དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་རཱ་ཛཱ་ཊཱི་ཀ་ཙནྡྲ་པྲ་བྷཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๑ · หน้า 147a

བྱའོ། །དེ་ནས་ཞེ་སྡང་རྡོ་རྗེ་མཆོག་ཏུ་བདེ་བ་ལ་ཞུགས་པ་མཐོང་ནས་ནི། བདེ་བའི་རོ་དང་བྲལ་བས་མཱ་མ་ཀཱི་སོགས་ཡིད་འོང་ཞིང་། །འདོད་པའི་བདེ་བ་རྣམས་ཀྱིས་སྒྲ་སྙན་དང་ལྡན་པའི། །ཀླུ་རྣམས་སྙན་པ་ཡིད་འོང་དག་གིས་བསྐུལ་བར་བསམ་བྱས་ཏེ། །

རྡོ་རྗེ་ཐུགས་ཁྱོད་སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་སྟེ། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །

རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་སྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །

ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་ཤིན་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་

མཆོག་གི་ཕན་ཡོན་ཆེ། །ཡང་དག་རྫོགས་པ་སངས་རྒྱས་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ལ་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་ལྷ་མོ་རྣམས་ཀྱིས་ཡང་དག་

པར་སྐུལ་བར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་གསུང་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །

རང་བཞིན་གྱིས་ནི་འོད་གསལ་ཆོས། །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་བྲལ། །དངོས་ཉིད་དག་པ་དྲི་མ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་

เล่ม ๔๑ · หน้า 147b

ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་བྱ་བས་བསྟོད་པར་གྱུར་ཏོ། །དེ་ནས་ཡང་དག་པར་བཞེངས་ནས་དེ་བཞིན་གཤེགས་

པ་ལ་སོགས་པ་ཐམས་ཅད་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དཀྱིལ་འཁོར་རྣམས་ཕུང་པོ་ལ་སོགས་པ་རྣམས་ལ་བཅུག་ནས། ཐམས་ཅད་ཀྱང་ཡི་གེ་གསུམ་དུ་བསྡུས་ལ། དེ་རྣམས་ཀྱང་ནམ་མཁའ་དང་མཚུངས་པར་དམིགས་ནས་ཉེ་

བར་བསྡུ་བར་བྱའོ། །དེ་ལྟར་བསྒོམ་པ་ན་གང་གི་ཚེ་སྐྱོ་བར་གྱུར་པ་དེའི་ཚེ། རང་གི་ལྷ་ཚིམ་པར་བྱ་བའི་དོན་དུ་མགོ་ལས་མཐོ་གང་ཙམ་གྱི་སྟེང་དུ་དམ་ཚིག་ལྔའི་དཀྱིལ་འཁོར་བསམས་ལ། དེའི་དབུས་ན་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་དམར་པོས་ཞུ་བར་གྱུར་ནས། ཟླ་བ་ལྟར་

བསིལ་བའི་རྒྱུན་རྐན་གྱི་ཕྱོགས་སུ་བབས་པས་རྩ་རྣམས་ཀྱི་སྦུབས་ཁྱབ་པའི་སྒོ་ནས་ལུས་ཐམས་ཅད་ཚིམ་པར་བསམ་པར་བྱའོ། །རྣལ་འབྱོར་པ་འགའ་ཞིག་གང་གི་ཚེ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་བྱུང་བ་དེའི་ཚེ། ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་

དང་ལྡན་པས་ཡི་གེ་ཨོཾ་ལས་བྱུང་བའི་རང་གི་ལྕེ་འོད་ཟེར་སྣ་ཚོགས་ཀྱི་ཕྲེང་བ་དང་ལྡན་པ་བསམས་ལ། རང་གི་མཆུ་ལ་རེག་པར་ཡི་གེ་བཾ་ལས་བྱུང་བའི་བུམ་པ་བཟང་པོ་སེར་པོ་ཟླ་བ་ཕྱེད་པ་དང་ཐིག་ལེར་བཅས་པའི་ཨོཾ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུས་རྣམ་པར་བརྒྱན་པ་བལྟས་ཏེ། དེ་

ནས་ལྕེའི་འོད་ཟེར་གྱིས་བཀུག་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཡིད་ཆེས་པ་བརྟེན་ཞིང་སྡོམ་པ་ལ་གནས་པ། ལྷའི་ང་རྒྱལ་གྱིས་བྱ་བ་མ་ལུས་པ་བསྒྲུབ་པ་ལྷུར་ལེན་ཅིང་ལྷ་

རྣམས་ཀྱིས་རྗེས་སུ་གནང་བ་བྱིན་པས་གང་གི་ཚེ་ཟླ་བ་དྲུག་དང་གཉིས་དང་ཕྱེད་དང་གཉིས་དང་གཅིག་དང་ཕྱེད་དང་ཞག་བདུན་པའི་བསྒྲུབ་པ་དྲུག་གིས་ལྷ་རྣམས་མ་གྲུབ་པ་དེའི་ཚེ་ཞག་བདུན་པའི་སྒྲུབ་པ་བརྩམ་པར་བྱ་སྟེ། ཧཱུྃ་གི་ས་བོན་ལས་བྱུང་བའི་གཞལ་ཡས་ཁང་གི་ནང་ན་གནས་པའི་

เล่ม ๔๑ · หน้า 148a

ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བའི་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་དང་ལྡན་པས། རང་གི་སྤུའི་བུ་གའི་གསེབ་ནས་ཕྱུང་བའི་ལྷ་མོའི་ཚོགས་ཀྱིས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་

པའི་ཡེ་ཤེས་ཀྱི་ལྷ་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དེ་རྣམས་ཉིད་ཀྱིས་སྙན་ཅིང་འཇམ་ལ་ཡིད་དུ་འོང་བའི་ཚིག་རྣམས་ཀྱིས་བསྐུལ་ནས་བཀུག་ལ་རང་གི་ལུས་ལ་བཅུག་སྟེ་དེ་དང་ལྷན་ཅིག་ཐ་མི་དད་པར་བདག་ཉིད་བསྒོམ་པར་བྱ་སྟེ་ཞག་

བདུན་ན་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་མ་གྲུབ་པ་དེའི་ཚེ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་བྱུང་བ་གནོད་མཛེས་རྒྱལ་པོ་དང་མཚུངས་ཤིང་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ལྕགས་ཀྱུ་

རང་གི་ཁ་ནས་ཕྱུང་སྟེ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་རཾ་ལས་བྱུང་བའི་ཤིང་རྟ་གསུམ་ལ་བཞག་ལ། འཇིག་པའི་དུས་ཀྱི་མེ་དང་ཉི་མ་ལྟ་བུ་རང་ལ་བཀའ་ནོད་པར་བསམས་ནས་མངག་པར་བྱའོ། །ཡང་དག་པར་སོང་ནས་རྡོ་རྗེ་ལྕགས་ཀྱུ་འབར་བས་དེའི་

ཐུགས་ཀར་བརྡབ་ཅིང་། རྡོ་རྗེ་ཆེན་པོ་ཆེ་གེ་མོ། །ཁྱོད་ཀྱི་སྒྲུབ་པ་ལ་གནས་ཤིང་། །ཁྱེད་ལ་རྟག་ཏུ་གུས་པ་ཉིད། །དམ་ཚིག་སྲུང་བ་ལྷུར་ལེན་ཞིང་། །དབང་དག་བསྐུར་ཞིང་རྗེས་གནང་ཐོབ། །དེ་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་ན་ཞག་བདུན་ན་འགྲུབ་པར་འགྱུར་རོ། །གལ་ཏེ་

དེ་ལྟ་ན་ཡང་དངོས་གྲུབ་མི་སྟེར་ན་དེའི་ཚེ་རིག་མའི་པདྨའི་ནང་དུ་ཡི་གེ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཉི་མ་བྱེ་བ་དང་མཚུངས་པ་རྣམ་པར་བསམས་ལ། དེའི་ཡང་སྟེང་གི་ཡི་གེ་ར་དང་། དེའི་སྟེང་གི་ཕཊ་ལས་བྱུང་བའི་གྲུ་གསུམ་འབར་

བ་བསྐལ་པའི་མེ་ལྟར་འབར་བ་ཡོངས་སུ་བསམས་ཏེ། རང་གི་རྡོ་རྗེ་སྔ་མ་བཞིན་དུ་རྡོ་རྗེ་འབར་བར་རྣམ་པར་བསམས་ནས། དེ་ཁོ་ན་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་མངགས་ཏེ། དེས་ཡེ་ཤེས་ཀྱི་ལྷ་སྙིང་ག་ནས་ཕུལ་ལ་བཀུག་སྟེ་བཅུག་ལ་ལྷ་མོའི་པདྨའི་ནང་དུ་མེའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །

เล่ม ๔๑ · หน้า 148b

དེ་ནས་སྲེག་པར་བྱེད་པའི་འོད་ཟེར་གྱི་ཚོགས་འཕྲོ་བའི་རྡོ་རྗེ་དེ་པདྨར་བཅུག་ལ་སྔར་བཤད་པའི་རིག་མའི་སྔགས་ཀྱི་ཕྲེང་བ་བཀོད་པ་དུས་མཐའི་མེའི་ཕྲེང་བ་ལྟར་དེའི་ལུས་ལ་བསམ་པར་བལྟ་བར་བྱའོ། །དེ་དག་ཐམས་ཅད་ཀྱིས་ཐལ་བ་ཉིད་དུ་བྱས་པར་བལྟས་ལ། དེའི་རྣམ་པར་ཤེས་པ་མར་མེ་

ལྟ་བུ་ཡི་གེ་ཧཱུྃ་གི་གཟུགས་ཅན་ཡོངས་སུ་གྱུར་པར་བྱས་ནས། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གཟུགས་སུ་རྣམ་པར་བསྒོམས་ནས། རང་གི་ལུས་ལ་ཡང་བཅུག་སྟེ། དེ་དང་ལྷན་ཅིག་ཐ་མི་དད་པར་བདག་ཉིད་བསྒོམས་ན་རང་གིས་བཤད་པའི་དམ་ཚིག་ལས་འདས་པའི་འཇིགས་པས་

ཞག་བདུན་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །རྣམ་པ་གསུམ་པོ་དེ་རྣམས་ཀྱིས་གོ་རིམས་བཞིན་དུ་བསྡུམ་པ་དང་དབྱེ་བ་དང་ཆད་པས་གཅད་པའི་རིམ་པར་ཤེས་པར་བྱ་སྟེ། དེ་ལྟ་བུ་ནི་སྒྲུབ་ཐབས་ཀྱི་རིམ་པའོ། །དེ་ལྟ་བུའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་ཞིང་འཁོར་ལོ་དང་

བཅས་པའི་བཅོམ་ལྡན་འདས་གཟིགས་ནས། བཙུན་མོའི་ཆོས་འབྱུང་ནས་བྱུང་སྟེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རབ་ཏུ་དགའ་བའི་ཡིད་དང་ལྡན་པ་རྣམས་ཀྱི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། ཨེ་མ་ཞེས་བྱ་བ་ནི་ངོ་མཚར་བའོ། །འོ་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་གྱི་

དོན་ཆེན་ནོ། །བྱང་ཆུབ་སེམས་ནི་རབ་འཇུག་པ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་དཀྱིལ་འཁོར་འཁོར་ལོའི་སྒོ་ནས་འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱེད་པའོ། །འདི་དེ་བཞིན་གཤེགས་པ་ཀུན་གྱི་ཡིན་པས་དེ་བཞིན་གཤེགས་པ་ཀུན་གྱིའོ། །བྱ་བ་ལ་སོགས་པའི་ཚུལ་ལ་བརྟེན་པ་རྣམས་ཀྱིས་མི་

ཤེས་པ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཐབས་ལས་འདས་པ་ཉིད་ཡིན་པའི་ཕྱིར་རབ་ཏུ་བརྟག་ཏུ་མེད་པའོ། །ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རྙོག་པ་མེད་པའོ། །ད་ནི་མ་འོངས་པ་རྣམས་ལ་གཟིགས་ནས་རྡོ་རྗེ་འཆང་ཆེན་པོའི་ཡན་ལག་གི་ཆ་ཤས་ཀྱི་བདག་ཉིད་ནུས་

པ་དང་མི་ལྡན་ཞིང་འཁྲུལ་པ་ཅན་གྱི་གདུལ་བྱ་རྣམས་དང་ཐ་མི་དད་པའི་རང་བཞིན་གྱི་སའི་སྙིང་པོ་ལ་སོགས་པ་རྣམས་ལ་སློབ་དཔོན་དང་སློབ་མའི་འབྲེལ་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཉིད་ཡིན་པའི་དེ་ཁོ་ན་ཉིད་ཡིན་ཞིང་། དེ་དག་

เล่ม ๔๑ · หน้า 149a

སྙོམས་པར་འཇུག་པའི་རང་བཞིན་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་དགའ་བ་རྒྱས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རིན་པོ་ཆེ་ཡིན་ལ། དེའི་སྤྲིན་དེ་ནམ་མཁའ་ཁྱབ་པའི་བཀོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་དེ་བཞིན་གཤེགས་

པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ནི་བདེ་བ་ཆེན་པོའོ། །དེ་ལས་བྱུང་བ་ནི་གསང་བ་ལས་བྱུང་འདུས་པའོ། །དེ་ཉིད་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་པས་ན་རྡོ་རྗེ་སྙིང་པོའོ། །མདོར་བསྡུས་ནས་བསྟན་པའི་ཕྱིར་བཏུས་པའོ། །

དེ་ཉིད་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་བཤད་ཅིང་གསལ་བར་མཛད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་སུ་སྟེ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་

ལེགས་སོ་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པ་སྟེ། ལེགས་སོ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རིགས་ངེས་པ་དང་ལྡན་པའི་སེམས་ཅན་རྣམས་

ཏེ། དུས་གསུམ་གྱི་དམ་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་ཁོ་ན་ཡིན་པར་རྗེས་སུ་ཤེས་པར་བྱ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཡིན་པས་སོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་ནི་འདི་རིགས་མ་ངེས་པ་

དང་རིགས་ཆད་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པར་སྤྲོ་བ་མེད་པར་སྟོན་ཏོ། །འདི་ནི་རིགས་ངེས་པ་རྣམས་ཀྱི་ཡང་ཡུལ་མ་ཡིན་ནོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་གསུང་དེ་ལྟ་བུ་ཐོས་ནས་ངོ་མཚར་དུ་གྱུར་ཅིང་། རིགས་མ་ངེས་པ་རྣམས་ཀྱི་ཡིན་པ་ལྟ་ཅི་སྨོས་ཞེས་བྱ་བས་ནི་རྨད་དུ་གྱུར་ཏོ།

དེ་ནས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་འཁོར་དུའོ། །

เล่ม ๔๑ · หน้า 149b

དེ་རྣམས་ནི་དེ་བཞིན་གཤེགས་པ་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་སྟེ། དམ་ཚིག་དང་སྡོམ་པ་ལ་སོགས་པ་སྟོན་པར་མི་སྤྲོ་བ་དེའི་ཕྱིར་བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབ་ཅིང་སྣོད་དུ་རུང་བ་ཉིད་དུ་མཛད་དེ་ཡང་དག་པར་བསྟན་དུ་གསོལ་ཞེས་བྱ་བར་སྦྱར་རོ། །གང་གི་ཞེ་ན། རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་རྣམས་ཀྱིས་ཏེ། དེ་ལ་རྡོ་རྗེ་དམ་ཚིག་ནི་དབང་པོ་གཉིས་ཡང་དག་པར་སྦྱོར་བའི་མཚན་ཉིད་དེ། དེ་ལས་

བྱུང་བའི་ཚིག་རྣམས་ནི་བྱང་ཆུབ་ཀྱི་སེམས་དབྱུང་བ་ལ་སོགས་པ་རྣམས་ཏེ་དེ་རྣམས་ཀྱིས་སོ། །དེས་ནི་འདི་སྐད་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཇི་སྐད་བཤད་པའི་ཚུལ་དེ་རྣམས་བཅུག་ལ། ཕྲེང་བ་དང་བུམ་པ་ལ་སོགས་པའི་དབང་རྣམས་དང་། གསང་བ་དང་ཤེས་རབ་ཡེ་

ཤེས་ཀྱི་དབང་དག་གིས་དབང་བསྐུར་ཏེ་བཞེངས་ནས་ལུང་བསྟན་པ་སྔོན་དུ་འགྲོ་བ་ཅན་གྱིས་བཤད་པ་མཛད་དུ་གསོལ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་ཐབས་དང་ཤེས་རབ་ལས་

བྱུང་བའི་མཆོག་ཏུ་དགའ་བའོ། །ཡིད་བདེ་བ་ནི་དེ་ལས་བྱུང་བའི་ལྷའི་ཁྱད་པར་ནམ་མཁའི་གཏོས་ཁྱབ་པ་རྣམས་ཀྱིས་འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱེད་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་བསྒོམ་པ་གོང་ནས་གོང་དུ་གོམས་པར་བྱས་པའི་སྟོབས་ཀྱིས། རྒྱུད་ལས་

གསུངས་པ་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱི་དངོས་གྲུབ་དག་ཐོབ་པར་བྱ་བའི་བར་གྱི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ནས་དེ་རྣམས་སྣོད་དུ་རུང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་དེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་

ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་རིགས་ཐམས་ཅད་བསྡུས་པར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་སྒྲོན་མ་ནི་མི་བསྐྱོད་པ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་

เล่ม ๔๑ · หน้า 150a

ཀྱི་ཡེ་ཤེས་ཀྱིས་རྣམ་པར་རྟོག་པའི་མུན་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཉིད་དང་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ལྟར་མི་ཤིགས་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བའི་

མིང་ཡོད་པ་དེ་ལ་སྙོམས་པར་ཞུགས་སོ། །ཤིན་ཏུ་དྲག་ཅིང་གཏུམ་པ་ལ། །ཞི་བར་ཕན་པར་མི་འགྱུར་ཏེ། །ཞེས་འབྱུང་བའི་ཕྱིར་དེ་ལྟ་བུར་གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཁྲོ་བོ་ནི་ཞེ་སྡང་སྟེ། སོ་གའི་དུས་ཀྱི་སྤྲིན་མེད་པའི་ཉིན་པར་

གྱི་ཉི་མ་ཕྱེད་ཀྱི་རྒྱ་མཚོ་ཆེན་པོའི་ཆུ་བཞིན་དུ་ཕྱི་རོལ་དྲོ་ཞིང་ནང་བསིལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་རིགས་ནི་ཁྲོ་བོ་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་པ་མཆོག་ཏུ་འབར་བ་སྟེ་འགྲོ་བ་མ་ལུས་པའི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་གྱི་མི་བསྐྱོད་པའི་གཟུགས་སྐྱེད་

པར་བྱེད་པ་ཡིན་པའི་ཕྱིར་རོ། །མཆོག་གི་སྙིང་པོའི་སྙིང་པོ་འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཕྱུང་ངོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཤད་པའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་མི་བསྐྱོད་པ་ཕྱུང་བའོ། །བཛྲ་དྷྲྀཀ་ཅེས་བྱ་བ་འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ཞེས་བྱ་

བ་ནི་འོག་གི་རྩེ་མོ་ལྔས་ཆོས་མ་ཡིན་པའི་རང་བཞིན་གྱི་མུན་པའི་རྣམ་པར་ཤེས་པ་ལྔའི་རྣམ་པར་རྟོག་པ་ལྔ་སྤངས་པ་དང་། སྟེང་དུ་བལྟས་པ་རྣམས་ཀྱིས་སྟོང་པ་ཉིད་ལ་སོགས་པའི་རྒྱུ་མཐུན་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ཁོང་དུ་ཆུད་པ་མཚོན་པར་བྱེད་པའོ། །རྡོ་རྗེ་འཛིན་

པར་བྱེད་པས་ན་བཛྲ་དྷྲྀཀ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་སྐད་དུ་ཡང་། ལྔ་ནི་ཡངས་པ་ལྔ་རིག་པ། །བཛྲ་ཞེས་ནི་མངོན་པར་བརྗོད། །འཛིན་པ་དྷྲྀཀ་ཅེས་བྱ་བར་བཤད། །རྣམ་ཤེས་བཛྲ་དྷྲྀཀ་ཏུ་འདོད། །ཅེས་གསུངས་སོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ནས་བཞུགས་

སོ་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་ནོ། །རིག་པའི་སྐྱེས་བུ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་དང་ལྡན་པ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཐ་དད་དངོས་སུ་དབྱེར་མེད་པའི། །རིག་དང་ལྷན་

เล่ม ๔๑ · หน้า 150b

ཅིག་སྦྱོར་བ་ཡི། །སྐྱེས་བུ་རིག་པའི་སྐྱེས་བུར་བརྗོད། །ཅེས་འབྱུང་བའི་ཕྱིར་རོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་ཞལ་ནག་པོ་ལ་སོགས་པའི་བདག་ཉིད་ཅན་ཏེ། དེར་སྦྱོར་བ་ནི་དབྱུང་བ་སྔོན་དུ་འགྲོ་བ་ཅན་གྱི་རང་ལ་གཞུག་པ་ཡིན་ཞིང་། དེས་ནག་པོའི་རྣམ་པར་གྱུར་པའི་ཕྱིར་སྒྲུབ་ཐབས་

ལས་བཤད་པའི་མཚན་ཉིད་ཅན་གྱི་ཞེ་སྡང་རྡོ་རྗེར་གྱུར་ཏོ་ཞེས་བསྟན་ཏོ། །དེ་བཞིན་དུ་ལེའུ་བཅོ་བརྒྱད་པས་བཅོམ་ལྡན་འདས་ཀྱིས་འབྱིན་པའི་སྔགས་ཐམས་ཅད་བཤད་པས་དེའི་ཕྱིར་བརྗོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པ་དང་རྗེས་སུ་མཐུན་པ་ཁོ་ནར་

སྦྱར་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །དེ་བཞིན་གཤེགས་པ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་སྟེ། མེ་ལོང་བཞིན་དུ་ལྷ་ཐམས་ཅད་ཀྱི་གཟུགས་འབྱུང་བའི་རྒྱུ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་འབྱུང་བས་ན་

དམ་ཚིག་འབྱུང་བ་སྟེ་རྣམ་པར་སྣང་མཛད་དོ། །དེ་ཉིད་མི་ཤིགས་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེའི་ང་རྒྱལ་དུ་སེམས་རྩེ་གཅིག་པ་ཉིད་དུ་མཛད་དེ་ཞེས་བྱ་བའི་དོན་ཏོ། །ལམ་རྨོངས་པ་དང་བཅས་པའི་སེམས་ཅན་གདུལ་བར་བྱ་བའི་དོན་དུ་ཞི་བའི་རོ་དང་ལྡན་པ་ནི་གཏི་མུག་སྟེ། དེའི་རིགས་ནི་ཞི་

བ་ལ་སོགས་པའི་གཟུགས་ཅན་ནོ། །མཆོག་གི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡོད་མེད་དབུས་ལས་འདས་གྱུར་ཅིང་། །འབྱུང་དང་འབྱུང་འགྱུར་ལས་བྱུང་བ། །སེམས་ཅན་དག་ནི་ཀུན་གྱི་ལུས། །རྒྱལ་བ་སྐྱེད་བྱེད་ཛི་ན་ཛིཀ །སྤྱན་སྔར་ཞེས་བྱ་བ་ནི་མདུན་དུ་སྟེ། བཅོམ་

ལྡན་འདས་ལ་གཟིགས་ཏེ་བཞུགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིན་པོ་ཆེ་ནི། ཐབས་དང་ཤེས་རབ་མཉམ་པ་ཉིད་དུ་རོ་གཅིག་པའི་བདེ་བ་ཆེན་པོ་སྟེ། དེ་ལས་འབྱུང་བས་ནི་རིན་པོ་

ཆེ་འབྱུང་བ་སྟེ་རིན་ཆེན་དཔལ་ལོ། །རྫས་ཐམས་ཅད་དག་པར་བྱེད་པའི་ཕྱིར་ཕུན་སུམ་ཚོགས་པ་མི་ཕྱེད་པ་རྡོ་རྗེ་དཔལ་ཏེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་ཉིད་ཀྱི་མིང་ཡོད་པ་དེ་ལ་སྙོམས་པར་ཞུགས་སོ། །དེ་བཞིན་དུ་ང་རྒྱལ་གྱིས་ཁེངས་པའི་སེམས་ཅན་རྣམས་འདུལ་བར་

เล่ม ๔๑ · หน้า 151a

མཛད་པའི་སྒོ་ནས་དོན་བྱ་བའི་ཕྱིར་འགྲོ་བ་མ་ལུས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་བདག་པོ་ང་རྒྱལ་གྱི་བ་དན་བསྒྲེང་བ་ན་གནས་པ་དང་མཚུངས་པ་ནི་ཡིད་བཞིན་གྱི་ནོར་བུ་སྟེ། དེའི་རིགས་ནི་ཡངས་

ཤིང་ཆེ་བའི་རང་བཞིན་ནོ། །རཏྣ་དྷྲྀཀ་ཅེས་བྱ་བ་ལ། དོན་རྣམས་ཀུན་ལས་བྱུང་བ་ཡི། །སེམས་ནི་རིན་ཆེན་ཞེས་བྱར་བཤད། །རིག་པས་རེག་བྱ་འཛིན་པ་ཡི། །རིག་པ་རཏྣ་དྷྲྀཀ་ཏུ་འདོད། །ལོག་ནས་བཅོམ་ལྡན་འདས་ཀྱི་ལྷོ་རུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་དེ་

ཁོ་ན་བཞིན་དུ་སྦྱར་རོ། །ཐབས་དང་ཤེས་རབ་ཐམས་ཅད་ཀྱི་ཕན་ཚུན་ཤིན་ཏུ་ཆགས་པ་རྣམ་པར་དག་པར་བྱེད་པའི་སོ་སོར་རྟོག་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་སྟེ། དེ་ལས་བྱུང་བ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེའི་

རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་པདྨ་དག་པར་བྱེད་པའི་རྡོ་རྗེ་ནི་རྡོ་རྗེ་འདོད་ཆགས་ཏེ། དེའི་རིགས་ནི་འདོད་ཆགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །ཨཱ་རོ་ལྀཀ་ཅེས་བྱ་བ་ནི། མཚོན་བྱ་མཚོན་

བྱེད་འདོད་པ་ཡིས། །ཀུན་དུ་ཐམས་ཅད་ཀུན་ནས་ནི། །མཚོན་བྱ་མཚོན་བྱེད་ལ་རོལ་པ། །ཨཱ་རོ་ལྀཀ་ཅེས་བསྟན་པ་ཡིན། །འཇིག་རྟེན་དབང་ཕྱུག་ནི་གསུང་རྡོ་རྗེ་ཡིན་ཞིང་། དེ་ཉིད་སྒྲ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རིག་པ་ཐམས་ཅད་ཀྱི་བདག་པོ་སྟེ། བཅོམ་ལྡན་

འདས་ཀྱི་ནུབ་ཏུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པ་ཡིན་ཞིང་དེ་ཉིད་དམ་ཚིག་སྟེ། འགྲོ་བ་མ་ལུས་པ་རྣམས་ཀྱི་བྱ་བ་ཡང་དག་པར་བསྒྲུབ་པའི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་པས་འདའ་བར་བྱ་བ་ཉིད་མ་

ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གང་ལ་རྡོ་རྗེ་ཡིན་པ་དེ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྲག་དོག་གི་སྤྱོད་པ་རྣམས་དེ་དག་པར་བྱེད་པའི་ཐབས་ཡང་དག་པར་བསྟན་པ་ཉིད་ཀྱི་སྒོ་ནས་འགུགས་པར་བྱེད་པའི་ཕྱིར། འཕགས་པ་སྒྲོལ་མ་དང་བཅས་པས་ཕྲག་དོག་ལ་སོགས་པའི་

เล่ม ๔๑ · หน้า 151b

བྱ་བ་ཡང་དག་པར་སྟོན་པ་ནི་དམ་ཚིག་འགུགས་པ་སྟེ། དེའི་རིགས་ནི་ཕྲག་དོག་གི་བདག་ཉིད་ཅན་ནོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བ་ནི། རྣམ་ཤེས་ཁྱད་པར་ཅན་གྱུར་གང་། །དེ་ནི་ཤེས་རབ་ཡིན་ཞེས་བྱ། །འདུ་བྱེད་སེམས་དཔའི་ཆོས་དག་ནི། །པྲཛྙཱ་དྷྲྀཀ་ཅེས་བྱ་བར་བརྗོད། །བྱང་དུ་བཞུགས་པར་གྱུར་ཏོ། །

འདིས་ནི་མི་བསྐྱོད་པ་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་རྣམས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ཁོ་ན་བཞིན་དུ་བཤད་པ་ཡིན་ཏེ། རྣམ་པར་ཤེས་དང་ཞེ་སྡང་བརྗོད། །ཡངས་དང་ཡེ་ཤེས་གཉིས་ཀྱིས་གསལ། །དེ་བཞིན་ཡེ་ཤེས་རང་བཞིན་རྨོངས། །བེམས་པོ་སྲ་བའི་

ངོ་བོ་ཉིད། །ཚོར་བ་རྒྱགས་དང་རློམ་སེམས་ཀྱི། །ང་རྒྱལ་ངོ་བོ་ཉིད་ཡིན་ནོ། །འདུ་ཤེས་ཀུན་དུ་ཆགས་བདག་ཉིད། །དངོས་པོ་ནུས་པའི་མཚན་ཉིད་དོ། །འདུ་བྱེད་རྟག་ཏུ་ཕྲག་དོག་ལྡན། །རྟེན་འབྱུང་བསྐྱོད་པའི་བདག་ཉིད་དོ། །ཞེ་སྡང་ལ་སོགས་པའི་རིགས་ལྔ་པོ་འདི་རྣམས་ཐབས་དང་ཤེས་

རབ་ཀྱིས་དག་པར་ལྷག་པར་མོས་པའི་སྒོ་ནས་བསྟེན་ན། སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་འབྲས་བུ་སངས་རྒྱས་ལ་སོགས་པ་སྒྲུབ་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་བྱང་ཆུབ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་

ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་ནི་མི་བསྐྱོད་པ་སྟེ། དེ་མཉེས་པའི་དམ་ཚིག་ནི་མཱ་མ་ཀཱི་ཡིན་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འདི་དང་པོ་སྤྲོ་བ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་ཕྱིར་ཏེ་དྭེ་ཥ་ར་ཏིའོ། །

རྡོ་རྗེ་འཆང་དེ་ཉིད་མཱ་མ་ཀཱིའི་གཟུགས་སུ་གྱུར་ནས་བདེན་བྲལ་གྱི་མཚམས་སུ་ཉེ་བར་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཡིན་ཞིང་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ་མོ་ཧ་ར་ཏི་མེའི་མཚམས་སུའོ། །འདོད་ཆགས་འཛིན་པ་ནི་འོད་དཔག་ཏུ་

མེད་པ་ཡིན་ཞིང་དེ་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་རཱ་ག་ར་ཏི་རླུང་གི་མཚམས་སུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་བྱ་བ་དང་འཛིན་པ་དང་

เล่ม ๔๑ · หน้า 152a

ལེན་པ་ལ་སོགས་པ་རབ་ཏུ་དགའ་བ་རྗེས་སུ་མཐུན་པའི་སྦྱོར་བ་རྣམ་པ་ཐ་དད་པ་རྣམས་ཀྱིས་གང་གིས་སླུ་ཞིང་ཡང་དག་པར་སྦྱོར་བར་བྱེད་པ་ནི་དེ་རྣམ་པར་སླུ་བ་རྡོ་རྗེ་སྟེ་འཕགས་མ་སྒྲོལ་མ་ཡིན་ཞིང་། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། བཛྲ་

ར་ཏིའོ། །མཱ་མ་ཀཱི་ལ་སོགས་པ་རྣམས་ཞེ་སྡང་རྡོ་རྗེ་ལ་སོགས་པ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་ཕུན་སུམ་ཚོགས་པའི་བདེ་བ་ནི་དགའ་བ་སྟེ། ཤིན་ཏུ་སྦྱོར་བ་ཕུན་སུམ་ཚོགས་པའོ། །བུད་མེད་བདེ་མཆོག་དགའ་བ་སྟེ། །གཏི་མུག་དེ་བཞིན་ཞེ་སྡང་ཆགས། །རྡོ་རྗེ་རྟག་

ཏུ་དགའ་བ་གནས། །ཞེས་གང་གསུངས་པའོ། །བྱང་ཕྱོགས་ཀྱི་གྲྭ་རུ་ཞེས་བྱ་བ་ནི་དབང་ལྡན་གྱི་མཚམས་སུའོ། །ཐབས་ནི་གཡས་སུ་གཞག་བྱ་སྟེ། །དེ་བཞིན་ཤེས་རབ་གཡོན་ཉིད་དུ། །ཞེས་འབྱུང་བའི་ཕྱིར་ལྷ་མོ་རྣམས་ནི་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་གཡོན་ལོགས་

སུ་གཞག་པར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་ལྡན་པར་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཕུན་སུམ་ཚོགས་པ་ནི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཞེས་བྱ་བའི་སྒྲས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕྱུང་ངོ་ཞེས་བྱ་བར་

སྦྱར་ཏེ། འཕགས་པ་གཤིན་རྗེ་མཐར་བྱེད་བསྐྱེད་པའི་ཕྱིར་རྣམ་པར་སྣང་མཛད་ཀྱི་རྣམ་པར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་མཐུ་སྟེར་བར་བྱེད་

པའོ། །ཡ་མཱནྟ་ཀྲིཏ་ནི། ཆོས་རྣམས་འཇིག་མེད་བདག་ཉིད་དང་། །སྐྱེ་བ་མེད་པའི་རང་བཞིན་ནི། །དངོས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཡ་མཱནྟ་ཀྲྀཏ་དོ། །བསྙེངས་པར་བྱེད་པའི་ཚུལ་ཞེས་བྱ་བ་ནི་བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཁྲོ་བོའི་གཟུགས་སོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་སྟེ། དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་ཞེས་བྱ་བའི་ཐ་ཚིག་གོ། །པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ནི། མཆོག་ཏུ་དགའ་བས་རྣམ་དག་ཕྱིར། །ཆོས་རྣམས་རྣམ་ཤེས་བདག་ཉིད་མིན། །སེམས་

เล่ม ๔๑ · หน้า 152b

རྣམས་ཀུན་གྱི་དམ་ཚིག་སྟེ། །དེས་ན་པྲཛྙཱནྟ་ཀྲྀཏ་རྒྱལ། །ཆོས་རིན་པོ་ཆེ་ནི་པདྨའི་རིགས་ཡིན་ཞིང་། འཕགས་པ་རྟ་མགྲིན་གང་ལ་འབྱུང་གནས་ཏེ་སྐྱེ་བའི་གནས་དེ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །པདྨཱནྟ་ཀྲྀཏ་ནི། ཆོས་

རྣམས་བརྗོད་བྱའི་བདག་ཉིད་མིན། །མིང་དང་གཟུགས་ཟློ་རང་བཞིན་མེད། །ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེས་ན་པདྨཱནྟ་ཀྲྀཏ་གཙོ། །སྐུ་གསུང་ཐུགས་ཀྱི་ཚུལ་དུ་ཞེས་བྱ་བ་ནི་ཞལ་གསུམ་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོ་ཆེན་པོ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བཅོམ་

ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་དུ་ཞེས་བྱ་བ་ནི་ཞལ་གསུམ་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོ་ཆེན་པོ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་

པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་འཕགས་པ་བདུད་རྩི་འཁྱིལ་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། བིགྷྣཱནྟ་ཀྲྀཏ་ཅེས་བྱ་བ་ནི། ངང་གིས་ཞི་བའི་རང་བཞིན་ཕྱིར། །ཆོས་རྣམས་མི་རྟོག་བདག་ཉིད་ནི། །རྡོ་རྗེ་ཀུན་

གྱི་དམ་ཚིག་སྟེ། །དེ་ཕྱིར་བིགྷྣཱནྟ་ཀྲྀཏ་གཙོ། །ཁྲོ་བོ་རྣམས་ཀྱི་སྐྱིལ་ཀྲུང་ནི་གཡས་བརྐྱང་བ་ལ་སོགས་པ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། རྐང་པ་བསྐྱོད་དང་ངེས་བསྐྱོད་དང་། །ཡང་དག་བསྐྱོད་དང་གྱེན་བསྐྱོད་གནས། །དེ་དག་ཁྲོ་བོ་རྣམས་ཀྱི་ནི། །སྐྱིལ་ཀྲུང་ཆེན་པོར་ཡང་དག་

བསྒྲགས། །ཞེས་གསུངས་སོ། །ཁྲོ་བོ་རྣམས་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གནས་པ་སྟེ། དེ་རྣམས་ཀྱི་ཁ་དོག་དང་དབྱིབས་དང་གདན་ལ་སོགས་པའི་ངེས་པ་ནི་སྒྲུབ་པའི་ཐབས་སུ་བཤད་པ་དེ་ཉིད་ཕྱིར་ཡང་དག་པར་བརྗོད་པར་མི་བྱའོ། །དཀྱིལ་འཁོར་དུ་མཉེས་པར་བྱ་བའི་དོན་གྱི་དམ་

ཚིག་སེམས་དཔའ་རྣམས་ནི་དཀྱིལ་འཁོར་མཉེས་པར་བྱ་བའི་དམ་ཚིག་སེམས་དཔའ་རྣམས་ཏེ། བགེགས་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་། བཀའ་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དང་དཀྱིལ་འཁོར་དག་བྱིན་གྱིས་རློབ་པའམ་ཏིང་ངེ་འཛིན་

เล่ม ๔๑ · หน้า 153a

གྱིས་བསྐྱེད་པའི་དཀྱིལ་འཁོར་དུ་སེམས་ཅན་རྣམས་ཀྱང་ཉན་པར་འདོད་པ་ནུས་པ་ཅན་དུ་བྱིན་གྱིས་རློབ་པ་སྟེ། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་དེ་སྐད་ཅེས་བྱའོ། །པ་ཏ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཞིང་དེ་ལན་པར་བྱེད་པས་ན་པ་ཏ་ལ་སྟེ་ལེའུའོ། །རབ་ཏུ་

དགའ་བའི་འབྱུང་གནས་གོ་ཆས་མཛད་པ་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།འདི་ལ་བསྡུས་པའི་ཚད་ནི་ཚིགས་སུ་བཅད་པ་སྟོང་དགུ་བཅུ་རྩ་གཉིས་ཡོད་དོ། །སྣོད་དུ་རུང་བར་བྱས་པ་རྣམས་ལ་གནས་དང་རྟེན་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་

སྒོམ་པ་ཉེ་བར་བསྟན་པར་བྱ་བ་ཡིན་པའི་ཕྱིར་དེའི་རྗེས་ཐོགས་སུ་བྱང་ཆུབ་སེམས་ཀྱི་ལེའུ་དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱང་ཡིན་ལ་བདག་པོ་ཡང་ཡིན་པས་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ལའོ། །དེ་རྣམས་

ནི་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་མཆོད་པ་ཞེས་བྱ་བ་བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཅན་དེ་བྱས་ཏེ་ཕྱག་ཀྱང་འཚལ་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་

པོ། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག །བཅོམ་ལྡན་སྙིང་པོ་བཤད་དུ་གསོལ། །ཞེས་བྱ་བར་སྦྱར་ཏེ། སྙིང་པོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ཏེ་ཤེས་རབ་གཙོ་བོར་གྱུར་པའོ། །དེ་ཉིད་ནི་མི་ཕྱེད་ཅིང་ཁྱད་པར་དུ་འཕགས་པའི་ཐབས་གཙོ་བོར་གྱུར་པའི་སྐུ་ལ་སོགས་པ་རྣམས་

སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། སྐུ་དང་གསུང་དང་ཐུགས་ཀྱི་མཆོག་སྟེ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་བས་ན་འདི་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་གསུངས་སོ། །འདི་ནི་དེ་བཞིན་གཤེགས་པ་ཀུན་གྱི་ཡིན་པས་དེ་བཞིན་གཤེགས་

པ་ཀུན་གྱིའོ། །སྤྱོད་པ་ལ་སོགས་པའི་ཚུལ་བརྟེན་པ་རྣམས་ལ་བཤད་པར་མི་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་དོན་དམ་པ་སྟེ་དེ་ཉིད་ཀྱི་ཕྱིར་ཐམས་ཅད་ལས་མཆོག་ཡིན་པས་བླ་ན་མེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་

เล่ม ๔๑ · หน้า 153b

སྩལ་ཏོ་ཞེས་བྱ་བར་སྦྱར་ཏེ། ལྷག་མ་ནི་གོ་སླའོ། །སེམས་ཀྱི་ཡོངས་སུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་ཞེས་བྱ་བ་ནི། གལ་ཏེ་བཅོམ་ལྡན་འདས་ཀྱིས་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བདག་ཅག་ལ་བྱང་ཆུབ་ཀྱི་སེམས་ཆེན་པོའི་མན་ངག་བྱིན་པ་དེའི་ཚེ།

སེམས་ཅན་རྣམས་ཀྱི་དོན་ཆེན་པོར་འགྱུར་རོ་སྙམ་པའི་དེ་ལྟ་བུར་རོ། །ཁྱོད་ཀྱི་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཐོབ་པར་བྱེད་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ལུས་ཀྱི་རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་བདག་ཉིད་ཅན་གྱི་

གཟུགས་བརྙན་ལྟ་བུའི་སྐུ་རྡོ་རྗེའི་ངོ་བོར་རོ། །ལུས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་དང་། བརྟན་པ་དང་གཡོ་བའི་ཁམས་གསུམ་པ་མ་ལུས་པ་ནི་ལུས་ཡིན་ཏེ། འདི་ཉིད་ལས་དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་

པའི་སྐུ་རྡོ་རྗེ་ཐམས་ཅད་ལ་བཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ལྷག་པར་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་གང་གསུངས་པའོ། །སེམས་ལྟ་བུ་ཞེས་བྱ་བ་ནི་སྲ་ཞིང་བརྟན་ལ་ཁོང་སྟོང་མེད་པ་གཞིག་པར་བྱ་བ་མིན་ཞིང་གཅད་པར་བྱ་བ་མ་

ཡིན་པའི་མཚན་ཉིད་ཅན་དང་པོའི་རྡོ་རྗེའི་རྣམ་པར་ཏེ། སྒྱུ་མ་ལ་སོགས་པ་བཞིན་དུ་སྣང་བ་ཙམ་ཡིན་ཞིང་དོན་དམ་པར་རང་བཞིན་མེད་པར་རོ། །སེམས་ཞེས་བྱ་བ་ནི་ཁམས་གསུམ་པའི་སྣང་བའི་རྣམ་པའོ། །ཚིག་བརྗོད་པ་ལྟ་བུར་ཞེས་བྱ་བ་ལ་ཚིག་ཉིད་བརྗོད་པ་ཡིན་པས་ཚིག་

བརྗོད་པ་སྟེ། གསུང་རྡོ་རྗེ་ཡིན་ཞིང་དེ་ལྟ་བུ་སྟེ་བྲག་ཅའི་སྒྲ་དང་མཚུངས་ཤིང་ནམ་མཁའི་མཚན་ཉིད་དུའོ། །ཚིག་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་ཐུགས་དང་གསུང་རྡོ་རྗེ་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་ཁམས་གསུམ་པའི་ཚིག་སྟེ་

སྐྱེད་ཅིག་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྦྱར་ནས་ཞེས་བྱ་བ་ཐོས་པའི་དོན་བསྟན་པར་བྱས་ཤིང་སྒོམ་པས་ཁོང་དུ་ཆུད་པར་བྱས་ནས་སེམས་རབ་ཏུ་དགའ་བར་གྱུར་པས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་

เล่ม ๔๑ · หน้า 154a

ཏུ་སྦྱར། །ཞེས་འབྱུང་བའི་ཕྱིར་རོ། །ཨེ་མ་ཞེས་པ་ནི་ངོ་མཚར་བའོ། །འོ་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་ལས་ཀུན་དུ་བཟང་བ་སྟེ་དགེ་ལེགས་གདུལ་བྱ་རྣམས་ཀྱི་རྒྱུད་ལས་འབྱུང་བས་ན་ཀུན་དུ་བཟང་པོ་སྟེ། ཚངས་པ་ལ་

སོགས་པའི་གཟུགས་རྣམས་ཀྱི་སྒོ་ནས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་དེའི་སྐུ་དང་གསུང་དང་ཐུགས་རྣམས་ནི་དོན་དམ་པར་ནམ་མཁའ་བཞིན་དུ་སྐྱེ་བ་མེད་པ་ཡིན་པས་འདི་ནི་སྐྱེ་བ་མེད་པ་སྟེ་ཆོས་ཀྱི་སྐུའོ། །

དེའི་སྦྱོར་བ་ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་དེའི་རང་བཞིན་དུ་བྱ་བའོ། །དེས་སྐྱེ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་རྣམས་ཀྱི་རྣམ་པར་ནམ་མཁའ་ལས་མཚན་མ་དང་གཟུགས་སུ་འབྱུང་བ་སྟེ། རྩིག་པ་ལ་སོགས་པ་བསླངས་ནས་ནམ་མཁའ་ལ་གཞག་གོ་ཞེས་བྱ་བ་ལ་

སོགས་པའི་ཐ་སྙད་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ་རབ་ཏུ་བསྒྲགས་ཤིང་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རིགས་ཆད་པ་དང་རིག་མ་ངེས་པ་རྣམས་དང་རྗེས་སུ་མཐུན་པར་སྟོན་པ་ལྷུར་ལེན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་སེམས་

བསྟན་ཏེ། ད་ནི་རིགས་ངེས་པའི་སེམས་ཅན་རྣམས་ཀྱི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་དུ་མཛད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་

པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པའི་རྒྱུ་མཐུན་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྟོགས་པའོ། །དེའི་ཚུལ་ནི་དེ་མངོན་དུ་བྱ་བའི་ཐབས་ཡིན་ཞིང་དེ་ཉིད་རྡོ་རྗེ་སྟེ་དོན་དེ་བསྟན་པའི་ཕྱིར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་ཞེས་བྱ་བའི་དོན་ཏོ། །དངོས་པོ་རྣམས་ལ་

དམིགས་པའི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་ནས། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་བརྟགས་པའི་དངོས་པོ་རྣམས་ཀྱི་གཟུངས་ལ་སོགས་པའི་རྣམ་པ་རྡུལ་ཕྲ་རབ་ལ་སོགས་པར་ཕྱེ་བའི་སྒོ་ནས་བསལ་བ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་

เล่ม ๔๑ · หน้า 154b

པའོ། །དེ་བས་ན་དེ་སྒོམ་པ་མེད་ཅིང་སྟོང་པའོ། །གལ་ཏེ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མངོན་པར་ཞེན་པའི་རྣམ་པ་སྟེ། དེ་ནི་མེད་པ་ཡིན་ཞིང་བསྒོམ་པ་མ་གྲུབ་པ་དེ་ལྟ་ན་ནི་སྟོང་པ་ཉིད་ཁོ་ན་ཡིན་གྲང་ངོ་ཞེས་བྱ་བར་ངེས་སོ། །མཚན་མ་དགག་པའི་ཕྱིར་བསྒོམ་པར་བྱ་བ་ལ་སོགས་པ་གསུངས་

ཏེ། སྟོང་པའི་རྣམ་པ་ཅན་གྱི་བསྒོམ་པར་བྱ་བ་ཀུན་དུ་བརྟགས་པ་གང་ཡིན་པ་དེ་ནི་རུང་བ་མ་ཡིན་པ་ཉིད་དེ། གང་ན་བུམ་པ་ཉེ་བར་དམིགས་ཤིང་དེ་མེད་པ་ན། འདི་ནི་བུམ་པས་སྟོང་པའི་གནས་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །འདི་ནི་རེ་ཞིག་བསྒོམ་པ་ཉིད་ཀྱང་མ་གྲུབ་ན། དེས་སྟོང་པ་

ཉིད་ལྟ་ག་ལ་གྲུབ། དེ་སྐད་དུ་ཡང་། མེད་པ་ཡོད་པའི་ཟླས་དྲངས་སོ། །ཞེས་བཤད་དོ། །སྨོན་པ་དགག་པའི་ཕྱིར་དེ་ལྟར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བཞིན་དུ་ཡང་སྨོན་ལམ་གྱི་སྒོ་ནས་ཀུན་དུ་བརྟགས་པའི་འབྲས་བུ་གང་ཡིན་པ་དེ་ཡང་མེད་པ་ཡིན་ཏེ། དངོས་པོ་དང་མཚན་

མ་བཀག་པ་ཉིད་ཡིན་པས། བསྐལ་པའི་སྨོན་པར་བྱ་བ་དང་སྨོན་པར་བྱེད་པ་དང་སྨོན་པ་ཉེ་བར་དམིགས་པ་མེད་པའི་ཕྱིར་རོ། །དེ་ལ་དམ་པའི་དོན་དུ་ནི། །གང་དུ་འགྲོ་བྱ་འགྲོ་བ་དང་། །འགྲོ་བ་པོ་མེད་བསྒོམ་པ་དང་། །བསྒོམ་བྱ་སྒོམ་པ་པོ་ཉིད་མེད། །ཅེས་གང་གསུངས་པའོ། །འདིས་

ནི་བར་དུ་གཅོད་པའི་འབྲས་བུ་ལ་ངེས་པ་མེད་པའི་ཕྱིར་མངོན་པར་རྫོགས་པའི་བྱང་ཆུབ་ནི་རང་གི་སེམས་ཡིན་པར་བསྟན་ཏེ། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཁོ་ན་བྱང་ཆུབ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འདུ་བྱེད་པའི་མཚན་ཉིད་བསལ་བར་བྱ་བའི་

ཕྱིར་དེ་བས་བསྒོམ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་བསྟན་པའི་སྒོ་ནས་སོ། །བསྒོམ་པ་སྟེ་དངོས་པོ་ལ་སོགས་པའི་རྣམ་པ་ཅན་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་དེ་རྣམས་ཀྱིས་ནི་དངོས་པོ་

ལ་སོགས་པ་རྣམས་ཀྱི་གཉེན་པོར་གྱུར་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བཞི་བསྟན་པར་རྟོགས་པར་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་ཐར་པའི་གྲོང་ཁྱེར་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པར་བརྗོད་པར་བྱ་སྟེ། དེར་འཇུག་པའི་སྒོ་དང་ལམ་ནི་

เล่ม ๔๑ · หน้า 155a

སྟོང་པ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་བསྟན་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་དོན་བསྟན་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་བདག་པོ་གཙོ་བོར་བྱ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཚིག་ཐ་དད་པས་བསྟན་ཏེ་མི་བསྐྱོད་པའི་རང་བཞིན་ཡིན་ནོ། །

སླར་ཡང་སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱི་དགོངས་པ་བསྟན་ཏེ། དངོས་པོ་ཙམ་འབའ་ཞིག་འགོག་གི་ཐམས་ཅད་ནི་མ་ཡིན་ཞིང་། མེ་ལོང་དུ་བྱུང་བའི་གཟུགས་བརྙན་གྱི་ཚུལ་དུ་ཐམས་ཅད་ཡོད་དོ་ཞེས་བྱ་བ་འདིས་ནི་སྟོང་པ་ཉིད་ཀྱི་རྒྱུ་མཐུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་

བཞིན་གྱི་རྣམ་པར་སྣང་མཛད་ཀྱི་མདོ་བསྟན་ཏོ། །དེ་བཞིན་དུ་མཚན་མ་མེད་པ་ལ་སོགས་པ་རྣམས་ཀྱི་རྒྱུ་མཐུན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་རང་བཞིན་གྱི་རིན་ཆེན་དཔལ་ལ་སོགས་པ་རྣམས་ཀྱི་མདོ་ཚིག་རྣམས་བསྟན་ཏོ། །དེ་ལྟར་ན་སེམས་ཅན་དེ་རྣམས་ཡིད་

ཆེས་པ་ཐོབ་པར་གྱུར་པས་བསྒྲུབ་པ་ལ་སོགས་པ་ལ་ཡང་དག་པར་འཇུག་པར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུ་ལ་སོགས་པ་གསུངས་སོ། །ད་ནི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པའི་དོན་རྟོགས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་

རང་རང་གི་རྣམ་པར་ཐར་པ་རྣམས་ཀྱི་སྒོ་ནས་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དོན་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྣམས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཏེ་རྣམ་པ་མ་ལུས་

པར་རྟོགས་པ་ནི་གཟུགས་བརྙན་འབྱུང་བའི་མཚན་ཉིད་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱི་རྣམ་པར་སྣང་མཛད་དོ། །དེའི་ཚུལ་ནི་དེ་སྐྱེད་པར་བྱེད་པའི་དེ་བཞིན་ཉིད་ཡིན་ཞིང་། གང་ལ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་སྟོན་པའི་རྣམ་པ་ཅན་དུ་སེམས་

རྩེ་གཅིག་པར་མཛད་དེ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་མདོའི་དོན་བསྟན་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་དངོས་པོར་དམིགས་པ་མེད་པའོ། །དངོས་པོ་དེ་གང་ཞེ་ན། ཕུང་པོ་ལ་སོགས་པ་རྣམས་སོ། །གཟུང་བ་ནི་ཡུལ་

เล่ม ๔๑ · หน้า 155b

གྱི་རང་བཞིན་ནོ། །འཛིན་པ་ནི་རྣམ་པར་ཤེས་པ་ཡིན་ལ། དེ་དག་ལྕགས་ཀྱི་གོང་བུ་སྐམ་པས་འཛིན་པའི་ཚུལ་དུ་གཟུང་བ་དང་། འཛིན་པ་མི་དམིགས་ཏེ། སྐད་ཅིག་གཅིག་ཏུ་འབྱུང་བར་སྣང་བ་ཙམ་ཉིད་ཡིན་པའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ། ཉོན་མོངས་

པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རང་བཞིན་ཅན་གྱི་ཕུང་པོ་ལ་སོགས་པ་རྣམས་དང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་རྣམས་དང་། སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱུང་གནས་ཀྱི་ཡོན་ཏན་བཅོ་ལྔའོ། །དེ་རྣམས་དོན་དམ་པར་རང་བཞིན་མེད་པ་ཉིད་ནི་ཆོས་བདག་

མེད་པ་ཡིན་ཞིང་། གང་དག་ལ་བདག་སྟེ་རང་བཞིན་མེད་པ་དེ་ནི་བདག་མེད་པ་སྟེ། བདག་མེད་པའི་དངོས་པོ་ནི་བདག་མེད་པ་ཉིད་དོ། །དེ་ཉིད་ནི་མཉམ་པ་ཉིད་དེ་དངོས་པོ་ཐམས་ཅད་ཐ་དད་པ་མེད་པའོ། །དེའི་ཕྱིར་རྒྱུ་དེས་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཡིན་

ཞིང་དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ། ཏིང་ངེ་འཛིན་གང་ལ་དེ་ཉིད་མི་ཤིགས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་

ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པ་ཅན་གྱི་ཕུང་པོ་ལ་སོགས་པ་རྣམས་དང་། རྡོ་རྗེའི་རིགས་ཀྱི་རང་བཞིན་ཅན་གྱི་ཡོན་ཏན་གྱི་ཚོགས་རྣམས་ཏེ། དེ་རྣམས་མ་སྐྱེས་པ་ནི་མ་བྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་

དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཤེས་རབ་ཀྱི་སྟོབས་ཀྱིས་རྣམ་པར་དཔྱད་ན་ཆོས་རྣམས་ཉེ་བར་དམིགས་ཤིང་། དེའི་ཆོས་ཉིད་ནི་སྟོང་པ་ཉིད་དེ་དེ་ཡང་དངོས་པོར་མ་གྲུབ་པ་ཉིད་ཀྱིས་གསལ་བ་ཡིན་ནོ། །དོན་དེ་ཉིད་དཔེའི་སྒོ་ནས་བསྟན་པའི་ཕྱིར། ནམ་མཁའ་ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་རྫས་ཐམས་ཅད་མེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་བདག་མེད་པ་དེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་

เล่ม ๔๑ · หน้า 156a

སེམས་ཀྱིས་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྒོ་ནས་བྱང་ཆུབ་ཏུ་ཁྲིད་པར་བྱེད་པས་ན་བྱང་ཆུབ་ཚུལ་ལོ། །བརྟན་པ་ནི་ངེས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་བདག་མེད་པ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་རྒྱུ་མཐུན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། གང་ལ་དེ་ཉིད་རྡོ་རྗེ་ཡོད་པ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཞེས་བྱ་བ་ནི་བཤད་ཟིན་པའི་མཚན་ཉིད་ཅན་ཁོ་ན་ཡིན་ནོ། །ཇི་ལྟར་ཞེ་ན།

ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་ཁམས་གསུམ་པའི་དག་པ་དང་མ་དག་པའི་རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་ཆོས་རྣམས་མ་གྲུབ་པ་ཁོ་ན་ཡིན་ན། དེ་རྣམས་ཀྱི་མཚན་ཉིད་ལྷ་གང་ལ་གྲུབ་སྟེ། མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་ཉིད་ལ་སོགས་པ་བཞིན་ནོ། །

དེའི་ཕྱིར་ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས་པ་ཡིན་ནོ། །ཇི་ལྟར་རིགས་ལ་སོགས་པ་རྣམས་འབྱུང་ཞེ་ན། ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་བདག་མེད་པ་ནི་བཤད་ཟིན་པ་ཡིན་ཞིང་དེ་ལས་ཀུན་དུ་འབྱུང་བས་ཆོས་བདག་མེད་ལས་ཀུན་དུ་བྱུང་བ་སྟེ། རིན་པོ་ཆེའི་རིགས་ཀྱི་

ལྷ་རྣམས་སོ། །དེ་ནས་ཞེས་བྱ་བ་ནས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཀྱི་འོད་ཟེར་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ཞིང་། གང་ལ་བསྒོམ་པར་བྱ་བ་དང་། སྒོམ་པར་བྱེད་པ་དང་། བསྒོམ་པ་བཀག་པའི་སྒོ་ནས་ཉོན་མོངས་པའི་བུད་ཤིང་མ་ལུས་པ་སྲེག་པར་བྱེད་པ་

དེ་ལས་བྱུང་བའི་རྡོ་རྗེ་སྒྲོན་མ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ནམ་མཁའ་ནི་རྣམ་པར་ཐར་པའི་སྨོན་པ་མེད་པའོ། །དེ་ཉིད་གནས་ཏེ་ཞིང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་འོད་དཔག་

ཏུ་མེད་པའི་སྐྱེ་བའི་གནས་སོ། །སྦྱོར་བ་ནི་པདྨའི་རིགས་བསྒོམ་པའི་རྣམ་པ་སྟེ་དེ་དེ་ཡིས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་འདིས་ནི། དེ་ལྟར་དངོས་པོ་དངོས་མེད་པས། །ཞེས་བྱ་བའི་མདོ་དེའི་དོན་ཡིན་པར་རབ་ཏུ་བསྒྲགས་ཤིང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པས་

เล่ม ๔๑ · หน้า 156b

གསུངས་སོ་ཞེས་བྱ་བར་སྦྱར་རོ། །རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བའི་རྒྱུ་མཐུན་པ་བྱ་བ་སྒྲུབ་པའི་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཤད་མ་ཐག་པ་དེ་རྣམས་ཟིལ་གྱིས་གནོན་ཅིང་སྣང་བ་མེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་། གང་ལ་དེ་ཉིད་

རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་རྣམས་ཞེས་བྱ་བ་ནི་སྔར་རྣམ་པར་ཕྱེ་བ་རྣམས་ནི་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་འོད་གསལ་ཞིང་དྲི་མ་མེད་པའོ། །ཅིའི་ཕྱིར་ཞེ་ན། གདོད་ནས་དག་པ་ཞེས་བྱ་བ་གདོད་མ་ཉིད་ནས་མ་སྐྱེས་པ་ཉིད་ཡིན་

པའི་ཕྱིར་རོ། །དེ་རྣམས་ཅི་ལྟ་བུ་ཞེ་ན། ནམ་མཁའ་བཞིན་ཞེས་བྱ་བ་གསུངས་ཏེ། ཉི་མ་ཕྱེད་ཀྱི་དུས་ཀྱི་སྤྲིན་དང་བྲལ་བ་དེ་བཞིན་དུ་དེ་རྣམས་ནི་དྲི་མ་མེད་ཅིང་གསལ་བའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གདོད་ནས་དག་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སྟེ་ཀུན་དུ་བརྟགས་པའི་

རང་བཞིན་གྱི་འབྲས་བུ་མེད་ཅིང་མངོན་པར་རྟོགས་ཏེ་དེ་ཐོབ་པར་བྱེད་པའི་རྒྱུ་མེད་པ་ཁོ་ནའོ། །ལྷག་མ་ནི་བཤད་ཟིན་ཏེ། དོན་ཡོད་པར་གྲུབ་པས་དེ་སྐད་ཅེས་གསུངས་སོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཉིད་ཏིང་ངེ་འཛིན་དེ་དང་དེ་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་

ཚིགས་སུ་བཅད་པ་རྣམས་གསུངས་སོ་ཞེས་ཟེར་ཏེ། དངོས་པོ་དེ་ནི་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུ་ཡིན་པས་བཤད་པ་གཞན་དེ་ཡང་ཡིན་ལ་ནི་རག་ན། འོན་ཀྱང་ཇི་ལྟར་འབྱིན་པའི་སྐབས་སུ་བཅོམ་ལྡན་འདས་ཉིད་དེ་དང་དེའི་རྣམ་པ་གཟུགས་སུ་གྱུར་ནས་དེ་དང་དེར་བཞུགས་པ་དེ་བཞིན་དུ་

འདིར་ནི་མི་འདོད་དེ། ཚིགས་སུ་བཅད་པ་རྣམས་ཀྱི་ཐོག་མ་དང་ཐ་མར་རྣམ་པར་སྣང་མཛད་ལ་སོགས་པའི་མཚན་གྱི་ཚིག་རྣམས་དང་སྤེལ་བ་ཉིད་ཡིན་པའི་ཕྱིར་རོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་

བྱང་ཆུབ་ཀྱི་སེམས་བརྟན་པ་ཐོས་ནས་ངོ་མཚར་དང་རྨད་དུ་གྱུར་པའི་ཚིག་དག་གིས་རྒྱུ་དང་འབྲས་བུ་ལ་ངོ་མཚར་དུ་གྱུར་པ་སྟོན་པར་བྱེད་ཅིང་དགའ་བའི་ཚིག་གིས་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་བསྟོད་པ་བྱེད་དེ། ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་སྟོན་

เล่ม ๔๑ · หน้า 157a

པ་པོ་རྙེད་པར་དཀའ་བ་ཉིད་དུ་སྟོན་ཏོ། །མི་བསྐྱོད་པ་གང་ལ་དེ་ཁོ་ན་ཉིད་ཀྱིས་དག་པའི་དོན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དག་པའི་དོན་ནི་རྣམ་པར་སྣང་མཛད་དེ་མེ་ལོང་ལྟ་བུའི་ཡེ་ཤེས་དྲི་མ་མེད་པ་དང་ལྡན་པའི་ཕྱིར་རོ། །བདག་མེད་པའི་

ཆོས་ནི་སྔ་མ་བཞིན་ཏེ་དེ་ལས་བྱུང་བ་ནི་རིན་ཆེན་དཔལ་ལོ། །གདུལ་བྱ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པས་ན་སངས་རྒྱས་བྱང་ཆུབ་རྫོགས་པར་མཛད་པས་ནི་འོད་དཔག་ཏུ་མེད་པའོ། །རང་བཞིན་གྱིས་གསལ་བའི་རྒྱུ་མཐུན་པ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་རྣམ་པར་རྟོག་

པའི་ཉེས་པ་མ་ལུས་པ་སྤངས་པ་ཉིད་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པ་ནི་དོན་ཡོད་པར་གྲུབ་པའོ། །གནས་སྐབས་ལ་སོགས་རྣམ་པ་ཅན་གྱི་མཱ་མ་ཀཱིའི་སྤྲུལ་པས་དམིགས་པ་སྤོང་བའི་ཕྱིར་དམིགས་སུ་མེད་པའོ། །སངས་རྒྱས་སྤྱན་གྱི་སྤྲུལ་པའི་སྒོ་ནས་ཞི་བ་ལ་སོགས་པ་རྣམས་

ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པའི་ཕྱིར་ཀུན་དུ་བཟང་པོའོ། །དེ་ཁོ་ན་བཞིན་དུ་གོས་དཀར་མོའི་སྒོ་ནས་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཆོས་ཀྱི་དོན་རྒྱས་པར་བྱེད་པའི་ཕྱིར་ཐམས་ཅད་དོན་ནོ། །འཕགས་མ་སྒྲོལ་མ་སྤྲུལ་པའི་སྒོ་ནས་ཞི་བ་ལ་སོགས་པ་རྣམས་ཀྱིས་འགྲོ་བ་མ་ལུས་

པའི་བྱ་བ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་ནི་རབ་བསྐོར་བའོ། །བྱང་ཆུབ་ཀྱི་ལམ་ལ་འཛུད་པར་བྱེད་པའི་ཕྱིར་དང་། ཞུགས་པའི་སེམས་ཅན་གྱི་ཁམས་ཀུན་དུ་སྲུང་བའི་ཕྱིར། གཤིན་རྗེ་མཐར་བྱེད་ནི་བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེའོ། །དེ་བཞིན་གཤེགས་པའི་ཐུགས་དག་པ་ཞེས་བྱ་བ་ནི་ཉོན་

མོངས་པ་མ་ལུས་པ་ཀུན་དུ་ཕམ་པར་བྱེད་པའི་ཕྱིར་འཕགས་པ་གཞན་གྱིས་མི་ཐུབ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟར་མི་ཕྱེད་པ་ཉིད་འཛིན་པར་བྱེད་པས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་ཏེ་འཕགས་པ་རྟ་མགྲིན་ནོ། །གང་ལ་སངས་རྒྱས་ཀྱི་བྱང་ཆུབ་ལ་སེམས་ཅན་

རྣམས་ཁྱད་པར་འགོད་པའི་ངང་ཚུལ་ཡོད་པ་དེ་ནི་སངས་རྒྱས་བྱང་ཆུབ་རབ་སྟོན་པ་དེ་ལ་འཕགས་པ་བདུད་རྩི་འཁྱིལ་པའོ། །བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་བའི་ཚིག་བཞི་པོ་རྣམས་ཀྱིས་ནི་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་མངའ་ཞིང་རྣམ་པར་དག་པ་བཞི་དང་ལྡན་པ། རྣམ་པར་

เล่ม ๔๑ · หน้า 157b

ཐར་པའི་སྒོ་བཞིའི་རྒྱུ་མཐུན་པའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་འབྱིན་པའི་དཀྱིལ་འཁོར་གྱི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་ལ་ཕྱག་བཞི་བྱས་སོ། །གཞན་ནི་བཤད་ཟིན་ཏོ། །བྱང་ཆུབ་སེམས་ཀྱི་ལེའུ་སྟེ་གཉིས་པའི་རྣམ་པར་བཤད་པའོ།། །།ལྷག་པར་མོས་

པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྗེས་ཐོགས་སུ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་དེ་བརྟེན་པར་བྱ་བ་སྔོན་དུ་འགྲོ་བ་ཅན་གྱི་རང་གི་ལྷ་ལ་དམིགས་པར་བྱའོ་ཞེས་བསྟན་པའི་ཕྱིར་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ལེའུ་གསུངས་ཏེ་དེ་ནས་ཞེས་བྱ་བ་ནས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །སྐུ་དང་གསུང་དང་

ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱིས་ནམ་མཁའ་ཁྱབ་པ་ནི་འཕྲོ་བ་ཡིན་ཞིང་། ནམ་མཁའི་དབྱིངས་མ་ལུས་པ་ཁྱབ་པར་བྱེད་པའི་ཕྱིར་དེ་ཉིད་སྤྲིན་ཡིན་ནོ། །དེ་དག་

ཡང་དག་པར་བསྡུས་ནས། རྟེན་གྱི་དཀྱིལ་འཁོར་ལ་གནས་ཇི་ལྟ་བ་བཞིན་དུ་གནས་པའི་དཀྱིལ་འཁོར་པའི་ལྷ་རྣམས་ཉེ་བར་དགོད་པའི་རིམ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་བཀོད་པའོ། །དེ་ཉིད་མི་ཤིགས་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡིན་ཞིང་དེ་ལ་དམིགས་ཤིང་དེའི་མིང་ཅན་གྱི་ཏིང་ངེ་

འཛིན་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་བཀོད་པ་ནི་དཀྱིལ་འཁོར་དུ་དགོད་པའི་རང་བཞིན་ཏེ། དེ་ཉིད་ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་བ་ལ་རྟེན་དང་བརྟེན་པ་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པའི་རྣམ་པར་

སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ཏོ། །པ་ཏ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཐམས་ཅད་ལ་བཀག་པའི་ཕྱིར་རོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་པ་ཏ་ལ་སྟེ་ལེའུའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སློབ་བཞིན་པའི་

རྣལ་འབྱོར་པ་ཇི་སྐད་བཤད་པའི་གནས་ན་གནས་ཤིང་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་ཆེན་པོར་ལྷག་པར་མོས་པ་དང་ལྡན་པས་སྤྲོ་བ་དང་བསྡུ་བའི་རིམ་གྱིས་རྟེན་དང་བརྟེན་པའི་བདག་ཉིད་ཅན་དུ་གྱུར་ནས། སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྣམ་

เล่ม ๔๑ · หน้า 158a

པར་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དོན་དེ་ཉིད་ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་ལྷ་མོ་ཀུན་དུ་བཟང་མོའི་ཆོས་འབྱུང་ཡིན་ཞིང་དེའི་དབུས་སུ་བསྒོམ་པར་བྱའོ། །སངས་རྒྱས་དཀྱིལ་

འཁོར་ཞེས་བྱ་བ་ལ། སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་རོ། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །ཞེས་བྱ་བ་ནི་འོད་ཟེར་མཐའ་ཡས་པའི་ཚོགས་རྣམས་ཀྱིས་རྣམ་པར་སྤྲས་ཤིང་མཛེས་པའོ། །

གང་ལ་སངས་རྒྱས་ཀྱི་འབར་བ་རྣམས་དང་མཉམ་ཞིང་མཚུངས་པའི་འོད་ཡོད་པ་དེ་ནི་སངས་རྒྱས་འབར་མཉམ་འོད་དང་ལྡན་པ་སྟེ། མཆོད་རྟེན་གྱི་ནང་ན་གནས་པའི་དཀྱིལ་འཁོར་རོ། །དེ་ཉིད། འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་བྱ་བས་ཁྱད་པར་དུ་བྱེད་དེ། འོད་ཟེར་དཀར་པོ་དང་།

སེར་པོ་དང་། ལྗང་གུ་དང་། དམར་པོ་དང་། སྔོན་པོ་རྣམས་ཀྱིས་ཁྱབ་པའོ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་འོད་ཀྱི་འཁོར་ལོ་ཟླུམ་པོ་ཉིད་ཡིན་པའི་ཕྱིར་རོ། །འདོད་པའི་ཡོན་ཏན་ལྔ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ། གང་ལ་

གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་རང་བཞིན་ཅན་དེ་རྣམས་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟག་པ་ལ་སོགས་པའི་རང་གི་ངོ་བོ་ཅན་གྱི་བདུད་རྩི་ལྔ་ནི་མཆོད་པ་རྣམ་པ་ལྔ་སྟེ། དེ་རྣམས་ཀྱིས་བརྒྱན་ཅིང་མཛེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །མདོར་ན་དེ་ལྟར་བསྒོམས་ནས་སུ། །

ཞེས་བྱ་བ་ནི་སྐད་ཅིག་གིས་ཇི་སྐད་བཤད་པའི་རྟེན་ནོ། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་བརྟེན་པ་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཡིན་ཞིང་དེ་ཡང་དེ་ཁོ་ན་བཞིན་དུ་སྟེ། འོག་ནས། སངས་རྒྱས་གཟུགས་ནི་རབ་བསྒོམ་ན། །རྣམ་པར་སྣང་མཛད་ལ་སོགས་བསྒོམ། །ཞེས་

སྟོན་པའི་ཕྱིར་རོ། །དེའི་སྒྲུབ་ཐབས་ལས་བཤད་པའི་ཚུལ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་དབྱུང་བ་དང་གཞུག་པའི་སྒོ་ནས་ཕྱག་རྒྱ་ཆེན་པོ་གསུམ་གྱི་རང་བཞིན་དང་ལྡན་པར་བསྒོམ་པར་བྱའོ། །ཡང་ན་སྐུ་གསུང་ཐུགས་རྡོ་རྗེ་ནི་ཞེ་སྡང་རྡོ་རྗེ་སྟེ་དེའི་ཕྱག་རྒྱ་ཆེན་པོའོ། །ཚོགས་གཉིས་

เล่ม ๔๑ · หน้า 158b

དང་ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་ལས་ཕྱུང་སྟེ། དེའི་སྤྲུལ་པ་རྣམས་ཀྱིས་འགྲོ་བ་མ་ལུས་པའི་དོན་བྱས་ནས། དེ་བསྡུས་ཏེ་རང་གི་ལུས་ལ་བཅུག་ནས་མི་བསྐྱོད་པར་གྱུར་པར་བྱ་ཞིང་། ཚུལ་འདིས་རྡོ་རྗེ་འཆང་ཆེན་པོ་དང་མི་བསྐྱོད་པ་དག་གཅིག་ཉིད་དུ་གྱུར་པས་ཚོགས་གཉིས་

དང་ལྡན་པ་སྟེ་དེ་ཡིས་སོ། །མི་བསྐྱོད་པའི་རྒྱལ་མཆོག་ཅེས་བྱ་བ་རྡོ་རྗེའི་རིགས་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་མཆོག་དང་། དེ་བཞིན་དུ་རིན་ཆེན་དཔལ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པའི་བདག་པོའི་རང་བཞིན་དུ་དཀྱིལ་འཁོར་གསུམ་ལས་

གང་ཡང་རུང་བའི་དབུས་སུ་བསྒོམ་པར་བྱ་སྟེ། རྡོ་རྗེ་འཛིན་མཆོག་གང་ཞིག་གི །གཟུགས་ནི་དབུས་སུ་ལེགས་བྲིས་པའི། །དཀྱིལ་འཁོར་གནས་ནི་དེ་ཡི་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་ཞེ་སྡང་རྡོ་རྗེའོ། །ཨིནྡྲ་ནཱི་ལའི་འོད་འདྲ་བ། །ཞེས་

བྱ་བ་ནི་ཨིནྡྲ་ནཱི་ལ་ལྟ་བུའི་སྐུ་མདོག་དང་ལྡན་པའོ། །ཕྱག་ན་རྡོ་རྗེ་རྩེ་ལྔ་པ་འབར་བ་བསྣམས་པ་ནི་མི་བསྐྱོད་པ་ཡིན་ཞིང་། དེ་ཉིད་རབ་འབར་བ་དེ་གང་ལ་རབ་ཏུ་འབར་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆེ་བ་འགུལ་བ་ནི་རྣམ་པ་སྟེ་དེ་གཙིགས་པ་ནི་ཤིན་ཏུ་དྲག་པའོ། །དེ་ཉིད་ཀྱི་ཕྱིར་

འཇིགས་སུ་རུང་བ་སྟེ། འཇིགས་པར་བྱེད་པ་ཡིན་ལ། མཆེ་བ་གཙིགས་ཤིང་རྣམ་པར་ཁྲོས་པའི་མདངས་ཅན་གྱི་ཞལ་དང་ལྡན་པའི་མི་བསྐྱོད་པའོ། །ཤེལ་དང་ཟླ་བའི་འོད་ཅེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་འཁོར་ལོ་བསྣམས་པའོ། །འཛམ་བུ་ཆུ་བོའི་གསེར་འོད་འདྲ་བ་

ནི་རིན་ཆེན་དཔལ་སྐུ་མདོག་སེར་པོ་དང་ལྡན་པའོ། །སངས་རྒྱས་སྤྲིན་གྱིས་རབ་ཏུ་འཁྲིགས། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །ཞེས་བྱ་བ་ནི་སངས་རྒྱས་སྤྲིན་གྱི་ཚོགས་འཕྲོ་ཞིང་ཨིནྡྲ་ནཱི་ལ་ལྟ་བུའི་རྡོ་རྗེ་ཆེན་པོ་རྩེ་མོ་དགུ་པ་སྟེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་ལས་ཨིནྡྲ་ནཱི་ལའི་མདོག་ཅན་དུ་བསྟན་པའི་

ཕྱིར་རོ། །དེའི་ཞེས་བྱ་བ་ཞེ་སྡང་རྡོ་རྗེའི་ཕྱག་ཏུའོ། །མརྐ་ཏ་ཡི་འོད་འདྲ་བ། །ཞེས་བྱ་བ་ནི་སྐུ་མདོག་ལྗང་གུ་དང་ལྡན་པའི་དོན་ཡོད་པར་གྲུབ་པའོ། །ཕྱག་ན་རིན་ཆེན་བསྣམས་པ་ཞེས་བྱ་བ་ནི་རྡོ་རྗེའི་རྣམ་པ་ཅན་གྱི་འབར་བས་བརྒྱན་ཅིང་ཉི་མ་འཆར་ཀ་ལྟ་བུའི་རིན་པོ་ཆེ་སྟེ་རིན་ཆེན་འབྱུང་ལྡན་

เล่ม ๔๑ · หน้า 159a

གྱིའོ། །ཀུན་དུ་འབར་བའི་སྤྲིན་གྱིས་ཁྱབ། །ཅེས་བྱ་བ་ནི་དེ་ཉིད་ཀྱི་འོད་ཀྱི་དཀྱིལ་འཁོར་རོ། །པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པས་ནི་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པའོ། །འོད་ཟེར་སྣ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་དོན་ཡོད་པར་གྲུབ་

པ་འོད་ཟེར་ཁ་དོག་སྣ་ལྔ་པའི་འོད་འབར་ཞིང་ཕྱག་ན་རལ་གྲི་བསྣམས་པའོ། །ཁ་དོག་སྣ་ཚོགས་པ་ནི་མ་ཡིན་ཏེ། འབྱིན་པའི་སྐབས་སུ་ལྗང་གུ་ཉིད་དུ་བསྟན་པའི་ཕྱིར་རོ། །རང་གི་ཡི་གེ་གསུམ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་

ཡི་གེ་གསུམ་དུ་བྱས་ཏེ་བཅུག་པའི་རྗེས་ཐོགས་ལ་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སེམས་ཅན་མ་ལུས་པ་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཅན། རང་གི་སྐུ་

དང་གསུང་དང་ཐུགས་ཀྱི་ཡི་གེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཏེ་དེ་བཞིན་ཉིད་དོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའོ། །སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་དེ་བསྟན་པའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་བྱས་ནས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ཡི་གེ་

གསུམ་གྱི་རྣམ་པ་ཅན་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་པས་སྙིང་རྗེ་དང་ཤེས་རབ་ཐ་མི་དད་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་ཅན་གྱི་ཟླ་བའི་དཀྱིལ་འཁོར་དམར་སྐྱ་བལྟ་བར་བྱའོ། །ཏིང་ངེ་འཛིན་གསུམ་གྱི་རྗེས་ཐོགས་སུ་སློབ་བཞིན་པའི་རྣལ་འབྱོར་པས་

ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་བ་ཡིན་པས་རིན་ཆེན་ཁ་དོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རིན་ཆེན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཉུངས་ཀར་གྱི་འབྲུའི་ཚད་ཙམ་མོ། །རིགས་ལྔའི་ཡེ་ཤེས་བསྡུས་པ་ཉིད་ཡིན་པའི་ཕྱི་ཁ་དོག་ལྔ་པ་སྟེ། དེའི་དབུས་སུ་རྡོ་རྗེ་འཆང་

ཆེན་པོའི་རྣལ་འབྱོར་པས་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་དམ། ཡང་ན་ལྷ་མོ་བཞིས་ཡོངས་སུ་བསྐོར་ཞིང་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་གཟུགས་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱའོ། །སྣའི་རྩེ་མོར་ཞེས་བྱ་བ་ནི་རང་

เล่ม ๔๑ · หน้า 159b

གི་རིག་མའི་པདྨའི་སྣ་ནང་དུའོ། །ནན་ཏན་དུ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པར་རོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨར་སྦྱོར་བས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་དང་མཚན་དུའོ། །རིན་ཆེན་བརྟེན་པར་གྱུར་ཅེས་བྱ་བ་ནི་ཇི་སྲིད་དུ་སྒྲ་ལ་སོགས་པ་ཉེ་བར་གྱུར་པ་མི་འཛིན་པ་དང་།

བསམ་པར་བྱ་བ་ཙམ་ལ་དམིགས་པའི་མཚན་མ་མཐོང་བའི་སྒོ་ནས་སེམས་བརྟེན་པར་གྱུར་པར་ཤེས་པ་དེ་སྲིད་དུ་བསྒོམ་པར་བྱ་བའོ། །དེ་ནས་སེམས་དབང་དུ་གྱུར་པར་བྱ་བའི་ཕྱིར་སྤྲོ་བར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་འོད་ཟེར་དཀར་པོ་ལ་

སོགས་པའི་ཚོགས་ཀྱི་རྣམ་པ་ནི་སངས་རྒྱས་འབར་བའོ། །རྣམ་པར་སྤྲོས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་གང་དག་ལ་དེ་རྣམས་དང་འདྲ་བའི་འོད་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མཆོག་རབ་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་ཡིན་ཞིང་དེའི་སྤྲིན་ནི་ཚོགས་རྣམས་

ཏེ་དེ་དག་གིས་སོ། །དེ་ཉིད་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འཁོར་ལོ་ནི་དཀར་པོ་རྩིབས་བརྒྱད་པའོ། །རྡོ་རྗེ་ནི་ཨིནྡྲ་ནཱི་ལ་ལྟ་བུའོ། །སྤྲིན་ཆེན་ཞེས་བྱ་བ་ནི་སྒྲའི་རྗེས་སུ་འཇུག་པའི་ཤེས་རབ་ཀྱི་རང་བཞིན་གྱི་དྲིལ་བུ་དམར་སྐྱའོ། །པདྨ་དང་ནི་དེའི་ལྷ་

དང་རྗེས་སུ་མཐུན་པའི་མདོག་ཅན་ནོ། །མཛོད་ནི་ནོར་གྱི་ཁང་པ་སྟེ་དེའི་རང་བཞིན་ཅན་གྱི་ཡིད་བཞིན་གྱི་རིན་པོ་ཆེ་འཆར་ཀའི་ཉི་མ་ལྟ་བུའོ། །མཚོན་ཆ་ནི་རལ་གྲི་ཨུཏྤ་ལ་སྔོན་པོའི་མདོག་ཅན་ཏེ། རང་གི་རིགས་ནི་ཕྱག་མཚན་དེ་རྣམས་གཡས་པའི་རྩ་བའི་ཕྱག་གིས་འཛིན་ཅིང་ལྷག་མ་རྣམས་

གཞན་རྣམས་ཀྱིས་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཐམས་ཅད་ཕྱག་མཚན་དྲུག་འཛིན་པ་སྟེ་དེ་རྣམས་སོ། །དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས། །ཞེས་བྱ་བ་གསུངས་སོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། ལྷ་མོ་དང་ཁྲོ་མོའི་སྤྲིན་རྣམས་ཀྱང་ངོ་ཞེས་ཤེས་པར་བྱའོ། །

གང་ལ་གནས་ནས་འདི་བསྒོམ་པར་བྱ་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་བཙུན་མོའི་པདྨའོ། །དབུས་གནས་པ་ཞེས་བྱ་བ་ནི་དེའི་ནང་དུ་ཤེལ་གྱི་གདན་ལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་དང་གསེར་དང་མརྐ་ཏའི་

เล่ม ๔๑ · หน้า 160a

རང་བཞིན་གྱི་གདན་རྣམས་ལ་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་རྣམས་བསྒོམ་པར་བྱའོ། །འདི་དག་ཅེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྟེན་དང་བརྟེན་པའི་དངོས་པོ་རྣམས་སོ། །སྙིང་

པོ་བསྡུས་པ་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་རོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ལས་བྱུང་བས་ན་རྡོ་རྗེ་ལས་བྱུང་བའོ། །སྒོམ་པ་པོ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་དེའི་ཚུལ་ཐོབ་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་

ངེ་འཛིན་གྱི་ལེའུ་སྟེ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བསྒོམ་པ་བརྟན་པ་དང་ལྡན་པའི་སློབ་དཔོན་རྣམས་ཀྱིས་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་སྒོ་ནས་སེམས་བརྟེན་པར་བྱས་ཏེ། ཁྱད་པར་ཅན་ལ་མོས་པའི་མ་འོངས་པའི་སེམས་ཅན་ལ་དཀྱིལ་འཁོར་དུ་དམ་ཚིག་

དང་དབུགས་དབྱུང་བ་སྦྱིན་པ་ལ་ཐུག་པའི་ཆོ་གའི་སྒོ་ནས་དོན་བྱ་བའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་ལེའུ་དང་པོའི་འདུས་པ་ལ་ལྟོས་པའོ། །འདིས་ཞེས་བྱ་བ་ནི་འཆད་

པར་འགྱུར་བའི་བསྟོད་པས་སོ། །སྔོན་དུ་བསྙེན་པའི་བྱ་བ་ཐམས་ཅད་རྫོགས་པར་བྱས་ནས། ཡང་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་དབུས་ཀྱི་སྟན་ལ་ཉེ་བར་འདུག་སྟེ་བདག་པོའི་ང་རྒྱལ་དང་ལྡན་པ་ལ། ཤར་ལ་སོགས་པའི་ཕྱོགས་ན་གནས་ཤིང་། སངས་རྒྱས་རྣམས་ཀྱི་ང་རྒྱལ་དང་

ལྡན་པ་རྡོ་རྗེ་དང་དྲིལ་བུ་ཐོགས་པའི་སྒྲུབ་པའི་གྲོགས་མཆོག་རྣམས་ཀྱིས་བསྟོད་པའི་མཆོད་པས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པར་བྱ་བ་ཡིན་པས། དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙོམས་པར་འཇུག་པའི་སྒོ་ནས་སྤྲོ་བ་ལས་བྱུང་

ཞིང་བདེ་བ་ཆེན་པོའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་ཞི་བའི་དཀྱིལ་འཁོར་ཏེ། དབང་པོ་གཉིས་ནི་སྙོམས་འཇུག་པ། །མཁས་པས་རང་གི་ཁུ་བ་དག །རྣལ་འབྱོར་པས་ནི་རྟག་ཏུ་དབྱུང་། །དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ། །ཞེས་འདི་ཉིད་ལས་བཤད་པའི་ཕྱིར་རོ། །

เล่ม ๔๑ · หน้า 160b

དེ་ཉིད་ནི་གནས་ཏེ་ལྷ་ཐམས་ཅད་ཀྱི་གནས་སོ། །བདག་མེད་ཅེས་བྱ་བ་ནི་ཤེས་རབ་ཀྱི་རྣམ་པར་དག་པའོ། །ཆོས་རྣམས་ཀུན་གྱི་མཆོག་ཅེས་བྱ་བ་ནི་ཡེ་ཤེས་ལྔ་དང་རིགས་ལྔ་བསྐྱེད་པའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོའི་རྒྱུ་མཐུན་པ་སྟེ། ཡོན་ཏན་གྱི་ཁྱད་པར་ཅན་དེ་ལྟ་བུ་དང་ལྡན་

པ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དེ་ནི་རིགས་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ནོ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །ཞེས་བྱ་བ་ནི་ཟུར་བཞི་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །རི་མོ་སྦོམ་པ་དང་ཕྲ་བ་དང་འཁྱོག་པ་ལ་སོགས་པའི་སྐྱོན་

ཐམས་ཅད་དང་བྲལ་བ་ཉིད་ཡིན་པའི་ཕྱིར། མཚན་མིན་ཐམས་ཅད་ཡང་དག་སྤངས་པ་སྟེ་སྐུའི་དཀྱིལ་འཁོར་རོ། །ཞི་བའི་ཆོས་ནི་སོ་སོར་རྟོག་པའི་ཡེ་ཤེས་ནི་དེ་ལས་བྱུང་བའི་མཆོག་ནི། འགྲོ་བ་མ་ལུས་པའི་བྱ་བ་གཙོ་བོར་གྱུར་པའི་རང་བཞིན་དུ་གྲུབ་པ་སྟེ་གསུང་གི་དཀྱིལ་འཁོར་

རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དེར་ཡེ་ཤེས་ཀྱི་སྤྱོད་པས་དེ་རྣམས་རྣམ་པར་སྦྱོང་བ་ནི་དཀྱིལ་འཁོར་ཉིད་ཡིན་ཏེ། བདེ་བ་ཆེན་པོ་རབ་སྒྲུབ་ཕྱིར། །གང་དུ་ཞུགས་པ་ཙམ་གྱིས་ནི། །དེ་རྣམས་ཟིལ་གྱིས་མི་ནོན་ཅིང་། །ཕྱིར་མི་ལྡོག་ཅིང་མཁས་པར་འགྱུར་

ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སྡུད་པར་བྱེད་ཅིང་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་ཐུགས་ཀྱི་དཀྱིལ་འཁོར་ནི་སེམས་ཅན་ཀུན་གྱི་སེམས་ཆེན་པོའོ། །དེ་ཉིད་ནི་རང་བཞིན་དག་པ་སྟེ། དཀྱིལ་འཁོར་གསུམ་པོ་དེ་རྣམས་སུ་སེམས་ཅན་རྣམས་ཀྱི་འདོད་པ་ཀུན་དུ་སྒྲུབ་པར་

མཛད་པ་ཉིད་ཡིན་པའི་ཕྱིར་ཀུན་དུ་བཟང་པོའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་སུའོ། །ཉོན་མོངས་པའི་དགྲ་འཇོམས་པའི་ཕྱིར་སྟོན་པའོ། །འཇིག་རྟེན་གསུམ་ནི་ས་འོག་དང་ས་སྟེང་དང་ས་བླའི་འཇིག་རྟེན་ནོ། །ཁམས་གསུམ་པ་ནི་འདོད་པ་དང་གཟུགས་དང་

གཟུགས་མེད་པའི་ཁམས་ཀྱི་རང་བཞིན་ཅན་ནོ། །འཇིག་རྟེན་གསུམ་གྱི་མཆོག་ནི་དམ་པ་སྟེ་ཚངས་པ་ལ་སོགས་པ་རྣམས་ཡིན་ཞིང་དེ་རྣམས་ལས་རྡོ་རྗེ་སྟེ་ཡེ་ཤེས་ཀྱིས་གཙོ་བོར་གྱུར་པ་ནི་ཉན་ཐོས་དང་རང་རྒྱལ་བ་རྣམས་སོ། །འཇིག་རྟེན་གསུམ་གྱི་མཆོག་ཚངས་པ་ལ་སོགས་པ་རང་རྒྱལ་

เล่ม ๔๑ · หน้า 161a

བ་རྣམས་ལ་ཐུག་པ་དེ་རྣམས་ལས་མཆོག་སྟེ། གཙོ་བོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཞིང་དེ་རྣམས་ལས་ཀྱང་མཆོག་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་འཆོས་པར་བྱེད་ཅིང་རང་གི་བསྟན་པ་ལ་སྦྱོར་བར་བྱེད་པས་ན་སྟོན་པ་སྟེ། དཔལ་རྡོ་རྗེ་

སེམས་དཔའ་དེས་དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཀྱི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་འདི་སྙིང་པོ་བསྡུས་པ་ཡིན་པའི་ཕྱིར། དཀྱིལ་འཁོར་དང་འདྲ་བ་ཡིན་ཞིང་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བར་བཤད་དོ། །དེ་ལས་ཞེས་བྱ་བ་ནི་སྐབས་སུ་

བབ་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་སུའོ། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་སྒོ་ནས་བྲི་བའི་དཀྱིལ་འཁོར་ཡིན་ཏེ། ཡོན་ཏན་དང་རྣམ་པར་སྨིན་པ་དང་དབྱིབས་ལ་སོགས་པ་དེ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་

སོགས་ལྷ་རྣམས་ཀྱི། །འཁོར་ལ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག་པ་ཇི་འདྲ་ཐོབ། །ཕྱི་ནས་བྲིས་པ་ལས་དེ་བཞིན། །ཞེས་འབྱུང་བའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། དཀྱིལ་འཁོར་ཞེས་བྱ་བ་ལ། ཐུགས་ཀྱི་གཙོ་བོར་གྱུར་པ་ཉིད་ཀྱི་རྒྱུད་ཡིན་པའི་ཕྱིར། དང་

པོར་ཐུགས་ཀྱི་དཀྱིལ་འཁོར་བཤད་མོད་ཀྱི། འོན་ཀྱང་གསོལ་བ་བཏབ་པའི་ཚུལ་བཞིན་དུ་ལེའུ་བཅུ་དྲུག་པ་ལས་གསུངས་པའི་སྐུ་དང་གསུང་གི་དཀྱིལ་འཁོར་དག་ཀྱང་གཟུང་བར་བྱའོ། །རབ་ཏུ་རྣམ་པར་ཕྱེ་ནས་བཤད་པ་ནི་རབ་ཏུ་བཤད་པར་བྱའོ། །སར་པ་ཞེས་བྱ་བ་ནི་གསར་དུ་བཀལ་

བའོ། །ལེགས་པར་བཀལ་བ་ནི་མདུད་པ་ལ་སོགས་པ་མེད་པའོ། །ཚད་མ་ཞེས་བྱ་བ་ནི་ཁྲུ་ཉི་ཤུ་རྩ་བཞི་ལས་ལྷག་མ་དང་བཅས་པའམ་སྒྲུབ་པ་པོའི་ཁྲུ་དྲུག་པའོ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་བྱ་བ་ནི་ཁ་ཅིག་ན་རེ་ལོགས་རེ་རེ་ཞིང་ཁྲུ་གསུམ་པ་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་གསང་བའི་

དཀྱིལ་འཁོར་ཉིད་ཡིན་པའི་ཕྱིར་དེ་ཉིད་རིགས་པ་ཡིན་ནོ། །ངོས་བཞི་ནི་མི་མཉམ་པ་མེད་པའོ། །ཕྱོགས་བཞིའི་རི་མོ་ཕན་ཚུན་ཕྲད་པ་ཉིད་ཡིན་པའི་ཕྱིར་གྲྭ་བཞིར་ལྡན་པའོ། །དེའི་ཞེས་བྱ་བ་ཕྱིའི་དཀྱིལ་འཁོར་གྱི་དབུས་སུ་ནང་གི་དཀྱིལ་འཁོར་ཟླུམ་པོའོ། །དེ་ནས་ལས་ཀྱི་ཆོ་ག་ནི། མཐོང་བས་

เล่ม ๔๑ · หน้า 161b

ཕྱག་རྒྱ་དགོད་པར་བྱ། །ཞེས་བྱ་བ་ལ་ཆོ་ག་ཞེས་བྱ་བའི་སྒྲ་ནི་སེམས་ཅན་རྣམས་བཞུགས་པའི་ཕྱིར་དམ་ཚིག་གི་དཀྱིལ་འཁོར་བྲི་བ་སྟེ་དེའི་ཕྱིར་དེ་བཤད་པར་བྱའོ། །སློབ་དཔོན་ལན་གཉིས་གསུམ་གསོལ་བཏབ། །གསང་བ་དམ་པ་བདུད་རྩིས་སྣོད། །གུས་དང་ལྡན་ཞིང་ཡང་དག་བརྟགས། །

སློབ་མ་བཟང་པོ་ཐར་པར་འདོད། །དཔལ་ལྡན་འདུས་པས་གཟུང་འོས་པ། །དེ་རྣམས་སྙིང་རྗེའི་སེམས་ལྡན་པ། །བདག་གི་བྱང་ཆུབ་དགོད་སྙམ་གཟུང་། །དེ་ལ་རེ་ཞིག་རྡོ་རྗེ་ཐེག་པ་ཆེན་པོའི་ཚུལ་ལ་མཁས་ཤིང་འགྲོ་བ་མ་ལུས་པ་ཀུན་དུ་གདོན་པའི་བསམ་པ་དང་ལྡན་པ། དད་པ་དང་ཐོས་

པ་ལ་སོགས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་ཀུན་དུ་རྟོགས་པར་གྱུར་པས་ཡུལ་གྱི་ལོངས་སྤྱོད་མ་ལུས་པ་དྲི་མ་མེད་པར་བྱས་པ། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པའི་ལྷག་པའི་བསམ་པས་རྣམ་པར་དག་པའི་དགའ་བ་ལ་གནས་པ། ཤེས་རབ་ཀྱི་ཚོགས་

མངོན་པར་འཕེལ་བས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བའི་གཏི་མུག་གི་དྲ་བའི་ལིང་ཏོག་ཐག་རིང་དུ་འཕངས་པའི་སློབ་དཔོན་གྱིས། གང་གི་ཚེ་སློབ་མས་གསོལ་བ་བཏབ་པ་དེའི་ཚེ། སེམས་ཅན་གྱི་ཁམས་འདི་ཐམས་ཅད་བདག་གིས་བླ་ན་མེད་པའི་བདེ་བ་ཆེན་པོའི་གོ་

འཕང་ལ་དགོད་པར་བྱའོ་སྙམ་པའི་ལྷག་པའི་བསམ་པ་དང་ལྡན་པར་བྱས་པས་སློབ་མ་ལ་ཁྱོད་ཀྱི་ཡོ་བྱད་ཐམས་ཅད་ཚོགས་སམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །གལ་ཏེ་ཅུང་ཟད་ནི་ཚོགས། ཅུང་ཟད་ནི་མ་ཚོགས་སོ་ཞེས་ཟེར་ན། དེའི་ཚེ་དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་

གེ་ཧཱུྃ་བཀོད་པའི་འོད་ཟེར་རྣམས་ཀྱིས་སྙིང་ག་ན་གནས་པའི་ཡི་གེ་ཀཾ་ལས་བྱུང་བའི་མདོག་ནག་པ་རྣམ་པར་གཙིགས་ཤིང་ཤ་ཟ་དང་མཚུངས་པའི་སྡིག་པ་སྣའི་རྩེ་མོ་ནས་ཕྱུང་སྟེ། ཡི་གེ་ཧཱུྃ་དེ་ཡང་སྙིང་གར་ཕྱིན་པར་བྱས་ནས། གཡོན་བརྐྱང་བས་གནས་ཤིང་མཆེ་བ་གཙིགས་པ། སྙིང་གར་

གཡོན་པས་མཆེ་བ་དང་བཅས་པའི་སྡིགས་མཛུབ་བྱས་ཤིང་ཕྱག་གཡས་པ་མཆེ་བ་འཕྱར་བ་དང་ལྡན་པ་མངའ་བའི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་སུ་བྱས་ཏེ་ཕྱུང་ནས། ཨོཾ་བཛྲ་ཡཀྵ་ཀྲོ་དྷ། ཁཱ་ད་ཁཱ་ད། སརྦ་པཱ་པ་ནི་ཨ་སྱ་ཧཱུྃ་ཕཊ། ཅེས་བྱ་བས་སྡིག་པ་ཟར་བཅུག་སྟེ། ཡི་གེ་སཾ་ལས་ཀུན་དུ་བཟང་

เล่ม ๔๑ · หน้า 162a

པོའི་གཟུགས་རྣམ་པར་བསམས་ལ་སྔར་བཤད་པའི་བདུད་རྩི་འཁྱིལ་པས་དེའི་སེམས་ཀྱི་བགེགས་རྣམས་ཕུར་བུས་བཏབ་སྟེ། དེ་ལས་བྱུང་བའི་འོད་ཟེར་གྱིས་དྲག་པོའི་ཚོགས་རྣམས་ཀྱིས་གདུག་པ་རྣམས་ཀུན་དུ་བསྲེགས་ལ། སློབ་མའི་སེམས་ཀུན་དུ་བསྲུང་བའི་

ཕྱིར་མགོའི་སྟེང་དུ་དབྱངས་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དང་། དབྱངས་ཐ་མ་ལས་བྱུང་ཞིང་དེ་ལ་གནས་པའི་ལས་ཀྱི་རྡོ་རྗེ་དབུས་ན་ཡི་གེ་ཧཾ་གིས་མཚན་པ་བསམ་པར་བྱའོ། །དེ་ནི་སློབ་མ་ཡོངས་སུ་གཟུང་བའོ། །དེ་ནས་སྒྲུབ་ཐབས་ལས་བསྟན་པའི་གནས་སུ་དེ་ལས་བཤད་

པའི་བསྲུང་བའི་ཆོ་ག་དང་ཏིང་ངེ་འཛིན་གསུམ་བསྒོམ་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་གང་ཡང་རུང་བ་བསྒོམ་པས་སེམས་བརྟན་པར་བྱས་ཏེ། བྱང་ངམ་ཤར་གྱི་ཕྱོགས་ཀྱི་ཆར་ལྷ་རྣམས་རེ་རེ་ཞིང་བཟླས་པ་འབུམ། ཀུན་ནས་མཛེས་ཤིང་སྣུམ་པ་དང་། །ཟུག་

རྔུའི་ཉེས་པ་དང་བྲལ་ཞིང་། །ཡིད་འོང་ཤར་དང་བྱང་དུ་གཞོལ། །ཤིང་དང་མེ་ཏོག་ཆུར་ལྡན་པ། །ཡང་ན་ཡིད་ནི་ཉམས་དགའ་བ། །གང་ཡང་རུང་བར་ཡང་དག་བརྩམ། །དེ་ནས་ཕྱི་དྲོའི་དུས་སུ་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་ཡི་གེ་བཾ་ལས་བྱུང་བའི་སའི་ལྷ་མོ་མདོག་སེར་པོ་ལག་

ན་གསེར་གྱི་བུམ་པ་ཐོགས་པ་ལུས་ཕྱེད་ཕྱུང་བ་རྣམ་པར་བསམས་ལ། ལག་པ་གཡས་པས་ས་ལ་རེག་ཅིང་བསྐུལ་བར་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་སྤང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་

ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདུད་དཔུང་ཕམ་བྱས་ནས། །བདག་ནི་དཀྱིལ་འཁོར་འདྲི་བར་བྱེད། །སྔགས་པས་ཆོ་ག་བཞིན་བསྐུལ་ཏེ། །ལག་པས་ས་ལ་རེག་ནས་ནི། །དྲི་དང་མེ་ཏོག་སོགས་མཆོད་ནས། །དེ་ཉིད་དུ་ནི་ཐིམ་པར་བསམ། །ས་བདག་ལ་སོགས་

པ་རྣམས་ལ་གཏོར་མ་དང་མཆོད་པ་ལ་སོགས་པ་བྱིན་ཏེ་ས་བསླངས་ལ་དེ་ཉིད་དུ་ཉལ་བར་བྱའོ། །གལ་ཏེ་རྨི་ལམ་ལ་སོགས་པ་འཁྲུལ་པ་བྱུང་ན། དེའི་ཚེ་ཕྱི་དེ་ཞག་ཉི་མ་ཕྱེད་ཀྱི་དུས་སུ་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་མངོན་སྤྱོད་ཀྱི་ཆོ་གས་བགེགས་རྣམས་ཉེ་བར་གཞོམ་པའི་ཕྱིར་

เล่ม ๔๑ · หน้า 162b

སྦྱིན་སྲེག་བྱས་ཏེ་ཕྱི་དྲོའི་དུས་སུ་ཁྲུས་བྱས་ཤིང་ཡན་ལག་དྲི་ཞིམ་པོས་བྱུགས་ལ། རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས་འཆད་པར་འགྱུར་བའི་ཚུལ་བཞིན་དུ་ཞི་བའི་སྦྱིན་སྲེག་བྱས་ནས། དངོས་གྲུབ་ཐ་མ་དང་འབྲིང་དང་མཆོག་གི་བྱེ་བྲག་གིས། ས་པུས་མོ་དང་རྐེད་པ་དང་ལྟེ་བ་ཙམ་དུ་

བརྐོས་ལ། སྦུན་པ་དང་རྡོ་བ་དང་སོལ་བ་དང་། རུས་པ་དང་གསེག་མ་དང་གྱོ་མོ་ལ་སོགས་པ་དང་བྲལ་བར་བྱས་ཏེ། བདུད་རྩི་ལྔའི་ཆུས་དྲི་དང་ལྡན་པར་བྱས་པའི་ས་དྲི་ཞིམ་པོ་གཞན་གྱིས་ཀུན་དུ་དགོང་བར་བྱའོ། །འཕགས་པ་བདུད་རྩི་འཁྱིལ་པ་བཟླས་པའི་བདུད་རྩིའི་ཆུས་ཆག་ཆག་

བཏབ་སྟེ། མི་བསྐྱོད་པ་དང་བཅས་པའི་ལག་མཐིལ་གྱིས་བཅགས་ལ་གཞལ་ཡས་ཁང་གི་ནང་ན་གནས་ཤིང་རིན་པོ་ཆེ་དང་སྨན་དང་འབྲུ་ཐམས་ཅད་ཀྱི་སྙིང་པོ་དང་ལྡན་པ། ཕྱོགས་བཞི་རུ་རྟ་བབས་དང་ཡོལ་བ་བྲེས་པ། ཀུན་ནས་རབ་ཏུ་རྣམ་པར་སྤྲས་པ། དྲིལ་བུ་བཟང་པོ་བཏགས་པའི་

རྒྱལ་མཚན་མཛེས་པ་དང་ལྡན་པའི་བླ་རེ་བྲེས་པས་མཆོག་ཏུ་གྱུར་པ། དཔལ་བདུད་རྩི་ཞེས་བྱ་བའི་ཁྲོ་བོའི་རྣལ་འབྱོར་གྱིས་ཡི་གེ་གསུམ་གྱིས་མངོན་པར་འདུས་བྱས་པའི་བདུད་རྩི་ལྔས་བྱུགས་པ། སྤོས་དང་མེ་ཏོག་ལ་སོགས་པ་དང་ཡང་དག་པར་ལྡན་པར་བྱས་ཤིང་། ཁྲོ་བོའི་བལྟ་བས་

གཡོན་ཕྱོགས་སུ་བལྟ་བའི་སྒོ་ནས་རིམ་གྱིས་གདུག་པ་རྣམས་བསྐྲད་པ་དང་། ཕྱོགས་བཅིང་བ་ལ་སོགས་པ་བྱས་ཏེ། ཨོཾ་བྷུ་ཁཾ་ཞེས་བྱ་བས་ས་གཞི་ནམ་མཁར་གྱུར་ཅིང་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་རྡོ་རྗེའི་རྡུལ་ཕྲ་རབ་རྣམས་ལས་གྲུབ་པ། ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུྃ་ཞེས་བྱ་བ་འདི་ཡིས་བྱིན་

གྱིས་བརླབས་ནས། ལག་པ་གཡས་པས་རེག་སྟེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་མངོན་པར་བཟླས་པའི་ས་གཞིར་བྱའོ། །འདུ་ཁང་དང་། རྡོ་ལེབ་ཀྱི་སྟེང་དང་། བ་ལང་གི་ལྟས་དང་། དྲང་སྲོང་གི་གནས་དང་། གཙུག་ལག་ཁང་ལ་སོགས་པ་དང་། ཆུ་བོའི་འགྲམ་དག་ལ་ནི་

ཡི་གེ་གསུམ་བཟླས་པར་བྱ་སྟེ་བརྐོ་བར་ནི་མི་བྱའོ། །དེ་ལྟ་བུ་ནི་ས་སྦྱང་བ་དང་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་ཉི་མ་རེ་རེའམ་ཟླ་བ་རེ་རེའམ་ལོ་རེ་རེ་ཞིང་དཀྱིལ་འཁོར་བྲི་བར་བྱ་སྟེ། ཉ་ནས་བརྩམས་ནས་ཕྱི་མའི་ཉའི་བར་རམ་ཡར་ངོའི་ཚེས་གཅིག་གམ་བརྒྱད་དམ་དགུ་ལ་སོགས་པ་ནས་བརྩམས་ཏེ་ཉའམ་

เล่ม ๔๑ · หน้า 163a

སྔ་དྲོའི་མཚམས་ཀྱི་དུས་ནས་བརྩམས་ཏེ་ཞག་དེ་ཉིད་ལ་ཐམས་ཅད་བྱའོ། །དེ་ནས་སྔར་བཤད་པའི་གནས་བསྐྱེད་པའི་རིམ་པ་གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་ས་གཞིར་ལྷག་པར་མོས་པ་བྱས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གནས་ལ། དེ་བཞིན་དུ་པདྨ་

དང་ཟླ་བ་ལ་སོགས་པའི་གདན་རྣམས་བསམས་ནས། དེའི་དབུས་ཀྱི་གདན་ལ་འདུག་པའི་རྡོ་རྗེ་འཆང་བདག་ཉིད། དེང་ནི་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་

དང་སེམས་གཅིག་པས། །ཕྱིར་མི་ལྡོག་པ་ཉིད་དུ་འགྱུར། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །

ཞེས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བཙལ་ནས། ལག་ཏུ་སྤོས་ཀྱི་རེང་བུ་ཐོགས་པས་སངས་རྒྱས་ཐམས་ཅད། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་

དཀྱིལ་འཁོར་བྲི། །དེ་རིང་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་དེ་འདྲ་སྩལ་དུ་གསོལ། །ཞེས་བྱ་བས་སྤྱན་དྲང་བར་བྱའོ། །དེ་ནས་དབུས་ཀྱི་གདན་ལ་བཞུགས་པའི་གཙོ་བོའི་རྣལ་འབྱོར་ཉིད་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ལ། རྡོ་རྗེའི་རིགས་ཀྱིས་མངོན་

པར་འདུས་བྱས་པའི་ཕྱི་རོལ་གྱི་བུད་མེད་དང་ལྡན་པས་མཆོད་པ་བསྡུས་པའི་ཟླ་བའི་དཀྱིལ་འཁོར་དུ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་རྣམས་མི་བསྐྱོད་པ་ལ་སོགས་པ་རྣམས་ཡང་དག་པར་ཕྱུང་ནས། དེ་རྣམས་ཀྱིས་ཞེ་སྡང་ལ་སོགས་པའི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་བྱས་ནས་

བཀུག་སྟེ། རང་གི་གནས་ལ་གནས་པར་བྱས་ནས། སྤྲོ་བ་དང་བསྡུ་བ་དང་བསྟིམ་པ་དང་བརྟན་པར་བྱ་བ་དང་མཉེས་པར་བྱ་བ་དང་། ལས་ལ་གནས་པར་བལྟས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ྅ཧཾ། ཞེས་བརྗོད་ལ་རྡོ་རྗེའི་བདག་ཉིད་དང་རང་

เล่ม ๔๑ · หน้า 163b

བཞིན་གྱིས་དག་པ་དང་། ལྷ་ཐམས་ཅད་དང་ཐ་དད་པ་མེད་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་ཤར་ལ་སོགས་པའི་ཕྱོགས་ན་གནས་ཤིང་རྡོ་རྗེ་དང་དྲིལ་བུ་མཆོག་ཐོགས་པའི་བསྒྲུབ་པའི་གྲོགས་མཆོག་རྣམས་ཀྱིས་དཀྱིལ་འཁོར་

བྲི་བའི་ཕྱིར། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པའི་བསྟོད་པའི་མཆོད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་རྡོ་རྗེ་དང་དྲིལ་བུ་ཐོགས་པས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ཧཱུྃ་བཛྲོ་ཏིཥྛ། ཞེས་བྱ་བས་ཇི་ལྟར་སྤྲུལ་པའི་

དཀྱིལ་འཁོར་གྱི་འཁོར་ལོ་བཏེག་ལ། དཔལ་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་ཞིང་། མིག་གཡོན་ཡི་གེ་ཊ་ཡིས་ཟླ་བར་བྱས། །ཡི་གེ་མ་ཡིས་ཉི་མ་མིག་གཡས་བཀོད། །རྡོ་རྗེ་འཆང་གི་ང་རྒྱལ་ལེགས་འཆང་བས། །དཀྱིལ་འཁོར་ས་གཞིའི་ཆ་རུ་ཡོངས་སུ་བསྐོར། །རྡོ་རྗེ་ར་བ་

ལ་སོགས་པ་ཀུན་དུ་རྣམ་པར་འགོད་ཅིང་རྐང་པའི་མཐིལ་དུ་སྣ་ཚོགས་རྡོ་རྗེ་བཀོད་པ། ཁྲོ་བ་དང་བཅས་ཤིང་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱས་པས་ཡི་གེ་གསུམ་འདོན་ཅིང་རོལ་པ་དང་བཅས་པའི་གར་གྱི་འགྲོས་ཀྱིས་དཀྱིལ་འཁོར་ས་གཞིའི་ཆ་རུ་ཡོངས་སུ་བསྐོར་བར་བྱའོ། །དཔལ་ལྡན་

རྡོ་རྗེ་སེམས་དཔར་སྦྱོར། །མཆུ་ཡིས་མ་མཁལ་ཡང་དག་བསྡམས། །དཔལ་ལྡན་གཡོན་དུ་བསྙེམས་བཅས་པས། །འཁོར་ལོའི་ཕྱོགས་སུ་སྟང་སྟབས་བྱ། །འོག་དང་སྟེང་དག་བྱིན་བརླབས་ཏེ། །ས་འོག་ས་སྟེང་ས་བླར་བསམ། །ཡི་གེ་ཧཱུྃ་ནི་བརྗོད་བྱས་ན། །བདག་ཉིད་ངན་

པས་འཇུག་པར་དཀའ། །དེ་ནས་སྔ་མ་བཞིན་དུ་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་མཆོད་རྟེན་རྣམ་པར་བསམས་ཏེ། གསང་བའི་དཀྱིལ་འཁོར་ལ་བོང་ཐུང་ཞིང་གསུས་པ་ཆེ་ལ་ཁ་དོག་གནག་པ། རལ་པ་དང་ལྡན་ཞིང་ཞལ་གསུམ་པ་གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ། ཅིག་ཤོས་

དག་ན་པདྨ་དང་དྲིལ་བུ་བསྣམས་པ། གདུལ་བྱ་རྣམས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར། སྒོར་གྱུར་པའི་ཞལ་དེ་རྣམས་ནས་རང་གི་ཁོང་པར་འཇུག་པར་བྱེད་ཅིང་རྟེན་དུ་གྱུར་པའི་རྡོ་རྗེ་རྒྱུའི་ངོ་བོ་རྣམ་པར་བསམས་ལ། བསྒོ་དབྱེ་བའི་སྔགས་ཀྱིས་སྒོ་རྣམས་ཕྱེ་སྟེ། ཨོཾ་བཛྲ་མཎྜ་ལ་ཧཱུྃ་ཛཿ

เล่ม ๔๑ · หน้า 164a

ཞེས་བྱ་བ་འདིས་གསང་བའི་དཀྱིལ་འཁོར་དགུག་པར་བྱ་ཞིང་། ཨོཾ་མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷྱ་ཧཱུཾ། ཞེས་བྱ་བས་དཀྱིལ་འཁོར་བྱིན་གྱིས་བརླབས་ལ། སྔ་མ་བཞིན་དུ་འཕགས་པ་ཁྲོ་བོ་བདུད་རྩི་ཞེས་པའི་བསམ་གཏན་གྱི་ཕུར་བུས་ཕྱིའི་དཀྱིལ་འཁོར་གྱི་ཟུར་བཞིར་

ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པ་དང་། བཛྲ་མུངྒ་ར་ཧཱུྃ་ཞེས་བྱ་བ་འདིས་ཕུར་བུས་གདབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཡི་གེ་ཧཱུཾ་བརྗོད་ཅིང་། ཕྱོགས་ཀྱི་མཚམས་དང་ནམ་མཁའ་བཅིང་བ་ལ་སོགས་པའི་བསྲུང་བ་བྱས་ནས་འཆད་པར་འགྱུར་བའི་ཆོ་གས་འཕགས་པ་བདུད་རྩི་

འཁྱིལ་པ་ཡོངས་སུ་བཟླས་པའི་ལས་ཐམས་ཅད་པའི་བུམ་པ་ཀུ་ཤའི་བམ་པོ་དང་ལྡན་པ། འཇུག་པ་རྣམས་གསང་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཕོ་བྲང་ལས་ཕྱི་རོལ་དུའམ་ནང་གི་སྒོ་དང་ཉེ་བར་གཡས་སུ་བཞག་སྟེ། བགེགས་མཐར་བྱེད་ཀྱི་ང་རྒྱལ་གྱིས་སྙིང་པོའི་སྔགས་ཡང་དག་

པར་ཟློས་ཤིང་གྲོགས་པོ་ཤར་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་ས་གཞི་བདུད་རྩི་ལྔས་ཉེ་བར་འབྱུག་ཏུ་གཞུག་གོ། །དེ་ནས་བདག་པོ་ལྔའི་གནས་རྣམས་སུ་ཙནྡན་དང་བཅས་པའི་བདུད་རྩི་ལྔའི་དཀྱིལ་འཁོར་གྲུ་བཞི་རང་རང་གི་ལྷའི་སྔགས་ལན་བདུན་བཟླས་པ་རྣམས་གནས་ཇི་ལྟ་བ་

བཞིན་དུ་བྱས་ཏེ། མེ་ཏོག་རྣམས་ཀུན་དུ་བཀྲམ་ལ། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨའི་སྟེང་གི་ཟླ་བ་ལ་གནས་པས་དཀྱིལ་འཁོར་དེ་རྣམས་ལ་སྔ་མ་བཞིན་དུ་གདན་རྣམས་བསམས་ཏེ། རང་གི་གནས་ན་གནས་པའི་ལྷའི་འཁོར་ལོ་བལྟས་ལ་ནམ་མཁའ་ན་གནས་

པ་དང་གཅིག་ཏུ་བྱས་ཏེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། གསེར་དང་དངུལ་དང་ཟངས་མ་ལ་སོགས་པ་ལས་བྱས་པ་རྩ་བ་ན་གནག་བག་མེད་པ་ལྟོ་བ་ཆེ་ཞིང་མགྲིན་པ་རིང་བ་མཆུ་འཕྱང་བ། དྲི་དང་བཅས་པའི་གོས་བཟང་པོ་ཟུང་གཅིག་གིས་

མགྲིན་པ་བཅིངས་པ། ཡལ་ག་དང་འབྲས་བུ་བཟང་པོའི་ཁ་རྒྱན་དང་ལྡན་པ། རང་གི་བདག་པོའི་ཕྱག་མཚན་གྱིས་མཚན་པའི་རྣམ་པར་རྒྱལ་བའི་བུམ་པ། དཎྜོད་པ་ལ་དང་། སི་ཏ་རཀྟ་དང་། བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། གི་རི་ཀརྞི་ཀ་སྟེ་སྨན་ཆེན་པོ་དང་ལྡན་པ། ཨིནྡྲ་ནཱི་ལ་དང་།

เล่ม ๔๑ · หน้า 164b

མུ་ཏིག་དང་བྱུ་རུ་དང་དངུལ་དང་གསེར་ཏེ་རིན་པོ་ཆེ་ལྔ་དང་ལྡན་པ། ཏིལ་དང་ནས་དང་མ་ཤ་དང་གྲོ་དང་འབྲས་སོ་བ་སྟེ་འབྲུ་ལྔ་དང་ལྡན་པ། ས་བོན་གྱིས་མཚན་པ་ལ། བཛྲ་དྷྲྀཀ་ཅེས་བྱ་བ་འདི་བརྒྱ་རྩ་བརྒྱད་བཟླས་པའི་ཡོན་ཆབ་དང་དྲི་ཆབ་དང་། མངོན་པར་འདུས་བྱས་པའི་བདག་ཉིད་ཅུང་ཟད་

བླུགས་ཏེ། དེར་ཡི་གེ་ཧཱུྃ་ལས་འཕགས་པ་བདུད་རྩི་འཁྱིལ་པ། རལ་པ་གཅིག་མ་དང་སྙོམས་པར་ཞུགས་མ་རྣམ་པར་བསྒོམས་ལ་དབང་བསྐུར་ཏེ། ཡོན་ཆབ་དང་མཆོད་པ་རྣམ་པ་ལྔ་དང་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱང་ཡང་དག་པར་མཆོད་ནས། དེ་ལ་མེ་ཏོག་གི་ཕྲེང་

བས་བཅིངས་པའི་གསང་བའི་རྡོ་རྗེ་བཞག་སྟེ། ཕྲེང་བ་དེའི་རྩེ་མོ་ལག་པས་བཟུང་ནས། ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་ཧཱུཾ་ཕཊ། ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ཏེ། མེ་ཏོག་དཀར་པོ་སིལ་མས་གཏོར་ལ་སྤོས་དབུལ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་མེ་དང་ཐུགས་རྡོ་རྗེ་དག་གིས་ཐམས་ཅད་བྱས་ལ་སྤོས་

དབུལ་བར་བྱ་སྟེ། དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཉི་མ་གཡོན་བརྐྱང་བས་གནས་པ། སྐུ་མདོག་སྔོན་པོ་སྙིང་གར་གཡོན་པས་ཁྲོ་བོའི་ཁུ་ཚུར་གྱི་སྡིགས་མཛུབ་བྱས་པ། གཡས་པ་ན་རྡོ་རྗེ་འབར་བ་བསྣམས་པའི་སྔགས། ཧཱུྃ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་

བྱ་བ་འདི་བཟླས་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིར་ལྷའི་འཁོར་ལོ་བཀོད་ཀྱི་བར་དུ་བྱ་སྟེ། དེ་ནི་བུམ་པ་ལྷག་པར་གནས་པའོ། །དེ་ནས་ཕྱི་རོལ་པ་རྣམས་ལ་གཏོར་མ་བྱིན་ཏེ། འཕགས་པ་བདུད་རྩི་འཁྱིལ་པ་ཞེས་བྱ་བས་བགེགས་གཞོམ་པའི་སྦྱིན་སྲེག་དང་། རྡོ་རྗེ་འཆང་ཆེན་

པོས་ཞི་བའི་སྦྱིན་སྲེག་བྱས་ལ་དཀྱིལ་འཁོར་པ་རྣམས་ཡང་དག་པར་བཀོད་དེ་མཆོད་ནས། ཡོན་ཆབ་ཕུལ་ལ་ལྷག་པར་གནས་པར་བྱ་སྟེ། ལྕེའི་རྩེ་མོ་ལ་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྣམ་པར་བསམས་ལ། ཨོཾ་པདྨ་ས་ར་སྭ་སྟི་ས་ཏྱཾ་ཨ་བརྟ་ཡ་ཤོ་དྷ་ཡ་ཤོ་དྷ་ཡ་ཧཱུཾ་ཧཱུཾ་ཧྲཱི། ཧྲཱི་ཞེས་བྱ་བས་ལྕེ་

བྱིན་གྱིས་བརླབས་ཏེ། ལག་ན་སྤོས་ཀྱི་རེང་བུ་ཐོགས་པས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ནས། ཐུགས་རྗེས་ཟིན་པས་དགོངས་པ་ཅན། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །རྡོ་རྗེ་འཆང་བདག་ཆེ་གེ་མོ། །ཅི་འབྱོར་པ་ཡི་ཡོ་བྱད་

เล่ม ๔๑ · หน้า 165a

ཀྱིས། །ནང་པར་གྱི་ནི་དུས་སུ་བྲི། །སྲས་དང་བཅས་པར་གཤེགས་སུ་གསོལ། །ཞེས་བྱ་བས་ལྷག་པར་གནས་པར་བྱའོ། །དེ་ནས་སློབ་མ་རྣམས་ལྷག་པར་གནས་པར་བྱ་སྟེ། དཀྱིལ་འཁོར་གྱི་སྒོ་ལ་མངོན་པར་ཕྱོགས་པར་གནས་པ་སྔར་བཤད་པའི་མཚན་

ཉིད་དང་ལྡན་པའི་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་ཕྱག་འཚལ་ནས། འདི་སྐད་དུ། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་གསུམ་དག་

ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་གཙོ་བོ་མངོན་དུ་བྱ་སྟེ་འདི་སྐད་དུ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆེན་ཆོ་ག །ཁྱོད་ལ་ཡང་

དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་འདས་གང་དང་། །དེ་བཞིན་མ་བྱོན་གང་དག་དང་། །ད་ལྟར་བྱུང་བའི་མགོན་གང་དང་། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་རྣམས་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་མཆོག་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །

ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ནི་གང་གིས་བཅོམ། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་སྐྱེད་ཅིག །ཅེས་བརྗོད་པར་བྱ་སྟེ། སློབ་

མ་རྣམས་ཀྱིས་སོ་སོར་རེ་རེ་ལ་བོས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཡང་དག་པར་འཛིན་དུ་བཅུག་ནས། སློབ་མ་རེ་རེ་ཞིང་མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ར་ལས་བྱུང་བའི་མེས་ཐལ་བར་བྱས་ཏེ། ཡི་གེ་གསུམ་གྱི་བདག་ཉིད་ཅན་རང་གི་ཁ་ནས་བཅུག་ལ། བདེ་བ་ཆེན་པོའི་

རང་བཞིན་གྱི་རྡོ་རྗེ་ནས་ཕྱུང་སྟེ། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ། སྙིང་ག་ན་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང་ལྡན་པ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བ་གོ་རིམས་བཞིན་དུ་ལྐོག་མ་དང་སྤྱི་བོ་དང་། དཔུང་པ་གཡས་པ་དང་གཡོན་པའི་རྩ་བ་དག་དང་། སྙིང་གར་བཀོད་ལ། བདག་གིས་སྡིག་པ་

เล่ม ๔๑ · หน้า 165b

བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་གང་། །མགོན་པོ་ཀུན་གྱི་སྤྱན་སྔར་དེང་། །དེ་ནི་བདག་གིས་བཤགས་པར་བགྱི། །རང་རྒྱལ་སློབ་མ་ལས་བྱུང་དང་། །ཐུབ་པ་སངས་རྒྱས་འགྲོ་བ་ཡི། །བསོད་ནམས་གང་ཡིན་དེ་ཀུན་ལ། །བསམ་པ་ཐག་པས་བདག་ཡི་རང་། །སངས་རྒྱས་

བྱང་ཆུབ་སེམས་རྣམས་ཀྱི། །བླ་ན་མེད་པའི་ཆོས་དཀོན་མཆོག །འཕགས་པ་བྱང་ཆུབ་སེམས་ཚོགས་ལ། །བདག་ནི་ཉེ་བར་སྐྱབས་སུ་མཆི། །རྫོགས་པའི་སངས་རྒྱས་ཆོས་བསྟན་གསོལ། །ནམ་ཡང་མྱ་ངན་འདའ་མ་མཛད། །སེམས་ཅན་རྣམས་ནི་བདེ་མཛད་དེ། །གོ་འཕང་

མཆོག་ནི་ཐོབ་པར་ཤོག །ཇི་ལྟར་སངས་རྒྱས་དེ་ཡི་སྲས། །བསྐལ་ཆེན་རྣམས་ཀྱིས་བསྐྱེད་པ་བཞིན། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་ཉིད་ནི་བསྐྱེད་པར་བགྱི། །བདག་ནི་ཐམས་ཅད་མཁྱེན་གྱུར་ནས། །ཀུན་གྱི་དབང་ཕྱུག་གནས་འདུག་སྟེ། །སྲིད་པའི་རྒྱ་མཚོ་མཐའ་

མེད་ལས། །འགྲོ་བ་འདི་ཀུན་བསྒྲལ་བར་བགྱི། །སངས་རྒྱས་ཉིད་ཐོབ་རྒྱུ་ལ་ཡང་། །ཅི་ནུས་པས་ནི་འཇུག་པར་བགྱི། །དེར་ཞེན་དེ་བཞིན་བརྟན་པ་ཡིས། །བདག་གིས་སྨོན་ལམ་གདབ་པར་བགྱི། །སྐྱེ་བ་འདི་ལ་གྲུབ་ཐོབ་ཕྱིར། །དེ་ཡི་ཐབས་ལ་བརྩོན་བྱེད་ཅིང་། །སྐྱོན་བྲལ་ཡོན་ཏན་

བདེ་ལྡན་དང་། །ཕུན་ཚོགས་ཀུན་ལ་དབང་ཐོབ་ཤོག །བདག་གིས་དགེ་བ་གང་བགྱིས་དང་། །ཅུང་ཟད་བགྱིས་པར་འགྱུར་བ་གང་། །དེས་ནི་བདག་དང་འགྲོ་བ་འདི། །བདེ་གཤེགས་གོ་འཕང་ཐོབ་པར་ཤོག །ཅེས་ལན་གསུམ་བརྗོད་དུ་བཅུག་ནས། སྡིག་པ་བཤགས་པ་ལ་སོགས་པ་

བྱེད་དུ་བཅུག་སྟེ། སྙིང་གར་ཡི་གེ་ཧཱུཾ་ལས་ཟླ་བ་དང་རྡོ་རྗེ་རྣམ་པར་བསམས་ལ། དྲིའི་ཆུས་བསངས་ཏེ། ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་གཏུགས་ཏེ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། སྤྱི་བོ་དང་ལྐོག་མར་ཡི་གེ་ཨོཾ་དང་

ཡི་གེ་ཨཱ་དག་ལས་འཁོར་ལོ་དང་པདྨ་རྣམ་པར་བསམས་ལ། ཛི་ན་ཛིཀ་དང་ཨཱ་རོ་ལྀཀ་ཅེས་བྱ་བ་འདིས་དེ་ཉིད་གདུགས་ཏེ། ཡི་གེ་གསུམ་བརྗོད་ལ། དེ་རྣམས་ཀྱི་ལག་པར་དྲི་དང་མེ་ཏོག་བྱིན་ནས་སྤོས་ཀྱིས་བདུགས་པ་དང་། མར་མེས་སྣང་བར་བྱས་ཏེ། འཕགས་པ་བདུད་རྩི་ཞེས་

เล่ม ๔๑ · หน้า 166a

བཟླས་པ། ཨུ་དུམྺཱ་ར་དང་ཨ་ཤྭདྠའི་རང་བཞིན་ཅན་སོར་བཅུ་གཉིས་པ། རྨ་མེད་པ་དྲིའི་ཆུས་བཀྲུས་པ། རྩེ་མོ་ལ་མེ་ཏོག་བཅིངས་པའི་སོ་ཤིང་། བླ་མ་ཁ་བྱང་དུ་བལྟས་པས་སློབ་མ་ཐལ་མོ་སྦྱར་བ་རྣམས་ལ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་བའི་ཀོ་བ་ཙམ་

གྱི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཁ་ཤར་དུ་བལྟས་པའམ། ཁ་བྱང་དུ་བལྟས་པས་རྩེ་མོ་ནས་བཅས་ལ། མ་གས་པ་མདུན་དྲང་པོར་ལྟོས་པ་མེད་པར་དོར་བར་བྱའོ། །དེ་ལ་རང་ལ་མངོན་དུ་ཕྱོགས་པར་ལྟུང་ན་བགེགས་མེད་པར་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་གལ་ཏེ་

ཁ་གྱེན་དུ་བལྟས་ཏེ་ལྷུང་བ་དེའི་ཚེ་རིག་པ་འཛིན་པའི་དངོས་གྲུབ་པོ། །ཁ་ཐུར་དུ་བལྟས་ཏེ་ལྷུང་ན་འོག་གི་དངོས་གྲུབ་པོ། །སྐོར་ཕྱོགས་ཀྱི་རིམ་གྱིས་ཤར་ལ་སོགས་པར་ཁ་བལྟས་ཏེ་ལྷུང་ན། རྒྱས་པ་དང་། མངོན་སྤྱོད་དང་། དབང་དང་། ཞི་བ་ལ་སོགས་པ་འགྲུབ་པོ། །དཀྱིལ་འཁོར་

ལས་ཕྱི་རོལ་དུ་ལྷུང་ན་ནི་དངོས་གྲུབ་མེད་དོ། །དེ་ནས་ཡི་གེ་བཾ་ལས་བྱུང་ཞིང་དེ་ཉིད་བཟླས་པའི་ཆུ་འཐོར་འཐུང་བྱ་བའི་ཕྱིར་བྱིན་ལ། ཨོཾ་ཧྲི་བི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙཱ། སཾ་ཤོ་དྷ་ཡ་སརྦ་བི་ཀལྦན་ཨ་པ་ན་ཡ་ཧཱུཾ། ཞེས་བྱ་བ་བཟླས་པའི་དྲི་དང་བདུད་རྩིའི་ཆུ་ཁྱོར་བ་གསུམ་འཐུང་དུ་བཅུག་སྟེ།

ཡི་གེ་ཧཱུཾ་ལས་བྱུང་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བ་བཟླས་པ། ཀུ་ཤ་སར་པ་མ་ཉམས་པ་ཅིག་སྔས་སུ་བྱིན་ཞིང་ཡི་གེ་ཧཱུཾ་ལས་བྱུང་བ་བདུད་རྩི་འཁྱིལ་པ་བཟླས་པའི་ཀུ་ཤ་སྟན་དུ་གདིང་བར་བྱ་བ་བྱིན་ཏེ། འདི་ཉིད་བཟླས་པའི་སྲུང་སྐུད་སུམ་སྒྲིལ་མདུད་པ་གསུམ་དང་ལྡན་པ། ཡི་གེ་

གསུམ་གྱིས་བརྟན་པར་བྱས་པ་རང་ཉིད་ཀྱིས་དེ་རྣམས་ཀྱི་དཔུང་པ་གཡས་པ་ལ་བཅིངས་ལ། ཨོཾ་ཤུདྡྷ་མཻ་ཏྲི་རཀྵ་སརྦ་སྭཱ་ཧཱ། ཞེས་བྱ་བ་བྱམས་པའི་གོ་ཆས་ཡང་དག་པར་བསྲུངས་ནས་ཆོས་བཤད་པས་གཟེངས་བསྟོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་

མཉམ་མེད་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་བསྐྱེད་བྱ་བ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་སྐྱེ་བར་འགྱུར་བ་ཡིན། །ཐེག་པ་ཆེན་པོ་འབྱུང་བ་ཆེ། །ལམ་མཆོག་འདི་

เล่ม ๔๑ · หน้า 166b

ནི་དཔལ་དང་ལྡན། །ཁྱེད་རྣམས་གང་ནས་འགྲོ་བ་ན། །སྐལ་བ་ཆེན་པོ་རང་འབྱུང་བ། །འཇིག་རྟེན་ཐམས་ཅད་འདུལ་མཛད་པའི། །དེ་བཞིན་གཤེགས་པར་འགྱུར་བ་ནི། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །

རྟག་པར་བྱ་མིན་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་ཀུན་གྱིས་མ་སྤྲོས་པ། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་མཆོག་ཁྱད་པར་འཕགས་པ་འདི། །ཚུལ་ལ་གནས་ནས་ཐོབ་པར་འགྱུར། །བཞིན་བཟངས་རྣམས་ལོངས་

ཤིག་ནང་པར་རྡོ་རྗེ་ཆེན་པོའི་བཀའ་དྲིན་གྱིས་ཐུགས་ཀྱི་དཀྱིལ་འཁོར་མཐོང་བར་འགྱུར་གྱིས། ཇི་ལྟར་མཐོང་བའི་རྨི་ལམ་ཡང་སྨྲོས་ཤིག་ཅེས་བརྗོད་ལ་གཏང་བར་བྱའོ། །དེ་ནི་ལྷ་དང་སློབ་མ་རྣམས་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ཡང་དག་པར་མཆོད་ལ། སློབ་

མ་དང་ལྷན་ཅིག་མཉམ་པར་གཞག་པའི་ཡིད་ཀྱིས་དཀྱིལ་འཁོར་གྱི་ས་གཞིའི་ཐ་མར་རྣལ་འབྱོར་པས་ཉལ་བར་བྱའོ། །དེ་ནས་ཉི་མ་གཞན་ལ་དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་བཀོད་དེ། བདུད་རྩི་དང་དྲི་ཞིམ་པོ་དང་བཅས་པའི་ཚོན་རྩི་དཀར་པོ་དང་སེར་པོ་དང་དམར་

པོ་དང་ལྗང་གུ་དང་སྔོན་པོ་ཡུངས་ཀར་གྱི་ཕྱེ་མ་དང་བསྲེས་པ་རྣམས་ཀྱིས་སོ་སོ་སོ་སོར་ཁ་བསྒྱུར་བའི་སྲད་བུ་རྣམས་རིམ་པ་དེ་ཉིད་བཞིན་དུ་བཞག་ལ། ཨོཾ་སྭཱ་ཨཱཿཧཱ་ཧཱུཾ་གི་ས་བོན་རྣམས་ཀྱིས་སྲད་བུ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་བཀོད་དེ། རང་གི་ཕྱོགས་ན་བཞུགས་པའི་

དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ས་བོན་དེ་དག་ཉིད་ཀྱིས་དེ་དང་དེའི་ཁ་དོག་ཅན་གྱི་འོད་ཟེར་གྱི་སྲད་བུ་རྣམས་གནས་པར་བལྟས་ལ། ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། རྡོ་རྗེའི་ཐིག་བདག་ལ་སྩལ་

དུ་གསོལ་ཞེས་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཡང་དག་པར་བསྐུལ་ནས། ཨོཾ་དཱིཔྟ་ཏིཥྛ་ཨཾ་ཀུ་ཤ་ཛཿ། ཞེས་བྱ་བ་མིག་དག་ལ་བཀོད་དེ། རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་བྱེད་པའི། །འབར་བའི་ལྟ་བའི་ལྕགས་ཀྱུས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་

เล่ม ๔๑ · หน้า 167a

ཀྱི་ཐུགས་ཀ་ནས་དེ་རྣམས་ཉིད་ཀྱིས་བཏང་བའི་འོད་ཟེར་གྱི་སྲད་བུ་རྣམས་བཀུག་ནས། དེ་རྣམས་ཀྱིས་རང་གི་ལག་ན་གནས་པའི་སྲད་བུ་རྣམས་ཀུན་དུ་བཀང་ལ། ཨ་ནྱོ་ནྱཱ་ནུ་ག་ཏཱ་སརྦ་དྷརྨཱ། པ་ར་སྦ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ། ཨ་ཏྱནྟ་ཨ་ནུ་པྲ་བཥྚི་སརྦ་དྷརྨཱ། ཞེས་

བརྗོད་ལ་ཡི་གེ་གསུམ་ཟློས་ཤིང་བསྒྲིལ་བར་བྱ་སྟེ། དཀྱུས་སུ་བརྐྱང་ན་དཀྱིལ་འཁོར་གྱི་ཉིས་འགྱུར་ཡོད་པ་དང་། སྦོམས་སུ་སྒོའི་ཉི་ཤུའི་ཆ་ཡོད་པར་བསྒྲིལ་ལ། མིག་གཉིས་སུ་ཡི་གེ་མ་དང་ཊ་དག་གིས་ཉི་མ་དང་ཟླ་བ་བཀོད་དེ། བཛྲ་དྲྀཥྚ་མ་ཊ་ཞེས་བྱ་བས་བརྟན་པར་བྱས་ནས།

དྲི་དང་བདུད་རྩིས་ཉེ་བར་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། དྲི་ལ་སོགས་པ་རྣམས་ཀྱིས་མཆོད་དེ། ལག་པ་རེག་ལ་ཡི་གེ་སུམ་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །ཡང་དཀྱིལ་འཁོར་གྱི་ས་གཞི་སྔ་མ་བཞིན་དུ་གྲོགས་པོ་འཇུག་ཏུ་བཅུག་ལ། མེ་ཏོག་སྣ་ཚོགས་དགྲམ་པ་བྱས་

ཏེ། བར་སྣང་ལ་བཞུགས་པ་རྣམས་ལ་མཆོད་ཡོན་དང་དྲི་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཕྱག་འཚལ་ཏེ་རྡོ་རྗེ་འཆང་དུ་གྱུར་པས་ཡང་དག་པར་སྦྱོར་བའི་སྒོ་ནས། སྲད་བུ་འཛིན་པ་རྣམ་པར་སྣང་མཛད་དམ་བདུད་རྩི་འཁྱིལ་པར་ཡང་དག་པར་ཕྱུང་སྟེ། མིག་གཡོན་པ་

དང་གཡས་པ་དག་ལ་ཡི་གེ་ཛཿལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་དོག་སེར་པོ་བསམས་ལ། ཉུངས་ཀར་དང་བཅས་པའི་བདུད་རྩི་ལྔ་དང་ལྡན་པའི་དྲི་ཞིམ་པོའི་ཆུ་ཡི་གེ་གསུམ་བཟླས་པ་ལ་སྤངས་ཏེ། སྲད་བུ་དེ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བར་འཛིན་ཅིང་། ཨོཾ་ཛཿཛཿཛཿཞེས་བྱ་བས་བཏང་ནས། སྒྲུབ་

པའི་གྲོགས་མཆོག་གིས་ཀྱང་། ཨོཾ་ཛཿཛཿཛཿཞེས་བྱ་བས་དྲངས་ཏེ། དེ་ཁོ་ན་བཞིན་དུ་ལྟེ་བའི་ཕྱོགས་སུ་འཛིན་ཅིང་ལྷོ་དང་གནོད་སྦྱིན་གྱི་དབང་པོའི་ཕྱོགས་སུ་བལྟས་པའི་རྡོ་རྗེ་ཅན་དག་གིས་གནམ་ཐིག་གདབ་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་དམིགས་

ནས་དེ་ཁོ་ན་བཞིན་དུ་ཚངས་པའི་ཐིག་གཉིས་བཏབ་སྟེ། སློབ་དཔོན་མེ་དང་རླུང་གི་མཚམས་སུ་འདུག་སྟེ། གནོད་སྦྱིན་དང་ཡི་དགས་དང་དབང་པོ་དང་ཀླུའི་ཕྱོགས་རྣམས་སུ་མངོན་པར་བལྟས་པས་ཤར་དང་ནུབ་དང་བྱང་དང་ལྷོར་ཐིག་བཏབ་ལ། ཡང་མེའི་མཚམས་སུ་འདུག་པས་རླུང་གི་

เล่ม ๔๑ · หน้า 167b

མཚམས་དང་། བདེན་བྲལ་གྱི་མཚམས་སུ་འདུག་པས་དབང་ལྡན་གྱི་མཚམས་ཀྱི་བར་དུ་ཐིག་བཏབ་སྟེ། ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་སུ་ཐིག་བཞིས་དཀྱིལ་འཁོར་བརྒྱད་དུ་འགྱུར་བའི་ཐིག་ཀྱང་རིམ་པ་དེ་ཉིད་ཀྱིས་གདབ་པར་བྱ་སྟེ། ཡི་གེ་གསུམ་བརྗོད་པ་སྔོན་དུ་འགྲོ་བ་ཅན་

གྱི། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བྱ་བ་ཟློས་ཤིང་ཐིག་བཏབ་པའི་སྒྲས་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ། བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ལགས་པས་འདིར་གཤེགས་སུ་གསོལ་ཞེས་བསྐུལ་བར་བྱ་ཞིང་།

སློབ་དཔོན་དང་། བསྒྲུབ་པའི་མཆོག་དག་གིས་ཐམས་ཅད་དུ་ཡང་སྐོར་ཕྱོགས་སུ་འགྲོ་བར་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་བགྱིས་པ། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །མཚམས་ཀྱི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་

ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་པོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་དང་ཡང་དག་ལྡན། །ཕྱི་རོལ་གྱི་ནི་འཁོར་ལོའི་ཕྱེད། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །རྡོ་རྗེ་ཀ་བ་མཆོག་གིས་སྤྲས། །མཛེས་

ཤིང་རྡོ་རྗེ་ཕྲེང་བས་བསྐོར། །དེ་ནས་ཧྲིཿདང་ཁྲོ་བལྟས་པས། །སྒོ་དག་རྣམ་པར་བསྒོ་བྱ་སྟེ། །སྒོ་ནི་འཁོར་ལོའི་བརྒྱད་ཀྱི་ཆ། །ཁ་ཁྱེར་མེད་པ་ཉིད་དུ་འདོད། །སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །ལྷ་ཡི་སྣམ་བུའང་དེ་དང་འདྲ། །ཁ་ཁྱེར་ཀུན་དུ་སྒོ་ཡི་ཕྱེད། །སྒོ་འགྲམ་ལོགས་ཀྱང་དེ་བཞིན་ནོ། །

དྲ་བ་དྲ་ཕྱེད་ཉི་ཟླ་དང་། །མེ་ཏོག་ཕྲེང་སྣམ་དེ་དང་འདྲ། །རྩ་བའི་ཐིག་ལས་ཕྱི་རོལ་དུ། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །ཁ་ཁྱེར་རི་མོ་ལ་བརྟེན་པའི། །རྟ་བབས་དང་ནི་ཀ་བར་ལྡན། །ཀ་བ་རྡོ་རྗེ་སོགས་ཐིག་གི། །ས་ནི་མཚོན་གྱི་ས་དང་མཉམ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་དྲིལ་

བུ་རྣམས་དང་ལྡན། །དྲིལ་བུ་བཏགས་ཤིང་རླུང་བསྐྱོད་པའི། །བ་དན་ཕྱི་ཡི་མཚམས་སུའོ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བྱ། །གལ་ཏེ་འགའ་ཡང་ཐིག་གདབ་པར། །འོངས་པ་མེད་ན་དེ་ཡི་ཚེ། །གྲོགས་པོ་མེད་པར་རང་ཉིད་ཀྱིས། །

เล่ม ๔๑ · หน้า 168a

ཕུར་བུ་ལ་བརྟོད་ཐིག་གདབ་བྱ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ལ་ཇི་སྐད་བཤད་པའི་ཕུར་བུའམ་རྡོ་རྗེས་བཏབ་སྟེ། སྲད་བུ་ཉིས་སྒྲིལ་དུ་བྱས་པས་བཅིངས་ལ། མཐེ་བོང་གི་རྩ་བར་དཀྲིས་པའི་ཁུ་ཚུར་ནང་དང་ཕྱིའི་དཀྱིལ་འཁོར་དག་གི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་

བ་དང་འོད་ཀྱི་འཁོར་ལོའི་ཐིག །དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རིམ་བཞིན་དུ་གཡས་ཕྱོགས་སུ་བསྐོར་བས་བཏབ་ལ། ཡེ་ཤེས་ཀྱི་ཐིག་གཤེགས་སུ་གསོལ་ལོ། །དེ་ནས་བཾ་ལཾ་རཾ་ཧཾ་ཡཾ་གི་ས་བོན་རྣམས་ཀྱིས་བསྐྱེད་པའི་ཚོན་རྩི་དཀར་པོ་ལ་སོགས་པ། སྲད་བུའི་

སྐབས་སུ་བཤད་པའི་ཁ་དོག་གི་རིམ་པ་དང་ལྡན་པ་རིན་པོ་ཆེ་ལས་བྱུང་བའམ། ལྕགས་ལྔ་ལས་བྱུང་བའམ་སའི་ཁམས་ལས་བྱུང་བའམ། འབྲས་ལས་བྱུང་བའམ། དམར་པོ་སོ་ཕག་བསྲེགས་པ་དང་། ནག་པོ་སོལ་བ་ལས་བྱས་པ་བཟང་པོ་རྣམས། སྔར་བཤད་པའི་ས་བོན་རྣམས་ལས། སངས་

རྒྱས་སྤྱན་ལ་སོགས་པ་དང་ཡང་དག་པར་ལྡན་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་དུ་བསམས་ལ། ཡི་གེ་ཧཱུཾ་མངོན་པར་བཟླས་ཏེ། ཡི་གེ་ཛཿདང་འབར་བའི་ལྟ་བ་དག་གིས་ཚོན་རྩི་ཡང་དག་པར་སྦར་ཏེ། ཡི་གེ་ཧཱུཾ་གིས་ཕུར་བུ་ཕྱུང་

ལ། དེའི་ཁུང་བུ་ཚོན་རྩི་ལྔ་ཡིས་ཀུན་དུ་བཀང་སྟེ། ཐུགས་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་བླ་ན་མེད་པའི་ཤེས་རབ་ཀྱི་དྲིལ་བུའི་སྒྲས་མཚན་མ་ངན་པ་ལ་སོགས་པ་བསལ་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པར་ལྷག་པར་མོས་པར་བྱས་ནས། དང་པོར་དབུས་སུ་འདུག་སྟེ།

ཤར་དུ་བལྟས་པས། ཨོཾ་བཛྲ་ཙི་ཏཱ་ས་མ་ཡ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ཕྱོགས་སུ་བསྐོར་བས་ཚོན་རྩི་དགྱེ་བར་བྱ་སྟེ། ཕྱིས་ནི་ཅི་བདེ་བར་རོ། །རན་ཞིང་སྙོམས་ལ་མ་ཡོ་དང་། །མ་ཆད་གཡས་ཕྱོགས་ནས་

བསྐོར་ཞིང་། །སྦོམས་སུ་སྒོ་ཡི་ཉི་ཤུའི་ཆ། །ལྡན་པར་རི་མོ་བྲི་བར་བྱ། །སྦོམ་པོར་བཀྱེ་ན་ནད་འབྱུང་འགྱུར། །ཕྲ་མོས་ནོར་ནི་རྣམ་པར་འཇིག །ཡོན་པོས་འབྱེ་འགྱུར་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་སྐོར་མིན་པར་བཀྱེ་བ་ཡིས། །མཚོན་ནི་ཕུར་བུས་བཏབ་

เล่ม ๔๑ · หน้า 168b

པར་འགྱུར། །རི་མོ་དཀར་པོའི་ཕྱི་རོལ་དུ། །གཞན་ནི་གསེར་ལྟར་སྣང་བ་སྟེ། །པདྨ་རཱ་གའི་རང་བཞིན་དང་། །དེ་བཞིན་གཞན་ནི་མརྒད་འདྲ། །ནང་དུ་སྔོན་པོ་ཞེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཤར་གྱི་ཆ་ནི་དཀར་པོར་བྱ། །ལྷོ་ནི་སྔོན་པོར་སྣང་བ་སྟེ། །ནུབ་ཀྱི་ཁ་དོག་

དམར་པོའོ། །བྱང་ནི་ལྗང་གུར་ཡང་དག་ལྡན། །དབུས་ནི་ཨནྡྲ་ནཱི་ལ་མཚུངས། །ཐུགས་ཀྱི་དཀྱིལ་འཁོར་འདི་ལྟ་བུ། །རྟག་ཏུ་རྡོ་རྗེ་དྲིལ་ཐོགས་ཤིང་། །ཤིན་ཏུ་མཉམ་པར་གཞག་པས་བྲི། །ཚོན་རྩིའི་རི་མོ་ཕན་ཚུན་ནས། །གང་ཙམ་གྱིས་བར་ཆོད་པར་བྲིའོ། །གལ་ཏེ་དཀྱིལ་འཁོར་འདྲི་

བ་ན། །བགེགས་བྱུང་བ་ན་དེ་ཡི་ཚེ། །ཁྲོ་བོ་བདུད་རྩི་ཞེས་བྱ་བའི་རྣལ་འབྱོར་དང་ལྡན་པས་ཕྲེང་བའི་སྔགས་ཟློས་ཤིང་བསལ་བར་བྱ་སྟེ། ན་མ་ས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚྲོད་ཀ་ཊ། བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ་བ་ར་ཤཱུ་བཱ་ཤ་ཧ་སྟ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་

ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཾ །མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་ར་ཡ་ཧཱུཾ་ཕཊ། བདུད་རྩི་ཞེས་པའི་རྣལ་འབྱོར་དང་ལྡན་པ་ཉིད་ཀྱིས་ལག་པ་གཡོན་པའི་སྲིན་ལག་བརྐྱང་སྟེ། གུང་མོ་

དང་མཐེའུ་ཆུང་གི་རྩེ་མོ་སྦྱར་ལ། མཐེ་བོང་དང་སྦྱར་ཏེ་མཛུབ་མོ་མནན་པའི་མཆེ་བའི་ཕྱག་རྒྱ་འདི་ཁའི་ཐ་མར་འཛིན་ཅིང་། ཕཊ་ཀྱི་མཐའ་ཅན་བཟླས་པས་གཞོམ་པར་བྱ་བའམ། སྔར་བཤད་པའི་སྲུང་བའི་འཁོར་ལོ་བསྒོམ་པའི་སྒོ་ནས་ཕུར་བུས་གདབ་པའམ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་

བསྒོམ་པར་བྱའོ། །རང་བཞིན་གྱིས་རྣམ་པར་དག་པའི་སེམས་ལ་བགེགས་རྣམས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་སྐབས་མེད་དེ། བགེགས་ལ་སོགས་པ་རྣམས་ནི་ཐ་མལ་པའི་རྣམ་པར་རྟོག་པ་ལས་རབ་ཏུ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ལྷ་རྣམས་བཞུགས་

པའི་གནས་རྣམས་སུ་སྔ་མ་བཞིན་དུ་པདྨ་དང་ཉི་མ་ལ་སོགས་པའི་གདན་རྣམས་ཇི་ལྟ་བ་བཞིན་དུ་བཀོད་ལ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་རྣམས་བརྗོད་ཅིང་། ནམ་མཁའ་ལ་བཞུགས་པ་རྣམས་ཀྱི་ཕྱག་མཚན་གྱི་ནང་ན་གནས་པའི་ལྷའི་གཟུགས་རྣམས་དང་ལྷན་ཅིག་གཅིག་

เล่ม ๔๑ · หน้า 169a

ཏུ་བྱས་ཏེ། སྐུད་རིས་སུ་བྱས་པའམ། ལུགས་སུ་བླུགས་པའམ། འབུར་དུ་བརྐོས་པའམ། རི་མོར་བྲིས་པའི་མཚན་མ་རྣམས་དགོད་པར་བྱའོ། །དེ་ལ་དབུས་སུ་ནི་ཨིནྡྲ་ནཱི་ལ་ལྟ་བུའི་རྡོ་རྗེ་རྩེ་ལྔ་པ་བསྐལ་པའི་མེ་ལྟར་འབར་ཞིང་འཇིགས་སུ་རུང་བ་དགོད་པར་

བྱའོ། །རྣམ་པར་སྣང་མཛད་ཀྱི་གནས་སུ་རྡོ་རྗེའི་རྣམ་པ་ཅན་གྱི་འོད་ཟེར་འབར་བའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་། དེ་བཞིན་དུ་རིན་ཆེན་འབྱུང་གནས་ཀྱི་གནས་ནས་བརྩམས་ཏེ། ཆོས་ཀྱི་དབྱིངས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་གནས་ཀྱི་བར་ལ། གོ་རིམས་བཞིན་དུ་

འོད་ཟེར་གྱིས་ཁྱབ་པའི་ཉི་མ་ལྟ་བུའི་རིན་པོ་ཆེ་དང་། འོད་ཟེར་དང་བཅས་པའི་པདྨ་དང་རལ་གྲི་དང་སྤྲིན་ལྟ་བུའི་མིག་དེའི་འོད་དང་ལྡན་པ་དང་། རྡོ་རྗེ་སྔོན་པོ་འབར་བ་དང་། པདྨ་ཁ་བྱེ་བ་སྡོང་བུ་དང་བཅས་པ་དང་། ཨུཏྤ་ལ་སྔོན་པོ་དང་། འབར་བ་དང་བཅས་པའི་ཐོ་བ་དང་།

དབྱིག་པ་རྡོ་རྗེ་ལྟར་འབར་ཞིང་གཡོ་བ་དང་། རལ་གྲི་ལྟ་བུའི་འོད་ཟེར་འབར་བའི་པདྨ་དང་། སྣ་ཚོགས་རྡོ་རྗེ་དབུས་ན་སྔོ་བ་དང་། ཤར་ལ་སོགས་པའི་ཕྱོགས་བཞིར་འཁོར་ལོ་དང་། མེ་ལོང་དང་ནཱ་ག་གེ་སར་གྱི་ལྕུག་མ་དང་། ཡང་དེ་ཉིད་དཀར་པོ་དང་། རྡོ་རྗེ་དང་། པི་ཝང་

དང་། རིན་པོ་ཆེ་དང་། དྲིའི་དུང་ཕོར་སེར་པོ་དང་། པདྨ་དང་ཁྲག་ཆེན་པོས་གང་བའི་ཐོད་པ་དང་། རལ་གྲི་དང་རལ་གྲི་གཉིས་པ་དམར་པོ་དང་། དྲ་བའི་ཕྱག་རྒྱ་དང་ཐ་མར་རྡོ་རྗེས་མཚན་པའི་ཀ་ཙ་ལིན་དའི་གོས་རེག་བྱ་འཇམ་པོ་དང་ལྡན་པ་དང་སྣ་ཚོགས་རྡོ་རྗེས་མཚན་ཅིང་དབུས་

དཀར་བའི་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་ལྗང་གུ་དགོད་པར་བྱའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ལྕགས་ཀྱུ་དང་། དབྱིག་པ་དང་རྩེ་གསུམ་དང་རལ་གྲི་རྣམ་པར་བཀོད་ལ། ཤར་གྱི་སྒོར་ཐོ་བ་ལས་ཤར་དུ་འཁོར་ལོ་དང་། དེ་བཞིན་དུ་ནུབ་ཏུ་པདྨ་ལས་ནུབ་ཏུ་དྲིལ་བུ་

དང་བཅས་པའི་རྡོ་རྗེ་པདྨ་དང་ཉི་མའི་གདན་རྣམས་ལ་རྣམ་པར་དགོད་པར་བྱའོ། །གལ་ཏེ་དེ་ཉིད་དུ་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་རང་གི་ལྷ་སྒྲུབ་པར་འདོད་པ་དེའི་ཚེ། ན་ཚོད་ལོ་བཅུ་གཉིས་ལོན་པའི་ཁྱེའུ་དང་བུ་མོ་དག་ལ་མི་བསྐྱོད་པ་དང་མཱ་མ་ཀཱི་བཅུག་སྟེ། དེ་

เล่ม ๔๑ · หน้า 169b

དག་ཐིག་གདབ་པ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་དཀྱིལ་འཁོར་འདྲིར་བཅུག་ལ་ལྷ་མ་ལུས་པའི་གནས་སུ་སྒྲུབ་ཐབས་ལས་བཤད་པའི་གདན་དང་གཟུགས་དང་ཁ་དོག་དང་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པ་བཀོད་པའི་རྟེན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ཞུགས་

ཏེ་བསྒྲུབ་པར་བྱའོ། །ཕྱོགས་བཞིར་རིན་པོ་ཆེའི་རང་བཞིན་གྱི་རྟ་བབས་མེ་ཏོག་གི་ཕྲེང་བ་དང་དྲིལ་བུ་དང་བ་དན་ལ་སོགས་པ་དང་ལྡན་པ་རྡོ་རྗེ་འཆང་མངོན་པར་བཟླས་ལ་དབུལ་བར་བྱའོ། །དཀྱིལ་འཁོར་ལས་ཕྱི་རོལ་དུ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་དང་། སྡོང་པོ་བརྒྱན་པ་དང་། དེ་བཞིན་གཤེགས་པའི་གསང་བ་དང་། གསེར་འོད་དམ་པ་རྣམས་བཀླག་པར་བྱའོ། །ག་པུར་དང་ཨ་ཀ་རུ་དང་ཏུ་རུ་སྐ་ལ་སོགས་པའི་སྤོས་སྣོད་རྣམས་རྒྱུན་མི་འཆད་པར་ཕྱོགས་དང་ཕྱོགས་མཚམས་བརྒྱད་དུ་གཞག་པར་བྱའོ། །དེ་ནས་

བདུད་རྩི་འཁྱིལ་པའི་ང་རྒྱལ་དང་ལྡན་པའི་གྲོགས་པོ། འོད་ཀྱི་ཕྲེང་བ་ལས་ཕྱི་རོལ་དུ་བདུད་རྩི་ལྔ་དང་ལྡན་པའི་དྲིའི་ཆུས་ཀུན་དུ་འབྱུག་པར་བྱེད་དུ་བཅུག་ལ། མེ་ཏོག་སིལ་མས་བཀྲམ་ནས། ལས་ཐམས་ཅད་པ་བཟླས་པའི་ཆུས་དཀྱིལ་འཁོར་བསངས་ཏེ། དེའི་དབུས་སུ་

ལག་པ་བཞག་ལ། འཁོར་ལོ་བྱིན་གྱིས་བརླབ་པའི་ཕྱིར་ཡི་གེ་གསུམ་བརྒྱ་རྩ་བརྒྱད་བཟླས་ཏེ། ཨོཾ་ཨ་བིགྷྣཱནྟ་ཀྲིཏ་ཧཱུཾ་ཕཊ། ཅེས་བཟླས་པར་བྱའོ། །དེ་ནས་མཚམས་ཀྱི་དུས་སུ་དཔལ་གནོད་མཛེས་རྒྱལ་པོའི་ང་རྒྱལ་དང་ལྡན་པས་མེ་ཏོག་སྔོན་པོའི་ཕྲེང་བ་བླངས་ཏེ། ཨོཾ་སུཾ་བྷ་ཞེས་བྱ་བ་ལ་

སོགས་བརྗོད་ཅིང་། མཚོན་གྱི་རི་མོའི་འོག་ནས་འགྲོ་བའི་བསམ་པས་དཀྱིལ་འཁོར་དུ་ཞུགས་ལ། དྲིལ་བུ་དཀྲོལ་ཞིང་བསྐོར་བ་གསུམ་བྱ་སྟེ། མ་ཚང་བ་དང་ལྷག་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་བལྟས་ནས་བཅོམ་ལྡན་འདས་ལ་ཕྲེང་བ་ཕུལ་ཏེ། དེ་སླར་གར་གྱི་

སྦྱོར་བས་བླངས་ལ། ཡི་གེ་ཧཱུཾ་བཞིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཕྱི་རོལ་དང་ནང་གི་དཀྱིལ་འཁོར་དག་གི་མཚམས་སུ་འདུག་ཅིང་། མཉམ་པར་བཞག་པའི་རྡོ་རྗེ་སློབ་དཔོན་གྱིས་ཡི་གེ་གསུམ་འདོན་ཅིང་ཡིད་ཀྱིས་སྒོ་དབྱེ་བར་བྱ་སྟེ། ཤར་ལ་སོགས་པའི་སྒོ་རྣམས་

เล่ม ๔๑ · หน้า 170a

ནི། །ནུབ་ལ་སོགས་པར་གནས་པ་དང་། །དེ་བཞིན་གཡས་བརྐྱང་སོགས་རྣམས་ཀྱིས། །རིམ་བཞིན་དབྱེ་བར་བྱ་བ་ཉིད། །དེ་ནས་སླར་ལྷག་པར་གནས་པར་བྱས་པའི་རྣམ་པར་རྒྱལ་བའི་བུམ་པ། ཆོ་ག་དེ་ཉིད་ཀྱིས་བཟླས་པ་བདག་པོའི་མདུན་དུ་གཞག་པར་བྱའོ། །

གཅིག་ཤོས་བཛྲ་དྷྲྀཀ་ཅེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་པ་ཡང་། དེའི་ཆུས་བདག་ཉིད་དང་སློབ་མ་རྣམས་བསང་བའི་ཕྱིར་འཇུག་པའི་སྒོར་སྔོན་དུ་ཕྱོགས་པར་བཞག་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ་འོད་ཀྱི་འཁོར་ལོའི་ནང་ཤར་དང་ལྷོའི་སྒོ་དག་གི་བར་དུ་མཚན་ཉིད་དང་ལྡན་པ། རང་གི་ལྷ་

དང་རྗེས་སུ་མཐུན་པའི་ཚོན་རྣམས་ཀྱིས་བསྐུས་པ། དེར་ལྷ་དེ་རྣམས་ཀྱི་མཚན་བྲིས་པ། གོས་བཟང་པོས་མགུལ་ཆིངས་བྱས་པ། ཡལ་ག་དང་འབྲས་བུ་བཟང་པོའི་ཁ་རྒྱན་དང་ལྡན་པ། རིན་པོ་ཆེ་དང་སྨན་དང་འབྲུ་ལྔ་དང་ལྡན་པ། བདུད་རྩི་དང་བཅས་པའི་ཙནྡན་གྱི་ཆུས་གང་བ།

རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་བུམ་པ་དེ་རྣམས་ཀྱང་གཞག་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་ཀྱི་དབུས་སུ་དཔལ་གནོད་མཛེས་རྒྱལ་པོ་ལ་སོགས་པ་རྡོ་རྗེ་མ་ལ་ཐུག་པ་རྣམས་ཀྱི་དགུ་དང་། དེ་བཞིན་དུ་ནུབ་དང་

བྱང་གི་བར་དུ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་སངས་རྒྱས་སྤྱན་ལ་ཐུག་པ་རྣམས་ཀྱི་ལྔ་ཉིད་དང་། བྱང་དང་ཤར་གྱི་སྒོ་དག་གི་བར་དུ་མཱ་མ་ཀཱི་ལ་སོགས་པ་མི་བསྐྱོད་པ་ལ་ཐུག་པ་རྣམས་ཀྱི་བུམ་པ་བརྒྱད་དགོད་པར་བྱའོ། །མེད་ན་རྣམ་པར་རྒྱལ་བའི་བུམ་པ་དང་། སངས་རྒྱས་སྤྱན་ལ་

སོགས་པ་བཞི་པོའི་བཞི་དང་། ལྷ་ལྷག་མ་རྣམས་ཀྱི་བཞི་དང་། ལས་ཐམས་ཅད་པའི་བུམ་པ་དང་། བུམ་པ་གང་བ་རྣམས་ཀྱང་གཞག་པར་བྱ་སྟེ། བཅུ་ལས་ཉུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྒྲུབ་ཐབས་ལས་བཤད་པའི་ཡོ་བྱད་ལ་སོགས་པ་དང་། ཕྱིའི་མཆོད་པ་རྣམས་

ཀྱིས་དཀྱིལ་འཁོར་ལ་མཆོད་དེ་རྡོ་རྗེ་སློབ་དཔོན་ཇི་སྐད་བཤད་པའི་རིག་མ་དང་ལྷན་ཅིག་སློབ་མ་གཞུག་པའི་ཆོ་ག་བཞིན་དུ་ཞུགས་ལ། བཅོམ་ལྡན་འདས་ལ་བུམ་པའི་དབང་དང་། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། སློབ་དཔོན་དང་། རྗེས་སུ་གནང་བ་དང་། ལངས་ནས་ལུང་བསྟན་པ་

เล่ม ๔๑ · หน้า 170b

དང་། ཏིང་ངེ་འཛིན་བསྒོམ་པ་རྣམས་ཐོབ་ནས། བདག་པོའི་གནས་སུ་སྣ་ཚོགས་པདྨའི་སྟེང་དུ་གོས་ཀྱིས་གཡོགས་པའི་ཁྲི་ལ་གནས་པས་གདོལ་པའི་བུ་མོ་ལོ་བཅུ་གཉིས་པ། བཞིན་བཟངས་མིག་ནི་ཡངས་པ་དང་། །རྒྱན་རྣམས་ཐམས་ཅད་དག་གིས་བརྒྱན། །དེ་ཉིད་རིག་པ་ལ་བརྩོན་

པ། མཱ་མ་ཀཱི་ཡི་ཡོན་ཏན་བརྒྱན། །སྒྲུབ་ཐབས་ལས་བཤད་ཆོ་ག་བཞིན། །དྲི་དང་མེ་ཏོག་གིས་ཁྱབ་པར། །བྱས་ནས་ལྷ་རྣམས་མཆོད་བྱའི་ཕྱིར། །དེ་ནི་རྣལ་འབྱོར་པས་བསྟེན་བྱ། །དེ་ནས་དེ་ཁོ་ན་བཞིན་དུ་བྱང་ཆུབ་སེམས་སྤྲོ་བ་དང་བསྡུ་བ་ལས་ཕྱུང་བའི་ཟླ་བའི་དཀྱིལ་འཁོར་དུ་སྔར་

བཤད་པའི་སྙིང་པོ་རྣམས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་ཕྲ་མོ་ཕྱུང་ལ། མཚན་མའི་ནང་ན་གནས་པའི་ལྷའི་གཟུགས་རྣམས་ལ་ཐིམ་པར་བསྒོམས་ཏེ། གནོད་མཛེས་རྒྱལ་པོ་ཕྱག་ན་ཞགས་པ་དང་། ལྕགས་ཀྱུ་ཐོགས་པས་ཡི་གེ་ཛ་མཐའ་ཅན་གྱི་ཡི་གེ་ཧཱུཾ་བཞིས་ཡེ་ཤེས་ཀྱི་འཁོར་ལོ་

བཀུག་ནས་ལྷ་སོ་སོའི་ཐུགས་ཀར་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ལ་ཐུག་པར་བྱ་སྟེ། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཅོད་པན་དང་དར་དཔྱངས་ཀྱི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་ལ། རྗེས་སུ་མཉེས་པར་

བྱ་བའི་རིམ་པས་རྗེས་སུ་མཉེས་པར་བྱ་སྟེ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་ཚོགས་ཀྱི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྡུས་ནས་པདྨར་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞུ་བར་གྱུར་པ། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ལ་བཟའ་བའི་ཕྱིར་ཕུལ་

ལ། སླར་ལྷ་མོའི་ཚོགས་ཀྱི་གཟུགས་རྣམས་ཕྱུང་སྟེ། དེ་རྣམས་ཀྱིས་དཀྱིལ་འཁོར་ལ་བླ་ན་མེད་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཡི་གེ་གསུམ་བཟླས་པའི་དྲི་དང་མེ་ཏོག་དང་སྤོས་དང་མར་མེ་དང་ལྷ་བཤོས་ཀྱང་ཕུལ་ལ། རྡོ་རྗེ་འཆང་མངོན་པར་བཟླས་པའི་

མཆོད་ཡོན་གྱི་དྲིའི་ཆུ་དང་དུང་ཕོར་ལ་སོགས་པའི་སྣོད་དུ་བླུགས་ལ། བདུད་རྩིར་བཅས་པའི་ཏིལ་དང་ནས་དང་ཀུ་ཤ་དང་དྲི་ཞིམ་པོ་དཀར་པོ་དང་ལྡན་པ། ལྷ་རྣམས་ལ་མཆོད་ཡོན་གྱི་སྣོད་དེས་བླུགས་ཤིང་དབུལ་བར་བྱའོ། །དེ་ནས་མཆོད་པ་བྱ་སྟེ། །དེ་ལ་ལྷ་རྣམས་རེ་རེ་ཞིང་རས་

เล่ม ๔๑ · หน้า 171a

ཡུག་ཟུང་རེའམ་རེ་རེའམ། ཐམས་ཅད་ལ་རས་ཡུག་བཟང་པོ་གཅིག་ཕུལ་ལ། བླ་རེ་དང་གདུགས་དང་རྒྱལ་མཚན་དང་བ་དན་རྣམ་པ་སྣ་ཚོགས་པ་ལ། ཡི་གེ་ཨོཾ་མམ་རྡོ་རྗེ་སེམས་དཔའ་བཟླས་ཏེ། བཛྲ་སྥ་ར་ཎ་ཁཾ། ཞེས་བྱ་བ་འདི་ཡིས་དབུལ་བར་བྱའོ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་སྔར་མངོན་པར་འདུས་བྱས་པའི་ག་པུར་དང་ཨ་ཀ་རུ་དང་ཏུ་རུ་སྐ་ལ་སོགས་པའི་དྲི་ཙནྡན་དང་བསྲེས་པ་དང་། མེ་ཏོག་གི་ཤིང་བརྒྱའམ། ཤིང་བཞི་དང་མེ་ཏོག་ཐམས་ཅད་དང་། སྤོས་ཀྱི་སྣོད་སྟོང་ངམ་

བརྒྱའམ་བཅུ་ལས་ཉུང་བ་མ་ཡིན་པ་དང་། མར་ལ་སོགས་པའི་མར་མེའི་གྲངས་འབུམ་མམ་སྟོང་ངམ་མར་མེའི་སྣོད་བརྒྱའམ་སྣོད་བཞི་དབུལ་བར་བྱ་སྟེ། བཤད་མ་ཐག་པའི་སྔགས་ལ། པུཥྤ། དྷཱུ་པ། དཱི་པ། པཱུ་ཛ། ཞེས་བྱ་བ་ལ་སོགས་པ་རེ་རེ་ཞིང་སྦྱར་བར་བྱའོ། །འབྲུ་ལ་

སོགས་པ་ལས་བྱས་པའི་སྭ་སྟི་ཀ་ལ་སོགས་པའི་ཡི་གེ་གསུམ་མངོན་པར་བཟླས་པའི་བཟའ་བ་དང་བཅའ་བ་དང་མྱང་བ་དང་གཞིབ་པ་དང་མྱོས་པ་དང་བཅས་པ་དང་། མྱོས་པ་མེད་པའི་བཏུང་བ་དང་། གཏོར་མ་དང་མཆོད་པ་རྣམ་པ་སྣ་ཚོགས་པའི་གྲངས་སྟོང་དང་། དེ་ཉིད་ཀྱིས་

རོལ་ཆ་སྟོང་ངམ། པི་ཝང་དང་དུང་ལ་སོགས་པའི་རོལ་ཆ་བཅུ་དང་། ཕྱི་རོལ་གྱི་གར་མཁན་དང་། ལག་གདུབ་དང་། རྣ་རྒྱན་དང་། ཅོད་པན་ལ་སོགས་པ་དང་། རྟ་དང་གླང་པོ་དང་། བ་ལང་གི་ཁྱུ་རབ་ཏུ་བརྟགས་པ་དེ་རྣམས་དང་གོས་དང་བཅས་ཤིང་དྲིལ་བུ་དང་རྔ་ཡབ་དང་

བཅས་པའི་རྟ་བབས་རྣམས་དབུལ་བར་བྱའོ། །དེ་ནས་བ་དན་དཀར་པོ་དང་། སྨུག་པོ་དང་སྔོན་པོ་དང་དུད་ཀ་དང་། དམར་པོ་དང་ཁྲ་བོ་དང་སེར་པོ་དང་ལྗང་གུ་དང་བརྒྱད་གོ་རིམས་བཞིན་དུ་དཀྱིལ་འཁོར་ལས་ཕྱི་རོལ་དུ་དབང་པོ་ལ་སོགས་པའི་ཕྱོགས་སུ་བསྒྲེང་བར་བྱའོ། །དེ་ནས་

ཡང་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་བསྟོད་པར་བྱ་སྟེ། དེའམ་གཞན་གྱིས་བསྟོད་ནས་བཤང་བ་དང་གཅི་བ་ལ་སོགས་པ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་སུ་བསྒྲུབས་པ། དུང་ཆེན་དུ་བླུགས་

เล่ม ๔๑ · หน้า 171b

པ། ཡི་གེ་གསུམ་གྱིས་མངོན་པར་འདུས་བྱས་པ། འཁོར་ལོའི་དབུས་སུ་བཞག་ལ། དེས་དཀྱིལ་འཁོར་པ་རྣམས་ཡང་དག་པར་ཚིམ་པར་བྱའོ། །དེ་ནས་དབང་པོའི་ཕྱོགས་ནས་བརྩམས་ཏེ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ལ། དེས་མངོན་པར་འདུས་བྱས་པའི་བཟའ་བ་ལ་

སོགས་པའི་གཏོར་མ་བྱིན་ལ། ལྷ་རྣམས་ཚིམ་པར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་ཡང་སླར་ཞུགས་ཏེ་ལངས་ནས་ལུང་བསྟན་པ་ལ་ཐུག་པ་སྔ་མ་བཞིན་དུ་རྫོགས་པར་བྱས་ནས། སློབ་མ་རྣམས་གཞུག་པའི་ཕྱིར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་

མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །སྐྱོན་བྲལ་སློབ་མ་ཐམས་ཅད་ཀྱིས། །གཟུགས་བརྙན་གསལ་བར་མཐོང་བར་ཤོག །ཅེས་བདེན་པའི་བྱིན་གྱི་རླབས་བསྒྲགས་པར་

བྱའོ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་དེང་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་

གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་

སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོའི་རྒྱལ་མཆོག་དང་། །ཤིན་ཏུ་ཁྱད་འཕགས་རྡོ་རྗེ་ཡིས། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་

ཀུན་གྱི་ཡབ་གྱུར་ཉིད། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་དག་དཀྱིལ་འཁོར་འགྱུར། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཅེས་བྱ་བ་དམ་ཚིག་གསུམ་གྱིས་གླུའི་མཆོད་པ་

เล่ม ๔๑ · หน้า 172a

དང་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མའི་ཆོ་ག་འབྱུང་སྟེ། དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་པ་ཡོན་རབ་ཏུ་ཕུལ་བའི་སློབ་མ་སྔ་མ་བཞིན་དུ་མངོན་པར་འདུས་བྱས་ནས། དེའི་སྙིང་གར་སྙོམས་པར་འཇུག་པས་བཞུགས་པའི་བདེ་བ་ཆེན་པོ་རྣམ་

པར་བསམས་ཏེ། དེའི་སྦྱོར་བའི་གཡོ་བ་ལས་བྱུང་བའི་ཡི་གེ་ཨཱཿདམར་པོའི་འོད་ཟེར་གྱི་ཕྲེང་བས་ལུས་ཐམས་ཅད་གསལ་བར་བྱས་པར་རྣམ་པར་བསྒོམས་ལ། །བདུད་རྩི་ཞེས་པ་བཟླས་པའི་གོས་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་དང་ལྡན་པ། སྒོ་སྲུང་བཞི་མངོན་པར་

བཟླས་པའི་གོས་ཀྱིས་མིག་བཀབ་པ། རང་གིས་དབང་བསྐུར་བའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གདོང་གཡོགས་ཉིད་ཀྱིས་ཅོད་པན་བྱས་པ། ཇི་སྐད་བཤད་པའི་རང་གི་རིགས་ཀྱི་བུ་མོ་ལག་པ་གཡོན་པས་འཁྱུད་པའི་སྦྱོར་བ་ཁྱད་པར་ཅན་གྱིས་འཛིན་པ་བཅུག་སྟེ།

ལས་ཐམས་ཅད་པའི་བུམ་པའི་ཆུས་ཀུན་དུ་བསངས་ལ། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །དེ་ཉིད་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །བདག་མེད་པ་ཡི་ཆོས་ལས་བྱུང་། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །

རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །ཀུན་དུ་བཟང་པོ་ཐམས་ཅད་དོན། །བྱང་ཆུབ་སེམས་ནི་རབ་བསྐོར་བ། །བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །དེ་བཞིན་གཤེགས་པའི་ཐུགས་དེ་དག །སྐུ་དང་གསུང་ཐུགས་རྡོ་རྗེ་

འཛིན། །སངས་རྒྱས་བྱང་ཆུབ་རབ་སྟོན་པ། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །ཞེས་བྱ་བ་འདིས་ཕྱག་བཞི་བྱེད་དུ་བཞུག་གོ། །དེ་ནས། ཨ་ཁཾ་བཱི་ར་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་ཐལ་མོ་སྦྱོར་བས་འཛིན་དུ་བཅུག་པ་སྒོ་དྲུང་དུ་བཞག་ལ། ཀྱེ་རབ་ཏུ་དགའ་བ་

འདོད་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱ་ཞིང་། དེས་ཀྱང་ཀྱེ་བདེ་བ་ཆེན་པོ་བདག་ནི་སྐལ་བ་བཟང་པོའོ་ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་བུམ་པའི་ཆུས་བསངས་ཏེ། ཡི་གེ་ལྔས་བཅུག་ལ་འདི་སྐད་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་

เล่ม ๔๑ · หน้า 172b

ཞུགས་པར་གྱུར་གྱིས། དེའི་ཕྱིར་ངས་ཁྱོད་ལ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ།

ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་ཚུལ་འདི་སྨྲ་བ་ན། །སྐད་ཅིག་དེ་ལ་བྲལ་ནས་གཤེགས། །སྦྱངས་ཤིང་རྟོགས་པར་བྱས་པ་ཉིད། །ཡེ་ཤེས་འབར་བའི་འོད་ཀྱིས་ཁྱབ། །དངོས་གྲུབ་སྒྲུབ་བྱེད་དཀྱིལ་

འཁོར་གནས། །དུང་ཆེན་ནང་བླུགས་བདུད་རྩི་ལྔ། །ས་བོན་ལྔ་དང་གསུམ་བཀོད་པ། །བླངས་ཏེ་སློབ་མ་འཐུང་དུ་གཞུག །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ལས་འདས་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་དངོས་གྲུབ་ཐོབ། །འཐུང་ཤིག་རྡོ་རྗེ་བདུད་རྩིའི་ཆུ། །ཨོཾ་

བཛྲོ་ད་ཀ་ཋ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་སྨྲས་པ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་ཤིང་། ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱ་སྟེ། ཁྱོད་ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་ནས་

བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་སེམས་དཔའ་དབབ་པར་མཛད་དུ་གསོལ་ཞེས་སྨྲོས་ཤིག་ཅེས་སློབ་མ་སྨྲར་བཅུག་ལ། དེའི་སྙིང་གར་ཧཱུཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་

གནས་པའི་ཡི་གེ་ཧཱུྃ་དང་མགོ་བོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པ་ལ་གནས་པའི་ཡི་གེ་ཧ་དང་། ལྐོག་མར་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུའི་འོད་ཟེར་གྱི་ཚོགས་འཕྲོ་བའི་རྒྱལ་མཚན་གྱིས་མཚན་པ་ལ་

གནས་པའི་ཡི་གེ་ཨ་དང་། རྐང་པའི་འོག་ཏུ་ཡི་གེ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་འོད་ཟེར་འབར་བ་ལ་གནས་པའི་ཡི་གེ་ཛྷེེཾ་རབ་ཏུ་འབར་བ་རྣམ་པར་བཀོད་ནས། ཧཱུཾ་ཧ། ཨཱཿཛྷེེཾ་ཞེས་བྱ་བས་བསྐུལ་ཞིང་དབབ་པར་བྱ་སྟེ། ཇི་སྐད་བཤད་པའི་དབང་ཆེན་གྱི་དཀྱིལ་འཁོར་

เล่ม ๔๑ · หน้า 173a

ལ་སོགས་པ་རྣམས་ལ་གནས་པའི་ཡི་གེ་ཧཱུཾ་ལ་སོགས་པ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པ་དེ་དག་ཉིད་ཀྱིས་མཚན་པ་རྣམས་ཡི་གེ་ཛྷཻཾ་ལས་བྱུང་བའི་མེའི་འོད་ཟེར་རྣམས་ཀྱིས་མངོན་པར་ཁྱབ་པར་བསམས་ལ་དབབ་པར་བྱའོ། །བབས་པར་གྱུར་པའི་ལྕེ་ལ་ཡི་གེ་

ཨཱཿདམར་པོ་བསམས་ལ། རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པར་བྱ་སྟེ། བཟང་ངན་ཐམས་ཅད་སྨྲ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གསུང་ངོ་། །ཏིཥྛ་བཛྲཱ་དྲྀ་ཌྷོ་མེ་བྷ་བ། ཤ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། ཧཱུཾ་ཧ་ཧ་ཧ་ཧ་ཧོ། །ཞེས་བྱ་བ་བརྗོད་པས་

དབབ་པ་དེ་ཉིད་བརྟན་པར་བྱ་སྟེ། ཡི་གེ་ལྔས་ཕྲེང་བ་དེ་དཀྱིལ་འཁོར་དུ་སྐྱུར་དུ་བཅུག་ལ། དེ་ཉིད་ཀྱིས་སླར་བླངས་ཏེ་དེའི་མགོ་ལ་བཞག་ནས་སྙིང་གར་ཟླ་བ་ལ་རང་གི་བདག་པོའི་དང་། མིག་ཏུ་ཡི་གེ་ཨོཾ་དང་། དཔྲལ་བར་ཡི་གེ་ར་བསམས་ཏེ། ཡི་གེ་ལྔ་ཡིས་གདོང་གཡོགས་བཀྲོལ་

ལ་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བསྟན་ཞིང་། འདི་སྐད་བརྗོད་པར་བྱའོ། །ཀྱེ་རྡོ་རྗེ། ཇི་ལྟར་མིག་སྨན་དག་པས་མཐོང་། །དེ་རིང་དཀྱིལ་འཁོར་འདི་ལྟོས་ཤིག །སངས་རྒྱས་ཆོས་ཀྱི་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་གྱུར། །དངོས་གྲུབ་ཐམས་ཅད་

ཕུན་སུམ་ཚོགས། །དམ་ཚིག་རྣམས་ཀྱི་མཆོག་ཏུ་འགྱུར། །རྡོ་རྗེ་པད་མཆོག་རོལ་པ་ཡིས། །གསང་སྔགས་རྣམས་ནི་མཉེས་པར་གྱིས། །མི་མཉམ་མེད་པས་གྲུ་བཞི་སྟེ། །དྲན་དང་དབང་པོས་སྒོ་བཞི་ཡིན། །རྟ་བབས་བཞིར་ལྡན་བསམ་གཏན་བཞི། །ཁྱམས་ནི་ཏིང་ངེ་འཛིན་དུ་

བཤད། །ཁ་ཁྱེར་ལྡན་པའི་ལྷ་མོར་ལྡན། །རྡོ་རྗེ་འཆང་གི་གཟུངས་རྣམས་ཏེ། །རྒྱན་རྣམས་ཀུན་གྱིས་སྤྲས་པ་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །རླུང་བསྐྱོད་བ་དན་དྲིལ་བུ་དག །སྣ་ཚོགས་མཆོག་གི་སྒྲ་སྒྲོགས་པ། །གདུལ་བྱ་བསྐྱང་བ་དམ་ཆོས་ཀྱི། །སྣ་ཚོགས་

མཆོག་སྒྲས་ཀུན་དུ་ཁྱབ། །མེ་ཏོག་མེ་ལོང་ཡེ་ཤེས་ཏེ། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་བཟང་། །ཉི་མ་ཟླ་བར་ཡང་དག་ལྡན། །དངོས་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་བཤད་དོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པའི་

เล่ม ๔๑ · หน้า 173b

རྣམ་པ་སྟེ། དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་པར་ཐར་པ་བརྒྱད་པོ་ཡིན། །བྱང་ཆུབ་སེམས་དཔའི་ཐེག་ཆེན་གྱིས། །མདོ་ཡི་འཁོར་ལོ་རབ་བསྐོར་བས། །རྡོ་རྗེའི་ཐིག་གིས་ཡོངས་བསྐོར་དང་། །ཀུན་ནས་ཡོངས་སུ་རྫོགས་པ་ཡིན། །འགྲོ་ལ་ཡེ་ཤེས་ཀྱིས་ཆགས་པས། །རྫོགས་

སངས་རྒྱས་ལྔ་ཚོན་རྩི་ཡིན། །རང་གི་མཚན་ཉིད་རབ་དབྱེ་བས། །དབང་པོའི་དོན་ནི་རྣམ་དག་ཕྱིར། །བུམ་པ་རྡོ་རྗེ་ཅན་གྱིས་སྔོན། །ཡེ་ཤེས་བདུད་རྩི་གསོལ་དེ་ཡིན། །བུམ་པ་གང་བ་ཐུགས་རྗེ་ཡི། །རླན་དང་ཚོགས་རྫོགས་རྒྱུ་མཐུན་ཡིན། །མེ་ཏོག་སྤོས་དང་མར་མེ་དྲི། །དཀྱིལ་

འཁོར་ན་ནི་གང་ཡོད་པ། །བྱང་ཆུབ་ཡན་ལག་ཡིད་རབ་ཚིམ། །ཆོས་ཀྱི་སྒྲོན་མ་གྲགས་པའི་ཚོགས། །ལྷ་བཤོས་ཆོས་ཀྱི་ཟས་ཡིན་ཏེ། །བདེ་བ་ཆེན་པོ་འཕེལ་བྱེད་པའི། །གླུ་དང་གར་དང་རོལ་མོའི་མཆོག །ངོ་ཚ་ཁྲེལ་ཡོད་སྡོམ་པ་ཡིན། །ཁང་བརྩེགས་ཐར་པའི་གྲོང་ཁྱེར་ཕྱིར། །

སྙིང་པོ་བསྡུས་པས་དཀྱིལ་འཁོར་རོ། །ཞེས་བྱ་བ་འདིས་རྒྱུ་དང་འབྲས་བུའི་རང་བཞིན་ཅན་གྱི་རྟེན་གྱི་དཀྱིལ་འཁོར་བསྟན་ནས། ད་ནི་བརྟེན་པའི་འཁོར་ལོ་བསྟན་པར་བྱ་སྟེ། དད་པའི་དབང་པོ་རྣམ་པར་དག་པ་ནི། །འཕགས་པ་གཤིན་རྗེ་མཐར་བྱེད་ཡིན་ཞིང་སེམས་ཅན་མ་ལུས་པའི་

རྒྱུད་ལ་གནས་པའི་འཆི་བདག་གི་བདུད་ཟིལ་གྱིས་གནོན་པར་བྱེད་པའི་རང་བཞིན་ནོ། །དེ་བཞིན་དུ་དྲན་པ་དང་ཏིང་ངེ་འཛིན་དང་བརྩོན་འགྲུས་ཀྱི་དབང་པོ་རྣམ་པར་དག་པ་ནི། འཕགས་པ་གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། འཕགས་པ་བདུད་རྩི་ཞེས་བྱ་བ་སྟེ། ཉོན་མོངས་པ་དང་།

ཕུང་པོ་དང་། ལྷའི་བུའི་བདུད་རྣམས་ཟིལ་གྱིས་གནོན་པར་བྱེད་པའི་མཚན་ཉིད་ཅན་གྱི་སྒོ་སྲུང་རྣམས་སོ། །དེ་བཞིན་དུ་འདོད་པའི་རྒྱལ་པོ་དང་། དབྱིག་པ་སྔོན་པོ་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་རྒྱལ་པོ་རྣམས་ནི་ཞེ་

སྡང་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ནོ། །སའི་སྙིང་པོ་ནི་མིག་གི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་ནོ། །གཟུགས་རྡོ་རྗེ་མ་ནི་ཕྱི་རོལ་གྱི་གཟུགས་རྣམ་པ་གསུམ་རྣམ་པར་དག་པའི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །བྱམས་པ་དང་ལྷ་མོ་བྱམས་མ་ནི་བྱམས་པ་མཆོག་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด