པ་ཡིན་པར་གཟུང་སྟེ། དེ་བཞིན་གཤེགས་པས་དཔལ་གྱི་མགུར་ནས་ལེགས་པར་གསུངས་པའི་གསང་བ་འདུས་པའི་རྒྱུད་འདི་ནི་རྒྱུད་ཐམས་ཅད་ཀྱི་བདག་པོའམ་རྒྱལ་པོ་ལྟ་བུ་བས་མཆོག་ཏུ་གྱུར་པའོ། །ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་དུས་
གསུམ་གྱི་དེ་བཞིན་གཤེགས་པ་མ་ལུས་པ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཐམས་ཅད་ཀྱང་གསང་བ་འདུས་པའི་རྒྱུད་འདི་ལས་འབྱུང་ཞིང་འཐོན་པ་ཡིན་པའི་ཕྱིར་ན་བདག་པོ་དང་མཆོག་ཅེས་བྱའོ། །དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ཏིལ་
གྱི་གང་བུ་ལྟ་བུས་ནམ་མཁའི་ཁམས་ཡོངས་སུ་གང་བར་གྱུར་ཏེ། བཞུགས་པ་དེ་དག་ཐམས་ཅད་དང་དམ་ཚིག་རྡོ་རྗེ་དང་བྱམས་པ་ལ་སོགས་པ་འཁོར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་
ཕྲ་མོ་དང་མཉམ་པ་དེ་དག་བསྟོད་པའི་ཚིག་འདི་སྐད་དུ་གསུངས་ནས་རང་རང་གི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལ་ཞུགས་ཏེ། དེ་ཡང་རྒྱུད་འཆད་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་གསུང་ཐུགས་ལ་བྱམས་པའི་ཕྱིར་དེ་དག་སོ་སོ་ནས་ཉིད་ཀྱི་སྐུ་གསུང་ཐུགས་ལ་དམིགས་
เล่ม ๓๘ · หน้า 161a
ཏེ་དབྱེར་མེད་པར་བྱས་ནས་མཉམ་པ་ཉིད་དུ་གྱུར་ཏེ་ཅི་ཡང་མི་སྨྲ་བར་གྱུར་ཏོ། །གསང་བ་ཐམས་ཅད་སྟོན་པ་རྡོ་རྗེའི་བྱིན་གྱིས་རླབས་ཞེས་བྱ་བའི་ལེའུ་བཅོ་བརྒྱད་པའོ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་ལ་སོགས་པ་རང་བཞིན་དང་གབ་པ་དང་སྦས་པ་དང་མི་
བསྟན་པའི་སྒོ་ནས་མི་རྟོགས་པ་དང་མི་ཤེས་པ་ཐམས་ཅད་ལ་བྱ་མོད་ཀྱི་གནས་སྐབས་འདིར་ནི་ཞུས་ཚིག་ལྔ་བཅུ་རྩ་དྲུག་པོ་ཐམས་ཅད་མ་ནོར་བར་སྟོན་པ་ཁོ་ན་ལ་བྱ་སྟེ། དེ་ཡང་རྡོ་རྗེ་ལྟ་བུ་དང་དེ་མངའ་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་ཉིད་དེ་ལྟར་སྣང་བ་ཡིན་པས་
རྡོ་རྗེའི་བྱིན་གྱིས་རླབས་ཞེས་བྱའོ། །ལེའུ་བཅོ་བརྒྱད་པ་ཞེས་བྱ་བ་ནི་མཐར་ཕྱིན་པའི་ཐ་ཚིག་གོ། །སྐལ་བ་ཞེས་བྱ་བ་ནི་སྒྲས་རྟོག་པ་ཞེས་ཟེར་ཏེ། རྒྱུད་དང་ལེའུ་གཉི་ག་ལ་འགྲོ་བ་ལས་འདིར་བརྗོད་པའི་རྒྱུད་ཀྱི་དོན་ལ་ཤེས་པར་བྱ་སྟེ། འདི་ནི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པས་
ན་རྟོག་པའི་རྒྱལ་པོ་ཞེས་བྱའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ཞེས་བྱ་བའི་ལེའུ་བཅོ་བརྒྱད་པའི་ཕྱེད་ཀྱི་ཚིག་དང་དོན་རྒྱ་ཆེར་འགྲེལ་ཅིང་རྣམ་པར་བཤད་པ་མན་ངག་གི་རྒྱ་མཚོ་ཐིགས་པ་འཐོར་བས་ཀྱང་གཞན་དགའ་བ་དང་སྐྲག་པ་སྐྱེད་པར་བྱེད་པ་ཞེས་བྱ་བ། སློབ་
དཔོན་བི་ཤྭ་ན་མི་ཏྲས་མཛད་པ་རྫོགས་སོ།། །།ཆོས་ཉིད་ཇི་བཞིན་ངང་ལས་ཕྱག་རྒྱར་སྒོམ་བྱེད་གཉེར་ཡིན་ན། །གཞན་ལ་ཕན་པ་བསྒྲུབ་ཤེས་དང་ལྡན་སློབ་མས་ཞུས་ཆེད་དུ། །བདག་དང་སློབ་དཔོན་གྲོགས་བློས་རྒྱུད་འགྲེལ་སྒྲུབ་ཐབས་མན་ངག་བཅུད། །བསྡུས་ནས་གསང་འདུས་ཚིག་
དོན་རྒྱས་འགྲེལ་རྣམ་བཤད་ཆེན་པོ་བགྱིས། །རྒྱུད་དོན་གཏིང་ཕྱུང་དཀྱུས་གཏུགས་གཤེགས་གསིལ་སྒོར་མཚམས་འཕེལ་སྡུད་སྦྱར། །ཕྱི་ནང་གསང་བ་མཐུན་པ་ཆ་འཕྲུགས་སྦས་ཕྱུང་རྒོལ་བ་བཅོམ། །རྒྱུ་འབྲས་ལྟ་སྤྱོད་ཟུང་འབྲེལ་སྒྲུབ་བྱེད་ལམ་གྱུར་གོལ་ས་སྤངས། །དོན་འཚོལ་འབྲས་བུ་ཐོབ་འདོད་
རྣམས་ཀྱི་གསལ་བྱེད་སྒྲོན་མ་བས། །ལམ་འདིར་འཇུག་མོས་རྣམས་ལ་དགོས་ཆེད་སྐྱོན་མེད་འཐད་བསམ་ཡང་། །དུས་མཐར་འགྱུར་བློས་མ་རྟོགས་སྒྲོ་སྐུར་དཀྱིལ་འཁོར་གསུམ་ལ་བཤགས། །བདག་གིས་འབད་རྩོལ་བསྐྱེད་པའི་ནུས་མཐུས་སེམས་ཅན་མ་ལུས་ཀུན། །
เล่ม ๓๘ · หน้า 161b
སྐུ་དང་ཡེ་ཤེས་བདག་ཉིད་རྡོ་རྗེ་འཛིན་པ་འགྲུབ་པར་ཤོག།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด