དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་པཉྩི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๙ · หน้า 285a

པ། བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་གསུངས་སོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་ཀྱི་སྐུའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའོ། །མཚན་མིན་ཐམས་ཅད་ཡང་དག་སྤངས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །

སྙན་པའི་ཚིག་དང་བདེན་པར་ལྡན། །དུལ་ཞིང་བརྟན་ལ་བརྩོན་འགྲུས་ཅན། །ཟབ་ཅིང་རྒྱ་ཆེ་དེ་ཉིད་ཤེས། །དད་དང་ཤེས་རབ་གཉིས་ལྡན་གཙང་། །འཇིག་རྟེན་ཆོས་ཀྱི་དྲི་མ་འདས། །སྒྱུ་དང་གཡོ་ནི་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྣལ་འབྱོར་

པ་རྟག་ཏུ་དེའི་རྣལ་འབྱོར་ལ་རྣམ་པར་གནས་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ་འདི་བལྟ་བར་བྱ་སྟེ། དེ་བཞིན་དུ་བརྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སློབ་དཔོན་ཐམས་ཅད་ལ་གུས་པར་བྱ་བ་མདོར་བསྡུས་ནས་གསུངས་པ་ཡིན་ནོ། །གཉིས་སུ་དབྱེར་མེད་ཅེས་བྱ་བ་ལ་རྒྱུའི་དེ་ཁོ་ན་ཉིད་དང་

འབྲས་བུའི་དེ་ཁོ་ན་ཉིད་ལ་བརྟེན་པ་དག་དེ་ཁོ་ན་ཉིད་ཀྱིས་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཐམས་ཅད་གསང་བ་ལས། རྒྱུ་ཉིད་ཇི་ལྟར་མཐོང་བ་ནི། །འབྲས་བུ་ཡང་ནི་དེ་ཉིད་དོ། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཞེས་བྱ་བ་ནི། སྤྱན་ལ་སོགས་པ་སྤྲུལ་

པའི་རང་བཞིན་རྣམས་སམ། བྱིན་གྱིས་བརླབས་པ་དང་། རྗེས་སུ་གཟུང་བའི་མཚན་ཉིད་ལ་སོགས་པ་རྣམས་ཀྱི་ཡང་དག་པར་མཆོད་པའོ། །འགྲོ་ཞིང་ཞེས་བྱ་བ་ནི། གཤེགས་སུ་གསོལ་ནས་འགྲོ་བ་ཞེས་བྱ་བའི་དོན་ཏོ། །ཕ་ཞེས་བྱ་བ་ནི་ཐབས་ཀྱི་རང་བཞིན་ཉིད་ཀྱིས་སོ། །མ་ཞེས་བྱ་

བ་ནི་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱིས་སོ། །འདི་གཉིས་ཀའི་བདག་ཉིད་ཀྱིས་རྡོ་རྗེ་འཛིན་པ་སྟེ། དེ་བཞིན་དུ་ཡང་བཤད་པ། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཡབ་ནི་ཐབས་ལ་མཁས་པ་སྟེ། །རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར། །རིགས་དང་འབྱུང་བར་འགྱུར་བ་ཡིན། །ཞེས་

སོ། །སྟོན་པ་པོ་ཞེས་བྱ་བ་ནི་དྲག་ཤུལ་གྱི་དངོས་གྲུབ་སྟེར་བ་ལ་སོགས་པ་འཛུད་པའམ། ཞི་བ་ལ་སོགས་པའི་ལས་ལ་སྦྱོར་བའོ། །ཅིའི་ཕྱིར་ཡང་འདི་སློབ་དཔོན་ཉིད་དུ་ཐོབ་ཅེས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་རིག་ནས་ཇི་ལྟར་ཐོབ་པ་སྟོན་པ་གསུངས་པ། ཉོན་

เล่ม ๓๙ · หน้า 285b

ཅིག་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་བདག་ཉིད་ལ་སེམས་དཔའ་འདི་ལ་ཡོད་པས། བྱང་ཆུབ་སེམས་དཔའ་སྟེ། རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཀུན་དུ་འབྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་སྟེ་མི་ཕྱེད་པས། གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་གྱི་

དཀྱིལ་འཁོར་བྱ་བ་ནི། བསམ་གཏན་གྱི་དཀྱིལ་འཁོར་རོ། །དེའི་ཕྱིར་སེམས་བརྟན་པའི་རྣལ་འབྱོར་པས་བསམ་གཏན་བྱས་ནས་དཀྱིལ་འཁོར་དུ་གསང་བའི་དབང་ལ་སོགས་པ་བྱིན་པའི་ཕྱིར་ཐོབ་པའོ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཏེ། ནང་གི་

དཀྱིལ་འཁོར་ཟླུམ་པོ་ཀ་བ་བརྒྱད་ཀྱིས་མཛེས་པར་བྱས་པ་ཉིད་དོ། །གང་སྨྲས་པ། བསམ་གཏན་གྱི་དཀྱིལ་འཁོར་གྲུ་བཞི་པ་རིམ་པ་གཅིག་པའི་དཀྱིལ་འཁོར་གྱི་བདག་པོའི་ཁ་དོག་བསྒོམ་པར་བྱ་ཞེས་པ་བསྟན་པའི་ཕྱིར། འདི་གསུངས་པ་ཡིན་ནོ་ཞེས་སོ། །དེ་ནས་གང་གསུངས་

པ། ཀུན་ཏུ་བཟང་པོ་ལས། ཀ་བ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ། །རྣམ་ཐར་བརྒྱད་པོ་རྣམ་པར་དག་པ་ཡིན། །ཞེས་པ་དེ་ཇི་ལྟར་རྟོགས་པར་བྱ་བ་བསམ་པར་བྱའོ། །གདུག་པ་རྣམས་ཀྱི་ཁྲག་དགུག་པའི་དོན་དུ་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་གསུངས་པ། དེ་ནས་ཞེས་

བྱ་བ་ལ་སོགས་པ་ལ། འདིའི་དོན་ཇི་ལྟ་བ་བཞིན་དུ། རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལས། ཡི་གེ་ཧཱུཾ་དང་རྩེ་གསུམ་ལས་བྱུང་བ་ཁ་དོག་སྔོན་པོ་ཞལ་འགྱུར་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་གྱེན་དུ་འཁྱིལ་པ་མི་བསྐྱོད་པས་དབུ་ལ་བརྒྱན་པ། ལྗགས་འདྲིལ་བ། གཡས་ཀྱི་ཕྱག་གིས་

རྩེ་གསུམ་དང་མིའི་རུས་པའི་ཕུར་བུ་འཛིན་པའོ། །གཡོན་གྱི་ཕྱག་ན་རྡོ་རྗེ་འབར་བ་དང་བཅས་པའི་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། རྒྱུ་མའི་ཕྲེང་བས་བརྒྱན་པ་གཡོན་བརྐྱང་བའི་ཚུལ་དུ་བཞུགས་པས་དུར་ཁྲོད་ཀྱི་སའམ་ཉི་མའི་གདན་ལ་རྡོ་རྗེ་མཁའ་འགྲོ་མའི་གཟུགས་སུ་བདག་ཉིད་བསྐྱེད་ནས་

ནམ་མཁའ་ལ་ཡི་གེ་ཁཾ་གིས་སྒྱུ་མའི་སེམས་ཅན་རྣམས་ལ་རུས་པ་དང་ཤ་ལ་སོགས་པ་ལས་ཕྱི་རོལ་དུ་གྱུར་པ། ན་རི་ཀེ་ལ་བཞིན་དུ་ཁྲག་གིས་ཡོངས་སུ་བཀང་བ་སྤྲུལ་ཏེ། དེའི་སྙིང་གར་རྩེ་གསུམ་གྱིས་ཕུག་ལ་དེ་ནས་རང་གི་ལྕེ་ལ་ཡི་གེ་ཧྲིཿདམར་པོ་འོད་ཟེར་ལྔ་དང་བཅས་པ་བསྒོམས་ནས་དེའི་

เล่ม ๓๙ · หน้า 286a

འོད་ཟེར་རྣམས་སྦུ་གུའི་རྣམ་པ་ལྟ་བུས་བསྒྲུབ་བྱའི་སྙིང་གར་གཞུག་པར་བསྒོམ་མོ། །དེ་ནས་སྦུ་གུ་དེའི་ནང་ན་ཚུར་ལ་ཁྲག་གི་རྒྱུན་འདྲེན་པར་སེམས་མཉམ་པར་གཞག་པས་སྔགས་ཟློས་ཤིང་། རང་གི་ཁ་གང་བར་བསམ་པར་བྱའོ། །དེ་བཞིན་དུ་བསྒོམ་ཞིང་བཟླས་པས་

མཚན་མ་བྱུང་ནས་ཡང་འབུམ་བཟླས་ཏེ་དེས་འགྲུབ་པོ། །སངས་རྒྱས་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣལ་འབྱོར་པ་ཡང་ཏིང་ངེ་འཛིན་འདིས་ཁྲག་དགུག་པ་ལ་སོགས་པའི་གནོད་པ་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྫོགས་པའི་རིམ་པ་སྒོམ་པའི་རྣལ་འབྱོར་པས་ཀྱང་རྟག་ཏུ་དམ་ཚིག་དང་

སྡོམ་པ་ལ་གནས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིས་འདི་སྐད་དུ་གསུངས་ཏེ། རྣལ་འབྱོར་པ་རྣམས་ནི་བཟའ་བ་ལ་ཆགས་པར་མི་བྱ་བའོ། །ཆགས་པ་དང་བྲལ་བར་ཡང་མི་བྱ་ལ་ཐམས་ཅད་རང་བཞིན་མཉམ་པ་ཉིད་ཀྱི་རོས་མཉམ་

པར་བྱས་ཏེ། ཆོ་ག་བཞིན་དུ་ཉེ་བར་ལོངས་སྤྱད་པར་བྱའོ། །མཆོད་པའི་ཡོ་བྱད་མཆོག་ལྔའི་ཞེས་བྱ་བ་ནི་བརྩོན་འགྲུས་ལྔ་ལ་སོགས་པ་རྣམས་ཀྱིས་ཆོ་ག་བཞིན་དུ་ཐམས་ཅད་མཆོད་པར་བྱའོ། །ཕྱི་རོལ་གྱི་བུད་མེད་རང་སྣང་བར་བྱས་ནས་སྙོམས་པར་ཞུགས་ཏེ། བསྟེན་པ་རང་གི་བྱང་ཆུབ་

སེམས་ཀྱི་ཐིག་ལེ་ལས་བྱུང་བ་དེ་བཞིན་གཤེགས་པའི་ཚོགས་ལྷ་མོའི་པདྨའི་ནང་དུ་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིར་ཇི་ལྟ་བ་བཞིན་དུ་གསལ་བར་བྱས་ཏེ། རང་གི་ཁས་རོ་མྱངས་ནས། རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་མཉེས་པར་བྱའོ། །སེམས་ཅན་ཁམས་རྣམས་མཐའ་

ཡས་ཀྱི། །དམ་ཚིག་འཛིན་པའི་མ་རྣམས་ལ། །ཞེས་བྱ་བའི་དོན་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དམ་ཚིག་འཛིན་པ་ཞེས་བྱ་བ་ནི་རང་སྣང་བ་བཞིན་དུ་བསྐྱེད་པའི་ལྷའི་སྦྱོར་བས་སམ། ཡང་ན་མཆོག་ཏུ་དམ་ཚིག་དང་སྡོམ་པ་བསྐྱང་བར་ལྷུར་བྱེད་པའོ། །སྤྱད་ཅེས་བྱ་བ་ནི་རང་གི་

རིག་མར་མོས་པས་སྙོམས་པར་ཞུགས་པས་ཚིམ་པར་བྱ་བའོ། །ལུས་དང་ངག་སེམས་ལོངས་སྤྱོད་ཀྱི། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ། །གསང་བ་གསུམ་གནས་རྡོ་རྗེ་སྐྱེས། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་མཆོག་ཏུ་ཟག་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ནོ། །

เล่ม ๓๙ · หน้า 286b

བསྒྲུབ་པར་བྱ་ཞེས་བྱ་བ་ནི་བདག་རྫོགས་པར་བྱ་བའོ། །བཟང་པོ་ཞེས་བྱ་བ་ནི་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་དགེ་བ་ཐམས་ཅད་སྐྱེད་པར་བྱེད་པའོ། །འདིར་ནི་ཡོང་ཡེ་འཇིག་མི་འགྱུར། །ཞེས་བྱ་བ་ནི་འདིར་ཐམས་ཅད་དུ་འགལ་བར་གྲགས་པའི་ལས་སྤྱོད་པ་ཡང་སེམས་ཅན་རྣམས་

ལ་ཕན་པའི་དོན་དུ་འཇུག་སྟེ། གང་གི་རྣམ་པས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིག་པ་སྟེ། ཟད་པར་འགྱུར་བ་བདག་ལ་མེད་པ་སྟེ། ལྷག་པའི་བསམ་པ་བསྐྱེད་ནས་དེ་གཞན་ལ་ཕན་པ་བསྐྱེད་པའི་དོན་དུ་ལྷའི་སྦྱོར་བ་སྔོན་དུ་སོང་བས་ཐམས་ཅད་དུ་རྩོལ་བ་ལ་འཇུག་པར་བྱའོ་ཞེས་སྟོན་ཏོ། །

བསམ་པ་ཞེས་བྱ་བའི་ཚིག་ལ་ནི་འདིའི་དོན་ནི་རྟོགས་པར་སླ་བ་ཉིད་དོ། །བསྒོམས་པས་སྐྱོ་ན་སྐྱོ་བ་བསལ་བའི་དོན་དུ་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། བསྒོམ་པ་ལ་སོགས་པས་སྐྱོ་བའི་རྣལ་འབྱོར་པས། རང་གི་མགོ་བོར་མཐོ་གང་ཙམ་

སྤགས་པས་བདུད་རྩི་ལྔ་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་སྟེ། དེ་ལ་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་གྱིས་མར་སར་བཞིན་དུ་ཁུ་བར་བྱས་ནས་བལྟས་ཏེ། དེ་ནས་གངས་བཞིན་དུ་བསིལ་བའི་བདུད་རྩིའི་རྒྱུན་གྱིས་མཚོག་མར་འབབ་པ་ནས་རྩ་མ་ལུས་པ་ནས་སྐུ་རྡོ་རྗེ་ལ་སོགས་པའི་ལུས་

ཐམས་ཅད་ཆོ་ག་བཞིན་དུ་ཚིམ་པར་བྱའོ། །མཆོད་རྟེན་བརྩིག་པ་ལས་མི་བྱ། །ཞེས་བྱ་བ་ནི་འདིའི་དོན་ནི་རྒྱུན་མི་འཆད་པར་སྒོམ་པར་འདོད་པའི་རྣལ་འབྱོར་པ་རང་གི་ལྷ་རྫོགས་པ་ཉིད་ནི་མཆོད་རྟེན་ཆེན་པོའི་ལས་སོ། །བཟླས་པ་དོན་དུ་གཉེར་བ་དང་། སྔགས་བརྗོད་པ་ཉིད་ནི་གླེགས་བམ་

ཀློག་པའོ། །ཕྱོགས་བཅུར་ཁྱབ་པ་སྤྲོས་པ་ལ་སོགས་པ་དང་ལྡན་པའི་དཀྱིལ་འཁོར་བསྒོམ་པ་ཉིད་དུ་ཤིན་ཏུ་རྒྱས་པའི་དཀྱིལ་འཁོར་ཏེ། གཞན་ཕྱིའི་སེམས་གཡེང་བའི་རྒྱུས་ཅི་ཞིག་བྱ། བསོད་ནམས་ཆུང་ངུ་བསགས་པའི་རྒྱུས་རྣལ་འབྱོར་པས་མཆོད་རྟེན་བརྩིག་པ་ལ་སོགས་པའི་ལས་

མི་བྱའོ། །གང་ཡང་རེས་འགའ་སྒོམ་པའི་སྦྱོར་བས་མངོན་པའི་ང་རྒྱལ་གྱིས་གནས་པ་དེ་རྣམས་ནི་བཀག་པ་མ་ཡིན་ཏེ། བསོད་ནམས་བསགས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་ན། གླེགས་བམ་བཀླག་པར་མི་བྱའོ། །ཞེས་བྱ་བ་ནི་དོན་ལ་མི་ལྟོས་པར་ཀློག་པ་ཙམ་བཀག་པ་ཡིན་ནོ། །

เล่ม ๓๙ · หน้า 287a

དེ་ཡང་། སྐུ་ཡིས་འདིར་ནི་བཀླག་པར་བྱ། །ངག་གིས་བཀླགས་པས་ཇི་ལྟར་འགྱུར། །སྨན་དཔྱད་ཀློག་པ་ཙམ་གྱིས་ནི། །ནད་པ་ལ་ནི་ཇི་ལྟར་ཕན། །ཞེས་གསུངས་སོ། །སེམས་ལས་བྱུང་བ་ཞེས་བྱ་བའི་ཚིག་གཞན་ལ་ནི་འདིའི་དོན་སེམས་ལས་སྐྱེ་བས་

སེམས་ལས་བྱུང་བ་སྟེ། ཚོར་བ་དང་སེམས་པ་དང་། འདུ་ཤེས་དང་། འདུན་པ་དང་། རེག་པ་ལ་སོགས་པ་སྟེ། དེ་རྣམས་མི་བྱའོ། །སེམས་གཡེང་བ་རྣམ་པར་རྟོག་པའི་གོ་སྐབས་མི་སྦྱིན་པ་ཞེས་པའི་དོན་ཏོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་ཐ་མལ་པའི་འགྲོ་བ་

རྣམས་བཞིན་དུ་ཕྱག་མི་བྱའོ། །ཐམས་ཅད་དུ་མི་བྱ་བ་ནི་མ་ཡིན་ཏེ། ཕྱག་གི་ཆོ་ག་སྔར་བཤད་པ་ཉིད་ཀྱི་ཕྱིར་རོ། །གདུལ་བྱའི་སྐྱེ་བོའི་དབང་གིས་དུག་ཉེ་བར་ལོངས་སྤྱོད་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྷྲཱུཾ་འཁོར་ལོའི་དབུས་སུ་ཆུད་པར་བཞག་ཅེས་བྱ་བ་ནི་

གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པའི་སྦྱོར་བ་དང་ལྡན་པས་རང་གི་ལག་པ་གཡོན་པ་ལས་ཡི་གེ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་དུག་གི་དུམ་བུ་གཞག་པར་བྱའོ། །ལ་ལ་ནི་ཡི་གེ་ཐའི་དབྱིབས་ལྟ་བུ་འཁོར་ལོའི་ལྟེ་བ་ལ་ཞེས་ལ་ལ་དག་འདོད་དོ། །དེ་ནས་

དེ་ལ་འོད་ཟེར་དཀར་པོ་དང་བཅས་པའི་ཡི་གེ་གསུམ་དགོད་དེ། དེ་ནས་དེ་དཀར་པོར་བྱས་ནས། བདུད་རྩི་ལྟ་བུར་བསམས་ཏེ། སྲིན་ལག་གི་རྩེ་མོར་རེག་སྟེ། སོའི་རྒྱལ་པོ་གཉིས་ཀྱིས་དང་པོ་བཟུང་ནས་རང་གི་ལྷ་དཀར་པོའི་གཟུགས་ཀྱིས་མི་འཇིགས་པའི་སྦྱོར་བས་བཟའ་སྟེ། དུག་མེད་

པར་འགྱུར་རོ། །མུ་སྟེགས་ལ་སོགས་པ་དུག་ཟ་བ་རྣམས་ང་རྒྱལ་བཅག་པའི་ཕྱིར་དེ་བཞིན་དུ་ཁ་དོག་སེར་པོ་འབར་བ་དང་བཅས་པས་རེངས་པར་འགྱུར་རོ། །དུག་ཆེན་པོར་བྱེད་པ་ནི་ཁ་དོག་ནག་པོ་འོད་ཟེར་གྱི་ཧ་ལ་ཧ་ལའི་དུག་ཆེན་པོ་དེར་གཞུག་པར་བྱའོ། །དེ་བཞིན་དུ་ཤིན་ཏུ་མཐུ་དང་

བཅས་པས་ལྕི་བར་འགྱུར་རོ། །བསྐུལ་ན་ཤིན་ཏུ་མེ་འབར་བ་དང་འདྲ་བར་བསམ་པར་བྱའོ། །དེ་བཞིན་དུ་བསྒྲུབ་བྱའི་ལུས་ལ་གནས་པའི་དུག་དབྱུང་བ་ཡང་ཆོ་ག་བཞིན་དུ་བྱའོ། །ད་ནི་རྣམ་པར་གཡེང་བའི་གནས་སྐབས་སུ་རང་དང་གཞན་བསྲུང་བའི་དོན་དུ་བྲིས་པ་དང་བསྒོམ་པའི་ཕྱིར་

เล่ม ๓๙ · หน้า 287b

ཟློག་པའི་འཁོར་ལོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་ཡང་བླ་མའི་མན་ངག་ལས་ཆོ་ག་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་མིག་སྨན་གྱི་དངོས་གྲུབ་བཤད་པར་འདོད་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཞི་གནས་ཞེས་བྱ་བ་ནི་དུར་ཁྲོད་དོ། །ཡང་ན་ལྷ་ཆེན་པོའི་

གནས་སོ། །ཐོད་པར་དབབ་པར་བྱ་ཞེས་བྱ་བ་ལ། འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་བདུད་རྩི་འཁྱིལ་པའི་སྦྱོར་བའི་བཟླས་པ་བྱས་ནས། མཚན་མ་བྱུང་ནས་ཨོཾ་ཧུ་ལུ་ཧུ་ལུ་ཞེས་བྱ་བ་ལ་སོགས་པའི་སྔགས་འབུམ་བཟླས་ནས། ལམ་གྱི་བཞི་མདོ་ལ་སོགས་པ་ཐོད་པ་དང་། ལག་པ་དང་།

རྐང་པ་ལ་སྔགས་པ་འདུག་ནས་ཐོད་པ་གསུམ་གྱི་སྒྱེད་པོ་བྱས་ཏེ། ཚིལ་ཆེན་གྱིས་གང་བའི་ཐོད་པའི་ཕྲུ་བ་ཅིག་བཞག་ལ་དེ་ལ་ཨརྐའི་བལ་ལ་པདྨའི་སྐུད་པས་དཀྲིས་པའི་སྡོང་བུས་བཤང་བ་ལ་སོགས་པ་དང་བཅས་པ་དུར་ཁྲོད་ཀྱི་མེས་སྦར་ལ་མར་གྱི་ངོའི་ཚེས་བཅུ་བཞི་ལ་བདུད་རྩི་འཁྱིལ་པའི་

སྦྱོར་བ་བྱས་ནས་ཨོཾ་ཧུ་ལུ་ཧུ་ལུ་ཞེས་སོགས་པའི་སྔགས་བཟླས་ནས་ཐོད་པ་ལ་མིག་སྨན་དབབ་པར་བྱའོ། །དེ་ནས་མིག་སྨན་ཐོད་པ་ལ་གནས་པའི་སྟེང་དུ་ལག་པས་མནན་ཏེ། སྔགས་བརྒྱ་རྩ་བརྒྱད་ཟློས་ཤིང་དེ་ལས་འབར་བ་ལ་སོགས་པའི་དངོས་གྲུབ་གསུམ་དུ་འགྱུར་ཏེ། འབར་བས་ནི་འདོད་

པའི་ཁམས་སུ་རིག་པ་འཛིན་པའི་བདག་པོར་འགྱུར་རོ། །དུ་བས་ནི་མི་སྣང་བའི་བདག་པོར་འགྱུར་རོ། །དྲོ་བས་ནི་རིང་པོ་ན་གནས་པའི་སའི་གཏེར་མཐོང་བ་དང་། རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །མཚན་མ་མ་བྱུང་བས་ཀྱང་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་རོ། །

ད་ནི་ཆེ་བའི་བདག་ཉིད་བཤད་པས། རྒྱུད་ཡང་དག་པར་རྫོགས་པའི་ཐུན་མོང་མ་ཡིན་པའི་རྒྱུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསང་བ་ཞེས་པའི་རིགས་གསུམ་སྟེ། གསང་བ་ཞེས་བྱ་རིགས་གསུམ་མོ། །ཞེས་བྱ་བའི་ཚིག་ལས་སོ། །དེ་ཉིད་ཆོས་ཀྱི་དབྱིངས་དེའི་བདག་ཉིད་

ཀྱིས་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་མི་འགྱུར་བའི་གནས་སོ། །ཡི་གེའི་ཚིག་ནི་དེ་རྣམས་དུ་དང་ལྡན་པ་ཞེས་བྱ་བ་ནི་འདིའི་འདྲི་བའོ། །ཡི་གེ་གསུམ་ཞེས་བྱ་བ་ནི་ལན་ནོ། །གང་ཞིག་ལགས་ཞེས་བྱ་བ་ནི་དྲིས་པའོ། །ལན་གསུངས་པ་སྐུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་

เล่ม ๓๙ · หน้า 288a

པ་ཐམས་ཅད་དང་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་གསུམ་གྱི་བདག་ཉིད་དུ་འདུས་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །དེ་བཞིན་གཤེགས་པ་བྱུང་བ་ཡང་དེ་ལྟ་བུར་གྱུར་པའི་ཆོས་སྟོན་པ་རྙེད་པར་དཀའ་བ་ཉིད་དུ་གསུངས་པ། དེ་

ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ངས་མ་གསུངས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཐ་མི་དད་པའི་ཆོས་ཀྱི་སྐུ་ཉིད་ཀྱིས་མར་མེ་མཛད་པ་ལ་སོགས་པ་རྣམས་སུ་ང་རྒྱལ་བྱས་ནས་སོ། །དེ་ཡང་ཆོས་མངོན་པ་ལས། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་

བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །ཅེས་གསུངས་པ་ནི་གྲུབ་པའི་མཐའོ། །ཅིའི་ཕྱིར་དེ་རྣམས་ཀྱིས་མ་གསུངས་ཤེ་ན། སྐལ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཆེན་པོས་གདུལ་བྱའི་འགྲོ་བ་མེད་པའི་ཕྱིར་རོ། །འབད་པ་ནི་

བསམ་པ་ཕུན་སུམ་ཚོགས་པའོ། །རྩོལ་ཀྱང་ཞེས་བྱ་བ་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །བྱང་ཆུབ་ཐོབ་པར་མི་འགྱུར་བ་ཞེས་བྱ་བ་ནི་ཐབས་མེད་པར་གྱུར་པ་ཉིད་ཀྱི་ཕྱིར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་གིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་བྱང་ཆུབ་སེམས་

དཔའི་ཐེག་པ་ཡིན་པའི་ཕྱིར། དེ་ཉིད་ཀྱིས་རིགས་ངེས་པ་ཉིད་ཀྱང་བྱང་ཆུབ་པར་མི་འགྱུར་ཏེ། ས་བཅུ་པའི་དབང་ཕྱུག་ཉིད་ཀྱང་མངོན་པར་བྱང་ཆུབ་པའི་སྒྲུབ་པའི་བརྩོན་འགྲུས་མེད་པར་ཐལ་བར་འགྱུར་རོ། །སངས་རྒྱས་ཞེས་བྱ་བའི་གྲངས་སུ་ནི་འགྲོ་སྟེ། དཀྱིལ་འཁོར་དུ་བཅུག་

པ་ལ་སོགས་པ་ལ། རིགས་ངེས་པར་བྱས་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་། དེ་ཁོ་ན་ཉིད་རྟོགས་པར་གྱུར་ཀྱང་ས་བདུན་པའི་བར་དུ་ཉན་ཐོས་ཀྱི་ཐེག་པར་ལྷུང་བར་སྲིད་པའི་ཕྱིར་སངས་རྒྱས་ཉིད་དུ་མ་བརྗོད་དོ། །སྡུག་བསྔལ་གསུམ་ལ་ཞེས་བྱ་བ་ནི་སྡུག་བསྔལ་བ་

དང་ཡིད་མི་བདེ་བ་དང་། སྨྲེ་སྔགས་འདོན་པའི་རྣམ་པ་རྣམས་ལུས་ལ་སོགས་པའི་སྡུག་བསྔལ་འབྱུང་བར་མ་བྱེད་ཅིག །ཡི་གེ་ནི་ཐུན་མོང་ཞེས་བྱ་བ་ནི་ཐུན་མོང་གི་ཚིག་འདི་ཁྱེད་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེ་བཞིན་དུ་ངེད་ཀྱང་བྱང་ཆུབ་སེམས་དཔའི་གནས་སྐབས་ན་

เล่ม ๓๙ · หน้า 288b

ཡང་མི་ཤེས་པ་ཉིད་དོ། །དེའི་རྒྱུ་གསུངས་པ་གསང་བ་གསུམ་གྱི་ཡི་གེ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་འདིའི་སྐུ་གསུམ་གྱི་བདག་ཉིད་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པའི་གཉེན་པོར་གྱུར་པ་གསལ་བའི་གནས་སྐབས་ན། མཐར་ཡང་

དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟག་ཏུ་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཁྱོད་ཀྱིས་སྡུག་བསྔལ་བྱ་བར་མི་རིགས་སོ། །རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཕྱག་རྒྱ་ཆེན་པོ་རྣམས་བསྒོམས་པ། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་

བྱ་བ་ལེའུ་བཅུ་གཅིག་པ་ལས་གསུངས་པའི་ཁུ་བར་གྱུར་པའི་རྗེས་ལ་དེའི་རྡོ་རྗེ་འཛིན་པ་བཞེངས་པའི་དོན་དུ་ལྷ་མོ་བཞིའི་གླུས་བསྐུལ་བ་ནི་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ནི་རྡོ་རྗེ་ཐུགས་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་

མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་མི་བསྐྱོད་པའི་ཕྱིར་རྡོ་རྗེ་དང་འདྲ་བའི་ཐུགས་ཡོད་པ་དེ་ནི་རྡོ་རྗེའི་ཐུགས་སོ། །ཕན་པ་དང་བདེ་བ་ཉེ་བར་བསྡུ་བའི་མཚན་ཉིད་རྗེས་སུ་བཟུང་བས་འདོད་པའི་ཁམས་ལ་སོགས་པར་གནས་པ་རྣམས་ཤིན་ཏུ་བསྲུང་བ་ཉིད་ཀྱི་ཕྱིར་དབང་ཕྱུག་གོ། །དེས་ན་དེར་གནས་པའི་

སེམས་ཅན་གྱི་ཁམས་ཀྱི་དབང་དུ་བྱས་ཏེ། བདག་ལ་བསྐྱབ་ཏུ་གསོལ་ཞེས་བྱ་བ་ནི་སྟོང་པ་ཉིད་དུ་རོ་གཅིག་པས་བདག་དང་བྲལ་བར་མ་མཛད་ཅིག་པ་སྟེ། བདག་ལ་མ་ལྟོས་པར་སེམས་ཅན་གྱི་དོན་མི་ནུས་ཞེས་བྱ་བའི་དོན་ཏོ། །སྐྱོབ་པའི་ཐབས་གསུངས་པ། དགའ་བའི་ཡིད་འོང་དོན་ཆེན་

འདོད་པས་ཞེས་བྱ་བ་ལ་དགའ་བའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉིད་སྡུད་པར་བྱེད་པའི་དགའ་བའོ། །དེ་ཉིད་ཤིན་ཏུ་བདག་དང་ལྷན་ཅིག་པའི་ངོ་བོ་ཡིད་དུ་འོང་བ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ཆེན་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དགའ་བའི་ཡིད་འོང་ཡང་ཡིན་ལ་

དོན་ཆེན་ཡང་ཡིན་པས་དགའ་བ་ཡིད་འོང་དོན་ཆེན་ནོ། །དེ་ལ་འདོད་པ་ནི་སེམས་ཅན་ཐམས་ཅད་དེའི་གཟུགས་སུ་བསྐྱེད་པར་འདོད་པ་སྟེ་དེའི་རྒྱུ་རྣམས་ཀྱིས་སོ། །བདག་ལ་དགྱེས་པར་ཞེས་བྱ་བ་ནི། དེའི་གཟུགས་སུ་གསལ་བར་མཛོད་ཅིག་པའོ། །སེམས་ཅན་ཡབ་ཆེན་བཞིན་དུ་ནི་

เล่ม ๓๙ · หน้า 289a

སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་སྡུད་པའི་ཕྱིར་ཡབ་ཆེན་ནོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་སྟེར་བའི་ཕྱིར་གཉེན་མཆོག་གོ། །གལ་ཏེ་བདག་དང་བྲལ་བར་མི་འདོད་ན། དེའི་ཚེ། བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་བྱ་བ་དང་

འབྲེལ་ཏོ། །གཞན་དུ་ནམ་མཁའ་དང་མཉམ་པར་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གནས་པས། བྱམས་པ་ཉམས་པར་འགྱུར་རོ་སྙམ་དུ་དགོངས་པའོ། །རྣམ་པར་སྣང་མཛད་ཀྱི་སྒོ་ནས་སྤྱན་ཞེས་བྱ་བས་བསྐུལ་བ་གསུངས་པ། རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ནི་མི་འགྱུར་བའི་ཆོས་ཀྱི་སྐུའི་

ངོ་བོ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་བཀའ་བསྒོ་བའི་ཕྱིར་སེམས་ཅན་མང་པོ་ལ་དགའ་བའི་འཁོར་ལོའི་བཀའོ། །སངས་རྒྱས་ནི་ཤེས་པ་སྟེ། དོན་གྱི་དངོས་པོ་ཐམས་ཅད་ཀྱི་བྱང་ཆུབ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་

དོན་དམ་པར་ཕན་པ་ནི་སངས་རྒྱས་ཉིད་དང་འདྲ་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་བསྟན་པའི་ངང་ཚུལ་འདི་ལ་ཡོད་པས་དོན་དམ་པ་རྗེས་སུ་ཕན་སྟོན་པའོ། །དེའི་ཕྱིར་འདོད་ཆགས་ཀྱི་སེམས་ཅན་རྣམས་ལ་སྡུག་བསྔལ་བསྐྱབ་པར་འདོད་པས་སོ། །འདོད་

ཆགས་དམ་ཚིག་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། བདག་ལ་དགྱེས་པར་ཞེས་པ་དང་འབྲེལ་པའོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ལས་འདས་པའི་དངོས་པོ་མཐའ་དག་སོ་སོར་རྟོགས་པས་ཀུན་རྫོབ་དང་དོན་དམ་པ་སྟོན་པ་ཉིད་ཀྱི་ཕྱིར། །ཁྱོད་ནི་རྡོ་རྗེ་གསུང་ངོ་། །

མཐོ་རིས་དང་ཐར་པའི་ཕུན་སུམ་ཚོགས་པ་ལས་སྐྱེས་པའི་དགའ་བའི་འཇིག་རྟེན་པའི་དགོས་པའི་དོན་ནི་འཇིག་རྟེན་དོན་ཏོ། །དེ་ཉིད་གཞན་ལ་ཕན་པའི་བརྩོན་པས་བྱ་བ་མཉམ་པར་གཞག་པ་ནི་དགོས་པའོ། །དེའི་མཛད་པ་ནི་བསྐྱེད་པའོ། །དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་གང་གི་ཕྱིར་

ཁྱོད་འཇུག་པའོ། །དེ་དགའ་བ་ཆེན་པོའི་རང་བཞིན་དགྱེས་པར་མཛོད་ཅེས་བྱ་བ་ནི། གོས་དཀར་མོའི་བསྐུལ་བའོ། །ཐམས་ཅད་ཀྱི་ཐམས་ཅད་དུ་ཇི་ལྟར་འདོད་པ་ལ་འདོད་པས་ཁྱོད་ནི་རྡོ་རྗེ་འདོད་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་

เล่ม ๓๙ · หน้า 289b

ནི་དམ་ཚིག་གོ། །དེའི་མཐའ་དག་རྫོགས་པར་བྱེད་པས་དམ་ཚིག་མཆོག་གོ། །མཉམ་པ་ཉིད་གཟིགས་པ་ཞེས་བྱ་བ་ནི་གང་གི་ཕྱིར། ཁྱོད་གྲོགས་པོ་དང་གྲོགས་པོ་མ་ཡིན་པ་དང་། དེ་ལས་གཞན་པ་རྣམས་ཀྱི་མཉམ་པ་ཉིད་ནི་དབྱེ་བ་མེད་པས་གཟིགས་པའོ། །གང་གི་ཕྱིར་བུ་གཅིག་

པ་ལ་བྱམས་པས་རྟག་ཏུ་སེམས་ཅན་གྱི་དོན་ལ་འཇུག་ཀྱང་འགའ་ལ་ནི་ཆགས་པ་མེད་དོ། །དེའི་ཕྱིར་བདག་ལ་དགྱེས་པར་མཛོད་ཅེས་སོ། །བཏང་སྙོམས་ཆེན་པོའི་རང་བཞིན་སྒྲོལ་མས་བསྐུལ་བའོ། །ད་ནི་ལེའུ་དང་པོ་ལས་གསུངས་པ། ཚིག་བཞི་པ་དང་འབྲེལ་པ་ལྷ་མོའི་པདྨ་ལ་གནས་པའི་

དཀྱིལ་འཁོར་དུ་སྐལ་བ་དང་ལྡན་པར་བྱ་བའི་དོན་དུ་བཅུག་ནས་སེམས་ཅན་གྱི་ཁམས་ལ་དབང་བསྐུར་བ་བཤད་པར་འདོད་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཐམས་ཅད་གཟུགས་ལ་སོགས་པ་དང་། མི་ཕྱེད་པའི་ངོ་བོ་རང་སྣང་བའི་ཤེས་རབ་སྟེ། དེའི་ཉེ་བར་ལོངས་སྤྱོད་པ་ནི་

ཐབས་དང་ཤེས་རབ་ཀྱི་སྦྱོར་བས་སེམས་ཅན་གྱི་ཁམས་མ་ལུས་པར་ཀུན་དུ་བཟང་པོར་བསྐྱེད་པའོ། །དེ་ཉིད་རྡོ་རྗེ་དང་སངས་རྒྱས་རྣམས་ཀྱི་དཔལ་ལོ། །བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བའི་ཕུན་སུམ་ཚོགས་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་རྡོ་རྗེ་ཡིས་ཞེས་བྱ་

བ་ནི་ཡེ་ཤེས་ལྔའི་བདག་ཉིད་གསང་བའི་རྡོ་རྗེས་སོ། །ཁ་ཅིག་ཏུ་དམ་ཚིག་འཁོར་ལོ་ཞེས་བྱ་བའི་ཚིག་ཡོད་པ་དེ་ལ་ནང་གི་དཀྱིལ་འཁོར་གྱི་འཁོར་ལོས་ཡན་ལག་བཞིའི་ཏིང་ངེ་འཛིན་དང་ལྡན་པས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ནམ་མཁའི་དབྱིངས་ཞེས་བྱ་བ་ནི་ཆོས་འབྱུང་བའི་གཞལ་

ཡས་ཁང་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བས་སེམས་ཅན་རྣམས་ལ་དབང་བསྐུར་བའི་དུས་སུ་གང་བར་གྱུར་ཏོ། །འདི་ཉིད་ཀྱང་ལེའུ་དང་པོ་ལས་གསུངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་

ལས་བྱུང་བ་ཚིག་གིས་བྱིན་གྱིས་བརླབ་པ་ནི་དབང་བསྐུར་བར་བལྟ་བར་བྱའོ། །མཐོང་ཞེས་བྱ་བ་ནི་རྟོགས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཅེས་བྱ་བ་ནི་ཐ་མི་དད་པ་ཉིད་དོ། །སེམས་ཅན་གྱི་དོན་བྱ་བའི་གར་རབ་ཏུ་བསྟན་པའི་མཚན་ཉིད་དོ། །འདོད་ཆགས་ཀྱི་

เล่ม ๓๙ · หน้า 290a

ཡི་གེའི་ཚིག་གིས་ཞེས་བྱ་བ་ལ་འདོད་ཆགས་ནི་ཐུགས་རྗེ་ཆེན་པོའོ། །ཡི་གེ་ནི་ཤེས་རབ་ཡེ་ཤེས་སོ། །རྟོགས་པར་བྱེད་པ་དང་གོ་བར་བྱེད་པས་འདི་རྣམས་ཀྱི་ཚིག་སྟེ། རྣམ་པར་དག་པའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་ངོ་བོ་ནི་འདོད་ཆགས་ཀྱང་ཡིན་ལ་ཚིག་ཀྱང་ཡིན་པས་

འདོད་ཆགས་ཀྱི་ཚིག་ཅེས་བྱའོ། །དེ་རྣམས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་རྟོགས་པ་ཐམས་ཅད་ལས་འདས་པའི་ཡེ་ཤེས་ཐོབ་པ་སྟེ་ངོ་མཚར་བའོ། །འདི་སྐད་གསུངས་པ་ཡིན་ཏེ། དངོས་པོ་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལྷར་བྱས་ནས། དངོས་པོ་ཐམས་ཅད་ཀྱི་

རང་བཞིན་བསྒོམས་པས་སོ། །ཇི་ལྟར་ཞེ་ན། མི་འཇིགས་མངོན་པར་མི་ཤེས་དང་། །བརྗོད་བྱ་མ་ཡིན་རྣམ་བརྟག་མིན། །ཞེས་སོ། །འདི་དག་ནི་ཡེ་ཤེས་ཀྱི་རང་བཞིན་ཏེ། སངས་རྒྱས་བྱང་ཆུབ་ཐོབ་ཅེས་བྱའོ། །ཕུང་པོ་ལ་སོགས་པ་དམིགས་པ། བཀག་པ་ལྷའི་དེ་ཁོ་ན་ཉིད་

སྟོན་ཅིང་ཉེ་བར་བསྡུ་བའི་ཆོ་ག་གསུངས་པ། གཟུགས་ཀྱི་ཕུང་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་དེ་ཁོ་ན་ཉིད་དུ་མ་སྐྱེས་པའི་ཕྱིར་དེའི་རྣམ་པར་དག་པ་འགྲུབ་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་ཡང་མེད་

པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། གང་རྣམས་རྒྱུ་ལས་བྱུང་བ་ནི། །དེ་ནི་དངོས་མེད་གང་ལས་སོ། །ཇི་ལྟར་དེ་ནི་གསལ་མ་ཡིན། །གཟུགས་བརྙན་དང་ནི་འདྲ་བ་ཉིད། །ཅེས་གསུངས་སོ། །འདོད་ཆགས་ལ་སོགས་པ་རྣམས་རྣམ་པར་རྟོག་པ་ཙམ་ལས་བྱུང་བའི་ཕྱིར་

ཡོད་པ་མ་ཡིན་པའི་ཕྱིར་གསུངས་པ། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དབང་པོའི་གྲོང་མ་ཡིན། །དོན་མེད་སེམས་ཀྱང་མ་ཡིན་ཏེ། །བདག་ལ་གནས་མིན་གཞན་ལའང་མིན། །ཡོད་པ་མ་ཡིན་མེད་པ་མིན། །བརྫུན་མིན་བདེན་པའང་མ་ཡིན་ནོ། །

ཞེས་སོ། །དེ་བཞིན་དུ་ཞེ་སྡང་དང་ནི་གཏི་མུག་དང་། །གང་གིས་ཉོན་མོངས་རིགས་རྣམས་ཀྱང་། །ཁམས་གསུམ་འཁོར་ཞིང་འཁོར་བ་ནི། །རྟོག་པའི་དུག་ལས་སྐྱེས་པའོ། །ཞེས་སོ། །ཆོས་མ་ཡིན་པ་ཡང་མ་ཡིན། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་

เล่ม ๓๙ · หน้า 290b

དངོས་པོ་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་ཅེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། སྒོམ་པ་ཉེ་བར་བསྡུ་བའི་དོན་དུ་མཆོད་པ་ལ་སོགས་པ་བྱས་ནས་ཇི་ལྟར་སྟོན་པའི་ལྷའི་འཁོར་ལོ་རང་གི་ལུས་ལ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། ཕུང་པོ་ལ་

སོགས་པ་སྐྱེད་པར་བྱེད་པའི་ཡི་གེས་ཕུང་པོ་ལ་སོགས་པའི་ཡི་གེའི་གཟུགས་སུ་བདག་ཉིད་ཀྱིས་བལྟས་ནས། དེ་ཐམས་ཅད་ཡི་གེ་གསུམ་གྱི་ནང་དུ་གཞུག་སྟེ། དེ་ཡང་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྣལ་འབྱོར་ལ་དམིགས་ནས་ལྡང་བར་བྱའོ། །འདི་སྐད་དུ་གསུངས་པ་ཡིན་

ཏེ་ལེའུ་བཅུ་གཉིས་པ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སྐུ་གསུང་ཐུགས་སུ་སྒོམ་པ་ནི། །རྣམ་རྟོག་མེད་ཅིང་དམིགས་པ་མེད། །མཉམ་ཉིད་གང་དུའང་མི་དམིགས་པའོ། །ཞེས་གསུངས་སོ། །དེ་ཡང་ཀུན་དུ་བཟང་པོ་ལས། །བསྟོད་དང་མཆོད་སོགས་གཤེགས་སུ་གསོལ་

པ་ལ། སྔགས་པས་རབ་ཏུ་འབད་དེ་རྣམ་བྱ་ཞིང་། །ཨོཾ་ལ་སོགས་པར་འཁོར་ལོས་བསྡུས་ནས་ནི། །སྐུ་ལ་སོགས་པ་རྟག་པ་དག་ཏུ་བྱ། །ཞེས་གསུངས་སོ། །ཇི་ལྟ་བ་བཞིན་ལེགས་པར་དབང་བསྐུར་ནས་གནང་བ་བྱིན་ཏེ། མ་འོངས་པའི་རྣལ་འབྱོར་པས་ཀྱང་སློབ་མ་ལ་ཆོས་

ཀྱི་མཛོད་གཏད་དོ། །ཞེས་སློབ་པའི་ཕྱིར་གསུངས་པ། འདི་ཟུང་ཤིག་ཅེས་བྱ་བ་ལ་སོགས་པ་རྣམས་ནི་གོ་བར་སླའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཅོམ་ལྡན་འདས་སུ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། འདིའི་

དོན་ནི་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུའི་དཀྱིལ་འཁོར་རྣམས་ལ་རང་གི་རང་བཞིན་གྱིས་ཐ་མི་དད་པར་གནས་ཞེས་བྱ་སྟེ། ལུས་དང་བྲལ་བ་མ་ཡིན་པའི་ཕྱིར། ངག་དང་ཡིད་ཀྱི་ཡང་གསུངས་པ་ཞེས་བྱའོ་ཞེས་ལ་ལ་དག་འདོད་དོ། །དེ་བཞིན་

གཤེགས་པའི་སྐུ་ལ་སོགས་པ་དང་། མཉམ་པས་སྲིད་པ་གསུམ་གྱི་ལུས་ལ་སོགས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་རོ་གཅིག་པར་བྱས་ནས་དེའི་ངོ་བོས་གནས་སོ་ཞེས་ལ་ལ་དག་འདོད་དོ། །འདིས་ནི་མི་དམིགས་པའི་ངོ་བོ་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་

เล่ม ๓๙ · หน้า 291a

དཔའ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གསུངས་སོ། །འདི་ཞེས་བྱ་བ་ནི་གསུངས་མ་ཐག་པ་སྟེ། བཅུ་བདུན་དུ་བསྟན་པའི་དོན་གྱི་ཆོ་གས་སོ། །བཀའ་སྩལ་ཏོ་ཞེས་པའི་སྐབས་ལ་ཐུག་པའི་བར་དུ་གསུངས་པའོ། །འདི་སྐད་གསུངས་པ་ཡིན་ཏེ། གང་གི་

ཚེ་བཅོམ་ལྡན་འདས་ཆོས་འབྱུང་བའི་གཞལ་ཡས་ཁང་གི་ནང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་དང་བཅས་པ་བཞུགས་ཤིང་ཇི་ལྟར་བཤད་པའི་རྒྱུད་ཀྱི་དོན་གསུངས་པ་འདི་དག་བདག་གིས་འདི་སྐད་ཐོས་པའོ། །དཔལ་གསང་བ་འདུས་

པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བཅུ་བདུན་པའི་བཤད་པ་རྫོགས་སོ།། །།བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ད་ནི་མ་འོངས་པའི་སྐྱེ་བོ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར། རྒྱུད་ཕྱི་མའི་རྒྱུད་ཀྱི་ཚུལ་གྱིས་

ལེའུ་བཅུ་བདུན་གྱི་བཤད་པར་གྱུར་ནས་ལེའུ་བཅོ་བརྒྱད་པ་བཤད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཡིན་པའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་འདི་ལ་མངའ་བས་ན། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་དབང་བསྐུར་བ་སྟེ། བྱང་ཆུབ་ཀྱི་རྡོ་རྗེའོ། །དེའི་སྐུ་ལ་སོགས་པའི་གསང་བ་བསྟན་པ་ནི། ལེའུ་བཅུ་བདུན་གྱིས་ཉེ་བར་བསྟན་པ་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་སམ་སེམས་གཞན་གྱི་ངོ་བོར་མ་གྱུར་པས་སོ། །ཇི་ལྟ་བ་

དང་ཞེས་བྱ་བ་ནི་རྣམ་པ་གང་གིས་དེ་མཐོང་བ་དང་། ཐོས་པ་དང་ཁོང་དུ་ཆུད་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །དུས་ཇི་ལྟ་བར་ཞེས་བྱ་བ་ནི་དུས་གང་གི་ཚེ་གང་ཞིག་འོས་པ་དེ་ལས་མི་འདའ་བའོ། །མཐོང་ཞིང་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་ཚུལ་གྱིས་སོ། །ཐོས་ལ་ཞེས་བྱ་བ་ནི། གསུང་རྡོ་

རྗེའི་ཚུལ་གྱིས་སོ། །ཁོང་དུ་ཆུད་ནས་ཞེས་བྱ་བ་ནི། ཐུགས་རྡོ་རྗེ་ཚུལ་གྱིས་ཏེ། སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཡང་ན་མཐོང་ཞིང་ཞེས་བྱ་བ་ནི་བསམ་པའི་རང་བཞིན་གྱི་ཤེས་པས་ངེས་པར་བྱས་པའོ། །ཐོས་ལ་ཞེས་བྱ་བ་ནི་ཐོས་པའི་རང་

เล่ม ๓๙ · หน้า 291b

བཞིན་གྱི་ཤེས་པས་ངེས་པར་བཟུང་བའོ། །ཁོང་དུ་ཆུད་ནས་ཞེས་བྱ་བ་ནི། བསྒོམས་པའི་ཤེས་པས་གསལ་བར་བྱས་པའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་འོག་ནས་བཤད་པའི་རིམ་གྱིས་རྒྱུད་ལས་བསྟན་པའི་དོན་སྨྲས་པར་གྱུར་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ནི།

དེ་ཉིད་གསུངས་པ་ཡིན་ནོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་རྗེས་སུ་སྤྱོད་པ་རྣམས་ལ་དེའི་རྗེས་སུ་འཇུག་པའི་ཚུལ་གྱིས་ཕན་པའི་དོན་རྫོགས་པར་མཛད་པས་འདི་ལས་ཀུན་ནས་བཟང་ཞིང་མཛེས་ལ་དགེ་བར་གྱུར་པས་ན་རྡོ་རྗེ་འཆང་ཆེན་པོ་ལ་དེ་སྐད་ཅེས་བྱའོ། །

དེ་ཡང་སྡོམ་པ་བླ་མ་ལས། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་འགྲོ་བའི་དོན་བྱེད་ཅིང་། །བྱང་ཆུབ་སྤྱོད་པའི་རྗེས་འཇུག་པ། །དེས་ན་ང་ནི་ཀུན་དུ་བཟང་། །ཞེས་བཤད་པ་ཡིན་ནོ། །སྐུ་ལ་སོགས་པ་ངེས་པས་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཚུལ་དུ་ངེས་པར་མཛད་པའོ། །རྡོ་རྗེ་

གསུམ་གྱི་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་མི་ཕྱེད་པའི་ཚུལ་གྱིས་སོ། །ཀུན་དུ་ནི་ཞེས་བྱ་བ་ནི་ཐམས་ཅད་དུའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་ཁམས་གསུམ་པའི་ལུས་ལ་སོགས་པའོ། །རྣམ་པར་བཞུགས་ཞེས་བྱ་བ་ནི་ལེའུ་བཅུ་བདུན་པ་རྫོགས་པའི་སྐབས་སུ་གསུངས་པའི་ཚུལ་གྱིས་འཇུག་པ་

སྟེ། འདི་ཉིད་ནི་ངོ་མཚར་ཆེ་བའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི། ཁམས་དང་སྐྱེ་གནས་དང་འགྲོ་བས་བསྡུས་པའི་སྐྱེ་གནས་ཅན་ནོ། །དུས་གསུམ་རྡོ་རྗེའི་ངོ་བོ་ཉིད་ཅེས་བྱ་བ་ནི་འདས་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་ངོ་བོར་ཡང་དག་པར་བྱུང་བའོ། །དེ་བས་ན་བྱང་ཆུབ་

རྡོ་རྗེའི་གནས་ཐོབ་པའོ་ཞེས་བྱ་བ་སྟེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་ཅིང་དེའི་ངོ་བོ་ཉིད་ཁོ་ནར་བལྟ་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཨེ་མ་ཧོ་ཞི་བའི་ཞེས་བྱ་བ་ནི། རྟོག་པའི་དྲ་བ་མ་ལུས་པར་ཞི་བ་སྟེ། དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དབང་པོ་འདས་ཞེས་བྱ་བ་ནི་

དབང་པོ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །ཨེ་མ་ཧོ་འཁོར་བ་དག་གི་རྒྱུན་ཞེས་བྱ་བ་ནི་གདུལ་བྱའི་དབང་གིས་སྤྲུལ་པའི་སྐུས་འཁོར་བ་ཐམས་ཅད་དུ་རྒྱུན་མི་འཆད་པར་བཞུགས་པའོ། །ཨེ་མ་ཧོ་མཆོག་ཏུ་མྱ་ངན་འདས། །ཞེས་བྱ་བ་ནི་སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་

เล่ม ๓๙ · หน้า 292a

ཐུགས་སུ་ཆུད་པས་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཅན། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དོ་ཞེས་བྱ་བའི་བར་དུའོ། །ཡང་ན་ཨེ་མ་ཧོ་ཞི་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པས་འདོད་ཆགས་ལ་སོགས་པ་ཉེ་བར་ཞི་

བས་མཛད་པ་ནི་ངོ་མཚར་ཆེའོ། །དབང་པོ་འདས་ཞེས་བྱ་བ་ནི། བདག་ཅག་རྣམས་ཀྱིས་འདི་ལྟ་བུ་ནམ་ཡང་ཉེ་བར་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །ཨེ་མ་ཧོ་འཁོར་བ་དག་གི་རྒྱུན། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པའི་རང་བཞིན་ཅན་གྱི་ཕུང་པོ་ལ་སོགས་པ་ལ་སྐྱེ་བ་

དང་གནས་པ་དང་། རྣམ་པར་འཇིག་པའི་རྒྱུན་དུ་བརྟགས་པ་འམ། དེ་བཞིན་གཤེགས་པ་ལ་སོགས་པའི་ཚུལ་གྱིས་འཇིག་པའོ། །ཨེ་མ་ཧོ་མཆོག་ཏུ་མྱ་ངན་ལས་འདས། །ཞེས་བྱ་བ་ནི་མི་བདེན་པའི་སྒྲོ་བཏགས་པ་དང་། སྐུར་པ་བཏབ་པ་དང་བྲལ་བའི་རྣམ་པར་

དག་པའི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དོ། །འདི་སྐད་སྟོན་ཏེ། གང་དེ་ཁོ་ན་ཉིད་དུ་བདེན་པ་མ་ཡིན་པའི་ལུས་ལ་སོགས་པ་ཉིད་འདིར་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ལ་ནི་ངོ་མཚར་ཆེ་བའོ་ཞེས་པའོ། །དེ་ལ་ཡང་། འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་

པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བཤད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །མགྲིན་གཅིག་ཏུ་ཞེས་བྱ་བ་ནི་སྒྲ་གཅིག་གིས་དེ་དགོངས་པ་གཅིག་གིས་ཚིག་ཏུ་གསུངས་པ་ཞེས་བྱ་བའི་བར་དུའོ། །ཡོན་ཏན་འབྱུང་གནས་ཞེས་བྱ་བ་

ནི་ཐར་པ་འདོད་པ་རྣམས་ཀྱིས་བསླབ་ཅིང་གོམས་པར་བྱ་བ་ཡིན་པས་ན་ཡོན་ཏན་ཏེ་སྟོབས་བཅུ་ལ་སོགས་པའོ། །དེ་རྣམས་ཀྱི་འབྱུང་གནས་ནི་མི་ཟད་པའི་གནས་སམ་ཚོགས་རྣམས་སོ། །ད་ནི་གསང་བའི་ཞེས་བྱ་བ་འདིར་གང་ལ་བགྱི་ཞེས་བྱ་བ་ནས། ལས་ཀྱི་མཆོག་གི་ཚོགས་

རྣམས་ནི། །སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར། །ཞེས་བྱ་བའི་བར་དང་འོག་ནས་བཤད་པའི་ལན་གྱི་དབང་གིས་ན་ཁྲོ་བོའི་དབང་པོ་ནི་གང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ནི་གང་རིག་པའི་རྒྱལ་པོ་ནི་གང་ཞིག་ལགས། རྡོ་རྗེའི་བདག་པོ་ནི་སུ་ཞིག་ལགས་ཞེས་བྱ་བའི་དྲིས་པ་བཞི་

เล่ม ๓๙ · หน้า 292b

བཅུག་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩ་བའི་དྲི་བའི་ཚིག་ཚོགས་ཀྱི་གྲངས་ལྔ་བཅུ་རྩ་བདུན་གསུངས་པ་ཡིན་ནོ། །གང་རྣམས་འདིར་དྲིས་པ་དང་། ལན་ལ་ལེགས་པར་སྦྱར་བས་མ་འོངས་པའི་བརྒལ་བ་དང་། ལན་དུ་འགྱུར་བ་དེ་དང་དེ་དག་ཉིད་དུ་བསྟན་པར་བྱའོ། །ལ་ལ་ནི་འདིར་

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པ་བདུན་ཅུ་རྩ་གཉིས་ཡོད་པར་འཆད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ལ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་ལའོ། །རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཕུན་

སུམ་ཚོགས་པ་ལྔའི་རང་བཞིན་ཅན་གྱི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེ་ཡང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པ་དང་། ཐུགས་རྗེ་ཕུན་སུམ་ཚོགས་པ་དང་། མི་ཟད་པའི་ཕུན་སུམ་ཚོགས་པ་ཉིད་དང་། མཉམ་པ་

མེད་པ་ཕུན་སུམ་ཚོགས་པ་དང་ལྡན་པས་སངས་རྒྱས་ཞེས་བཤད་པ་ཡིན་ནོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་མཛེས་པ་ལ་སོགས་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་སྟེ། དེ་ཡང་། ཕྱི་རོལ་འགྲོ་བ་མི་མཛེས་པ། །སློབ་པའི་འགྲོ་བ་སླར་ལྡོག་ཡིན། །མི་སློབ་པ་ཡང་མ་ལུས་

མིན། །བདེ་གཤེགས་གསུམ་ཆར་དུ་ཡང་གཤེགས། །ཞེས་བཤད་པ་ཡིན་ནོ། །མགོན་ལ་ཞེས་བྱ་བ་ནི་གཅིག་ཏུ་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཡང་ན་ཐུགས་རྡོ་རྗེར་གྱུར་པ་ཉིད་ཀྱིས་དངོས་པོའི་དོན་མ་ལུས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ན་སངས་རྒྱས་

ས། །གསུང་རྡོ་རྗེ་ཉིད་དུ་གྱུར་པས་སེམས་ཅན་གྱི་བསམ་པའི་དབང་གིས་ཤིན་ཏུ་མང་བའི་རྣམ་པ་ཅན་གྱིས་དམ་པའི་ཆོས་རིན་པོ་ཆེ་གསུངས་པས་ན། བདེ་བར་གཤེགས་པའོ། །སྐུ་རྡོ་རྗེར་གྱུར་པ་ཉིད་ཀྱིས་སྤྲུལ་པ་སྣ་ཚོགས་པས་སེམས་ཅན་ཐམས་ཅད་ལ་བཀའ་བསྒོ་བར་མཛད་

པས་ན། མགོན་པོ་སྟེ་བདག་པོའོ། །དེ་ལྟར་ན་སྐུ་གསུམ་གྱི་བདག་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་ངག་ཅེས་བྱ་བ་ལ་སོགས་པ་ལ། རང་གི་ལུས་རྡོ་རྗེ་ལ་སོགས་པས་སོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ལའོ། །བཞག་ནས་ཞེས་བྱ་བ་

เล่ม ๓๙ · หน้า 293a

ནི་དམིགས་པ་སྟེ། དེའི་སྦྱོར་བ་བྱས་ནས་ཞེས་བྱ་བའི་བར་དུའོ། །འདི་སྐད་སྟོན་ཏེ། ལུས་ལ་སོགས་པའི་རྣམ་པར་གཡེང་བ་དང་བྲལ་བས། བུམ་པ་གློ་རྡོལ་བ་ལ་སོགས་པའི་ཉེས་པ་དང་བྲལ་བ་ལྟ་བུར་མཉན་པར་གྱིས་ཞེས་བྱ་བ་དེ་རྣམས་ཀྱིས་ཀྱང་ཐོབ་པའི་གསུང་དེའི་དོན་

ལ་ངེས་པར་བྱས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་བཟུང་བའི་བཀའ་ཞེས་བྱ་བ་ནི་ཡིད་སྟོན་པའི་ཚིག་གོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་པའི་བདག་ཉིད་ཅན་ནོ། །རང་གི་ཐུགས་ཐུགས་རྗེ་ཆེན་པོ་ལ་དམིགས་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་

ཅད་སྡུག་བསྔལ་དང་བྲལ་བའི་རྣམ་པར་ཐུགས་ཀྱི་མངོན་སུམ་དུ་མཛད་པའོ། །ལ་ལ་ནི་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ཡུན་རིང་དུ་གནས་པ་ཉིད་དུ་བརྟན་པར་མཛད་པའོ། །ལ་ལ་ནི་བྱིན་གྱིས་བརླབས་པའི་དོན་ཉན་པའི་བྱང་ཆུབ་སེམས་དཔའ་རྣམས་སློབ་མར་མཛད་པ་ཡིན་ནོ་ཞེས་ཟེར་

མོད་ཀྱིས། དེ་ནི་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། རྩ་བའི་རྒྱུད་སྟོན་པར་མཛད་པ་ཉིད་དེ་རྣམས་སློབ་མར་གྱུར་པ་ཡིན་ཏེ། གཞན་དུ་ན་དེ་ལྟ་བུའི་ཆོས་སྟོན་པར་མཛད་པ་མི་སྲིད་དོ། །ད་ནི་སྔར་སྨྲས་པའི་ཞུས་པའི་ཚོགས་རྣམས་ཀྱི་ལན་རིམ་གྱིས་བསྟན་པའི་ཕྱིར་སྐུ་གསུང་ཐུགས་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་རེ་རེ་ཞིང་སྐུ་ལ་སོགས་པའི་དབྱེ་བས་རང་རིག་པའི་མཐར་ཐུག་པར་གཞན་ལ་བསྟན་པར་མི་ནུས་པ་དང་། ཀུན་རྫོབ་ཏུ་ཡང་དག་པར་བསྟན་པར་མཛད་པ་ན་ཡང་སྐལ་བ་མེད་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས། དེ་ཉིད་ནི་གསང་བ་མ་ཡིན་ནོ། །

ཞུས་པ་གཉིས་པའི་དོན་གསུངས་པ་ནི། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མིང་ཅན་ནོ། །ཚོགས་པ་འདུས་པ་ཡིན་པར་བཤད། །ཅེས་བྱ་བ་ནི་ཐ་མི་དད་པ་ཉིད་དོ། །དོན་ནི་འདི་ཡིན་ཏེ། སངས་རྒྱས་ཐམས་

ཅད་ཀྱི་སྐུ་ལ་སོགས་པ་རྣམ་པ་གསུམ་གྱི་ཚུལ་གྱིས་གཅིག་པ་ཉིད་དུ་གྱུར་པ་ནི་གསང་བ་འདུས་པ་ཞེས་བྱའོ། །རྒྱུད་ཀྱི་འགྲེལ་པ་ཇི་ལྟ་བུར་ཞེས་བྱ་བ་འདིའི་ལན་གསུངས་པ་ནི། ལྔ་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྔ་པ་ལས་ནི་སྒྲུབ་པ་པོའི་རྣམ་པར་མི་རྟོག་པའི་སྤྱོད་པ་གསུངས་ལ། དགུ་པ་

เล่ม ๓๙ · หน้า 293b

ལས་ནི། དམ་ཚིག་བསྲུང་བའི་གོ་ཆའོ། །བཅུ་བདུན་པ་ལས་ནི་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་གི་རབ་ཏུ་དབྱེ་བའོ། །བཅུ་གསུམ་པ་ལས་ནི་སྔགས་ཀྱི་བཟླས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་གོ་རིམས་འདི་ནི་ལེའུ་བཞི་པོའི་དོན་གྱི་འགྲེལ་པ་ཡིན་པར་ཤེས་པར་བྱའོ། །

དོན་ནི་འདི་ཡིན་ཏེ་ལེའུ་ལྔ་པ་ལས་གསུངས་པའི་སྒྲུབ་པ་པོ་དགུ་པ་ལས་གསུངས་པའི་དམ་ཚིག་བསྲུང་བ་ལ་བརྩོན་པས་བཅུ་བདུན་པ་ལས་གསུངས་པའི་དམ་ཚིག་གི་སྤྱོད་པ་ལ་གནས་པ་ནས། བཅུ་གསུམ་པ་ལས་བསྟན་པའི་སྔགས་ཀྱི་བཟླས་པ་ལ་སོགས་པ་བྱའོ། །གང་འདི་ནི་སངས་

རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་པ་ཡིན་ལ། དངོས་གྲུབ་སྒྲུབ་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་སྒྲུབ་པ་ཆེན་པོ་ཡིན་པར་བཤད་དོ། །བཞི་པ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ཞེས་བྱ་བ་ནི་བསྟན་པ་ཉེ་བར་ཕན་པའོ། །དོན་

ནི་འདི་ཡིན་ཏེ། བཞི་པ་དང་བཅུ་དྲུག་པར་གསུངས་པའི་དཀྱིལ་འཁོར་དུ་བརྒྱན་པ་ལ་བཤད་པའི་མཆོད་པ་བྱས་ནས། བཅུ་གཉིས་པ་ལ་གསུངས་པའི་དངོས་གྲུབ་སྤྱིའི་སྒྲུབ་པ་དང་། རིག་པའི་བརྟུལ་ཞུགས་ལ་གནས་པའི་རྣལ་འབྱོར་པས་བྱའོ་ཞེས་བྱ་བ་འདི་ནི་འདིར་ལེའུའི་དོན་གྱི་

འགྲེལ་པ་ཞེས་བྱ་སྟེ། འདི་ཉིད་ནི་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་གསལ་བར་སྟོན་པ་ཡིན་ཏེ། ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བཟུང་བ་ལ་སོགས་པ་ནས་དཀྱིལ་འཁོར་ཉེ་བར་བསྡུ་བའི་བར་ནི་སློབ་དཔོན་གྱི་ལས་ཡིན་ཏེ། སྤྱི་ནི་ཆོ་ག་ཇི་ལྟ་བར་རྣལ་འབྱོར་པ་ཐམས་ཅད་

ཀྱི་ཐུན་མོང་ཡིན་ལ། འདི་དག་ཀྱང་བཞི་པ་དང་བཅུ་དྲུག་པ་དང་། རྒྱས་པ་ལས་ཅི་རིགས་པར་གསུངས་པ་ཡིན་པར་ཤེས་པར་བྱའོ། །བཅུ་གཉིས་པ་ལས་ཀྱང་། སྤྱི་ཡི་དངོས་གྲུབ་བསྒྲུབ་པ་དང་། །ཐུན་བཞི་དག་ཏུ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་རིག་པའི་བརྟུལ་ཞུགས་དང་

སྡོམ་པ་བསྟན་པ་ཡིན་ནོ། །བརྒྱད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། འདིར་བརྒྱད་པའི་སྒྲས་ནི་དྲུག་པར་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི་མན་ངག་ཡིན་ཏེ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དངོས་གྲུབ་བསྒྲུབ་

เล่ม ๓๙ · หน้า 294a

པའི་ཡན་ལག་ཏུ་གྱུར་པ་ཉིད་ཀྱིས་ཉེ་བ་ན་གནས་པའི་ཕྱིར་ཕྲ་མོའི་རྣལ་འབྱོར་སྒོམ་པའི་མཚན་ཉིད་ཀྱང་ཉེ་བར་སྒྲུབ་པར་བཤད་པའོ། །གཉིས་པ་ལས་ནི་སྡོམ་པ་ཡང་དག་པར་བསྟན་ཏེ། སེམས་དམིགས་པ་ཐམས་ཅད་ལས་སྡོམ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་

ཡིན་ནོ། །བཅུ་པ་དང་བཅུ་བཞི་པ་ལས་ནི་དྲག་པོའི་སྤྱོད་པ་བསྒྲུབ་པའོ། །འདི་སྐད་སྟོན་ཏོ། །ཕྲ་མོའི་རྣལ་འབྱོར་བསྒོམས་པས་སེམས་བརྟན་པར་བྱས་ནས། གང་གི་ཚེ་རྗེས་སུ་མཉེས་པར་བྱས་པའི་བྱ་བ་གྲུབ་པར་མ་གྱུར་པ་དེའི་ཚེ་བྱང་ཆུབ་ཀྱི་སེམས་བསྒོམས་པ་སྔོན་དུ་འགྲོ་བའི་

དྲག་པོའི་སྦྱོར་བས་བསྒྲུབ་པར་བྱའོ་ཞེས་པའོ། །བདུན་པ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། བདུན་པ་ལས་ནི་བསྒྲུབ་པའི་སྡོམ་པ་དང་། རྗེས་སུ་དྲན་པ་བསྒོམ་པ་ལ་སོགས་པའི་ཚུལ་ནི་དངོས་གྲུབ་དོན་དུ་གཉེར་བ་རྣམས་ཀྱི་འདའ་བར་མི་བྱ་བ་ཡིན་པས་ལོག་པའི་རྟོག་པ་རྣམས་ལས་སེམས་

ཟློག་པར་བྱེད་པའི་ཕྱིར་དོན་སྟོན་ཏོ། །གསུམ་པ་ལས་ནི་བསྙེན་པས་ཏེ། ལྷའི་རྣམ་པ་དེ་ཉིད་སྟོན་པའི་ཚུལ་ཡིན་ལ། བཅུ་གཅིག་པ་ནི་བཅུ་གཅིག་པ་སྟེ། འདྲ་བའི་དངོས་གྲུབ་བསྒྲུབ་པ་དང་། དངོས་གྲུབ་ཀྱི་ཞིང་རི་བོ་ལ་སོགས་པའི་མཚན་ཉིད་སྟོན་ལ། བཅུ་དང་ལྔ་ཞེས་པ་ནི་བཅོ་ལྔ་པ་

སྟེ། རྨི་ལམ་ལ་སོགས་པའི་མཚན་མ་སྟོན་ཏོ། །དོན་ནི་འདི་ཡིན་ཏེ། བསྙེན་པ་ལས་མཚན་མ་ཐོབ་པར་བྱས་ནས། རྗེས་སུ་དྲན་པའི་བསྒོམ་པ་བྱས་ལ་རི་བོ་ལ་སོགས་པར་གནས་ཏེ། དངོས་གྲུབ་རྣམས་བསྒྲུབ་པར་བྱའོ་ཞེས་པའོ། །ཚིག་འདི་ཉིད་ལས་མན་ངག་ལས་གཅིག་གི་སྒྲ་མི་

མངོན་པར་བྱས་ནས་ལེའུ་དང་པོར་ཡིན་པར་ཤེས་པར་བྱ་སྟེ། དེར་ནི་དེ་བཞིན་གཤེགས་པ་ཀུན་གྱི་ལས་ཞེས་བྱ་བ་དེ་བཞིན་གཤེགས་པ་ལ་སོགས་པའི་སྤྲུལ་པས་གདུག་པ་དང་གདུག་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་ཚར་གཅོད་པ་དང་། ཕན་འདོགས་

པའི་བདག་ཉིད་ཅན་གྱིས་འགྲོ་བའི་དོན་མཛད་པ་ཡིན་ཏེ། དེ་ཉིད་གསུངས་པ་ནི། དུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་འདུལ་བའི་བཀའ་བསྒོ་བ་ཉན་ཅིང་རང་གི་ཕྱོགས་སུ་གྱུར་པའོ། །གདུལ་དཀའ་བ་ནི་སྡང་བ་རྣམས་ཏེ། འབད་པས་བསྒྲུབ་པར་བྱའོ། །ཞི་བ་

เล่ม ๓๙ · หน้า 294b

ནི་བར་མ་སྟེ། འབད་པ་ཅུང་ཟད་ཀྱིས་བསྒྲུབ་པར་བྱ་བའོ། །འདི་རྣམས་ཀྱི་འཇུག་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་སྦྱར་བའོ། །རྒྱུད་ཀྱི་འབྲེལ་པ་བསྟན་པའི་སྐབས་ལས་འཕྲོས་པའི་བསྐྱེད་པའི་རིམ་པའི་གཞུང་གིས་འབྲེལ་པ་གང་ཡིན་པ་དེ་ཡང་བསྟན་པའི་ཕྱིར་གསུངས་

པ་ནི་བསྐྱེད་པའི་ཞེས་བྱ་བ་ལ་སོགས་པ་ནི། བསྙེན་པ་ཞེས་བྱ་བ་བསྙེན་པ་སྟོན་པར་བྱེད་པའི་གཞུང་གང་ཡིན་པ་དེ་ནི། བསྐྱེད་པའི་རིམ་པ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཐུན་མོང་དང་མཆོག་བསྒྲུབ་པའི་དབྱེ་བས་བསྙེན་པ་ཡང་གཉིས་སུ་འགྱུར་ཏེ། དེའི་ཕྱིར་གསུངས་

པ་རྡོ་རྗེའི་ཆོ་ག་བཞི་ཞེས་བྱ་བ་ལ། རྡོ་རྗེ་རྣམས་ཀྱི་ཆོ་ག་ནི་འོག་ནས་བཤད་པའི་ཡན་ལག་དྲུག་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་སྟེ། དེ་ནི་མཆོག་གི་བསྙེན་པའོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་བྱ་བ་ལ་སོགས་པ་རྣམ་པ་བཞིའི་བདག་ཉིད་ཅན་ནི་ཐུན་མོང་གི་བསྙེན་པའོ། །འདི་ཉིད་

ནི་ཐུན་མོང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དོན་ནི་འདི་ཡིན་ཏེ། སྟོང་ཉིད་བྱང་ཆུབ་ལ་སོགས་པ་དབྱེ་བ་རྣམ་པ་བཞི་སྟོན་པར་བྱེད་པའི་གཞུང་ནི་ཐུན་མོང་གི་བསྙེན་པ་དང་འབྲེལ་པ་ཡིན་ལ་གང་རྡོ་རྗེ་ཆོ་ག་སྟོན་པར་བྱེད་པ་ནི་མཆོག་གི་བསྙེན་པ་ཡིན་ནོ་ཞེས་པའོ། །དཀྱིལ་འཁོར་ཞེས་

བྱ་བ་ལ་སོགས་པ་ལ། དོན་ནི་འདི་ཡིན་ཏེ་དཀྱིལ་འཁོར་དང་འབྲེལ་པ་དང་། རིག་པའི་བརྟུལ་ཞུགས་དང་འབྲེལ་པ་གང་ཡིན་པ་དེ་ནི་སློབ་དཔོན་གྱི་ཕུན་སུམ་ཚོགས་པ་དང་འབྲེལ་པ་ཡིན་ཏེ། དེ་ཁྱབ་པའི་རྒྱུ་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ལམ་གྱིས་ཞེས་བྱ་བ་ནི་རྡོ་རྗེ་

ཐེག་པ་བརྟུལ་བར་གྱུར་པའོ། །ཡོངས་སུ་སྨིན་བྱ་ཞེས་བྱ་བ་ནི། དགེ་བའི་རྩ་བ་ཀུན་ནས་ཡོངས་སུ་སྨིན་པར་བྱས་པའོ། །བརྟུལ་ཞུགས་བཟང་ཞེས་བྱ་བ་ནི། རིག་པའི་བརྟུལ་ཞུགས་ལ་སོགས་པའི་སྡོམ་པ་བླངས་པའོ། །དབང་བསྐུར་བ་ཞེས་བྱ་བ་ནི་སློབ་དཔོན་གྱི་གོ་

འཕང་ལ་གནས་པའོ། །རང་གི་སློབ་མ་ལ་ཞེས་བྱ་བ་ནི་རང་ཉིད་ཀྱིས་དབང་བསྐུར་བ་ཡིན་གྱིས། གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་ཟབ་པ་དང་རྒྱ་ཆེ་བ་ལ་ལྷག་པར་མོས་པ་གང་ཡིན་པ་དེ་ལ་སྟོན་པ་ནི་གསང་བའི་དོན་དུ་རབ་ཏུ་བཤད་པ་

เล่ม ๓๙ · หน้า 295a

སྟེ། དེ་ནི་ཀུན་ནས་ཡོངས་སུ་གྲོལ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། གང་འདིར་རྡོ་རྗེ་ཐེག་པ་ལ་མངོན་པར་འདོད་པ་སྐྱེད་པར་བྱེད་པའི་གཞུང་དེ་ནི་ཡོངས་སུ་གྲོལ་བ་དང་འབྲེལ་པ་ཡིན་པར་ཤེས་པར་བྱའོ། །རྣལ་འབྱོར་ཞུས་པའི་ལན་གསུངས་པ་ནི། ཤེས་རབ་ཅེས་

བྱ་བ་ལ་སོགས་པ་ཡིན་ཏེ། ཤེས་རབ་དང་ཐབས་ནི་སྟོང་པ་ཉིད་དང་སྙིང་རྗེ་སྟེ། དེ་དག་གི་སྙོམས་པར་འཇུག་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཀུན་དུ་བཟང་པོའི་ངོ་བོ་ཉིད་དུ་རྫོགས་པའོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་བསྟན་པའི་ཕྱིར་གསུངས་པ་ནི་གང་ཞིག་ཅེས་བྱ་

བ་ལ་སོགས་པ་སྟེ། གང་དངོས་པོ་ཐམས་ཅད་དུ་རྟོགས་པ་ཟད་པས་དངོས་པོ་མེད་པ་ནི་ཉིད་ཀྱི་གཉིས་སུ་མེད་པ་ཡང་དག་པར་རྟོགས་པའི་ཕྱིར་དེ་ནི་ཤེས་རབ་པོ། །གང་རྫས་སུ་སྒྲོ་བཏགས་པ་དང་། ཉེ་བར་གནས་པས་ན་ཐབས་ཏེ་སྙིང་བརྩེ་བས་ཉེ་བར་སྟོན་པའི་དངོས་པོ་འཛིན་པར་བྱེད་པའི་

བློ་ཞེས་བྱ་བའི་བར་དུའོ། །དེ་བས་ན་དངོས་པོའི་མཚན་ཉིད་དོ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་དེ་ཉིད་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེ་ཡང་། རྟག་ཏུ་གཉིས་རླབས་མེད་བྲལ་བའི། །སྤྱི་ཡི་མཚན་ཉིད་ཤེས་རབ་ཡིན། །དེ་ཉིད་ལྷག་མ་ལ་བརྟེན་པ། །ཐབས་ཞེས་བྱ་

བ་ཡིན་པར་བཤད། །ཅེས་པ་ཡིན་ནོ། །དང་པོར་རྒྱུད་ཀྱི་འགྲེལ་པ་བཤད་ནས་ད་ནི་རྒྱུད་ཉིད་ཀྱི་དོན་གསུངས་པ་ནི། རྒྱུད་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྒྱུན་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་བཅུའི་ཚོགས་སོ། །དེ་ཡང་བཞི་ལ་སོགས་པའི་དབྱེ་བས་

རྣམ་པ་གསུམ་དུ་འགྱུར་བ་ནི་རྒྱུན་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་རེ་ཞིག་རང་བཞིན་གྱི་དོན་བསྟན་པར་བྱ་བའི་ཕྱིར་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་རང་བཞིན་ནི་དེ་བཞིན་ཉིད་གཉིས་སུ་མེད་པའི་སེམས་ཡིན་ཏེ། དེ་ཉིད་བསྲུང་བ་དང་

ཆོས་འབྱུང་བ་དང་། གཞལ་ཡས་ཁང་དང་གདན་དང་། ཏིང་ངེ་འཛིན་གསུམ་གྱི་ཚུལ་གྱིས་མངོན་སུམ་དུ་བྱེད་པས་ན་རང་བཞིན་ནོ། །དེའི་ཕྱིར་དེ་ཉིད་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ཡིན་པ་སྟེ། དེ་ནི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་བསྒོམ་པ་ལ་རག་ལས་པའི་

เล่ม ๓๙ · หน้า 295b

ཕྱིར་རྒྱུ་ཡིན་ནོ། །མི་འཕྲོགས་འབྲས་བུའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ལུས་པར་བསལ་བའི་ཕྱིར་འཕྲོག་པར་མི་ནུས་པས་ན་མི་འཕྲོགས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཅན་འགྲོ་བ་མ་ལུས་པའི་གསོས་སུ་གྱུར་པ་ཀུན་དུ་བཟང་པོ་ཉིད་དོ། །བཞི་ནི་

ཐབས་ཞེས་བྱ་བ་སྟེ། །ཞེས་བྱ་བ་ནི་འདིས་བྱང་ཆུབ་འཛིན་ཅིང་རྟེན་པས་ན་གཞི་སྟེ། དཀྱིལ་འཁོར་བསྐྱེད་པ་དང་སློབ་མ་དང་། སློབ་དཔོན་གྱི་ལས་དང་ལས་ཀྱི་ཚོགས་སྣ་ཚོགས་པ་དང་། དངོས་གྲུབ་སྒྲུབ་པ་དང་། སློབ་པ་དང་སྡོམ་པ་དང་། རིག་པའི་བརྟུལ་ཞུགས་ཀྱི་བདག་

ཉིད་ཅན་རྩོམ་པའི་ཚོགས་རྣམས་སོ། །གསུམ་གྱི་རྒྱུད་ཀྱི་དོན་བསྡུས་པའོ་ཞེས་བྱ་བ་འདི་གསུམ་པོ་འདི་དག་གིས་རྒྱུད་མ་ལུས་པའི་བསྡུས་པའི་དོན་གྱི་ཚུལ་གྱིས་བསྡུས་པ་ཡིན་ཏེ་འདིར་གསུམ་པ་འདི་དག་ཉིད་བསྒྲུབ་བྱའོ་ཞེས་བྱ་བའི་དོན་ཏོ། །འོག་ནས་བཤད་པའི་དེ་ཁོ་ན་ཉིད་

ཞུས་པའི་ཉེ་བར་སྦྱར་བ་གསུངས་པ། རིགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་དབྱེ་བས་སངས་རྒྱས་རྣམས་ཀྱི་བསྐྱེད་པའི་གནས་སུ་གྱུར་པས་ན་རིགས་ལྔའོ། །རིགས་གསུམ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་

དབྱེ་བས་སོ། །ངོ་བོ་ཉིད་གཅིག་ཅེས་བྱ་བ་ནི་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུ་ཐམས་ཅད་རིགས་གཅིག་པ་ཡིན་ནོ། །འདི་ནི་རྒྱུད་ཕྱི་མའི་ཕྱི་མར་གྱུར་ཞེས་གསུངས་པས་དེའི་ཕྱིར་ཕྱི་མ་ཉིད་དུ་གྱུར་པ་གསུངས་པ་ནི། བྱང་ཆུབ་

རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །ལ་ལ་ལས་ནི་ཡང་དག་མགོན་པོ་ཞེས་ཟེར་རོ། །དེའི་དོན་ནི་འདི་ཡིན་ཏེ། དེ་བཞིན་ཉིད་ཀྱི་ངོ་བོར་གྱུར་པས་ན་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པའི་བདག་ཉིད་དོ། །ཐུགས་རྗེ་ཆེན་པོའི་རང་

བཞིན་གྱིས་འགྲོ་བ་རྣམས་ཀྱི་སྐྱབས་སུ་གྱུར་པས་མགོན་པོ་ཡང་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ཞེས་བྱ་བ་ནི་དུས་མཚུངས་པར་གྱུར་པ་སེམས་ཅན་གྱི་ཁམས་མ་ལུས་པའི་བསམ་པ་ཐམས་ཅད་

เล่ม ๓๙ · หน้า 296a

ཡོངས་སུ་རྫོགས་པར་གསུངས་པའོ། །དེ་ནི་ཕྱི་མའི་རྒྱུད་དུ་འདོད། །ཅེས་བྱ་བ་ནི་དེ་ལྟ་བུའི་རྒྱུད་དེ་ནི་རྒྱུད་ཕྱི་མ་ཉིད་དུ་འདིར་འདོད་ཀྱི་སྔར་བྱུང་བ་ཙམ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ལ་སོགས་པ་བཞིའི་ལན་གདབ་པ། གོ་རིམས་བཞིན་དུ་གསུངས་

པ་ནི། དེ་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། སྔར་ནི་གསང་བའི་སྒྲའི་དོན་ཙམ་བསྟན་པ་ཡིན་ལ། ད་ནི་དེའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར་ཞུས་པའི་ལན་དུ་གྱུར་པ་ཡིན་པས་དེའི་ཕྱིར་འདིར་དམ་པ་རྣམས་ཀྱི་ཟློས་པའི་ཉེས་པ་གསུངས་པར་མི་བྱའོ། །ཐམས་ཅད་ཀྱི་དབང་ཕྱུག་ཏུ་

གྱུར་པས་ན། ལྷག་པ་ཡིན་ཞིང་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་སྤྲུལ་པ་སྣ་ཚོགས་པར་སྣང་བས་ན་ལྷ་ཡང་ཡིན་པ་གང་ཡིན་པ་དེ་འདིར་ཆོས་ཀྱི་བརྡས་གསང་ཆེན་ཞེས་བྱ་བར་གསུངས་པ་ཡིན་ནོ། །དམ་པ་ཞེས་བྱ་བ་ནི་མཆོག་གོ། །རིགས་ནི་རྣམ་པ་བརྒྱ་ཞེས་པ་ནི་གཅིག་པུ་

ཉིད་ཡིན་ཡང་སྤྲུལ་པས་གྲངས་མེད་དཔག་ཏུ་མེད་པར་འགྱུར་བའོ། །ཡང་ན་དེ་བཞིན་གཤེགས་པ་རེ་རེ་དང་འབྲེལ་པའི་སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་ལྔ་ཉིད་དུ་ཕྱེ་བས་རང་བཞིན་གྱིས་གྲུབ་པའི་རིགས་བརྒྱར་འགྱུར་རོ། །སྤྲུལ་པས་ནི་གྲངས་མེད་དཔག་ཏུ་མེད་པར་ཡང་འགྱུར་

རོ་ཞེས་དགོངས་པའོ། །བྱང་ཆུབ་ཀྱི་སེམས་ཞུས་པའི་ལན་གསུངས་པ་ནི། ཐོག་མ་ཐ་མ་མེད་ཞི་བ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་ཐོག་མ་དང་ཐ་མ་མེད་པ་ནི་ཐོག་མ་དང་ཐ་མ་དང་བྲལ་བའོ། །ཞི་བ་ཞེས་བྱ་བ་ནི་བཟུང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་

ཀྱིས་སྟོང་པའོ། །དངོས་དང་དངོས་མེད་ཟད་པ་ཡི། །ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་ལྟ་བའི་གཉེན་པོར་གྱུར་པའོ། །གཙོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཡེ་ཤེས་ལ་སོགས་པའི་བདག་པོར་གྱུར་པའི་ཡེ་ཤེས་མངའ་བས་ན་གཙོ་བོའོ། །ཡང་ན་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དངོས་

པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་གཙོ་བོས་ནི་ཁྱབ་བྱེད་ཅེས་སོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །ཞེས་བྱ་བ་ནི་ཐ་མི་དད་པར་གྱུར་པ་སྟེ། ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །རིགས་པའི་སྐྱེས་བུ་ཞུས་པའི་ལན་གསུངས་པ་ནི། སྐུ་ཞེས་བྱ་བ་ལ་སོགས་

เล่ม ๓๙ · หน้า 296b

པ་ཡིན་ཏེ། མི་ཕྱེད་ཕྱེ་བའི་ངོ་བོ་ཉིད། །ཅེས་བྱ་བ་ནི་མི་ཕྱེད་ཅིང་མི་འཁྲུགས་པ་ཉིད་ཀྱིས་ཟབ་པ་ཡིན་ལ། ཕྱེ་བ་ནི་གདུལ་བྱའི་སྐྱེ་བོའི་བསམ་པ་ཇི་ལྟ་བ་བཞིན་དུ་སྣ་ཚོགས་པ་ཉིད་དུ་བརྟགས་པས་ན་རྒྱ་ཆེ་བའི་སྟེ་གཉིས་པོ་འདི་དག་གི་ངོ་བོ་ཉིད་དོ། །འདི་སྐད་སྟོན་ཏེ། ཟབ་པ་དང་རྒྱ་ཆེ་བའི་

རྒྱུ་མཐུན་པ་ཡིན་པའི་ཕྱིར་སྐུ་ལ་སོགས་པ་རིག་པ་དང་ལྷན་ཅིག་ལྡན་པ་ཡིན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་སྐྱེས་བུ་ཅན་ནི་རིག་པའི་སྐྱེས་བུ་ཞེས་བཤད་དོ། །བཛྲ་དྷྲྀཀ་ཅེས་ཅི་ལ་བགྱི་ཞེས་པ་ལ་སོགས་པའི་ཞུས་པའི་ཚིག་ལྔ་པོ་རེ་རེ་ཞིང་ཚིགས་སུ་བཅད་

པ་རེ་རེས་གོ་ཞིང་རིམ་བཞིན་དུ་ལན་གསུངས་པ་ནི། རྒྱུ་ལྔ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ལྔ་སྤངས་ནས་དེ་ཡོངས་སུ་གྱུར་པའི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་

ལ་སོགས་པ་ལྔས་སྤོང་བའོ། །དེས་རིམ་བཞིན་དུ་དཔའ་བར་འགྲོ་བ་དང་། ནམ་མཁའི་མཛོད་དང་། དྲི་མ་མེད་པ་དང་། སེང་གེ་རྣམ་པར་རོལ་བ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ཐམས་ཅད་རྟོགས་པའི་ཕྱིར་ཏིང་ངེ་འཛིན་རྣམ་པ་ལྔ་ནི་འབྲས་བུ་ལྔའོ། །ཡེ་ཤེས་ལྔ་དང་ཏིང་ངེ་འཛིན་ལྔ་

པོ་འདི་དག་ནི་བཛྲ་སྟེ། རྡོ་རྗེ་ཞེས་བྱའོ། །རྣམ་ཤེས་ཞེས་བྱ་བ་ནི་དེ་ལྟ་བུའི་ཐུགས་དེའི་བདག་ཉིད་ཅན་གྱིས་འཆང་བར་མཛད་པས་ན་བཛྲ་དྷྲྀཀ་རྡོ་རྗེ་འཛིན་ཅེས་བྱ་སྟེ་མི་བསྐྱོད་པའོ། །ཡོད་དང་མེད་དང་དབུས་ལས་འདས། །ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། གཉི་གའི་བདག་ཉིད་ཅན་གྱི་

རང་བཞིན་གྱིས་སྟོང་པའོ། །དེ་ཅི་ཞིག་ཅེ་ན། འབྱུང་དང་འབྱུང་ལས་གྱུར་ལས་བྱུང་། །ཞེས་བྱ་བ་གསུངས་ཏེ། འབྱུང་བ་ནི་ས་ལ་སོགས་པའོ། །འབྱུང་བ་ལས་གྱུར་པ་ནི་གཟུགས་ལ་སོགས་པའོ། །དེ་དག་ལས་བྱུང་བ་ནི་འདི་དག་གི་བདག་ཉིད་ཅན་ནོ། །སེམས་ཅན་ཀུན་གྱི་ཞེས་བྱ་བ་ནི་

ལུས་ཅན་མ་ལུས་པའིའོ། །ལུས་ཞེས་བྱ་བ་ནི་གཟུགས་སོ། །ཛི་ན་ཛིཀ་ཅེས་བྱ་བ་ནི་རྒྱལ་བ་རྣམས་སྐྱེད་པར་བྱེད་པས་ཛི་ན་ཛིཀ་གོ། །ཛི་ན་ཞེས་བྱ་བ་རྒྱལ་བའི་དོན་གསུངས་པ་ནི། སྐྱེ་ལས་རྒྱལ་བ་ཞེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་མངོན་

เล่ม ๓๙ · หน้า 297a

པར་ཞེན་པ་ལས་ཟློག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སྐྱེད་པར་བྱེད་པ་ཉིད་ཀྱི་ལུས་ཅན་རྣམས་ཀྱི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བཟློག་པས་ཛི་ན་ཛིཀ་ཅེས་བྱ་བ་སྟེ་རྣམ་པར་སྣང་མཛད་དོ། །དོན་རྣམས་ཐམས་ཅད་ཅེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་མཉམ་

པ་ཉིད་ཐུགས་སུ་ཆུད་པ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཚོར་བ་པོ་ཡིས་ཞེས་བྱ་བ་ནི། བདག་ཉིད་ཀྱིས་རང་རིག་པས་སོ། །དེས་ཚོར་བ་ཞེས་བྱ་བ་ནི་རང་རིག་པ་ཙམ་དུ་ཞེས་བྱ་བའི་དོན་ཏོ། ཚོར་བ་རཏྣ་དྷྲྀཀ་ཅེས་བྱ་བ་ནི། དེ་ལྟ་བུའི་དེ་ཁོ་ན་ཉིད་ཡང་དག་པར་རིག་པའི་རིན་པོ་ཆེ་

འཛིན་པར་མཛད་པས་ན་རིན་ཆེན་འཛིན་དུ་འདོད་ཅེས་པ་ནི། རཏྣ་དྷྲྀཀ་ཅེས་བྱ་སྟེ། རིན་ཆེན་དབང་ངོ་། །མཚན་གཞི་ཞེས་བྱ་བ་ལ་སོགས་པ་ལ་ཁྱད་པར་དང་། སྤྱིའི་མཚན་ཉིད་མཚོན་པར་བྱས་པས་ན་མཚན་ཉིད་དེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །མཚན་ཉིད་ནི་གཟུགས་སུ་རུང་

བས་ན། གཟུགས་སོ་ཞེས་བྱ་བ་དང་སྐྱེ་བ་ལ་སོགས་པའོ། །དངོས་པོས་ཀྱང་ཞེས་བྱ་བ་ནི། དངོས་པོའི་རྣམ་པར་དེ་ཡིས་སོ། །ཀུན་ལ་ཞེས་བྱ་བ་ནི་དངོས་པོ་མ་ལུས་པ་ལའོ། །ཀུན་གྱིས་ཞེས་བྱ་བ་ནི་རང་བཞིན་དང་རྣམ་པའི་དབྱེ་བས་སོ། །ཐམས་ཅད་དུ་ཞེས་བྱ་བ་ནི། ཕྱི་དང་ནང་

གི་བདག་ཉིད་ཅན་གྱི་ཚུལ་ཉིད་དོ། །རོལ་པ་ཞེས་བྱ་བ་ནི། རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་སོ་སོར་རྟོག་པའོ། །དེ་ལྟ་བུའི་སོ་སོར་རྟོག་པ་ལས་བྱུང་བ་སྟེ། མཚན་གཞི་དང་མཚན་ཉིད་ནི་ཨཱ་རོ་ལྀཀ་ཅེས་བཤད་པ་ཡིན་ཞེས་བྱའོ། །རྣམ་ཤེས་རབ་མཐར་ཕྱིན་བྱེད་པ། །ཞེས་

བྱ་བ་ནི་བྱམས་པ་ལ་སོགས་པ་ལ་བསླབས་པས་འགྲོ་བ་ཐམས་ཅད་ཀྱི་དོན་བྱས་པའི་རབ་ཀྱི་མཐར་ཐུག་པ་ཐོབ་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཅེས་བྱ་ལ། འདུ་བྱེད་སེམས་དཔའ་འཛིན་པས་ན། །ཞེས་བྱ་བ་ནི་སྨོན་ལམ་གྱི་དབང་དུ་བྱས་པའི་ཡིད་ལ་བྱེད་པས་ཡོངས་སུ་མྱ་

ངན་ལས་མི་འདའ་བའི་ཆོས་ཅན་དུ་བྱེད་དེ། དེ་ལྟ་བུའི་འགྲོ་བའི་བྱ་བ་ལ་རྣམ་པར་སྤྱོད་པའི་བདག་ཉིད་ཅན་གྱི་ཤེས་རབ་འཛིན་པར་མཛད་པས་ན། པྲཛྙ་དྷྲྀཀ་ཅེས་བྱ་བར་བཤད་པ་ཡིན་ནོ། །རིགས་ཞུས་པའི་ལན་གསུངས་པ་རིགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ།

เล่ม ๓๙ · หน้า 297b

མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ནི་སངས་རྒྱས་ལ་སོགས་པའི་བསྐྱེད་པའི་གནས་སུ་གྱུར་པས་རྒྱུད་ཅེས་བྱ་བའོ། །དེ་གང་ལ་ཡོད་པ་ནི་རྒྱུད་ཅན་ཏེ། ཡེ་ཤེས་ལྔ་གཅིག་ཏུ་གྱུར་པའི་རང་བཞིན་ཅན་ཆོས་ཀྱི་སྐུའི་བདག་ཉིད་ཀྱི་རྒྱུད་རྡོ་རྗེ་འཆང་བའོ། །དེ་ཉིད་ནི་ཐོག་མ་ཞེས་ཀྱང་བྱ་སྟེ།

ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་དེ་ཉིད་ལས་སྐྱེས་པའི་ཕྱིར་རོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ཞུས་པའི་ལན་བསྟན་པའི་སྐབས་སུ་རྣམ་པར་ཤེས་པ་ལ་སོགས་པའི་སྒྲའི་དོན་སྨོས་པ་དང་། ལེའུ་དང་པོ་ལ་སོགས་པའི་ཞེ་སྡང་ལ་སོགས་པའི་སྒྲའི་དོན་ཡང་གསུངས་པ་ནི། རྒྱུ་འབྲས་ཞེས་

བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྒྱུ་འབྲས་གཉིས་ལ་སྡང་བས་ན། །ཞེས་བྱ་བ་ནི་བཟང་པོ་དང་ངན་པ་དང་། ཡོད་པ་དང་མེད་པ་དང་། རྟག་པ་དང་མི་རྟག་པ་དང་། སྐྱེ་བ་དང་འཇིག་པ་དང་། བླང་བ་དང་དོར་བ་དང་། གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་མེད་པར་

དམིགས་ཏེ། སྡང་བས་ན་ཞེ་སྡང་སྟེ། གཉིས་སུ་མེད་པའི་རྣམ་པ་ཅན་གྱི་སེམས་སོ། །གཏག་ཅིང་གནོད་པ་བྱར་རུང་བས་གཟུགས་ཏེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་སོ། །གཏི་མུག་ཅེས་བྱ་བ་ནི་མི་ཤེས་པའོ། །ཅིའི་ཕྱིར་ཞེ་ན། བེམས་པོ་བཅིངས་པའི་རང་

བཞིན་པས། །ཞེས་བྱ་བ་གསུངས་ཏེ། མི་གསལ་བ་ཉིད་ཀྱིས་ཡང་དག་པར་རིག་པ་མེད་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། བེམས་པོ་མི་གསལ་བ་དང་ལྡན་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་ཀྱིས་སམ། ཕྱོགས་གཅིག་གིས་རྣམ་པར་ཤེས་པ་ལ་འཕོ་བར་གྱུར་

པ་མེད་དོ། །དེ་བས་ན་གཟུགས་ལས་མངོན་པར་ཞེན་པ་ནི་གཏི་མུག་ཅེས་བྱའོ། །བདག་ཏུ་རློམ་པའི་ངོ་བོ་ལས་ཞེས་བྱ་བ་ནི། བདག་ནི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དང་། ཀུན་དུ་ལྡན་ནོ་སྙམ་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །

དངོས་པོ་ལ་ཆགས་པའི་བདག་ཉིད་ཅན་ཞེས་བྱ་བའི་དངོས་པོ་ལས་མངོན་པར་ཞེན་པའི་རང་བཞིན་ཅན་ནོ། །ཀུན་དུ་ཆགས་ཞེས་བྱ་བ་ནི་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱིས་མངོན་པར་ཞེན་པའོ། །བདག་ཉིད་ཅེས་བྱ་བ་ནི་སེམས་སོ། །དོན་ནི་འདི་ཡིན་ཏེ་མཚན་གཞི་ལ་སོགས་པར་

เล่ม ๓๙ · หน้า 298a

རྟོག་པའི་བདག་ཉིད་ཅན་གྱི་སེམས་ནི་འདུ་ཤེས་སོ། །རྐྱེན་གྱིས་དྲན་པའི་བདག་ཉིད་ཅན། །ཞེས་བྱ་བ་ནི་ཁྱད་པར་གྱི་ཆོས་ཅུང་ཞིག་མཚན་མར་བྱས་པ་ལས་བྱུང་བའི་བདག་ཉིད་ཀྱི་སེམས་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་ཅེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་

མ་རྟོགས་པ་སེམས་ལས་བྱུང་བ་གཞན་དག་ནི་འདུ་བྱེད་དོ། །ཕྲག་དོག་ཅེས་བྱ་བ་ནི་ཕ་རོལ་གྱི་ཡོན་ཏན་ལ་ཞེ་སྡང་བའོ། །འདི་དག་ནི་འཇུག་པའི་རྣམ་པར་ཤེས་པ་ཉིད་ལ་འདུ་བྱེད་ཅེས་བྱའོ་ཞེས་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའི་རང་བཞིན་ནོ། །

སྲིད་པ་ཀུན་འབྱུང་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བས་ན་སྲིད་པ་སྟེ། ཕུང་པོ་ལྔའོ། །དེ་ཀུན་འབྱུང་བ་ནི་རབ་ཏུ་སྐྱེ་བའོ། །དོན་ནི་འདི་ཡིན་ཏེ། ཁམས་དང་སྐྱེ་གནས་དང་། འགྲོ་བས་རབ་ཏུ་བསྡུས་པའི་ཇི་སྐད་དུ་བཤད་པའི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་དེ་

ཁོ་ན་ཉིད་དུ་ན། རིམ་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་ནོ། །གང་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པས་སེམས་དེ་ནི་འདོད་པའི་ཞེས་བྱ་བའི་སྒྲར་ཡང་བཤད་དོ། །དེ་བས་ན་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་ནི་གོ་སླའོ། །

སྣ་ཚོགས་འདྲ་བའི་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་དབྱེ་བ་ཐ་དད་པས་ཕྱེ་བའོ། །མངོན་ཕྱོགས་ཞེས་བྱ་བ་ནི། སོ་སོར་སྣང་བ་བཞིན་ནོ། །ལས་ལས་སྐྱེས་ཞེས་བྱ་བ་ནི། སེམས་དཔའ་ལས་བསྐྱེད་པ་སྟེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་དཔའ་དང་

དེས་བྱས། །ཞེས་བཤད་པའི་ཕྱིར་རོ། །འབྲས་བུ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། གང་འདི་རྟོག་པ་སྣ་ཚོགས་པས། །བསྐྱེད་པའི་དངོས་པོ་སྣང་བའི་སེམས། །དེ་ནི་དམ་ཚིག་ཅེས་བྱ་བ་ནི། སྒྲར་བཤད་པའོ་ཞེས་པའོ། །དེ་ནི། མོ་ཧ་ཞེས་ནི་གང་ལ་

བགྱི། །ཞེས་བྱ་བ་ལ་སོགས་པ་དྲུག་གི་ལན་བསྟན་པའི་ཕྱིར་གསུངས་པ་ནི། གཉིས་མེད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་གཉིས་སུ་མེད་པའོ་ཞེས་བྱ་བའི་ང་རྒྱལ་བསྟན་པས་ངེས་པར་བྱས་པ་གང་ཡིན་པ་དེ་ནི་གཏི་མུག་ཡིན་ཏེ། ཆོས་ཐམས་ཅད་བསྒྲུབ་

เล่ม ๓๙ · หน้า 298b

པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕན་ཚུན་འབྱེར་བ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་བདག་ཉིད་ཅན་ཡིན་པས་གཟུང་བ་དང་འཛིན་པ་ལ་སོགས་པ་ཕན་ཚུན་བལྟས་པ་རྣམས་རྣམ་པར་འབྱེར་བའི་ངེས་པའི་ཡེ་ཤེས་ནི་ཞེ་སྡང་སྟེ་ཉེ་བར་དམིགས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་

ཕྱིར་རོ། །མཚན་ཉིད་ཅེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བར་མཚོན་པར་བྱེད་པས། མཚན་ཉིད་དེ་ཐུགས་རྗེ་དང་གཉིས་སུ་མེད་པའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ནི་འདོད་ཆགས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཀུན་དུ་ཆགས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ཞེན་པ་ཞེས་བྱ་

བ་གསུངས་པ་ཡིན་ནོ། །ཡེ་ཤེས་ཐབས་ནི་ཞེས་བྱ་བ་ལ་ཡེ་ཤེས་ནི་ངེས་པར་འབྱེད་པའི་ཤེས་རབ་པོ། །ཐབས་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རྩམ་པ་སྟེ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ནི་འདིར་རྡོ་རྗེ་ཞེས་བཤད་དོ་ཞེས་བྱ་བའི་བར་དུའོ། །ཡང་ན་འཁོར་བ་དང་མྱ་

ངན་ལས་འདས་པར་མི་ལྟུང་བའི་སྟོབས་སུ་གྱུར་པའི་ཡེ་ཤེས་ནི་རྡོ་རྗེ་ཞེས་བྱའོ། །རྫོགས་པའི་ལོངས་སྤྱོད་མཆོག་ཅེས་བྱ་བ་ནི་བདག་གིར་བྱེད་པའོ། །བུད་མེད་བདེ་བ་མཆོག་ཅེས་བྱ་བ་ནི་ཤེས་རབ་ལས་བྱུང་བའི་བདེ་བ་ནི་མཆོག་སྟེ་དམ་པའོ། །ཅིའི་ཕྱིར་ན་ཕྱིན་ཅི་མ་ལོག་པའི་ཚུལ་

གྱིས་བྱུང་བའི་ཕྱིར་དང་། མི་ལྡོག་པ་ཉིད་ཀྱི་ཕྱིར་རོ། །གཏི་མུག་ལ་སོགས་པ་ལ་དགའ་བའི་དོན་དང་སྦྱར་བ་གསུངས་པ་ནི། གཏི་མུག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །ཞེས་བྱ་བ་ནི་གང་གི་ཕྱིར་གཏི་མུག་ལ་སོགས་པ་བཤད་པའི་མཚན་ཉིད་རྣམས་

ལ་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་དགའ་བ་གནས་པའོ། །དེ་བས་ན། རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་བྱ་བ་ཡིན་ཏེ་སངས་རྒྱས་རྣམས་བུད་མེད་ལ་སོགས་པའི་སྤྲུལ་པ་ཡང་དག་པར་བསྟན་པ་ཉིད་ཀྱི་སེམས་ཅན་གྱི་ཁམས་ཉོན་མོངས་པ་རྣམས་སྨིན་པར་མཛད་པའི་དོན་ནི་ཐབས་ཆེན་

པོ་ཡིན་ནོ། །ཡ་མཱནྟ་ཀྲྀཏ་དོན་ནི་གང་ཞེས་བྱ་བ་ལ་སོགས་པ་ལ། ཞུས་པ་བཞིའི་ལན་རིམ་བཞིན་དུ་བསྟན་པ་གསུངས་པ། མི་འཇིག་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། རྟག་པའི་ཆོས་ཐམས་ཅད་ནི་འཇིག་པ་དང་བྲལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་མ་སྐྱེས་པའི་ངོ་བོ་

เล่ม ๓๙ · หน้า 299a

ཉིད་ཅེས་བྱ་བ་གསུངས་ཏེ། རྣམ་པར་བཅད་ན་གདོད་མ་ནས་མ་སྐྱེས་པ་ཡིན་པའི་ཕྱིར་རོ། །འདིར་ནི་ཕུང་པོ་ལ་སོགས་པར་བརྟགས་པའི་དངོས་པོ་ཀུན་གྱི་དམ་ཚིག་སྟེ་འདའ་བར་མི་བྱའོ། །དེ་ལྟ་བུའི་རྒྱུ་གང་ཡིན་པ་དེས་ན་མཐར་བྱེད་པ་སྟེ། གདོད་མ་ནས་མ་

སྐྱེས་པའི་ཆོས་ཉིད་རྟོགས་པའི་རྒྱུས་ཕུང་པོ་ལ་སོགས་པར་བརྟགས་པ་རྣམས་རྣམ་པར་འཇིག་པར་བྱེད་དོ། །གཤིན་རྗེ་གཤེད་ཅེས་བྱ་བ་ནི་གཤིན་རྗེའི་སྒྲ་སྟེ། དེ་བས་ན་འཆི་བདག་གིས་རྣམ་པར་རྟོག་པ་མཐར་ཕྱིན་པར་མཛད་པས་ན། གཤིན་རྗེ་མཐར་བྱེད་ཅེས་བྱའོ། །རྣམ་ཤེས་མིན་

བདག་ཆོས་རྣམས་ནི། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དག་ནི། དེ་ཁོ་ན་ཉིད་དུ་མ་གྲུབ་པས་རྣམ་པར་ཤེས་པ་མ་ཡིན་པའི་ངོ་བོ་ཉིད་ཡིན་ནོ། །འདིར་གཏན་ཚིགས་ནི། དོན་དམ་མི་འགྱུར་དག་གྱུར་ཉིད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་ཅན་གྱི་དོན་

ཏོ། །དེ་བས་ན། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ། །དེ་བཞིན་ཉིད་ལ་དམིགས་ནས་སུ། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་གསུངས་པ་ཡིན་ནོ། །སེམས་ཀུན་གྱིས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཅར་གྱི་སྟེ། གང་གི་

ཕྱིར་འདི་ལྟར་ཉེ་བར་བྱུང་བ་དང་། འབྱུང་བར་འགྱུར་བ་རྣམས་དང་། སྤང་བ་དང་མི་འབྱུང་བ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། མ་སྐྱེས་པ་དང་གནས་པ་དང་། བསྐྱེད་པའི་ཕྱིར་གཉེན་པོར་གྱུར་པའི་ཤེས་རབ་གང་ཡིན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་མཐར་འབྱིན་པར་བྱེད་པ་

ཡིན་པས་ཤེས་རབ་མཐར་བྱེད་དོ། །རྒྱལ་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ལུས་པ་ལས་རྒྱལ་བར་གྱུར་པ་སྟེ། གཞན་གྱིས་མི་ཐུབ་པའོ། །བརྗོད་མེད་བདག་མེད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་རྣམ་པར་རྟོག་པའི་ཡུལ་མ་ཡིན་པས་ན་བརྗོད་དུ་མེད་པའི་ངོ་བོ་ཉིད་དོ། །དེ་

ཉིད་ཀྱིས་ན། མིང་དང་གཟུགས་བློ་དངོས་པོ་མེད། །ཅེས་བྱ་བ་ཡིན་ཏེ། མིང་ནི་མི་ལྡན་པའི་འདུ་བྱེད་རྣམས་དང་སེམས་ལས་བྱུང་བ་རྣམས་སོ། །གཟུགས་ནི་ཕྱིའི་དོན་ཏོ། །དེར་དེའི་བདག་ཉིད་ཅན་གྱི་བློའོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དེ་ལྟར་ཡིན་

เล่ม ๓๙ · หน้า 299b

པའི་རྒྱུ་དེས་ན། ཇི་ལྟར་པདྨ་དམར་པོ་འདི། །མཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་ཁམས་གསུམ་གནས་པ་ཡི། །ཉེས་པ་རྣམས་ཀྱིས་མི་གོས་པའོ། །ཞེས་བྱ་བའི་པདྨའི་རྣམ་པར་དག་པས་དྲན་པས་སྐྱེ་བའི་སྒྲིབ་པ་མཐར་འབྱིན་པར་མཛད་པས་ན། པདྨ་མཐར་བྱེད་

ཅེས་བཤད་དོ། །ཁྱབ་བདག་ཅེས་བྱ་བ་ནི་རྟ་མགྲིན་ནོ། །མི་རྟོག་བདག་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་སྟོང་པའོ། །གཏན་ཚིགས་གསུངས་པ་ནི། རང་བཞིན་གྱིས་ནི་ཞི་བའི་དངོས། །ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་རང་གི་མཚན་ཉིད་སྟོང་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་

ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་ངེས་པར་བརྟགས་པ་ལ་རྩེ་གཅིག་ཏུ་གྱུར་པའི་སེམས་ཏེ། དེ་ཡང་ཟླ་བ་ལྟར་སྣང་དག་པའི་བློ། །རྡོ་རྗེ་ཞེས་ནི་བྱ་བར་བཤད། །ཅེས་གསུངས་པ་ཡིན་ནོ། །གླེགས་བམ་ལ་ལ་ལས་སྒོམ་པ་ཀུན་གྱི་ཡང་ཞེས་ཀྱང་ཟེར་ཏེ། དེར་ནི་ཡང་དག་པར་བརྟགས་པའི་ཞེས་

བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་བགེགས་རྣམས་ཀྱི་རྒྱུ་ནི་རྣམ་པར་རྟོག་པ་ཉིད་ཡིན་ལ་དེ་ཡང་རྣམ་པར་བརྟགས་ན་རང་བཞིན་གྱིས་སྟོང་པ་ཡིན་ནོ། །དེ་བས་ན་ཡང་དག་པའི་མཐའི་མུར་ཐུག་པའི་བློ་ཉིད་ནི། བགེགས་མཐར་བྱེད་ཅེས་

བཤད་དོ། །གཙོ་བོ་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་རོ། །ད་ནི་ཇི་སྐད་དུ་བཤད་པའི་ཡ་མཱནྟ་ཀྲྀཏ་ལ་སོགས་པ་དྲིས་པའི་དོན་གསལ་བར་བྱ་བའི་ཕྱིར་གསུངས་པ་ནི། མི་འཇིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་དག་ཉིད་ཀྱིས་རྣམ་པར་དག་པ་ནི་དད་པ་ལ་སོགས་པའི་རང་བཞིན་ཅན་

གྱི་ཡེ་ཤེས་བཞི་པོ་ནི་རྫོགས་པའི་བྱང་ཆུབ་ཀྱི་ཐབས་སུ་གྱུར་པས། སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཤེས་ན་བདེ་བ་ཐོབ་པར་འགྱུར། །ཞེས་བྱ་བ་ཡིན་ཏེ་ཡེ་ཤེས་འདི་དག་ལ་དམིགས་པས་ངེས་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཐོབ་པར་འགྱུར་རོ། །དེ་ཡང་དད་པ་མེད་པ་

ལ་ནི་བརྩོན་འགྲུས་མེད་ལ་བརྩོན་འགྲུས་དང་བྲལ་བ་ནི་དགེ་བའི་ཆོས་རྣམས་ལ་དྲན་པ་ཉམས་པར་འགྱུར་ལ། དྲན་པ་ཉམས་པ་ལས་ཏིང་ངེ་འཛིན་མེད་ལ་མཉམ་པར་མ་བཞག་པས་ནི་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་མི་འགྱུར་ན། བྱང་ཆུབ་ཀྱི་བདེ་བ་ག་ལ་ཐོབ།

เล่ม ๓๙ · หน้า 300a

ཡང་ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པའི་དོན་རྣམ་པ་གཞན་དུ་བསྟན་པ་གསུངས་པ་ནི། གཏི་མུག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱིས་ཆོས་ཐམས་ཅད་ཀུན་དུ་རྟོག་པ་མེད་པའི་གཏི་མུག་ཆེན་པོ་ནི། གཤིན་རྗེ་གཤེད་ཅེས་བྱ་བའི་སྒྲས་གསུངས་

པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་ཁྲོ་བོའི་རྣམ་པར་བརླབས་པར་གྱུར་པས་མི་ཤེས་པ་མ་ལུས་པ་ཟད་པར་འགྱུར་བའི་འཇིག་པ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

དེ་བས་ན་འཇིག་ཚོགས་ལ་ལྟ་བ་དང་། ཤེས་བྱའི་སྒྲིབ་པ་མཐར་བྱེད་པར་འགྱུར་བ་ཡིན་ནོ། །ཉེས་པ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་ཚོགས་རྣམ་པར་འཇིག་ཅིང་སུན་འབྱིན་པར་བྱེད་པས་ན་ཉེས་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ནི་ཤེས་རབ་མཐར་

བྱེད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་ཁྲོ་བོ་ལ་བརླབས་པས་ཉོན་མོངས་པའི་ཚོགས་མ་ལུས་པར་ཟད་པར་བྱེད་པར་འགྱུར་རོ། །དེ་ནས་སེམས་ནི་མཐར་བྱེད་དེ། །

ཞེས་བྱ་བ་ཡིན་ཏེ། བསགས་པས་ན་སེམས་ཏེ། དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་བསྒོས་པའི་ཕྱིར་སེམས་ཏེ། རྟོག་པའི་གནས་སུ་གྱུར་པའི་ཤེས་པའོ། །དེ་མཐར་འབྱིན་པར་བྱེད་པས་ཉོན་མོངས་པ་མཐར་བྱེད་པར་ཡང་འགྱུར་ཏེ། ཉོན་མོངས་པ་རྣམས་ནི་རྟོག་པའི་རང་བཞིན་

ཅན་ཡིན་པའི་ཕྱིར་རོ། །འདོད་ཆགས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་སེམས་ལ་ཞེན་པའི་ཆགས་པ་སྟེ། དེ་ནི་པདྨ་མཐར་བྱེད་ཅེས་བཤད་དོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་

ཁྲོ་བོ་བསྟན་པས་འདུ་ཤེས་ཕྱིན་ཅི་ལོག་པ་ལས་ལྡོག་པ་ནི་འདོད་ཆགས་ཟད་པར་འགྱུར་རོ། །དེ་བས་ན་ཚིག་ཏུ་རྟོག་པ་དང་བྲལ་བས་ངག་མཐར་བྱེད་དུ་འགྱུར་ཞིང་དེ་བཞིན་དུ་སྙོམས་པར་འཇུག་པ་མཐར་བྱེད་པར་ཡང་འགྱུར་ཏེ། བརྗོད་པ་དང་རྗོད་པར་བྱེད་པ་དག་ཡུལ་དང་ཡུལ་ཅན་ཉིད་དུ་

เล่ม ๓๙ · หน้า 300b

འདུས་པ་ནི། སྙོམས་པར་འཇུག་པའོ། །དེ་ཡང་རྟོག་པ་དང་བྲལ་བ་ཉིད་ཀྱིས་མེད་དོ། །ཉོན་མོངས་པ་ཀུན་ཟད་ཅེས་བྱ་བ་ཡིན་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མའི་གཉེན་པོར་གྱུར་པའོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ལ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ།

དེ་ཉིད་རྟོག་པ་ཐམས་ཅད་ཟད་པ་ཡིན་པས་ཟད་པའོ། །སྒྲིབ་པ་ཀུན་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པ་ཟད་པར་ནུས་པའི་ཡེ་ཤེས་ནི། བགེགས་མཐར་བྱེད་ཅེས་བྱ་བར་བཤད་དོ། །འདི་སྐད་སྟོན་ཏེ། ལུས་དང་ཤེས་བྱ་མཐར་བྱེད་ནི། གཤིན་རྗེ་མཐར་བྱེད་དོ། །

སེམས་དང་ཉོན་མོངས་པ་དག་མཐར་བྱེད་པ་ནི་ཤེས་རབ་མཐར་བྱེད་དོ། །ངག་དང་སྙོམས་པར་འཇུག་པ་མཐར་བྱེད་པ་ནི་པདྨ་མཐར་བྱེད་དོ། །སྒྲིབ་པ་ཐམས་ཅད་མཐར་བྱེད་པ་ནི་བགེགས་མཐར་བྱེད་དོ་ཞེས་པའོ། །ཉོན་མོངས་པ་རྣམ་པར་དག་པའི་འབྲས་བུ་གསུངས་པ་ནི། ཉོན་

མོངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་ན། ལུས་ལ་སོགས་པའི་བྱ་བ་རྣམ་པ་ཐམས་ཅད་དུ་དག་པར་འགྱུར་ཏེ། མ་རིག་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དེ་བས་ན་ལས་ཐམས་ཅད་དུ་རྣམ་པར་དག་པས་ན་འབྲས་བུ་སྟེ། རྣམ་པར་སྨིན་པས་

འགལ་བ་མེད་པར་འགྱུར་རོ། །དེ་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས། དེ་བས་ལུས་སོགས་དགེ་དང་མི་དགེ་བའི། །རྣམ་པའི་ལས་རྣམས་སེམས་ཀྱི་དབང་ལས་གསུངས། །དེ་ལྟར་རྟོག་པ་མ་ལུས་སྤངས་པ་ཡིས། །སེམས་ནི་ནག་པོའི་ལས་སུ་ག་ལ་འགྱུར། །

ཞེས་བཤད་པ་ཡིན་ནོ། །དེ་ལྟ་བུའི་སེམས་ཀྱིས་རིན་པོ་ཆེ་ཇི་ལྟར་སྐྱེ་བར་འགྱུར་ཞེས་རྟོག་པར་འགྱུར་བས་དེའི་ཕྱིར་གསུངས་པ་ནི། གཟུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུང་བ་ནི་དེ་ལྟ་བུའི་རྣམ་པར་རྟོག་པའོ། །ཆགས་པ་ནི་དེ་ལ་ཀུན་དུ་ཞེན་པའོ། །རྣམ་

པ་ནི་དེའི་རྣམ་པ་སྟེ་རྗེས་སུ་དྲན་པའོ། །མི་གཡོ་བ་ནི་དེ་ཉིད་ལ་བརྟེན་པར་འགྱུར་བའོ། །རྒྱུ་ཉིད་ནི་གོམས་པར་བྱེད་པའི་གནས་སྐབས་ན་ཐབས་སུ་འགྱུར་བའོ། །འབྲས་བུ་ཉིད་ནི་དེ་གསལ་བར་གྱུར་པ་སྟེ། དྲུག་པོ་དེ་དག་ལས་ཐུགས་ཐམས་ཅད་འབྱུང་བར་འགྱུར་རོ། །ཁ་ཅིག་

เล่ม ๓๙ · หน้า 301a

ནི་སེམས་དྲུག་པོ་འབྱུང་བར་བཤད་པས་འདོད་པའི་རྒྱལ་པོ་དང་། དབྱིག་སྔོན་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་རྣམས་འབྱུང་བ་བཤད་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་ཁྲོ་བོའི་དབང་པོ་འདིར་གང་ཡིན། །འབྱུང་

དང་འབྱུང་ལས་གྱུར་པ་གང་། །རིག་པའི་རྒྱལ་པོ་གང་ཞིག་ཡིན། །རྡོ་རྗེའི་བདག་པོའང་གང་ཞིག་ཡིན། །ཞེས་བྱ་བ་དྲི་ཚིག་བཞིའི་རྟོག་པ་རང་ཉིད་སྐྱེས་པ་ལ། དེའི་ལན་གསུངས་པ་ཡིན་ནོ་ཞེས་འདོད་དོ། །དེ་ལ་འདོད་པའི་རྒྱལ་པོ་ལ་སོགས་པ་ནས་གནོད་མཛེས་ཀྱི་མཐར་ཐུག་པ་

དྲུག་པོ་འདི་དག་ལ་ཁྲོ་བོའི་དབང་པོ་ཞེས་བྱ་བར་བཤད་ཀྱི། གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་མ་ཡིན་ནོ། །དེ་དག་ཀྱང་ཁྲོ་བོ་དང་ཚོགས་དང་། ཕོ་ཉ་དང་བྲན་ཞེས་བྱ་བ་རྒྱུད་གཞན་དག་ལས་བཤད་དོ། །དེ་ཡང་། གཤིན་རྗེ་གཤེད་ནི་ཁྲོ་བོར་བཤད། །ཤེས་རབ་མཐར་བྱེད་ཚོགས་ཞེས་

བྱ། །ཕོ་ཉ་པད་མཐར་བྱེད་ཅེས་བྱ། །བྲན་ནི་བགེགས་མཐར་བྱེད་དུ་བསྒྲགས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དམ་ཚིག་རྡོ་རྗེ་ལ་སོགས་དྲུག །ཅེས་བྱ་བ་ནི་ལེའུ་དང་པོ་ལས་རྒྱལ་བ་རྡོ་རྗེའི་བར་གྱི་བྱང་ཆུབ་སེམས་དཔའ་དྲུག་གསུངས་པ་ཡིན་ནོ། །ས་ལ་སོགས་པ་རྣམ་པ་

ལྔ། །ཞེས་བྱ་བ་ནི་དེ་ཉིད་ལས་ས་རྡོ་རྗེ་ནས་བརྩམས་ཏེ། ནམ་མཁའ་རྡོ་རྗེའི་བར་ནི་འབྱུང་བའི་བདག་ཉིད་ཅན་དུ་ཤེས་པར་བྱ་སྟེ། འབྱུང་བ་ཆེན་པོ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སའི་སྙིང་པོ་ལ་སོགས་པ་ལྔ་པོ་ནི། མིག་ལ་སོགས་པ་རྣམ་པར་དག་པའི་

ངོ་བོ་ཉིད་ཀྱིས་འབྱུང་བ་ལས་རབ་ཏུ་བྱུང་བ་ཡིན་པའི་ཕྱིར་འབྱུང་བ་ལས་གྱུར་པ་ཞེས་ཏེ། འདི་དག་ཉིད་ཀུན་དུ་བཟང་པོ་དང་བཅས་པ་ལ་ནི་རིག་པའི་རྒྱལ་པོ་ཞེས་བཤད་དོ། །གཟུགས་ལ་སོགས་པ་དྲུག་གི་མིང་གསུངས་པ་ནི། གཟུགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བདག་ཉིད་ཆེན་པོ་ཀུན་དུ་འབྱུང་། །ཞེས་བྱ་བ་ནི་འདི་དག་ཐམས་ཅད་སྐུ་གསུམ་གྱི་བདག་ཉིད་ཅན་ཡིན་པས་སྐུ་ལ་སོགས་པ་མི་ཕྱེད་པའི་རྣམ་པར་བྱུང་བ་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་གཅིག་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་དེའི་ངོ་བོ་ཁོ་ན་

เล่ม ๓๙ · หน้า 301b

ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཀུན་དུ་སྤྱོད་པ་ཞུས་པའི་ལན་གསུངས་པ་ནི། ཐབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐབས་དང་ཤེས་རབ་ལས་བྱུང་བའི་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་རོ། །ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས། །ཞེས་བྱ་བ་ནི་ཕུང་པོ་ལ་སོགས་

པའི་བདག་ཉིད་ཅན་གྱི་གཟུགས་སོ། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་སྐད་ཅིག་མས་རྫོགས་པའི་རྣལ་འབྱོར་དང་། རིམ་གྱིས་རྟོགས་པའི་རྣལ་འབྱོར་གྱིས་ཏེ་དེ་ཡང་། སྤྲོ་དང་བསྡུ་བ་བྱེད་པ་ཡིས། །རྣམ་པའི་མཆོག་ནི་ཀུན་ལྡན་པ། །སྐད་ཅིག་ཡེ་ཤེས་ཀྱིས་

རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བཤད་དོ། །བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་ས་བོན་སྐྱེ་བ་ཅན། །ཕྱག་རྒྱའི་གཟུགས་སུ་བརྟགས་པ་ཡི། །རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་

གསུངས། །ཞེས་བཤད་པ་ཡིན་ནོ། །སྔགས་པས་སྦྱོར་བ་ངེས་བྱས་ལ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱིས་བརྟན་པར་བྱའོ། །དེ་ལྟར་རྫོགས་པ་དང་རྟོག་པའི་རྣལ་འབྱོར་གཉིས་པོ་བརྟན་པར་བྱས་ནས་རྣམ་པར་རྒྱུ་ཞིང་བྱ་བ་ཐམས་ཅད་

བྱའོ། །ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གསུངས་པ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་དག་པར་བྱས་པ་ཡིས། །ཞེས་བྱ་བ་ལས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཇི་སྙེད་པ་ཐམས་ཅད་རྡོ་རྗེ་འཆང་དང་འདྲ་བ་ཡིན་ནོ་ཞེས་ངེས་པར་བསྐྱེད་པས་སོ། །འཇིག་པ་ཐམས་

ཅད་སྤངས་ནས་སུ། །ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་བྲལ་བ་ཉིད་ཀྱིས་དོགས་པ་ཐམས་ཅད་རྣམ་པར་སྤངས་པ་ཡིན་ནོ། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཞེས་བྱ་བ་ནི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་པའི་ཕྱིར་ཡིད་ལ་ཐེ་ཚོམ་མེད་པར་གྱུར་པས་སོ། །སེང་གེ་བཞིན་དུ་སྤྱོད་

ཅེས་བྱ་བ་ནི། དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་མི་མཐུན་པའི་ཕྱོགས་མེད་པར་འགྱུར་རོ། །དུས་དེའི་ཚེའི་བྱ་བའི་སྤྱོད་པ་གསུངས་པ་ནི། འདི་ལ་མི་བྱ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྷའི་ང་རྒྱལ་རྩེ་གཅིག་པའི་བརྟན་པ་ལ་གནས་པའི་རྣལ་འབྱོར་པ་དེ་ནི་ཉེ་བར་

เล่ม ๓๙ · หน้า 302a

དམིགས་པ་གཞན་མེད་པར་བྱ་བ་དང་བྱ་བ་མ་ཡིན་པའི་རྣམ་པར་རྟོག་པ་མེད་དོ། །མི་བཟའ་ཞེས་བྱ་བ་ནི་གཙང་བ་དང་མི་གཙང་བ་དང་། མཆོག་དང་མཆོག་མ་ཡིན་པ་ལ་སོགས་པ་རྟོག་པ་མེད་པའོ། །སྨྲ་བར་མི་བྱ་ཞེས་བྱ་བ་ནི་སྨྲ་བར་བྱ་བ་དང་། སྨྲ་བར་མི་བྱ་བའི་ཉེ་བར་

དམིགས་པ་མེད་པའོ། །མི་བསམ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པ་དབྱེ་བ་ཡང་མེད་པའོ། །རྒྱུ་གསུངས་པ་ནི་མཉམ་པར་མ་བཞག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། སེམས་ལ་དབང་ཐོབ་པས་མཉམ་པར་མ་བཞག་པའི་གནས་སྐབས་ཉིད་ཀྱང་འདིའི་མཉམ་པར་

གཞག་པ་ཉིད་ཡིན་ནོ། །དེ་ཡང་། བྱང་ཆུབ་སེམས་དཔའི་ཀུན་རྟོག་ལས། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་ཡིད་དབང་འགྱུར་ཉིད། །ཅེས་བཤད་པ་ལྟ་བུའོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ལ་བྱ་ཞིང་སྙིང་བརྩེ་བ་དང་ལྡན་

པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བ་ལ་བཏང་སྙོམས་སུ་བྱ་བ་མེད་དོ། །དེ་བས་ན་མི་དགེ་བའི་ཚུལ་ཅན་གྱི་ལུས་ལ་སོགས་པའི་ལས་ཀྱིས་ཀྱང་དེའི་ཕན་པ་བྱེད་པས་དེའི་ཕྱིར། འདི་ལ་མི་བྱ་ཅི་ཡང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་ན་

ལས་དང་པོ་པ་རང་གི་ལྷག་པའི་ལྷའི་རྣལ་འབྱོར་པས་ལྷག་པར་མོས་པ་རྟག་ཏུ་སེམས་ཡང་དག་པར་སྡུད་པ་ཡིན་པས་ན་མི་བྱ་བ་སྟེ། བྱ་བ་མ་ཡིན་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་མཚན་ཉིད་ཅན་གྱི་སེམས་ཡོད་པ་མ་ཡིན་ནོ། །མི་བཟའ་ཞེས་བྱ་བ་ནི། རང་གི་རྣལ་འབྱོར་

གྱི་སྤྱོད་པ་དང་འགལ་བའི་ཟ་བ་ལ་སོགས་པ་མེད་པའོ། །མི་སྨྲ་ཞེས་བྱ་བ་ནི་བསྟོད་པ་དང་བཟླས་པ་དང་དམ་པའི་ཆོས་འདོན་པ་མ་གཏོགས་པ་གཞན་མི་སྨྲ་བའོ། །མི་བསམ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་། རང་གི་ལྷའི་བསམ་གཏན་མ་གཏོགས་པ་

དོན་གཞན་མི་སེམས་པའོ། །འདིར་རྒྱུ་གསུངས་པ་ནི་མཉམ་པར་མ་བཞག་ཅེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་གཡེང་བའི་གནས་སྐབས་སུ་ཡང་རྟག་ཏུ་རང་གི་ལྷར་སེམས་རྩེ་གཅིག་ཏུ་བྱེད་པས་འདི་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་ནོ། །དེ་བས་ན་སེམས་ཀུན་ཞེས་

เล่ม ๓๙ · หน้า 302b

བྱ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་། ལུང་དུ་མ་བསྟན་པའི་སྤྱོད་པ་གང་ཡིན་པ་ལ་ཏིང་ངེ་འཛིན་ཡོངས་སུ་མི་དོར་བའི་མཚན་ཉིད་ཅན་དེ་ནི། ཀུན་དུ་སྤྱོད་པ་ཞེས་བྱ་བར་བཤད་དོ། །སྔགས་ཀྱི་སྤྱོད་པ་ཞུས་པའི་ལན་གསུངས་པ་ནི། དབང་པོ་ཞེས་བྱ་བ་ལ་སོགས་

པ་གསུངས་པ་ཡིན་ཏེ། དབང་པོ་ནི་མིག་ལ་སོགས་པའོ། །ཡུལ་ནི་དབང་པོའི་དོན་རྣམས་སོ། །དེ་དག་གིས་སྟོབས་ཀྱིས་གང་བར་འབྱུང་ཞིང་སྐྱེས་པར་གྱུར་པའི་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་སེམས་དེ་ནི་མིན་ཞེས་བྱ་བར་བཤད་དོ། །དེ་སྐྱོབ་པར་བྱེད་པས་ཐབས་དང་ཤེས་རབ་

གཉིས་སུ་མེད་པའི་ཡེ་ཤེས་ནི་མནྟྲ་སྟེ་སྔགས་སོ། །དེས་སམ་དེས་སྤྱོད་པ་འཇིག་རྟེན་པའི་ཐ་སྙད་དང་བྲལ་བའི་དམ་ཚིག་ལ་སོགས་པ་ཡོངས་སུ་གསུངས་པའི་མཚན་ཉིད་ཅན་དེ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱ་བར་བཤད་དོ། །བཟླས་པ་ཞུས་པའི་ལན་གསུངས་པ་ནི། རང་རང་ཞེས་བྱ་བ་ལ་

སོགས་པ་ཡིན་ཏེ། ངོ་བོ་ཉིད་ཅེས་བྱ་བ་ནི་སྔར་བཤད་པའི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་སྤྱོད་པ་ལ་སོགས་པའི་མཚན་ཉིད་ཅན་སྐུ་ལ་སོགས་པའི་རང་བཞིན་ལ་རྣམ་པར་ལྟའོ། །སྙིང་པོ་ཞེས་བྱ་བ་ནི་ས་བོན་ནོ། །ཡིད་ཀྱིས་ཞེས་བྱ་བ་ནི་རྣམ་པར་སྤྱོད་པའི་བདག་ཉིད་ཅན་གྱི་སེམས་

ཀྱིས་སོ། །གསང་སྔགས་ཞེས་བྱ་བ་ནི་བཟླས་པ་བྱ་བའི་ཡི་གེའོ། །དབྱེ་བ་ཡིས་ཞེས་བྱ་བ་ནི། རྡོ་རྗེའི་བཟླས་པ་ལ་སོགས་པའི་དབྱེ་བས་སམ། རིམ་དང་ཅིག་ཅར་གྱི་དབྱེ་བས་སོ། །བཟླས་པར་ཞེས་བྱ་བ་ནི་ཟློས་པར་བྱེད་པས་སོ། །སྤྲོ་ཞིང་བསྡུ་ཞེས་བྱ་བ་ནི་འབྱིན་པ་དང་བསྡུ་བའི་

བདག་ཉིད་ཅན་ནོ། །སྣ་ཚོགས་ཡེ་ཤེས་བདག་ཉིད་ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་མངོན་པར་ཤེས་པས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འཇུག་གོ་ཞེས་བྱ་བའི་བར་དུའོ། །ཡེ་ཤེས་ས་བོན་ཞེས་བྱ་བ་ནི་རང་

རང་གི་ཡེ་ཤེས་སེམས་དཔའི་ས་བོན་ལས་སྤྲོས་ལ་བསྡུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་བདག་མེད་ས་བོན་གྱིས། །ཞེས་བྱ་བ་ནི་བྱང་ཆུབ་ཉིད་བདག་མེད་པའི་ས་བོན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་། སྐུའི་ཡི་གེ་མ་སྐྱེས་ཤིང་། །གསུང་དང་ཐུགས་ཀྱང་མཚན་ཉིད་མེད། །

เล่ม ๓๙ · หน้า 303a

ཅེས་ལྷག་པར་མོས་པས་ཞེས་བྱ་བའི་དོན་ཏོ། །བདག་མེད་ཅེས་བྱ་བ་ནི་དངོས་པོ་མེད་པའོ། །གཟུགས་ཞེས་བྱ་བ་ནི་མི་གཡོ་བར་བྱའོ། །ཁ་ཅིག་ན་རེ་རང་གི་ལྷག་པའི་ལྷ་ཡེ་ཤེས་སེམས་དཔའི་ས་བོན་འཛིན་པའི་རང་བཞིན་དང་བྲལ་བས་སངས་རྒྱས་ལྔ་པོ་སྣ་ཚོགས་རྡོ་རྗེའི་བདག་ཉིད་

སྤྲོས་པ་ལ་བསྡུ་བར་བྱའོ་ཞེས་ཟེར་རོ། །སྣ་ཚོགས་བཞིན་དུ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ལྷག་པར་མོས་པ་སྟེ། དེ་ཡང་བཟླས་པ་རྩེ་གཅིག་སེམས་ཉིད་ནི། །དངོས་ཀུན་བདག་ཉིད་རང་གི་སེམས་དབང་ངོ་། །རང་གི་སྔགས་ནི་སྣ་ཚོགས་འོད་ལྡན་པར། །བྱས་པར་བློ་དང་

ལྡན་པས་བསྒོམ་པར་བྱ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དུས་གསུམ་ས་བོན་དག་གིས་བཟླ། །ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་དང་བཅས་པར་ཡེ་ཤེས་སེམས་དཔའི་ས་བོན་བཟླ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་འདི་དག་བཟླས་པའི་སྒྲར་

བཤད་པ་དེ་བསྟན་པའི་ཕྱིར་གསུངས་པ་ནི། སྨྲ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕྱི་དང་ནང་གི་སྨྲ་བ་ལ་བཟླས་པའི་སྒྲར་བཤད་དོ། །དེ་བས་ན་དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱི་ཕྱི་དང་ནང་གི་ངག་གི་འཇུག་པ་ཐམས་ཅད་ནི་དེ་ཁོ་ན་ཉིད་སྟོན་པར་བྱེད་པས་སྔགས་སུ་འགྱུར་རོ། །སྔགས་ཀྱི་དོན་

གསུངས་པ་ནི། སྔགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནི་གོ་སླའོ། །རྒྱས་བཏབ་པ་ཞེས་གང་ལ་བཤད་ཅེས་ཞུས་པའི་ལན་གསུངས་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྣམ་པ་གང་གི་ཁྲོ་བོ་དང་། ཁྲོ་བོ་མ་ཡིན་པའི་ཚུལ་གྱིས། སྙིང་གར་ཡེ་ཤེས་ཀྱི་ལྷ་

བསྐྱེད་པ་ཏིང་ངེ་འཛིན་ཀྱང་དེ་བཞིན་ནོ་ཞེས་བྱ་བ་སྟེ། དམ་ཚིག་སེམས་དཔའི་ལྷ་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་ཡེ་ཤེས་དང་། དམ་ཚིག་གི་ལྷ་གཉིས་ཐ་མི་དད་པར་བསྟན་ཏོ། །དེ་རྣམས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་ལས་བྱུང་བ་དེས་དེ་དབང་

བསྐུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཀུན་དུ་མཆོད་པའོ། །ཞེས་བྱ་བ་ནི་བདག་པོའི་མཆོད་པ་ཇི་ལྟར་གསུངས་པ་དེ་བཞིན་དུ་དེའི་སྤྲུལ་པ་རྣམས་ལ་ཡང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རིག་མ་ཞེས་བྱ་བ་ནི། རང་དང་འདྲ་བའི་རིག་མ་སྟེ། །དེ་དང་ལྷན་ཅིག་སྦྱོར་ཞིང་གཉིས་སུ་མེད་པར་

เล่ม ๓๙ · หน้า 303b

གྱུར་པ་གང་ལ་ཡོད་པ་བསྒོམ་བཞིན་པའི་ལྷའི་ཁྱད་པར་ལ་ལོངས་སྤྱོད་བཞི་ཆར་ཡང་དེའི་ཐུགས་བྱིན་གྱིས་བརླབས་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །བདག་བྱིན་བརླབ་སོགས་ཞེས་བྱ་བ་ལ་བདག་ལ་བྱིན་གྱིས་བརླབས་པ་ནི་བསྙེན་པའི་ཏིང་ངེ་འཛིན་གྱི་ངོ་བོར་བདག་པོ་བསྐྱེད་པའོ། །

སོགས་པའི་སྒྲས་ནི་རིག་པ་དང་འདྲ་བར་བསྐྱེད་པ་ཡང་ཤེས་པར་བྱའོ། །འདི་གཉི་གས་ཀྱང་ཤེས་རབ་དང་ཐབས་ཀྱི་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་བསྒོམ་པར་བྱའོ་ཞེས་སྟོན་པར་འགྱུར་རོ། །ཁ་ཅིག་ནི་དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནས། བདག་བྱིན་གྱིས་བརླབས་པ་ཞེས་བྱ་

བའི་བར་གྱིས་སྤྲོས་པ་རྣམས་ཀྱང་དཀྱིལ་འཁོར་གྱི་བདག་པོའི་ཡན་ལག་བཞིའི་ཏིང་ངེ་འཛིན་ལས་བསྐྱེད་པར་བྱའོ་ཞེས་མདོར་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དཔའ་བོ་རྡོ་རྗེ་གཅིག་རྣམས་ཀྱི། ཞེས་བྱ་བ་ལ། ཉོན་མོངས་པའི་གཡུལ་ངོ་མ་ལུས་པ་ལས་རྒྱལ་བ་ཉིད་ཀྱིས་ན་དཔའ་བའོ། །

སངས་རྒྱས་བཅོམ་ལྡན་འདས་ནི་ཐབས་དང་ཤེས་རབ་མཉམ་པ་མེད་པར་མཛད་པ་ཉིད་ཀྱིས་ན་རྡོ་རྗེ་གཅིག་པུ་སྟེ། ཐབས་གཙོ་བོར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི། ཤེས་རབ་ཀྱང་གཙོ་བོར་གྱུར་པ་ཡིན་ཏེ། འདི་རྣམས་ནི་རང་གི་བདག་པོ་ཉིད་ཀྱིས་དབང་བསྐུར་བར་བྱའོ། །

འདི་དག་རྒྱས་གདབ་པར་བྱ་ཞེ་ན་དེའི་ཕྱིར་གསུངས་པ་ནི། ཉིད་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྙིང་པོ་ནི་ཡེ་ཤེས་སེམས་དཔའོ། །ཕྱག་རྒྱ་ནི་མིག་ལ་སོགས་པ་རྒྱས་འདེབས་པའི་ངོ་བོས་སའི་སྙིང་པོ་ལ་སོགས་པའོ། །སྔགས་ནི་ཐུགས་རྡོ་རྗེ་ལ་སོགས་པའོ། །རང་རིགས་རིམ་གྱིས་ཞེས་

བྱ་བ་ནི་ཞེ་སྡང་གི་རིགས་ཅན་བསྒྲུབ་པའི་ཡན་ལག་ལ་ཐུགས་ལ་སོགས་པ་ནས་བརྩམས་ཏེ། བྱིན་གྱིས་བརླབ་པར་བྱའོ། །གཏི་མུག་དང་འདོད་ཆགས་ཀྱི་རིགས་དག་ལ་ནི་སྐུ་དང་གསུང་ནས་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཡང་དེ་ལྟར་བསྟན་པ་ལས། རྡོ་རྗེ་གཅིག་པུས་ཞེས་

བྱ་བ་འདིས་ནི། ཐབས་དང་ཤེས་རབ་གང་ཡང་རུང་བ་དང་བྲལ་བའི་ལྷ་གཅིག་པུ་ཙམ་དུ་བསྟན་ཏོ་ཞེས་ཟེར་རོ། །དེའི་ངེས་པ་ལེའུ་བཅུ་པ་ལས། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །

เล่ม ๓๙ · หน้า 304a

ཞེས་བྱ་བས་བསྟན་པ་ཡིན་ནོ། །འདིར་རྒྱུ་དང་འབྲས་བུ་དག་དབྱེར་མེད་པར་བསྟན་པས། དབང་བསྐུར་བ་རྣམ་པར་གཞག་པ་གསུངས་པ་ནི། འབྲས་བུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དེ་བཞིན་

གཤེགས་པ་རྣམས་ནི་འབྲས་བུའོ། །དེ་རྣམས་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །འདི་སྐད་སྟོན་ཏེ། །འབྲས་བུར་གྱུར་པའི་དེ་བཞིན་གཤེགས་པ་ལྔས་བདག་པོའི་བདག་ཉིད་ཅན་རྡོ་རྗེ་འཆང་དབང་བསྐུར་བར་བྱའོ། །རྒྱུར་གྱུར་པ་དེ་འབྲས་བུའི་གཙོ་བོའི་རང་བཞིན་ཅན་དེ་བཞིན་གཤེགས་

པ་རྣམས་དབང་བསྐུར་བར་བྱའོ། །འདི་དག་རིགས་པ་དང་ལུང་དག་གིས་གཏན་ལ་དབབ་པ་དེ་བཅོ་ལྔ་པར་བཤད་ཟིན་པས་འདིར་མ་སྨྲས་སོ། །ཆོས་འབྱུང་བ་བསྒོམ་པ་ཞུས་པའི་ལན་བསྟན་པ་གསུངས་པ་ནི། ལོངས་སྤྱོད་བཞི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལོངས་སྤྱོད་བཞི་ནི་

ཕྱག་རྒྱ་བཞི་སྟེ། དེ་རྣམས་དང་ཡང་དག་པར་ལྡན་པའོ། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའམ། ཧཱུཾ་མཛད་ལ་སོགས་པ་འདི་དག་ལས་གང་ཡང་རུང་བའོ། །གྲུ་གསུམ་དུ་ནི་ཞེས་བྱ་བ་ནི་འདིའི་རྒྱུ་མཚན་གྱིས་བདུན་པ་སྟེ། སྐུ་

རྡོ་རྗེ་ལ་སོགས་པ་རྒྱུ་མཐུན་པ་ཉིད་ཀྱིས་ན་ཆོས་འབྱུང་བ་གྲུ་གསུམ་དུ་བསྐྱེད་པའི་ཕྱིར། བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན་དེའི་ཕྱིར་ཀུན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བྱེད་པས། ཀུན་ནས་སེར་པོར་སྣང་བའི་

འཁོར་ལོ་བསམས་ལ། དེའི་དབུས་སུ་རིག་པའི་སྐྱེས་བུ་རྡོ་རྗེ་ཅན་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྩིབས་བཅུ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ། ས་བཅུའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །རྩིབས་ཀུན་ལ་ནི་ཁྲོ་བོ་བཅུ་ཞེས་བྱ་བ་ནི། གཤིན་རྗེ་གཤེད་ལ་སོགས་པ་

སྟེ་དེ་ལ་ཤར་དང་། ལྷོ་དང་ནུབ་དང་། བྱང་གི་རྩིབས་ལ་གཤིན་རྗེ་གཤེད་དང་། ཤེས་རབ་དང་། པདྨ་དང་། བགེགས་མཐར་བྱེད་དོ། །མེ་ལ་སོགས་པའི་ཕྱོགས་སུ་གཏོགས་པའི་རྩིབས་ལ་འདོད་རྒྱལ་དང་། དབྱིག་སྔོན་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དང་། ལྟེ་བ་ལས་

เล่ม ๓๙ · หน้า 304b

གྱེན་དུ་འགྲེང་བའི་རྩིབས་ཀྱི་སྟེང་དུ་ནི་གཙུག་ཏོར་རོ། །འོག་ཏུ་གནོད་མཛེས་བསྒོམ་པར་བྱའོ། །འདིར་གཤིན་རྗེ་གཤེད་ལ་སོགས་པ་དང་། དབྱིག་སྔོན་དང་། སྟོབས་པོ་ཆེ་དང་བཅས་པ་ནི་མིའུ་ཐུང་གི་གཟུགས་ཅན་མི་སྡུག་པ། ཞལ་གདངས་པ་གསུས་ཁྱིམ་ཆེ་བ། མཆེ་བ་

གཙིགས་པ། དབུ་སྐྲ་དང་། སྨིན་མ་དང་། ཨག་ཚོམ་སེར་བ། དབུ་སྐྲ་གྱེན་དུ་བརྫེས་པའོ། །འདོད་པའི་རྒྱལ་པོ་ལ་སོགས་པ་མཆེ་བ་ཅུང་ཟད་གཙིགས་པ། ཡན་ལག་སྒེག་པ། རྒྱན་བཟང་པོ་དང་། ན་བཟའ་བཟང་པོ་མནབས་པ། རིན་པོ་ཆེའི་ཅོད་པན་ཅན་ནོ། །ཤེས་

རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་སྐུ་མདོག་དཀར་པོ་དང་དམར་པོ་དང་སེར་པོ་དང་། ཞལ་གཡོན་པ་དམར་པོ་དང་། དཀར་པོ་དང་ཡང་དཀར་པོའོ། །ཞལ་གཡས་ཀུན་ཀྱང་གནག་པ། དེ་ལས་གཞན་པའི་ཁྲོ་བོ་སྐུ་མདོག་ནག་པོ་རྣམས་

ཀྱི་ཞལ་གཡས་པ་རྣམས་དཀར་བ། གཡོན་པ་དམར་བའོ། །གཤིན་རྗེ་གཤེད་ལ་སོགས་པ་འདི་དག་ཐམས་ཅད་ལ་རིམ་བཞིན་དུ་ཐོ་བ་དང་ལྕགས་ཀྱུ་དང་། དབྱིག་པ་དང་། ཡང་དབྱིག་པ་དང་། པདྨ་དང་། རྩེ་གསུམ་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། རྡོ་རྗེའི་

མཚོན་ཆ་བསྣམས་པའོ། །སྨིན་མ་བསྡུས་པ། ཁྲོ་གཉེར་བསྙེར་བ་སྤྱན་དམར་བ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་གདན་ལ་གཡོན་བརྐྱང་བས་བཞུགས་ཤིང་རང་རང་གི་ཕྱོགས་ཀྱི་བགེགས་ཀྱི་ཚོགས་འཇོམས་པར་མཛད་པ་ཞེས་བྱའོ། །ཡེ་ཤེས་བདག་ཉིད་བཅུ་

ལས་བྱུང་བ་ཞེས་བྱ་བ་ནི། ཆོས་དང་རྗེས་སུ་རྟོགས་པ་དང་གཞན་གྱི་སེམས་དང་ཀུན་རྫོབ་དང་། སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་ལམ་དང་། ཟད་པ་དང་། མི་སྐྱེ་བ་ལས་བྱུང་བའི་ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར་རོ། །འགོག་པའི་རྡོ་རྗེ་འཁོར་ལོ་ཡིས། །ཞེས་བྱ་

བ་ནི་སེམས་རྩེ་གཅིག་པར་གྱུར་པ་རྫོགས་པས་གསལ་བར་གྱུར་པས་རྡོ་རྗེ་འབར་བའི་སྤྲིན་འཕྲོ་བས་ཞེས་བྱ་བ་ནི་བཟོད་པར་དཀར་བའི་འབར་བ་དང་བཅས་པས་ཁྲོ་བོའི་ཚོགས་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་བྱ་བ་ནི་ཤུགས་ཤིན་ཏུ་དྲག་

เล่ม ๓๙ · หน้า 305a

པོས་ཁྲོ་བོ་རྣམས་གནས་གཞན་དུ་ཉེ་བར་མ་དམིགས་པས་འཁོར་ལོ་མི་འགུལ་བ་ལྟ་བུར་བསམ་པར་བྱའོ། །ཡང་ན་བཟུང་བ་ལ་སོགས་པའི་དམིགས་པ་དང་བྲལ་བས་སེམས་ཅན་གྱི་དོན་གྱི་ཕྱིར་ཕྱོགས་བཅུར་ཁྱབ་པས་ན་མི་གཡོ་བ་དང་མཚུངས་ཞེས་བྱ་བ་ནི་དེ་ཁོ་ན་

ཉིད་དུ་ན་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར། མི་གཡོ་ཞིང་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་དང་མཚུངས་ཏེ། དེའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འདིས་ནི་བཀའི་འཁོར་ལོ་ཡང་གསུངས་པ་ཡིན་ཏེ། དེ་ཡང་བླ་མའི་མན་ངག་ལས་གསལ་བར་བྱའོ། །སྡོམ་པ་ཞུས་པའི་ལན་

གསུངས་པ་ནི། རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྒྲུབ་པ་ཞེས་བྱ་བ་ནི་རིམ་པ་གཉིས་པོ་འདི་རྒྱུའོ། །ནན་ཏན་ཞེས་བྱ་བ་ནི་ཉམས་སུ་ལེན་པའོ། །དམ་ཚིག་ཅེས་བྱ་བ་ནི་ཉི་མ་དང་ཟླ་བ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པའོ། །སྡོམ་པ་ཞེས་བྱ་བ་ནི་དམ་ཚིག་བཞི་པོ་

བསྲུང་བའོ། །འདི་དག་ཐམས་ཅད་ནི་སྔར་རྩ་བའི་རྒྱུད་དུ་རྒྱས་པར་བཤད་པ་ཡིན་ནོ། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པར་རང་བཞིན་གྱིས་གྲུབ་པར་ལྷག་པར་མོས་པས་དམ་ཚིག་ཉམས་སུ་བླང་བ་དང་། གཞན་དུ་ནི་བསྐྱེད་པར་བྱ་བ་ཞེས་པའི་དོན་ཏོ། །

ཞེ་སྡང་གཏི་མུག་འདོད་ཆགས་ཆེས། །སེམས་ཅན་དོན་བྱེད་ཇི་ལྟ་བུ། །ཞེས་བྱ་བའི་ལན་གསུངས་པ་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྡུག་པ་དང་མི་སྡུག་པ་དང་གཉི་གར་བརྟགས་པའི་དབང་གིས་སོ་སོའི་སྐྱེ་བོ་རྣམས་རྟག་ཏུ་གཟུགས་ལ་སོགས་པའི་ཡུལ་རྣམས་

ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེ་བར་འགྱུར་རོ། །དེ་རྣམས་རྣམ་པར་དག་པའི་རྣལ་འབྱོར་པ་རྣམ་པ་ཅིར་འགྱུར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་འདོད་ཆགས་ཀྱི་དཀྱིལ་འཁོར་དུའོ། །འདོད་ཆགས་དམ་ཚིག་ནི་འོད་དཔག་ཏུ་

མེད་པའི་ངོ་བོ་ཉིད་དོ། །རྡོ་རྗེ་ནི་མི་བསྐྱོད་པ་འབྱུང་བར་འགྱུར་བའོ། །རྡོ་རྗེ་འདྲ་བར་རིན་ཆེན་འབྱུང་། །ཞེས་བྱ་བ་ནི་ཇི་ལྟར་འདོད་ཆགས་ལ་འདོད་ཆགས་ཀྱི་ངོ་བོ་ཉིད་དང་མི་བསྐྱོད་པ་ཡིན་པ་དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ཡང་དེ་དང་འདྲ་བའོ། །རིན་ཆེན་བཞིན་དུ་དམ་ཚིག་ཤེས། །ཞེས་བྱ་

เล่ม ๓๙ · หน้า 305b

བ་ནི་ཇི་ལྟར་འདོད་ཆགས་ལ་རིན་ཆེན་དབང་ཉིད་ཡིན་པ་དེ་བཞིན་དུ་དོན་ཡོད་རྡོ་རྗེ་ཅན་ཡང་དེ་དང་འདྲ་བའོ། །འདི་སྐད་སྟོན་ཏེ། འདོད་ཆགས་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་ཀྱང་འདོད་ཆགས་སུ་རོ་གཅིག་པར་འགྱུར་རོ། །ཡུལ་རྣམས་དེ་ཇི་ལྟར་བལྟ་བར་བྱ་ཞེ་ན། འདོད་ཆགས་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཞེས་བྱ་བ་ནི་སྔར་བཤད་པའི་གཟུགས་ལ་སོགས་པའི་ཡུལ་རྣམ་པ་གསུམ་པོ་ནི་དམ་ཚིག་ཅེས་བྱ་བ་དོན་ཡོད་གྲུབ་པ་དང་མཚུངས་ཤིང་མཉམ་པར་བལྟ་བར་བྱ་སྟེ། ཇི་ལྟར་འདོད་ཆགས་ཀྱི་དཀྱིལ་འཁོར་དོན་ཡོད་གྲུབ་པར་འགྱུར་བ་དེ་

བཞིན་དུ་ཡུལ་རྣམས་ཀྱང་འདོད་ཆགས་ཀྱི་བདག་ཉིད་ཅན་དུ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་འདིས་སྡོམ་པ་ཞུས་པའི་ལན་བསྟན་པར་མཛད་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་ན་འདི་ལྟར་འདོད་ཆགས་ཆེན་པོ་ལ་སོགས་པ་ཉིད་དུ་བསམ་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པ་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་དང་ཞེས་བྱ་བ་ནི་འདིས་བདག་གིར་ཀུན་དུ་བྱས་པའི་ཕྱིར་རྣམ་པ་སྟེ། སེམས་ཅན་གྱི་ཁམས་མ་ལུས་པ་ལ་ཕན་པ་ལ་དམིགས་པའི་ཐབས་ཀྱི་རང་བཞིན་ཅན་གྱི་སེམས་སོ། །རྣམ་པ་མེད་ཅེས་བྱ་བ་ནི་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་

སོ་སོར་རྟོག་པའི་ཕྱིར་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །འགྲོ་ཀུན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་ཀྱི་ཁམས་གསུམ་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ་ལ་ཁྱབ་པའོ། །ཡིད་གསུམ་བདག་ཉིད་ཅན་ཞེས་བྱ་བ་ཆོས་དང་། ལོངས་

སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་བདག་ཉིད་ཅན་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའོ། །བྱ་བ་དང་ནི་ཞེས་བྱ་བ་ནི་དང་པོའི་སྦྱོར་བའི་བདག་ཉིད་ཅན་གྱི་ལྷར་བསྐྱེད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འཕྲོག་པ་དང་སྤྲོ་བ་དང་ཞེས་བྱ་བ་ནི། སྤྲོ་བ་དང་བསྡུ་བ་

སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་གི་བཟླས་པ་ཞེས་བྱ་བ་ནི་རང་རང་གི་འབྱིན་པའི་སྔགས་བརྗོད་པ་ཉིད་དམ་ཡང་ན་ཇི་ལྟར་རང་གི་སྐུ་ལ་སོགས་པའི་བཟླས་པ་ལས་སྤྲོ་བ་ལ་སོགས་པ་བྱེད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་

เล่ม ๓๙ · หน้า 306a

ཇི་ལྟར་འདོད་ཆགས་ལ་འདོད་ཆགས་ཀྱི་རང་བཞིན་ཡིན་པ་དེ་བཞིན་དུ་ཞེ་སྡང་ལ་ཞེ་སྡང་ཆེན་པོའི་ངོ་བོ་ཉིད་དང་། གཏི་མུག་ལ་གཏི་མུག་ཆེན་པོ་ཚུལ་དུ་དཀྱིལ་འཁོར་པ་བསྒོམས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་སྣ་ཚོགས་པ་རྒྱས་གདབ་

པར་བྱའོ། །གསང་བ་དག་པ་ཞེས་བྱ་བ་ལ་རིགས་གསུམ་གྱི་ངོ་བོར་བསྐྱེད་པ་ནི་ལུས་ལ་སོགས་པ་ཡང་དག་པར་སྦྱང་བའོ། །དེ་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་ཅན་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རྣལ་འབྱོར་པའོ། །དོན་ཞེས་བྱ་བ་ནི་སྐུ་གསུམ་རྣམ་པར་དག་པའི་

མཚན་ཉིད་ཅན་དེ་དག་ཉིད་དོ། །ཡང་ན་རྡོ་རྗེ་གསང་བ་ནི། །རྡོ་རྗེ་འཆང་ཆེན་པོའི་སྟེ། ཐེག་པ་དམན་པ་ལ་མོས་པ་རྣམས་ལ་གསང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་དག་པ་ནི་དེའི་ཡེ་ཤེས་བསྐྱེད་པས་ཉོན་མོངས་པའི་དྲི་མ་མ་ལུས་པར་བཀྲུས་པའོ། །དེ་ལྟ་བུའི་བདག་

ཉིད་ཅན་གྱི་དོན་ཏེ་བྱ་བ་བྱེད་པའོ། །དེ་དག་ཉིད་ཀྱི་དབྱེ་བ་གསུངས་པ་ནི་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྟེ། ཞེ་སྡང་སྦྱོར་བ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་སོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་དཀྱིལ་འཁོར་རྣམས་སོ། །ཞེ་སྡང་འཁོར་ལོ་ཞེས་བྱ་བ་ནི་ཐུགས་ཀྱི་

དཀྱིལ་འཁོར་རོ། །རྡོ་རྗེ་དྲག་པོ་ཞེས་བྱ་བ་ནི་ལག་ན་གནས་པའི་རྡོ་རྗེ་འབར་བས་སོ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཡང་དག་པའི་བདག་ཉིད་ལ་སྙོམས་པར་ཞུགས་པར་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་བཅུག་པའོ། །སྤྲོས་ལ་ཞེས་བྱ་བ་ནི་

རང་སྣང་བའི་པདྨའི་ནང་དུ་སྔ་མ་བཞིན་དུ་བསྐྱེད་ལ་སྤྲོ་བར་བྱའོ། །རྟོགས་བྱས་ལ་ཞེས་བྱ་བ་ནི། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་འབྱིན་པའི་སྔགས་ཀྱིས་ཡང་དག་པར་བསྐུལ་བའོ། །དེ་བཞིན་བསྡུ་བར་བྱ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་དྲག་པོས་བཅོམ་སྟེ། ཡེ་ཤེས་

ཙམ་དུ་བྱས་ལ་བསྡུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གོམས་པར་བྱས་པའི་སྦྱོར་བ་གསུངས་པ་ནི། འདི་ལྟའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མངོན་དུ་ནུས་པར་ཐེ་ཚོམ་མེད། །ཅེས་བྱ་བ་ནི་རྣལ་འབྱོར་བརྟན་པོར་བྱ་བ་ལེགས་པར་བྱས་པའི་ཕྱིར་ནུས་པ་ཐོབ་པར་གྱུར་

เล่ม ๓๙ · หน้า 306b

པས་སེམས་ཅན་གྱི་ཁམས་མ་ལུས་པར་ཚར་གཅད་པ་དང་། ཕན་འདོགས་པར་ནུས་པར་འགྱུར་བའོ། །གཏི་མུག་སྦྱོར་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས་སོ། །གཏི་མུག་འཁོར་ལོ་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་རོ། །རྒྱན་ཞེས་བྱ་བ་ནི་རང་གི་དཀྱིལ་

འཁོར་པ་རྣམས་ཀྱི་རྒྱན་རྣམས་སོ། །རྐུ་ཞེས་བྱ་བ་ནི་ནོར་གྱི་བདག་པོས་ཡོངས་སུ་མི་ཤེས་པར་བླངས་པའོ། །གཏི་མུག་རྒྱ་མཚོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །རིན་ཆེན་ཀུན་གྱིས་ཞེས་བྱ་བ་ནི་འཕྲོག་པས་སོ། །རབ་ཏུ་དགང་ཞེས་བྱ་བ་ནི་བརྒྱན་པའོ། །དེ་རྣམས་ལ་

ཞེས་བྱ་བ་ནི་གང་ལ་འཕྲོག་པར་འགྱུར་བ་སྟེ། དེ་ལ་སླར་སྦྱིན་པར་བྱ་བའོ། །ཏིང་ངེ་འཛིན་འདི་གྲུབ་པའི་རྣལ་འབྱོར་པ་ནི་ཕྱི་རོལ་གྱི་དངོས་པོ་མ་ལུས་པ་ལེན་པ་དང་སྟེར་བར་བྱེད་པར་ནུས་པར་འགྱུར་རོ། །འདོད་ཆགས་སྦྱོར་བ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་སོ། །འདོད་

ཆགས་འཁོར་ལོ་ཞེས་བྱ་བ་ནི་གསུང་གི་དཀྱིལ་འཁོར་རོ། །ལྷ་མོ་ཐམས་ཅད་འཕྲོག་ནས་སུ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་པ་རྣམས་ཀྱི་ཤེས་རབ་འཕྲོག་པའོ། །འདོད་པའི་སྦྱོར་བ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་བདག་ཉིད་ཅན་འོད་དཔག་ཏུ་མེད་པའི་སྦྱོར་

བས་སོ། །འདོད་པའི་རྩེ་མོས་རྣམ་པར་འཕྲུལ། །ཞེས་བྱ་བ་ནི་དགའ་བའི་ཆོ་གར་བཤད་པའི་རྣམ་པར་རོལ་པས་སོ། །འཁོར་ལོ་ཅན་ཀུན་ལ་ཞེས་བྱ་བ་ནི་གང་ལ་བླངས་པ་དེ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་འདི་དག་ལ་ནུས་པ་ཇི་ལྟ་བུ་ཡོད་པར་འགྱུར་ཞེ་ན། དེའི་ཕྱིར་གསུངས་

པ་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། གྲུབ་པའི་རྣལ་འབྱོར་པ་སེམས་ལ་དབང་ཐོབ་པའི་ཕྱིར། དཀྱིལ་འཁོར་སྤྲུལ་པ་ལ་སོགས་པ་འདོད་པ་ཙམ་ལ་རག་ལས་པ་ཡིན་གྱིས། ལས་དང་པོ་པ་རྣམས་ལྟར་བྲི་བ་ལ་སོགས་པ་ཕྱི་རོལ་གྱི་སྦྱོར་བའི་རྗེས་སུ་

འགྲོ་བ་ནི་མ་ཡིན་ནོ། །དཀྱིལ་འཁོར་ཞུས་པའི་ལན་གསུངས་པ་ནི། བྷ་ག་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བྷ་ག་ཞེས་བྱ་བ་ནི་པདྨའོ། །དེ་ཡང་། ཇི་ལྟར་པདྨ་དམར་པོ་འདི། །ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་རྣམ་པར་དག་པའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནི་འདི་

เล่ม ๓๙ · หน้า 307a

ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་སྙིང་པོ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་རོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་མ་སྐྱེས་མ་བཅོས་པ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དུ་གསུངས་པའི་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་

སེམས་ནི་ཆོས་ཀྱི་སྐུའི་སྙིང་པོ་ལེན་པ་ཡིན་པས་ན་དཀྱིལ་འཁོར་རོ། །ལུས་ཀྱི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ཉེ་བར་ལྡན་པའི་སྤྲུལ་པའི་སྐུ་སྟེ། དེ་ཡང་འགྲོ་བ་མ་ལུས་པའི་དོན་བྱེད་པའི་མཚན་ཉིད་ཅན་གྱི་སྙིང་པོ་ལེན་པར་བྱེད་པ་ཡིན་པས་ན་དཀྱིལ་འཁོར་རོ། །གསུམ་

པོ་དཀྱིལ་འཁོར་ཡིན་པར་བརྟག །ཅེས་བྱ་བ་ནི་བྷ་ག་ལ་སོགས་པ་ཉིད་ཀྱི་ཐབས་ལས་བྱུང་བ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྐུ་གསུམ་གྱིས་བསྡུས་པ་ལ་སོགས་པ་ཉིད་ལ་དཀྱིལ་འཁོར་གསུམ་དུ་བཤད་པ་ཡིན་ནོ། །ལ་ལ་ན་རེ་ཆོས་འབྱུང་བའི་དཀྱིལ་འཁོར་དང་། པདྨར་བྱང་ཆུབ་

ཀྱི་སེམས་ཡོངས་སུ་གྱུར་པའི་དཀྱིལ་འཁོར་དང་ལུས་ལ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་བྷ་ག་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ཕྱག་རྒྱ་དགོད་པ་ཞུས་པའི་ལན་གསུངས་པ་ནི། ཕུང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་གི་ཕྱིར་ཕུང་པོ་ལ་སོགས་

པའི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཕྱག་རྒྱས་གཟུགས་བརྙན་འབྱུང་བའི་ཚུལ་གྱིས་རྒྱུ་བ་དང་། མི་རྒྱུ་བའི་བདག་ཉིད་ཅན་སྣ་ཚོགས་པས་ཐམས་ཅད་ལ་རྒྱས་བཏབ་པ་ཡིན་ནོ། །རྒྱུ་དེས་ན་བྲིས་པ་དང་བསྒོམ་པའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གསུམ་ཆར་ལ་མཚན་མ་

དང་། ཕྱག་རྒྱ་ལ་སོགས་པ་དགོད་པར་བྱས་པ་ཡིན་ནོ། །ད་ནི་དགོད་པའི་ཁྱད་པར་གསུངས་པ་ནི། འདོད་རྒྱལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྲུང་བའི་འཁོར་ལོ་འམ་བསྡུས་པའི་དཀྱིལ་འཁོར་དུ་མེ་ལ་སོགས་པའི་ཕྱོགས་སུ་འདོད་པའི་རྒྱལ་པོ་ལ་སོགས་པ་བཞི་པོའི་ཕྱག་མཚན་

ལྕགས་ཀྱུ་ལ་སོགས་པའི་མཚན་མ་དགོད་པར་བྱའོ། །གཤིན་རྗེ་གཤེད་ལ་སོགས་པ་ནི། ལེའུ་བཞི་པ་ལས་གསུངས་པའི་ཕྱོགས་ཀྱི་རིམ་པས་ཕྱག་རྒྱ་དགོད་པར་བྱའོ། །བསྒོམ་པའི་དཀྱིལ་འཁོར་གྱི་ཁྱད་པར་གསུངས་པ་ནི། སྟེང་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྟེང་དུ་

เล่ม ๓๙ · หน้า 307b

འཁོར་ལོ་འོག་གནོད་མཛེས། །ཞེས་བྱ་བ་ནི་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་འོག་ཏུ་གནོད་མཛེས་བསྒོམ་པར་བྱའོ། །ལྷག་མ་རྣམས་ནི་ཇི་སྐད་བཤད་པའི་རང་གི་མཚན་མའི་རིམ་པ་ཉིད་ཀྱིས་བསམ་མོ། །རིགས་རྒྱལ་རྡོ་རྗེ་རྣམས་དང་ནི། །ཞེས་བྱ་བ་ལ་སའི་སྙིང་

པོའིའོ། །འཁོར་ལོས་སྒྱུར་བ་དྲུག་གི་ཞེས་བྱ་བ་ནི་སངས་རྒྱས་ལྔ་པོ་རྡོ་རྗེ་འཆང་བ་དང་བཅས་པའི་མཚན་མའི་ཕྱག་རྒྱ་རྣམས་ནི་དེ་དག་ཉིད་དང་ཅི་རིགས་པར་སྦྱར་རོ། །ས་ལ་སོགས་པའི་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་རྩ་བའི་རྒྱུད་ལས་གསུངས་པ་ཉིད་ཡིན་ནོ། །གཟུགས་རྡོ་རྗེ་ལ་

སོགས་པའི་མཚན་མའི་ཕྱག་རྒྱ་རིམ་བཞིན་དུ་གསུངས་པ་ནི། མེ་ལོང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །ཁྲོ་རྒྱལ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་

ཀྱིས་མངོན་པར་རྒྱས་བཏབ་པའོ། །འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཚུལ་གྱི་ཕྱག་རྒྱ་ནི་བཤད་ཟིན་པ་ཉིད་ཡིན་ནོ། །གང་རྩ་བའི་རྒྱུད་ལས་སྐུ་མདོག་མ་གསུངས་པ་དེ་རྣམས་ནི་རིགས་ཀྱི་བདག་པོའི་མདོག་དང་ལྡན་པ་ཉིད་དུ་བརྟག་པར་བྱའོ། །

དེ་བས་ན་སའི་སྙིང་པོ་ལ་སོགས་པ་དང་། གཟུགས་རྡོ་རྗེ་ལ་སོགས་པ་དང་། ནང་གི་བདག་པོའི་སྐུ་མདོག་ཉིད་དང་ལྡན་པ་ཡིན་ནོ། །ལེའུ་བཞི་པ་ལས་གསུངས་པ་མེ་ཏོག་གི་སྒྲའི་དོན་ཞུས་པའི་ལན་གསུངས་པ་ནི། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྷ་མོ་དག་ནི་

གཞོན་ནུ་མ་སྟེ། དེའི་ནམ་མཁའི་དབྱིངས་ཀྱི་བདག་པོའི་ཁྲག་ནི་མེ་ཏོག་ཅེས་བཤད་དོ། །ཡང་ན་པདྨ་རྣམ་པ་ལྔ་ཞེས་བྱ་བ་ལ་སོགས་པ་པདྨ་ལ་སོགས་པའི་དོན་སྤྱིའི་ཚིག་གིས་མེ་ཏོག་གི་སྒྲར་ཞུས་པའི་ལན་གསུངས་པ་ནི། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་ལྷ་

མོ་དགུ་ནི་སྤྱན་ལ་སོགས་པ་བཞི་དང་། གཟུགས་ལ་སོགས་པ་ལྔའོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་སྟེ་ལྷ་མོ་བཅུ་པོ་འདི་དག་ནི་མེ་ཏོག་ཅེས་བྱའོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་ནི་རེ་རེ་ཞིང་ཡི་གེ་གསུམ་བརྗོད་ལ་གཟུགས་རྡོ་རྗེ་ལ་

เล่ม ๓๙ · หน้า 308a

སོགས་པ་དབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་རིམ་གྱིས་དགོད་པར་བྱ། །ཞེས་བྱ་བ་ནི་རིགས་ཀྱི་གོ་རིམས་ཀྱིས་ཏེ། གཟུགས་ལ་སོགས་པ་བཞི་པོ་ནི་མེ་ལ་སོགས་པ་མཚམས་བཞིར་དགོད་པར་བྱའོ། །རེག་དང་ཆོས་ཀྱི་དབྱིངས་ནི་ཤར་གྱི་སྒོའི་བྱང་དང་།

ལྷོའི་ཆ་དག་ཏུ་དགོད་དོ། །མཆོད་རྟེན་ཞུས་པའི་ལན་གསུངས་པ་ནི། མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱི་བཞུགས་གནས་ཏེ། གཞིར་གྱུར་པ་ཁང་པ་བརྩེགས་མའོ་ཞེས་བྱ་བའི་བར་དུའོ། །ཡེ་ཤེས་ཀྱི་འཁོར་ལོ་ཞུས་པའི་

ལན་གསུངས་པ་ནི། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་སེམས་དཔའི་འོད་ཟེར་རྣམས་ཀྱིས་གང་ཡང་དག་པར་བསྐུལ་བའི་དམ་ཚིག་གི་འཁོར་ལོ་ལ་སོགས་པའི་དོན་དེ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །གནས་ཞུས་པའི་ལན་གསུངས་པ་ནི། ས་

བོན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལྷ་རྣམས་སྐྱེད་པར་བྱེད་པའི་ས་བོན་གྱི་ཡི་གེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་གཞིར་གྱུར་པས་ན་གནས་ཞེས་བྱའོ། །ཡི་གེའི་དོན་གསུངས་པ་ནི་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་ཡི་གེ་

ཨོཾ་ལ་སོགས་པ་གསུམ་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་མི་འཕོ་བའི་ཆོས་ཅན་ཡིན་པས་ན་མི་འགྱུར་བ་ཞེས་བྱའོ། །མགོན་པོ་བསྐུལ་བ་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ཞུས་པ་བཞི་པོའི་ལན་རིམ་བཞིན་དུ་བསྟན་པའི་ཕྱིར་གསུངས་པ་ནི། སྐུ་གསུང་ཐུགས་ཞེས་བྱ་བ་

ལ་སོགས་པ་ཡིན་ཏེ། གདོད་མ་ནས་མ་སྐྱེས་པ་དང་རྟོག་པ་དང་བྲལ་བ་དང་། སྒྱུ་མ་ལྟ་བུའི་སྐུ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་ལ་སོགས་པ་ཨོཾ་ཨཱཿཧཱུཾ་གི་ཡི་གེ་ནི་བསྐུལ་བ་ཞེས་བྱ་བར་བཤད་དོ། །གང་ས་བོན་གྱི་འོད་ཟེར་རྣམས་ཕྱོགས་ཐམས་ཅད་དུ་འགྱེད་པ་

དེ་ནི་གཏོང་བ་ཞེས་བྱ་བ་ལ། བདག་ལ་བྱིན་གྱིས་བརླབས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་བསྐུལ་བ་གང་ཡིན་པ་དེ་སྤྱན་དྲང་བའོ། །གང་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཐམས་ཅད་གནས་དེ་དང་། ས་བོན་གྱི་ཡི་གེ་དེར་ཡང་དག་པར་

เล่ม ๓๙ · หน้า 308b

བསྡུས་ནས་མི་ཕྱེད་པ་རྣམ་པར་འཇོག་པ་དེ་ནི་བཅིང་བ་ཞེས་བཤད་དོ། །འདི་དག་ཀྱང་ལྷ་ཐམས་ཅད་བསྐྱེད་པ་ལ་ཐུན་མོང་ཡིན་གྱི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ཙམ་གྱི་ཡུལ་ནི་མ་ཡིན་ནོ། །རྡུལ་ཚོན་ནམ་ཡིད་ཀྱིས་དཀྱིལ་འཁོར་བྲིས་ལ་དབང་བསྐུར་བ་སྦྱིན་པར་བྱ་བ་ཡིན་པས་

ན། དེའི་ཕྱིར་བྲི་བའི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས་གསུངས་པ་ནི། སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྐུ་ལ་སོགས་པའི་དཀྱིལ་འཁོར་གསུམ་དུ་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བ་ཇི་ལྟ་བས་རང་གི་སྐུ་དང་གསུང་དང་ཐུགས་རྒྱས་བཏབ་ཅིང་བརྟན་པར་བྱས་ལ་དཀྱིལ་

འཁོར་བྲི་བ་ལ་སོགས་པ་བྱ་ཞིང་ཇི་ལྟ་བ་བཞིན་དུ་བརྟག་པར་བྱའོ། །འདི་སྐད་སྟོན་ཏེ། བསོད་ནམས་དང་ཡེ་ཤེས་ལ་སོགས་པ་འདོད་པས་རང་གི་ལྷག་པའི་ལྷའི་སྦྱོར་བས་རང་གི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཡང་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས།

དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཞིག་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་བརྟག་པ་འགྲུབ་པར་འགྱུར། །ཞེས་བྱ་བ་དང་། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །དཀྱིལ་འཁོར་མངོན་སུམ་མཐོང་བ་ལས། །བསོད་ནམས་བརྟག་པ་ཅི་འདྲ་

བར། །ཕྱིས་བྲིས་པ་ཡང་དེ་བཞིན་ནོ། །ཞེས་བཤད་པ་ཡིན་ནོ། །ད་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བའི་ཆོ་ག་གསུངས་པ་ཡིན་ཏེ་དེ་ནི་བླ་མ་ལས་ཤེས་པར་བྱའོ། །རིག་པའི་བརྟུལ་ཞུགས་ཞུས་པའི་ལན་གསུངས་པ་ནི། རིག་པའི་ལྷ་མོ་ཞེས་བྱ་བ་ལ་

སོགས་པ་ཡིན་ཏེ། ཆོས་ཀུན་གཉིས་སུ་མེད་པ་ལ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་གཉིས་སུ་བརྟགས་པ་ཡིན། །ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་གཟུང་བ་ལ་སོགས་པ་ཉིད་དུ་རྣམ་པར་བརྟགས་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན།

འཁོར་བ་རྣམ་པར་སྤང་བའི་བློ་བསྐྱེད་པར་མི་བྱའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རིག་པའི་བརྟུལ་ཞུགས་ཞེས་བྱ་བ་ནི། རིག་པ་ཉིད་དམ་རིག་པ་དང་། །བརྟུལ་ཞུགས་གཅིག་ཏུ་ངེས་པའོ། །ཉམས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་གསུངས་པ་ནི།

เล่ม ๓๙ · หน้า 309a

རྨོངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་བསླབ་པ་ཉམས་པར་གྱུར་པའོ། །དངོས་གྲུབ་མཆོག་ཀྱང་མི་འགྲུབ་ཅེས་བྱ་བ་ལ། ཀྱང་གི་སྒྲ་ནི་ཐ་མལ་པ་མི་འགྲུབ་པ་ནི་ཞར་ལ་བསྡུ་བ་ཡིན་ནོ། །བདུད་རྩི་ལྔ་ཞུས་པའི་ལན་གསུངས་པ་ནི། ཐ་མལ་ཞེས་བྱ་བ་ལ་

སོགས་པ་ཡིན་ཏེ། དྲི་མ་ལྔ་ཞེས་བྱ་བ་ནི་བཤང་བ་ལ་སོགས་པ་ལྔའོ། །ཡི་གེ་ལྔ་ཡི་ཞེས་བྱ་བ་ནི་འབར་བ་ལ་སོགས་པ་འམ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པས་སོ། །བསྟན་པ་དེའི་བཤད་པ་གསུངས་པ་ནི། སྦར་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡི་གེ་ཧཱུཾ་དང་ཡི་གེ་ཨཱཿདག་ལས་

རྡོ་རྗེ་དང་པདྨ་ཡོངས་སུ་གྱུར་པར་སྦྱང་བ་དང་། རྟོགས་པར་བྱ་བ་དང་། ཡི་གེ་ཨོཾ་གྱིས་སྣང་བར་བྱ་ཞིང་འོད་གསལ་བར་བྱ་བ་དང་། གཟུགས་སྣང་བ་དེ་ཡེ་ཤེས་ཀྱི་འོད་ཟེར་གྱིས་དྲངས་པའི་དེ་བཞིན་གཤེགས་བཞུགས་པས་བདུད་རྩི་ཉིད་དུ་ངེས་པར་བྱས་པའོ། །སྔགས་ཀྱི་ལུས་ཚུལ་རབ་སྦྱོར་

བས། །ཞེས་བྱ་བས་ནི་རང་གི་ལྷག་པའི་ལྷའི་སྦྱོར་བ་སྔོན་དུ་འགྲོ་བས་ལྕེ་སྦྱང་བ་ལ་སོགས་པ་བྱའོ་ཞེས་བྱ་བའི་དོན་ཏོ། །བཟའ་བར་བྱ་ཞེས་བྱ་བ་ནི་ལོངས་སྤྱད་པར་བྱའོ། །འདི་དག་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ་ནི། རྡོ་རྗེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་ནི་སྟེང་དུ་

རྡོ་རྗེའོ། །འོག་ཏུ་ཞེས་བྱ་བ་ནི་དེའི་འོག་ཏུའོ། །པདྨ་ནི་པདྨའི་སྣོད་དོ། །ཨོཾ་གྱིས་མཚན་པ་ཞེས་བྱ་བ་ནི་ཇི་ལྟར་རང་གི་ཡི་གེ་ཨོཾ་ལ་སོགས་པའི་ས་བོན་ལྔས་བྱིན་གྱིས་བརླབས་པའོ། །བདུད་རྩི་ཞེས་བྱ་བ་ནི་བཤང་བ་ལ་སོགས་པའོ། །དེ་ཡི་ཞེས་བྱ་བ་ནི་པདྨའི་སྣོད་ཀྱིའོ། །

འབར་བས་རྣལ་འབྱོར་ཚིམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་རྗེས་ལ་རླུང་གིས་སྦར་བའི་མེས་བཙོས་ལ་ཡི་གེ་ཨོཾ་གྱིས་གསལ་བར་བྱའོ། །ཤེལ་དང་མཚུངས་པར་ཞེས་བྱ་བ་ནི། སྒྲིབ་གཡོགས་མེད་པའི་སྣང་བའི་རང་བཞིན་ཅན་ནོ། །མཚོན་ཆ་མཆོག་

གིས་ཞེས་བྱ་བ་ནི། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུས་སོ། །ལ་ལ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་རོ། །བཟའ་བའི་སྦྱོར་བས་ཞེས་བྱ་བ་ནི་ཟས་ལ་སྤྱོད་པའི་ཆོ་གས་ཏེ། དེ་ཡང་། འབར་བའི་ཨོཾ་གྱིས་བྱིན་གྱིས་བརླབས། །རླུང་དང་མེ་ཡིས་ཞེས་བྱ་བ་ལ་སོགས་པ་ཀུན་དུ་

เล่ม ๓๙ · หน้า 309b

བཟང་པོའི་སྒྲུབ་པའི་ཐབས་ལས་བཤད་པ་བཞིན་དུ་ཤེས་པར་བྱའོ། །བརྩོན་འགྲུས་ལྔའི་ལན་གསུངས་པ་ནི། དཔའ་བོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གོ་ཀུ་ད་ཧ་ནའི་སྒྲོན་མ་ལྔ་པོའོ། །དེ་བཞིན་ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་སོ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །ཞེས་བྱ་བ་

ལ་དོན་ནི་འདི་ཡིན་ཏེ། གང་དུ་ཐུན་མོང་དང་ཅིག་ཤོས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དཔའ་བོ་གང་ཆོ་ག་ཉིད་དུ་བསྟན་པ་དེར་བརྟགས་པ་བརྩོན་འགྲུས་ཐམས་ཅད་རང་གི་ལྷའི་སྦྱོར་བས་ཉེ་བར་སྦྱངས་པ་ལ་ལོངས་སྤྱད་པར་བྱའོ། །དངོས་གྲུབ་ཐ་མལ་པ་དང་མཆོག་ཞུས་པའི་ལན་གསུངས་པ་ནི། མི་

སྣང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་དངོས་གྲུབ་ཐ་མལ་པ་ནི་མི་སྣང་བ་ལ་སོགས་པའོ། །དངོས་གྲུབ་ཀྱི་མཆོག་ནི་འཚང་རྒྱ་བ་ཉིད་དུ་བྱ་བར་བཤད་དེ། ཐམས་ཅད་ཀྱི་དམ་པར་གྱུར་པའི་ཕྱིར་རོ། །དེ་ཡང་། མི་སྣང་བ་ནི་སྟོང་གིས་ཏེ། །མངོན་ཤེས་ལྡན་པ་ཉིས་སྟོང་གིས། །རིག་

པ་འཛིན་པ་སུམ་སྟོང་ཡིན། །རྡོ་རྗེ་འཛིན་ནི་འགྲོ་ཀུན་བདག །ཅེས་བཤད་པ་ཡིན་ནོ། །ཐབས་ཞུས་པའི་ལན་བསྟན་པ་གསུངས་པ་ནི། ཐབས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པ་བཞི་པོ་དེ་དག་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་

རྒྱའི་དབྱེ་བའམ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་གྱི་དབྱེ་བས་སམ། ཡང་དཔལ་གསང་བ་འདུས་པ་ལས་བསྙེན་པ་ལ་སོགས་པའི་དབྱེ་བས་ཕྱེ་སྟེ། བསྙེན་པའི་ཆོ་གས་ཞེས་བྱ་བ་ལ་སོགས་པའོ། །བསྙེན་པའི་རབ་ཏུ་དབྱེ་བ་

གསུངས་པ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དངོས་གྲུབ་ཐ་མལ་པ་དང་། མཆོག་གི་དབྱེ་བས་བསྙེན་པ་ཡང་ཐ་དད་པ་ཡིན་ཏེ། གཞན་དུ་ན་རྒྱུ་གཅིག་ལས་བྱུང་བ་དངོས་གྲུབ་ཐ་མལ་པ་དང་། མཆོག་གི་དབྱེ་བ་མེད་པར་འགྱུར་རོ། །གཉིས་པོ་ཉིད་ཡིན་པར་གསུངས་པ་ནི། རྡོ་རྗེ་

ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡེ་ཤེས་བདུད་རྩི་ནི་འོག་ནས་བཤད་པའི་ཡན་ལག་དྲུག་གི་སྦྱོར་བའི་མཚན་ཉིད་ཅན་ཡིན་ནོ། །རྡོ་རྗེ་བཞི་པོ་གསུངས་པ་ནི། དང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་དག་ནི་ལེའུ་བཅུ་གཉིས་པར་བཤད་ཟིན་པས་དེ་ཉིད་ལས་ཤེས་པར་བྱའོ། །ཐ་

เล่ม ๓๙ · หน้า 310a

མལ་བསྒྲུབ་ལས་བསྙེན་པར་བྱ། །ཞེས་བྱ་བ་ནི་ཐ་མལ་པའི་དངོས་གྲུབ་བསྒྲུབ་པར་འདོད་པ་དག་གིས་ཡན་ལག་བཞིའི་བདག་ཉིད་ཅན་གྱི་བསྙེན་པ་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོག་ནི་འཚང་རྒྱ་བ་ཉིད་བསྒྲུབ་པའོ། །ཡེ་ཤེས་བདུད་རྩི་ཉིད་ཅེས་བྱ་བ་ནི་ཡེ་ཤེས་ཉིད་མི་གནས་

པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་པས་བདུད་རྩིའོ། །དེས་ན་ཡན་ལག་དྲུག་གི་སྦྱོར་བའི་མཚན་ཉིད་ཀྱི་བསྙེན་པར་བྱའོ། །འདི་ཉིད་གསུངས་པ་ནི་བསྙེན་པ་ལ་སོགས་པ་ཡིན་ཏེ། བསྙེན་པ་ཞེས་བྱ་བ་ནི་མཉེས་པར་བྱའོ། །སྒྲུབ་པ་ཞེས་བྱ་བ་ནི་འཚང་རྒྱ་བ་བསྒྲུབ་

པའོ། །གཞན་དུ་བསྒྲུབ་པར་གྱུར་ན་ནི། །དངོས་གྲུབ་མཆོག་ནི་འགྲུབ་མི་འགྱུར། །ཞེས་བྱ་བ་ནི་རྒྱུ་མ་ཚང་བ་ལས་འབྲས་བུ་འབྱུང་བར་མི་འཐད་པའི་ཕྱིར་རོ། །སོ་སོར་སྡུད་དང་ཞེས་བྱ་བ་ལ་སོགས་པ་ནི་ཡན་ལག་དྲུག་སྟོན་པ་ཡིན་ནོ། །དེ་ལས་རེ་ཞིག་སོ་སོར་སྡུད་པའི་དོན་

གསུངས་པ་ནི། དབང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དབང་པོ་དང་དོན་བཅུ་པོ་རྣམས་ཀྱི་རང་གི་འཇུག་པ་སྟེ། བྱེད་པ་ཉིད་དུ་གནས་ཤིང་། སྤྲོས་པ་ཐམས་ཅད་ལས་ཡིད་སོ་སོར་སྡུད་ཅིང་། ཡིད་མ་ཆགས་པར་བྱེད་པ་ནི་འདིར་སོ་སོར་སྡུད་པའོ། །འདོད་པ་སོ་སོར་སྡུད་པས་ན། །ཞེས་བྱ་བ་

ནི་ཡུལ་རེ་རེ་ཞིང་འདོད་ཆགས་ཀྱི་སེམས་ལ་སོགས་པ་སྡུད་པར་བྱེད་པས་སོ། །འདི་དག་གིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་རྟོག་པ་དང་བྲལ་བས་སྟོང་པ་ཉིད་དུ་རོ་གཅིག་པའི་སེམས་ནི་འདིར་སོ་སོར་སྡུད་ཅེས་བཤད་དོ། །དེ་

ཡང་སོ་སོར་སྡུད་པའི་རྣལ་འབྱོར་པ། །སྟོང་ཉིད་བསམ་གཏན་ལ་རབ་བརྩོན། །དམིགས་སུ་མེད་པར་གྱུར་པའི་སེམས། །གཟུང་དང་འཛིན་པས་སྤངས་པ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བསམ་གཏན་གྱི་དོན་གསུངས་པ་ནི། འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་

པ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། ང་རྒྱལ་དང་ཕྲག་དོག་གི་བདག་ཉིད་ཅན་གྱི་སེམས་ནི་འདོད་པ་ལྔའོ། །དེ་ཡང་། འདོད་པ་སེམས་ཞེས་བྱ་བར་བཤད། །འདོད་ཆགས་ཞེ་སྡང་རྨོངས་ལྡན་དང་། །ང་རྒྱལ་ཕྲག་དོག་བདག་ཅན་ཡང་། །རྫོགས་པའི་

เล่ม ๓๙ · หน้า 310b

སངས་རྒྱས་མངའ་བདག་ཉིད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །སངས་རྒྱས་ལྔ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་དོ། །དོན་ནི་འདི་ཡིན་ཏེ། གང་འདི་ཉོན་མོངས་པ་ཅན་གྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་བཞིན་པ་ཉིད་ལ་སོགས་པའི་

ཚུལ་དུ་ངེས་པར་བྱས་པ་དེ་ནི་བསམ་གཏན་ཞེས་བྱ་བར་བཤད་དོ། །དེ་ཡང་རྟོག་པ་དང་བསྒོམ་པར་སེམས་དཔའ་ནི་བསམ་གཏན་ཞེས་བྱ་བར་བཤད་དོ། །རྣམ་རྟོག་ཉེར་ཞི་བསམ་གཏན་ཏེ། །བསམ་གཏན་སངས་རྒྱས་སྤྱོད་ཡུལ་ཡིན། །གཞན་དུ་སྟོང་པ་ཉིད་སེམས་པས། །

དང་པོའི་རྣལ་འབྱོར་པ་རྣམས་རྨོངས། །བློ་གྲོས་ཤིན་ཏུ་རྨོངས་གྱུར་པས། །མུ་སྟེགས་ཅན་གྱི་ལམ་དུ་འགྲོ། །ཞེས་བཤད་པ་ཡིན་ནོ། །རྟོག་དང་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གྱི་རབ་ཏུ་དབྱེ་བ་བསྟན་པའི་བཤད་པ་གསུངས་པ་ཡིན་ནོ། །གསང་བ་ཞེས་བྱ་བ་

ལ་སོགས་པ་ལ། སེམས་སོ་སོར་རྟོག་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། རྡོ་རྗེ་བསྟན་པར་གྱུར་པའི་མཚན་ཉིད་ནི་གསང་བ་གསུམ་སྟེ། འདི་དག་ལ་རྟོག་པས་ན་རྟོག་པའོ། །རྡོ་རྗེ་ཉིད་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ལོངས་སྤྱོད་པ་ལ་ཀུན་དུ་སྤྱོད་ཅིང་ངེས་

པར་རྟོག་པའི་བདག་ཉིད་ཅན་ཡིན་པས་ན་དཔྱོད་པ་སྟེ། མངོན་པར་བྱང་ཆུབ་པ་ལྔ་པོ་འདི་དག་ཉིད་ལ་རྟོག་པ་དང་དཔྱོད་པའི་སྒྲར་གསུངས་སོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས་སྦྱོར་བ་ལྔ་ལ་ལེགས་གནས་ན། །སངས་རྒྱས་བྱང་ཆུབ་རྙེད་མི་དཀའ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟ་

ཨུཏྤ་དཱ་ཡཱ་མི། ཨོཾ་ཏིཥྛ་བཛྲ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཨ་ཧཾ། སྦྱོར་བ་ལྔ་པོ་འདི་དག་གིས། །ཕྱག་རྒྱ་ལྔ་ནི་ཡང་དག་འཐོབ། །ཅེས་གསུངས་པ་ཡིན་ནོ། །འདིར་ལ་ལ་ནི། ཟླ་བ་གཉིས་དང་དེ་གཅིག་འགྱུར། །རྡོ་རྗེ་སྤྲུལ་པས་བསྡུས་པ་

དང་། །ཀུན་དུ་བཟང་པོས་རྫོགས་གྱུར་པ། །ཞེས་བྱ་བ་མངོན་པར་བྱང་ཆུབ་པ་ལྔ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་རྡོ་རྗེ་རྫོགས་པའི་བར་ནི་རྟོག་པའི་སྒྲས་གསུངས་པར་ཁོང་དུ་ཆུད་པར་བྱའོ། །གཞན་དག་ནི་དཔྱོད་པའི་སྒྲས་བསྟན་པ་ཡིན་ནོ། །དགའ་དང་འདྲ་བ་ཞེས་བྱ་བ་ནི་ནམ་མཁའ་

เล่ม ๓๙ · หน้า 311a

ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་ལ་ཡང་སྤྱན་ལ་སོགས་པའི་ལྷ་མོའི་ངོ་བོར་ཕྱུང་སྟེ། རང་དང་འདྲ་བའི་ནང་དུ་ཆུད་པར་བསྒོམས་པ་ལས་ཡིད་བདེ་བ་བསྐྱེད་པས་ན་དགའ་བ་དང་འདྲ་བ་ཞེས་བྱའོ། །བདེ་བ་བསྡུས་པ་ཞེས་བྱ་བ་ནི་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་

པར་སྦྱོར་བའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །ཞེས་བྱ་བ་ལ་བསམ་གཏན་ལྔ་པ་ནི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པས་རང་རིག་པ་ཙམ་གྱི་མཐར་ཐུག་པའི་ཕྱིར་དང་། འཛིན་པ་པོ་ལ་སོགས་པའི་རྟོག་པས་སྟོད་

པའི་ཕྱིར་ཤེས་བྱ་དང་ཤེས་བྱ་ཟད་པ་ཡིན་ནོ། །ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་སངས་རྒྱས་ཀུན་དངོས་སོ། །ཉོན་མོངས་པའི་ཉེས་པ་མ་ལུས་པར་ཞི་བས་ན་ཞི་བའོ། །སེམས་ཅན་གྱི་རེ་བ་རྫོགས་པར་ནུས་པ་དང་ལྡན་པས། འདོད་པ་ཀུན་ལ་རབ་ཏུ་གནས། །ཞེས་བྱའོ། །སྲོག་དང་

རྩོལ་བའི་དོན་གསུངས་པ་ནི། ཡེ་ཤེས་ལྔའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན། ཡེ་ཤེས་ལྔའི་རང་བཞིན་ཡིན་ནོ། །དབུགས་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གི་རྣམ་པ་ཅན་ཡིན་ནོ། །འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་བྱ་བ་ནི།

སྤྱན་ལ་སོགས་པའི་ལྷ་མོའི་ངོ་བོ་ཉིད་དུ་གྱུར་པས་སོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་བྱ་བ་ནི་སོ་སོར་སྣང་བ་ཐོབ་པར་བྱས་ན། རྡོ་རྗེ་ལས་བྱུང་སྟེ། ལྷ་མོའི་པདྨའི་སྣ་རྩེར་བསྒོམ་པར་བྱའོ། །གཞན་དག་ན་རེ་ཕྲ་མོའི་སྦྱོར་བ་དུབ་པར་གྱུར་པས་ན། དེར་འཇུག་

པའི་ཕྱིར་ཡང་བསྒོམ་པར་བྱའོ་ཞེས་ཟེར་རོ། །ཡང་གཞན་དག་ན་རེ། ཕྲ་མོའི་དཀྱིལ་འཁོར་གྱི་གཞི་ཉིད་དུ་གྱུར་པའི་མཚན་མའི་ནང་དུ་ཆུད་པར་བྱས་ལ་འདི་བསྒོམ་པར་བྱའོ་ཞེས་ཟེར་རོ། །འཛིན་པའི་དོན་གསུངས་པ་ནི། རང་སྔགས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་སེམས་དཔའི་

ཐུགས་ཀའི་ཟླ་བ་རང་གི་ལྷའི་ས་བོན་གྱི་ཡི་གེ་ཐིག་ལེའི་གཟུགས་སུ་ཇི་ལྟ་བ་བཞིན་དུ་བྱས་པ་སྲོག་སྟེ། རླུང་དང་བཅས་པ་དགག་པ་སྟེ། ཡུལ་ལ་རྒྱུ་བ་དང་བྲལ་བར་བྱས་པའོ། །དབང་པོ་དང་བཅས་པར་གནས་པས་ན་དབང་བཅས་སོ། །རིན་ཆེན་ཞེས་བྱ་བ་ནི་རིན་པོ་ཆེར་བཅས་པའི་

เล่ม ๓๙ · หน้า 311b

སེམས་གཟུང་བ་གང་ཡིན་པ་དེ་ནི་འཛིན་པ་ཞེས་བྱ་བར་བཤད་དོ། །གཞན་དག་ནི་ཕྲ་མོའི་རྣལ་འབྱོར་གྱི་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བར་ས་བོན་གྱི་ཡི་གེ་བསམས་ལ་ཡིད་ཐིག་ལེར་གྱུར་པར་བྱའོ་ཞེས་ཟེར་རོ། །འགོག་པའི་རྡོ་རྗེར་གྱུར་ཅེས་བྱ་བ་ནི་དེ་ལྟར་

བསྒོམས་པས་བརྟན་པར་གྱུར་པས་ན་ཞེས་བྱའོ། །མཚན་མར་ཉེ་བར་འཛིན་ཞེས་བྱ་བ་ནི་དྲོ་བ་ལ་སོགས་པའི་རྣམ་པའོ། །མཚན་མའི་གནས་སྐབས་གསུངས་པ་ནི་སྨིག་རྒྱུ་འདྲ་བ་ཞེས་བྱ་བ་ནི་བརྟན་པར་གྱུར་པའི་སེམས་ནི་བརྟན་པར་གནས་པའི་དྲོ་བ་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར། དང་

པོ་སྨིག་རྒྱུ་ལྟ་བུར་འགྱུར་རོ། །དུ་བ་ལྟ་བུར་ཞེས་བྱ་སྟེ། །ཡེ་ཤེས་ཀྱི་མེ་སྐྱེར་རུང་བའི་ཕྱིར་རོ། །མཁའ་སྣང་འདྲ་བ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་ཐོབ་པའི་ཕྱིར་རོ། །མར་མེ་ལྟར་འབར་ཞེས་བྱ་བ་ནི་སྒྲིབ་པ་རྣམས་ཀྱང་སྲབ་མོར་བྱས་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་སྐྱེས་

པའི་ཕྱིར་རོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ཞེས་བྱ་བ་ནི། རྟོག་པ་མ་ལུས་པ་དང་བྲལ་བ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །འདིར་མཚན་མ་བཞི་ནི་དྲོད་ལ་སོགས་པའི་ངོ་བོ་ཉིད་དོ། །ལྔ་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པར་

ཤེས་པར་བྱའོ། །ཁ་ཅིག་ནི་འོད་ཟེར་མཆོག་དང་རབ་མཆོག་གི་དབྱེ་བ་ལས་མཚན་ཉིད་འདི་དག་ཏུ་གྱུར་པར་ཁོང་དུ་ཆུད་པར་བྱའོ་ཞེས་ཟེར་རོ། །རྗེས་སུ་དྲན་པའི་ཚུལ་གསུངས་པ་ནི། བརྟན་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། གང་ཞིག་སངས་རྒྱས་ལ་སོགས་པ་རྗེས་

སུ་དྲན་པས་བརྟན་པར་གྱུར་པས་སེམས་ནི་ཡང་དེའི་རྣམ་པར་བསྒོམ་པར་བྱའོ། །སོ་སོར་སྣང་བ་དེ་ལ་སྐྱེ་ཞེས་བྱ་བ་ནི་དེ་ལས་སངས་རྒྱས་ལ་སོགས་པ་སྤྲོས་པ་ན། རང་དང་གཞན་དག་ལས་མངོན་སུམ་གྱི་ཤེས་པ་སྐྱེ་བར་འགྱུར་རོ། །ཏིང་ངེ་འཛིན་གྱི་དོན་གསུངས་པ་ནི། ཐབས་དང་ཞེས་བྱ་

བ་ལ་སོགས་པ་ཡིན་ཏེ། ལྷ་མོ་རྣམས་ཀྱི་གླུས་ཇི་ལྟར་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་དུ་ཞུགས་པ་སྔོན་དུ་འགྲོ་བ་དང་། ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་སྐད་ཅིག་ཙམ་གྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་

เล่ม ๓๙ · หน้า 312a

སྐྱེད་པ་ནི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བཤད་དོ། །སོ་སོར་སྡུད་ལ་ཞེས་བྱ་བ་ལ་སོགས་པ་སྦྱོར་བའི་ཡན་ལག་དྲུག་གི་སྦྱོར་བའི་ཕན་ཡོན་ཉེ་བར་བསྟན་ཏོ། །དེ་ལྟར་རྣམ་པ་དང་རབ་ཏུ་བྱེད་པའི་དབྱེ་བས་བསྙེན་པ་བསྟན་ནས་ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་བསྟན་པའི་ཏིང་ངེ་

འཛིན་གྱི་དོན་བཤད་ཅིང་བསྙེན་པ་ལ་སོགས་པའི་དོན་དུ་གསུངས་པ། དེ་ནི་སྙིང་པོ་ལ་སོགས་པ་ཡིན་ཏེ། ཐུགས་ཀ་རུ་ཞེས་བྱ་བ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེགས་པའི་ནང་དུའོ། །ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་ཟླ་བ་ལྟ་བུའོ། །མཚོན་ཆ་

མཆོག་གིས་དྲངས་ནས་ནི། །ཞེས་བྱ་བ་ནི་མི་ཕྱེད་པའི་འོད་ཟེར་རྣམས་ཀྱིས་སོ། །སྔགས་ཀྱི་དངོས་བྱ་སྟེ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱིས་ས་བོན་གྱི་ངོ་བོར་བྱས་པའོ། །སྔགས་ཀྱི་གཟུགས་ཞེས་བྱ་བ་ནི། སྔགས་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་ཡི་གེས་གཟུགས་ཏེ། ཕྱག་མཚན་

དུ་བྱས་པའི་སྦྱོར་བ་དེ་ནི། ལྷ་རྣམས་ཀྱིས་དོན་རྫོགས་པར་བྱེད་པའོ། །བྱང་ཆུབ་ཚིགས་བཅད་ཅེས་བྱ་བ་ནི་བྱང་ཆུབ་སྟོན་པར་བྱེད་པའི་ཚིག་སྟེ། རང་གི་བདག་པོར་བསྐྱེད་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧོ། །ཞེས་བྱ་བའི་སྔགས་ཀྱི་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་

ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཡན་ལག་སྦྱོར་བསྒོམས་པས། །ཞེས་བྱ་བ་ནི་ཡང་དག་པའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱས་པས་སོ། །རང་གི་དཀྱིལ་འཁོར་ལ་གནས་ཏེ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་དུ་མིག་ལ་

སོགས་པ་བྱིན་གྱིས་བརླབས་པའི་བདག་ཉིད་ནང་གི་བདག་ཉིད་ཅན་གྱི་ལྷའི་འཁོར་ལོར་ཡང་དག་པར་གནས་ཤིང་དེའི་ཚུལ་གྱིས་འདུག་པའོ། །སེམས་དེ་ཞེས་བྱ་བ་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་ཞེས་སོ། །ཡེ་ཤེས་གཟུགས་ཀྱིས་ཞེས་བྱ་བ་ནི་མངོན་པར་ཤེས་པའི་བདག་ཉིད་ཅན་

སའི་སྙིང་པོ་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་ཉིད་དུ་བསྒོམ་ཞིང་བསྐྱེད་པ་དེ་ནི་ཉེ་བར་སྒྲུབ་པའོ། །འདི་སྐད་སྟོན་ཏེ། ཆོ་ག་བཞིན་དུ་ཟླ་བ་ཞུ་བར་གྱུར་པ་ལས་འབྱུང་བ་ལྷའི་གཟུགས་ལ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པའི་རྗེས་ལ་མིག་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด