གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཀུ་སུ་མཱཉྫ་ལི་གུ་ཧྱ་ས་མ་ཛ་ནི་བནྡྷ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๐ · หน้า 282a
རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གཙུབ་ཤིང་ནི་སྟེང་ནས་བསྲུབས་པའོ། །གཙུབ་གཏན་ནི་འོག་གཞིའོ། །བསྐྱོད་པ་ནི་བྱ་བའོ། །རྐྱེན་གྱིས་ཞེས་བྱ་བ་ནི་འཚོགས་གནས་སོ། །དུ་བ་འབྱུང་ཞིང་མི་འབྱུང་བར་འགྱུར་མོད་ཀྱི་ཞེས་བྱ་བ་ནི་མེ་ཉེ་
བར་འབྱུང་བར་སྟོན་པ་ལ་མེ་འབྱུང་བ་ཞེས་བྱ་སྟེ། དཔེར་ན་ཁ་བ་བསད་པ་སྟོན་པ་ལ་ཁ་བ་འཇོམས་པ་ཞེས་བྱ་བ་ལྟ་བུའོ། །སྟོན་པ་ནི་འདིར་བཤད་པ་ཡིན་ཏེ། དགོས་བྱེད་མེད་པས་ན་ནི་བཤད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ཡང་ཞེས་བྱ་བ་ལ་ཡང་གི་སྒྲ་ནི་བསྡུ་བ་ཡིན་ཏེ་
དུ་བ་དེ་དང་མེ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཚུལ་འདི་ཉིད་ཀྱིས་སོ། །འགྲོ་བ་དང་འོང་བ་ལ་སོགས་པས་ཞེས་བྱ་བ་ནི་རང་གི་རྒྱུད་རྣམས་ལ་འགྲོ་བ་དང་འོང་བ་ལ་སོགས་པ་མེད་པའི་རྣམ་པ་དུ་བའི་གནས་ལྟ་བུ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་འབྲས་བུ་
མེའི་གནས་ལྟ་བུའི་ཉེ་བར་སྐྱེ་བ་རྣམས་ཀྱི་རྗེས་སུ་རིག་པར་བྱའོ། །དེ་དག་ཅེས་བྱ་བ་ནི་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པའོ། །ཚིག་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་དོན་ཉིད་བྱིས་པ་རྣམས་ལ་གསལ་བར་བྱ་བའི་ཕྱིར་རོ། །རྨད་
བྱུང་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ནི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ་མདོར་བསྡུ་ན་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པ་དང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྣམས་ནིའོ། །རྨད་བྱུང་ཆེན་པོའི་
ཞེས་བྱ་བ་ནི་མཆོག་ཏུ་རྒྱ་ཆེན་པོ་བསྟན་པའོ། །ནམ་མཁའ་དང་ནི་མཚུངས་པ་དང་། །ཞེས་བྱ་བ་ནི་མཆོག་ཏུ་ཟབ་པ་ཡིན་ཏེ། སྤྲོས་པའི་རྒྱུ་མཚན་ཐམས་ཅད་དང་བྲལ་བས་འདི་དག་ནི་ནམ་མཁའ་དང་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །རྒྱ་ཆེ་བ་དང་ཟབ་པ་དག་གིས་ནི་བྱང་ཆུབ་ཀྱི་
སེམས་མ་ལུས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དག་པ་ལ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བ་སྟེ། གསལ་བར་ཕྱེ་བ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཏུ་ཡང་བཤད་པ་མཚར། །ཞེས་བྱ་བ་ལ། དང་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ནིའི་སྒྲ་ཡང་ངེས་པར་གཟུང་བའི་དོན་
เล่ม ๔๐ · หน้า 282b
ཏོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་དང་རྒྱ་ཆེན་པོ་ཉིད་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་ཡུལ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་བོ། །རྡོ་རྗེ་དམ་ཚིག་དེ་སྟོན་པ་འདིས་བཤད་པ་ནི་བསྟན་པའོ། །གང་ཉན་ཐོས་ལ་སོགས་པའི་ཆོས་རྣམས་ཀྱང་མ་ཡིན་ནོ། གང་ཉེས་པར་སྤྱོད་པའི་རྒྱུ་མཚན་ལ་ལྟ་ཅི་
ཞིག་སྨོས། སངས་རྒྱས་ཀྱི་ཆོས་རྣམས་ཀུན་རྫོབ་ཉིད་དུ་སྟོན་གྱི་དེ་དག་གི་རང་གི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར་རྣམ་པར་མི་རྟོག་ཅེས་བྱ་བ་སྨོས་ཏེ། དེ་དག་ནི་རྣམ་པར་རྟོག་པའི་ཡུལ་ཡང་མ་ཡིན་ན་ཚིག་གིས་ལྟ་སྨོས་ཀྱང་ཅི་
དགོས། དེ་བས་ན་དེ་དག་ནི་ཀུན་རྫོབ་ཉིད་དུ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ལ་རྒྱ་ཆེ་བའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། བྱིས་པའི་སྤྱོད་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དོན་དམ་པའི་དེ་ཁོ་ན་ཉིད་ནི་ཕྲ་མོའི་དེ་ཁོ་ན་ཉིད་དེ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་
རོ། །འདི་ལྟར་ཀུན་རྫོབ་ཀྱང་རྣམ་པ་གསུམ་སྟེ། བརྟགས་པའི་ཀུན་རྫོབ་ནི་ཆོས་ཐམས་ཅད་བརྟགས་པའི་རང་བཞིན་ནོ། །ཤེས་པའི་ཀུན་རྫོབ་ནི་ལོག་པའི་ཤེས་པ་ཐམས་ཅད་དོ། །བརྗོད་པའི་ཀུན་རྫོབ་ནི་སྒྲ་དང་རྟོག་པས་དོན་དམ་པ་སྟོན་པར་བྱེད་པའོ། །དོན་དམ་
པ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་ཉིད་ནི་དོན་དམ་པའོ། །སྒྲུབ་པ་དོན་དམ་པ་ནི་ཡང་དག་པའི་ཡེ་ཤེས་སོ། །ཐོབ་པར་བྱ་བ་དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། བརྟགས་པ་དང་ནི་ཤེས་པ་དང་། །དེ་བཞིན་བརྗོད་
པ་རགས་པ་ཡིན། །ཞེས་བྱ་བ་དང་། དོན་དང་ཐོབ་དང་སྒྲུབ་པ་དང་། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་བཤད་པ་ལྟ་བུའོ། །དེ་ལ་རྡོ་རྗེའི་དམ་ཚིག་འདི་དང་དེ་ལས་གཞན་པའི་སྔགས་ཐམས་ཅད་ནི་བརྗོད་པའི་ཀུན་རྫོབ་ཡིན་ཏེ། ཡང་དག་པ་ལ་སོ་སོར་རྟོག་
པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡང་དག་པ་ལ་སོ་སོར་རྟོག་པ་ཡང་རྣམ་པར་རྟོག་པ་མ་ཡིན་ཞིང་རྣམ་པར་མི་རྟོག་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་རྣམ་པར་རྟོག་པ་མ་ཡིན་ཞེ་ན། རྣམ་པར་མི་རྟོག་པ་སྐྱེད་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་མི་
เล่ม ๔๐ · หน้า 283a
རྟོག་པ་མ་ཡིན་ཞེ་ན། ཡང་དག་པའི་དོན་ལ་རྣམ་པར་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་ལས་ཀྱང་རྣམ་པར་མི་རྟོག་པ་སྐྱེ་བ་མ་ཡིན་ཏེ། བྱིས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །ཐ་མལ་པའི་རྣམ་པར་རྟོག་པ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། དེ་ནི་དེའི་
གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཡང་དག་པའི་དོན་ཉིད་ལ་རྣམ་པར་འཇོག་པའི་ཡིད་ཀྱིས་སོ་སོར་རྟོག་པ་རྣམས་དེ་བསྒོམ་པའི་རྗེས་སུ་འགྲོ་བས་ན་འབད་རྩོལ་མེད་པར་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལས་སེམས་མཉམ་པར་གཞག་པར་འགྱུར་རོ། །སྤྲོས་པ་མེད་
པ་དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་སྐད་དུ་ཡང་རྣམ་པར་མི་རྟོག་པའི་གཟུངས་ལས་དེ་ཡང་ཡང་དག་པར་སྦྱོར་བས་ཀུན་དུ་བསྟེན་པས་རྗེས་སུ་འགྲོ་བར་བྱེད། བསྒོམས་པས་རྗེས་སུ་འགྲོ་བར་བྱེད། མང་དུ་བྱས་པས་རྗེས་སུ་འགྲོ་བར་བྱེད། ཡང་དག་པར་
ཡིད་ལ་བྱེད་པས་རྗེས་སུ་འགྲོ་བར་བྱས་ན། མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་སྟེ་ཞེས་གསུངས་པ་དང་། ཚད་མ་རྣམ་པར་ངེས་པ་ལས་ཀྱང་། བསམ་པའི་རང་བཞིན་ཅན་ཉིད་ཀྱིས་ཤེས་རབ་ལ་གོམས་པར་བྱས་ན་དོན་དམ་པའི་ཡེ་
ཤེས་འཁྲུལ་པས་དབེན་པ་དྲི་མ་མེད་པ་འཇིགས་པ་མེད་པ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བཤད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཡང་དག་པ་ལ་སོ་སོར་རྟོག་པ་ཉིད་ཀྱི་རྣམ་པར་མི་རྟོག་པ་བྱང་ཆུབ་རྟོགས་པར་འདོད་པ་རྣམས་ཀྱིས་བརྟེན་པར་བྱའོ་ཞེས་བྱ་བ་
ནི་གྲུབ་པའི་མཐའ་ཡིན་ནོ། །འདི་ལ་དོན་དམ་པའི་འབྲས་བུ་ཡོད་པས་ན་དོན་དམ་པ་སྟེ། བྱང་ཆུབ་ཀྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ལྔའི་དག་པའི་དོན་གྱི་ཡུལ་འདི་ལ་ཡོད་པས་ན་དག་པ་དེ་ཁོ་ན་ཉིད་ཀྱི་དོན་ཏོ། །ཡང་དག་པར་རྟོགས་པར་
བྱ་བ་ཡིན་པའི་ཕྱིར་དང་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་སྟེ། རྡོ་རྗེ་དམ་ཚིག་རྣམ་པ་ལྔའོ། །དོན་དམ་པ་ཡང་དེ་ཡིན་ལ་དག་པ་དེ་ཁོ་ན་ཉིད་ཀྱི་དོན་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་དག་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ན་ཞེས་བྱ་བ་ནི་བསྡུ་བའོ། །དེ་གསལ་
เล่ม ๔๐ · หน้า 283b
བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་དགུ་པའོ།། །།ཉེ་བར་སྒྲུབ་པའི་མངོན་པར་རྟོགས་པ་ནི་གཉིས་པ་དང་དྲུག་པ་དག་ཏུ་གསུངས་པ་ཡིན་ལ་འདི་ལས་ཀྱང་མདོར་བསྡུས་ཏེ་སྟོན་ཏོ། །དེ་ལ་སྤྱོད་པ་གསུམ་དང་རྗེས་
སུ་མཉེས་པར་བྱ་བ་ནི་དམ་ཚིག་ཡིན་ཏེ་ལེའུ་བཅོ་བརྒྱད་པ་ལས། ཇི་སྲིད་མཐོང་བ་དེ་སྲིད་དུ། །རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཐམས་ཅད་དུ་ནི་རྟག་ཏུ་བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ན། །ཇི་སྐད་
གསུངས་པའི་ཆོ་ག་དང་། །སྡོམ་པས་ལན་གསུམ་བརྩམ་པར་བྱ། །དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། །མཐོང་བ་འབྱུང་བར་མ་གྱུར་ཅིང་། །གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །དེ་ཚེ་དེ་ཡི་ཡེ་ཤེས་ནི། །སྒྲུབ་པ་ངེས་པར་ཉེ་བར་འབྱུང་། །
རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང་དུ་བྱ་བ་དང་། །བསྲུང་བའི་སྦྱོར་བ་དག་ཀྱང་བྱ། །ཞེས་འཆད་པར་འགྱུར་རོ། །དེ་ལ་དྲུག་པ་ལས་གསུངས་པའི་སྤྱོད་པ་དང་པོ་གཉིས་ནི་འདི་ལྟ་སྟེ། ཉེ་བར་ལོངས་སྤྱོད་པའི་སྤྱོད་པ་དང་། །དཀའ་
བའི་སྤྱོད་པའོ། །གསུམ་པ་ནི་དྲག་ཤུལ་གྱི་སྤྱོད་པ་སྟེ། དེ་དང་རྗེས་སུ་མཉེས་པར་བྱས་པ་བསྟན་པའི་ཕྱིར་ལེའུ་བཅུ་པ་ནི། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཆེན་པོ་ནི་རྡོ་རྗེ་ཅན་ནོ། །དེའི་རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་
ནི་ནམ་མཁའ་དང་མཉམ་པ་ཉིད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐུགས་སུ་ཆུད་པའོ། །དེའི་དོན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་སྐུ་ལ་སོགས་པའི་གསང་བ་སྟེ། གསང་བའི་སྒྲས་ནི་འདིར་སྦ་བར་བྱ་བ་ཡིན་པས་ན་ཕུར་བུས་
བསྣུན་པ་གསུངས་པ་ཡིན་ནོ། །དེའི་བདག་ཉིད་ཡིན་པའི་ཕྱིར་དང་། དེ་སྟོན་པར་མཛད་པ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །སྔགས་ནི་ལྷ་ཐམས་ཅད་དོ། །དེ་རྣམས་ཀྱི་སྙིང་པོ་ནི་བདག་ཉིད་ཐམས་ཅད་དོ། །དེའི་བདག་ཉིད་
เล่ม ๔๐ · หน้า 284a
ཐམས་ཅད་ཀུན་བསྡུས་པ་ནི། འདིས་ཡང་དག་པར་བསྡུས་པའི་ཕྱིར་རོ། །དེ་ཉིད་ནི་དམིགས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །སྐུ་དང་གསུང་ཐུགས་གསང་བར་བསྒྲགས། །ཞེས་བྱ་བ་ནི། ཕུར་བུས་འདེབས་པ་ཞེས་བྱ་བའི་
དོན་ཏོ། །ཕུར་བུས་འདེབས་པ་ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག་སྟེ། ཉེ་བར་སྒྲུབ་པའི་འབྲས་བུའི་ཐབས་ཕྱི་མར་གྱུར་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་དེ་མ་ཐག་ཏུའོ། །གསུང་ནི་འདི་སྐད་ཅེས་བྱ་བ་ནི་ཕུར་བུས་འདེབས་
པའི་མདོའི་ཚིགས་སུ་བཅད་པའོ། །འབར་བ་ནི་མི་བསྐྱོད་པ་ལ་སོགས་པ་ལ་རབ་ཏུ་ཁྲོ་བའོ། །ཁྲོ་བ་སྟོན་པའི་སྐུ་དང་གསུང་གི་རྣམ་པར་འགྱུར་བས་དྲག་པོའོ། །ཁྲོ་བོ་ཉིད་ཀྱི་སྤྱན་ཡངས་པ་སྟེ། སྤྱན་རྒྱ་ཆེ་བའོ། །གལ་ཏེ་ཉོན་མོངས་པ་སྤངས་པ་རྣམས་ལ་ཁྲོ་བ་ཅིའི་ཕྱིར་ཡོད་
ཅེ་ན། གསུངས་པ། ཉོན་མོངས་ཀུན་ཉིད་རྒྱ་མཚོ་ཡིན་ཏེ་རེ་རེ་ཞིང་དབྱེ་བ་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །དེའི་གཙོ་བོ་ནི་དབང་བསྒྱུར་བ་སྟེ། སེམས་ཅན་གདུལ་བར་བྱ་བའི་ཕྱིར་འདི་དག་ཇི་ལྟར་འདོད་པ་བཞིན་དུ་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རོ། །རྒྱལ་པོ་ནི་སྔགས་ཐམས་ཅད་
ཀྱིའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལ་ཡང་ཁྲོ་བ་ཡིན་ཏེ་ཁྲོ་བོའི་གར་མཛད་པ་ཡིན་ནོ། །ལུས་དང་ངག་ཅེས་བྱ་བ་ལ་སོགས་པ་ལ། ལུས་ལ་སོགས་པ་སྐུ་དང་གསུང་དང་ཐུགས་ཏེ། དཀྱིལ་འཁོར་པ་རྣམས་སོ། །རྡོ་རྗེ་ནི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་བདག་པོའོ། །དེ་ནི་དེ་
རྣམས་ཀྱི་སྐུ་ཡང་ཡིན་ལ་ངག་ཀྱང་ཡིན་ཞིང་ཐུགས་ཀྱང་ཡིན་ཏེ། འཁོར་ལོས་སྒྱུར་བ་ནི་རང་གི་ལུས་སོ། །དེ་བསྒོམ་པ་ནི་ཡིད་དང་ངག་གི་སྟེ། གོ་རིམས་བཞིན་དུ་དམིགས་པ་གསུམ་དང་། བྱང་ཆུབ་ཀྱི་ཚིགས་སུ་བཅད་པས་སོ། །དེ་མི་དམིགས་པ་ནི་མཚན་
མ་ཕྲ་མོ་སྟེ། ཡེ་ཤེས་ཙམ་དུ་དམིགས་པས་སོ། །དེ་མི་དམིགས་པ་དེ་རྣམ་པར་མི་རྟོག་པ་ནི་གདན་ཕྲ་མོས་ཏེ། ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ཀྱི་ཕྱིར་ཏེ་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་གང་ན་འང་མི་གནས་པ་ནི་མཆོག་ཏུ་ཕྲ་བའི་ས་བོན་གྱི་སྔགས་ཀྱིས་ཏེ།
เล่ม ๔๐ · หน้า 284b
དོན་ལ་ཡང་མ་ཡིན་ཤེས་པ་ལ་ཡང་མ་ཡིན་མཉམ་པ་ཉིད་དུ་གནས་པ་ནི་ཡིད་ལ་མ་ཡིན་ནོ། །ཏིང་ངེ་འཛིན་དེ་ལྟ་བུ་ལ་རང་ཉིད་སྙོམས་པར་ཞུགས་པ་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་དག་པ་ཞེས་བྱ་བ་ནི་སྟོང་པ་སྟེ།
དམིགས་པ་གསུམ་གྱིས་བསྒྲུབ་པའི་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པ་སྟེ། དེ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར་རོ། ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་བཞི་ནི་རིག་པའི་རྒྱལ་མོ་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་རྣམས་ཀྱང་རང་གི་གནས་ཇི་ལྟ་བ་བཞིན་དུ་ཤིན་ཏུ་ཕྲ་བའི་མཚན་མའི་ནང་དུ་ཆུད་པ་ནི་ཤིན་ཏུ་ཕྲ་བའི་གདན་དག་ཡིན་ནོ། །དེ་ལ་རྡོ་རྗེ་འཛིན་པའི་མཚན་མ་ཕྲ་མོ་ནི་དྲུག་པར་བཤད་དོ། །
དེའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་གཉིས་པ་ལ་མཆོག་ཏུ་ཕྲ་བའི་སྔགས་ཀྱི་སྙིང་པོའོ། །དེ་ཉིད་ནི་ཚུལ་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་མོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་པ་ཉིད་ཀྱིས་ན་རྡོ་རྗེའོ། །སྙོམས་པར་ཞུགས་ནས་
ཞེས་བྱ་བ་ནི་མངོན་དུ་མཛད་པའོ། །གལ་ཏེ་ཅིའི་ཕྱིར་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་པར་མཛད་ཅེ་ན། འདི་ལྟ་བུ་ལ་སྙོམས་པར་ཞུགས་ཤིང་དེ་བཞིན་གཤེགས་པའི་འདུས་པ་བསྒོམས་ནས། དང་པོར་ཉེས་པ་བསྒྲགས་པར་བྱས་པ་དེའི་འོག་ཏུ་དྲག་ཤུལ་སྒྲུབ་པར་
བྱེད་ཅེས་སྟོན་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་འདུས་པ་ལ་ཞུགས་པའོ། །འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཉེས་པ་བསྒྲག་པའོ། །ཡོད་ཅེས་བྱ་བ་ནི་འདི་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་ནི་ཕན་པའོ། །དེའི་བྱ་བ་ནི་བྱེད་
པའོ། །དེའི་དོན་དུ་རོལ་པ་ནི་བཅོས་པའི་སྐྱེས་པ་དང་བུད་མེད་ཀྱི་རྣམ་པ་དང་དེའི་བྱ་བ་ལ་སོགས་པའོ། །དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྟོན་པར་མཛད་དོ། །ཅི་སྟོང་གཉིས་པ་འམ་སྟོང་གསུམ་པ་གཅིག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེ་ན། མ་ཡིན་ཏེ་ཕྱོགས་བཅུའི་
เล่ม ๔๐ · หน้า 285a
ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སྟོང་གསུམ་གྱི་མཐར་ཐུག་པ་གང་ཡིན་པ་དེ་དག་ནི་ཐམས་ཅད་དུ་ཞེས་བྱ་བའི་དོན་ཏོ། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །ཞེས་བྱ་བ་ནི་རོལ་མོར་གྱུར་པ་རྣམས་ཀྱིས་ཏེ། དེ་ལྟ་བུའི་
སྐབས་ཡིན་པའི་ཕྱིར་རོ། །རོལ་ཅིང་ཞེས་བྱ་བ་ནི་བསྟན་པ་སྟེ། བདེ་བའི་སྐུ་ཉམས་སུ་བསྟར་ཞེས་བྱ་བའི་དོན་ཏོ། །དགྱེས་ལ་ཡོངས་སུ་སྤྱོད་པ་ཞེས་བྱ་བ་ནི་བཤད་པ་སྟེ། ཡིད་དང་དབང་པོ་ལྔས་བདེ་བར་སྤྱོད་ཅེས་བྱ་བའི་དོན་ཏོ། །སྔགས་ལ་སྤྱོད་པ་ལ་མངོན་པར་
བརྩོན་པ་རྣམས་ལ་ཞེས་བྱ་བ་ནི་བསྙེན་པ་དང་ཉེ་བར་སྒྲུབ་པ་དག་གིས་ཡིད་སྐྱོབ་པའི་མཚན་ཉིད་ཅན་ནོ། །དེ་ལ་མངོན་པར་བརྩོན་པ་ནི་རྣམ་པ་ཐམས་ཅད་དུ་བྱ་བ་དང་ལྡན་པ་སྟེ། སྒྲུབ་པ་པོ་འགའ་ཞིག་གོ། །སྤྱན་རས་ཀྱིས་མི་འཚོ་སྟེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་
བའི་ཕྱིར་མི་གཟིགས་པ་འམ་གཉིས་སུ་མེད་པའི་ཆོས་ཉིད་ལྟ་བར་མི་མཛད་ཅེས་བྱ་བའི་དོན་ཏོ། །འདིར་ཡང་མི་བསྐྱོད་པ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རོལ་པ་སྟོན་པར་མཛད་པས་དབང་དུ་གྱུར་པ་ཉིད་དང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་དུ་
གསུངས་པ་ལ། སྔགས་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ་ཉིད་ཀྱིས་སྒྲུབ་པ་པོ་ཐུགས་རྗེ་ཆེན་པོའི་སྣོད་ཉིད་དུ་གསུངས་པ་དེ་ལྟ་ན་ཡང་དེ་རྣམས་འདི་ལ་སྤྱན་རས་ཀྱིས་མི་འཚོ་ཞེས་བྱ་བ་ནི་ཉེས་པ་བསྒྲགས་པའོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཉེས་པ་བསྒྲགས་པ་དེའོ། །
བྱ་བ་གང་གིས་ཤེ་ན། བྱ་བ་ནི་རྫོགས་པར་གྱུར་ན་ཞེས་བྱ་བ་གསུངས་ཏེ། མཐར་ཐུག་པར་གྱུར་པའོ། །གང་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་ཏེ། འདུལ་བའི་ལམ་གང་ཡིན་པ་དེ་ལའོ། །ལམ་གང་ཡིན་ཞེ་ན། ཡན་ལག་དྲུག་གི་
བསྙེན་པའི་མཐར་ཕྱིན་པ་ཉེ་བར་སྒྲུབ་པའི་སྦྱོར་བ་ལ་གནས་པས་འདོད་པའི་ལོངས་སྤྱོད་ཀྱི་སྤྱོད་པ་ལ་ཟླ་བ་དྲུག་པ་ཅན་གྱི་སྒྲུབ་པ་གསུམ་ཡིན་ལ། དེ་ནས་དཀའ་བའི་སྤྱོད་པ་ལ་ཡང་ཟླ་བ་དྲུག་པ་ཅན་གྱི་སྒྲུབ་པ་གཅིག་ཡིན་ནོ། །དེ་བས་ན་འདི་ནི་རྗེས་སུ་བརྩེ་བར་བྱ་བ་ཡིན་པ་དེ་ལྟར་རྗེས་སུ་བརྩེ་
เล่ม ๔๐ · หน้า 285b
བ་ལ་ཀྱེ་མའི་སྒྲ་ཡིན་ནོ། །འདིས་ནི་ཉེས་པ་བསྒྲག་པར་བྱ་བ་དྲག་ཤུལ་གྱི་སྤྱོད་པ་རིགས་སོ་ཞེས་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱི་འདི་འདྲ་བ་ནི་ཡིན་དུ་ཆུག་ན་སྒྲུབ་པ་པོས་ཇི་ལྟར་ཉེས་པ་བསྒྲག་པར་བྱེད་ཅེ་ན། དེས་ཀྱང་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཡོད་ཀྱང་ཞེས་བྱ་བའི་
བར་གྱི་ངག་གིས་སྒྲོགས་པར་བྱེད་དོ། །དེ་ལ་ཁྱད་པར་ནི་འདི་ཙམ་ཡོད་དེ། སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་ཞེས་བྱ་བ་དེའི་འོག་ཏུ་བདག་ལ་ཞེས་བྱ་བ་གཞུག་པ་དང་། ཀྱེ་མའོ་འདི་དག་ཅེས་བྱ་བ་བྱུང་ལ་ཀྱེ་མ་བདག་ཅེས་བྱ་བ་བརྗོད་པར་བྱའོ། །དེ་སྐད་གསུངས་ནས་ཅི་བཀའ་སྩལ་
ཅེ་ན། དེའི་ཕྱིར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་ནི་དེའི་དེ་མ་ཐག་ཏུའོ། །སྔགས་པ་འདི་ལྟ་བུ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །སྔགས་ནི་མི་བསྐྱོད་པ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་སྒྲའོ། །དེ་རྣམས་ཀྱིས་བསྡུས་པ་ནི་ཚོགས་པའོ། །ཇི་
ལྟར་སྟོན་པར་བྱེད་ཅེ་ན། ཚིག་གི་ལམ་ངེས་པར་བརྗོད་པས་ཏེ་རྗོད་པར་བྱེད་པའི་སྒྲ་ནི་ཚིག་ཡིན་ལ་དེའི་ལམ་ནི་དོན་ཏོ། །དེ་རྣམས་འདྲེན་པར་བྱེད་པའི་ཡི་གེ་རྣམས་ཀྱིས་བརྗོད་པ་ཡིན་ཏེ་དེས་སོ། །དེ་ནི་ལེའུ་གཉིས་པར་བཤད་ཟིན་ཏོ། །ཅིའི་ཕྱིར་གསུངས་ཤེ་ན། སྐྱེས་བུ་
ཞེས་པ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པའི་སྐྱེས་བུ་དམ་པ་དེ་རྣམས་ཀྱིས་སྒྲུབ་པ་པོ་ལ་སྤྱན་རས་ཀྱིས་བཙའ་བའི་ཕྱིར་རོ། །སྔགས་བསྡུས་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་ཐམས་ཅད་
དོ། །དེའི་རང་བཞིན་ཅན་ནི་སྔགས་སོ། །སྔགས་ལ་དམིགས་པ་ཡིན་པས་ན། སྔགས་ཀྱང་ཡིན་ལ་སེམས་ལ་དམིགས་པས་རྡོ་རྗེ་ཡང་དེ་ཡིན་ཞིང་ངག་ལ་དམིགས་པས་གསང་བ་ཡང་དེ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་འཁོར་ལོས་སྒྱུར་བའི་སྐུ་ཉིད་དུ་གྱུར་
ནས་ཡང་དེ་ཉིད་སྙིང་གར་གནས་པའི་གདན་ལ་མཚན་མ་ཕྲ་མོའི་དབུས་སུ་གདན་ཕྲ་མོ་ལ་མཆོག་ཏུ་ཕྲ་བའི་རང་གི་ངོ་བོར་གནས་པས་ན་རབ་ཏུ་གསང་བའོ། །སྔགས་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་དྲུག་གོ། །དེ་རྣམས་ཀྱི་སྙིང་པོ་སྒྲུབ་པ་པོ་ལ་སྤྱན་རས་ཀྱིས་མི་འཚོ་བ་
เล่ม ๔๐ · หน้า 286a
ཀུན་དུ་སྐུལ་བར་བྱེད་པ་ནི་ཡང་དག་པར་སད་པར་བྱེད་པའོ། །ཇི་ལྟར་ན་དེ་དེའི་སད་པར་བྱེད་པ་ཡིན་ཞེ་ན། རིམ་པ་བཞིན་གསུམ་པོ་དག་ལས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲོས་ལ་ཅིག་ཤོས་འཁྱིལ་པའི་ས་བོན་དུ་བསྒྱུར་ཏེ། ཕུར་བུ་བསྐྱེད་དོ་ཞེས་བྱ་བ་ནི་དེ་སྐད་ཅེས་བྱ་བར་གྲགས་
པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཛིན་པ་ཐམས་ཅད་དང་ཆོས་འཛིན་པ་ཐམས་ཅད་ཀྱི་སྒྲས་ནི་སྔགས་ཐམས་ཅད་རིགས་གསུམ་གྱི་དབྱེ་བར་བསྟན་པ་ཡིན་ནོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ནི་དེ་རྣམས་ཀྱི་སྟེ། གནས་ཇི་ལྟ་བ་བཞིན་དུ་གཞག་པའོ། །དེ་ལ་
དམིགས་པ་ནི་སྐྱེ་བའི་གནས་སོ། །རབ་ཏུ་འདར་ཞིང་ཞེས་པ་ནི་སྐྱེད་པ་སྟེ། རང་གི་ཏིང་ངེ་འཛིན་ལས་བཞེངས་པ་ཞེས་བྱ་བའི་དོན་ཏོ། །བརྒྱལ་བར་གྱུར་ཞེས་བྱ་བ་ནི་ཕུར་བུས་འདེབས་པའི་འཇིགས་པ་སྟོན་པའོ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ནམ་ཞེས་བྱ་བ་ནི་བཞེངས་ནས་ཡོངས་སུ་སྐྱོབ་
པར་གར་མཛད་པར་སྟོན་པའོ། །དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་གསུམ་དང་ལྡན་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའོ། །བཀོད་པའི་དཀྱིལ་འཁོར་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ་། །དེའི་ཞེས་བྱ་བ་ནི་བཀོད་པའི་
དཀྱིལ་འཁོར་གྱིའོ། །དབུས་གནས་ཞེས་བྱ་བ་ནི་རང་གི་སྙིང་གར་ཆུད་པའོ། །ཡི་གེ་ཧཱུཾ་ནི་ཤིན་ཏུ་དཀར་བའོ། །རང་གི་གཟུགས་སུ་ཞེས་བྱ་བ་ནི་རང་གི་མཚན་མ་སྟེ། དང་པོའི་རྡོ་རྗེ་དང་ལྡན་པ་དེའི་དབུས་ན་གནས་པ་ཞེས་བྱ་བའི་དོན་ཏོ། །རང་གི་སྟན་ལ་གནས་ནས་ཞེས་བྱ་བ་ནི་མ་སྨྲས་ཀྱང་
གྲུབ་པ་ཡིན་ནོ། །རབ་ཏུ་བརྟག་ཅེས་བྱ་བ་ནི་ཤེས་པར་བྱའོ། །རྡོ་རྗེའི་འོད་ཟེར་ཞེས་བྱ་བ་ནི་རྡོ་རྗེའི་འོད་དང་ལྡན་པའོ། །ཆེར་འབར་བ་ཞེས་བྱ་བ་ནི་ཤིན་ཏུ་འབར་བའོ། །རྣམ་པར་འཕྲོ་བ་ཞེས་བྱ་བ་ནི་ཕྱོགས་བཅུར་ཁྱབ་པར་གྱུར་པའོ། །སངས་རྒྱས་ཀྱི་ནི་སྐུ་གསུང་ཐུགས། །ཞེས་བྱ་བ་ནི་དཀྱིལ་
འཁོར་ཆེན་པོའི་ལྷ་རྣམས་ཀྱི་སྐུའི་ཕྱོགས་སུ་མཐོང་བའོ། །དྲངས་པ་ཞེས་བྱ་བ་ནི་འོད་ཟེར་དེ་ཉིད་ཀྱིས་དྲངས་ལ་ཡི་གེ་ཧཱུཾ་དུ་བཅུག་པའོ། །དེ་ལྟར་ན་གཟུང་བར་བྱ་བ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སྔགས་ལ་དམིགས་པའོ། །དེ་ནས་འཛིན་པ་ཡང་མེད་དོ་ཞེས་སེམས་ལ་སེམས་མེད་པ་
เล่ม ๔๐ · หน้า 286b
ཉིད་དུ་ཤེས་པ་ནི་སེམས་ལ་དམིགས་པའོ། །དེ་ནས་ཚིགས་སུ་བཅད་པ་ནི་ངག་ལ་དམིགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་བྱ་བ་ནི་རྡོ་རྗེ་གསུམ་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སེམས་དཔའ་ཡིན་
ལ་རྒྱ་ཆེན་པོ་ནི་དབུས་མའི་གདན་ལ་བཞུགས་པའི་ཕྱིར་རོ། །ཀུན་གྱི་གཙོ་བོ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་རོ། །དབང་ཕྱུག་མཆོག་ནི་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །རང་གི་དཀྱིལ་འཁོར་ཞེས་བྱ་བ་
ལ་སོགས་པ་ནི་རྡོ་རྗེ་འཛིན་པར་བཤད་པའི་ཆོ་ག་ཐུན་མོང་ཉིད་ཡིན་པར་གསུངས་པ་ཡིན་ནོ། །རང་གི་དཀྱིལ་འཁོར་ནི་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའོ། །རང་སྔགས་ཀྱིས་ཞེས་བྱ་བ་ནི་ཧཱུཾ་དང་ཨོཾ་ལ་སོགས་པ་དང་ལྡན་པའོ། །སྐབས་འདིས་ནི་རྡོ་རྗེ་སེམས་དཔའ་ལ་ངེས་པར་
བསྟན་པའི་དམིགས་པ་གསུམ་གྱི་མཚན་ཉིད་ཅན་འདི་ནི་སྐྱེད་པར་བྱེད་པའི་ཚུལ་དུ་འཁོར་ལོས་སྒྱུར་བ་དྲུག་ཅར་འགྱུར་རོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྔགས་ཐམས་ཅད་ནི་སྔགས་ཀྱི་ལྷ་ཐམས་ཅད་དོ། །སྙིང་པོ་ཞེས་བྱ་བ་ནི་ནམ་མཁའ་དང་
མཉམ་པ་སྟེ། རང་གི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པས་དེ་ལྟར་སྒྲུབ་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་བསྡུས་པ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་གསུམ་བསྡུས་པར་གྱུར་པའོ། །དེ་ལྟར་རྡོ་རྗེའི་དམ་ཚིག་ཚིགས་སུ་བཅད་པ་བཞི་གསུངས་པ། ནམ་མཁའ་རྡོ་རྗེའི་དམ་ཚིག་ཚིགས་སུ་བཅད་པ་གཅིག་གིས་
བསྟན་པའི་ཕྱིར་རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སྔགས་སྐྱེས་བུ་ནི་བསྟེན་པར་བྱ་བ་འམ། ཕུར་བུས་གདབ་པར་བྱ་བའི་རང་གི་འཁོར་ལོས་སྒྱུར་བ་འམ་འདེབས་པའི་ཕུར་བུ་སྟེ། གསུམ་པོ་གང་ཡང་རུང་བའོ། །དེ་བསྒོམས་ནས་དེ་དམིགས་པ་གསུམ་དང་བྱང་
ཆུབ་ཀྱི་ཚིགས་སུ་བཅད་པས་བསྐྱེད་ནས་སོ། །རབ་ཏུ་བསྒོམ་པ་ནི་རྣམ་པར་དགང་བར་བྱའོ། །གང་དུ་གང་གིས་ཤེ་ན། གནས་བཞི་རྣམས་སུ་སྟེ། མགོ་དང་མགྲིན་པ་དང་སེམས་དང་ཡེ་ཤེས་ཀྱི་གནས་རྣམས་སུ་ཤེས་རབ་ཀྱི་རང་བཞིན་དུ་བརྟག་པར་བྱ་བ་ན་གཟུགས་ཀྱི་
เล่ม ๔๐ · หน้า 287a
ཚུལ་ཏེ་གདན་རྣམས་སོ། །གཟུགས་དེ་དག་ལ་ཞལ་གསུམ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡིན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་ལྟ་བུ་ནི་སོ་སོ་དང་བསྡུས་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའི་མཚན་མ་ཞེས་བྱ་བའི་
དོན་ཏོ། །སྦྱོར་བ་ནི་དེ་ཡང་དག་པའི་སྦྱོར་བ་སྟེ། མཚན་མ་བཞིའི་ནང་དུ་ཁ་དོག་གསུམ་པོ་གང་ཡིན་པ་སྟེ། ཡི་གེ་གསུམ་པོ་གང་ཡིན་པ་སོ་སོ་བ་དང་། བསྡུས་པ་དང་བཅས་པ་དགོད་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའ་རྣམས་ཀྱི་ས་བོན་ཞེས་བྱ་བའི་དོན་ཏེ་དེ་དག་གི་དགའ་
བའོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ཅེས་པ་ལ་ནམ་མཁའ་ནི་ནང་ངོ་། །དམ་ཚིག་ནི་དེར་རྡོ་རྗེ་རྣམས་འདུས་པའོ། །དེ་སྟོན་པར་མཛད་པས་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེའི་མཆོག་གི་གསང་བ་ཞེས་བྱ་བ་ལ་མཆོག་ནི་མཆོག་ཏུ་ཕྲ་བའི་ས་བོན་ནོ། །རྡོ་རྗེ་ནི་ཤིན་ཏུ་
ཕྲ་བའི་མཚན་མའོ། །གསང་བ་ཞེས་བྱ་བ་ནི་སྔགས་ཀྱི་གདན་ཕྲ་མོ་སྟེ། ཟླས་དབྱེ་བའི་བསྡུ་བའོ། །སྙིང་ག་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ས་བོན་ཏེ། དེའི་ཕྱོགས་གཅིག་ཡིན་པས་དེའི་ཐིག་ལེ་ཡང་སྙིང་གའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་མཚན་མའོ། །ཡི་གེ་མཆོག་ཏུ་གྱུར་པ་ཞེས་
པ་ནི་མཆོག་ཏུ་ཕྲ་བའོ། །གནས་ཞེས་བྱ་བ་ནི་སྔགས་ཀྱི་གདན་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་མཚན་མ་ཕྲ་མོའི་དབུས་སུའོ། །དེ་ལྟར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱིས་གནས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་སུ་བལྟས་ལ་དེ་རྣམས་ལ་དེའི་ཉེས་པ་བསྒྲགས་
ལ་ཕུར་བུའི་ལྷའི་རྣལ་འབྱོར་ཡང་བྱས་ནས་གང་ཞིག་བྱ་བ་དེ་གསུངས་པ། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཀྱི་བདུད་རྩི་འཁྱིལ་པ་ཆོ་ག་བཞིན་དུ་བཀུག་སྟེ་བདག་ལ་བསྟིམས་ཏེ། རོ་གཅིག་པར་སྦྱོར་བ་དེའི་འོག་ཏུ་རྡོ་རྗེ་དང་པདྨ་དང་མི་ཕྱེད་པར་མོས་པས་ཁྲོས་
བཞིན་དུ་པདྨའི་ནང་དུ་བསྒྲུབ་བྱ་དེ་བསམས་ཏེ། དེའི་རིགས་ཀྱི་རྡོ་རྗེ་ལྕགས་ཀྱུ་དམ་ཚིག་གི་སྟོབས་ཀྱིས་སོང་ནས་ཡེ་ཤེས་ཀྱིས་བསྒྲུབ་པར་བྱ་བའི་སྙིང་ག་ཕུག་ལ་དགུག་པ་དང་གཞུག་པ་དང་བཅིངས་པའི་སྦྱོར་བ་བསམས་ཏེ། ནམ་མཁར་སོན་པའི་རྡོ་རྗེའི་ནང་དུ་
เล่ม ๔๐ · หน้า 287b
འཁྱིལ་པའི་ས་བོན་ལས་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་ཕྲ་མོའི་ཕུར་བུ་སྟེ། ཕུར་བུའི་འོག་རྩེ་གཅིག་པའོ། །རྩེ་ལྔ་པ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཡུན་རིང་དུ་སྟེ། འདི་ནི་རེ་ཞིག་རྡོ་རྗེ་རིགས་ཀྱི་ཕུར་བུ་ཡིན་ནོ། །འཁོར་ལོ་དང་པདྨའི་རིགས་དག་གི་
ཡང་རྣམ་པར་བསྒོམ་པར་བྱ་ཞེས་གསུངས་སོ། །རྡོ་རྗེ་ནི་ཕུར་བུའི་རིགས་ཀྱི་དབྱེ་བ་ལས་རྡོ་རྗེ་ལྕགས་ཀྱུ་དང་འདྲ་བར་ཁྱད་པར་གྱིས་ཏེ། རྡོ་རྗེ་དང་འཁོར་ལོ་དང་པདྨའི་རིགས་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་མགོ་བོར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་རང་གི་རིགས་ཀྱི་
ཕུར་བུས་སོ། །སྙིང་གར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའིའོ། །ལྷ་རྣམས་རབ་ཏུ་བསྐུལ་བ་འམ་ཞེས་བྱ་བ་ལ་འམ་གྱི་སྒྲ་ནི་དེ་སྲིད་ཀྱི་དོན་ཏེ་བཅུ་བཞི་པ་ལས་འཆད་པར་འགྱུར་བའི་དེའི་སྔགས་དང་ཕྱག་རྒྱ་དག་གིས་ཕུར་བུའི་ལྷ་དེ་སྲིད་ཀྱི་བར་དུ་བསྐུལ་བར་བྱ་ཞིང་དེ་ནས་སྔགས་ཀྱི་
མཐར་གདབ་པར་བྱའོ་ཞེས་བྱ་བར་དགོངས་སོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕུར་བུས་གདབ་བོ། །དེ་ཞེས་བྱ་བ་ནི་སྦས་པ་གང་ཡིན་པའོ། །རྡོ་རྗེ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱིའོ། །སངས་རྒྱས་བྱང་ཆུབ་ནི་སྒྲུབ་པའི་འབྲས་བུའོ། །དེའི་རབ་
སྒྲུབ་པ་ནི་ཁྱད་པར་ཅན་གྱི་སྒྲུབ་པའོ། །འཁོར་ལོ་པདྨ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོའི་རིགས་ལ་སོགས་པའི་རྒྱུར་གྱུར་པས་ཅི་རིགས་པར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་གསུངས་ནས་འཁོར་ལོ་དང་རྡོ་རྗེ་དང་པདྨའི་རིགས་རྣམས་ཀྱིས་ལྷ་རྣམས་དགུག་པར་བྱ་བའི་ཕྱིར་གོ་
རིམས་བཞིན་དུ་འཁོར་ལོ་དང་རྡོ་རྗེ་དང་པདྨས་མཚན་པའི་ལྕགས་ཀྱུ་སྤྱི་བོ་དང་ལྐོག་མ་དང་སྙིང་གར་གནས་པའི་འཁོར་ལོ་ལ་སོགས་པ་ལས་སྤྲོས་ལ་བསྒོམ་པར་བྱ་བ་ངས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྙིང་ག་རུ་ནི་བསྐུལ་བར་བྱ་བ་ནི་སྙིང་ག་ཕུག་ནས་
དགུག་པའོ། །དྲག་ཤུལ་གྱི་སྒྲུབ་པ་འདི་ལ་ཉེས་བྱས་སུ་འགྱུར་བར་དོགས་པ་བསལ་བར་བྱ་བའི་ཕྱིར། འདི་ནི་རོལ་མོའི་འབྱུང་བ་དེ། །ཞེས་བྱ་བ་གསུངས་ཏེ། རོལ་མོ་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །འདིར་སངས་རྒྱས་བྱོན་པའམ་ཐུགས་གར་གདབ་པ་ཡང་མ་ཡིན་གྱི། འོན་
เล่ม ๔๐ · หน้า 288a
ཀྱང་དོན་མེད་པ་ལ་དོན་དུ་སྣང་བའི་རྣལ་འབྱོར་པའི་སེམས་ཙམ་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པ་དེ་བས་ན་རོལ་མོ་འབྱུང་བ་འདི་ནི་བཅོམ་ལྡན་འདས་དེ་རྣམས་ཉིད་ཀྱིས་གདུལ་བྱ་རྣམས་ལ་ཐུགས་བརྩེ་བའི་ཕྱིར་གསུངས་པ་ཡིན་ཏེ། འདི་ལྟ་
བུའི་ཉེ་བར་དམིགས་པ་དཀའ་བ་བསྒོམ་པ་ནི་ཉེ་བར་དམིགས་པ་ཟད་པར་བྱ་བའི་ཕྱིར་དེའི་བཀའ་བཞིན་བྱེད་པའི་དད་པ་དང་ཤེས་རབ་འཕེལ་བའི་ཕྱིར་རོ། །དངོས་གྲུབ་ཀྱི་དོན་གྱི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་ཚུལ་མཆོག་གོ། །ཡེ་ཤེས་རྡོ་རྗེ་ཅན་ནི་སེམས་བརྟན་པ་རྣམས་ཀྱིའོ། །
གསང་བ་ཞེས་བྱ་བ་ནི་རོ་གཅིག་པའོ། །གྲུབ་པར་འགྱུར་ཞེས་བྱ་བ་ནི་ཞག་བདུན་ཙམ་གྱིས་འགྲུབ་པར་འགྱུར་རོ། །རིམ་པ་གང་གིས་འགྲུབ་པར་འགྱུར་ཞེ་ན། མཆོག་སྩོལ་བ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། ཞེས་བྱ་བ་ལ་འདིར་བཅོམ་
ལྡན་འདས་སྒྲུབ་པ་པོ་བཏང་སྙོམས་སུ་བཞག་པས་བདག་ཉིད་བརྩེ་བ་མེད་པའི་རྟོག་པ་ནི་འཇིགས་པའོ། །དམ་ཚིག་ལས་འདས་པས་བརྫུན་དུ་སྨྲ་བའི་རྟོག་པ་ནི་སྐྲག་པའོ། །ཡིད་ལ་ཞེས་བྱ་བ་ལ་སོགས་པ་ལ་སེམས་དགའ་བར་བྱེད་པའི་ཕྱིར་མགུ་བ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་
རྒྱ་ཆེན་པོ་ནི་སྐུ་གསུམ་ནམ་མཁའི་མཚན་ཉིད་ཅན་གྱི་རྡོ་རྗེ་གསུམ་མོ། །སྔགས་ཀྱི་སྤྱོད་པའི་མཆོག་སྒྲུབ་པས། །ཞེས་བྱ་བ་ནི་སྔགས་ནི་སྤྱོད་པའི་མཆོག་འདི་རབ་ཏུ་མཛད་པས་སོ། །དེ་ཉིད་ཀྱིས་ན་དེ་དག་གི་བཀའ་འདི་དག་གལ་ཏེ་སྒྲུབ་པ་པོ་འགའ་ཞིག་གིས་འདའ་བར་བྱས་ན་སྟེ། ཁ་
ན་མ་ཐོ་བའི་དགོས་པས་ཉམས་སུ་ལེན་པར་མི་བྱེད་ན་ནིའོ། །རྨོངས་པ་དག་ཅེས་བྱ་བ་ནི་མ་རིག་པའི་རང་བཞིན་ཅན་ནོ། །གང་གི་ཕྱིར་དེ་ནི་ཐུགས་རྗེ་ཆེན་པོས་བསྟན་པ་དམིགས་པའི་གཉེན་པོའི་རྣལ་འབྱོར་པས་ཀྱང་གང་ཁ་ན་མ་ཐོ་བ་དགོས་པར་འགྱུར་བའི་ཕྱིར་རིགས་
པའི་རྗེས་སུ་འབྲང་བར་བྱའི་རྒྱུ་མེད་པར་བསྒྲགས་པར་ནི་མི་བྱའོ། །དེའི་ཞེས་བྱ་བ་ནི་འདའ་བར་བྱེད་པའོ། །སྲོག་ཅེས་བྱ་བ་ནི་དངོས་གྲུབ་ཀྱི་སྣོད་ཉིད་དེ་འདི་ལྟར་དགེ་སློང་ཚུལ་ཁྲིམས་འཆལ་བ་ནི་བསྟན་པ་འདི་ལ་ཤི་བ་ཞེས་བརྗོད་དེ། ཉན་ཐོས་ཀྱི་འབྲས་བུའི་སྐལ་བ་མེད་པའི་
เล่ม ๔๐ · หน้า 288b
ཕྱིར་རོ། །དེ་བཞིན་དུ་དེ་ཡང་དངོས་གྲུབ་འདི་ལ་ཤི་བར་འགྱུར་བ་ཡིན་ཏེ། སྐལ་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དང་པོའི་སྤྱོད་པ་དག་གིས་ནི་མ་གྲུབ་པ་ཉིད་ཀྱི་ཕྱིར་དང་སྤྱོད་པ་འདི་ལ་ནི་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གང་ཡང་དུས་མ་ཡིན་པའམ་ཆོ་ག་མ་ཡིན་པས་དྲག་ཤུལ་གྱི་སྦྱོར་བ་
བྱེད་པའམ་གཞན་དམ་ཚིག་མེད་པ་ལ་གསང་བ་འདི་སྟོན་པར་བྱེད་ན་དེའི་ཉེས་པ་ནི་དུས་མ་ཡིན་པར་འཆི་བ་དང་དམྱལ་བར་ལྟུང་བ་ལ་སོགས་པ་འདི་ཡིན་ནོ། །དྲག་ཤུལ་སྒྲུབ་པའི་ཐ་མ་དང་སྔར་གྱི་སྤྱོད་པ་ལ་ཆོ་ག་བཞིན་དུ་སངས་རྒྱས་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ཡིན་པས་ན་དེ་ནས་ཞེས་བྱ་བ་
ལ་སོགས་པས་ཆོ་ག་དེ་དག་ཉིད་གསུངས་ཏེ་རིགས་གསུམ་བསྡུས་པའི་ལྷ་རྣམས་ནི་འཇིག་རྟེན་གསུམ་ཡིན་ལ་དེ་རྣམས་ཀྱི་མཆོག་ནི་རྗེས་སུ་མཐུན་པ་ཡིན་ཞིང་སྔར་བཤད་པའི་དྲག་ཤུལ་གྱི་སྦྱོར་བས་སྟོན་པར་མཛད་པས་ན་འཇིག་རྟེན་གསུམ་མཆོག་སྟོན་པ་པོའོ། །འཇིག་རྟེན་གསུམ་པོ་དེ་དག་
ཉིད་ཀྱི་མཆོག་གི་རྡོ་རྗེ་མཉེས་པའི་ཆོ་ག་འཆད་པར་འགྱུར་བས་ལོངས་སྤྱོད་དམ་པ་དང་མཆོག་ཏུ་དགྱེས་པར་འགྱུར་བ་དེ་ནི་འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ་བོས་སོ། །གསུང་ནི་ཞེས་བྱ་བ་ནི་རྗེས་སུ་མཉེས་པར་བྱ་བ་སྟོན་པ་ནའོ། །ཅི་སྙེད་པ་ཞེས་བྱ་བ་ནི་སྔར་བསྟེན་ནས་གང་དུ་ཕུར་
བུས་བཏབ་པ་རང་གི་རྡོ་རྗེའི་སྐམ་པས་ཕྱུང་ནས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་ནས་ཡང་སྔ་མ་བཞིན་དུ་བསྐྱེད་པའི་བར་དུའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །ཞེས་བྱ་བ་ནི་སྤྱི་བོ་དང་། ལྐོག་མ་ལ་སོགས་པར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་མཚན་མ་སྔགས་དང་
བཅས་པ་བྱིན་གྱིས་རློབ་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱར་བས་སོ། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་བྱ་བ་ནི་དེ་རྣམས་ལ་བྱའོ་ཞེས་བྱ་བ་ལྷག་མའོ། །དངོས་པོ་ཐམས་ཅད་ནི་ལོངས་སྤྱོད་བཞི་སྟེ། གཏི་མུག་དང་ཞེ་སྡང་
དང་འདོད་ཆགས་དང་རྡོ་རྗེའོ། །དེ་རྣམས་བརྟག་པར་བྱ་བ་ནི་སྣ་ཚོགས་སུ་བརྟག་པར་བྱ་སྟེ། ཡེ་ཤེས་ཀྱི་མཚན་མ་ལས་ནམ་མཁའ་ཁྱབ་པར་བྱེད་པ་སྤྲོ་བའོ། །འདི་དག་གང་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་དེ་ཉིད་ནི་ལོངས་སྤྱོད་ཡིན་ལ་དེ་རྣམས་
เล่ม ๔๐ · หน้า 289a
ཀྱི་དམ་ཚིག་ནི་ཀུན་དུ་འགྲོ་བའོ། །རིག་མའི་དབང་ཕྱུག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་མཚན་མའི་ནང་དུ་ཆུད་པའི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་གཙོ་མོའོ། །ཞུགས་པ་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལ་དངོས་པོ་ཐམས་ཅད་བསྡུ་བའི་སྦྱོར་བས་རོ་
གཅིག་པར་གྱུར་པ་དག་ལའོ། །རྡོ་རྗེའི་སྦྱོར་བ་རབ་བསྒོམ་ཞིང་། །ཞེས་བྱ་བ་ནི་དེ་ལ་གནས་པའི་སྔགས་ཀྱི་ཡེ་ཤེས་ལྷན་ཅིག་སྦྱོར་ཞིང་ཕན་ཚུན་ཆགས་པར་བསྒོམ་པའོ། །ཇི་ལྟར་ཞེ་ན། ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་ནི་རིག་པའི་རྒྱལ་མོ་
དེ་ལ་ཆགས་པའོ། །བལྟ་བ་ནི་ཡེ་ཤེས་ཏེ་སྔགས་སོ། །འདི་ལ་ཆགས་པས་བལྟ་བ་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ། གཉི་ག་ཆགས་པས་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་གང་ཞེ་ན། འདི་ནི་དམ་ཚིག་དཀྱིལ་འཁོར་རོ། །ཞེས་གསུངས་ཏེ། སྔགས་ཀྱི་དམ་ཚིག་དེ་ཉིད་བསྡུ་བའི་
སྦྱོར་བས་སྙིང་པོར་བསྡུ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཀུན་བདག་སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །འདི་ལས་བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའི་ཚོགས་སྤྲོས་པ་དང་བསྡུས་པ་ལས་དེ་བཞིན་གཤེགས་པ་ཀུན་གྱི་སྲས་སུ་
གྱུར་པས་ན་དེ་སྐད་ཅེས་བྱའོ། །འདི་ལས་འཆད་པར་འགྱུར་བའི་རིག་མའི་ཚོགས་སྤྲོས་པ་དང་བསྡུས་པས་ཐམས་ཅད་དབང་བསྐུར་བ་དེ་ལྟར་ན་ཐམས་ཅད་དབང་བསྐུར་རོ། །དེ་ལྟ་བུ་ཡང་དེ་ཡིན་ལ་སངས་རྒྱས་གཙོ་བོ་ཡང་ཡིན་ཏེ། འདི་ལས་འཆད་པར་འགྱུར་བའི་སངས་
རྒྱས་ཀྱི་ཚོགས་སྤྲོ་བ་དང་བསྡུས་པས་སངས་རྒྱས་རྣམས་མཆོག་ཡིན་པའི་ཕྱིར་རོ། །དེ་བྱེད་པའི་ཕྱིར་རྣལ་འབྱོར་པ་ལ་ཡང་དེ་སྐད་ཅེས་བྱ་ལ་དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །ཇི་སྙེད་ཡོད་ཅེས་བྱ་བ་ནི་བུད་མེད་དེ་རིག་མ་ཇི་སྙེད་ཡོད་པའོ། །
བཤད་པ་ནི་བསམས་པ་སྟེ། མཆོག་ཏུ་དགའ་བའི་རིག་མ་ཐམས་ཅད་སྤྲོ་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་ས་དང་པོ་ནི་ས་བོན་ནོ། །དེ་ལ་སྦྱོར་བ་ནི་དེའི་སྟན་ལ་རྗེས་སུ་ཞུགས་པའོ། །དེ་ཐམས་ཅད་ཅེས་བྱ་བ་ནི་དེ་དག་ཐམས་ཅད་ལའོ། །བྱེ་བ་གྲངས་མེད་རྡོ་རྗེ་ཅན། ཞེས་བྱ་བ་ནི་སངས་
เล่ม ๔๐ · หน้า 289b
རྒྱས་བྱེ་བ་གྲངས་མེད་པའོ། །མཐར་བསྡུ་བ་ནི་མ་བཤད་ཀྱང་གྲུབ་པ་ཡིན་ནོ། །སངས་རྒྱས་གནས་ནི་དེར་ཞེས་བྱ་བ་ནི་དེར་གནས་པའི་ཡེ་ཤེས་ཀྱི་ས་བོན་ནོ། །སྤྲོ་བྱ་ཞེས་བྱ་བ་ནི་མཆོག་ཏུ་འདེབས་སོ། །བྱང་ཆུབ་ཀྱི་དམ་ཚིག་ཅེས་བྱ་བ་ནི་བྱང་ཆུབ་ཏུ་ཡང་དག་པར་སྦྱོར་བ་འདི་ཉིད་སྟོན་
པར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་གསུངས་པ་ཡིན་ཏེ་གང་ལ་རྡོ་རྗེ་གསུམ་པོ་མཁའ་འདྲ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་ནི་དོན་དམ་པ་མཐོང་བའོ། །འདི་ལ་བྱང་ཆུབ་ལ་གནས་པའི་སེམས་ཡོད་པས་ན་བྱང་ཆུབ་སེམས་དཔའོ། །
དེས་བདག་ཉིད་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་རྒྱལ་བ་རྒྱ་མཚོའོ། །རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱི་མཆོག་ནི་དོན་དམ་པ་མཐོང་བའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་
ནི་ཡང་དག་པར་སད་པ་སྟེ། དྲག་ཤུལ་གྱི་སྦྱོར་བའི་ཕྱིར་དང་རྗེས་སུ་མཉེས་པའི་ཕྱིར་རོ། །དེ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ་ལས་ལེའུ་བཅུ་པའོ།། །།དངོས་གྲུབ་མཆོག་ནི་བསྙེན་
པ་ནི་ལེའུ་འདིའི་དོན་ཡིན་ཏེ། ལེའུ་གསུམ་པ་དང་བདུན་པར་སྦས་པའི་དོན་གསལ་བར་བྱ་བའི་ཕྱིར་དང་ཞར་ལས་འོངས་པའི་དམན་པའི་དངོས་གྲུབ་ཀྱང་བརྗོད་པར་བྱའོ། །ཇི་ལྟར་ན་ཞར་ལས་འོངས་པ་ཡིན་ཞེ་ན། སྦྱོར་བའི་ཡན་ལག་དྲུག་ནི་དངོས་སུ་བདག་ཉིད་ཞིང་དུ་བྱེད་པ་ཡིན་ལ། དེ་རྣམས་ཀྱིས་ཀྱང་
ཅུང་ཟད་ཙམ་ཞིང་དུ་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་བརྟན་པ་ལས་ཡིན་ལ་སེམས་བརྟན་པ་དེ་ཡང་ཡན་ལག་བཞིའི་སྦྱོར་བ་ལས་ཡིན་པས་དེ་ཉིད་དང་པོར་བྱའོ། །དེ་བས་ན་དེའི་དོན་གྱི་ལེའུ་བསྟན་པར་འདོད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་
ཅེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དྲུག་པོ་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་སྐྱེས་བུའི་མཆོག་ཅེས་བྱ་བ་ལ་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་སྐྱེས་བུ་སྟེ་སེམས་ཉིད་སྐྱེས་བུའི་བྱ་བ་བྱེད་པས་སྐྱེས་བུ་ཡིན་ཏེ་དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་སྐྱེས་བུ་མཆོག་གོ། །ཇི་ལྟར་ན་མཆོག་ཡིན་ཞེ་ན། དུས་གསུམ་
เล่ม ๔๐ · หน้า 290a
གྱི་སངས་རྒྱས་རྣམས་ཀྱི་གསང་བའི་དམ་ཚིག་ཡིན་པ་དང་དེ་བཞིན་དུ་སྔགས་ཀྱིས་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཏེ་ཏིང་ངེ་འཛིན་དེ་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་དེ་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ཞེས་བྱ་བའི་དོན་ཏོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེ་ཞེས་བྱ་བ་ནི་སྔགས་ལ་གནས་པའི་རྡོ་རྗེ་སྟེ། སྔགས་དང་རིག་པ་དག་གི་དོན་གཅིག་པ་ཡིན་པའི་ཕྱིར་དེ་ཉིད་ནི་རིག་པའི་སྐྱེས་བུའོ། །དེ་རྣམས་ཀྱི་མཆོག་ནི་སྔར་བཤད་པ་བཞིན་ནོ། །དེ་གསལ་བར་བྱེད་པའི་ལེའུ་ནི་དེའི་ལེའུའོ། །རྡོ་རྗེ་
གསུམ་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་འདིས་ནི་ཡན་ལག་བཞི་པ་མདོར་བསྟན་ཏོ། །ཆེན་པོར་གྱུར་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། ཕྲ་མོ་གསུམ་གྱི་རིན་ཆེན་ཆེན་པོའོ། །དེའི་བསྒོམ་པ་ནི་རྣམ་པར་དཔྱད་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་སྙིང་པོ་སྟེ་
དེས་བྱ་བའོ། །བྱང་ཆུབ་ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟེ། དེའི་ཐོབ་པར་བྱེད་པ་ནི་རྒྱུར་གྱུར་པའོ། །ཅི་སྟེ་སྔགས་གང་གིས་དེ་བསྒོམ་པར་བྱ་ཞེ་ན། རྡོ་རྗེ་གསུམ་ཡིག་སྔགས་མཆོག་གིས་ཏེ། རྡོ་རྗེ་གསུམ་གྱི་ཡི་གེ་ནི་རབ་བསྔགས་དང་། ཨཱཿཧཱུཾ་རྣམས་སོ། །
སྔགས་ཀྱི་མཆོག་ནི་རང་གི་སྔགས་ཏེ། དེ་རྣམས་ཀྱིས་སོ། །དེ་ལ་སོ་སོར་སྡུད་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་བསྡུས་པའོ། །བསམ་གཏན་གྱི་ཡན་ལག་ནི་གསུང་དང་ཐུགས་བསྡུས་པའོ། །སྲོག་དང་རྩོལ་བ་ནི་སྐུ་དང་གསུང་དང་ཐུགས་རྣམས་བསྡུས་པའི་སེམས་ཀྱི་རིན་
པོ་ཆེ་ཕྲ་མོའོ། །དེ་ཡང་སྔགས་ཀྱི་རྩེ་མོའི་ཐིག་ལེ་ལ་དེ་རྣམ་པར་བཀོད་ནས་དེ་ཉིད་ལ་བརྟན་པར་གནས་ཏེ་སྔགས་ཀྱི་མཆོག་དེ་ཉིད་དུ་རིམ་པ་བཞིན་རབ་སྔགས་དང་ཨཱཿདང་ཧཱུཾ་རྣམས་བསྟིམ་པས་སྐུ་ཕྲ་མོ་ལ་སོགས་པས་ཉེ་བར་མཚན་པའི་ནོར་བུ་ཕྲ་མོ་ནི་འཛིན་པའི་ཡན་ལག་སྟེ། དེ་དག་ནི་ཡན་
ལག་བཞིའི་སྦྱོར་བའོ། །འདི་ལ་གོམས་པས་སེམས་ཀྱི་རིན་པོ་ཆེ་བརྟན་པར་གྱུར་ནས་རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་ཡང་བསྒོམ་པ་ནི་ཡན་ལག་དྲུག་གོ། །དེ་གཉི་ག་ཡང་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་ཆེན་པོ་སྐུ་དང་གསུང་དང་ཐུགས་ཀྱིས་མཚན་པ་བསྒོམ་པར་བྱས་ནས་ཕྱིས་བསྒོམ་པར་བྱའོ། །དེ་
เล่ม ๔๐ · หน้า 290b
ལ་སྐུ་ལ་སོགས་པ་རྣམས་ཀྱི་རང་བཞིན་དོན་དང་འབྲས་བུ་རྣམས་མ་བསྟན་པ་དེ་དག་བསྟན་པར་བཞེད་ནས་ཚིག་རྐང་དྲུག་པའི་ཚིགས་སུ་བཅད་པ་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྔགས་རྣམས་ཀྱི་རང་བཞིན་གྱི་སྐུ་ལ་སོགས་པའོ། །དེ་རྣམས་ཀྱི་དོན་ནི་ཡེ་ཤེས་ལ་
སོགས་པའོ། །འབྲས་བུ་ནི་རྡོ་རྗེའི་སྐུ་ལ་སོགས་པའོ། །གདོད་མ་ནས་སྐྱེ་བ་མེད་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡིད་ནི་ཨོཾ་ཞེས་བྱའོ། །དེ་བས་ན་འདི་ནི་ཡེ་ཤེས་ཀྱི་སྙིང་པོ་སྟེ་དེས་ཡེ་ཤེས་ཙམ་དུ་དམིགས་པའོ། །སངས་རྒྱས་རྣམས་ཀྱི་སྐུ་དང་མཚུངས་པར་གྱུར་པ་ནི་རྡོ་རྗེའི་སྐུ་སྟེ། དེ་ཐོབ་པར་
བྱེད་པ་ནི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གཟུགས་བརྙན་ལྟ་བུ་དང་མཉམ་པར་བྱེད་པ་ཡིན་ཏེ། ཐོབ་པར་བྱེད་པ་ནི་སྐྱེད་པར་བྱེད་པའོ། །ཐ་སྙད་རྣམས་ནམ་མཁའ་ལྟ་བུ་ནི་ཨཱཿཞེས་བྱ་སྟེ། དེས་ན་འདི་ནི་བྱང་ཆུབ་བདག་མེད་པ་སྟེ། བྱང་ཆུབ་དེའི་མཚན་ཉིད་མིང་དང་དོན་དང་བློ་རྣམས་དམིགས་སུ་མེད་པས་
བདག་མེད་པའོ། །དེ་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལྷག་མ་སྔ་མ་བཞིན་ནོ། །གཟུང་བ་དང་འཛིན་པས་སྟོང་པའི་ཡིད་ནི་ཧཱུཾ་ཞེས་བྱའོ། །དེ་བས་ན་འདི་ནི་སྐུ་གསུང་ཐུགས་ཡིན་ཏེ། སྐུ་ལ་སོགས་པའི་ངེས་པའོ། །གང་གི་ཕྱིར་ལུས་ལ་སོགས་པ་སངས་རྒྱས་རྣམས་ཀྱི་སྐུ་ལ་སོགས་
པར་སྣང་བའི་སྐུ་ལ་སོགས་པ་དམིགས་སུ་མེད་དོ། དེ་རྣམས་ཇི་ལྟར་སྣང་བ་བཞིན་དུ་མི་བདེན་པའི་ཕྱིར་རོ། །དེ་ལྟར་ན་སྐུ་དང་གསུང་གི་གཟུང་བ་མེད་པས་ཐུགས་ཀྱང་འཛིན་པར་ཡོད་པ་མ་ཡིན་ཏེ། གཉིས་པོ་མི་དམིགས་པ་འདི་ནི་སྐུ་དང་གསུང་དང་ཐུགས་ཏེ། སྐུ་ལ་སོགས་པ་དམིགས་སུ་མེད་
པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་མི་ཕྱེད་པ་དེའི་ཕྱིར་ཐུགས་ནི་རྡོ་རྗེའོ། །སྔགས་ཡོངས་སུ་གྱུར་པའི་སྐྱེས་བུ་ནི་སྔགས་ཀྱི་སྐྱེས་བུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་རྣམས་ཀྱིས་མཚན་མའི་སྔགས་ཀྱི་སྐྱེས་བུ་དེ་ནི་སྐུ་ལ་སོགས་པའི་སྔགས་ཀྱི་སྐྱེས་བུའོ། །དེ་སྟོན་
པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །སོ་སོར་སྡུད་པའི་དབང་དུ་བྱས་ནས་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་གསུངས་ཏེ། འབྱུང་བ་དང་འབྱུང་བ་བསྡུས་པ་ལས་གྱུར་པའི་རྣམ་པ་མ་བསྟན་པ་དེ་ནམ་མཁའ་རྡོ་རྗེ་ཞེས་བྱ་བས་བསྟན་ཏེ། པདྨ་དང་རྡོ་རྗེ་ཞེས་བྱ་བའི་
เล่ม ๔๐ · หน้า 291a
དོན་ཏོ། །ཀུན་ཞེས་བྱ་བ་ནི་སྣ་ཚོགས་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྐུ་ལས་སྐྱེས་པའི་དཀྱིལ་འཁོར་ནི་འདོད་པ་ལྔའི་ལོངས་སྤྱོད་པར་བྱ་བ་དང་ཉེ་བར་སྤྱོད་པའི་སངས་རྒྱས་རྣམ་པ་ལྔ་སྟེ། ནམ་མཁའ་རྡོ་རྗེ་དབུས་སུ་བསམ། །ཞེས་བྱ་བར་སྦྱར་
རོ། །དེ་དག་གི་རྣམ་པ་ནི་བདུན་པར་བཤད་ཟིན་ཏོ། །སྡུད་པ་ནི་ཉེ་བར་སྤྱོད་པའོ། །སོ་སོའི་སྒྲ་ནི་དོན་རྣམ་པ་གཉིས་ཏེ་སོ་སོར་རྣམ་པར་ཕྱེ་སྟེ། སྤྱོད་པ་དང་སོ་སོར་བསྡུས་པའོ། །གང་གི་ཚེ་སོ་སོར་རྣམ་པར་ཕྱེ་བ་ཡིན་པ་དེའི་ཚེ་རྡོ་རྗེ་ཀུན་ལས་སྐྱེས་པའི་དཀྱིལ་འཁོར་ནམ་མཁའི་དབུས་སུ་བསམས་ལ། གང་
གི་ཚེ་སོ་སོར་བསྡུས་པ་དེའི་ཚེ་རྡོ་རྗེ་ཀུན་ལས་སྐྱེས་པར་གྱུར་པ་རྡོ་རྗེའི་ནང་དུ་བསྡུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་དེའི་རྒྱུ་དགོད་པར་བྱ་བ་ནི་དེ་རུ་ཞེས་བྱ་བ་ལ་སོགས་པ་རྐང་པ་གསུམ་པ་ཡིན་ཏེ། ཡི་གེ་བྲུཾ་སྣ་ཚོགས་པའི་གཟུགས་ཅན་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་
སྐབས་ཀྱི་ནམ་མཁའ་རྡོ་རྗེ་དབུས་ཞེས་བྱ་བ་དང་འབྲེལ་ཏོ། །རྣམ་པར་བསྒྱུར་བ་བཟློག་པའི་དབང་གིས་དོན་གཞན་གྱི་སྐབས་སུ་དོན་གཞན་དུ་འགྱུར་ཏེ་ནམ་མཁའ་དང་ལྡན་པའི་རྡོ་རྗེའི་ཆོས་ཀྱི་གདན་ལ་ཡི་གེ་བྲུཾ་དང་པོར་བལྟ་བར་བྱ་བའི་དོན་ཏོ། །བྲུཾ་ཇི་ལྟ་བུ་ཞིག་ཅེ་ན། རྡོ་རྗེ་སྤྲིན་ནི་འཕྲོས་གནས་པ།
ཞེས་བྱ་བ་སྨོས་ཏེ། འདི་ནི་སོ་སོར་བསྡུས་པ་གཉིས་གསལ་བར་བྱེད་དེ། རྡོ་རྗེ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཏེ། རྟག་པའི་སྐུ་ཡིན་པའི་ཕྱིར་རོ། །སྤྲིན་ཞེས་བྱ་བ་ནི་འདོད་མ་རྣམས་ཏེ། དགའ་བས་དབང་བསྐུར་བར་བྱེད་པའི་ཕྱིར་རོ། །དེ་རྣམས་ཀྱི་སྤྲོར་གནས་པ་ནི་སྤྲོ་བ་དང་སྡུད་པ་སྟེ། སྤྲོ་བ་
ནི་རྣམ་པར་ཕྱེ་སྟེ་སྤྲོ་བའོ། །གནས་པ་ནི་དེ་ཉིད་ཉེ་བར་བསྡུ་བ་སྟེ། སྤྲོ་བ་ཡང་ཡིན་ལ་བསྡུ་བ་ཡང་ཡིན་ནོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་ལ་གནས་པའི་སྣ་ཚོགས་པ་ལ་རིམ་བཞིན་དུ་རྡོ་རྗེ་ནོར་བུའོ། །ལམ་ནས་འདོད་པ་ལྔ་པོ་ཕྱུང་ལ་པདྨའི་དབུས་སུ་གཞག་སྟེ། དེའི་རྗེས་ལ་རང་ཉིད་ལས་སངས་
རྒྱས་ལྔ་པོ་རིམ་བཞིན་དུ་ཕྱུང་སྟེ། དེ་རྣམས་སུ་བཀོད་པ་ནི་དེ་རྣམས་ཀྱི་སྤྲོ་བར་འགྱུར་རོ། །དེའི་རྗེས་ལ་པདྨའི་དབུས་ནས་འདོད་པ་ལྔ་པོ་བསླངས་ཏེ། རྡོ་རྗེའི་ལམ་ནས་ཆོས་ཀྱི་དབྱིངས་ལ་བསྡུས་ལ། དེ་ནས་སངས་རྒྱས་ལྔ་པོ་ཡང་དེ་བཞིན་དུ་བསླངས་ཏེ་བདག་ཉིད་ལ་བསྡུས་པ་ནི་དེ་རྣམས་
เล่ม ๔๐ · หน้า 291b
ཀྱི་གནས་པ་སྟེ་བསྡུ་བར་འགྱུར་རོ། །དེ་ལ་ཞེས་བྱ་བ་ནི་ཡན་ལག་བཞི་པོ་བསྟན་མ་ཐག་པའོ། །ཡེ་ཤེས་རྡོ་རྗེ་སྙིང་པོ་ནི་བྲུཾ་ཞེས་བྱ་བ་འདིའོ། །བསམ་གཏན་རྣམས་ཀྱི་རང་གི་ངོ་བོ་མ་བསྟན་པ་དེ་བསྟན་པར་འདོད་ནས་རྡོ་རྗེ་དཀྱིལ་འཁོར་བྱ་བ་ལ་སོགས་པ་ཚིག་རྐང་དྲུག་པའི་ཚིགས་སུ་བཅད་པ་
སྟེ། དཀྱིལ་འཁོར་ཞེས་བྱ་བའི་སྒྲ་འོག་མ་གཉིས་ནི་མཚན་མའི་ཚིག་སྟེ། མཚན་མ་དེ་ཡང་གསལ་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཡིན་ལ། དེའི་མཚན་མ་ནི་འཁོར་ལོའོ། །ཆོས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་མཚན་མ་ནི་པདྨའོ། །རྡོ་རྗེ་ནི་རྡོ་རྗེ་ཉིད་དོ། །པདྨའི་ལྟེ་བའི་གྲྭ་
གསུམ་དུ་དེ་རྣམས་ཕྱུང་བ་ནི་བསམ་གཏན་དང་པོའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་དཀྱིལ་འཁོར་གྱི་ཚིག་ནི་རལ་གྲི་ཡིན་ཏེ། རལ་གྲི་ལ་དཀྱིལ་འཁོར་མཆོག་ཅེས་ཟེར་བ་ལས་ཚིག་ཕྱི་མ་མི་མངོན་པར་བྱས་པའོ། །དེ་བས་ན་པདྨའི་ལྟེ་བའི་དབུས་སུ་རལ་གྲི་ཕྱུང་བ་ནི་བསམ་གཏན་གཉིས་
པའོ། །ཨོཾ་ཞེས་བྱ་བ་ནི་འཁོར་ལོའི་དབུས་སུ་བསྒོམ་པར་བྱ་བ་ཡིན་ལ། ཨཱཿཞེས་བྱ་བ་ནི་པདྨའི་དབུས་སུའོ་ཞེས་བྱ་བ་ནི་ཚིག་གཉིས་པ་ལ་སོགས་པ་རྐང་པ་བཞིའི་དོན་ཏོ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་ཞེས་བྱ་བ་ཚིག་རྐང་པ་དང་པོ་དང་། དེ་རུ་ཧཱུཾ་ནི་ཞེས་བྱ་བ་དྲུག་པ་དང་སྦྱར་ཏེ་རྡོ་རྗེ་དང་རལ་གྲི་
དང་དབུས་སུ་རིམ་བཞིན་དུ་ས་བོན་ཧཱུཾ་དང་ཧོཾ་གི་ས་བོན་དགོད་པའོ། །ཧཱུཾ་ཞེས་བྱ་བ་ནི་དབུས་གནས་པ་ཞེས་བྱ་བ་དང་འབྲེལ་ཏེ་དང་ཞེས་བྱ་བའི་དོན་ཀྱང་བལྟ་བར་བྱའོ། །དོན་གཞན་གྱི་སྐབས་སུ་དོན་གཞན་དུ་ཡང་འགྱུར་བས་ཧཱུཾ་དབུས་གནས་བྱ་བར་ཡང་འགྱུར་ཏེ། ས་བོན་ཧཱུཾ་གི་དབུས་སུ་ཡི་གེ་གསུམ་དུ་
ཕྲལ་བས་ཨུའི་གནས་སུ་ཨཱཿསྦྱར་ཞིང་མི་མངོན་པར་བྱས་པས་ས་བོན་ཧཱུཾ་དུ་གྱུར་པ་ཞེས་བྱ་བའི་བར་དུའོ། །དེའི་དོན་ནི་གསང་བ་རྣམས་ཀྱི་རོ་དབྱེར་མེད་པའི་ཡིད་དེ་སྣང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཧཾ་ཞེས་བྱའོ། །ས་བོན་བཞི་པོ་འདི་དག་མཚན་མ་བཞིའི་ལྟེ་བར་དབྱུང་བ་ནི་བསམ་གཏན་གསུམ་པའོ། །
རབ་ཏུ་བསྒོམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་བསྒོམ་པ་སྟེ། གང་ཡང་ཕྲ་མོར་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཞེ་ན། ཀར་ས་ཞེས་བྱ་བ་ལ་ཀ་ནི་བདེ་བ་དང་ཆུའོ། །ཨ་རན་ནི་སེམས་ཏེ་མྱུར་དུ་འགྲོ་བའི་ཕྱིར་རོ། །ག་དང་ཨ་རན་ནི་ཀ་རན་ཏེ་ཟླས་དབྱེ་བའི་བསྡུ་བའོ། །དགའ་མ་བསྡུས་པ་ལས་བྱུང་བ་བདེ་བར་
เล่ม ๔๐ · หน้า 292a
ཞུ་བའི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་ནི་བསམ་གཏན་བཞི་པ་ཡིན་ལ་མཚན་མ་རྣམས་བསྡུས་པ་ལས་བྱུང་བའི་སེམས་ཀྱི་ཐིག་ལེའི་ནང་དུ་ཆུད་པ་རང་གི་འཁོར་ལོས་སྒྱུར་བའི་ཁ་དོག་ལྟ་བུ་ནི། བསམ་གཏན་ལྔ་པའོ། །སྲོག་དང་རྩོལ་བ་ལ་བསྐྱེད་པའི་རིན་པོ་ཆེ་གསལ་བར་བྱ་བའི་ཕྱིར་
ཡི་གེ་བྲུཾ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲ་མོ་རྣམས་བསྡུས་པའི་སེམས་ཀྱི་རིན་པོ་ཆེ་ནི་རྡོ་རྗེ་གསུམ་མོ། །དེའི་འབྱུང་བ་ནི་དེ་བསྐྱེད་པ་སྟེ། དེ་བསྒོམ་པར་བྱ་བའོ། །ཇི་ལྟ་ཞེ་ན། ཡི་གེ་བྲུཾ་གྱི་གནས་བསྒོམས་ཏེ། ཞེས་བྱ་བ་ལ་བསམ་གཏན་
ལྔ་པར་གྲུབ་པའི་ཕྲ་མོ་གཉིས་ལ་ཁྱབ་པ་འདི་ལ་ཡོད་པས་ན་གནས་ཏེ། སོ་སོར་སྡུད་པར་གྲུབ་པའི་ཡི་གེ་བྲུཾ་གདན་དང་བཅས་པ་གོང་བུར་གྱུར་པའི་སྦྱོར་བ་སྐུའི་ཕྲ་མོ་ཐིག་ལེ་གཉིས་ནང་དུ་ཆུད་པ་འོད་གསལ་བར་བྱས་པ་ནི་གནས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གསང་བ་ཞེས་བྱ་བ་ནི་
སེམས་ཀྱི་རིན་པོ་ཆེ་བསྡུས་པའོ། །དེ་སྟོན་པས་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །འཛིན་པའི་དབང་དུ་བྱས་ནས་ཚིག་རྐང་དྲུག་པའི་ཚིགས་སུ་བཅད་པའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུག་པའི་དོན་གྱི་ལྔ་པའོ། །དུས་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་
ཞེས་བྱ་བ་ནི་དམ་ཚིག་གསང་བ་སྟེ། སེམས་ཀྱི་རིན་པོ་ཆེ་ཞེས་བྱ་བའི་དོན་ཏོ། །དེའི་མཉེས་བྱེད་དེ་འདི་ལ་ཡོད་པའོ། །དེ་ཅི་ཞིག་ཅེ་ན་སྙིང་པོ་སྟེ། རང་གི་སྙིང་གར་བསྒོམས་པའི་འཁོར་ལོས་སྒྱུར་བའི་ས་བོན་ནོ། །དེས་དེ་དག་ཇི་ལྟར་མཉེས་པར་བྱེད་ཅེ་ན། དེའི་ཐིག་ལེ་ལ་དེ་དག་
གི་མཚན་ཉིད་དམིགས་པའི་ཕྱིར་རོ། །དེ་ཇི་ལྟར་སྙིང་པོ་ཡིན་ཞེ་ན། དམ་པར་གྱུར་པས་ཏེ། དེ་རྣམས་ཀྱི་སྔགས་སོ། །ཅིའི་ཕྱིར་ཞེ་ན། མདོར་བསྡུས་པའི་ཕྱིར་རོ། །ཇི་སྐད་དུ་ལེའུ་བཅོ་བརྒྱད་པ་ལས། དྲེགས་པའི་ས་ནི་ཁ་དོག་དབྱེ། །དེ་བཞིན་རོ་ཡི་སྙིང་པོའོ། །ཞེས་གསུངས་ཏེ།
རོ་དང་སྙིང་པོ་དམ་པར་གྱུར་པ་ནི་རྣམ་གྲངས་ཡིན་ནོ། །དེ་བས་ན་རོས་སྙིང་པོ་དབྱེ་བ་སྟེ། སྙིང་པོའི་དོན་གསལ་བར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་དང་རྡོ་རྗེ་འཛིན་པ་དང་། ཆོས་ཀྱི་དབྱིངས་ཀྱང་ཡིན་ནོ། །
เล่ม ๔๐ · หน้า 292b
ཁྱད་པར་དུ་སྒྲིབ་པ་མེད་པ་རྣམ་པར་དག་པས་ནམ་མཁའི་དབྱིངས་སོ། དེས་ན་སྔགས་ཀྱི་མཆོག་གི་ཐིག་ལེར་ཡང་དག་པར་སྦྱོར་བས་གྲུབ་པའི་ནི་རིག་པའི་མཆོག་སྟེ། མཆོག་ཅེས་བྱ་བ་ནི་རྡོ་རྗེ་གསུམ་པོ་མི་ཕྱེད་པས་ཡང་དག་པར་མཚོན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། ཨོཾ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཡི་གེ་ཨོཾ་རྩ་བའི་སྔགས་ལ་ཐིམ་པས་སངས་རྒྱས་སྐུའི་མཆོག་ཅེས་བྱ་བ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་བསྡུས་པ་སྐུ་ཕྲ་མོའི་ནོར་བུ་སྟེ། མཚོན་པར་བྱ་ཞེས་བྱ་བ་ནི་ལྷག་མའོ། །གང་ཞེ་ན། ཨོཾ་ཞེས་བྱའོ། །ཨཱཿཐིམ་པས་ནི་སངས་རྒྱས་གསུང་གི་ལམ་སྟེ།
དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྟན་པའི་དོན་གསུང་ཕྲ་མོ་སྟེ་ཨཱཿའོ། །ཧཱུཾ་ཐིམ་པས་ནི་ཐུགས་ཡེ་ཤེས་ཀྱི་རྒྱ་མཚོ་སྟེ། མཐའ་ཡས་པའི་ཞི་གནས་དང་ལྷག་མཐོང་བསྡུས་པ་སེམས་ཀྱི་ཕྲ་མོ་སྟེ་ཧཱུཾ་ངོ་། །དེ་དག་ཅི་ཞིག་ཡིན་ཞེ་ན། བྱང་ཆུབ་ཚུལ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
བྱང་ཆུབ་ཀྱི་རིན་པོ་ཆེའི་མཚན་ཉིད་དེའི་ཚུལ་མཆོག་སྟེ། མཆོག་ཏུ་འདྲེན་པའོ། །འདི་དག་ཅེས་བྱ་བ་ལ་སོགས་པས་ནི་ཉེ་བར་བསྡུ་བ་སྟོན་ཏེ། འདི་ཞེས་བྱ་བ་ནི་བསྟན་མ་ཐག་པའི་ཡན་ལག་བཞི་པོ་ཐམས་ཅད་དོ། །བསྟན་པ་དེ་དག་སངས་རྒྱས་ཀྱི་བྱང་ཆུབ་སྐྱེད་པ་པོར་བསྟན་པའི་ཕྱིར་ཐམས་ཅད་
ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་རྣམས་སོ། །དེ་རྣམས་ཀྱི་སངས་རྒྱས་བྱང་ཆུབ་དམ་པ་སྟེ། དེ་རབ་ཏུ་བསྒྲུབ་པར་བྱའོ། །ཇི་ལྟར་ཡན་ལག་བཞིའི་སྦྱོར་བ་དེས་བྱང་ཆུབ་ཏུ་འགྱུར་ཞེ་ན། སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །ཞེས་བྱ་བ་སྨོས་ཏེ།
སངས་རྒྱས་རྣམས་ཀྱི་རྒྱུ་ནི་མཚན་མ་སྟེ། བྱང་ཆུབ་སེམས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། །འབྲས་བུ་ནི་གདན་ཏེ། བྱང་ཆུབ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མཚན་མ་སྤྲོས་པ་ནི་རྗེས་སུ་དྲན་པའི་ཡན་ལག་ཡིན་ལ། དེ་བསྡུས་པ་ལས་བྱུང་བའི་གདན་ནི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། རྗེས་
སུ་དྲན་པས་བར་དུ་ཆོད་པའི་བྱང་ཆུབ་ཡན་ལག་བཞིའི་སྦྱོར་བས་སྒྲུབ་པོ་ཞེས་བྱ་བར་འགྱུར་རོ། །མཚན་མ་དང་གདན་དག་ཇི་ལྟར་ན་རྒྱུ་དང་འབྲས་བུར་འགྱུར་ཞེ་ན། བཅོ་བརྒྱད་པ་ལས། རང་གི་རྒྱུ་ཡིས་དབང་བསྐུར་བ། །འབྲས་བུ་བཞི་ཡིས་ཕྱེ་བ་ཉིད། །ཅེས་གསུངས་སོ། །ཇི་ལྟར་མཚན་
เล่ม ๔๐ · หน้า 293a
མས་དབང་བསྐུར་ཡིན་ཞེ་ན། དམ་ཚིག་རྗེས་སུ་དྲན་པ་ལས་མཚན་མ་ཉིད་སྤྲོ་བ་བསྟན་པ་དང་ཡང་རྡོ་རྗེའི་དབང་བསྐུར་བ་ཡིན་པའི་ཕྱིར་རོ། །གང་ཡང་སྨྲ་བ་ཡེ་ཤེས་སུ་ཞུ་བའི་དབང་བསྐུར་བའོ་ཞེས་པ་དེ་ལྟར་ན་ནི། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་འང་རྒྱུ་ཡིས་རྒྱས་བཏབ་
བསྒོམ། །ཞེས་བྱ་བ་མི་འཐད་པས་མི་རུང་ངོ་། །རིག་པའི་སྐྱེས་བུ་ཉིད་སྦྱར་བའི་ཕྱིར་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཛིན་པས་གྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུའོ། །དེ་ཉིད་ནི་སངས་རྒྱས་སྐྱེས་བུ་ཡིན་ལ་སྔགས་ཀྱི་སྐྱེས་བུ་ཞེས་བྱ་སྟེ། སངས་རྒྱས་དང་སྔགས་དང་རིག་པའི་སྒྲ་རྣམས་ནི་དོན་
གཅིག་པའི་ཕྱིར་རོ། །སྐྱེས་བུ་ཞེས་བྱ་བའི་སྒྲ་ནི་གསུམ་ཀ་ལ་ཡང་སྦྱར་རོ་ཞེས་ཀྱང་བསྒྲགས་ཞེས་བྱ་བ་ནི་སྒྲ་དེ་ལས་བྱུང་བར་བསྒྲགས་པའོ། །ཇི་ལྟར་ཞེ་ན། རིག་པའི་སྐྱེས་བུར་བསྐྱེད་པ་སྟེ། དེའི་དམ་ཚིག་གི་རིན་པོ་ཆེ་བསྐྱེད་དེ་དང་པོའི་རང་གི་ས་བོན་དང་སྦྱར་བའོ། །ཇི་ལྟར་བསྒྲགས་ཤེ་ན།
རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །རིན་པོ་ཆེ་དེ་ཉིད་དུ་ཡི་གེ་གསུམ་གྱིས་མཚན་པའི་རྡོ་རྗེ་མི་ཕྱེད་པས་སོ། །ཡན་ལག་བཞི་ཏིང་ངེ་འཛིན་གྱི་མིང་གཞན་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་
དམ་ཚིག་ནི་སེམས་ཀྱི་རིན་པོ་ཆེ་ཕྲ་མོར་བསྡུ་བའོ། །དེའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ནི་སྔགས་བཞི་པའོ། །དེ་ཉིད་ནི་རྡོ་རྗེ་བྱིན་གྱིས་རློབ་པ་སྟེ། རྡོ་རྗེ་སེམས་དཔའ་འཇུག་པའི་རྒྱུའོ། །བཅོ་བརྒྱད་པ་ལས། འཛིན་པ་ཡིས་ནི་སྟོབས་ལྡན་ཏེ། རྡོ་རྗེ་སེམས་དཔའ་ཡང་དག་འཇུག །ཅེས་གསུངས་པའི་ཕྱིར་རོ། །
འདི་ནས་བཟུང་སྟེ་ལེའུའི་མཐར་ཐུག་པས་ནི་དམན་པའི་དངོས་གྲུབ་བརྗོད་པར་བྱ་བ་ཡིན་ན། དེ་རྣམས་ཀྱི་ཞིང་དང་དུས་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། དབེན་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ཉམས་དགའ་བ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་དང་ཆུ་ལ་སོགས་པ་ཕུན་སུམ་ཚོགས་ཤིང་ཉེ་བར་འཚེ་བ་
མེད་པའོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བ་རྣམས་སོ། །ཟླ་ཕྱེད་ནི་ཟླ་བ་ཕྱེད་དོ། །འདིར་ཡང་བསྙེན་པའི་དུས་སུ་རྡོ་རྗེ་བཞི་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་སྒྲུབ་པའི་དུས་སུ་ཡང་ཡིན་ཏེ། བཅོ་བརྒྱད་པ་ལས། དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པས་ས་བོན་བསྡུ་བའོ། །གསུམ་པ་གཟུགས་ཉིད་
เล่ม ๔๐ · หน้า 293b
རྫོགས་པ་སྟེ། །བཞི་པ་ལ་ནི་ཡི་གེ་དགོད། །ཅེས་གང་གསུངས་པ་ཡིན་ནོ། །གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེའི་དབུས་གྱུར་ཞེས་བྱ་བ་ནི་སྣང་བ་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་དེ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མཐུས་ཆོས་འབྱུང་བར་གྱུར་པའི་ནང་དུ་སྣ་ཚོགས་
པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་བལྟ་བ་ནི་འདིར་ནམ་མཁའི་རྡོ་རྗེ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་བྱང་ཆུབ་བོ། །དེ་ནམ་མཁའ་རྡོ་རྗེའི་དབུས་སུ་གྱུར་པར་གསལ་བ་སྟེ། སྐུ་རྡོ་རྗེའོ། །དེའི་དཀྱིལ་འཁོར་ནི་སྣ་ཚོགས་པདྨ་ལ་གནས་པའི་སྟོན་ཀའི་ཟླ་བ་ལྟ་བུའི་གཟུགས་སོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་གདན་ཡང་ཟླ་བའི་དཀྱིལ་འཁོར་ཉིད་ཡིན་ཏེ་དེ་རྣམས་རིགས་ཀྱི་དབྱེ་བས་ཕྱེ་བ་ཡིན་གྱི་རང་གི་ནི་ངོ་བོ་མ་ཡིན་ནོ། །རང་སྔགས་ནི་སྐུའི་རྡོ་རྗེའོ། །དེའི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་བསྐྱེད་པའོ། །ཇི་ལྟར་ཞེ་ན། ཟླ་བའི་དཀྱིལ་འཁོར་ཉིད་དུ་རབ་སྔགས་བལྟས་ཏེ། སངས་རྒྱས་རྣམས་སྤྲོས་ལ་དེ་ཉིད་དུ་བསྡུ་བ་
འདི་ནི་གཉིས་པ་ས་བོན་ཉེ་བར་བསྡུ་བའོ། །རབ་སྔགས་དེ་ཉིད་ལས་ཕྱག་རྒྱ་ཆེན་པོར་བསྐྱེད་པ་འདི་ནི་གཟུགས་རྫོགས་པའོ། །ཨོཾ་ནི་སྙིང་གར་གཞག་ཅེས་བྱ་བ་ནི་སྙིང་གའི་ཟླ་བ་ལ་གཞག་པ་སྟེ། ཡི་གེ་དགོད་པའོ། །འོད་ཟེར་ལྔ་ཡི་སྤྲིན་ཆེན་པོ། །ཞེས་བྱ་བ་ནི་ཁ་དོག་ལྔའི་འོད་ཟེར་གྱི་ཚོགས་ཏེ། རབ་
སྔགས་དེ་ཉིད་ལས་སྤྲོ་བར་བྱ་ཞེས་བྱ་བ་ལྷག་མ་ཡིན་ནོ། །རྣམ་པར་སྣང་མཛད་མཆོག་ཏུ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་གཙོ་བོར་རྣམ་པར་སྣང་མཛད་གྱུར་པའོ། །བསྒོམ་ཞེས་བྱ་བ་ནི་སྤྲོ་བའོ། །འདི་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་
སྐུ་རྡོ་རྗེའི་སྐུ་ནི་སྐུ་ཉིད་དོ། །རྡོ་རྗེ་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་རྣམ་པར་སྣང་མཛད་ནི་མཐའ་ཡས་པའི་སྐུའོ། །དེ་རྣམས་ཀྱི་རྒྱ་མཚོ་ནི་ཚོགས་སོ། །སངས་རྒྱས་སྐུ་ནི་འདྲ་བའི་འོད། །ཅེས་བྱ་བ་ལ་སོགས་པས་ན་འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པའོ། །དེ་ཙམ་གྱིས་
མཚུངས་པ་ཡིན་གྱི་ཚེ་ཚད་ཀྱིས་ནི་མ་ཡིན་པར་བསྟན་པའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་བསྟེན་བཞིན་པས་བསྐལ་པ་གསུམ་དུ་གནས་ནས། ཕྱིས་ཚེགས་ཆུང་ངུས་བྱང་ཆུབ་བསྒྲུབ་པར་འགྲོའོ་ཞེས་བྱ་བའི་དོན་ཏོ། །སྐུ་རྡོ་རྗེའི་གསང་བ་ཞེས་བྱ་བ་ནི་སྒྲུབ་
เล่ม ๔๐ · หน้า 294a
ཐབས་དེ་ཉིད་དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །འོད་ཟེར་གྱི་བཀོད་པ་འོད་ཟེར་འཕྲོ་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ཆོས་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །ངག་གི་ལམ་ཞེས་བྱ་བ་ནི་ཆོས་ཀྱི་ཡེ་ཤེས་ཀྱི་གནས་ཏེ། སྙིང་གར་པདྨ་ཆེན་པོས་ཁྱབ་
པའི་ཡེ་ཤེས་ལས་འོད་ཟེར་འཕྲོ་བའི་དོན་ཏོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་འབྲས་བུ་བསྟན་ཏེ། དམ་ཚིག་ཡེ་ཤེས་ནི་གསུང་རབ་རྣམས་ཀྱི་ཡེ་ཤེས་སོ། །ཅི་ལྟ་ཞེ་ན། ཚིག་གི་དམ་ཚིག་སྤྲོས་པ་ཞེས་བྱ་བ་ལ་ཚིག་བསྟན་པར་
བྱའོ། །དམ་ཚིག་ནི་དོན་རྟོགས་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའོ། །དེའི་སྤྲོས་པ་ནི་ཁྱད་པར་དུ་སྐྱེད་པར་བྱེད་པ་སྟེ། དེར་བསྐྱེད་ན་རྡོ་རྗེ་ཆོས་ཏེ་གསུང་རྡོ་རྗེ་དང་མཚུངས་པར་འགྱུར་རོ། །ཆོས་ནི་དམ་ཚིག་ཡེ་ཤེས་དེ་ཉིད་ཡིན་ལ་ཚིག་གི་ལམ་དེ་ཉིད་ནི་ཚིག་གི་དམ་ཚིག་གོ། །དེ་དག་ལ་གནས་པ་
ནི་རབ་ཏུ་གནས་པ་སྟེ། དམ་ཚིག་ནི་འབྱུང་བའི་འོད་ཟེར་འཕྲོ་བའོ། །རྡོ་རྗེ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་ཐུགས་དང་རྡོ་རྗེ་དང་། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་རྣམ་གྲངས་སོ། །སེམས་ཞེས་བྱ་བ་ནི་ཐུགས་ཀར་ཁྱབ་པའི་ཡེ་ཤེས་ཏེ། དམ་ཚིག་ཆེན་པོའོ། །དེའི་དེ་ཁོ་ན་ཉིད་ནི་འོད་ཟེར་འཕྲོ་
བའི་ཕྱག་རྒྱའོ། །ཡེ་ཤེས་རྡོ་རྗེ་ནི་ཐུགས་ཀའི་ས་བོན་ནོ། །རྡོ་རྗེ་ཀུན་དང་རྒྱལ་བ་ནི། །སངས་རྒྱས་ཀྱི་འོད་ཟེར་རྣམས་སོ། །གནས་ནི་དེ་ཉིད་དེ་དེ་ཉིད་ལ་སྤྲོ་བ་དང་བསྡུས་པའི་ཕྱིར་རོ། །སྟོན་པ་ནི་སྡང་བ་རྣམས་འདུལ་བས་སོ། །ཡེ་ཤེས་ནི་ཏིང་ངེ་འཛིན་ཏོ། །ཡོན་ཏན་ནི་མངོན་པར་ཤེས་པ་ལ་
སོགས་པའོ། །དེ་རྣམས་ཀྱི་རྒྱ་མཚོ་ནི་ཚོགས་སོ། །དམ་ཚིག་རྡོ་རྗེ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བའི་འོད་ཟེར་ཅན་ནོ། །དེ་དག་ནི་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་སྟེ། སའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་རྣམས་ཀྱང་དེ་བཞིན་ནོ། །ཡེ་ཤེས་དང་རྡོ་རྗེ་ཆེན་པོ་དང་། ནམ་མཁའ་རྡོ་རྗེ་དང་
རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་ནམ་མཁའི་སྙིང་པོ་རྣམས་ནི་རྣམ་གྲངས་སོ། །བསྒོམ་པར་བྱ་བ་ནི་བསམ་པར་བྱ་བའོ། །ལུས་རྣམས་ཀུན་ལ་ཞེས་བྱ་བ་ནི་བསྒོམ་པར་བྱ་ཞེས་པ་དང་འབྲེལ་ཏོ། སྙིང་གར་བསམས་པ་དེ་ལས་བ་སྤུའི་བུ་ག་ཐམས་ཅད་སྤྲོ་བའོ། །
เล่ม ๔๐ · หน้า 294b
མཆོད་པ་ནི་རབ་ཏུ་བསྔགས་པའོ། །བསྐལ་པའི་དུས་ནི་བསྐལ་པ་ཆེན་པོའི་དུས་སོ། །མི་གཟིགས་ཞེས་བྱ་བས་ནི་མི་སྣང་བའི་དངོས་གྲུབ་ཏུ་སྟོན་ཏོ། །ནམ་མཁའི་རྡོ་རྗེ་དམ་ཚིག་ནི་སྤྲོ་བ་སྟེ། དེ་སྟོན་པར་མཛད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །མི་སྣང་བ་ཞེས་བྱ་བ་ནི་ཁྃ་ངོ་། །དེ་ལས་བྱུང་བ་ནི་
ལུས་ཐམས་ཅད་དུ་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་བཀོད་པའི་ཕྲེང་བ་སྟེ། འོད་ཟེར་སོ་སོའི་སྤྲིན་དེས་གསལ་བའི་ཕྲེང་བའོ། །རྡོ་རྗེ་དང་དམ་ཚིག་རྡོ་རྗེ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །དེ་རྗོད་པར་བྱེད་པ་ནི་རྡོ་རྗེ་ཧྃ་ཞེས་བྱ་བ་སྟེ། ཧྃ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་ནོ། །རྣམ་པར་བསྒོམ་པ་ནི་སྤྲོ་བ་སྟེ་ཞེས་བྱ་བ་
ལྷག་མ་ཡིན་ནོ། །འཇམ་དཔལ་ཞེས་བྱ་བ་ལ་སོགས་པས་ནི་འདྲ་བའི་འབྲས་བུ་བསྟན་པ་ཡིན་ཏེ། ཡིད་དུ་འོང་བས་ན་འཇམ་པའོ། །དགའ་མ་རྣམས་བསྡུས་པས་ན་དཔལ་དམ་ཚིག་སྟེ། དེའི་ལོངས་སྤྱོད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་གསུམ་པོ་རོ་གཅིག་ཏུ་གྱུར་པས་ན་སྐུ་གསུང་
ཐུགས་ཀྱི་རྡོ་རྗེ་ཅན་ནོ། །ས་བཅུ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འདོད་པའོ། །ཡེ་ཤེས་ནི་སྙིང་གའི་སྔགས་སོ། །དེའི་དམ་ཚིག་ནི་འོད་ཟེར་སྤྲོ་བའོ། །དེའི་ཟླ་བ་ནི་ཚིམ་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ནི་མི་ཕྱེད་པའི་ཕྱིར་རོ། །འབྱུང་བ་ལྔའི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་དབྱིངས་
ནི་ཀུན་དུ་བཟང་པོའོ། །དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་རྡོ་རྗེ་དང་རྡོ་རྗེའི་སྐུའོ། །ཚོགས་ཀྱི་སྒྲ་ནི་སྐུའི་དོན་ཏོ། །དེ་ཉིད་མཆོག་གི་ཐབས་ཡིན་པས་ན་མཆོག་གི་མཚོན་པའོ། །འདིར་མཚོན་ཆ་མཆོག་གི་རྣལ་འབྱོར་པ་ལ་ཡང་མཚོན་མཆོག་ཅེས་བྱ་སྟེ། དེ་
ནམ་མཁའི་རྡོ་རྗེའི་སྐུ་དང་མཚུངས་པར་འགྱུར་རོ། །ཅི་ཞིག་བྱས་ནས་ཤེ་ན། ཐླཱིཾ་བསྒོམས་ནས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གྱུར་ནི། །སྙིང་གའི་དབུས་སུ་གྱུར་པར་རོ། །འོད་ཟེར་འབར་བ་ནི་འོད་ཟེར་འཕྲོ་བའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་འོད་ཟེར་སྤྲོས་པ་ལས་སངས་རྒྱས་ཀྱི་སྐུའི་སྤྲིན་འཕྲོ་བའོ། །
ས་དང་ཆུ་དང་འབར་བ་དང་། དྲིའི་བཞོན་པ་རྣམས་ཀྱི་དབང་ཕྱུག་གི་ཡིད་ནི་ཐླཱིཾ་ཞེས་བྱ་བའོ། །ནམ་མཁའི་རྡོ་རྗེ་དམ་ཚིག་གི་བཀོད་པ་ཞེས་པ་ནི་འོད་ཟེར་འཕྲོ་བའོ། །དེ་ཉིད་ཀྱི་གནས་ལ་དམིགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་དང་འདྲ་བའི་དངོས་གྲུབ་བོ། །སངས་
เล่ม ๔๐ · หน้า 295a
རྒྱས་མངོན་ཤེས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་མངོན་ཤེས་ནི་རྡོ་རྗེ་གསུམ་གྱི་དངོས་གྲུབ་བོ། །མཆོག་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་མངོན་པར་རྟོགས་པ་སྟེ། སྔར་བསྟན་པ་དང་འོག་ནས་འབྱུང་བ་རྣམས་སོ། །དེས་མངོན་ཤེས་ལྔ་སྟེ།
མངོན་ཤེས་ལྔ་གྲུབ་པ་དག་དང་། མངོན་ཤེས་ལྔ་པོ་རྙེད་པས་ཀྱང་མཚུངས་པར་འགྱུར་བའོ། །སངས་རྒྱས་ཀྱི་མངོན་ཤེས་ཀྱི་སྐབས་གསུངས་པ། འདི་དེ་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཐམས་ཅད་ནི་དམན་པའི་དངོས་གྲུབ་ཐམས་ཅད་ཀྱི་ནང་ནའོ། །སངས་རྒྱས་མངོན་ཤེས་ནི་སངས་རྒྱས་ཀྱི་
རྟོག་པའོ། །མཆོག་ནི་རྡོ་རྗེ་གསུམ་མོ། །སྒྲུབ་པ་ནི་སྒྲུབ་ཐབས་སོ། །ནམ་མཁའི་དབྱིངས་ནི་ནམ་མཁའི་རྡོ་རྗེ་སྟེ། དབྱིངས་ཞེས་བྱ་བ་ནི་འཛིན་པ་སྟེ། སྣ་ཚོགས་རྡོ་རྗེའོ། །དེར་དང་པོར་སངས་རྒྱས་མི་བསྐྱོད་པ་དང་རིན་ཆེན་ཏོག་དང་། ཚེ་དཔག་མེད་དང་། ཐོགས་མེད་རྣམས་ཏེ། དེ་དག་ཉིད་རྡོ་རྗེ་
སེམས་དཔའ་དང་ནམ་མཁའ་དང་འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་ཨུཏྤལ་དང་། རྡོ་རྗེ་དང་། རིན་ཆེན་དང་། ཆོས་དང་དམ་ཚིག་ཅེས་ཀྱང་བྱ་སྟེ། དེ་འདི་རྣམས་ཀྱི་དཀྱིལ་འཁོར་ནི་ཉི་མའོ། །དེ་རྣམས་ཀྱི་ཏིང་ངེ་འཛིན་སྟོན་པའི་རྡོ་རྗེ་འཛིན་པ་ཡང་མི་བསྐྱོད་པ་ལ་སོགས་པར་བསྟན་ཏོ། །རྡོ་རྗེ་གསུམ་
ནི་སྐུ་ལ་སོགས་པ་རྣམས་སོ། །དམ་ཚིག་ནི་བསམ་པ་སྟེ། རབ་སྔགས་བསམས་པ་དེས་རྡོ་རྗེ་གསུམ་པོ་མི་བསྐྱོད་པ་ལ་སོགས་པ་དང་མཚུངས་པར་འགྱུར་རོ། །དེ་ཉིད་ཉེ་བར་བསྟན་པ་ནི་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་ཡིན་ཏེ། གསུང་དང་ཐུགས་མཆོག་ནི་གསུང་
དང་ཐུགས་ཀྱི་མཆོག་གོ། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་དང་ལྡན་པའོ། །མི་བསྐྱོད་པའི་དམ་ཚིག་ནི་ཡང་དག་པའི་ཡེ་ཤེས་སོ། །སྐུ་ནི་སྐུ་གསུམ་མོ། །དེ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ནི་དེ་ཐོབ་པར་བྱེད་པའི་རྒྱུ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ནི་རིན་
ཆེན་ཏོག་སྟེ། འོད་ནི་མཛེས་པའོ། །བྱང་ཆུབ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་དོ། །དེའི་བདག་མེད་པ་ནི་རང་དང་སྤྱིའི་མཚན་ཉིད་སྟོང་པ་ཉིད་དོ། །ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེའི་གསང་བའི་གནས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་
เล่ม ๔๐ · หน้า 295b
བསྡུས་པའོ། །རིན་པོ་ཆེའི་དམ་ཚིག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ལོངས་སྤྱོད་ནི་སྐུ་གསུམ་སྟེ། དེ་དག་ཐོབ་པར་བྱེད་པའི་རྒྱུ་དེ་ལ་དེ་སྐད་ཅེས་བྱའོ། །ཐེག་ཆེན་ནི་བླ་ན་མེད་པའི་བྱང་ཆུབ་བོ། །ལམ་ནི་དེར་བགྲོད་པའི་ལམ་སྟེ་གང་ལས་དེ་འབྱུང་བའོ། །གང་ལས་ཤེ་ན། ཡང་དག་པའི་
ཆོས་བསྟན་པ་ལས་སོ། །འོད་དཔག་ཏུ་མེད་པའི་ཡོན་ཏན་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པའོ། །རྡོ་རྗེ་ནི་སྐུ་གསུམ་སྟེ། དེའི་འོད་ཀྱིས་དཔལ་ནི་ནུས་པ་ཕུན་སུམ་ཚོགས་པ་སྟེ། དེ་ཐོབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཨུཏྤལ་ཞེས་བྱ་བ་ལ་ཉེ་བར་སོང་ནས་གནས་ལ་དམིགས་པས་ན་ཨུཏྤལའོ། །
དཔལ་ལྡན་ཞེས་བྱ་བ་ནི་དེ་རྣམས་ཉིད་སྤྲོ་བའི་ཕྱིར་རོ། །ཡེ་ཤེས་མཚོ་ཞེས་བྱ་བ་ནི་མཐའ་ཡས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སེམས་ཅན་ཀུན་དོན་འབྱུང་བར་འགྱུར། །ཞེས་བྱ་བ་ནི་སྤྲོས་པ་དེ་རྣམས་ཀྱི་དོན་བྱེད་པའོ། །གདོན་མི་ཟ་བའི་དམ་ཚིག་ནི་ཐམས་ཅད་ཤེས་པའོ། །དེ་རྣམས་
ཀྱི་འབྱུང་བ་ནི་འོད་ཟེར་དེ་ལས་ཡེ་ཤེས་ཀྱི་མཆོག་འབྱུང་བ་དེས་སེམས་ཅན་གྱི་ཚོགས་ཀྱི་དོན་གང་ལས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་ཟླ་བའི་གཟུགས་སོ། །སྐུ་གསུམ་ཨོཾ་ནི་སྐུ་གསུམ་གྱི་འབྱུང་གནས་སོ། །ཡེ་ཤེས་རྫོགས་བྱང་ཆུབ་ནི་ཡེ་ཤེས་ཙམ་དུ་
ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ནོ། །སྐུ་གསུམ་མི་ཕྱེད་སྒྲུབ་བྱེད་པ་ནི་སྐུ་དང་གསུང་དག་ཀྱང་ཡེ་ཤེས་ཉིད་ཀྱི་སྣང་བ་ཡིན་པས་སོ། །ལུས་དང་ངག་ཉིད་དམིགས་པ་སྟེ། ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེའི་མངོན་པར་བྱང་ཆུབ་པ་ནི་ཡོངས་སུ་ཤེས་པ་སྟེ། དེའི་རྒྱུ་བྱེད་པ་དེ་ལ་དེ་སྐད་ཅེས་
བྱའོ། །སངས་རྒྱས་རྣམས་དང་མཉམ་པའི་དངོས་གྲུབ་བོ། །མངོན་པར་ཤེས་པའི་དངོས་གྲུབ་ཀྱི་དབང་དུ་བྱས་ཏེ་གསུངས་པ། །རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པ་ལ་ཀླུང་ནི་ཆུ་རྣམས་སྐྱེ་ཞིང་རབ་ཏུ་འབབ་པའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །སོགས་པའི་སྒྲས་ནི་རིན་ཆེན་
དང་། ཚེ་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་མངོན་པར་ཤེས་པ་རྣམས་ཀྱང་བསྡུས་ཏེ། བརྩམ་པ་ནི་མངོན་ཤེས་ལྔའི་སྦྱོར་བ་འདིས་བརྩམ་པར་བྱའོ། །གནས་རྣམས་སུ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་། མགོ་རྣམས་སུ་སངས་རྒྱས་མཆོག་གི་ཞེས་བྱ་བ་ལ་མཆོག་ནི་དང་པོ་སྟེ།
เล่ม ๔๐ · หน้า 296a
སངས་རྒྱས་རྣམས་ཀྱི་དང་པོ་ས་བོན་ལས་བྱུང་བའི་མཚན་མ་དེ་ནང་དུ་ཆུད་པ་བསྒོམ་པར་བྱ་བའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མའོ། །དེའི་དམ་ཚིག་ནི་སྔགས་དང་འབྲེལ་བ་སྟེ། སྔགས་ལས་སྐྱེས་ནས་སྔགས་ཀྱི་ནང་དུ་མཚན་པའོ། །དེར་རྡོ་རྗེ་ནི་ཏིང་
ངེ་འཛིན་བརྟན་པ་སྟེ། མངོན་པར་ཤེས་པས་མཁྱེན་པ་དེ་ལ་དེ་སྐད་ཅེས་བྱའོ། །མངོན་ཤེས་ལྔ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །རྡོ་རྗེ་མངོན་ཤེས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཡང་ངོ་། །མངོན་པར་ཤེས་པའི་དངོས་གྲུབ་བོ། །འཁོར་ལོ་ཞེས་བྱ་བ་ནི་བདག་ཉིད་
བྲུཾ་ལས་སྐྱེས་པའི་གཞལ་ཡས་ཁང་དུ་བྱའོ། །གཞན་དག་ལ་ནི་ཨོཾ་ལས་སྐྱེས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡིན་ནོ་ཞེས་ཟེར་རོ། །སངས་རྒྱས་འཇུག་པ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བས་སོ། །སངས་རྒྱས་ཀྱི་གནས་དང་མཉམ་པའི་དངོས་གྲུབ་བོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་
པ། །ཞེས་བྱ་བ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའི་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་ལ་གནས་པའི་སྣ་ཚོགས་པདྨ་ལས་སངས་རྒྱས་དཀྱིལ་འཁོར་ཏེ། ཟླ་བའི་གཟུགས་ལ་དབུས་གནས་པ། །ཞེས་བྱ་བ་ཇི་ལྟར་འབྱུང་བ་བཞིན་དུ་བཀོད་པ་སྟེ། བདག་གི་ལུས་ལ་སྣང་མཛད་གཞག །ཅེས་
བྱ་བ་ཡི་གེ་ཨོཾ་ལས་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ། །ཞེས་བྱ་བ་ནི་སྙིང་གར་ཟླ་བའི་རང་སྔགས་ཀྱི་སྟེང་དུ་ཐིག་ལེ་བརྟན་པར་བྱས་ལ་རྣམ་པར་ཤེས་པ་སྟེ། སེམས་ཀྱི་རིན་པོ་ཆེ་ཕྲ་མོའི་ཐིག་ལེ་ལ་བསྒོམ་པར་བྱའོ་
ཞེས་བྱ་བའི་དོན་ཏོ། །ཇི་སྲིད་དུ་ཐིག་ལེ་ལ་བརྟན་པར་གྱུར་པ་དེ་སྲིད་དུ་དེ་ཉིད་དུ་དེ་བརྟན་པ་ནི་འགོག་པའོ། །བརྟན་པར་གྱུར་པ་དེ་ཉིད་ནི་རྡོ་རྗེ་སྟེ་གྱུར་པ་ནི་རྣལ་འབྱོར་པའི་སེམས་དེར་གྱུར་པ་ཐོབ་པ་སྟེ། རྣལ་འབྱོར་པ་དེ་ནི་ཡིད་བཞིན་གྱི་ནོར་བུར་འགྱུར་བ་སྟེ། དེ་ཉིད་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་སངས་
རྒྱས་རྣམས་སྤྲོ་བ་དང་སྡུད་པར་བྱེད་པའི་ཕྱིར་རོ། །དཔལ་ལྡན་པ་སྟེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྐུ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་མཆོག་ནི་རྡོ་རྗེ་སེམས་དཔའོ། །དེ་འཛིན་པ་ནི་དེར་འཇུག་པའོ། །དེ་ལྟར་གཞན་དག་ལ་ཡང་སྦྱར་བར་བྱའོ། །མི་བསྐྱོད་པ་དང་སྣང་བ་
เล่ม ๔๐ · หน้า 296b
མཐའ་ཡས་ཀྱི་དཀྱིལ་འཁོར་ནི་ཉི་མའོ། །སེམས་ནི་ཐིག་ལེར་གྱུར་པ་ཞེས་བྱ་བ་ནི་ཐིག་ལེའི་བྱེ་བྲག་སྟེ། གྱུར་པ་དང་རྣམ་པ་དང་བྱེ་བྲག་རྣམས་ནི་རབ་ཏུ་དབྱེ་བའི་ཕྱིར་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །གང་དུ་གཞག་ཅེས་སྔགས་ཀྱི་ཐིག་ལེ་ལ་སྟེ་སྔར་བཞིན་ནོ། །དམ་ཚིག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །དེ་
རྣམས་ཀྱི་མཆོག་གི་མཆོག་ནི་བླ་མའི་བླ་མའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ། །ཞེས་བྱ་བ་ནི་དེ་ཉིད་དུ་སེམས་བརྟན་པར་གྱུར་པ་ན་ལུས་དང་ངག་ཀྱང་མི་དམིགས་པའི་ཕྱིར་རོ། །འགོག་པའི་དམ་ཚིག་ཡེ་ཤེས་ཏེ། །ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གིས་འགོག་པ་ལ་དམིགས་པའོ། །
སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །དངོས་གྲུབ་ནི་དེ་དང་འདྲ་བའོ། །འགོག་པའི་རྡོ་རྗེའི་དངོས་གྲུབ་བོ། །གསལ་བ་ནི་རྣམ་པར་སྣང་མཛད་དོ། །དེའི་དཀྱིལ་འཁོར་ནི་གདན་ནོ། །བསམས་ན་དེ་ནི་རྟག་པར་གནས། །ཞེས་བྱ་བ་ལ་རྟོག་པ་ནི་རྣལ་འབྱོར་ཏེ། རྡོ་རྗེ་གསུམ་པོ་མཉམ་པའི་ཡེ་ཤེས་ཀྱི་ཐིག་ལེ་
ཞེས་བྱ་བའི་དོན་ཏོ། །དེ་གང་དུ་བསམས་ཤེ་ན། སྙིང་གའི་སྔགས་ནི་ཐིག་ལེའོ། །གནས་ཞེས་བྱ་བ་ནི་རྣལ་འབྱོར་པ་དེའི་སེམས་བརྟན་པར་གནས་པ་སྟེ། རྡོ་རྗེ་གསུམ་གྱི་རྟོག་པ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་དང་བཅས་པའོ། །དེའི་དམ་ཚིག་ནི་ཡེ་ཤེས་ཏེ་ཞི་གནས་དང་ལྷག་མཐོང་ངོ་། །འབྲས་བུ་
གསུངས་པ་སྐུ་དང་ཞེས་བྱ་བ་ལ་སོགས་པ་ལ། ཀློག་པ་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱི་བདག་ཉིད་ཀྱི་དོན་དུ་དད་པ་བསྐྱེད་པའོ། །སེམས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ངེས་པའོ། །དེ་ཡང་རྡོ་རྗེ་འདྲ་བར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་
དཔའ་དང་འདྲ་བར་འགྱུར་བ་སྟེ། ལྷ་རྣམས་ཀྱིས་མཆོད་པ་དང་བསྲུང་བ་ལ་སོགས་པ་བྱེད་པའི་ཕྱིར་རོ། །ཀྱང་གི་སྒྲས་ནི་བསྒོམས་པས་སེམས་བརྟན་པར་བྱས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དེ་ལ་མཉམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྟོག་པའི་དངོས་གྲུབ་བོ། །དེ་བཞིན་
གཤེགས་པ་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་དྲུག་གོ། །དེ་རྣམས་ཀྱི་སྔགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ནི་སྔགས་ལ་གནས་པའི་གསང་བའི་ཕྲ་མོ་གསུམ་གྱི་སེམས་ཀྱི་རིན་པོ་ཆེའོ། །དེ་ཉིད་ནི་རིག་པའི་སྐྱེས་བུ་མཆོག་སྟེ། རིག་པ་ནི་རིག་མ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེས་བུ་ནི་
เล่ม ๔๐ · หน้า 297a
གསང་བ་གསུམ་པོ་འདུས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུའི་མཆོག་གོ། །དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཅུ་
གཅིག་པའོ།། །།དངོས་གྲུབ་མཆོག་གི་ཐབས་གསུམ་པ་སྒྲུབ་པ་ཞེས་བྱ་བ་ནི་ལེའུ་འདིའི་བརྗོད་པར་བྱ་བ་ཡིན་ཏེ། དམན་པའི་དངོས་གྲུབ་ཡན་ལག་དང་བཅས་པ་ནི་དེའི་ཡང་དམ་ཚིག་ཡིན་ལ་ལྷག་མ་ནི་མངོན་པར་རྟོགས་པ་ཡིན་ནོ། །དམན་པའི་དངོས་གྲུབ་རྣམས་ཀྱི་སྒྲུབ་པ་ནི་ལྷ་རྣམས་ཀྱི་ཕྱག་རྒྱ་སྐུ་
དང་གསུང་ཐུགས་ཀྱི་རྣམ་པ་ཅན་ཡིན་ཏེ། དེ་དག་སྒྲུབ་པ་པོས་གང་དེ་ཁོ་ན་ཉིད་དུ་མཐོང་ན་འགྲུབ་པར་འགྱུར་བས་ན་དེ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་དང་པོའི་སྐབས་སུ་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །སྟོན་པ་ནི་ཕྱག་རྒྱ་
དེ་རྣམས་ཉིད་གསུང་གིས་སྟོན་པར་མཛད་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་ནི་དོན་དང་ལྡན་པའི་མཚན་ནོ། །བསྐྱེད་པ་ནི་དེ་དག་ཉིད་སྒྲུབ་པ་པོའི་རྒྱུ་ལས་བསྐྱེད་པར་མཛད་པའི་ཕྱིར་རོ། །ཡེ་ཤེས་མཆོག་ནི་བསྐྱེད་པ་དེ་རྣམས་ཀྱི་དེ་ཁོ་ན་ཉིད་མཁྱེན་པའོ། །དེ་སྒྲུབ་པ་ནི་རྫོགས་པར་མཛད་པ་སྟེ། ཚིགས་
སུ་བཅད་པ་དང་པོ་ཉིད་ཀྱིས་སོ། །རྡོ་རྗེ་གསུམ་དམ་ཚིག་དེ་ཉིད། །ཅེས་བྱ་བ་ལ་རྡོ་རྗེ་གསུམ་ནི་ཕྱག་རྒྱ་དེ་རྣམས་ཉིད་དོ། །དེའི་དམ་ཚིག་ནི་རོ་གཅིག་པར་ཐུགས་སུ་ཆུད་པ་སྟེ། དེ་ཉིད་ནི་ཡང་དག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་རོ། །དེ་གསལ་བར་མཛད་པ་ནི་རྡོ་རྗེ་གསུང་ལ་དེ་སྐད་ཅེས་
བྱའོ། །གསུང་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚིགས་སུ་བཅད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ། ཡང་དག་པའི་དོན་ཅན་ཉིད་ཡིན་པས་ན་རྡོ་རྗེ་དང་འདྲ་བར་དབྱེར་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །བཀའ་སྩལ་ཞེས་བྱ་བ་ནི་གསུངས་པའོ། །རྡོ་རྗེ་གསུང་དེ་གང་ཞེ་ན། མཁའ་དང་མཚུངས་པར་
ཞེས་བྱ་བ་ལ་འདི་དག་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་མོ། །དཔེར་ན་རོལ་མོ་དགའ་བྱེད་དང་ལཀྵྨཱི་ལ་སོགས་པར་སྣང་བ་ཉིད་ཀྱང་། ཇི་ལྟར་སྣང་བ་བསྟར་མེད་པ་ཉིད་སྣང་བ་དེ་བཞིན་དུ་སྐུ་ལ་སོགས་པར་སྣང་བ་ཉིད་ཀྱི་ལམ་འདི་ཡང་སྣང་བ་
เล่ม ๔๐ · หน้า 297b
དེ་ལྟར་ན་སྒྲུབ་པ་པོ་ལ་རོལ་མོ་དང་ཆོས་མཐུན་པའི་ཕྱིར་རོལ་མོའོ། །འདི་དག་ཀྱང་ཆོས་རྣམས་རང་བཞིན་དག་པར་རབ་ཏུ་བསྒོམ་པ་སྟེ། རང་གི་ལྷན་ཅིག་འབྱུང་བའི་ཚུལ་ཉིད་ཀྱིས། སྟོང་པ་ཉིད་སྟོན་པར་བྱེད་མཚོན་པར་བྱེད་པ་དེ་ལྟར་ན་རང་བཞིན་ཡང་དེ་དག་ཡིན་ལ་གཉིས་སུ་རྟོགས་པ་མེད་པའི་ཕྱིར་
དག་པ་ཡང་ཡིན་པ་དེ་ལྟར་ན་རང་བཞིན་གྱིས་དག་པའོ། །དེ་ལྟ་བུ་ཡང་དེ་དག་ཡིན་ལ་ལམ་ཉིད་ཡིན་པའི་ཕྱིར་ཆོས་རྣམས་ཆོས་ཀྱང་ཡིན་པ་དེ་ལྟར་རང་བཞིན་གྱིས་དག་པ་སྟེ། དག་པ་འཇིག་རྟེན་པའི་ལམ་ཞེས་བྱ་བའི་དོན་ཏོ། །དག་པ་དང་འཇིག་རྟེན་པའི་རིག་པའི་ཚིག་རྐང་གཉིས་པོས་རིམ་པ་བཞིན་དུ་
གསུངས་པ། རྣམ་པར་མི་རྟོག་ངོ་བོ་ཉིད་དེ་དེ་དག་ནི་སྐུ་ལ་སོགས་པའི་རྟོག་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པ་ཡང་དེ་ཡིན་ལ་སྐུ་ལ་སོགས་པའི་རང་གི་ངོ་བོ་ཉིད་དང་ཐ་མི་དད་པར་སྣང་བ་ཙམ་དང་ལྡན་པའི་ངོ་བོ་ཉིད་ཀྱང་ཡིན་པས་སོ། །སྐུ་ལ་སོགས་པའི་སྣང་བ་བརྫུན་པ་ཉིད་ཀྱིས་ཇི་ལྟར་སྣང་བ་བཞིན་དུ་མེད་པ་ཉིད་
དུ་སྣང་བའི་ཕྱིར་ནམ་མཁའ་དང་མཚུངས་པ་ཡང་དེ་ཡིན་ལ་ཡང་དག་པར་རྟོགས་པ་ཉིད་ཀྱི་ཕྱིར་དམ་ཚིག་ཀྱང་ཡིན་པ་དེ་ལྟར་ན་ནམ་མཁའ་དང་མཚུངས་པའི་དམ་ཚིག་གོ། །དེ་ཉིད་ཀྱི་དངོས་པོ་ནི་དེའི་རང་བཞིན་ཡིན་པ་དེ་ལྟར་ནམ་མཁའ་དང་མཚུངས་པ་དམ་ཚིག་དངོས་ཏེ་དེ་ལྟ་བུའི་རྣམ་པ་ཅན་གྱི་དངོས་པོ་དེ་དག་
རབ་ཏུ་བསྒོམ་པར་བྱ་ཞིང་རྣམ་པར་གཞག་པར་བྱའོ། །དག་པ་འཇིག་རྟེན་པའི་ལམ་འདི་ཡང་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཅན་དང་ནམ་མཁའ་དང་མཚུངས་པའི་དམ་ཚིག་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་པོས་རང་གི་ལྷའི་སྐུ་ལ་སོགས་པ་བསྐྱེད་ཅིང་དེར་སྣང་བ་རང་གི་སེམས་ཙམ་ཇི་ལྟར་
སྣང་བ་བཞིན་དུ་མེད་པ་ནམ་མཁའ་དང་མཚུངས་པར་སྣང་བ་དོན་དམ་པ་ཅན་དེ་ལ་མོས་པས་བྱས་ནས་དེ་བཞིན་དུ་ཡུན་རིང་དུ་བསྒོམས་ན་འགྲུབ་པར་འགྱུར་གྱི་དོན་དམ་པ་ལ་ཀུན་དུ་རྨོངས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ལེའུ་འདིར་ཡང་དངོས་གྲུབ་ལ་ལ་ནི་སྔ་ན་མེད་པ་ཉིད་དུ་གསུངས་པ་ཡིན།
ལ་ལ་ནི་བཅུ་གཅིག་པ་ལས་གསུངས་པ་ཁ་སྐོངས་པ་ཡིན་ནོ། །དེ་ལ་དངོས་གྲུབ་ཀྱི་ཞིང་ནི་དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྒྱན་པ་ཉིད་དེ་དབེན་པ་ནི་ཚིག་གཅིག་པ་ཡིན་ཏེ། རི་བོ་དང་འབྲེལ་བའི་ཕྱིར་རོ། །ས་ཕྱོགས་དང་འབྲེལ་པ་ལ་ནི་མང་པོའི་ཚིག་བྱའོ། །མྃ་ཞེས་
เล่ม ๔๐ · หน้า 298a
བྱ་བ་ལ་སོགས་པ་ལ་ནི་འཇམ་པའི་རྡོ་རྗེའི་རི་ལུ་བསྒྲུབ་པ་གསུངས་པ་ཡིན་ཏེ། ཤེས་བྱ་བསྡུས་པའི་བདེ་བ་ལ་ཆགས་པ་ཡིན་པའི་ཕྱིར་འཇམ་པ་ཡང་དེ་ཡིན་ལ་ཤེས་པ་བསྡུས་པའི་ཕྱིར་རྡོ་རྗེ་ཡང་ཡིན་པ་ཉིད་ཀྱི་ཕྱིར་མྃ་མོ། །ལུས་དང་ངག་དང་སེམས་རྡོ་རྗེ་ལ་ཞེས་བྱ་བ་ནི་བདག་ཉིད་
ཀྱི་ལུས་ལ་སོགས་པ་ལ་རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ་པ་སྟེ། སྟོང་པ་ཉིད་ཀྱི་བྱང་ཆུབ་དང་ས་བོན་བསྡུས་པ་དང་གཟུགས་རྫོགས་པ་དང་། ཡི་གེ་དགོད་པས་སྐུ་ལ་སོགས་པ་བསྒོམ་པའོ། །དེ་ལ་ས་བོན་ཡི་གེ་ནི་ཡི་གེ་མྃ་མོ། །ལུས་དང་ངག་དང་སེམས་ལས་ཞེས་བྱ་བ་ནི་ཡི་གེ་མྃ་དེ་ཉིད་ལས་
སོ། །སྤྲོས་པ་ནི་འོད་ཟེར་ལྔ་དག་གོ། །གྲུབ་པའི་བདག་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་འདིས་རིལ་བུ་སྒྲུབ་པ་ལས་གྲུབ་པར་འགྱུར་ནའོ། །རྡོ་རྗེ་འཇམ་པའི་དམ་ཚིག་མི་སྣང་བར་བྱེད་པ་ཞེས་བྱ་བ་རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་གི་ཏིང་ངེ་འཛིན་ཏོ། །དེས་མི་སྣང་བ་དེ་བྱེད་པའོ། །མ་ཚང་བ་བསྐང་
བར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨཱཿདང་ཨོཾ་དང་ཧཱུཾ་ལ་སོགས་པས་རྣམ་པར་སྦྱངས་པའི་ཕྱིར་འདི་དག་ལ་རྡོ་རྗེ་མི་ཕྱེད་པ་གསུམ་ལས་བྱུང་བ་ཡོད་པས་ནའོ། །ཇི་སྐད་དུ་བཤད་པའི་བཤང་བ་ལ་སོགས་པ་ལས་རི་ལུ་བྱས་ནས། ལྕགས་གསུམ་ལས་བྱུང་ལྡན་
བྱས་ཏེ། །དཀྲིས་ལ་དེ་བཅུག་ནས་ནིའོ། །གང་དུ་ཞེ་ན། ཁར་ཏེ་རང་གི་ཁའམ་རིག་མའི་པདྨར་རོ། །སངས་རྒྱས་ཀུན་གྱི་ཐུགས་ནི་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྕགས་གསུམ་གྱི་ཚད་ནི་ར་ཏི་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་དག་གི་ཆ་བགོ་བ་ནི་མན་ངག་རྣམ་པ་གཉིས་ཡོད་དེ། ལ་
ལ་དག་ནི་རི་ལུ་དཀྲི་ལ་མདོག་བཟངས་དང་། ཟླ་བ་ཉི་མ་མ་ཤ་ནི། །གསུམ་བཞི་རིག་བྱེད་ཚད་ར་ཏི། །དྲང་སྲོང་གསུམ་མདའ་རིམ་བཞིན་བསྐྱེད། །ཅེས་ཟེར་རོ། །གཞན་དག་ན་རེ། རི་ལུ་དཀྲི་ལ་གསེར་དང་དངུལ་ཉི་མ། །མ་ཤ་མེ་དང་དུས་དང་མདའ་དག་ལ། །ར་ཏི་ཆ་བཅུ་ཆ་ཕྱེད་བཅས་པ་དང་། །ཕྱེད་དང་བཞི་
དང་བདུན་གྱིས་རིམ་བཞིན་བསྐྱེད། །ཅེས་ཟེར་རོ། །མན་ངག་ནི་བརྗོད་པར་བྱ་སྟེ། དམ་ཚིག་སྡོམ་པ་ལ་གནས་ཤིང་། །རྣམ་སྦྱངས་རྟ་ཤ་ལོངས་སྤྱད་པའི། །རང་རིག་ལས་བྱུང་དེ་བཞི་དང་། །ཤ་བཟངས་ཞེས་བྱ་དམ་ཚིག་ལྔ། །དེ་དག་བླངས་ནས་རྣམ་སྦྱངས་ལ། །ཙ་ན་ཀའི་རུས་པ་ཙམ་མམ། ཀུ་ལ་
เล่ม ๔๐ · หน้า 298b
ཐའི་རུས་པ་ཙམ་གྱི་རི་ལུ་བྱས་ཏེ། ཇི་སྐད་དུ་བཤད་པའི་ཚད་ཀྱི་གསེར་དང་དངུལ་དང་ཟངས་མ་འདབ་མར་བྱས་ནས་གོ་རིམས་བཞིན་དུ་དཀྲི་བར་བྱའོ། །དམ་ཚིག་ལྔ་ལ་ཡེ་ཤེས་ལྔར་ངེས་པར་བྱས་ཏེ། ཡར་ངོའི་ཚེས་གཅིག་ནས་བརྩམས་ལ། ཐུན་བཞིར་སངས་རྒྱས་ཐམས་ཅད་ལ་ཕྱི་དང་ནང་གི་མཆོད་པ་བྱས་ལ་རི་ལུ་
དེ་རང་གི་ཁའམ་རིག་མའི་པདྨར་བཅུག་ལ་ལག་པ་གཡོན་པ་འམ་རྡོ་རྗེས་བཀབ་ལ། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཡང་དག་པར་བྲིས་པའི་དབུས་སུ་ཡིད་ཀྱིས་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱིས་འདུག་ལ་དེ་བཞིན་དུ་བཅོམ་ལྡན་འདས་དེའི་ཡི་གེ་མྃ་ལས་བསྐྱེད་པའི་རི་ལུའི་དབུས་སུ་བསྒོམས་ནས་ཡི་གེ་
མྃ་བཟླ་བར་བྱ་ཞིང་རི་ལུ་ལས་ཀྱང་དུ་བ་འཐུལ་བར་མོས་པར་བྱས་ནས་དེ་དང་པོར་དྲོ་བར་འགྱུར་རོ། །དེ་ནས་དུ་བ་འཐུལ་བར་འགྱུར་རོ། །དེ་ནས་ཇི་སྐད་དུ་བཤད་པའི་སྐུ་མདོག་དང་རྣམ་པ་དང་འོད་དང་མཐུ་དང་ལྡན་པའི་མི་སྣང་བའི་བདག་པོ་འགྲུབ་པར་འགྱུར་རོ། །དངོས་གྲུབ་དེ་ཡང་ཞག་བདུན་ནས་ཟླ་བ་ཕྱེད་དམ་
ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་སམ་གཞན་དག་ན་རེ་ཟླ་བ་ཕྱེད་ཀྱི་ནང་དུའོ་ཞེས་ཟེར་ཏེ། ཕྱོགས་གཉི་ག་ལ་ཐུན་བཞིའི་རྣལ་འབྱོར་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ། ལེའུ་བཅོ་བརྒྱད་པ་ལས། གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་པ། །མི་སྣང་ལ་སོགས་སྣ་ཚོགས་དམན་པའི་དངོས་གྲུབ་
སྒྲུབ་བྱེད་ཅིང་། ཞེས་གསུངས་པའི་ཕྱིར་རོ། །ལ་ལ་ནི་ཟླ་བ་ཉ་ལ་ཉིན་ཞག་ཐམས་ཅད་དུ་ཉི་མ་ནུབ་པ་ནས་བརྩམས་ཏེ་ཇི་སྲིད་སྐྱ་རེངས་འཆར་གྱི་བར་དུ་སྦྱོར་བས་བྱ་བ་ཡིན་པར་འདོད་དོ། །དེ་བཞིན་དུ་སྒྲུབ་པ་འོག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཀྱི་རྣམ་པ་
གཞན་ནི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ཞེས་བྱ་བ་ནི་སྔགས་ཀྱི་སྙིང་པོ་ཅན་ནོ། །རང་གི་སྔགས་ནི་ཡི་གེ་ཨོཾ་མོ། །སངས་རྒྱས་ཐམས་ཅད་བཞུགས་པའི་གནས། །ཞེས་བྱ་བ་ནི་དེ་ཉིད་ལས་དེ་བཞིན་གཤེགས་པའི་རིགས་སྤྲོ་བ་དང་། བསྡུས་པའི་ཕྱིར་དང་དེ་དང་རོ་གཅིག་
པར་གྱུར་པའི་སྔགས་དེས་བདག་ཉིད་འཁོར་ལོའི་ལྟེ་བ་ལ་རྣམ་པར་སྣང་མཛད་ཀྱི་སྐུར་བསྒོམ་པའི་ཕྱིར་རོ། །འཁོར་ལོའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཉམ་པ་ཉིད་དེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་རྡོ་རྗེ་དང་པདྨའི་རིགས་དག་ལ་ཡང་བལྟ་བར་བྱའོ། །རྡོ་རྗེ་
เล่ม ๔๐ · หน้า 299a
ཆེན་པོ་ནི་མི་བསྐྱོད་པའོ། །ཆོས་རྣམས་ཀུན་ནི་འོད་དཔག་ཏུ་མེད་པའོ། །འཇོག་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་དེ་སྙེད་དོ། །གང་དུ་ཞེ་ན། སངས་རྒྱས་རྡོ་རྗེ་མཆོག་དཀྱིལ་འཁོར་ཏེ། སྐུ་དང་ཐུགས་དང་གསུང་གི་དཀྱིལ་འཁོར་རྣམས་ལ་སྟེ་ཐེག་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །དག་པའི་
བདག་ཉིད་ཅེས་བྱ་བ་ནི་དངོས་གྲུབ་འདི་ཉིད་ཀྱིས་ཡོངས་སུ་དག་པའི་ཡེ་ཤེས་ཅན་ནོ། །སྒྲུབ་པ་གསུམ་པོ་འདི་དག་ཉིད་ཀྱི་ཐུན་མོང་གི་འབྲས་བུ་ནི་ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་སྔ་མ་བཞིན་ནོ། །གསང་བ་གསུམ་ལ་བསྙེན་བཀུར་བྱེད། །ཅེས་བྱ་བ་ནི་སྐུ་དང་གསུང་ཐུགས་མཉེས་
པར་བྱེད་པའོ། །འཁོར་ལོ་ལ་སོགས་པ་བརྡུངས་པ་རྣམས་ཨ་ཤྭཏྠའི་ལོ་མ་ལ་སོགས་པ་སྒྲུབ་པ་ལས་རིག་པ་འཛིན་པའི་བདག་པོའི་དངོས་གྲུབ་ནི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འོད་ཟེར་ལྔ་ཞེས་བྱ་བ་ནི་རེ་རེ་ཞིང་རང་གི་རིགས་སྤྲོ་བའི་ཕྱིར་རོ། །མདོག་འདྲ་བ་ཞེས་བྱ་བ་ནི་རིགས་བསྡུས་
ནས་རོ་གཅིག་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པར་བསྐྱེད་པའི་ཕྱིར་རོ། །རང་གི་སྔགས་ཀྱིས་ཞེས་བྱ་བ་ནི་བདག་པོའི་སྔགས་ཀྱིས་ཏེ་དེ་བསྐྱེད་ཅིང་དེའི་སྙིང་པོ་ཅན་ཞེས་བྱ་བའི་དོན་ཏོ། །རལ་གྲི་ཞེས་བྱ་བ་ནི་རིགས་ཀྱི་བདག་པོའི་མཚན་མའོ། །ལག་ན་ཐོགས་ན་ཞེས་བྱ་བ་ནི་མཚན་མ་དྲུག་
པ་ལག་ན་ཐོགས་པ་ནིའོ། །རྡོ་རྗེ་གསུམ་ཡང་དེ་ཡིན་ལ་རིག་པ་འཛིན་པ་ཡང་ཡིན་པས་ན་རྡོ་རྗེ་གསུམ་རིགས་འཛིན་པར་འགྱུར་རོ། །མི་གནས་གཟུང་བ་ཚངས་པའི་བར་དེ་རྣམས་ཀྱི་མཆོག་གོ། །གང་རྣམས་ཞེས་བྱ་བ་ནི་དངོས་གྲུབ་ཇི་ལྟ་བ་རྣམས་ཏེ་རང་གི་དོན་དང་གཞན་གྱི་དོན་ཏོ། །སྐུ་གསུང་ཐུགས་ཀྱི་
རྡོ་རྗེ་འཛིན། །ཞེས་བྱ་བ་ནི་རྡོ་རྗེ་འཆང་བའོ། །དེ་ལྟ་བུའི་དངོས་གྲུབ་སྟེར་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ལྷག་མའོ། །རྡོ་རྗེའི་ཐུགས་ལས་ཏེ་དེའི་སྐད་ཅིག་མ་ཅན་གྱི་མཉམ་པར་གཞག་པ་ལས་སོ། །མཚན་མ་ཐམས་ཅད་ཀྱི་མཆོག་ནི་རལ་གྲི་ཐམས་ཅད་ཀྱི་མཆོག་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་
ཏོ། །འདིར་མན་ངག་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་ལྕགས་རྣོན་པོ་འམ་གསེར་གྱི་འམ། དངུལ་གྱི་འཁོར་ལོ་ཨ་ཤྭཏྠའི་འདབ་མར་བཞག་ལ་ཡི་གེ་ཨོཾ་ལས་འབར་བ་དང་བཅས་པར་བསྐྱེད་ནས་འབར་བ་དང་བཅས་པའི་རང་ཉིད་ཀྱི་སྙིང་པོ་ཅན་ཞག་བདུན་ནམ་ཟླ་བ་ཕྱེད་དང་ཟླ་བ་
เล่ม ๔๐ · หน้า 299b
གཅིག་གམ། ཟླ་བ་ཕྱེད་དང་གཉིས་སམ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་རིགས་ཀྱི་རིག་པའི་སྔགས་བཟླས་ཤིང་བླང་བར་བྱའོ། །གང་གི་ཚེ་དེ་ཤིན་ཏུ་འབར་བར་གྱུར་པ་དེའི་ཚེ་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཆོ་གས་མནན་ལ་བཟློག་པར་བྱའོ། །དེ་
བཞིན་དུ་ཡི་གེ་ཧཱུཾ་ལས་ལྕགས་གསུམ་གྱི་རང་བཞིན་ཅན་གྱི་རྡོ་རྗེའོ། །ཡི་གེ་སྭཱ་ལས་ནོར་བུ་མརྒད་དམ། གསེར་གྱི་རང་བཞིན་གྱི་རིན་པོ་ཆེའོ། །ཡི་གེ་ཨཱཿལས་ཙནྡན་དཀར་པོ་འམ་དམར་པོའི་རང་བཞིན་ཅན་ནམ་ཟངས་མའི་རང་བཞིན་ཅན་གྱི་པདྨ་འདབ་མ་བརྒྱད་པའོ། །ཡི་གེ་ཧཱ་ལས་ལྕགས་
རྣོན་པོ་འམ་ལྕགས་གཞན་གྱི་རང་བཞིན་གྱི་རལ་གྲི་སྟེ། སྔ་མ་བཞིན་ནོ། །རིན་པོ་ཆེ་དང་པདྨ་ནི་གོས་དཀར་མོའི་རིག་པས་བླང་བར་བྱའོ། །འཇམ་པའི་རྡོ་རྗེའི་རི་ལུའི་དངོས་གྲུབ་གསུངས་པ་དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པའི་ཡང་ངོ་། །དེ་ལ་ཁྱད་པར་གང་ཡིན་པ་དེ་ནི་ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་དཔའ་ནི་སྐུ་རྡོ་རྗེའོ། །དེ་དང་འོད་འདྲ་བར་འགྱུར་ཞེས་བྱ་བ་ནི་གཟུགས་དང་མཐུ་མཚུངས་པ་ཅན་དུ་འགྱུར་བའོ། །ཉི་མ་ཤར་བའི་འོད་འདྲ་ཞིང་། །ཞེས་བྱ་བ་ནི་གསེར་གྱི་ཁ་དོག་དང་འདྲ་བའི་མདོག་ཅན་ནོ། །བྱང་ཆུབ་ཡེ་ཤེས་ནི་གསུང་གི་རྡོ་རྗེའོ། །རྡོ་རྗེའི་རང་
བཞིན་ཅན་གྱི་སྐུ་ནི་ཐུགས་རྡོ་རྗེའོ། །ལག་པར་མཚན་མ་སྒྲུབ་པའི་ཕྱིར་རིག་པ་འཛིན་པའི་དངོས་གྲུབ་ནི་ནམ་མཁའི་དབྱིངས་གསལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཁའི་དབྱིངས་ནི་ཆོས་འབྱུང་བའི་སྣ་ཚོགས་རྡོ་རྗེ་དང་པདྨའོ། །དེ་ལ་གནས་གསལ་བ་ལ་སོགས་པ་ནི་རིགས་པར་ཟླ་
བ་དང་ཉི་མའི་དཀྱིལ་འཁོར་རོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི་རྡོ་རྗེ་བཞི་པོས་སོ། །ལག་ཏུ་འཁོར་ལོ་ཞེས་བྱ་བ་ནི་བརྡུངས་པ་འམ་མ་བརྡུངས་པ་སྟེ། ཡི་གེ་ཨོཾ་ལས་བསྐྱེད་པའི་ཡི་གེ་ཨོཾ་གྱི་སྙིང་པོ་ཅན་གྱི་འཁོར་ལོའོ། །ཡེ་ཤེས་མཆོག་འདི་རབ་བསྒྲུབ་བྱ། །ཞེས་བྱ་བ་ནི་འཁོར་ལོ་བསྒྲུབ་པའོ། །འཁོར་
ལོ་ཆེན་པོའི་རིགས་བསྒོམས་ཏེ། །དེ་བཞིན་གཤེགས་པའི་རིགས་ལ་གང་གི་རང་གི་ལྷ་གང་ཡིན་པ་དེའི་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་རྡོ་རྗེ་དག་གིས་ནི། །སངས་རྒྱས་སྐུ་མཆོག་རབ་སྦྱོར་ཞིང་། །ཞེས་བྱ་བ་ནི་རང་གི་རིགས་སྤྲོ་བ་དང་བསྡུ་བ་དང་། གཅིག་ཏུ་གྱུར་པའི་སྔགས་དེ་ཉིད་ནི་ཡེ་
เล่ม ๔๐ · หน้า 300a
ཤེས་རྡོ་རྗེ་ཡིན་ལ་དེས་བསྐྱེད་པའི་སངས་རྒྱས་ཀྱི་སྐུའི་འཁོར་ལོའི་ལྟེ་བར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྡོ་རྗེ་ལ་སོགས་པའི་སྒྲུབ་པ་ལ་ཡང་བལྟ་བར་བྱའོ། །རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་རྩེ་གསུམ་ནི་སྟོབས་པོ་ཆེའིའོ། །ཡེ་ཤེས་ལྕགས་ཀྱུ་ནི་འདོད་པའི་
རྒྱལ་པོའོ། །སོགས་པའི་སྒྲས་ནི་ཞགས་པ་ལ་སོགས་པ་བསྡུའོ། །རྡོ་རྗེ་ཁྱད་པར་གྱིས་ཞེས་བྱ་བ་ནི་རིགས་ཀྱི་ཁྱད་པར་ཏེ་རང་གི་ལྷའི་རྣལ་འབྱོར་གྱི་རིགས་ཀྱི་བདག་པོ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་རྩེ་གསུམ་ལ་སོགས་པ་སྒྲུབ་པའི་ཕྱིར་ཏེ་སྔ་མ་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡིས། །
ཞེས་བྱ་བ་ལ་ཐུགས་ནི་མཚན་མའོ། །གསུང་ནི་སྔགས་སོ། །སྐུ་ནི་དེ་ལས་བྱུང་བའི་སངས་རྒྱས་ཀྱི་སྐུའོ། །དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་ཞེས་བྱ་བ་ལ་དམ་ཚིག་ཆེན་པོ་ནི་མཚན་མ་རྣམས་ཡིན་ལ་དེ་རྣམས་ཀྱི་དངོས་གྲུབ་དེ་དེའི་དོན་ཅན་གྱི་རྡོ་རྗེ་སྟེ་ཏིང་ངེ་འཛིན་ཏོ། །དེ་སྟོན་པར་མཛད་པ་ཉིད་
ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་དགུག་པ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ལྕགས་ཀྱུ་ཡིན་ནོ། །དེའི་སྒྲུབ་པ་སངས་རྒྱས་ལ་སོགས་པའི་འགུགས་པར་བྱེད་པའི་དོན་དེ་ནི་ལམ་གྱི་བཞི་མདོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱད་པར་གྱིས་ཞེས་བྱ་བ་ནི་རྡོ་རྗེའི་ཁྱད་པར་རམ་རབ་
ཀྱིས་མཐར་ཐུག་པས་སོ། །སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ཀྱིས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །སྐུ་དང་གསུང་དང་ཐུགས་ཀྱི་གནས་གསུམ་པོ་དག་ལ་སྔགས་དང་ལྡན་པའི་ཕྱིར་དང་། སྔགས་ལས་བྱུང་བའི་སྐྱེས་བུའི་གཟུགས་ཅན་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་གསུམ་སྔགས་
ཀྱི་སྐྱེས་བུ་སྟེ། འདི་ལྟ་བུར་རྩོམ་པའོ། །ཀྱོ་བ་ཞེས་བྱ་བ་ནི་བརྡུངས་པ་འམ་མ་བརྡུངས་པའི་རྡོ་རྗེས་མཚན་པའི་ལྕགས་ཀྱུ་ཡི་གེ་ཧཱུཾ་ལས་བྱུང་བ་དང་ཡི་གེ་ཧཱུཾ་གི་སྙིང་པོ་ཅན་ལག་པར་བསམ་པར་བྱའོ། །ཇི་ལྟ་བུར་ཞེ་ན། སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུཾ་དེ་ཉིད་ལས་སངས་རྒྱས་
རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྤྲོས་ལ་སྐུ་གསུང་ཡེ་ཤེས་ཙམ་ཡིན་ནོ་ཞེས་ངེས་པར་བྱས་ནས་དེ་དག་ཡི་གེ་ཧཱུཾ་ལ་བསྡུས་པའི་ཕྱིར་རོ། །འདི་དག་ལ་ཡེ་ཤེས་ཙམ་ཉིད་ཀྱི་བློ་མངའ་བ་དེ་ལྟར་ན། སངས་རྒྱས་ཡེ་ཤེས་བློ་ཅན་གྱི་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གང་ཡིན་
เล่ม ๔๐ · หน้า 300b
པའི་ཕྱིར་དེ་སྐད་ཅེས་བྱའོ། །རླུང་གི་ཞེས་བྱ་བ་ལ་སོགས་པ་ལ་ལྕགས་ཀྱུ་གྲུབ་པས་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་རླུང་གི་དཀྱིལ་འཁོར་ལ་གནས་པ་བཀུག་སྟེ། རང་གི་བཀའ་བསྒོ་བ་ལ་སྦྱོར་བར་བྱའོ། །འདི་ནི་སངས་རྒྱས་དགུག་པའི་དམ་པའོ། །དེ་བཞིན་དུ་གོང་བུ་དགུག་པར་བྱའོ། །
ཞེས་བྱ་བ་ལ་སོགས་པ་གཞན་དག་ལ་ཡང་ངོ་། །དམ་ཚིག་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ནི་བུད་མེད་རྣམས་སོ། །འབྱུང་བ་ཕྱོགས་བཅུ་ན་ཡོད་པར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་འམ་ཡི་གེ་ཧཱུཾ་ནམ་མཁའི་དབྱིངས་ནི་རྡོ་རྗེ་འཆང་བའོ། །དེས་དམ་ཚིག་རྣམས་དང་རྡོ་རྗེ་རྣམས་དགུག་པ་ནི་
འདི་ཉིད་དོ། །རྣམ་པར་སྣང་མཛད་འཁོར་ལོ་ཚེ། །ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོས་མཚན་པའི་ལྕགས་ཀྱུའོ། །རྒྱལ་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་སྤྲོ་བ་དང་སྡུད་པའི་ཕྱིར་རྒྱལ་གནས་སོ། །ལྕགས་ཀྱུ་སྟེ་དམ་ཚིག་དགུག་པར་བྱའོ་ཞེས་སྦྱར་རོ། །རྡོ་རྗེ་པདྨ་ལ་སོགས་པས། །
ཞེས་དང་གི་དོན་དུ་རྟོགས་པར་བྱ་སྟེ། མི་བསྐྱོད་པའི་ནི་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །འོད་དཔག་ཏུ་མེད་པའི་ནི་པདྨས་མཚན་པའོ། །རིན་ཆེན་འབྱུང་ལྡན་ལ་སོགས་པའི་ནི་རིན་པོ་ཆེ་ལ་སོགས་པས་མཚན་པ་སྟེ། སོགས་པ་སྨོས་པའི་ཕྱིར་རོ། །ཁམས་གསུམ་ནི་གཏི་མུག་དང་ཞེ་སྡང་དང་
འདོད་ཆགས་ཡིན་ལ་དེ་རྣམས་ཀྱི་དམ་ཚིག་སྟེ། སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་དགུག་པ་འདི་ཡིན་ནོ། །འཁོར་ལོ་ལྕགས་ཀྱུ་ལ་སོགས་པར་ལྷའི་རྣལ་འབྱོར་མ་བསྟན་པས་དེ་ནི་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་
པའོ། །ཀྱོ་བ་ལ་སོགས་ཞེས་བྱ་བ་ལ་ནི་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པའོ། །འདི་དག་ལྟ་བུ་ཞེས་བྱ་བ་ནི་འཆང་བར་འགྱུར་བའོ། །དེ་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཚིག་ནི་དག་ཙམ་སྟེ། དེ་ཉིད་ཀྱིས་དགུག་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ། །རྡོ་རྗེ་སྐུ་ཞེས་བྱ་བ་ནི་རང་གི་ལྷའི་སྐུའོ། །རྡོ་རྗེ་
ལྕེའི་སྦྱོར་བ་ནི་ལྕེའི་ནང་དུ་ཆུད་པའི་ཟླ་བ་ལ་གསུང་གི་རྡོ་རྗེ་བསྒོམ་པའོ། །བསྒོམས་ནས་ཞེས་བྱ་བ་ནི་རྣལ་འབྱོར་རྫོགས་པར་བྱས་ནས་ཏེ། རྫོགས་པ་མངོན་སུམ་བཞིན་དུ་མཐོང་བའི་ཕྱིར་རམ་འོད་ཟེར་མཐོང་བའི་ཕྱིར་རོ། །རྡོ་རྗེ་གསུང་གི་དོན་ཡོད་པའི་གསུང་ཅན་ཏེ་ལྕེ་དེས་ཇི་སྐད་སྨྲས་པ་དེ་བཞིན་དུ་འགྱུར་བའོ། །
เล่ม ๔๐ · หน้า 301a
དངོས་གྲུབ་རྣམས་བཤད་ཟིན་པ་དེ་རྣམས་ཀྱི་སྒྲུབ་པ་ནི་གསང་བའི་མཆོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དེ་ནི་གསང་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་གསུམ་ནི་རྡོ་རྗེ་འཛིན་པའོ། །དེའི་དམ་ཚིག་ནི་ཡང་དག་པའི་རིགས་པའོ། །དེས་མཆོད་པ་གང་ཡིན་པ་དེ་ནི་མཆོག་སྟེ་
དེ་གཙོ་བོར་གྱུར་པ་ཅན་ཡིན་ནོ། །མཆོད་པས་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མཆོད་པས་སོ། །མཆོད་ནས་ཞེས་བྱ་བ་ནི་རྗེད་པར་བྱེད་ནས་སོ། །དེས་སངས་རྒྱས་རྣམས་མཉེས་པར་བྱས་པ་ཉིད་དེ་ནི་དེའི་རྗེད་པ་ཡིན་ནོ། །རབ་སྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་སྒྲུབ་པའོ། །དངོས་གྲུབ་ཅེས་བྱ་བ་ནི་
སྒྲུབ་པའི་ཡན་ལག་རྣམས་སོ། །སྙིང་པོ་ནི་གཙོ་བོའོ། །གསང་བ་བསྡུས་པ་ཡིན་ཞེས་བྱ་བ་ནི་མཆོད་པའི་གསང་བ་མདོར་བསྡུས་པའོ། །གསང་བ་ཆེན་པོ་ནི་མཆོད་པ་ཐམས་ཅད་ཀྱི་གསང་བའོ། །དེ་རྣམས་ཀྱི་དམ་ཚིག་ནི་མདོར་བསྡུས་པའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །སྒྲུབ་
པ་ལ་ཞུགས་པ་རྣམས་ཀྱིས་དངོས་གྲུབ་ཀྱི་དབྱེ་བས་དམ་ཚིག་ཐ་དད་པ་བསྟེན་པ་དེ་ནི་ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ཆེན་པོ་ལ་སོགས་པ་ཉིད་དམ་ཚིག་གི་མཆོག་ཡིན་ནོ། །ཞེས་བྱ་བའི་ཚིག་བསྡུས་པའོ། །དེ་བཞིན་དུ་རྟའི་ཤ་ཡང་དེ་ཡིན་ལ་དམ་ཚིག་ཀྱང་དེ་ཡིན་པས་ན་ཞེས་བྱ་བར་
ཚིག་བསྡུ་བའོ། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གང་དུ་བཤད་པ་དེར་ནི་ཚིག་གི་དངོས་གྲུབ་ཀྱི་ཡང་དེ་ཉིད་དམ་ཚིག་ཡིན་པའམ། གང་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་ཡང་ངོ་། །ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་ལ་མ་རྙེད་པ་དང་ཆོས་མ་ཡིན་པར་རྙེད་
པ་དང་བསྟན་པ་ལ་ཁ་ན་མ་ཐོ་བར་ཐལ་བར་འགྱུར་བ་ཞེས་བྱ་བ་རྣམ་པ་གསུམ་ནི་མ་རྙེད་པ་ཡིན་ནོ། །དེའི་ཚེ་ཐམས་ཅད་བསམས་པས་རྣམ་པར་བརྟག་པར་བྱའི་དངོས་སུ་ནི་མ་ཡིན་ནོ། །འདི་ཐ་མལ་པའི་ང་རྒྱལ་གྱིས་ཀྱང་མི་བྱ་སྟེ། འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་རམ་ངན་སོང་གི་འབྲས་བུ་ཅན་ཉིད་ཡིན་
པའི་ཕྱིར་རོ། །དེ་བས་ན་རྣལ་འབྱོར་གྱི་ཁྱད་པར་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་སྦྱོར་བ་ནི་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་རྣལ་འབྱོར་རོ། །འདི་བྱས་ན་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དེ་ལ། རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །ཞེས་བྱ་བ་ནི་རང་གི་ལྷའི་རྩ་བའི་རྣལ་འབྱོར་
เล่ม ๔๐ · หน้า 301b
རོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་སྐུ་ལ་སོགས་པ་གསུམ་གྱིས་བྱིན་གྱིས་བརླབས་པའོ། །སྙིང་གར་ཡེ་ཤེས་དམ་ཚིག་དང་། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དང་། ཡང་དག་པར་ལྡན་པ་སྟེ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །འདི་ནི་བྱིན་གྱིས་བརླབས་པ་བཞི་པའོ། །རྡོ་རྗེ་མཆོག་ནི་རང་
གི་རིགས་ཀྱི་བདག་པོ་སྟེ། དེ་འཛིན་པའོ། །འདི་ནི་བྱིན་གྱིས་བརླབས་པ་ལྔ་པའོ། །ཚིགས་སུ་བཅད་པའི་མཐར་བསྒོམ་མོ། །ཞེས་བྱ་བ་ནི་ལྷག་མའོ། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཞེས་གསུངས་པ་དེ་ལས་ཅིར་འགྱུར་ཞེ་ན། སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །ཞེས་བྱ་བ་
གསུངས་སོ། །དམ་ཚིག་ཚུལ་མཆོག་སྟེ་ཞེས་བྱ་བ་ནི་དམ་ཚིག་ལོངས་སྤྱོད་པའི་དོན་ཅན་ཏེ་ཏིང་ངེ་འཛིན་ཏོ། །དམ་ཚིག་མཆོག་གིས་ཞེས་བྱ་བ་ནི་དེའི་ལོངས་སྤྱོད་ཀྱི་དང་པོ་ཉིད་དུའོ། །ཡང་ནི་འདི་ལ་དམ་ཚིག་གི་མཆོག་ཡོད་པས་ན་དམ་ཚིག་མཆོག་སྟེ། དེས་དམ་ཚིག་ལ་གུས་པར་གྱུར་ཞེས་
བྱ་བའི་དོན་ཏོ། །དམ་ཚིག་ཐམས་ཅད་ཡེ་ཤེས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པས་ལོངས་སྤྱོད་པར་མཛད་པ་སྟེ། དེའི་དོན་ཅན་གྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ལ་ལྕེ་སྦྱང་བར་བྱ་བའི་ཕྱིར་ལྕེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕེའི་དམ་ཚིག་ནི་རོ་གཅིག་པར་གྱུར་པའོ། །
རྡོ་རྗེ་མཆོག་ནི་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཕྲ་མོ་དཀར་པོ་སྤྲོས་པའི་རྡོ་རྗེའི་ར་བ་སྟེ། །དེར་རྡོ་རྗེ་ཅན་གྱི་རང་བཞིན་གྱི་ཡི་གེ་ཧཱུྃ་དེ་ཉིད་ལྟེ་བར་ཚུད་པ་བསྒོམས་ཏེ་ཞེས་བྱ་བའི་དོན་ཏོ། །རྫས་སྦྱང་བ་ལ་སོགས་པ་ནི་བདུད་རྩི་ལྔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་རྩི་ལྔའི་སྦྱོར་བ་དེ་ཉིད་ཀྱིས་སྟོབས་ལྔའི་ཡང་
ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཨཱཿདང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨཱཿལས་བྱུང་བའི་པདྨ་ནི་ཡི་གེ་ཨཱཿའོ། །དེ་ལ་ཡི་གེ་ཨོཾ་གྱིས་མཚན་པའི་དམ་ཚིག་ཨཱཿདང་ཨོཾ་གྱི་དམ་ཚིག་གོ། །དེ་ལས་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ཚུལ་མཆོག་སྟེ། སྦྱང་བའི་ཐབས་དམ་
པའོ། །འདི་ནི་ཞེས་བྱ་བ་ནི་འབར་བ་དང་། སྲེག་པ་དང་། གསལ་བར་བྱ་བ་དང་། གཟུགས་སུ་ལྟ་བ་དང་། བདུད་རྩི་བསྟིམ་པ་དང་། ཡེ་ཤེས་ལྔ་དང་། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའོ། །དམ་ཚིག་རྣམས་ལ་ཡེ་ཤེས་ཀྱི་འོད་ཟེར་གྱི་རྡོ་རྗེ་རྣམས་ཀྱི་བདུད་རྩི་བསྟིམ་པའི་ཕྲེང་བ་ནི་རྡོ་རྗེ་དམ་
เล่ม ๔๐ · หน้า 302a
ཚིག་བདུད་རྩི་ཕྲེང་བ་སྟེ། དེ་ལ་དམིགས་པའི་ཕྱིར་དེ་དང་ལྡན་པའི་ཏིང་ངེ་འཛིན་ཏོ། །དངོས་གྲུབ་ཕྲ་མོའི་མཐུའི་དབྱེ་བ་དང་། རྡོ་རྗེ་གསུམ་དང་། རྡོ་རྗེ་གཅིག་གི་དངོས་གྲུབ་ཀྱི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རྡོ་རྗེའི་དམ་ཚིག་གསུམ་ནི་ལེའུ་
བཅུ་གཅིག་པ་ལས། སངས་རྒྱས་དང་མཉམ་པ་ཉིད་བསྟན་པ་ཡིན་ནོ། །དེ་ཉིད་གྲུབ་མཆོག་སྟེ། དངོས་གྲུབ་ཕྲ་མོ་རྣམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར་ཏེ། རྡོ་རྗེ་གསུམ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ནོར་བུ་ཡིད་བཞིན་རྒྱ་
མཚོར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་བཞིན་དུ་སངས་རྒྱས་འདི་དག་ཐམས་ཅད་སྤྲོས་པའི་ཕྱིར། ཡིད་བཞིན་ནོར་བུ་ཡང་དེ་ཡིན་ལ། ཇི་ལྟར་འདོད་པ་བཞིན་དུ་འདི་རྣམས་སྡུད་པའི་ཕྱིར་རྒྱ་མཚོ་ཡང་ཡིན་པས་སོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཀུན་དུའོ། །རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ནི་རྡོ་རྗེ་
གསུམ་གྱི་བདག་ཉིད་ཅན་ནོ། །སྣང་བར་བྱེད་ཅེས་བྱ་བ་ནི་འོད་ཟེར་རྣམས་དང་། སེམས་ཅན་རྣམས་ཀྱི་དོན་མཛད་པ་རྣམས་ཀྱིས་སྣང་བར་མཛད་པའི་ཕྱིར་རོ། །འཁོར་ལོའི་དམ་ཚིག་གྲུབ་པའི་མཆོག །ཅེས་བྱ་བ་ལ་མཆོག་གི་སྒྲ་ནི་སོགས་པའི་དོན་ཡིན་པས་ན། འཁོར་ལོའི་དམ་ཚིག་གྲུབ་པ་
ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །འཁོར་ལོ་དང་། རྡོ་རྗེ་དང་། པདྨའི་མཉམ་པ་ཉིད་གྲུབ་ན་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྐུ་དང་འདྲ་བ་ནི་གོ་རིམས་བཞིན་དུ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང་མཉམ་པ་ཉིད་ཐོབ་པའི་ཕྱིར་རོ། །ཕྱོགས་བཅུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་
ཅད་དུ་སྟེ། ཐམས་ཅད་དང་སྣ་ཚོགས་དང་། འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཀུན་དུ་ཞེས་བྱ་བ་ནི་ཕྱོགས་བཅུའོ། །དམ་ཚིག་མཆོག་ཉིད་ཀྱི་ཞེས་བྱ་བ་ནི་རལ་གྲི་མཆོག་རྣམས་ཀྱིའོ། །རིག་པ་འཛིན་པའི་གཙོ་བོར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་གསུམ་གྱི་རིག་པ་འཛིན་པའོ། །མཚན་
མའི་དངོས་གྲུབ་གཞན་དང་མཉམ་པ་ཉིད་ཀྱི་དངོས་གྲུབ་ནི་དམ་ཚིག་ཡིན་ལ་དེ་རྣམས་ཀྱི་མཆོག་ནི་ཚོགས་ཏེ། དེ་ཐམས་ཅད་ཡོད་ན་སྐུ་རྡོ་རྗེའི་མཐུ་ཡིས་ནའོ། །གང་ཡིན་ཞེ་ན། ཇི་སྐད་དུ། འབྲས་བུ་སྟོང་ཁམས་གཅིག་ནི་སྣང་བར་བྱེད། །ཅེས་བཤད་པ་དང་། སྐུ་ཡི་རྡོ་རྗེའི་མཐུ་ཡིས་ནི། །ཞེས་བྱ་
เล่ม ๔๐ · หน้า 302b
བ་ཉིད་ཀྱིས་འཕྲོག་པ་དང་། ལྷ་མཆོག་ལས་སྐྱེས་བུ་མ་སྤྱོད། །ཅེས་བྱ་བ་ལ་ལྷ་མཆོག་ནི་ལྷའི་གཙོ་བོའོ། དེ་ལས་སྐྱེས་བུའི་བུ་མོ་ཉིད་དོ། །མངོན་པར་ཤེས་པ་གྲུབ་པ་ཡོད་ན་དེ་རྣམས་ཀྱི་མཐུས་ཚིགས་སུ་བཅད་པ་རེ་རེས་གསུངས་པ་ནི་གསང་བ་གསུམ་ཉིད་ནི་གནས་ཡིན་ལ། དེ་རྣམས་ལ་བཞུགས་པ་སྟེ། དེའི་
རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །གཟུགས་ལྡན་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལག་པར་སྐྱུ་རུ་ར་བཞག་པ་བཞིན་དུ་གསལ་བའོ། །ཞིང་རྣམས་ན་ཞེས་བྱ་བ་ནི་ཞིང་རྣམས་ལའོ། །སྒྲ་བསྒྲགས་པ་ཞེས་བྱ་བ་ནི་སྒྲར་བརྗོད་པའོ། །ཐོས་པ་ནི་ཞེས་བྱ་བ་ནི་མངོན་པར་ཤེས་པ་སྟེ། ལྷའི་རྣ་བའི་མངོན་པར་ཤེས་
པ་མཆོག་གིས་རྩ་བའི་དྲུང་ན་སྒྲ་གཅིག་འཁོད་པ་བཞིན་དུ་ཐོས་པའོ། །གང་གི་ཞེས་བྱ་བ་ལ་སོགས་པ་ལ་གང་གཱའི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན། སེམས་ཅན་ཀུན་གྱི་གང་ཡིན་པ་རྣམས་ཀྱི་ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་དེ་རིག་པའོ། །སེམས་ཞེས་བྱ་བ་ནི་རྡོ་རྗེའི་སེམས་སོ། །
བསྒོམ་པའི་མཆོག་ནི་མངོན་པར་ཤེས་པའི་མཆོག་གོ། །བསྐལ་པ་ཞེས་བྱ་བ་ནི་གསལ་བ་རྣམས་སུའོ། །འཁོར་བ་ན་གནས་པ་འབྱུང་བ་རྣམས་ཏེ། འཇིག་པ་དང་གནས་པ་དང་། ཆགས་པ་གང་ཡིན་པ་དེ་རྣམས་ཞག་གསུམ་པ་དེ་བཞིན་དུ་དྲན་པར་འགྱུར་རོ། །འདི་ནི་སྔོན་གྱི་གནས་ཀྱི་དམ་ཚིག་ཡིན་ཏེ་
སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའོ། །སངས་རྒྱས་སྤྲིན་ནི་སྤྲོས་པའམ་བ་སྤུའི་ཁུང་བུ་རེ་རེ་ལ་གནས་པའོ། །སོགས་པའི་སྒྲས་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྤྲིན་ནོ། །རྫུ་འཕྲུལ་རྡོ་རྗེ་མཆོག་ཅན་ནི་རྡོ་རྗེའི་རྫུ་འཕྲུལ་ཏེ་དེ་དང་ལྡན་པའོ། །འགེངས་ཞེས་བྱ་བ་ནི་ནམ་མཁའ་
ཁྱབ་པའོ། །དམ་ཚིག་མངོན་པར་མཁྱེན་པ་ནི་རྡོ་རྗེ་མངོན་པར་ཤེས་པའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་ན་དེ་སྐད་ཅེས་བྱའོ། །མངོན་པར་ཤེས་པའི་དངོས་གྲུབ་ཡོད་ན་རྡོ་རྗེ་གཅིག་ཀྱང་ཐོབ་པ་ཡོད་དོ་ཞེས་བསྟན་པའི་ཕྱིར། སངས་རྒྱས་མངོན་ཤེས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་
རྣམས་ཀྱི་མངོན་པར་ཤེས་པ་རྣམས་ཀྱི་དོན་དེ་ཐབས་དེ་ཡང་དག་པར་འགྲུབ་ནའོ། །དངོས་གྲུབ་དམན་པའི་ལས་དང་དམ་ཚིག་དང་མཐུ་རྣམས་བསྟན་ཟིན་ནས་བསྙེན་པ་ཞེས་བྱ་བ་ལ་སོགས་པས་ནི་དུས་དེར་བྱ་བ་སྟོན་ཏེ་བསྙེན་པའི་དུས་སུའོ། །སྦྱོར་བ་ནི་རྡོ་རྗེ་བཞིའི་སྦྱོར་བ་སྟེ། དེ་ཤེས་པས་
เล่ม ๔๐ · หน้า 303a
ཉམས་སུ་བླང་ཞིང་སྒྲུབ་པའི་དུས་སུ་ཡང་སྦྱོར་བ་དེ་ཉིད་ལ་གནས་ཏེ་སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབས་པའི་མཚན་ཉིད་ཉེ་བར་སྒྲུབ་པ་ལ་རྒྱུ་རྣམས་ལ་རང་རང་གི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་པ་ཉམས་སུ་བླང་བར་བྱའོ། །དེ་ནས་སངས་རྒྱས་
རྣམས་ཀྱིས་འོད་ཟེར་སྤྲོ་བ་ལ་སོགས་པས་ཇི་སྐད་དུ་བསྟན་པའི་ལས་རྣམས་ཉམས་སུ་བླང་བ་གང་ཡིན་པ་ཉིན་རེ་ཐུན་མཚམས་སུ་བྱས་ན་ཟླ་བ་ཕྱེད་ཀྱི་ནང་རོལ་དུ་འགྲུབ་པར་འགྱུར་རོ། །འདིས་དེ་དང་མཉམ་པར་བྱེད་པས་ན་དམ་ཚིག་གོ། །འདིས་ལས་འབྱུང་བར་འགྱུར་བས་ན་འབྱུང་བའོ། །
སྒྲུབ་པ་ཆེན་པོ་ཞེས་བྱ་བ་ཡང་དམ་ཚིག་ཅེས་བྱ་བ་དང་འབྲེལ་ཏོ། །དངོས་གྲུབ་མཆོག་གི་ཐབས་བཞིའི་མཚན་ཉིད་བསྟན་པའི་ཕྱིར་བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐར་ཐུག་པ་མ་ལུས་པའི་སྦྱོར་བ་སྟེ། སྦྱོར་བའི་
ཡན་ལག་དྲུག་ཅེས་བྱ་བའི་དོན་ཏོ། །དེ་ནི་བསྙེན་པའོ། །དེས་ཇི་ལྟར་བྱ་ཞེ་ན། བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་གསུངས་ཏེ། སོ་སོར་བསྡུས་པ་ལ་སོགས་པའི་རིམ་གྱིས་སྣ་ཚོགས་སྣང་བ་རྣམས་ཡེ་ཤེས་སུ་བསྡུས་པ་ལས་བྱུང་བའི་རིན་པོ་ཆེ་ཕྲ་མོའི་ནང་དུ་ཟླ་བ་འམ་ཉི་མའི་བྱང་ཆུབ་
དམ་པ་དེ་བསྒོམ་པར་བྱའོ། །ཉེ་བར་སྒྲུབ་པ་ཉིད་གྲུབ་པའི་མཆོག་སྟེ་གྲུབ་པའི་ཐབས་སོ། །དེ་ལ་རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད་པར་བྱ་སྟེ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་སྐྱེ་མཆེད་ནི་བྱང་ཆུབ་དེ་ལ་དམིགས་པ་རྣམ་པར་དཔྱད་པ་སྟེ། འདིར་དམིགས་པ་གསུམ་གྱིས་བསྒྲུབས་པའི་
འཁོར་ལོས་སྒྱུར་བའི་སྐུ་ནི་བྱང་ཆུབ་རགས་པའོ། །བྱང་ཆུབ་རགས་པ་དེ་ནི་རྣམ་པར་དཔྱད་པ་ནི་ཚིགས་སུ་བཅད་པའོ། །སྤྲོ་བ་དང་བསྡུས་པ་ལས་བྱུང་བ་མཚན་མ་ཕྲ་མོའི་ནང་དུ་ཉི་མ་དང་ཟླ་བའི་གཟུགས་ནི་བྱང་ཆུབ་ཕྲ་མོའོ། །དེའི་རྣམ་པར་དཔྱད་པ་ནི་དེ་ལ་གནས་པའི་མཆོག་ཏུ་ཕྲ་བའི་
སྔགས་སོ། །དེ་ལྟར་ན་བྱང་ཆུབ་རྣམ་པར་དཔྱད་པ་རྣམ་པ་གཉིས་ཏེ་དེའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །སྒྲུབ་པ་ལ་ནི་བསྐུལ་བར་གསུངས། །ཞེས་བྱ་བ་ལ་བསྐུལ་བ་ནི་རང་གི་ལྷ་བསྐྱེད་པར་བྱའོ། །གསུངས་པ་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ལ་དབང་བསྐུར་ནས་ཕྱིའི་དཀྱིལ་
เล่ม ๔๐ · หน้า 303b
འཁོར་ཆེན་པོར་མངོན་པར་བྱང་ཆུབ་པར་བྱ་བ་བསྟན་པ་སྟེ། དེ་བྱས་པ་ནི་སྒྲུབ་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །བསྐུལ་བ་རྣམ་པར་བཤད་པའི་ཕྱིར་སྔགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་ཀྱི་བདག་པོ་ནི་རང་གི་ལྷ་ཉིད་དེ་དཀྱིལ་འཁོར་གྱི་དབུས་ཆོས་ཀྱི་སྐུའི་རང་བཞིན་དུ་བསྐྱེད་པའི་
ཕྱིར་རོ། །དེའི་སྒོམ་པ་ནི་འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའི་རིམ་གྱིས་བསྐྱེད་ལ། མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ནས་སྤྱི་བོར་དབང་བསྐུར་ཏེ་བརྟུལ་ཞུགས་དང་སྡོམ་པ་བསམ་པར་བྱའོ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་གསང་བ་
གསུམ་སྟེ། དཀྱིལ་འཁོར་པ་ཞེས་བྱ་བའི་དོན་ཏོ། །དེ་དང་སྦྱོར་བས་ན་རྡོ་རྗེ་ཅན་ཏེ་རང་སྔགས་ཉིད་རྡོ་རྗེ་ཅན་ནོ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས་བསམས་ལ་ཡེ་ཤེས་རྡོ་རྗེ་ཅན་གྱི་གཟུགས་བསམ་པར་བྱའོ། །ཡེ་ཤེས་ཉིད་རྡོ་རྗེ་ཅན་ཏེ་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དེའི་
བདག་པོ་དག་གཉིས་སུ་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཉིད་གཉིས་སུ་མེད་པར་བྱས་པའི་དབུ་རྒྱན་གྱི་བདག་པོ་བསྒོམ་པར་བྱ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་དབུ་རྒྱན་དུ་རང་རང་གི་བདག་པོ་བསམས་ནས་སྒྲུབ་པ་ཆེན་པོ་བྱེད་པའི་ཚེ་རྣལ་འབྱོར་པ་འགྲུབ་པར་འགྱུར་ཏེ། དེ་ལྟ་བུའི་མཚན་ཉིད་
ཀྱི་རྣལ་འབྱོར་ནི་གྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདིར་ཚིགས་སུ་བཅད་པ་ནི། རྒྱལ་བ་ཅན་ལ་ལས་སྤྲོས་རྒྱལ་བ་ལྔ་པོ་རྣམས། །སྤྲུལ་བྱེད་དེ་ལ་ཐིམ་པར་རིགས་པ་ཡིན། །སངས་རྒྱས་རིགས་ལས་སྤྲོས་ལ་རྒྱལ་ཡིན་པར། །ལེའུ་དང་པོ་ཉིད་དུ་གྲུབ་པ་ཡིན། །རྒྱལ་བ་ལྟ་གནས་ཇི་ལྟར་
སྤྱིར་བསྟན་པ། །ལེའུ་དང་པོ་ཉིད་དུ་གྲུབ་པ་ཡིན་ནོ། །གང་ཞིག་དབུས་སུ་གནས་པར་གྱུར་པ་ན། །དེ་ཡི་གནས་སུ་སེམས་ཀྱི་དབང་ཕྱུག་གོ། །བསྙེན་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་མཆོག་གི་བསྙེན་པ་རྣམ་པར་བཤད་པ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་ནི་སྣ་ཚོགས་པའོ། །རྟག་ཏུ་ཞེས་བྱ་
བ་ནི་ཡན་ལག་དྲུག་ཅུར་ལ་ཡང་དུས་རྟག་ཏུའོ། །ཡེ་ཤེས་བདུད་རྩི་ནི་སྣ་ཚོགས་པ་ལས་བྱུང་བ་སྟེ། དེ་ཉིད་ཀྱིས་བསྙེན་པར་བྱའོ། །དེ་ལ་སོ་སོར་སྡུད་པའི་དུས་སུ་ནི་ཡེ་ཤེས་ནི་སངས་རྒྱས་རྣམས་ཡིན་ལ། བདུད་རྩི་ནི་ཟླ་བ་རྣམས་སོ། །བསམ་གཏན་གྱི་དུས་སུ་ནི་ཡེ་ཤེས་ནི་རྡོ་རྗེ་རྣམས་ཡིན་ལ་
เล่ม ๔๐ · หน้า 304a
བདུད་རྩི་ནི་དགའ་མ་རྣམས་ཀྱི་བདེ་བ་སྟེ། དེ་རྣམས་རོ་གཅིག་ཏུ་གྱུར་པའོ། །སྲོག་དང་རྩོལ་བའི་དུས་སུ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སེམས་དཔའ་རིན་པོ་ཆེ་ནི་ཡེ་ཤེས་བདུད་རྩིའོ། །འཛིན་པའི་དུས་སུ་ནི་སེམས་ཀྱི་རིན་པོ་ཆེ་དེ་ཉིད་བསྟན་
པར་བྱེད་པའོ། །རྗེས་སུ་དྲན་པའི་དུས་སུ་ནི་སྤྲོ་བའི་སྦྱོར་བར་སྣ་ཚོགས་དེའི་རང་བཞིན་དུ་བྱས་པའོ། །ཏིང་ངེ་འཛིན་གྱི་དུས་སུ་ནི་དེ་ཉིད་རིན་པོ་ཆེ་ཕྲ་མོའི་ནང་དུ་བསྡུས་པའོ། །འདི་ནི་ཞེས་བྱ་བ་ནི་སྣ་ཚོགས་པའོ། །སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་ཀྱིའོ། །སྔགས་ནི་རིགས་ཀྱི་
སྔགས་རྣམས་ཏེ། རབ་སྔགས་ལ་སོགས་པ་དང་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་དོན་ནི་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་དྲུག་གོ། །སྒྲུབ་པ་ནི་དེ་དག་གི་བསྐྱེད་པའོ། །དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་དམན་པའི་དངོས་གྲུབ་ཀྱི་གནས་ནི་སྔར་བཤད་ཟིན་ཏོ། །
མཆོག་གི་དངོས་གྲུབ་ཀྱི་གནས་ནི་རྣམ་པ་བཞི་སྟེ། དགོན་པ་ཆེན་པོ་དང་། དབེན་པ་ཆེན་པོ་དང་། མཚོ་འགྲམ་ཆེན་པོ་དང་། རི་སུལ་དང་ཆུ་ངོགས་རྣམས་སོ། །གནས་དེ་རྣམས་སུ་མཆོག་གི་དངོས་གྲུབ་རྟག་པར་ཐོབ་པར་འགྱུར་ཏེ། །འདིར་བསྒྲུབ་པར་བྱ་བས་ན་སྒྲུབ་པའོ། །སྒྲུབ་པ་ཆེན་
པོ་ནི་མཆོག་གི་དངོས་གྲུབ་ཀྱི་སྒྲུབ་པའོ། །དེ་ཉིད་གཞན་དུ་མི་འགྱུར་བས་ན་རྡོ་རྗེ་སྟེ། དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །དམན་པའི་དངོས་གྲུབ་ཀྱི་བསྙེན་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་བརྟུལ་ཞུགས་བརྟན་པ་ནི། དམ་ཚིག་མཉམ་པའོ། །དང་པོ་སྟོང་ཉིད་
བྱང་ཆུབ་སྟེ། །གཉིས་པས་ས་བོན་སྡུད་པ་ཡིན། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ན་ནི་ཡིག་འབྲུ་དགོད། །ཅེས་བྱ་བ་ནི་རྡོ་རྗེ་བཞིའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་དོན་དེ་ཉིད་བསྟན་ཏེ་གཟུགས་རྫོགས་པའི་མཐར་ཐུག་པ་ནི་རྡོ་རྗེ་གསུམ་མོ། །སྔགས་ཀྱི་དེ་
ཁོ་ན་ཉིད་ནི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྔགས་ཀྱི་ཡི་གེ་དགོད་པ་སྟེ་སྙིང་ག་དང་མགོ་བོ་དང་མགྲིན་པ་རྣམས་དང་སྙིང་ག་རུ་ཞེས་ཟླས་དབྱེ་བར་བསྡུའོ། །བསྙེན་པའི་དུས་སུ་ཆོ་ག་འདིས་རང་གི་ལྷ་བསྒོམ་པར་བྱས་ན་སྒྲུབ་པའི་དུས་སུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དངོས་གྲུབ་
เล่ม ๔๐ · หน้า 304b
མཆོག་གི་སྒྲུབ་པ་ནི་ལེའུ་བཅོ་ལྔ་པའི་དང་པོར་རྒྱས་པར་སྟོན་པར་འགྱུར་རོ། །དེ་ལས་འདིར་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དུས་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་རབ་ཏུ་སྦྱོར་བ་ནི་ངེས་པའོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་རིགས་ཀྱི་ཚོགས་དགང་བ་ལ་ལྟ་བས་མཐོང་བས་སོ། །གནས་ལྔ་ཞེས་བྱ་བ་ནི་
རིགས་ཀྱི་རིག་མའི་མགོ་དང་སྙིང་ག་དང་ལྟེ་བ་དང་པདྨ་དང་རྐང་པ་རྣམས་སུའོ། །ཡེ་ཤེས་རྡོ་རྗེའི་ཡི་གེ་ཨོཾ། །ཞེས་བྱ་བ་ལ་ཡེ་ཤེས་རྡོ་རྗེ་ནི་ཧཱུཾ་གིས་སྦྱངས་པའི་རྡོ་རྗེའོ། །ཨོཾ་ནི་རབ་སྔགས་ཏེ་དེས་སྦྱངས་པའོ། །བསྒོམས་ནས་ཞེས་པ་ནི་པདྨར་གཞུག་པའོ། །སྡོམ་པ་གཞུག་པར་བྱ་ཞེས་བྱ་བ་ལ་
སྡོམ་པ་ནི་བདེ་བའི་མཆོག་སྟེ། བདེ་བ་ཆེན་པོ་སྤྲོ་བར་བསྒོམ་པའོ། །དེ་གཞུག་པ་ནི་རབ་ཏུ་གཞུག་པ་སྟེ་དེ་ལས་གཞན་མི་དམིགས་པའོ། །དེར་ཅིར་འགྱུར་ཞེ་ན། ཞག་བདུན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་བདེ་བ་ཆེན་པོའོ། །དེའི་དམ་ཚིག་ནི་སྤྲོ་བའོ། །དངོས་གྲུབ་ནི་དེ་ལས་སྐྱེས་
པའི་མཆོག་གི་དངོས་གྲུབ་བོ། །མྱུར་བ་ནི་མགྱོགས་པར་ཐོབ་པར་འགྱུར་བའོ། །ཞག་གྲངས་བྱེ་བྲག་ནི་ཞག་བདུན་ནམ་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུའོ། །རབ་ཏུ་བསྐུལ་བ་ནི་བསྐྱོད་པར་བྱ་བའོ། །རྒྱས་པར་བཤད་ཅེས་བྱ་བ་ནི་མཆོག་གི་དངོས་གྲུབ་ཀྱིའོ། །དམན་པའི་དངོས་གྲུབ་ཀྱི་ཇི་སྙེད་
ཅིག་ཅེ་ན། གསང་བ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བ་མཆོག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་སེམས་སོ། །དེ་ལས་བྱུང་བ་ནི་དམན་པའི་དངོས་གྲུབ་ཅེས་བྱ་བའི་དོན་ཏེ། ཟླ་བ་ཕྱེད་ཀྱིས་གྲུབ་པར་གསུངས། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་
རྣམས་ཀྱི་ཟླ་བ་ཕྱེད་ཀྱིས་གདོན་མི་ཟ་ཞེས་གསུངས་པའོ། །དམན་པའི་དངོས་གྲུབ་ཀྱི་སྒྲུབ་པ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་དམན་པའི་དངོས་གྲུབ་ཀྱི་རྒྱུ་མཚན་ལའོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚིགས་བཅད་གཉིས་སོ། །ཉེ་བར་སྒྲུབ་པ་
ཞེས་བྱ་བ་ནི་སྐུ་རྡོ་རྗེར་བྱིན་གྱིས་བརླབས་པའོ། །སྒྲུབ་པ་ནི་གསུང་རྡོ་རྗེར་རོ། །སྒྲུབ་པ་ཆེན་པོ་ནི་ཐུགས་རྡོ་རྗེར་རོ། །དེ་དག་གི་སྡོམ་པ་ནི་ཀུན་དུ་གསོལ་བ་གདབ་པ་སྟེ་དེའི་ཡུལ་བརྗོད་པར་བྱ་བ་འདི་ལ་ཡོད་པས་དེ་སྐད་ཅེས་བྱའོ། །དེ་དག་གིས་ནི་ཉིན་རེ་ཞིང་དུས་ཚིགས་རྣམས་སུ་རྡོ་རྗེ་རྣམ་པ་བཞིས་
เล่ม ๔๐ · หน้า 305a
རང་གི་སྦྱར་བ་ལ་གནས་ཏེ། རྡོ་རྗེ་གཅིག་གི་དངོས་གྲུབ་ལ་ནི་ཅི་རིགས་པར་ཚིགས་སུ་བཅད་པ་གཉིས་སྡོམ་པར་བྱ་ལ། རྡོ་རྗེ་གསུམ་གྱི་དངོས་གྲུབ་ལ་ཚིགས་སུ་བཅད་པ་གཉིས་པ་གསུམ་གྱིས་སྡོམ་པ་གསུམ་བྱས་ལ་ལས་རྣམས་བྱས་ན་ཟླ་བ་ཕྱེད་ཀྱི་ནང་རོལ་
དུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་འཛིན་པས་ན། སངས་རྒྱས་སྐུ་འཛིན་ཏེ་སྐུ་རྡོ་རྗེའོ། །དཔལ་དང་ལྡན་པ་ནི་རིགས་དང་སྦྱོར་བའོ། །རྡོ་རྗེ་གསུམ་པོ་མི་ཕྱེད་དངོས། །ཞེས་བྱ་བ་ནི་ཐུན་མོང་ཉིད་དུ་གྲུབ་པ་འདི་ཡིན་པས་དེ་སྐད་ཅེས་བྱའོ། །བྱིན་གྱིས་
བརླབ་པ་ཉིད་གནས་ཏེ་ཕུན་སུམ་ཚོགས་པའོ། །སྐུའི་རྡོ་རྗེ་ཞེས་བྱ་བ་ནི་བདག་གི་སྐུ་རྡོ་རྗེའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཞེས་བྱ་བ་ནི་གང་རྣམས་ཀྱི་སྐུ་རྡོ་རྗེ་འཛིན་པའི་སྐུ་འཛིན་པ་རྣམས་ཏེ། སྐུ་རྡོ་རྗེ་འཇུག་པ་ན་དེ་རྣམས་ཀྱིས་ཀྱང་འཇུག་པ་རྣམས་སོ། །དེའི་ཞེས་བྱ་བ་ནི་སྒྲུབ་པའོ། །རྡོ་རྗེའི་
གསང་བ་དེའིའོ། །སྐུའི་མཚན་ཞེས་བྱ་བ་ནི་སྐུས་ཉེ་བར་མཚན་པ་སྟེ་ཉིད་ཀྱི་སྐུ་རྡོ་རྗེ་དང་བཅས་པའི་སྐུ་ཡང་ཞུགས་པའོ། །འདིར་ཚིགས་སུ་བཅད་པ་གཉིས་ནི་སྡོམ་པ་ཡིན་ལ། ཚིགས་སུ་བཅད་པ་གསུམ་པ་ནི་དེའི་འབྲས་བུ་ཡིན་པར་བཤད་དོ། །འདིའི་རྗེས་སུ་འབྲངས་ནས་ཚིགས་སུ་བཅད་པ་
གསུམ་པོ་གཞན་དག་ཀྱང་སྦྱར་བར་བྱའོ། །ཆོས་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །གསུང་ལམ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་གནས་སོ། །གསུང་ལམ་ལས་བྱུང་བ་ཞེས་བྱ་བ་ནི་རང་གི་གསུང་གི་རྡོ་རྗེ་དང་རང་གི་གསུང་རྣམས་ཀྱིས་འཇུག་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཐུགས་ནི་རྡོ་རྗེའི་ཐུགས་ཏེ་དེ་འཛིན་པའི་ཕྱིར་རྡོ་རྗེའི་ཐུགས་འཛིན་པའི་ཐུགས་རྡོ་རྗེའོ། །ལམ་གསུམ་ལས་བྱུང་ཅན་ཞེས་བྱ་བ་ནི་རང་གི་ཐུགས་རྡོ་རྗེའི་ལམ་གསུམ་དང་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་ལམ་གསུམ་ལས་བྱུང་ཞིང་འཇུག་པ་གང་ལ་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །ངེས་པར་བྱིན་
གྱིས་བརླབ་པར་མཛད་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རྨོངས་བདག་ཅེས་བྱ་བ་ནི་དགོངས་པར་མི་མཛད་པའི་ཕྱིར་རོ། །ཚལ་བར་འགས་པ་ཞེས་བྱ་བ་ནི་ཇི་ལྟར་དེ་དག་ལ་ཚལ་བར་འགས་པ་མི་སྲིད་པ་དེ་བཞིན་དུ་ཤིན་ཏུ་འདའ་བ་ཡང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་གསུམ་
เล่ม ๔๐ · หน้า 305b
གྱིས་བྱིན་གྱིས་བརླབས་པ་ཡོད་ན་ཡང་། རྡོ་རྗེ་གཅིག་ཉིད་ཀྱི་མཉམ་པ་ཉིད་དུ་འགྲུབ་ཅིང་ཅིག་ཤོས་དག་ལ་ནི་ཆ་ཡིས་ཡིན་ཏེ། རྡོ་རྗེ་དམ་ཚིག་རྣམས་ནི་འབྲས་བུ་དང་བཅས་པ་ཉིད་ཀྱི་ཕྱིར་གསུམ་པོ་མཉམ་པ་ཉིད་དུ་གྲུབ་པས་ན་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཉིད་དུ་འགྱུར་རོ། །རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ལ་
སོགས་པ་ལ་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་འདེབས་པ་ནི་སྦྱོར་བ་སྟེ་རྡོ་རྗེ་སྦྱོར་བའོ། །དེའི་དམ་ཚིག་རྣམས་ནི་དམན་པའི་དངོས་གྲུབ་ཀྱིས་ལྷག་པར་མོས་པའོ། །དེ་དང་གྲུབ་པའི་མཆོག་ནི་དངོས་གྲུབ་མཆོག་གི་སྒྲུབ་པ་སྟེ་རྡོ་རྗེ་སྦྱོར་བའི་དམ་ཚིག་
དངོས་གྲུབ་མཆོག་གོ། །དེ་བསྟན་པ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་སོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཅུ་གཉིས་པའོ།། །།ལེའུ་འདིའི་དོན་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལ་མངོན་པར་རྟོགས་པ་ཆ་གཉིས་ཏེ་རྡོ་རྗེ་བཟླས་པ་དང་རིག་པའི་སྐྱེས་བུ་བསྒོམ་པའོ། །
ལྷག་མ་རྣམས་ནི་ཞར་ལས་འོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་གདོན་པར་མི་བྱ་སྟེ། ཚིགས་བཅད་ལས་ལྷག་པ་ཡིན་པས་སོ། །ཡེ་ཤེས་ནི་སྣ་ཚོགས་པའོ། །རྡོ་རྗེ་ནི་སྐུ་ལ་སོགས་པའི་རྡོ་རྗེའོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་ཏེ་ཡང་དང་ཡང་དུ་སྤྲོས་པའོ། །
དེ་འཛིན་པ་ནི་ཡང་དང་ཡང་དུ་སྡུད་པའི་ཕྱིར་ཏེ། དེ་ལྟར་ན་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །བློ་ལྡན་ནི་ཡེ་ཤེས་ཕུལ་དུ་བྱུང་བ་དེ་ཉིད་རྡོ་རྗེ་བཟླས་པ་དང་ལྡན་པའོ། །སེམས་ཅན་ཀུན་དོན་ཕན་པའོ། །དེའི་ཆེད་དུ་ཡང་དག་པར་བྱུང་བ་ནི་ཚོགས་པ་སྟེ། འདུས་པ་མཛད་པ་ཞེས་བྱ་བའི་དོན་ཏོ། །སྟོན་པ་ནི་སྟོན་པ་པོ་སྟེ།
ཡང་དག་པ་ཐམས་ཅད་སྟོན་པའི་མཐུ་དང་ལྡན་པས་ནི་སྟོན་ཆེན་ནོ། །ཐམས་ཅད་ཡང་དག་པར་ནན་ཏན་དུ་བྱེད་པའི་རྟེན་ཉིད་ཡིན་པའི་ཕྱིར་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་ན་ཐུབ་པ་དང་ཀུན་དོན་ནོ། །རྡོ་རྗེ་འཆང་ནི་རྡོ་རྗེ་འཆང་ངོ་། །དམ་ཚིག་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དེའི་དེ་ཉིད་ནི་རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་དོ། །དེ་
མཁྱེན་པར་མཛད་པ་དེ་ལྟར་ན་དམ་ཚིག་དེ་ཉིད་མཁྱེན་པའོ། །དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་བཏུད་པས་སོ། །མཆོད་དེ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་སྤྲིན་གྱིས་སོ། །སྒྲ་གཅིག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་དེ་ཡིན་ལ་ཞལ་གྱི་སྒོ་རེ་རེ་ནས་གསུངས་པའི་ཕྱིར་གསུང་ཡང་ཡིན་པ་དེ་ལྟར་ན་རྡོ་རྗེ་དབྱངས་
เล่ม ๔๐ · หน้า 306a
སོ། །དེ་ཡང་འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་དྲུག་གོ། །དེ་གསུངས་པ་ནི་བཀའ་སྩལ་པའོ། །དེ་ལ་དང་པོས་བཟླས་པ་ཉིད་ཀྱི་བསྟོད་པ་ནི་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མ་ཞེས་བྱ་བ་ནི་ངོ་མཚར་རོ། །ཚུལ་དང་རིགས་པ་དང་ཡོངས་སུ་ཤེས་པ་ནི་རྣམ་གྲངས་ཡིན་ནོ། །
སངས་རྒྱས་ཚུལ་རེ་བཟང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུའོ། །དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་ལ། དེ་ཉིད་ནི་བཟང་བ་ཡིན་ཏེ་ནམ་མཁའ་དང་མཉམ་པའི་ཕྱིར་རོ། །ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ལ་དེ་ཉིད་ནི་སངས་རྒྱས་ཡིན་ཞིང་དེ་ནི་སྔགས་ཡིན་ཏེ། དེ་རྣམས་བཟང་བ་ཉིད་དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཉིད་དུ་ཡོངས་སུ་ཤེས་ན་ནི་སངས་རྒྱས་ཚུལ་རེ་བཟང་སྟེ། དེ་ཡང་ཡེ་ཤེས་རྡོ་རྗེ་ལས་རྩ་བའི་སྔགས་ཀྱིས་དེ་རྣམས་སྤྲོས་
པའི་ཕྱིར་རོ། །བྱང་ཆུབ་ཚུལ་གྱི་མཆོག་ཅེས་བྱ་བ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་བྱང་ཆུབ་དེ་ཉིད་ནི་མཆོག་སྟེ་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་རང་བཞིན་ཉིད་དུ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་ཀྱི་ཚུལ་གྱི་མཆོག་སྟེ། དེ་ཡང་རྩ་བའི་སྔགས་ཀྱིས་ཡེ་ཤེས་རྡོ་རྗེ་ཉིད་ལས་སྤྲོས་པའི་ཡེ་ཤེས་རྡོ་རྗེ་རྣམས་
དང་དེ་རྣམས་རོ་གཅིག་པར་བྱེད་པའི་ཕྱིར་རོ། །ཆོས་ཀྱི་ཚུལ་རེ་ཞི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་དེ་རྣམས་ཉིད་ཞི་བ་ཉིད་དེ་གཟུང་བར་བྱ་བའི་ངོ་བོ་ཉིད་རང་གི་ཤེས་པ་ཙམ་ཉིད་དུ་ཡོངས་སུ་ཤེས་པ་ནི་ཞི་བའི་ཆོས་ཀྱི་ཚུལ་ཏེ་དེ་ཡང་ཡེ་ཤེས་ཀྱི་སྙིང་པོས་དེ་རྣམས་དབྱེ་བ་གསུམ་པོ་སྡུད་པའི་ཕྱིར་རོ། །
སྔགས་ཀྱི་ཚུལ་རེ་བརྟན་ཞེས་བྱ་བ་ནི་སྔགས་དེ་རྣམས་ཉིད་དེ། བརྟན་པ་ནི་སྙིང་པོ་ཉིད་དེ་དེ་དག་གི་ཤེས་པ་ཡང་ཡོད་པ་མ་ཡིན་ཏེ། གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་གཉིས་ཀྱིས་སྟོང་པའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སྔགས་ཀྱི་ཚུལ་དུ་བརྟན་པ་སྟེ། དེ་ཡང་
བྱང་ཆུབ་བདག་མེད་པའི་སྔགས་ཀྱིས་དེ་རྣམས་དེ་བཞིན་དུ་ངེས་པའི་ཕྱིར་རོ། །རྡོ་རྗེ་བཟླས་པ་ནི་རྣམ་པ་གཉིས་ཏེ་གཅིག་ལས་སྤྲོས་པ་དང་ཀུན་ལས་སྤྲོས་པའོ། །དེ་ལྟར་དང་པོ་ལ་ཚིགས་སུ་བཅད་པས་བསྟོད་ནས་གཉིས་པ་ལ་བསྟོད་པའི་ཕྱིར། མ་སྐྱེས་པའི་ཆོས་རྣམས་ནི་ཞེས་བྱ་བ་ལ་
เล่ม ๔๐ · หน้า 306b
སོགས་པ་གསུངས་ཏེ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་མཛད་པའི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དེ་དག་ཉིད་ནི་སངས་རྒྱས་རྣམས་ཀྱི་ཆོས་ཁོ་ན་ཡིན་པས་ན་ཆོས་རྣམས་ནིའོ། །དེ་རྣམས་ལས་ཡེ་ཤེས་འབྱུང་བ་ནི་ངེས་པ་བསྐྱེད་པའོ། །རབ་ཏུ་བཤད་པ་ནི་སངས་རྒྱས་ཐམས་ཅད་
ཀྱིས་རབ་ཏུ་བསྔགས་པའོ། །ཇི་ལྟ་བུ་ལས་ཤེ་ན། མ་སྐྱེས་པ་ལས་ཏེ་ཆོས་ཀྱི་སྐུའི་དཀྱིལ་འཁོར་ལ་བཞུགས་པའི་སྐུ་གསུམ་པོ་ཉིད་འདི་ལྟར་ཁྱབ་པར་བྱེད་པར་སྣང་གི་སྔ་ན་མེད་པ་འབྱུང་བ་ནི་མ་ཡིན་ནོ། །དེ་ཡང་རྩ་བའི་སྔགས་ཀྱིས་དབྱེ་བ་གསུམ་ལས་རང་རང་གི་རིགས་སྤྲོ་བ་ཉིད་དོ། །ཇི་ལྟ་བུ་ལས་
ཤེ་ན། ངོ་བོ་ཉིད་ཀྱི་ཁྱད་པར་ཅན་ལས་ཏེ་ཁྱད་པར་ནི་མཆོག་གི་ཚུལ་བདག་མེད་པའོ། །དེ་ཉིད་ཀྱི་དངོས་པོ་ནི་ངོ་བོ་ཉིད་དེ་རང་བཞིན་འདི་དག་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་རྣམས་ལས་ཡེ་ཤེས་འབྱུང་བ་དེ་ཡང་ཞེ་སྡང་གི་སྔགས་ཀྱིས་ཡེ་ཤེས་རྡོ་རྗེ་ཉིད་ལས་སྤྲོས་པའི་ཡེ་ཤེས་རྡོ་རྗེ་རྣམས་དང་དེ་
རྣམས་རོ་གཅིག་ཏུ་བྱེད་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ལས་ཤེ་ན། རྣམ་པར་མི་རྟོག་པ་ལས་དེ་རྣམ་པར་བརྟག་པར་བྱ་བ་ཡིན་པས་ན་རྣམ་པར་རྟོག་པ་སྟེ། གཟུང་བའི་ངོ་བོ་ཉིད་དོ། །དེ་མེད་པས་ན་རྣམ་པར་མི་རྟོག་པ་ལས་ཏེ་འདི་ནི་ངའི་སེམས་ཙམ་ཡིན་ནོ་ཞེས་བྱའོ། །དེ་ཡང་གཏི་མུག་གི་སྔགས་
ཀྱིས་ཡེ་ཤེས་རྡོ་རྗེ་དེ་རྣམས་བསྡུས་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ལས་ཤེ་ན། ཡང་དག་ལས་ཞེས་བྱ་བ་གཉིས་ཀྱིས་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་རང་བཞིན་ལས་ཏེ་དེ་དག་ནི་ཤེས་པ་ཡང་མ་ཡིན་ཏེ་གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་རོ། །དེ་ཡང་དེ་བཞིན་དུ་བསྡུས་པ་
དེ་རྣམས་འདོད་ཆགས་ཀྱི་སྔགས་ཀྱིས་དེ་བཞིན་དུ་ངེས་པའི་ཕྱིར་རོ། །དེ་ལྟར་རྡོ་རྗེ་བཟླས་པ་ལ་བསྟོད་ནས་དེ་ཉན་པར་འདོད་པའི་གདུལ་བྱ་རྣམས་ལ་དེ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་བཞི་ནི་ཡིད་འོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིས་
དགའ་ཞིང་དོན་དམ་པ་ཡང་དག་པར་ཤེས་པས་ན་ཡིད་འོང་ངོ་། །གཏི་མུག་དང་འདོད་ཆགས་དང་རྩ་བ་དང་ཞེ་སྡང་གི་སྔགས་ནི་སྔགས་རྣམས་ཀུན་ནོ། །དེ་རྣམས་བསྡུས་པ་ནི་གང་ལས་བར་མ་ཆད་པར་བརྗོད་པ་ཡོད་པའོ། །གང་ལ་ཡེ་ཤེས་ཆེ་སྟེ་ཡོངས་སུ་ཤེས་པ་བཞི་ཡོད་པའོ། །སྐུ་གསུམ་ནི་དབྱེ་
เล่ม ๔๐ · หน้า 307a
བ་གསུམ་སྟེ། ཡེ་ཤེས་རྡོ་རྗེ་མི་ཕྱེད་པའི་དཀྱིལ་འཁོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་རྣམས་ཀྱིས་སམ་རྡོ་རྗེ་རྣམས་ཀྱི་སྤྲོ་བ་དང་བསྡུ་བ་ནི་རྡོ་རྗེ་བཟླས་པའོ། །རྡོ་རྗེ་བཟླས་པའི་བསྐལ་པའི་འབྲས་བུ་ནི་སངས་རྒྱས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་པོ་མི་ཕྱེད་པའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་ནི་རང་གི་ཡེ་ཤེས་རྡོ་རྗེའོ། །དེ་བསྒོམ་པ་ནི་ཡང་དག་པར་ཤེས་པ་སྟེ། རྡོ་རྗེ་བཟླས་པ་ཞེས་བྱ་བའི་དོན་ཏོ། །ཉེ་བའི་འབྲས་བུ་ནི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྡོ་རྗེ་རྣམས་
གཅིག་ཏུ་སྦྱོར་བ་ནི་རྡོ་རྗེའི་སྦྱོར་བའོ། །གལ་ཏེ་གཅིག་ལས་སྤྲོས་པ་ནི་གསུམ་ལ་སྡུད་པའི་ཕྱིར་ཇི་ལྟར་རྡོ་རྗེ་གཅིག་ལ་སྦྱོར་བ་ཡིན་ཞེ་ན། དེ་ཉིད་ལས་སྤྲོས་པའི་ཕྱིར་དང་དེ་ཉིད་ཀྱིས་རོ་གཅིག་པར་བྱེད་པའི་ཕྱིར་དང་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་ལས་སྡུད་པའི་ཕྱིར་རོ། །འདི་ནི་རེ་ཞིག་ལྷ་ཐམས་ཅད་ཀྱི་ཐུན་མོང་
གི་སྔགས་བཞིའི་དོན་གྱི་བཟླས་པ་བསྟན་པའི་ཕྱིར་གསོལ་བ་འདེབས་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་སྔགས་ཀྱིས་དོན་གྱི་བཟླས་པ་ནི་གསང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ནི་དེ་ཁོ་ན་ཉིད་ལྔ་སྟེ་སངས་རྒྱས་རྣམས་སོ། །གསང་སྔགས་ནི་ཁྲོ་བོའི་ཉམས་ལ་སོགས་པའོ། །
དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ཅན་ནི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཡང་དག་པར་ཤེས་པའོ། །གསུངས་ཞེས་བྱ་བ་ནི་སྟོན་ཅིག་པའོ། །ཡེ་ཤེས་རྒྱ་མཚོ་ནི་ཡེ་ཤེས་ཀྱི་ཕུང་པོ་སྟེ་འདིས་ནི་འཁོར་སྣོད་དུ་རུང་བ་གསུངས་པ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་
པའི་རྡོ་རྗེ་བཟླས་པའི་བགྲོད་པ་གཅིག་པ་ཉིད་གསུངས་པ་ཡིན་ནོ། །རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་སྔགས་དང་སྔགས་རྣམས་ཀྱིས་སོ། །རབ་བསྒོམས་པས་ནི་ཡང་དག་པར་ཤེས་པ་སྟེ་ཐུན་མོང་མ་ཡིན་པའི་བཟླས་པ་དེ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཡེ་
ཤེས་ནི་བླ་ན་མེད་པའི་བྱང་ཆུབ་སྟེ་མཉམ་པ་མེད་པ་དེ་ཐོབ་པར་གྱུར་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །ཅིའི་ཕྱིར་སྟོན་པ་ཡིན་ཞེ་ན། འདི་ལྟར། ནམ་མཁའི་རྡོ་རྗེའི་ཡེ་ཤེས་འབྱུང་། །ནམ་མཁའ་དང་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་འཁོར་ལོའོ། །
เล่ม ๔๐ · หน้า 307b
དེའི་ཡེ་ཤེས་ནི་སྔགས་བཞིའི་ཚུལ་དུའོ། །དེ་འབྱུང་བ་ནི་རྩ་བའི་རྒྱུའོ། །དེ་ཉིད་ནི་བྱེད་པ་པོ་ཡིན་ཞིང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐྱེད་པ་པོ་ཡིན་ཏེ། དེ་ལས་རིགས་ཀྱི་ཚོགས་སྤྲོས་པའི་ཕྱིར་རོ། །དམ་པའི་མཆོག་གི་གཙོ་བོ་མཛད་པའི་ཕྱིར་དམ་པའི་མཆོག་གི་གཙོ་བོའོ། །དམ་པ་མཆོག་
ནི་རིགས་ཀྱི་ཚོགས་ཡིན་ལ་དེ་རྣམས་ཀྱི་གཙོ་བོ་ནི་མཆོག་ཏུ་ཕྱེད་པ་སྟེ། ཡེ་ཤེས་མཆོག་གི་དཀྱིལ་འཁོར་ལ་སྡུད་པར་མཛད་པའི་ཕྱིར་རོ། །དེ་ལ་དང་པོར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསུངས་པ་སྔགས་ཀྱི་དོན་ཀུན་ཞེས་བྱ་སྟེ། ཡེ་ཤེས་བཞི་ཡོངས་སུ་ཤེས་པའི་དེ་ཁོ་ན་ཉིད་ཀྱི་བཟླས་པ་སྟེ།
ཡང་དང་ཡང་བཟླས་པར་བྱ་བ་ལ་བཀོད་པ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་རྣམ་པར་བཀོད་པ་ནི་བཀོད་པའོ། །ཇི་ལྟར་བཀོད་ཅེ་ན། །རྡོ་རྗེ་དབྱེ་བ་གསུམ་ནི་མཐར་ཇི་ལྟར་འགྱུར་བ་སྟེ། དབྱེ་བ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་ཡེ་ཤེས་རྡོ་རྗེའི་མཐར་
ཐུག་པའི་ལོགས་གསུམ་གང་ཡིན་པའི་བཀོད་པ་ལ་དེ་སྐད་ཅེས་བྱའོ། །བཀོད་པ་འདི་ཉིད་ལ་བརྗོད་གསུམ། །ཞེས་བྱ་བ་སྟེ། གསུམ་དང་རྡོ་རྗེ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུམ་མི་ཕྱེད་མཚན་ཉིད་དེ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ལ་
སོ་སོར་རྟོག་པའོ། །ཁ་ཅིག་ན་རེ་སྐུ་རྡོ་རྗེ་ལ་སོགས་པས་སྤྱི་བོ་དང་ལྐོག་མ་ལ་སོགས་པར་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ཉིད་རྡོ་རྗེ་གསུམ་འདི་ཡིན་མོད་ཅེས་ཟེར་མོད་ཀྱི་དེ་ནི་བདེན་པ་མ་ཡིན་ཏེ། ཤེས་ཟིན་པ་དེ་ཚིག་འདི་ལ་རྩོལ་བ་མི་རུང་བའི་ཕྱིར་དང་། རྡོ་རྗེའི་དབྱེ་བ་གསུམ་གྱི་མཐར་གྱི་སྒྲ་ནི་དེའི་རྗོད་
པར་བྱེད་པ་མ་ཡིན་པའི་ཕྱིར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐུགས་ཀ་ལས་གཞན་མི་རུང་བའི་ཕྱིར་དང་། མཉམ་པར་གཞག་པ་རྣམས་ལ་སྤྲོ་བ་དང་བསྡུ་བ་ཅིག་ཅར་མི་ནུས་པའི་ཕྱིར་དང་། དཀྱིལ་འཁོར་ཀུན་གྱི་ལོགས་རྣམས་ལ། ཞེས་ལོགས་སྨོས་པའི་ཕྱིར་དང་། ལོངས་སྤྱོད་ཀྱི་དཀྱིལ་
འཁོར་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དག་ཀྱང་བཅོ་བརྒྱད་པ་ལས་རྡོ་རྗེ་འཆང་བ་གང་ཡིན་པའི་རིག་པ་ཡོད་པའི་སྦྱོར་བ་དང་། བདག་བྱིན་རླབས་སོགས་དེ་བཞིན་ཏེ། །དེ་ཡི་ལོངས་སྤྱོད་བཞིར་ཞེས་བྱ། །ཞེས་ཐ་དད་པར་གསུངས་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་པས་ཆོག་གོ་ཞེས་བྱ་བ་ནི་དེ་སྐད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด