དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་རཱ་ཛཱ་ཊཱི་ཀ་ཙནྡྲ་པྲ་བྷཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๑ · หน้า 228b
ཐམས་ཅད་རྣམ་པར་བསམས་ནས་སོ། །རང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཞི་བའི་གཟུགས་དེ་རྣམས་བསྡུས་ནས་རང་གི་ལུས་ལ་གཞུག་པའོ། །སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན། །སླར་ཡང་སྤྲོ་བར་རབ་ཏུ་བྱ། །ཞེས་བྱ་བ་ནི་ཞི་བའི་གཟུགས་དེ་རྣམས་ཁྲོ་བོའི་ངང་ཚུལ་ཅན་ལ་
བཅུག་པས་ཏིལ་མར་ཤིན་ཏུ་ཚ་བ་ལ་ཆུ་གྲང་མོ་བླུགས་པ་བཞིན་དུ་ཤིན་ཏུ་རབ་ཏུ་འབར་ཞིང་དྲག་ལ་མི་སྡུག་ཅིང་འཇིགས་སུ་རུང་བ་འཁོར་ལོ་ལ་སོགས་པ་མཚོན་ཆ་སྣ་ཚོགས་པ་ཐོགས་པ། གདུག་པ་རྣམས་གསད་པ་ཉིད་ཀྱི་སྒོ་ནས་མི་བསྐྱོད་པའི་འབྲས་བུ་ཐོབ་པར་བྱ་བར་སེམས་པའི་
ཁྲོ་བོ་རྣམས་སུ་བསམས་ལ། མདུན་ན་གནས་པའི་མེའི་དཀྱིལ་འཁོར་ལ་འདུག་པའི་གཅེར་བུ་གོ་ཆ་དང་བྲལ་བ་ལུས་ལ་ཏིལ་མར་གྱིས་བསྐུས་པ་ལྷ་དང་བྲལ་བའི་བསྒྲུབ་བྱ་རྣམས་ཀྱང་བལྟས་ཏེ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་
ནི་དཔལ་ལྡན་འཁོར་ལོ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བ། །འཁོར་ལོ་འབར་བའི་གཟུགས་ཀྱིས་ནི། །སྐུ་གསུམ་ལས་བྱུང་དག་པར་བགྱི། །གལ་ཏེ་དམ་ཚིག་ལས་འདས་ན། །ཞིག་པར་འགྱུར་བར་གདོན་མི་འཚལ། །ཞེས་བྱ་བས་ཁྲོ་བོ་རྣམས་ལ་བཀའ་བསྒོས་ཏེ། དེ་རྣམས་ཀྱིས་
དུམ་བུར་གཏུབ་ཅིང་ལག་ན་ཐོགས་པའི་འཁོར་ལོ་འབར་བས་བརྡེག་པར་བྱའོ། །བསྒོམས་པ་དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའ་དང་མཚུངས་པའི་བསྒྲུབ་བྱ་རྣམས་ཀྱང་ཞག་བདུན་ན་གསོད་པར་བྱེད་པས་དེའི་ཕྱིར། རྡོ་རྗེ་སེམས་དཔའ་རང་ཉིད་དམ། །གདུག་པ་ཆེན་པོ་གསོད་པར་བྱེད། །ཅེས་
ཀྱང་གསུངས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏོ། །སངས་རྒྱས་ནི་རྡོ་རྗེ་འཆང་ངོ་། །དེ་ཉིད་ཆོས་ཀྱི་སྐུ་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་སྐུ་གསུམ་མཆོག་སྩོལ་བའོ། །འདིའི་མགོ་དང་ལྐོག་མ་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀུན་དུ་གནས་
པས་ན་རྡོ་རྗེ་གསུམ་གནས་སོ། །སྙིང་པོ་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་ཏེ། དེས་གྲུབ་པ་སྟེར་བ་ནི་གདུག་པ་རྣམས་གསོད་པའི་དངོས་གྲུབ་པོ། །སྐབས་འདིར་ནི་གསད་པར་བྱ་བ་ཉིད་རྨོངས་པའི་བདག་ཉིད་དུ་མངོན་པར་འདོད་དོ། །ཉི་མ་བདུན་དུ་འདི་བྱས་ན། །ཞེས་བྱ་བ་ནི།
เล่ม ๔๑ · หน้า 229a
དྲག་པོའི་ལས་སོ། །སངས་རྒྱས་ཀྱིས་ཀྱང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིས་ཀྱང་ངོ་། །གལ་ཏེ་རྣལ་འབྱོར་པ་ངེས་པར་སྦྱོར་བ་ན་དེས་ཀྱང་འདའ་བར་བྱ་བར་མི་འགྲུབ་པོ་ཞེས་ལ་དོར་བར་བྱ་བ་བརྗོད་པའི་སྒོ་ནས་སྦྱོར་བ་འདི་འདའ་བར་བྱ་དཀའ་བ་ཉིད་དུ་བསྟན་ཏོ། །རྡོ་རྗེ་
ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེ་ཉིད་འདའ་བར་བྱ་བ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་དམ་ཚིག་སྟེ། ཕྱག་ན་འཁོར་ལོ་བསྣམས་པ་དེས་བརྟེག་པར་བྱས་ཤིང་བཅུག་པར་གྱུར་པའི་སེམས་ཅན་ཐམས་ཅད་མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོའི་གཟུགས་རྣམས་སུ་སྤྲོས་ནས་ཏིང་ངེ་འཛིན་
གང་ལ། བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པས་བཀའ་བསྒོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བཙུན་མོ་ནམ་མཁའི་དབྱིངས་ན་གནས་པའི་སྐུའི་དཀྱིལ་འཁོར་དུ་བདག་ཉིད་དེ་ཁོ་ན་བཞིན་དུ་རྡོ་རྗེའི་རྣམ་པ་འབར་བས་རྣམ་པར་བརྒྱན་པའི་འཁོར་ལོ་ལས་བྱུང་
བའི་རྣམ་པར་སྣང་མཛད་སྐུ་མདོག་སྔོན་པོ་ཞལ་གསུམ་དང་སྐུ་ཁྲོ་བ་དང་བཅས་ཤིང་འབར་བ་གཡོན་བརྐྱང་བས་བཞུགས་པ་དེ་བཞིན་དུ་དཀྱིལ་འཁོར་པ་རྣམས་དང་ལྡན་པར་བསམས་ལ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་རྟེན་དང་བརྟེན་པའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་རྣམས་
ཕྱག་གཡས་པ་ན་གནས་པའི་རྡོ་རྗེ་འབར་བ་ལ་བཅུག་སྟེ། ཕྱོགས་བཅུ་ཁྱབ་པའི་སེམས་ཅན་ཐམས་ཅད་ཞི་བའི་གཟུགས་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་རྣམས་སུ་རྣམ་པར་བསམས་ལ། རང་གི་ཡེ་ཤེས་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་དེ་རྣམས་བསྡུས་ནས་རང་གི་ལུས་ལ་བཅུག་སྟེ།
སླར་ཁྲོ་བོའི་ང་རྒྱལ་དང་ལྡན་པས་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པའི་དཔལ་རྡོ་རྗེ་འཆང་རྣམས་སུ་སྤྲོ་བར་བྱའོ། །གང་གིས་ཤེ་ན། ཡེ་ཤེས་མཆོག་གི་གཉེན་གྱིས་ཞེས་བྱ་བ་གསུངས་ཏེ། གདུག་པ་རྣམས་ཀྱིས་མི་བསྐྱོད་པའི་གོ་འཕང་མཆོག་ཐོབ་པར་བྱ་བ་ལ། གཉེན་དུ་གྱུར་པའི་
སྒྲུབ་པ་པོས། །ཞེས་བྱ་བའི་དོན་ཏོ། །བཀའ་བསྒོ་བ་དང་སྒྲུབ་པ་དང་ནི་སྔ་མ་བཞིན་ཏེ། འོན་ཀྱང་ཁྱད་པར་ནི་འདི་ཡིན་ནོ། །དཔལ་རྡོ་རྗེ་འཆང་རྣམས་ལ་བཀའ་བསྒོ་བའི་དུས་སུ། རྡོ་རྗེ་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་བརྗོད་པར་བྱའོ། །རྒྱུ་ལ་འབྲས་བུ་
เล่ม ๔๑ · หน้า 229b
ཉེ་བར་གདགས་པའི་ཕྱིར། འཁོར་ལོ་ཡི་ནི་རྣམ་པར་སྣང་མཛད་དེ། གང་ལ་དེས་དམ་ཚིག་སྟེ་རྡོ་རྗེ་འཆང་རྣམས་ལ་བཀའ་བསྒོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་ནི་འཕགས་པ་
གཤིན་རྗེ་གཤེད་ཡིན་པས་སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན་ནོ། །འཁོར་ལོ་ཆེ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །རང་གི་རྡོ་རྗེ་ཡིན་པས་ཞེས་བྱ་བ་དེ་ཉིད་འཕགས་པ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཡིན་པར་བརྟག་པར་བྱའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་
འཁོར་དུ་བདག་ཉིད་རྣམ་པར་སྣང་མཛད་སྒྲུབ་པ་བཞིན་དུ་ཡི་གེ་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་ཐོ་བ་ལས་བྱུང་བའི་འཕགས་པ་གཤིན་རྗེ་གཤེད་དུ་རྣམ་པར་བསམས་ལ། དུས་གསུམ་སངས་རྒྱས་སེམས་ཅན་རྣམས། །ཞེས་བྱ་བ་རྟེན་དང་བརྟེན་པར་བཅས་པའི་བདག་ཉིད་ཀྱིས་ཞི་བའི་གཟུགས་ཅན་
གྱི་དཔལ་རྡོ་རྗེ་འཆང་རྣམས་སུ་རྣམ་པར་བསྒོམ་སྟེ། རང་གི་ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་བཀུག་ནས་ལག་པ་གཡས་ན་གནས་པའི་ཁྲོ་བོའི་རྡོ་རྗེ་འབར་བ་དང་། རང་གི་ལུས་ལ་བཅུག་སྟེ། སླར་འཕགས་པ་གཤིན་རྗེ་གཤེད་ཀྱི་གཟུགས་རྣམས་སུ་སྤྲོས་ལ། སྔ་མ་བཞིན་དུ་
སྡིག་པ་བསགས་ཤིང་ཁ་སྦྱར་ཕྱེ་བར་གྱུར་པའི་གདུག་པའི་སེམས་ཅན་རྣམ་པར་སྣང་མཛད་བཞིན་དུ་བདུན་བཀའ་བགོས་ཏེ། དེ་རྣམས་དང་བདག་ཉིད་ཀྱིས་བསད་ལ། ལེའུ་དགུ་པ་ལས་བཤད་པའི་ཚུལ་བཞིན་དུ་མི་བསྐྱོད་པར་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཡི་
གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐོ་བ་ཡིན་ཞིང་དེ་ལས་བྱུང་བའི་འཕགས་པ་གཤིན་རྗེའི་དགྲ་ནི་ཐམས་ཅད་ཀྱི་དམ་ཚིག་ལས་བྱུང་བ་གཤིན་རྗེ་གཤེད་དེ། ཏིང་ངེ་འཛིན་གང་ལ་དེས་ཆོས་ཉིད་ལ་སོགས་པའི་རང་བཞིན་ཅན་གྱི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་རྣམས་ལ་བཀའ་བསྒོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའམ། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དཀོན་མཆོག་དཔལ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་ཡི་གེ་དང་སྒྲའི་རང་བཞིན་ཅན་གྱི་སྔགས་རྣམས་ཀྱི་དོན་ནི་རང་གི་ཕྱག་མཚན་གྱི་གཟུགས་སོ། །དེའི་ཡོན་ཏན་ནི་དེ་ལས་བྱུང་བའི་དཀོན་མཆོག་དཔལ་ལ་སོགས་
เล่ม ๔๑ · หน้า 230a
པའི་ཁྲོ་བོ་སྟེ་དེས་སོ། །རིགས་ཀྱི་བྱེ་བྲག་བརྗོད་པར་འདོད་པས་གཅིག་གི་ཚིག་ཅན་དུ་བྱས་སོ། །ཡང་ན་གཙུག་ཏོར་དམ་ཚིག་གིས། །ཞེས་བྱ་བ་ནི་གཙུག་ཏོར་དང་གཙུག་ཏོར་ཆེན་པོ་ལ་སོགས་པའི་གཙུག་ཏོར་བརྒྱད་པོ་དེ་རྣམས་ཐམས་ཅད་ཀྱིས། འཕགས་པ་
གཤིན་རྗེ་མཐར་བྱེད་ཀྱི་རིག་པ་ཁོ་ན་བཞིན་དུ་གདུག་པ་རྣམས་གསད་པར་བྱ་བ་སྟེ། དེས་ནི་སྦྱོར་བ་འདི་ལྷ་ཐམས་ཅད་ཀྱི་ཐུན་མོང་ཉིད་ཡིན་པར་བསྟན་ཏོ། །གོ་བགོས་པ་ཉིད་ཀྱིས་གདུག་པ་རྣམས་གསོད་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་པས་སྔགས་ཀུན་ཞེས་བྱ་བ་ལ་སོགས་གསུངས་ཏེ། སྔགས་
ཀུན་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་བསྒོམ་པའོ། །ཡེ་ཤེས་མཆོག་རྡོ་རྗེ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རང་བཞིན་གྱི་བདག་པོ་ཡིན་ཞིང་། དེ་དམིགས་པའི་སྦྱོར་བས་འདི་ལ་ཡོད་པས་ན་ཡེ་ཤེས་མཆོག་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་ངེས་སོ། །གང་གི་ཕྱིར་དེ་ལྟ་
ཡིན་པ་དེ་བས་ན་ལྷ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་མཐར་ཐུག་པའི་བསྲུང་བའི་རང་གི་ངོ་བོར་བརྗོད་པར་བྱའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བཙུན་མོ་ནམ་མཁའི་དབྱིངས་སུ་ཇི་སྐད་བཤད་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་བྱས་ནས། ཆོས་ནི་གོ་ཆ་ཉིད་དེ། སྣང་མཛད་
སྐུ་མཆོག་ལས་བྱུང་བ། །ཞེས་བྱ་བ་རྣམ་པར་སྣང་མཛད་ལས་བྱུང་བའི་རྡོ་རྗེའི་གོ་ཆ་སྐུ་གསུམ་གཅིག་ཏུ་མི་ཕྱེད་པར་བསམས་ལ། དེས་སྤྱི་བོ་ནས་བརྩམས་ཏེ་རང་གི་ལུས་ལ་གོ་བགོས་པར་བསམས་ཏེ། གདན་དུ་དེ་ཞེས་བྱ་བ་རྐང་པའི་འོག་ཏུ་ཡང་འཁོར་ལོའི་གོ་ཆ་དེ་ཉིད་ཀྱི་གདན་རབ་ཏུ་བརྟག་པར་
བྱའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དབྱིངས་ཞེས་བྱ་བ་ནམ་མཁའི་དབྱིངས་མ་ལུས་པ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་རྣམ་པར་གང་བར་རྣམ་པར་བསྒོམས་ལ། ཐུགས་ཀྱི་རྣམ་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་ཐམས་ཅད་ཀྱི་ཐུགས་ཀ་ན་བཞུགས་པའི་ཡེ་
ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་རྣམས་ལ་སྔགས་ཀྱི་ཡི་གེའི་གནས་རྣམས་བསམས་ཏེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་སྣང་བ་མེད་པར་བྱས་ནས་ཟླ་བ་ལ་གནས་པའི་རྡོ་རྗེའི་གཟུགས་སུ་བསམ་པར་བྱའོ། །དེའི་ཕྱིར། སངས་རྒྱས་རྣམས་ནི་སེམས་ཙམ་
เล่ม ๔๑ · หน้า 230b
དུ། །བསྒོམས་ནས་སླར་ཡང་རབ་ཏུ་བསྡུ། །ཞེས་གསུངས་སོ། །སེམས་ནི་རྡོ་རྗེར་བྱས་ནས་སུ། །ཞེས་བྱ་བ་བདག་གི་སེམས་འདི་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟླ་བ་རྡོ་རྗེའི་གཟུགས་ཡིན་ནོ་སྙམ་དུ་བསམས་ནས་སྐུ་གསུམ་གྱི་བདག་ཉིད་ཀྱི་གོ་ཆ་ལ་ཟླ་བའི་རྡོ་རྗེའི་གཟུགས་ཀྱི་སངས་
རྒྱས་དེ་རྣམས་གཞུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒོམས་པས་མངོན་སྤྱོད་སྒྲུབ་པ་པོ་རབ་ཏུ་བསྲུང་བར་འགྱུར་རོ། །རྡོ་རྗེ་ཆོས་ནི་མི་ཕྱེད་པའི་བསྲུང་བའི་གོ་ཆ་སྟེ། གང་ལ་དེས་འཁོར་ལོའི་དཀྱིལ་འཁོར་སྣང་བ་གསལ་བར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པའི་མཆོག་
རྣམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་བརྟན་པའི་རྣལ་འབྱོར་པས་བདག་ཉིད་རྡོ་རྗེ་སེམས་དཔར་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམ་སྟེ། སངས་རྒྱས་རིམ་པར་བཀོད་ནས་ནི། །ཞེས་བྱ་བ་ཡང་དག་པར་སྦྱོར་བ་ལས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་འོད་
དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ་རྣམས་ཕྱུང་སྟེ། ཆུའི་སྟེང་དུ་གོ་རིམས་བཞིན་དུ་རི་རབ་སེར་པོ་དང་མཚུངས་པ་ཕ་རོལ་གྱི་མཐར་ཀུན་དུ་ཁྱབ་པར་གནས་པ་ཀུན་དུ་བསམས་ལ། རྐང་པ་མཉམ་གཞག་སྦྱོར་བ་ཡིས། །ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱི་རྐང་པ་གཉིས་མཉམ་པ་ཉིད་དུ་
དམིགས་པ་དེས་མི་བསྐྱོད་པ་རྣམས་ལ་སོགས་པ་རྣམས་ཀྱི་དབུའི་སྟེང་དུ་རྐང་པ་གཉིས་འཇོག་པར་བསྒོམ་ཞིང་ཆུའི་སྟེང་དུ་བཅག་པར་བྱའོ། །སངས་རྒྱས་རྣམས་ཀྱི་སྤྱི་བོར་རྐང་པ་བཞག་པས་སྡིག་པར་འགྱུར་རོ་སྙམ་པའི་འགྱོད་པ་བསལ་བའི་ཕྱིར། ངོ་བོ་ཉིད་དག་པ་ཞེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་
དག་པ་ཉིད་ཡིན་པའི་ཕྱིར་ཉེས་པར་མི་འགྱུར་ཞིང་འགྲུབ་པར་ཡང་འགྱུར་རོ། །གང་ལ་རྡོ་རྗེའི་རྒྱ་མཚོ་སྟེ། རྒྱ་མཚོ་ཉིད་རྐང་པས་གནོན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་ཆེན་དཀྱིལ་འཁོར་བསྒོམས་ནས་ནི། །ཞེས་བྱ་བ་ནི་རྩོད་པའི་དུས་སུ་ཕ་རོལ་རྒོལ་བའི་ཁའི་ནང་དུ་ཡི་གེ་ལཾ་ལས་བྱུང་བའི་
དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ཟུར་བཞི་རུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང་། མཚམས་ཀྱི་རྡོ་རྗེ་དེ་རྣམས་ཀྱང་རྣ་བ་གཉིས་དང་རྐན་དང་སྤྱི་བོ་དང་ལྕེའི་རྩ་བ་ཕུག་སྟེ་ཕྱི་རོལ་དུ་བྱུང་བར་ལྟ་ཞིང་། དེ་ཡང་ཁ་སྦུབ་ཏུ་འགྱེལ་ཞིང་བརྒྱལ་བར་གྱུར་པ་དབྱངས་ཐ་མ་ལས་བྱུང་བའི་སྣ་ཚོགས་
เล่ม ๔๑ · หน้า 231a
རྡོ་རྗེ་ལ་གནས་པའི་ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བ་གསེར་གྱི་རི་བོ་ཐོགས་པས་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པར་བསམ་པར་བྱ་བ་སྟེ། དེས་ནི་ཐམས་ཅད་ཀྱི་ངག་རེངས་པར་འགྱུར་རོ། །གང་ལ་མུ་སྟེགས་ཅན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ངག་རེངས་
པར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་གསུམ་མཆོག་ཁྲོ་བོའི་ཚུལ། །ཞེས་བྱ་བ་ནི་ཕ་རོལ་གྱི་དཔུང་རེངས་པར་བྱ་བའི་ཕྱིར་ཕུལ་དུ་བྱུང་བ་ཐོབ་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་དུ་ཁྲོ་བོའི་ཚུལ་གྱི་བདག་ཉིད་ཀྱི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་རྣམ་པར་སྣང་མཛད་ལ་
སོགས་པ་དེ་བཞིན་གཤེགས་པ་ཁྲོ་ཞིང་ཁྲོ་བོའི་གཟུགས་ཅན་སྐུ་མདོག་སེར་པོ་གསེར་གྱི་རི་བོ་དང་མཚུངས་པ་རྣམས་སྤྲོས་ཏེ་སྐྱེས་བུ་དཔའ་བོ་རེ་རེའི་སྤྱི་བོར་མནན་ཏེ་བཞུགས་པར་བསམ་པར་བྱའོ། །འདིར་ཇི་ལྟར་རྙེད་པའི་མན་ངག་བཤད་པར་བྱ་སྟེ། ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱི་བོར་ཁྲོ་བོ་
ཁ་ཕྱིར་བལྟས་པ་རྣམས་བསྒོམ་ཞིང་། འབྲོས་པ་རྣམས་ལ་ཁ་མདུན་དུ་བལྟས་པའམ། ཁ་ཕྱིར་བལྟས་པ་དགོད་པར་བྱ་སྟེ། དེ་ལྟར་ན་ཅུང་ཟད་ཀྱང་མི་ཕྱེད་པར་གནས་པར་འགྱུར་རོ། །ཁ་མདུན་དུ་བལྟས་པ་རྣམས་ལ་ནི་སྐུ་མདོག་སེར་པོ་ཁ་མདུན་དུ་བལྟས་པ་རྣམས་བསམ་པར་བྱ་སྟེ། དེ་
རྣམས་ཀྱང་དེ་བཞིན་དུ་འགྱུར་རོ། །སངས་རྒྱས་དཔུང་ཡང་གནོད་བྱེད་པས། །ཞེས་བྱ་བས་ནི་སྦྱོར་བ་འདིའི་ཆེ་བ་བདག་ཉིད་ཀྱི་ཁྱད་པར་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་ཕ་རོལ་གྱི་དཔུང་གནོན་པ་བྱུང་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །གཞན་ནི་གོ་སླའོ། །དགྲ་བོ་སྐྲག་པར་བྱ་བའི་དུས། །བསམ་གཏན་རབ་ཏུ་བརྟག་པ་འདི། །ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །སངས་རྒྱས་དག་གིས་ཞེས་བྱ་བ་ལ་སོགས་པས་ནི་མཐུ་ཕུལ་དུ་བྱུང་བ་བཤད་
པའི་སྒོ་ནས་བརྟན་པ་ཉིད་དུ་སྟོན་པར་བྱེད་དོ། །ཧཱུྃ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་རང་གི་ལྷའི་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཕུར་བུ་རྩེ་ལྔ་པ་འབར་བ་ཡང་དག་པར་སྦྱོར་བ་ལས་བྱུང་ནས་ཁྲོས་པར་གྱུར་པས་དེས་དགྲ་བོའི་སྙིང་གར་ཕུར་
เล่ม ๔๑ · หน้า 231b
བུས་གདབ་པར་བྱ་སྟེ། རྨོངས་པ་དང་གསད་པའི་བསམ་པའི་དབང་གིས་རྨོངས་པ་དང་ཤི་བར་འགྱུར་རོ། །གང་ལ་དགྲ་བོ་རྣམས་རྨོངས་པ་སྟེ་བརྒྱལ་བ་དང་གནོད་པ་བྱེད་པ་སྟེ། གསོད་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གྲོང་ལ་སོགས་པའི་ནད་ཀྱི་འཚེ་བ་ཞི་བར་བྱ་བའི་ཕྱིར། གྲོང་
ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གོ་སླའོ། །རྡོ་རྗེ་རྩེ་མོ་ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་བདག་ཉིད་རྟེན་དང་བརྟེན་པའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞི་བའི་ཚུལ་ཅན་དུ་ཇི་ལྟ་བ་བཞིན་རྣམ་པར་བསྒོམ་སྟེ། ནམ་མཁའི་ཕྱོགས་སུ་ཡི་
གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཆེན་པོ་འབར་བ་རྩེ་མོ་གྱེན་དུ་བལྟས་པ་གྲོང་ཁྱེར་ལ་སོགས་པ་ཀུན་དུ་ཁྱབ་པར་གནས་པ་བསམས་ལ། དེ་ལས་བྱུང་བའི་འབར་བའི་ཚོགས་རྣམས་ཀྱིས་དེ་ན་གནས་པའི་སེམས་ཅན་ནད་ཀྱིས་གཙེས་པ་རྣམས་ཀུན་དུ་བསྲེགས་ནས་ཀྱང་གོས་གཙང་མ་བཞིན་དུ་ནད་ཀྱི་དྲི་
མ་ཐམས་ཅད་ཚིག་པར་བྱས་ཏེ་དེ་ཉིད་དུ་འོད་ཟེར་གྱི་ཚོགས་བསྡུ་བར་བྱའོ། །རིན་ཆེན་ཡིད་བཞིན་ནོར་བུའི་འོད། །ཅེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་དེ་ཉིད་ལས་དཀོན་མཆོག་དཔལ་གྱི་ཚོགས་གོས་དཀར་མོ་སྐུ་མདོག་སེར་པོ་དང་ལྡན་པ་རྣམས་རྣམ་པར་སྤྲོས་ཏེ། དེ་རྣམས་ཀྱིས་བུམ་པ་སེར་
པོའི་བདུད་རྩིའི་དབང་བསྐུར་བ་དང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་དབང་བསྐུར་བ་དང་། རིན་པོ་ཆེ་དང་གོས་དཀར་མོ་ཞུ་བར་གྱུར་པའི་ནམ་མཁའི་དབྱིངས་སུ་བཞུགས་པའི་དབང་བསྐུར་བ་དེ་རྣམས་ལ་སྦྱིན་པར་བྱའོ་ཞེས་བསྟན་ཏོ། །དེས་ཅིར་འགྱུར་ཞེ་ན། དགང་དཀའ་བ་ཡང་རབ་ཏུ་འགེངས། །
ཞེས་བྱ་བ་གསུངས་ཏེ། ནད་ཐམས་ཅད་ཀྱི་དབང་གིས་ཤིན་ཏུ་སྐེམ་པ་ཡང་ཤ་རྒྱས་ཤིང་ཤེས་རབ་འཕེལ་བར་འགྱུར་རོ། །སྦྱིན་པའི་རྡོ་རྗེ་སྒྲུབ་བྱེད་པ། །ཡིད་བཞིན་ནོར་བུ་དཔལ་ལྡན་འགྱུར། །ཞེས་བྱ་བ་ནི་བཤད་མ་ཐག་པའམ་སེམས་ཅན་དབུལ་པོ་གཞན་ཡང་རུང་། རིམ་
པ་དེ་བཞིན་དུ་དབང་བསྐུར་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའོ། །དེ་ལྟར་ཞི་བ་དང་རྒྱས་པར་བྱས་ན། ནད་ལ་སོགས་པའི་འཚེ་བ་རྣམས་སླར་མི་འབྱུང་བར་བྱ་བའི་ཕྱིར། སངས་རྒྱས་སྤྲིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
เล่ม ๔๑ · หน้า 232a
རྣམ་པར་སྣང་མཛད་དང་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པའི་ཚོགས་རྣམས་སྤྲོས་ཏེ། དེ་རྣམས་ཀྱི་གྲོང་ཁྱེར་ལ་སོགས་པའི་ས་གཞི་ཀུན་དུ་བཀང་ལ། ས་འོག་གི་བར་དུ་སྐུ་རྡོ་རྗེ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལས་གྲུབ་པར་བསམ་པར་བྱའོ། །དེ་ལྟར་བསྒོམས་
པས་གྲོང་ཁྱེར་ལ་སོགས་པའི་གནས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །འདི་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །སེམས་ཅན་གྱི་ལུས་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་གསང་བའི་སྐུ་སྟེ་སྐྱོན་
མེད་པའོ། །གང་ལ་སེམས་ཅན་ཐམས་ཅད་ཀྱི་ནད་མེད་པར་བྱེད་པ་ཡོད་པ་དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པའི་དབང་དུ་བྱས་ནས། སྲུང་བའི་འཁོར་ལོ་བསམ་གཏན་ལས་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་
གཏན་ལས་བྱུང་ཞིང་སྐྱེས་པས་ན་བསམ་གཏན་ལས་བྱུང་བ་སྟེ། སྲུང་བའི་འཁོར་ལོ་ཡིན་ཞིང་དེ་ཡིས་སོ། །རྣལ་འབྱོར་པའི་དབང་ཕྱུག་གི་བདག་པོ་གདོད་མ་ནས་མ་སྐྱེས་པའི་དངོས་པོ་ཐམས་ཅད་རྣམ་པར་དག་པ་ལ་གནས་པས་བགེགས་ལ་སོགས་པའི་རྣམ་པར་རྟོག་པ་ཐ་དད་པ་བསྐྱེད་པར་
པར་མི་བྱ་ཞིང་ངེས་པར་བྱ་སྟེ། རྒྱུན་མི་འཆད་པར་ཐུན་བཞིར་བསྒོམ་པ་དམ་བཅས་པ་གནས་གང་དུ་སྤྱོད་པ་ན། འདི་ཡིས་ཞེས་བྱ་བ་འཆད་པར་འགྱུར་བའི་སྲུང་བའི་འཁོར་ལོའི་རྣལ་འབྱོར་གྱི་གནས་དང་། སྒྲུབ་པ་པོ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །རྡོ་རྗེ་བདུད་
རྩི་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་གནོད་མཛེས་རྒྱལ་པོ་ཕྱུང་སྟེ། དེ་ལ་བཀའ་བསྒོས་ནས། ཕྱོགས་བཅུ་ན་གནས་པའི་ཁྱབ་འཇུག་ལ་སོགས་པའི་བགེགས་ཀྱི་ཚོགས་
བཀུག་སྟེ། གནས་ཇི་ལྟ་བ་བཞིན་དུ་རྣམ་པར་བཀོད་ལ་བདུད་རྩི་ཞེས་བྱ་བའི་ཁྲོ་བོ་བཅུ་སྨད་ཕུར་བུའི་རྣམ་པ་ཅན་འོད་ཟེར་འབར་བ་རྣམས་ཀྱིས་མདངས་བཟང་པོ་དང་ལྡན་པ་ཕྱུང་སྟེ། དཔལ་གནོད་མཛེས་རྒྱལ་པོས་ལག་པ་གཡོན་པས་བཟུང་ཞིང་། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་བཀས་
เล่ม ๔๑ · หน้า 232b
ལག་པ་གཡས་པ་ན་ཐོགས་པའི་རྡོ་རྗེ་ཐོ་བས་བརྡུངས་ནས་མགོ་བོ་ནས་བརྩམས་ཏེ་རྐང་པའི་བར་དུ་བགེགས་ཐམས་ཅད་ཕུར་བུས་གདབ་པར་བྱའོ། །འགྲོ་བ་སྟེ་བགེགས་ཀྱི་ཚོགས་ཀྱི་རང་བཞིན་གྱི་སེམས་ཅན་གྱི་ཁམས་འདུལ་བ་ནི་ཕུར་བུས་གདབ་པ་སྟེ། གང་ལ་དེས་ཞི་བ་མི་ཕྱེད་པར་འགྱུར་
བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞི་བ་ལ་ནི་སྤྱན་གྱི་ཚུལ། །ཞེས་བྱ་བའི་མདོ་དེའི་བཤད་པ། ཞི་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་དཀྱིལ་འཁོར་ནི་བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཆུའི་དཀྱིལ་འཁོར་ཡིན་ཞིང་དེ་ཉིད་དམ་པའོ། །རྣམ་པར་སྣང་
མཛད་གཟུགས་བསམས་ནས། །རང་གི་ཐུགས་ཀར་འདོད་པ་གཞག །ཅེས་བྱ་བ་ལ་སོགས་པས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་བཞིན་དུ་སངས་རྒྱས་སྤྱན་གྱི་ཆོས་འབྱུང་གི་ནང་ན་གནས་པའི་སྐུའི་དཀྱིལ་འཁོར་གྱི་དབུས་སུ་པདྨའི་སྟེང་གི་ཟླ་བའི་གདན་ལ་
གནས་པའི་ཇི་སྐད་བཤད་པའི་ཆུའི་དཀྱིལ་འཁོར་ལ་འདུག་སྟེ། དེ་དག་ཉིད་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་སྐུ་དང་ཞལ་གསུམ་སྐུ་མདོག་དཀར་པོ་ཞི་བའི་ངང་ཅན་ཤིན་ཏུ་སྙིང་རྗེའི་དབང་དུ་གྱུར་པ་དཀར་ཞིང་ཞི་བའི་ངང་ཅན་གྱི་དེ་བཞིན་གཤེགས་པ་བཞིས་ཡོངས་སུ་བསྐོར་བར་རྣམ་
པར་བསམས་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་བསྒྲུབ་བྱ་དང་སངས་རྒྱས་སྤྱན་གྱི་སྔགས་ཀྱི་ཕྲེང་བ་མགོ་གྱེན་དུ་བལྟས་པ་མདོག་དཀར་པོ་བདུད་རྩི་འཛག་པ་བསྒྲུབ་བྱའི་ལུས་ཀུན་དུ་ཁྱབ་པར་བྱེད་པ་རྣམ་པར་བཀོད་ལ། དེའི་རྣམ་པར་ཤེས་པ་གཞུག་པ་སྔོན་དུ་
འགྲོ་བ་ཅན་གྱི་འོད་ཟེར་གྱི་སྒོ་ལས་བྱུང་བའི་རྟགས་དང་ཡང་དག་པར་ལྡན་པའི་སངས་རྒྱས་སྤྱན་རྣམས་ཀྱིས་ནམ་མཁའི་དབྱིངས་ཀུན་དུ་གང་བར་བལྟས་ཏེ། སྔགས་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་གནས་ནས་བཀུག་ལ་སྔ་མ་བཞིན་དུ་བུམ་པ་ལ་སོགས་པའི་དབང་བསྐུར་
བའི་ཚུལ་གྱིས་བསྒྲུབ་བྱའི་ལུས་ལ་བཅུག་སྟེ། སླར་སངས་རྒྱས་སྤྱན་དང་ཡང་དག་པར་ལྡན་པའི་རྟག་པ་རྣམས་སྤྲོས་ལ། དེ་ཁོ་ན་བཞིན་དུ་དབང་བསྐུར་བར་བྱའོ། །དེས་ནི་བསྒྲུབ་བྱ་མི་ཕྱེད་པའི་སྐུ་ཅན་དུ་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དམ་ཚིག་གི་སྒྲས་ནི་སངས་རྒྱས་
เล่ม ๔๑ · หน้า 233a
སྤྱན་ཏེ་གང་ལ་དེ་དག་གི་བཀོད་པའི་སྤྲིན་གྱིས་ཞི་བར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱས་ལ་པདྨོ་རྡོ་རྗེ་ཅན། །ཞེས་བྱ་བའི་མདོ་བཤད་པ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེའི་དམ་ཚིག་གིས་བྷ་གར་རིན་པོ་ཆེའི་དཀྱིལ་འཁོར་
གྱི་དབུས་ན་གནས་པའི་པདྨའི་སྟེང་གི་ཟླ་བའི་གདན་གྱི་དབུས་སུ་དབང་ཆེན་གྱི་དཀྱིལ་འཁོར་བཤད་ཟིན་པའི་མཚན་ཉིད་ཅན་ནོ། །དེ་ཉིད་དགེ་ལེགས་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དམ་པའོ། །ཆོས་ནི་འོད་དཔག་ཏུ་མེད་པ་གོས་དཀར་མོའི་གཟུགས་སུ་གྱུར་པ་ཡིན་ཞིང་། དེ་སྙོམས་པར་
འཇུག་པའི་སྒོ་ནས་འཛིན་པར་བྱེད་པས་ན་ཆོས་འཛིན་པ་སྟེ། རིག་མ་དང་བཅས་པ་སྐུ་མདོག་སེར་པོ་ཐུགས་རྒྱ་ཆེ་བ་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་བཞིའི་དབུས་ན་བཞུགས་པའི་རིན་ཆེན་འབྱུང་ལྡན་ནོ། །སྙིང་གར་འདོད་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རང་བཞིན་དུ་གོས་དཀར་མོའི་
སྔགས་ཀྱི་ཕྲེང་བས་ཀུན་དུ་བསྐོར་བའོ། །དཀར་མོ་ཞེས་བྱ་བ་ནི་དཀོན་མཆོག་དབལ་དང་ལྡན་པའི་གོས་དཀར་མོ་སྐུ་མདོག་སེར་པོ་རྣམས་ཀྱིས་ནམ་མཁའ་ཀུན་དུ་བཀང་སྟེ་བསྡུས་ནས་སངས་རྒྱས་སྤྱན་བཞིན་དུ་ཀུན་དུ་སྦྱར་ཏེ། ལུས་ལ་གཞུག་པར་བྱའོ། །དེའི་ཕྱིར་འདོད་པ་ལ་དེ་དབབ་པར་བྱ་ཞེས་བྱ་བ་
གསུངས་ཏེ། རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་དཀོན་མཆོག་དཔལ་གྱི་ཚོགས་གོས་དཀར་མོ་དང་ཡང་དག་པར་ལྡན་པ་ཡང་སྤྲོས་ལ། བསྡུས་ཏེ་དེ་ཁོ་ན་བཞིན་དུ་དབང་བསྐུར་བ་དང་རྗེས་སུ་ཞུགས་པར་བསམ་པར་བྱའོ། །འདི་ཡིས་ཞེས་བྱ་བ་ནི་བཤད་མ་ཐག་པས་སོ། །དགང་
དཀའ་བ་ཡང་རབ་ཏུ་འགེངས། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཆོས་ནི་གོས་དཀར་མོ། དམ་ཚིག་ནི་དཀོན་མཆོག་དབལ་ཏེ། གང་ལ་དེ་དག་གི་སྤྲིན་བཀོད་པ་དག་གིས་རྒྱས་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་ལ་རྣམ་པར་སྣང་མཛད་གནས། །ཞེས་བྱ་བ་མདོ་དེའི་དོན་ནི། ནམ་
མཁའ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོས་དཀར་མོའི་མཚོ་སྐྱེས་སུ་གསུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་པདྨའི་སྟེང་གི་ཟླ་བའི་གདན་ལའོ། །རྡོ་རྗེ་ཟླ་གམ་དཀྱིལ་འཁོར་ནི་ཡི་གེ་བཾ་ལས་བྱུང་བའི་གཞུའི་རྣམ་པ་ཅན་གྱི་རླུང་གི་དཀྱིལ་འཁོར་རྡུལ་ཕྲ་རབ་དམར་
เล่ม ๔๑ · หน้า 233b
པོ་གཡོ་བའི་རང་བཞིན་ཅན་རྡོ་རྗེའི་སྤྱན་གྱིས་མཚན་པའོ། །རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ནི་ལྷ་མོ་རྡོ་རྗེ་ནམ་མཁའ་མའོ། །ཆོས་མཆོག་ནི་དེ་དང་ཡང་དག་པར་ལྡན་པའི་འོད་དཔག་ཏུ་མེད་པའོ། །འདོད་པ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་
དབང་དུ་བྱ་བར་འདོད་པའི་གསོལ་བ་འདེབས་པར་བྱེད་པའོ། །སངས་རྒྱས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཡིས་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་མཱ་མ་ཀཱིའི་གཟུགས་རྣམས་ཀྱིས་ཏེ། འདི་ཉིད་ལས་བྱང་ཆུབ་སེམས་དཔའ་ཆུ་རྡོ་རྗེ་དང་ཞེས་བཤད་པ་ཉིད་
ཀྱི་ཕྱིར་རོ། །འོད་ཟེར་ལྔ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། བདག་ཉིད་ཇི་སྐད་བཤད་པའི་དཀྱིལ་འཁོར་ན་གནས་པ་སྐུ་མདོག་དམར་སྐྱ་ཀུན་དུ་ཆགས་པའི་ཐུགས་མངའ་བ་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་བཞིས་ཡོངས་སུ་བསྐོར་
བ་རིག་དང་བཅས་པའི་འོད་དཔག་ཏུ་མེད་པར་བསམས་ལ། སྔ་མ་བཞིན་དུ་འདོད་པ་མཱ་མ་ཀཱི་སྔགས་ཀྱི་ཕྲེང་བས་ཀུན་ནས་བསྐོར་བ་བལྟས་ཏེ། སྔགས་ལས་བྱུང་བའི་འོད་ཟེར་གྱི་སྒོ་ལས་བྱུང་བ་སྤྲོས་པའི་འོད་དཔག་ཏུ་མེད་པ་དང་ཡང་དག་པར་ལྡན་པའི་མཱ་མ་ཀཱི་དམར་པོའི་ཚོགས་རྣམས་
ཀྱིས་ནམ་མཁའ་ཀུན་དུ་བཀང་ལ། དེ་རྣམས་ཀྱིས་དེ་ལ་བུམ་པ་དམར་པོའི་བདུད་རྩིས་དབང་བསྐུར་ཏེ། འདོད་ཆགས་ཀྱི་མེས་འབར་བ་ལ་འོད་ཟེར་ལྔས་ཁྱབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཁ་དོག་དམར་པོ་རྣམས་དབང་བསྐུར་ལ། མཱ་མ་ཀཱིའི་ཚོགས་ཞུ་བར་གྱུར་པ་ཞུགས་པས་དབང་
བསྐུར་བར་བྱ་ཞིང་། དེ་བཞིན་དུ་རང་གི་བ་སྤུའི་རྩེ་མོ་ལས་བྱུང་བའི་འོད་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀྱང་དབང་བསྐུར་བར་བྱའོ། །དེ་ནི་ཞེས་བྱ་བ་དབང་དུ་བྱ་བ་དོན་དུ་གཉེར་བའོ། །དེ་མ་ཐག་ཏུ་སྟེ་སེམས་བརྟེན་པའི་རྣལ་འབྱོར་པས་མཉམ་པར་གཞག་པའི་རྗེས་ཐོགས་ཉིད་དུ་སངས་རྒྱས་
ཐམས་ཅད་ཀྱི་ཐུགས་སུ་བྱོན་པ་དང་། འཕགས་པ་འཇམ་དཔལ་དང་འདྲ་བའི་སྐུ་དང་ལྡན་པ་དང་། བལྟས་པ་ཙམ་གྱིས་འགྲོ་བ་ཐམས་ཅད་དབང་དུ་བྱ་བའི་ལས་བྱེད་པར་དབང་བསྐུར་བའི་རྗེས་ཐོགས་ཉིད་ལ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བལྟས་པ་ཙམ་གྱིས་བསྐུལ་ན། འགྲོ་བ་
เล่ม ๔๑ · หน้า 234a
ཐམས་ཅད་དབང་དུ་འགྱུར་ཞེས་གསུངས་སོ། །རིན་པོ་ཆེ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་ལྷ་མོ་ཆེན་མོའོ། །དམ་ཚིག་ནི་འོད་དཔག་ཏུ་མེད་པ་སྟེ། གང་ལ་དེ་དག་གི་སྤྲིན་བཀོད་པ་དག་གིས་དབང་དུ་བྱ་བར་ནུས་པའི་དོན་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔར་ནི་
རྡོ་རྗེའི་རིགས་གཙོ་བོར་བྱས་པའི་སྒོ་ནས་སྤྱོད་པ་བསྟན་པ་ཡིན་ནོ། །ད་ནི་ལས་ཀྱི་ཚོགས་ཀྱི་གོ་རིམས་ཀྱི་སྒོ་ནས་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མཱ་མ་ཀཱིའི་པདྨའི་ནང་ན་གནས་པའི་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་པདྨའི་སྟེང་གི་ཉི་མའི་གདན་གྱི་དབུས་སུ་བདག་
ཉིད་ཡི་གེ་རཾ་ལས་བྱུང་བའི་ནམ་མཁའ་ལྟ་བུའི་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བའི་ཡི་གེ་རཾ་གྱིས་མཚན་པ་ལ་བཞུགས་པ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པའི་མི་བསྐྱོད་པར་རྣམ་པར་བསྒོམས་ལ། དེ་ཁོ་ན་བཞིན་དུ་སྡིག་པ་བསགས་པ་ཁ་སྦྱར་ཕྱེ་བར་གྱུར་པ་འཇིགས་པས་མྱོས་པ་མདུན་ན་གནས་
པའི་མེའི་དཀྱིལ་འཁོར་ལ་གནས་པ་གཅེར་བུ་སྐྲ་གྲོལ་བ་ལུས་ཏིལ་མར་གྱིས་བསྐུས་པའི་བསྒྲུབ་བྱ་དམིགས་ཏེ། རང་གི་བ་སྤུའི་བུ་ག་ནས་བྱུང་བའི་འོད་ཟེར་གྱི་སྒོ་ལས་སྤྲོས་པའི་རྡོ་རྗེ་སྲིན་པོ་དྲག་པོ་མི་བཟད་པ་རྣམས་དང་ཅེ་སྤྱང་དང་བྱ་རོག་དང་བྱ་རྒོད་དང་ཁྱི་རྣམ་པ་ཐ་དད་པ་རྣམས་ཀྱིས་ནམ་
མཁའི་དབྱིངས་ཀུན་དུ་བཀང་ལ། མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོ་རྣམས་ཀྱིས་མནན་ཏེ་དུམ་བུར་བྱས་ཤིང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་ཁྲག་དང་གླད་པ་ལ་སོགས་པ་ཕྱུང་ནས་ཟོས་པར་བསམ་པར་བྱའོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཕུལ་དུ་བྱུང་བ་མ་ཐོབ་པས་ཀྱང་
བསྒོམ་པ་འདིའི་སྦྱོར་བས་ཁ་སྦྱར་ཕྱེ་བར་གྱུར་ནས་སངས་རྒྱས་ལ་སོགས་པ་ཡིན་ཡང་ཟླ་བ་ཕྱེད་ཀྱི་ནང་དུ་ངེས་པར་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ལ་རྡོ་རྗེ་སྲིན་པོ་ལ་སོགས་པའི་སྤྲིན་བཀོད་པ་རྣམས་ཀྱིས་མངོན་སྤྱོད་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔར་ནི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་སྤྲུལ་པའི་དཀྱིལ་འཁོར་བསྟན་པའི་ཕྱིར་ཁ་དོག་ལ་སོགས་པ་བཤད་ཅིང་། ད་ནི་རྣལ་འབྱོར་སྒོམ་པར་བྱེད་པའི་དབང་དུ་བྱས་ནས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནི་བཤད་ཟིན་ཏོ། །འཁོར་ལོ་རྡོ་རྗེ་པདྨོ་ཆེ། །གཡས་པའི་ཕྱག་ཏུ་རྣམ་པར་བསྒོམ། །
เล่ม ๔๑ · หน้า 234b
ཞེས་བྱ་བ་ལ། རྣམ་པར་སྣང་མཛད་ཀྱི་གཡས་པའི་རྩ་བའི་ཕྱག་ན་འཁོར་ལོ། །མི་བསྐྱོད་པའི་རྡོ་རྗེ། འོད་དཔག་ཏུ་མེད་པའི་ནི་པདྨ་ཆེན་པོའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རིན་ཆེན་འབྱུང་ལྡན་གྱི་གཡས་པའི་རྩ་བའི་ཕྱག་ན་རིན་པོ་ཆེ་དོན་ཡོད་པར་གྲུབ་པའི་ནི་རལ་གྲིའོ། །ངེས་པར་
འབྱེད་པའི་ཤེས་རབ་ཀྱི་དོན་སྟོན་པར་བྱེད་པའི་དྲིལ་བུའི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་རང་བཞིན་ཅན་ནི་ལྷ་ཐམས་ཅད་ཀྱི་གཡོན་པའི་རྩ་བའི་ཕྱག་ཏུ་བལྟ་བར་བྱའོ། །མཚོན་ཆ་བཟང་པོ་སྣ་ཚོགས་བསྣམས་པ་ཞེས་བྱ་བ་འདིས་ནི་དེ་བཞིན་གཤེགས་པ་ལྔ་ལྷ་ཐམས་ཅད་དང་
ཐུན་མོང་དུ་ཤེས་རབ་ཡེ་ཤེས་ཀྱི་དོན་སྟོན་པར་བྱེད་ཅིང་རྣམ་པར་ཐར་པ་དྲུག་གི་བདག་ཉིད་ཀྱི་ཕྱག་མཚན་དྲུག་བསྣམས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། འོན་ཀྱང་རྒྱུད་ནི་སྐུ་དང་གསུང་དང་ཐུགས་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་སྐུ་རྡོ་རྗེའི་ཕྱག་གཡས་པ་རྣམས་ན་ནི་འཁོར་ལོ་དང་
རྡོ་རྗེ་དང་པདྨའོ། །ཐུགས་རྡོ་རྗེའི་ནི་རྡོ་རྗེ་དང་འཁོར་ལོ་དང་ཆུ་སྐྱེས་སོ། །གསུང་རྡོ་རྗེའི་ནི་པདྨ་དང་རྡོ་རྗེ་དང་འཁོར་ལོའོ། །གཡོན་པ་རྣམས་ན་ནི་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲིའོ། །རིན་ཆེན་འབྱུང་ལྡན་གྱི་གཡས་པ་རྣམས་ན་ནི་ཡིད་བཞིན་གྱི་ནོར་བུ་དང་རྡོ་རྗེ་དང་འཁོར་ལོ། གཡོན་
པའི་གཉིས་པས་ནི་པདྨའོ། །དེ་བཞིན་དོན་ཡོད་པར་གྲུབ་པའི་གཡས་པའི་རྩ་བའི་ཕྱག་ན་ནི་རལ་གྲི། གཉིས་པ་ན་ནི་སྣ་ཚོགས་རྡོ་རྗེ། གཡོན་པའི་གསུམ་པ་ན་ནི་པདྨའོ། །དེ་བཞིན་དུ་རིགས་ཀྱི་དབྱེ་བའི་སྒོ་ནས་ཐམས་ཅད་ལ་ཤེས་པར་བྱའོ། །གང་དུ་ཁྱད་པར་གྱི་གནོད་པ་མེད་པ་དེར་ནི་བར་བུ་
ཆོས་གོས་འཁར་གསིལ་དང་། མཚོན་ཆ་སྣ་ཚོགས་མཆོག་འཛིན་པ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཟུང་ནས་ཡང་འགྲུབ་པར་འགྱུར་རོ། །སྐུ་དང་གསུང་ཐུགས་སྦྱོར་བ་ལས། །ལྷ་རྣམས་ཐམས་ཅད་ཞལ་གསུམ་མོ། །རྣམ་ཐར་བརྒྱད་ཀྱི་རང་བཞིན་ཕྱིར། །དེ་བཞིན་ཕྱག་མཚན་
ཐམས་ཅད་བསྣམས། །རིགས་གསུམ་གཙོ་བོར་གྱུར་པའི་ཕྱིར། །རྡོ་རྗེ་འཁོར་ལོ་ཆུ་སྐྱེས་ནི། །གཡས་པའི་ཕྱག་རྣམས་བསྣམས་པ་ཡིན། །དོན་གྱིས་གཡོན་ན་ལྷག་མ་རྣམས། །ཕྱག་མཚན་དུ་མ་བསྣམས་པ་ཉིད། །ཀུན་དུ་སོ་སོར་གྲུབ་པ་ཡིན། །གཞུང་གི་དོན་དང་མན་ངག་ལས། །
เล่ม ๔๑ · หน้า 235a
རལ་གྲི་གཡོན་པའི་ཕྱག་ན་བསྣམས། །ཐ་མལ་པ་ཡི་སེམས་ཅན་ཡང་། །གཡོན་པས་རལ་གྲི་འཛིན་པར་སྣང་། །དེ་རྣམས་བྱ་བའང་བྱེད་པ་སྟེ། །གོམས་པའི་སྒོ་ནས་བྱ་མིན་མེད། །ཤིན་ཏུ་སྤྲོས་པས་ཆོག་གོ། །བཅོམ་ལྡན་འདས་ཀྱིས་ཀྱང་། དངོས་
གྲུབ་ཀུན་གྱི་གཏེར་གྱུར་པ། །དགོངས་པ་ལུང་བསྟན་ལ་བརྟེན་ནས། །གང་གི་སེམས་ཀྱིས་ཇི་ལྟར་ནུས། །དེ་ཡིས་དེ་ལྟར་བྱ་བ་ཡིན། །ཞེས་གསུངས་ཏེ། བདག་གི་ནུས་པ་ཡང་དེ་ལྟ་བུ་ཡིན་ནོ། །སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ནམ་མཁའ་རྡོ་རྗེ་ནི་
དཀོན་མཆོག་དཔལ་ལོ། །དེའི་སྤྱན་ནི་ཤེས་རབ་ཀྱི་སྤྱན་དུ་གྱུར་པའམ་རང་གི་རིག་སྔགས་ཀྱི་རྣལ་འབྱོར་པ་རྡོ་རྗེའི་གནས་སུ་ཁྲིད་པར་བྱེད་པས་སོ། །འདི་ནི་དུས་འདིར་མདོག་སེར་པོ་ཡིན་ནོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །གནག་ཅེས་བྱ་བ་མི་བསྐྱོད་པ་དང་ཡང་དག་པར་སྦྱོར་བའི་དུས་སུའོ། །
དེའི་ཕྱིར་མཱ་མ་ཀཱི་འདི་ནི་རིགས་གཉིས་ཀྱི་རང་བཞིན་ཡིན་ནོ། །གསུང་གི་སྤྱན་ནི་བཤད་མ་ཐག་པ་བཞིན་དུ་དཀར་མོ་ཞེས་བྱ་བའོ། །རྡོ་རྗེས་མཚན་པའི་ཨུཏྤ་ལ་རྡོ་རྗེ་ཨུཏྤ་ལ་ཡིན་ཞིང་། དེར་འཛིན་པར་བྱེད་པས་ན་རྡོ་རྗེ་ཨུཏྤ་ལ་བསྣམས་པ་སྟེ། འཕགས་མ་སྒྲོལ་མའོ། །ཁྲོ་བོ་ཆེན་པོ་ཞེས་
བྱ་བ་ལ་སོགས་པ་ལ། དྲག་པོ་ནི་རྡོ་རྗེ་འཇིགས་བྱེད་ཡིན་ཞིང་དེ་དང་མཚུངས་པས་ན་དྲག་པོའི་འོད་བཟང་བའོ། །སེམས་ཅན་ཐམས་ཅད་འཇིགས་པ་སྐྱེད་པར་བྱེད་པས་ན་འཇིགས་པའང་འཇིགས་པར་བྱེད་ཅེས་བརྗོད་དོ། །གཞན་གྱིས་མི་ཐུབ་ཅེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །
ཁྲོ་བོ་ཆེན་པོ་རྟ་མགྲིན་ནི། །ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཞེས་བྱ་བ་ནི་འཇིག་པའི་དུས་ཀྱི་མེ་དང་མཚུངས་པའོ། །གདུག་པ་ཞབས་ཀྱིས་མནན་ཞེས་བྱ་བ་ནི་ཕུང་པོའི་བདུད་ཀྱི་རང་བཞིན་གྱི་ཚངས་པ་མནན་ནས་བཞུགས་པའོ། །སྦྱོར་བ་ཅན་གྱིས་
རྟག་ཏུ་བསམ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་རམ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་རྣལ་འབྱོར་ཐམས་ཅད་པ་ལས་ཡང་དག་པར་ཕྱུང་སྟེ། དེས་སེམས་ཅན་གྱི་ཁམས་ཕུང་པོའི་བདུད་དང་བྲལ་བར་བྱས་ནས་བཀུག་སྟེ་རང་གི་ལུས་ལ་བཅུག་ལ་ཐམས་ཅད་
เล่ม ๔๑ · หน้า 235b
གྱུར་པར་བྱས་ནས་བདག་ཉིད་འཕགས་པ་རྟ་མགྲིན་དུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་འཆི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འབར་བ་ནི་ཞེ་སྡང་སྟེ་དེ་དང་འདྲའོ། །མ་བཤད་པ་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་ཊཀྐི་ཡེ་ཤེས་ལ་སོགས་པས་བསྟན་ཏེ། ཊཀྐི་འདོད་པར་ཡང་དག་བརྗོད། །
ཅེས་འབྱུང་བའི་ཕྱིར་ཊཀྐི་ཞེས་བྱ་བའི་སྒྲ་ནི་འདོད་པ་ལ་བྱའོ། །དེ་ཉིད་ཡེ་ཤེས་ཀྱི་ཁྲོ་བོའི་གཟུགས་ཡིན་པའི་ཕྱིར་ཁྲོ་བོ་ཆེན་པོའོ། །ཞལ་གསུམ་པ་ནི་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་ཞལ་གསུམ་གྱིས་ཐ་མལ་པའི་ལུས་ལ་སོགས་པ་
རྣམས་འཇིགས་པར་བྱེད་པའོ། །སྤྱོད་པ་ལ་བརྩོན་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་སྟོབས་པོ་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་གསུམ་གྱི་མུན་སེལ་བའོ། །གདུག་པ་
ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ནི་བདུད་བཞི་དང་བླ་མ་ལ་སྨོད་པར་བྱེད་པ་ལ་སོགས་པ་རྣམས་འཇོམས་པར་བྱེད་པའོ། །ཞག་གསུམ་པར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་དབྱིག་པ་ཁ་དོག་སྔོན་པོ་འཛིན་པར་མཛད་པ་ཉིད་ཡིན་པའི་ཕྱིར་དབྱིག་སྔོན་ཅན་ནི། ཁམས་
གསུམ་དག་གི་ནང་ན་གནས་པའི་གདུག་པ་རྣམས་འཇིགས་པར་བྱེད་པས་ན་ཁམས་གསུམ་དག་ནི་འཇིགས་པར་བྱེད་པའོ། །སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་ཞལ་གྱི་ཡན་ལག་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཞལ་གསུམ་རྡོ་རྗེ་གསུམ་ལས་བྱུང་བའོ། །ཉོན་མོངས་པའི་བུད་ཤིང་མ་ལུས་
པ་བསྲེག་པའི་བདག་ཉིད་ཀྱི་འོད་ཀྱིས་འབར་བ་ཉིད་ཡིན་པའི་ཕྱིར་འབར་བ་རྣོན་པོ་ཅན་ནོ། །རྡོ་རྗེ་ནི་སྦྱོར་བའི་མི་ཕྱེད་པའི་ཐབས་ཏེ། དེ་ལས་གཡོ་བ་མེད་པས་ན་རྡོ་རྗེ་མི་གཡོ་བའོ། །ཐུགས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ལས་བྱུང་བའོ། །སྲིད་པ་དང་མྱ་ངན་ལས་འདས་པ་དག་ཐ་མི་དད་
པར་ལྟ་བའི་སྒོ་ནས་གཅིག་ཏུ་མཐོང་བའི་ཕྱིར་མི་གཡོ་བའོ། །ཞི་བ་ཞེས་བྱ་བ་ནི་ཁྲོ་བོ་གཞན་ལ་ལྟོས་ནས་ཅུང་ཟད་ཙམ་ཉིད་ཀྱིས་ཡིན་གྱི། རྣམ་པ་ཐམས་ཅད་དུ་ཞི་བའི་གཟུགས་ཅན་ནི་མ་ཡིན་ཏེ། ཁྲོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཞན་ནི་བཤད་ཟིན་ཏོ། །གཙུག་ཏོར་ཆེན་པོ་ཡི་གེ་གཅིག །
เล่ม ๔๑ · หน้า 236a
ཅེས་བྱ་བ་ནི་ཡི་གེ་བྷྲཱུྃ་ལས་བྱུང་བའི་གཙུག་ཏོར་འཁོར་ལོས་སྒྱུར་བ་ཆེན་པོའོ། །འོད་ཟེར་དག་ནི་ཀུན་ནས་འཕྲོ། །ཞེས་བྱ་བ་ནི་ཉི་མའི་འོད་ཟེར་བཞིན་དུ་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཀུན་དུ་སྣང་བར་བྱེད་པའོ། །ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་
ཏོ། །ཉོན་མོངས་པ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པའི་མཚན་ཉིད་ཅན་གྱི། ཡེ་ཤེས་མཆོག་འཛིན་པར་མཛད་པས་ན་གནོད་མཛེས་ཡེ་ཤེས་མཆོག་འཛིན་པའོ། །དེ་ཉིད་ནི་དྲག་པོ་ཡིན་ཞིང་དེ་ཉིད་ནི་འཇིག་པའི་དུས་ཀྱི་རྒྱ་མཚོ་དང་མཚུངས་པའོ། །འདིའི་སྐུ་མདོག་ལ་སོགས་པ་
ནི་སྲུང་བའི་འཁོར་ལོ་ལས་བཤད་དེ་འོན་ཀྱང་སྐབས་འདིར་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པ་ཡིན་ཞིང་ཕྱག་གཡོན་པ་ལྷག་མ་རྣམས་ཀྱིས་ནི་མི་བསྐྱོད་པ་བཞིན་དུ་མཚོན་ཆ་ངེས་པར་བསྣམས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་གཟི་
བརྗིད་ཕུང་པོའོ། །འདི་ལ་འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་གཙུག་ཏོར་ཡོད་པས་ན་གཙུག་ཏོར་རྒྱལ་བའོ། །གང་གཞན་སྔགས་ཀྱི་འཁོར་ལོ་ཅན། །ཞེས་བྱ་བས་ནི་འདི་དག་ལ་བརྟེན་ནས་འཁོར་ལོས་སྒྱུར་བ་བརྒྱད་བཟུང་ངོ་། །དེ་རྣམས་ཀྱི་སྐུ་མདོག་ལ་
སོགས་པའི་ངེས་པ་ནི་རྡོ་རྗེ་སྙིང་པོའི་རྒྱན་ལས་ཤེས་པར་བྱའོ། །ཞལ་དང་ཕྱག་གི་ངེས་པ་ཡང་དེ་ཉིད་ལས་བཤད་དེ། རང་གི་ཕྱག་མཚན་ནི་རྩ་བའི་ཕྱག་ལ་ལྷག་མ་ལ་ནི་དེ་ལས་བཤད་པའི་ཕྱག་མཚན་རྣམས་དགོད་པར་བྱའོ། །དམ་ཚིག་ལོངས་སྤྱོད་འདི་རྣམས་ནི། །ཞེས་བྱ་བ་ནི་སྐུ་མདོག་
དང་ཞལ་དང་ཕྱག་དང་མཚོན་ཆ་ལ་སོགས་པས་ཁྱད་པར་དུ་བྱས་པའི་སྐུ་མངའ་བ་བདག་ཉིད་སྲུང་བར་ནུས་པ་རྣམས་སོ་སོར་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷ་རྣམས་རེ་རེའི་ཏིང་ངེ་འཛིན་དཔག་ཏུ་མེད་ཅིང་ཚད་མེད་པར་བཤད་པ་ཡིན་ནོ། །དེ་ཇི་ལྟར་ཤེས་
ཤེ་ན། དེའི་ཕྱིར་རེ་རེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་སྟེང་དུ་ཤིན་ཏུ་འཕགས། །ཞེས་བྱ་བ་ནི་གལ་ཏེ་ནམ་མཁའ་ལ་ཡུལ་ངེས་པ་ཡོད་ན་དེའི་ཚེ་ཁྲོ་བོའི་ཏིང་ངེ་འཛིན་གྱི་སྤྲུལ་པ་རྣམས་ཀྱིས་དེ་ཡང་ཀུན་དུ་བཀང་ནས་སྤྲུལ་པ་ཆེས་ལྷག་པར་ཡང་འགྱུར་རོ་ཞེས་བྱ་བའི་
เล่ม ๔๑ · หน้า 236b
དོན་ཏོ། །རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པར་བྱས་ནས་བཤད་མ་ཐག་པའི་ལྷ་ཐམས་ཅད་བསྒོམ་པར་བྱ་བ་ཡིན་པས། དེའི་ཕྱིར་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བཤད་པའི་བཙུན་མོའི་ནམ་མཁའི་དབྱིངས་སུ་འོད་གསལ་བའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་
ཀྱིའོ། །སངས་རྒྱས་ནི་རྡོ་རྗེ་འཆང་སྟེ། དེའི་གཟུགས་ནི་སངས་རྒྱས་གཟུགས་སོ། །རྣམ་པར་སྣང་མཛད་རྣམ་པར་བསམ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་ཏེ། སྒྲུབ་པའི་ཐབས་ཀྱི་ཚུལ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་
ཐོགས་ལ་རང་གི་རིག་མའི་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་ཛི་ན་ཛིཀ་ཅེས་བྱ་བ་འདིས་རྣམ་པར་སྣང་མཛད་བསྐྱེད་ནས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཕྱུང་སྟེ། དེ་འགྲོ་བའི་དོན་བྱེད་དུ་བཅུག་ལ་དེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། ཐམས་ཅད་གྱུར་པར་བྱ་བས་བདག་
ཉིད་རྣམ་པར་སྣང་མཛད་དུ་བསམ་པར་བྱའོ། །དེ་བཞིན་དུ་ལྷ་ཐམས་ཅད་བསྐྱེད་པའི་བསྒོམ་པ་ཤེས་པར་བྱའོ། །རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པའི་ཕྱིར་ཟླ་བ་གསལ་བ་བཞིན་ནོ། །སྟོང་པ་ཉིད་ཀྱི་རྒྱུ་མཐུན་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་མེ་ལོང་ལྟ་བུར་
ཡང་དག་པར་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་རྣམ་པ་ཅན་གྱི་ཁམས་གསུམ་པའི་གཟུགས་བརྙན་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཁམས་གསུམ་དག་གི་དཀྱིལ་འཁོར་རོ། །གཞན་ནི་གོ་སླའོ། །བསམ་གཏན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་གསུངས་ཏེ། གཞན་ལ་ཡང་དེ་དང་
འདྲའོ། །གང་ལ་རྣམ་པར་སྣང་མཛད་འབྱུང་ཞིང་སྐྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་དག་པ་ཡིན་པའི་ཕྱིར་གསལ་བའི་ལུས་དང་འདྲ་བའོ། །གཞན་ནི་ཤེས་པར་ཟད་དོ། །འདི་ལ་ཆོས་
ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཐུགས་ཀྱི་རྣམ་པ་མངའ་བས་ན་ཡེ་ཤེས་གནས་སོ། །དམ་ཚིག་ཐམས་ཅད་ནི་མི་བསྐྱོད་པ་སྟེ། དེ་འབྱུང་བ་ནི་སྐྱེ་བ་ཡིན་ཞིང་གང་ལ་དེ་ཉིད་མཛེས་པ་སྟེ། བཟང་པོའི་རྡོ་རྗེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ནི་འོད་དཔག་ཏུ་མེད་པའི་དཀྱིལ་
เล่ม ๔๑ · หน้า 237a
འཁོར་རོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་ཏུ་མེད་པ་སྟེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །གསལ་བ་ནི་པདྨ་རཱ་གའི་མདོག་ཅན་ནོ། །མཆོག་ཏུ་དགའ་བ་དང་སྒེག་པའི་རོའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཞི་བའོ། །འོད་
ཟེར་སྤྲིན་གྱི་ཞེས་བྱ་བ་ལ་སོགས་པས་ནི་རང་གི་བ་སྤུ་ལས་བྱུང་བའི་འོད་ཟེར་སྣ་ཚོགས་ཀྱི་སྤྲིན་གྱི་འཁོར་ལོས་ནམ་མཁའ་ཀུན་དུ་གང་བར་བསམ་པར་བྱའོ། །ཆོས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་སྐུ་གསུམ་མི་ཕྱེད་པ་ལས་བྱུང་བའོ། །ངེས་པར་འབྱེད་པའི་ཤེས་རབ་ཀྱི་ཡེ་ཤེས་ཉིད་ཆུའི་ཁམས་
བཞིན་དུ་ཐམས་ཅད་དུ་འགྲོ་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་རྒྱ་མཚོ་ཡིན་ཞིང་། དེ་རིག་མའི་གཟུགས་སུ་ཡོངས་སུ་གྱུར་པ་དང་སྦྱོར་བས་བརྒྱན་པ་ཉིད་ཡིན་པའི་ཕྱིར་རྣམ་པར་བརྒྱན་པ་སྟེ། དེ་ཚེ་འདི་ཉིད་ལ་ཐོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ནི་འདས་མ་ཐག་པ་བཞིན་ནོ། །
ཟླ་བས་མཚན་པའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ། སྐུའི་དཀྱིལ་འཁོར་ཉིད་དོ། །སྤྱན་གྱི་མཆོག་ཅེས་བྱ་བ་ནི་སངས་རྒྱས་སྤྱན་ནོ། །གཞན་ནི་བཤད་ཟིན་པ་དང་འདྲའོ། །སྤྱན་གྱི་དམ་ཚིག་ནི་འཁོར་ལོའི་ཕྱག་མཚན་གྱི་གཟུགས་ཀྱི་རྣམ་པར་སྣང་མཛད་དེ། སེམས་རྩེ་གཅིག་
པ་གང་ལ་ཕྱག་གི་མཆོག་ཏུ་རྣམ་པར་བསྒོམས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །ནམ་མཁའ་རྡོ་རྗེ་མཆོག་ཅེས་བྱ་བ་ནི་རིགས་གཉིས་ཀྱི་རང་བཞིན་ཅན་མཱ་མ་ཀཱིའོ། །ནམ་མཁའི་ཡུམ་ཞེས་བྱ་བ་ནི་ནམ་མཁའ་དང་མཚུངས་པའི་
རིན་པོ་ཆེའི་རིགས་ཀྱི་ཡུམ་སྟེ། གང་ལ་དེ་ཉིད་ཀྱི་པདྨ་ལས་བྱུང་བའི་འོད་ཟེར་གྱི་སྤྲིན་རྣམས་ཀྱིས་རྡོ་རྗེའི་རིགས་ཚིམ་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་འཁོར་ལོ་བཤད་ཟིན་ཏོ། །རྡོ་རྗེ་ཆོས་མ་ཞེས་བྱ་བ་ནི་གོས་དཀར་མོའོ། །པདྨ་རཱ་ག་ཟླ་འོད་འདྲ་བ་ནི་དམར་
པོ་ཅུང་ཟད་སྐྱ་བ་སྟེ། རྒྱ་སྐྱེགས་ཀྱི་ཁུ་བ་དང་ཐོད་ལེ་ཀོར་བསྲེས་པ་དེས་བྲིས་པ་ལྟ་བུའོ། །ཐུགས་རྗེ་ཆེན་པོས་ཆགས་པའི་ཐུགས་འཛིན་པས་ན་འདོད་ཆགས་ཆགས་པ་འཛིན་པ་སྟེ་འོད་དཔག་ཏུ་མེད་པ་ཡིན་ཞིང་། དེའི་སྡུག་པ་ནི་འདོད་པའོ། །ཆོས་ཀྱི་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་ནི་འོད་
เล่ม ๔๑ · หน้า 237b
དཔག་ཏུ་མེད་པའི་བྱུང་བའི་གནས་སོ། །དེའི་ཕྱིར་སྒྲུབ་པ་པོ་རྣམས་ཀྱིས་གསང་བར་བྱ་བའོ། །ཨུཏྤལ་དམར་པོ་ཕྱག་ན་བསྣམས། །ཞེས་བྱ་བ་ནི་གཡས་པའི་རྩ་བའི་ཕྱག་གིས་ཐུགས་ཀར་ཁ་ཕྱེ་བ་དེའི་རྩ་བ་གཡོན་པ་དྲིལ་བུ་དང་བཅས་པས་གཟུང་བའི་ཐབས་མཚོན་པར་བྱེད་པའོ། །ཆོས་ནི་འོད་
དཔག་ཏུ་མེད་པའོ། །དམ་ཚིག་ནི་གོས་དཀར་མོ་སྟེ་དེ་དང་ཡང་དག་པར་སྦྱོར་བ་བསྒོམ་པའི་སྒོ་ནས་དེ་ཁོ་ཉིད་མངོན་པར་བྱང་ཆུབ་པ་ཀུན་དུ་སྟོན་པ་ནི་བདེ་བ་ཆེན་པོ་མངོན་པར་བྱང་ཆུབ་པ་མངོན་དུ་བྱེད་པ་ཡིན་ཞིང་གང་ལ་དེ་ཉིད་མི་ཕྱེད་པ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་
དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །སྒྲོལ་མ་མཆོག་ཅེས་བྱ་བ་ནི་འཕགས་མ་སྒྲོལ་མའོ། །གང་ལ་ཁ་དོག་ལྗང་སེར་འདྲ་བ་སྟེ་བ་བླའི་ཁ་དོག་དང་མཚུངས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཻ་ཌཱུརྱའི་ལྗང་སེར་གྱི་མདོག་ཅན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་
སེམས་ཀྱི་ཟླ་བ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་ལས་བྱུང་བའོ། །ཨུཏྤལ་སེར་པོའི་མདོག་འདྲ་བ། །ཞེས་བྱ་བ་ཡང་དེ་དང་འདྲ་བ་ཉིད་དོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་རིག་མ་ནི་དམ་ཚིག་སྒྲོལ་མ་ཡིན་ཞིང་དེ་ཉིད་མཆོག་སྟེ་སེམས་རྩེ་གཅིག་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་པདྨའི་སྟེང་གི་ཉི་མའི་གདན་ནོ། །གཤིན་རྗེའི་རྣམ་པས་འཆི་བདག་གི་བདུད་འཇོམས་པར་བྱེད་པའི་ཕྱིར་གཤིན་རྗེ་གཤེད་དོ། །དེ་ཉིད་ནི་མཆོག་སྟེ་དེའོ། །གཞན་ནི་བཤད་ཟིན་ཏོ། །དེ་ལྟར་དཀྱིལ་འཁོར་དེ་དང་དེ་ལ་
གནས་པའི་པདྨའི་སྟེང་གི་ཉི་མའི་གདན་ལ་བཞུགས་པའི་རྡོ་རྗེ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཉི་མའི་དཀྱིལ་འཁོར་ལ་བདག་ཉིད་རང་གི་སྙིང་པོ་རྣམས་ཀྱིས་དེ་ཁོ་ན་བཞིན་དུ་ཁྲོ་བོ་ཐམས་ཅད་ཀྱི་གཟུགས་སུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་ཁྱད་པར་ཡིན་
ནོ། །གང་ལ་འཕགས་པ་གཤིན་རྗེ་གཤེད་སྤྲོ་བའི་བཀོད་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འཆི་བདག་གི་བདུད་རྣམ་པར་གཞོམ་པར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་རྣམས་ཀྱིས་འཕམ་པར་བྱ་བ་མི་ནུས་པ་ཉིད་ཡིན་པའི་ཕྱིར་གཞན་གྱིས་མི་ཐུབ་
เล่ม ๔๑ · หน้า 238a
པའོ། །རྡོ་རྗེ་གྱེས་པ་མཆེ་བ་གཙིགས། །ཞེས་བྱ་བ་ནི་རྡོ་རྗེ་གྱེས་པ་བསྣམས་པ་དང་། མཆེ་བ་དྲག་ཏུ་གཙིགས་པའོ། །གང་ལ་འཕགས་པ་གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་བདུད་རྣམ་པར་གཞོམ་པར་བྱ་བ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལས་བཤད་པའི་རྟ་མཆོག་བཞིན་དུ་ཚངས་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཕུང་པོའི་བདུད་ལ་སོགས་པ་རབ་ཏུ་འཇོམས་པའི་ཕྱིར་རྡོ་རྗེ་རྟ་སྟེ་དཔལ་པདྨ་མཐར་བྱེད་ཡིན་ཞིང་དེའོ། །པདྨ་མཐར་བྱེད་གང་གིས་རྣམ་པ་
ཐམས་ཅད་དུ་གདུག་པའི་ཕུང་པོའི་བདུད་ཀྱི་རང་བཞིན་ཅན་ཚངས་པ་གནོན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལ་རྟ་བསྐྱེད་པ་དང་དེ་ལས་བྱུང་བའི་བཀོད་པ་རྣམས་ཀྱིས་ཕུང་པོའི་བདུད་རྣམ་པར་གཞོམ་པར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་མི་འཆི་ནི་བདུད་རྩི་འཁྱིལ་པའོ། །རྡོ་རྗེའི་སྤྲིན་
ནི་ཀུན་ཏུ་འཁྲུག །ཅེས་བྱ་བ་ནི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྲིན་གྱིས་ཁྱབ་པའོ། །གང་ལ་བདུད་རྩི་འཁྱིལ་པ་ལས་བྱུང་བའི་རྡོ་རྗེའི་དམ་ཚིག་བཀོད་པ་རྣམས་ཀྱིས་ལྷའི་བུའི་བདུད་རྣམ་པར་གཞོམ་པར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་འོད་བཟང་ཞེས་བྱ་བ་ནི་དཔལ་ཞེ་སྡང་རྡོ་རྗེའི་མདོག་
ཅན་ནོ། །བསམ་གཏན་ཉིད་རྡོ་རྗེ་ཡིན་པས་ན་བསམ་གཏན་རྡོ་རྗེའོ། །དེས་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞགས་པ་འཛིན་ཅེས་བྱ་བ་ནི་ཕྱག་གསུམ་པས་
རིག་མའི་ནུ་མ་འཛིན་པའོ། །གང་ལ་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་སྟོབས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱ་མཚོ་ནག་པོ་སྐྱེད་པར་བྱེད། །ཅེས་བྱ་བ་ནི་རྒྱ་མཚོ་རྣམས་ཀྱི་ཆུའི་ཁམས་བཞིན་དུ་འཕགས་པ་དབྱིག་པ་སྔོན་པོ་སྐུ་མདོག་ནག་པོ་སྐྱེད་པར་བྱེད་པའོ། །གང་ལ་རྡོ་རྗེ་
དབྱིག་པ་ཉིད་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་མཆོག་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་ནམ་མཁའི་དབྱིངས་ཀྱི་དམ་ཚིག་ནི་མི་གནས་པའི་མྱ་ངན་ལས་འདས་པའི་འཕགས་པ་མི་གཡོ་བ་སྟེ། གང་ལ་དེས་སྲིད་པ་དང་ཞི་བའི་རྣམ་པར་རྟོག་པའི་ཞབས་འཇོམས་
เล่ม ๔๑ · หน้า 238b
པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པའི་འཁོར་ལོ་ཞེས་བྱ་བ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །གཙུག་ཏོར་ཉིད་དམ་ཚིག་སྟེ། འདའ་བར་མི་བྱ་བ་ཉིད་ཡིན་ཞིང་གང་ལ་དེའི་སྟོབས་ཀྱི་རིག་པའི་འཁོར་ལོ་མི་ཤིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་སུཾ་བྷ་ཞེས་བྱ་བ་ནི་
དཔལ་གནོད་མཛེས་རྒྱལ་པོའོ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱིས། །འདའ་བར་དཀའ་བའི་དམ་ཚིག་གོ། །ཞེས་བྱ་བ་ནི་ཁྲོ་བོ་ཐམས་ཅད་བསྒོམ་པའི་རྣམ་པ་འདི་ཉིད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་བྱ་བ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །
གང་ལ་རྡོ་རྗེའི་དམ་ཚིག་ཉིད་དཔལ་གནོད་མཛེས་རྒྱལ་པོ་སྟེ་དེ་རབ་ཏུ་འབྱུང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཚེ་རང་གི་རིགས་སུ་བཤད་པའི་དཀྱིལ་འཁོར་གྱི་ཚོགས་སངས་རྒྱས་ལ་སོགས་པ་རྣམས་མ་གྲུབ་ན། དེའི་ཚེ་དཀྱིལ་འཁོར་རྣམས་བཀའི་འཁོར་ལོས་མནན་ནས་བསྒྲུབས་
ན་གདོན་མི་ཟ་བར་འགྲུབ་པར་འགྱུར་བས། དེའི་ཕྱིར་འགོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་ནི་མནན་པའོ། །གང་གིས་ཤེ་ན་ཁྲོ་བོའི་འཁོར་ལོས་ཏེ། ཁྲོ་བོའི་དཀྱིལ་འཁོར་འབར་བས་སོ། །འདི་གང་གིས་བྱ་ཞེ་ན། སངས་རྒྱས་འཁོར་ལོ་བསྟན་པས་ཏེ། འགོག་པའི་
ཏིང་ངེ་འཛིན་མངོན་དུ་བྱས་ཤིང་སངས་རྒྱས་ལ་སོགས་པའི་དཀྱིལ་འཁོར་སྒོམ་པ་པོས་སོ། །གང་ལས་ཤེ་ན་འདི་ལྟར། ཏིང་འཛིན་རྡོ་རྗེ་སེམས་དཔའ་རྣམས། །རྡོ་རྗེའི་དཀྱིལ་འཁོར་ལས་འགྲུབ་འགྱུར། །ཞེས་གསུངས་ཏེ། རྡོ་རྗེའི་དཀྱིལ་འཁོར་ནི་འཁོར་ལོ་རྩིབས་བཅུ་པའོ།
འདི་སྐད་དུ་བསྟན་པ་ཡིན་ཏེ། མཱ་མ་ཀཱིའི་མཚོ་སྐྱེས་སུ་ཡི་གེ་ཧཱུཾ་ལས་བྱུང་བའི་འཁོར་ལོ་ཆེན་པོ་འབར་བ་རྩིབས་བཅུ་པ་ཁ་དོག་ཀུན་དུ་སེར་པོ་རྣམ་པར་བསྒོམས་ལ། དེའི་ལྟེ་བའི་དབུས་སུ་བདག་ཉིད་ཇི་སྐད་བཤད་པའི་ཞེ་སྡང་རྡོ་རྗེར་རྣམ་པར་བསམས་ཏེ། ཇི་ལྟ་བ་བཞིན་དུ་ཡང་དག་
པར་སྦྱོར་བ་ལས་ཀུན་དུ་ཕྱུང་ནས། རྣམ་པར་སྣང་མཛད་ལ་སོགས་པ་ཅུང་ཟད་ནུར་བའི་གནས་ལ་བརྟེན་པའི་རྩིབས་བཞི་ལ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་དང་དེ་བཞིན་དུ་སངས་རྒྱས་སྤྱན་ལ་སོགས་པ་ཅུང་ཟད་ནུར་བའི་གནས་རྣམས་སུ་གོ་རིམས་བཞིན་དུ་འཕགས་པ་འདོད་
เล่ม ๔๑ · หน้า 239a
པའི་རྒྱལ་པོ་དང་དབྱིག་པ་སྔོན་པོ་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དང་། དབང་པོ་དང་། དབང་ལྡན་གྱི་ཕྱོགས་ཀྱི་རྩིབས་དག་གི་དབུས་ན་གནས་པའི་རྩིབས་ཅུང་ཟད་འདོར་བ་ལ་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། དེ་བཞིན་དུ་ཆུ་ལྷ་དང་བདེན་བྲལ་གྱི་ཕྱོགས་
དག་གི་དབུས་ན་གནས་པའི་རྩིབས་ལ་ཁྲོ་བོ་དཔལ་གནོད་མཛེས་རྒྱལ་པོ་བསམ་པར་བྱའོ། །ལེའུ་བཅོ་བརྒྱད་པ་ལས་ཀྱང་། འཁོར་ལོ་སེར་པོ་རྩིབས་བཅུ་པ། །དེ་ཡི་དབུས་ན་རྣམ་པར་བསྒོམ། །ཡེ་ཤེས་བཅུ་འབྱུང་བདག་ཉིད་ཅན། །ཁྲོ་བོ་བཅུ་ནི་རྩིབས་ཀུན་ལ། །རྫོགས་པ་མཆོག་ཏུ་
བཟང་བ་ཡིན། །འགོག་པའི་རྡོ་རྗེས་བསྒོམ་པར་བྱའོ། །ཞེས་གསུངས་སོ། །རྡོ་རྗེའི་དམ་ཚིག་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་བཀོད་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཐ་དད་པ་རྣམས་ཀྱི་དབྱིབས་ལ་སོགས་པའི་བཀོད་པའི་རང་བཞིན་ནོ། །དེས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་
པ་ནི་ཡང་དག་པར་སྦྱོར་བ་ལ་གནས་པ་ཉིད་ཀྱི་སྒོ་ནས་ལས་རྣམ་པ་སྣ་ཚོགས་བསྒྲུབ་པ་རྣམས་སོ། །དེས་མངོན་པར་ཏེ་རྣམ་པ་ཐམས་ཅད་དུ་བྱང་ཆུབ་པས་ན་མངོན་པར་བྱང་ཆུབ་པ་སྟེ། ཐམས་ཅད་ལ་ཁྱབ་པའི་བདེ་བ་ཆེན་པོ་ཡིན་ཞིང་། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་དེ་སྐད་ཅེས་
བྱའོ། །ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།སངས་རྒྱས་སྤྱན་ལ་སོགས་པའི་སྔགས་དགོད་པ་དང་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བྱ་བ་ཡིན་པས་དེའི་ཕྱིར། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས་འགུགས་པའི་རྣམ་
པར་སྤྲུལ་པའི་རྒྱལ་པོའི་ཏིང་ངེ་འཛིན་གྱི་ལེའུ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །རིམས་དང་གདོན་ལ་སོགས་པའི་ཉེས་
པ་ཐམས་ཅད་ཞི་བར་བྱེད་པས་ན་ཞི་བའོ། །དེའི་དོན་གྱི་དམ་ཚིག་ནི་རྒྱུ་དང་ལམ་སྟེ་སངས་རྒྱས་སྤྱན་ཡིན་ཞིང་གང་ལ་དེ་ཉིད་མཆོག་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་སྤྱན་གྱི་སྔགས་བརྗོད་པའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །
เล่ม ๔๑ · หน้า 239b
དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་བཙུན་མོ་ནི་སྔགས་ཀྱི་ལྷ་མོའོ། །ཕྱུང་ངོ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཡང་དག་པར་སྦྱོར་བ་ལས་ཕྱུང་བར་གྱུར་པའོ། །འབྱོར་བ་ཀུན་ལ་དགྱེས་པ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ལ་འདོད་པའི་
གཏི་མུག་གི་རིགས་ཅན་རྣམས་སོ། །སངས་རྒྱས་རྡོ་རྗེ་རྗེས་སུ་དྲན། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྱན་གཟུགས་སུ་མངོན་པར་བྱུང་བའི་སྐུ་རྡོ་རྗེ་སྟེ། དེས་འགྲོ་བ་བདེ་བར་མཛད་པ་མངོན་ནས་མཉེས་ཤིང་ཤིན་ཏུ་དགྱེས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་ཞི་འབྱུང་བ། །
ཞེས་བྱ་བ་ནི་བསྒྲུབ་པར་མངོན་པར་འདོད་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་ནས། འདིས་སྔར་བཤད་པའི་རིམ་པ་བཞིན་དུ་ཞི་བར་བྱ་བའོ། །འདི་ཉིད་གདན་ཁ་དོག་སེར་པོ་ལ་སོགས་པར་བསམ་པའི་བྱེ་བྲག་གིས་ཞི་བ་ལ་སོགས་པའི་ལས་ཐམས་
ཅད་རབ་ཏུ་བསྒྲུབ་པའོ། །ཤི་བ་གསོན་པར་བྱེད་པར་གསུངས། །ཞེས་བྱ་བ་ནི་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་སངས་རྒྱས་སྤྱན་གྱི་རྣལ་འབྱོར་བྱས་ལ་རང་གི་སྙིང་ག་ནས་གྲུབ་པའི་རྡོ་རྗེ་ལྕགས་ཀྱུ་ཕྱུང་སྟེ། དེས་ཤི་བའི་དྲི་ཟའི་སེམས་ཅན་གྱི་བདག་ཉིད་དམ་མངལ་དུ་ཞུགས་
པའི་རྣམ་པར་ཤེས་པ་གསལ་ཞིང་རླུང་གིས་མ་བསྐྱོད་པའི་མར་མེའི་མེ་ལྕེའི་རྣམ་པ་ཅན་བཀུག་ནས་དེའི་སྙིང་གར་བཅུག་སྟེ། དེར་མོ་ཧ་ར་ཏི་ཞེས་བྱ་བའི་སྙིང་པོ་རྣམ་པར་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་དེའི་འཇིགས་པ་མི་སྣང་བར་བྱས་ཏེ། སྙིང་པོ་ཉིད་བརྗོད་ཅིང་
སངས་རྒྱས་སྤྱན་གྱི་གཟུགས་སུ་ཡོངས་སུ་གྱུར་པར་བསམས་ལ། ཕུང་པོ་དང་སྐྱེ་མཆེད་དང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ཡང་བྱས་ཏེ། རང་གི་སྙིང་གར་བཞུགས་པའི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་བཀོད་པའི་ཕྲེང་བའི་སྔགས་ལས་བྱུང་བའི་འོད་ཟེར་
གྱི་སྒོ་ལས་སྤྲོས་པའི་སངས་རྒྱས་སྤྱན་གྱི་ཚོགས་རྣམས་ཀྱིས་བུམ་པའི་བྱང་ཆུབ་ཀྱི་སེམས་དང་བདག་ཉིད་ཞུགས་པའི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ལྟར་ན་ཤི་བ་དེ་གསོན་ཞིང་རྡོ་རྗེའི་སྐུ་དང་ལྡན་པར་འགྱུར་རོ། །རྡོ་རྗེའི་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའ་ཡིན་
เล่ม ๔๑ · หน้า 240a
ཞིང་། དེ་སྐུལ་བར་མཛད་པས་ན་རྡོ་རྗེའི་དམ་ཚིག་སྐུལ་མཛད་མ་སྟེ། གང་གི་ཚེ་ཇི་སྐད་བཤད་པ་བཞིན་དུ་བྱེད་པའི་རྣལ་འབྱོར་པས་གྲུབ་པར་མ་གྱུར་ན། དེའི་ཚེ་དཔལ་རྡོ་རྗེ་འཆང་རྗེས་སུ་མཉེས་པར་བྱས་ཏེ། སྙན་ཅིང་འཇམ་པའི་ཚིག་རྣམས་ཀྱིས་ཡང་དག་
པར་བསྐུལ་ནས་བཀུག་སྟེ་དེའི་རྒྱུད་ལ་གྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་སྒོ་ནས་འདའ་བར་བྱ་བ་མ་ཡིན་པའི་མི་བསྐྱོད་པའོ། །དེའི་དངོས་པོ་ནི་སེམས་ཅན་ཐམས་ཅད་སྡུད་པར་བྱེད་པའི་ཐུགས་རྗེ་ཆེན་
པོའི་རང་བཞིན་ཅན་གྱི་ཐབས་ཀྱི་ཐུགས་སོ། །དེའི་དངོས་པོ་མེད་པ་ནི་དེའི་རང་བཞིན་མེད་པའི་ཤེས་རབ་སྟེ། ཀུན་རྫོབ་ཏུ་ནི་མཱ་མ་ཀཱིའི་གཟུགས་སོ། །དམ་ཚིག་ནི་སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་རོ་གཅིག་པའི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཤེས་པས་སྲིད་ལ་མི་གནས་
ཤིང་། །སྙིང་རྗེས་ཞི་ལ་མི་གནས་ཏེ། །ཞེས་འབྱུང་བའི་ཕྱིར་རོ། །གང་ལ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་འཛིན་གྱི་བཙུན་མོའི་མཆོག་འདི་ཞེས་བྱ་བ་ནི་བླ་ན་མེད་པའོ། །དེ་བཞིན་དུ་ཐམས་ཅད་ལ་རིགས་ཀྱི་བྱེ་བྲག་གི་སྒོ་ནས་
ཤེས་པར་བྱའོ། །རྡོ་རྗེ་བསྲུང་བའི་སྦྱོར་བ་ལས། །ཞེས་བྱ་བ་ནི་རང་གི་རྣལ་འབྱོར་གྱིས་རོ་ལངས་ལ་སོགས་པས་སྒྲུབ་པ་རྣམས་ལའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་རང་གི་མགོ་ལ་དྭེ་ཥ་ར་ཏི་ཞེས་བྱ་བའི་སྙིང་པོ་ལས་བྱུང་
བའི་རྡོ་རྗེ་ཁ་གྱེན་དུ་བལྟས་ཤིང་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསམས་ཏེ། དེའི་ལྟེ་བའི་ནང་ན་གནས་པའི་མཱ་མ་ཀཱི་བསམས་ལ། ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀའི་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་ཕྲེང་བའི་སྔགས་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་རྣམས་ཀྱིས་བདག་ཉིད་རྐང་པའི་མཐིལ་
གྱི་བར་དུ་རྡོ་རྗེའི་གོ་བགོས་པར་བསྒོམ་པར་བྱའོ། །དེ་ལྟར་ན་མི་ཕྱེད་པའི་བསྲུང་བར་འགྱུར་རོ། །ལས་རྣམས་རྟག་ཏུ་རབ་སྒྲུབ་པ། །ཞེས་བྱ་བ་ནི་སངས་རྒྱས་སྤྱན་བཞིན་དུ་ཞི་བ་ལ་སོགས་པའི་ལས་རབ་ཏུ་བསྒྲུབ་པར་འགྱུར་རོ། །རྡོ་རྗེ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་
เล่ม ๔๑ · หน้า 240b
འཇིགས་པས་མྱོས་པར་གྱུར་པ་རྣམས་ལ་ཡང་འདི་ནི་རྟག་ཏུ་སྟོབས་བསྐྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་གདོན་ལ་སོགས་པ་ཐམས་ཅད་ཀྱི་འཇིགས་པས་འཇིགས་པར་འགྱུར་བའི་སེམས་ཅན་ལ་བཤད་མ་ཐག་པའི་ཆོ་གའི་སྒོ་ནས་འདི་ཉིད་ཀྱིས་བསྲུང་བར་བྱའོ། །མངོན་
སྤྱོད་བྱ་བའི་སེམས་ཅན་ཁ་སྦྱར་ཕྱེ་བར་གྱུར་ཅིང་སྲུང་བ་དང་བྲལ་བ་ལ་ཡང་གལ་ཏེ་རྣལ་འབྱོར་པ་འདིས་འདིའི་སྒོ་ནས་བསྲུང་བར་བྱས་ནས་དེ་ཡང་མི་ཕྱེད་པར་འགྱུར་རོ། །འདོད་ཆགས་ཆེན་པོ་ནི་འོད་དཔག་ཏུ་མེད་པའོ། །དེའི་དམ་ཚིག་ནི་གོས་དཀར་མོ་སྟེ། གང་ལ་དེ་གཟིགས་ཤིང་ཡེ་ཤེས་
ཀྱི་སྤྱན་གྱིས་ཡུལ་དུ་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཏེ་མི་འཇིགས་པ་ལ་སོགས་པ་རྣམས་རྒྱས་ཤིང་འཕེལ་བར་བྱེད་པས་ན་ཆོས་རྒྱས་པའོ། །སྟོབས་མཛད་པ་ཞེས་བྱ་བ་ནི་ནད་ལ་སོགས་པ་རྣམས་ཀྱིས་ཉམས་པ་རྒྱས་པར་མཛད་པའོ། །མཛོད་ཆེན་པོ་ནི་ནམ་མཁའ་མཛོད་
ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་དཀོན་མཆོག་དཔལ་ཏེ་དེ་དང་ཡང་དག་པར་ལྡན་པས་ན་མཛོད་ཆེན་པོ་དང་ལྡན་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་འོད་དཔག་ཏུ་མེད་པ་དང་བཅས་པའི་གོས་དཀར་མོ་སྐུ་མདོག་སེར་པོའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་དབང་
བསྐུར་བ་རྣམས་ཀྱི་སྒོ་ནས་སྟོབས་ཟད་པའི་སྟོབས་བསྐྱེད་པ་དང་དབུལ་པོའི་ནོར་འཕེལ་བར་བྱའོ། །བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱིས་སྔགས་བརྗོད་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འགྲོ་བ་མ་ལུས་པའི་བྱ་བ་བསྒྲུབ་པའི་ཕྱིར་ཀུན་ནས་ཡང་
དག་པར་འབྱུང་བས་ན་ཀུན་ནས་འབྱུང་བ་སྟེ་འཕགས་མ་སྒྲོལ་མ་ཡིན་ཞིང་། དེའི་སྔགས་བརྗོད་པའི་རྣམ་པར་སེམས་རྩེ་གཅིག་པ་མི་ཕྱེད་པ་ནི་ཏིང་ངེ་འཛིན་ཏེ་དེ་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་སྔར་བཤད་ཟིན་ཏོ། །སངས་རྒྱས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ།
དེ་རྣམས་ཀྱི་སྡེ་ནི་ཚོགས་ཡིན་པས། སངས་རྒྱས་རྡོ་རྗེ་བདེ་ཆེན་ནོ། །སེམས་ཅན་ཁམས་ནི་མ་ལུས་པ། །ཞེས་བྱ་བ་ནི་འདི་སྐད་དུ་འོད་དཔག་ཏུ་མེད་པ་དང་ཡང་དག་པར་ལྡན་ཞིང་དེའི་མདོག་ཅན་གྱི་འཕགས་མ་སྒྲོལ་མ་གདན་དང་འོད་དང་རྒྱན་དམར་པོ་དང་ལྡན་པའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་
เล่ม ๔๑ · หน้า 241a
བྱས་ལ། ཡེ་ཤེས་ཀྱི་རིག་མའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་ཕྲེང་བའི་སྔགས་ཁ་དོག་དམར་པོ་མགོ་གྱེན་དུ་བལྟས་པ་རྣམ་པར་བཀོད་དེ། ཨོཾ་ལས་བྱུང་བའི་ཡི་གེ་ཨཱཿཡིས་བསྐྱེད་པའི་མདའ་ཁ་འུག་གི་དངོས་པོ་ཡི་གེ་ཧཱུཾ་ལས་བྱུང་བའི་ཨུཏྤ་ལ་དམར་པོ་
ཁ་མ་བྱེ་བའི་མདེའུ་དང་ལྡན་པ་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་པ་རྣ་རྩའི་བར་དུ་བཀང་བས་བསྒྲུབ་བྱ་སྐྱེས་པའི་སྙིང་དང་ལྐོག་མ་དམར་པོ་དང་བུད་མེད་ཀྱི་པདྨ་ཕུག་ལ། རང་གི་སྙིང་ག་ལས་ཕྲེང་བའི་སྔགས་རྡོ་རྗེ་ནས་བྱུང་བ་དེའི་ཁར་བཅུག་སྟེ། དེའི་སེམས་ཟླ་བའི་དཀྱིལ་འཁོར་དམར་
པོའི་རྣམ་པ་ཅན་བཀུག་ནས་ལོག་སྟེ། ཡེ་ཤེས་ཀྱི་ལྷ་མོའི་པདྨའི་ལམ་ནས་སྙིང་གར་བཅུག་ལ་བཟླས་པ་བྱ་ཞིང་། བསྒྲུབ་བྱ་ཡང་སྙིང་འཕྲོག་ཤིང་རྩ་བ་ནས་བཅད་པའི་ལྗོན་ཤིང་བཞིན་དུ་རྐང་པའི་དྲུང་དུ་འགྱེལ་བར་བལྟ་བར་བྱའོ། །དེ་ལྟར་ན་བྲན་བཞིན་དུ་ཐམས་ཅད་བྱེད་པར་དབང་དུ་
འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་དཔལ་རྡོ་རྗེ་སེམས་དཔའོ། །གཤིན་རྗེ་གཤེད་གང་ལ་དྲི་མ་མེད་པ་སྟེ། རྟོག་པའི་སྐྱོན་དྲི་མ་ཐམས་ཅད་དང་བྲལ་ཞིང་། ཐུགས་རྡོ་རྗེ་ཆེན་པོ་ལས་བྱུང་བའི་འོད་
ཟེར་གྱི་སྤྲིན་སྤྲོ་བར་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །སངས་རྒྱས་གྲགས་པ་ཆེན་པོ་ཀུན། །ཞེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་དཀྱིལ་འཁོར་པ་རྣམས་སོ། །འཇིགས་ཤིང་ཀུན་དུ་སྐྲག་གྱུར་ནས། །
ཞེས་བྱ་བ་ནི་རིགས་ངེས་པ་ལ་སོགས་པའི་སེམས་ཅན་རྣམས་དང་རྗེས་སུ་མཐུན་པར་སྟོན་པའོ། །རྡོ་རྗེའི་སེམས་ནི་རྗེས་སུ་དྲན། །ཞེས་བྱ་བས་ནི་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ་ཞེས་ཀྱང་བསྟན་ཏོ། །ཐོད་པ་ཞེས་བྱ་བ་ལ་སོགས་པས་ནི་གོང་
བུ་དགུག་པར་བརྩམས་པ་གསུངས་སོ། །འདི་སྐད་དུ་ཇི་སྐད་བཤད་པའི་སྐུའི་དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་འཕགས་པ་གཤིན་རྗེ་གཤེད་དབྱུང་བ་དང་། གཞུག་པར་གྱུར་པར་བྱས་ནས། བདག་ཉིད་འཕགས་པ་
เล่ม ๔๑ · หน้า 241b
གཤིན་རྗེ་གཤེད་ཞལ་བཞི་པ་ཕྱག་དྲུག་པ་ཞབས་བཞི་པ། ཕྱག་ན་རལ་གྲི་དང་གཏུན་ཤིང་དང་དགྲ་སྟ་དང་ཞགས་པ་བསྣམས་པ་ལྷག་མ་བཤད་ཟིན་པའི་མཚན་ཉིད་དང་ལྡན་པར་དམིགས་ལ། བཟླས་པ་ལས་བཤད་པའི་ཆོ་ག་བཞིན་དུ་བཟླས་པ་མང་དུ་བྱའོ། །དེ་ནས་ལྷ་རྣམས་ཀྱིས་རྗེས་སུ་
གནང་བར་གྱུར་ཅིང་བཟླས་པ་འབུམ་བྱས་པས་བུད་མེད་ཀྱི་ཐོད་པ་བཟང་པོ་མ་ཆག་པ་བླངས་ཏེ། དེའི་ཕྱི་རོལ་དུ་པདྨ་ཆེན་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་འཕགས་མ་སངས་རྒྱས་སྤྱན་ལ་སོགས་པ་གང་ཡང་རུང་བའི་ཐུགས་ཀར་སྔགས་ཀྱིས་མཚན་པ་
བྲིས་ལ་ཕྱི་རོལ་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ལས་བྱུང་བའི་འཁོར་ལོ་ལྕགས་ཀྱུས་མཚན་པའི་གཡས་བརྐྱང་བའི་རྐང་པ་གཡོན་པའི་མཐིལ་གྱིས་མནན་ཏེ། ལྕགས་ཀྱུ་དེས་སྙིང་གར་ཕུག་ལ་བཀུག་པར་བསམ་ཞིང་བསྐུལ་བའི་ཚིག་དང་བཅས་པའི་སྔགས་བསྒྲག་པ་དང་བཅས་
པས་ལན་གསུམ་བརྗོད་ན་གདོན་མི་ཟ་བར་འགུགས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གནོད་སྦྱིན་མོ་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་དགུག་པར་བྱའོ། །སྐྱེས་བུའི་ཐོད་པར་གཡོན་བརྐྱང་བའི་རྐང་པས་བསྒྲུབ་བྱ་མནན་ཏེ་སྐྱེས་བུ་དགུག་པར་བྱའོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །ཡང་ན་
ཀ་ཞེས་བྱ་བ་བདེ་བ་ཡིན་ཞིང་དེ་སྲུང་བར་བྱེད་ཅིང་འཕེལ་བར་བྱེད་པས་ན་ཀ་པཱ་ལ་སྟེ་ཐོད་པ་ནི་བུ་མོ་གཞོན་ནུ་མའི་ལུས་སོ། །མ་ཆག་པ་ཞེས་བྱ་བ་ནི་སྐྱེ་གནས་མ་ཉམས་པའོ། །མཛེས་ཞེས་བྱ་བ་ནི་གཟུགས་མཛེས་པའོ། །འདོད་པ་ཚིམ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡིད་དུ་འོང་བ་སྟེ། དེ་ལྟ་བུའི་
ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་མདུན་ན་གནས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་སྤྱན་གྱི་གཟུགས་སུ་བསྐྱེད་ལ། འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པས་རང་གི་སྙིང་ག་ནས་གྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ཕྱུང་སྟེ། དེས་ཀ་ཀན་དེའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་
ཡེ་ཤེས་ཀྱི་སངས་རྒྱས་སྤྱན་བཀུག་ནས་དེ་ལ་བཅུག་པ་རྐང་པས་མནན་པར་བྱས་ལ། ཕྲེང་བའི་སྔགས་ལན་གསུམ་བརྗོད་ནས། ཁྲོ་བོའི་མེ་དང་ཡེ་ཤེས་ཀྱི་རིག་མའི་དངུལ་ཆུའི་སྦྱོར་བས་ཟངས་ལ་སོགས་པའི་ཁམས་རྣམས་གསེར་དུ་བྱ་བ་བཞིན་དུ་ངེས་པ་ཁོ་ནར་འཕགས་མ་སངས་རྒྱས་སྤྱན་
เล่ม ๔๑ · หน้า 242a
དུ་འགྱུར་རོ། །དེ་བཞིན་དུ་མཱ་མ་ཀཱི་ལ་སོགས་པ་འཇིག་རྟེན་ལས་འདས་པའི་རིག་མ་ཐམས་ཅད་དགུག་པ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་ལས་ཀྱི་རིགས་སོ། །དེ་ལས་བྱུང་བའི་འོད་ཟེར་སྟུག་
པོ་མཆོག་ནི་འཕགས་པ་རྡོ་རྗེ་བདུད་རྩི་སྟེ། དེ་ལ་འཇིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀུན་ནི་ལས་ཀྱི་རིགས་ཅན་རྣམས་སོ། །རྒྱལ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་སྔ་མ་བཞིན་དུ་སེམས་ཅན་རྣམས་དང་རྗེས་སུ་མཐུན་པར་སྟོན་པ་ཡིན་ནོ་ཞེས་
ཐམས་ཅད་དུ་ཤེས་པར་བྱའོ། །རྡོ་རྗེ་སྐུ་ནི་རྣམ་པར་སྣང་མཛད་དེ། དེ་རྗེས་སུ་དྲན་པ་ནི་སྔ་མ་བཞིན་ནོ། །སྔགས་རྣམས་ཀུན་གྱི་སྦྱོར་བ་དང་། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྣ་ཚོགས་པ་བསྒྲུབ་པའི་མཚན་ཉིད་རྣམས་ལ་བཅོམ་ལྡན་འདས་འདི་ཉིད་སྦྱར་བར་བྱ་སྟེ། བྱ་བ་
ཐམས་ཅད་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་ནི་རྡོ་རྗེ་བསྐྲད་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཚུལ་བཞིན་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་འཕགས་པ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པས་ཐོད་ལེ་ཀོར་དང་རོ་བསྲེགས་ཀྱི་མེ་ལ་
བསྲེགས་པའི་སྨྱོ་བྱེད་ནི་ཤིང་གི་སོལ་བ་དང་བ་བླ་དང་ཨཱ་རི་ཥཱའི་ལོ་མ་དང་དུག་ལ་སོགས་པ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དང་བཅས་པ་རྣམས་བཏགས་ཏེ། ཀ་གཉིས་པའི་སྒྲོའི་སྨྱུ་གུས་རྒྱལ་མཚན་གྱི་གོས་ལ་རླུང་གི་དཀྱིལ་འཁོར་དང་། དེའི་དབུས་སུ་རལ་གྲི་འཁོར་ལོ་རྩིབས་
བརྒྱད་པ་བྲིས་ལ། དེའི་ལྟེ་བར་བསྒྲུབ་བྱའི་གཟུགས་སྔགས་ཀྱི་ཡི་གེ་བཀོད་པ་བྲིས་ཏེ། ཕྱི་རོལ་དུ་བསྐུལ་བའི་ཚིག་དང་ལྡན་པ་བརྒྱ་རྩ་བརྒྱད་མངོན་པར་བཟླས་པ་བྱས་ལ་མ་མོ་ལ་སོགས་པའི་ཁྱིམ་དུ་སྦ་བར་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་དཔུང་ཡང་སྐྲོད་པར་འགྱུར་རོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་འོད་ཟེར་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཞིང་། དེ་ལས་བྱུང་བའི་རྡོ་རྗེ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྲིན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྲིན་པོ་ནི་ཚངས་པའི་སྲིན་
เล่ม ๔๑ · หน้า 242b
པོ་ལ་སོགས་པ་རྣམས་སོ། །མ་རུངས་པ་ནི་སྦྲུལ་རྣམས་སོ། །གཏུམ་པོ་ནི་གདོན་ལ་སོགས་པ་རྣམས་ཏེ། དེ་ལས་བྱུང་བའི་འཇིགས་པ་དང་ལྡན་པ་རྣམས་ལ། ལས་རྣམས་ཆོ་ག་བཞིན་དུ་བྱེད། །ཅེས་བྱ་བ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཁྲོ་བོ་གཞན་གྱིས་མི་
ཐུབ་པའི་རྣལ་འབྱོར་དང་ལྡན་པས་ལག་པ་དག་ཏུ་ཡི་གེ་ཧཱུཾ་དག་ལས་རྡོ་རྗེ་འབར་བ་བསམས་ལ། སྲིན་པོ་ལ་སོགས་པས་ཟིལ་གྱིས་གནོན་པའི་ལུས་ལས་སྲིན་པོ་ལ་སོགས་པ་སེམས་ཉིད་ཀྱིས་བཀུག་ནས་རྡོ་རྗེ་གཉིས་ཀྱི་བར་དུ་བཅུག་ལ། དེའི་འབར་བ་རྣམས་ཀྱིས་ཚིག་པར་བསམ་
ཞིང་ལག་པའི་བར་དུ་ཀུན་དུ་བསྡམས་ཏེ། མཉེ་ཞིང་ཆེ་གེ་མོ་རཱཀྵ་སཱ་ཏི་བྷྱོ་མོ་ཙ་ཡ་ཏི་ཞེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་བརྗོད་པར་བྱའོ། །དེ་ལྟར་ན་རྡོ་རྗེ་གཉིས་ཀྱི་རྣམ་པར་སེམས་ཡང་དག་པར་སྦྱོར་བས་ངུ་ཞིང་ཤིང་གི་ཡལ་ག་ཆག་པ་ལ་སོགས་པ་ཡིད་ཆེས་པ་
སྟོན་པ་སྔོན་དུ་འགྲོ་བས་གདོན་མི་ཟ་བར་གཏང་བར་བྱེད་པའམ་དུག་མེད་པར་འགྱུར་རོ། །གལ་ཏེ་དེ་རྣམས་ཀྱིས་འཛིན་དུ་གཞུག་པར་འདོད་ན། དེའི་ཚེ་དེའི་རྣལ་འབྱོར་དང་ལྡན་པ་ཁོ་ནས་མར་ངོའི་ཉིན་ཞག་དག་ལས་གང་ཡང་རུང་བའི་ཉིན་ཞག་ལ་དུར་ཁྲོད་ཀྱི་སོལ་བས་འགགས་པའི་
ཐོད་པ་ལ་ལྕགས་ཀྱི་ཡུ་བ་དང་ལྡན་པའི་མི་སྐྲའི་པིར་གྱིས་ཡི་གེ་ཧཱུཾ་ལས་བྱུང་བའི་འཇིགས་སུ་རུང་བའི་མཆེ་བ་གཙིགས་པའི་ཞལ་མངའ་བ། དབུ་སྐྲ་གྱེན་དུ་བརྫེས་པ་གཡས་པ་རོ་ལངས་ཀྱི་ཆུ་གྲི་འཛིན་པ་གཡོན་པས་སྡིགས་མཛུབ་བྱས་པ་བྲིས་ལ། དུག་དང་རུས་པའི་ཕྱེ་མ་དང་མཛུབ་
མོའི་ཁྲག་གིས་མིང་དང་བཅས་པའི་སྔགས་དེའི་སྙིང་གར་ཆེ་གེ་མོ་གྲྀཧྞ་ཞེས་བྱ་བ་ལ་སོགས་པའི་ཚིག་དང་ལྡན་པའི་སྔགས་བྲི་བར་བྱ་ཞིང་ཐོད་པ་གཉིས་པར་བསྒྲུབ་བྱ་པཱ་ད་པཾ་སུ་དང་རོ་བསྲེགས་པའི་ས་དང་ཐལ་བ་དང་སོལ་བ་རྣམས་རྡོ་རྗེའི་ཆུ་དང་སྦྲུས་པའི་གོང་བུ་ལས་བྱས་པའི་མིའི་
གཟུགས་ཀྱི་སྙིང་གར་དུག་དང་རུས་པའི་ཕྱེ་མ་དང་མཛུབ་མོའི་ཁྲག་གིས་མིང་དང་བཅས་པའི་སྔགས་བྲིས་པའི་ཏཱ་ལའི་ལོ་མ་བཅུག་ལ་བསྐུལ་བའི་སྔགས་ཀྱིས་སྤྱན་དྲང་བ་སྔོན་དུ་འགྲོ་བ་ཅན་གྱིས་དེ་ལ་གཏད་པའི་དམིགས་པས་ཨ་དྷ་སྠ་བའི་གཟུགས་བརྙན་དང་ཁ་སྦྱར་ཏེ་དེས་མནན་ནས་
เล่ม ๔๑ · หน้า 243a
བཟུང་བར་བསམ་ཞིང་མཚན་མོ་དུར་ཁྲོད་དུ་རོལ་པ་དང་བཅས་པས་སྔགས་བཟླས་ན། དེ་གདོན་མི་ཟ་བར་དེས་གཟུང་བར་འགྱུར་རོ། །དེ་བཞིན་དུ་རིམ་པ་འདི་ཁོ་ན་བཞིན་དུ་གདོན་ལ་སོགས་པ་ཐམས་ཅད་ཀྱིས་འཛིན་དུ་གཞུག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་
པ་ལ། དཔག་ཏུ་མེད་པ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་། འདི་དེ་ལས་བྱུང་བས་ན་དཔག་ཏུ་མེད་པར་བྱུང་བ་སྟེ། དཔལ་རྡོ་རྗེ་རྟ་མགྲིན་ཡིན་ཞིང་། དེ་ལ་དམིགས་པའི་ཏིང་ངེ་འཛིན་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཆོས་ཀྱི་རྡོ་རྗེ་ཆེ་མཆོག་སྐྱེ་ནི། པདྨའི་རིགས་ཀྱི་དཀྱིལ་
འཁོར་པ་རྣམས་སོ། །ཡེ་ཤེས་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་རྒྱལ་པོ་ནི་འོད་དཔག་ཏུ་མེད་པ་སྟེ་དེའོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ཧ་ལ་ཧ་ལའི་འོད་ནི་ཆེས་ཤིན་ཏུ་དྲག་པའོ། །ཁྲོ་བོའི་རྒྱལ་པོ་བསྐུལ་བ་ཡིས། །དུག་རྣམས་ཐམས་ཅད་མེད་པར་བྱེད། །ཅེས་
བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་འཕགས་པ་རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་པས་བསྒྲུབ་བྱའི་སྙིང་གར་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྐལ་པའི་མེ་འབར་བ་ལྟ་བུ་དང་། དེའི་སྟེང་དུ་ཡི་གེ་ཧཱུཾ་རྣམ་པར་བཀོད་ལ། དེའི་འོད་ཟེར་རྣམས་ཀྱིས་ཡན་ལག་
ཐམས་ཅད་ན་གནས་པའི་དུག་རབ་ཏུ་བསྲེགས་ཏེ། ལག་པ་གཡས་པར་ཡི་གེ་བཾ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་བསམས་ལ། དེའི་ལྟེ་བར་ཡི་གེ་ཧཱུཾ་ཁ་དོག་དཀར་པོ་འོད་ཟེར་དཀར་པོ་འབར་ཞིང་བདུད་རྩི་འཛག་པར་རྣམ་པར་བསམས་ནས། ཕྲེང་བའི་སྔགས་བརྗོད་པས་དེས་
བྱ་བ་ཅིང་བསྒྲུབ་བྱ་དུག་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལས་སངས་རྒྱས་རྣམས་ལ་མཆོད་པ་དང་སེམས་ཅན་རྣམས་ཀྱི་དོན་འབྱུང་བས་ན་འབྱུང་བ་སྟེ། དོན་ཡོད་པར་གྲུབ་པའོ། །དེ་ལས་བྱུང་བའི་དཔལ་ནི་ཁྲོ་བོ་དཔལ་དབྱིག་པ་སྔོན་པོ་ཅན་ཏེ། གཟའ་
མཇུག་རིངས་བཞིན་དུ་གདུག་པ་ཐམས་ཅད་གཞོམ་པའི་ཆེད་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གདུག་པའི་མཆོག་ལས་བྱུང་བ་ཀུན་ནི་ཚངས་པ་ལ་སོགས་པ་རྣམས་སོ། །འཇིགས་ཤིང་ཞེས་བྱ་བ་ལ་
เล่ม ๔๑ · หน้า 243b
སོགས་པའི་ཚིག་རྣམས་ཀྱིས་ནི་སྔགས་ཀྱི་མཐུ་མི་བཟོད་པར་གྱུར་པ་བསྟན་ཏོ། །ཆོ་གའི་ཚུལ་བཞིན་བསྐུལ་བ་ཡིས། །གདུག་པ་ཐམས་ཅད་གསོད་པར་འགྱུར། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་འཕགས་པ་དབྱིག་པ་སྔོན་པོ་ཅན་གྱི་རྣལ་འབྱོར་དང་ལྡན་པས་ཤ་ཆེན་དང་དུར་ཁྲོད་
ཀྱི་སོལ་བ་དང་། བལ་མི་ཀའི་ས་དང་སྤུན་པ་དང་བསྒྲུབ་བྱའི་པཱ་ད་པཾ་སུ་རྣམས་ཀྱིས་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་གོས་ལ་དུག་དང་ཁྲག་དང་རམས་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་ལ་མེའི་དཀྱིལ་འཁོར་དང་། དེའི་དབུས་སུ་བསྒྲུབ་བྱའི་མིང་སྔགས་དང་རྣམ་པར་སྤེལ་བ་
བྲིས་ལ། དེའི་སྙིང་གར་བཅུག་སྟེ། ཕྱི་རོལ་དུ་ཐོད་པ་གཉིས་ཀྱི་ནང་དུ་བཅུག་ལ། དེ་གསད་པའི་ཕྱིར་ཤིན་ཏུ་ཁྲོ་ཞིང་གཏུམ་པར་གྱུར་པས་རྐང་པ་གཡོན་པས་ཀུན་དུ་མནན་ཏེ། ཉི་མ་ཕྱེད་དང་མཚན་ཕྱེད་ཀྱི་དུས་སུ་རྡོ་བ་དང་རུས་པ་དང་ནིམ་པའི་ལོ་མ་རྣམས་ཀྱིས་སྦྱིན་སྲེག་
བརྒྱ་རྩ་བརྒྱད་བྱས་ན། ཞག་བདུན་ན་འཆི་བར་འགྱུར་བའོ། །དེ་ལྟ་ན་ཡང་མ་གྲུབ་ན། དུར་ཁྲོད་དུ་སོང་སྟེ་མཚན་ཕྱེད་ཀྱི་དུས་སུ་རོ་བསྲེགས་ཀྱི་ཐལ་བས་མེ་ཐབ་གྲུ་གསུམ་བྱས་ལ། ནིམ་པའི་ཤིང་ཉིད་ཀྱི་སྦར་ཏེ་དེའི་དབུས་སུ་སྤྱན་དྲང་བ་སྔོན་དུ་འགྲོ་བ་ཅན་གྱིས་ཁྲོ་བོའི་རྒྱལ་པོ་མཆེ་བ་
གཙིགས་ཤིང་འཇིགས་སུ་རུང་བ་ཞལ་འཇིགས་སུ་རུང་བར་བྱས་པ་རྣམ་པར་བསམས་ལ། མཚོན་རྣོན་པོས་པྲ་ཏི་ཀྲི་ཏ་རྐང་པ་གཡོན་པའི་ཨ་ན་མི་ཀ་ནས་བརྩམས་ཏེ་གཏུབས་ནས་ཤིན་ཏུ་ཁྲོ་བའི་དབང་དུ་གྱུར་པས་ཆེ་གེ་མོ་མཱ་ར་ཡ་ཏི་ཞེས་བྱ་བའི་བསྐུལ་བ་དང་བཅས་པའི་སྔགས་ཁྲོ་
བོའི་ཚིག་གིས་བརྗོད་ཅིང་ཏད་ཝད་ཁྲོ་བོ་ཡང་སྦྱིན་སྲེག་བྱས་ན་དེ་ཉིད་ཀྱི་མཚན་མོ་ལ་གདོན་མི་ཟ་བར་འཆི་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་མི་བསྐྱོད་པ་སྟེ། ཐམས་ཅད་ལ་ཁྱབ་
པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བའི་སྤྲིན་གྱི་དཔལ་ནི་སྤྲིན་གྱི་ཆར་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་སྟོབས་པོ་ཆེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །བཟླས་པ་ཙམ་གྱི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་
เล่ม ๔๑ · หน้า 244a
སྒྲུབ་པར་བྱེད། །ཅེས་བྱ་བ་ནི་སྔར་བཤད་པའི་ཆོ་ག་བཞིན་དུ་བཟླས་པ་འབུམ་བྱས་ཤིང་། ཇི་སྐད་བཤད་པའི་སྦྱོར་བས་ཞི་བ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ལས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆུ་ཡི་དཀྱིལ་འཁོར་འབེབས་པར་བྱེད། །ཅེས་
བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། དེ་ཁོ་ན་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བ་ཅན་གྱིས་ཡི་གེ་ཕཊ་ཀྱིས་བྱུང་བའི་འཕགས་པ་སྟོབས་པོ་ཆེར་བདག་ཉིད་བསམས་ལ། འབུམ་བཟླས་ནས་ཁམ་ཕོར་སོ་མ་བཏང་བ་ལ་རམས་ཀྱི་ཁུ་བས་རལ་གྲི་རྩིབས་བརྒྱད་པའི་
འཁོར་ལོ་དང་། དེའི་སྟེང་དུ་པདྨ་འདབ་བརྒྱད་པ་ལ་མདུང་ཅན་མའི་སྔགས་དང་རྣམ་པར་སྤེལ་བའི་ཀླུ་ཐམས་ཅད་ཀྱི་སྙིང་པོ་བྲིས་ཏེ། ཁམ་ཕོར་གཞན་དང་ཁ་སྦྱར་ལ་སྐུད་པ་སྔོན་པོས་ཀུན་ནས་དཀྲིས་ཏེ། མདུང་ཅན་མ་དང་ཀླུ་རྣམས་སྤྱན་དྲངས་ལ་ཡང་དག་པར་མཆོད་དེ། ཀླུ་གནས་པའི་
ཆུ་མིག་ལ་སོགས་པར་ཀླུ་ཐམས་ཅད་ཀུན་དུ་སྐུལ་བར་བྱེད་པའི་ཁམ་ཕོར་ཁ་སྦྱར་ཏེ་བཞག་ལ། ས་ཕྱོགས་དབེན་པ་གཞན་དུ་མེའི་དཀྱིལ་འཁོར་ལ་རླུང་གི་དཀྱིལ་འཁོར་དང་དེའི་སྟེང་དུ་ཆུ་དང་། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེའི་ལྟེ་བར་རླུང་ལྷ་མདོག་དཀར་པོ་སྦྲུལ་
མགོ་བདུན་གྱི་གདེངས་ཀ་དང་ལྡན་པ་སྐྱེས་བུའི་གདོང་ཅན་ལག་ན་སྦྲུལ་གྱི་ཞགས་པ་ཐོགས་པ་བྲི་ཞིང་ཤར་གྱི་འདབ་མ་ལ་མཐའ་ཡས་ཨུཏྤ་ལ་ལྗང་གུའི་མདོག་ཅན་དང་། ལྷོར་ནོར་རྒྱས་ཀྱི་བུ་དཀར་པོ་དང་། ནུབ་ཏུ་འཇོག་པོ་དམར་པོ་དང་། བྱང་དུ་སྟོབས་རྒྱུ་ནག་པོ་དང་། མེ་དང་བདེན་བྲལ་
གྱི་མཚམས་དག་ཏུ་པདྨ་དང་པདྨ་ཆེན་པོ་དཀར་པོ་དང་། རླུང་གི་མཚམས་སུ་དུང་སྐྱོང་སེར་པོ་དང་། དབང་ལྡན་གྱི་མཚམས་སུ་རིགས་ལྡན་སྣ་ཚོགས་ཀྱི་མདོག་ཅན་དེ་དེ་ལྟ་བུའི་ཀླུའི་དཀྱིལ་འཁོར་བྲིས་ལ། ཡི་གེ་ནཾ་ལས་ཀླུ་ཐམས་ཅད་བསམས་ཏེ། དེ་ནས་ཁ་དོག་སྔོན་པོ་དང་ལྡན་པའི་བུམ་
པ་ལ་སོགས་པ་རྣམས་ཀྱིས་འོ་མ་དང་བུ་རམ་ལ་སོགས་ཀླུ་དང་རྗེས་སུ་མཐུན་པའི་ལྷ་བཤོས་བྱིན་ལ། ཡི་གེ་ཛཿདང་རྣམ་པར་སྤེལ་བའི་ཡི་གེ་ནཾ་གྱིས་བཀུག་སྟེ། རང་རང་གི་གནས་རྣམས་སུ་བཅུག་ལ་མཆོད་པ་བྱས་ཏེ། འདི་སྐད་དུ་བདག་ལ་བརྩེ་བ་དང་བཅོམ་ལྡན་འདས་ཀྱི་བཀས་ཀླུ་ཆེན་པོ་ཁྱེད་
เล่ม ๔๑ · หน้า 244b
རྣམས་ཀྱིས་ཆར་ཕོབ་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཀླུ་དེ་རྣམས་ཆར་གྱི་རྒྱུན་རབ་ཏུ་འབེབས་པར་བསམ་ཞིང་བཟླས་པ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བཀས་ཀླུ་དེ་རྣམས་ཀྱིས་ཆར་འབེབས་པར་བྱེད་དོ། །གལ་ཏེ་དེ་ལྟར་བྱས་ཀྱང་ཆར་མི་འབེབས་ན། དེའི་ཚེ་མེ་ཐབ་ཟླུམ་པོ་ལ་དེ་
ཁོ་ན་བཞིན་དུ་དཀྱིལ་འཁོར་བྲིས་ནས་ས་སྤྱན་དྲང་བ་སྔོན་དུ་འགྲོ་བས་འཆད་པར་འགྱུར་བའི་སྦྱིན་སྲེག་གི་ཆོ་ག་བཞིན་དུ་ཀླུ་ཐམས་ཅད་ཀྱི་ལྕེའི་དབུས་སུ་ཡི་གེ་ནཾ་བསམས་ལ། མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱི་བུ་རམ་དང་འོ་མ་དང་མར་རྣམས་ཀྱིས་དགང་བླུགས་གསུམ་
ཕུལ་ཏེ། ཇི་ལྟར་འདོད་པ་བུ་རམ་དང་འོ་མ་དང་མར་ལ་སོགས་པ་སྦྱིན་སྲེག་བྱས་ན་དགའ་བར་གྱུར་ནས་གདོན་མི་ཟ་བར་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་ཡང་ཆར་མི་འབེབས་པ་དེའི་ཚེ་མངོན་སྤྱོད་བྱ་སྟེ། གྲོག་མཁར་དང་ཆུ་བོའི་འགྲམ་གཉིས་ཀྱིས་བཤང་བ་དང་གཅི་བ་
དང་སྦྲུས་པས་ཀླུའི་གཟུགས་བརྙན་བྱས་ནས་དུར་ཁྲོད་ཀྱི་གོས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་ཚ་དང་ཉུངས་མར་ཚ་བས་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ཏེ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་དང་། འདབ་མ་བརྒྱད་ལ་ཀླུ་བརྒྱད་ཀྱི་ཁྱད་པར་གྱི་སྙིང་པོ་རྣམས་སམ་ཡི་གེ་ནཾ་རེ་རེ་སྔགས་
དང་རྣམ་པར་སྤེལ་བ་དང་། ལྟེ་བ་ལ་ཡི་གེ་བཾ་དེ་བཞིན་དུ་བྲིས་ལ། སྤྱན་དྲངས་ཏེ་དེ་སྙིང་གར་བཅུག་ལ་སྐེ་ཚེ་ལ་སོགས་པ་ཚ་བ་སྲེག་རྫས་རྣམས་ཀྱིས་རབ་ཏུ་བྱུགས་ཏེ། སྔགས་བརྗོད་ཅིང་མེ་ལ་གདུངས་ན། གདོན་མི་ཟ་བར་ཆར་འབབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་བྱས་ན་ཡང་ཀླུ་རྣམས་
ཆར་མི་འབེབས་ན། དེའི་ཚེ་དེ་ཁོ་ན་བཞིན་དུ་ས་ལ་ཀླུའི་དཀྱིལ་འཁོར་བྲིས་ལ་གོས་སྔོན་པོའམ་དམར་པོས་སྟོད་གཡོགས་དང་ཅོད་པན་བྱས་པའམ། གཅེར་བུས་དཀྱིལ་འཁོར་དེ་ན་གནས་པའི་ཀླུ་རྣམས་ཉི་མ་ལ་གནས་པའི་རྡོ་རྗེ་འབར་བས་མཚན་པའི་རྐང་པ་གཡོན་པས་གན་རྐྱལ་དུ་
མནན་ཏེ། སྟེང་དུ་བསྒྲགས་པའི་ཕཊ་ཀྱི་སྒྲས་ནམ་མཁའ་ཀུན་དུ་ཁྱབ་པར་བྱས་ནས་ཤིན་ཏུ་འཇིགས་པར་གྱུར་ཅིང་ཁྲག་སྐྱུགས་པའི་རྒྱུན་རྣམས་ཀྱིས་ཆུའི་རྒྱ་མཚོ་བྱེད་པར་བལྟ་ཞིང་སྔགས་བཟླས་པར་བྱ་སྟེ། ཨོཾ་ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། ཕཊ་ནཾ་ཕཊ་ནཾ་ཕཊ། ཨུ་གྲཤྠཱུ་ལ་པ་ནི། ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ།
เล่ม ๔๑ · หน้า 245a
མཱ་ར་ཡ་སརྦ་ནཱ་གཱ་ན། ཕཊ་ནཾ་ཕཊ་ནཾ་ཕཊ། ཨོཾ་ཛྱོ་ཏི་ནི་རྣཱ་ད། ཧ་ན་ནཱ་གཾ། ཝ་ར་ཤཱ་པ་ཡ་ཤཱི་གྷྲཾ་བྷ་ག་ཝཱན། ཧཱུཾ་ནཾ་ཧཱུཾ་ནཾ་ཧཱུཾ། ཨོཾ་ཨོཾ་ཨོཾ། ཕཊ་ཕཊ་ཕཊ་ནཾ་ཕཊ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། གལ་ཏེ་དེ་ལྟ་ཡང་ཀླུ་གདུག་པ་རྣམས་ཆར་གྱི་རྒྱུན་མི་འབེབས་ན།
དེའི་ཚེ་མེ་ཐབ་གྲུ་གསུམ་བྱས་ལ། དེའི་དབུས་སུ་འཕགས་པ་སྟོབས་པོ་ཆེ་བསམས་ནས་གདོལ་པའི་མེ་བླངས་ལ་ཡི་གེ་ཕུཿརྣམས་ཀྱིས་སྦར་ཏེ། དུག་དང་སྐེ་ཚེ་དང་ལན་ཚྭ་དང་མྱོས་བྱེད་རྣམས་ཀྱིས་ཀླུའི་གཟུགས་བརྙན་བྱས་ལ། མཚོན་རྣོན་པོས་མགོ་བོ་ནས་བརྩམས་ཏེ། གཏུབས་
ནས་ཁ་ལྷོ་རུ་བལྟས་པས་འཕགས་པ་སྟོབས་པོ་ཆེའི་སྔགས་སོ་སོའམ་མ་ལུས་པར་བརྗོད་ལ། ལག་པ་གཡོན་པས་དེ་སྦྱིན་སྲེག་བྱའོ། །ལུས་བཤང་གཅིས་བྱུགས་པས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གདོན་མི་ཟ་བར་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །གལ་ཏེ་དེ་ལྟར་ཡང་ཆར་
མི་འབབ་པ་ན་འཕགས་པ་སྟོབས་པོ་ཆེ་ཉིད་ཀྱི་ཉེས་པ་ཡིན་ཏེ། དེའི་ཕྱིར་སྔར་བཤད་པའི་རྫས་རྣམས་ཀྱིས་འཕགས་པ་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ། ཁྲོ་བོ་དཔལ་གནོད་མཛེས་ཀྱི་རྣལ་འབྱོར་དང་ལྡན་པས། སྤྱན་དྲང་བའི་སྔོན་དུ་འགྲོ་བས་དེ་ཁོ་ན་བཞིན་དུ་རྐང་པ་གཡོན་པས་
མནན་ཏེ། མྱུར་དུ་ཆར་ཕོབ་ཅིག་ཅེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པའི་ཡི་གེ་ཧཱུཾ་གི་སྔགས་ཁྲི་བཟླས་པར་བྱའོ། །དེ་ནས་མངོན་སྤྱོད་ཀྱི་ཐབ་ཁུང་ན་གནས་པའི་ཁྲོ་བོ་དཔལ་གནོད་མཛེས་རྒྱལ་པོ་ཡི་གེ་ཧཱུཾ་ལས་བྱུང་བའི་ལྗགས་མངའ་ཞིང་ཞལ་གདངས་པ་དེའི་ཞལ་དུ་གཟུགས་
བརྙན་བཅུག་སྟེ་སྦྱིན་སྲེག་ཁྲི་བྱའོ། །འདིས་ནི་ངེས་པར་འཕགས་པ་སྟོབས་པོ་ཆེས་ཆར་འབེབས་སུ་འཇུག་གོ་ཞེས་བྱ་བའི་མཐུ་ནི་རྣལ་འབྱོར་པ་ཐམས་ཅད་ལ་རབ་ཏུ་གྲུབ་པོ། །ཡང་ན་ཀླུ་ཐམས་ཅད་དང་འཕགས་པ་སྟོབས་པོ་ཆེ་ལ་དམིགས་ཏེ། མེ་ཐབ་ཟླུམ་པོ་ལ་བཞུགས་པའི་སངས་
རྒྱས་སྤྱན་སྐུ་མདོག་དཀར་པོ་ཞི་བའི་ཡི་གེ་ཨོཾ་ལས་བྱུང་བའི་ལྗགས་དང་ལྡན་པའི་ཞལ་དུ་དེའི་སྔགས་ཀྱིས་ཞི་བའི་ཆོ་ག་བཞིན་དུ་མར་དང་འོ་མ་ལ་སོགས་པའི་སྦྱིན་སྲེག་ཁྲི་བྱས་ན་གདོན་མི་ཟ་བར་བཅོམ་ལྡན་འདས་མ་དེ་སངས་རྒྱས་རྣམས་ཀྱི་ཞི་བ་བསྐྱེད་པར་འགྱུར་རོ། །དེ་ནས་ཞེས་པ་ལ་སོགས་
เล่ม ๔๑ · หน้า 245b
པ་ལ། སྔ་མ་བཞིན་དུ་ཀུན་དུ་མི་བསྐྱོད་པ་ཡིན་ཞིང་། དེ་ལས་བྱུང་བའི་འཇོམས་པ་ནི་འདོད་པའི་རྒྱལ་པོ་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཇོམས་པར་བྱེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་སེམས་
དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་འཕགས་པ་འདོད་པའི་རྒྱལ་པོའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། སྤྱན་དྲང་བ་སྔོན་དུ་འགྲོ་བས་གཡོན་བརྐྱང་ཞིང་རྡོ་རྗེ་ལྕགས་ཀྱུ་འབར་བས་མཚན་པའི་རྐང་པ་གཡས་པས་མནན་ཏེ། དེའི་སྔགས་
བརྗོད་ཅིང་སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱི་ཡན་ལག་ཐམས་ཅད་བརྒྱུས་པའི་ཕྱིར་ཡེ་ཤེས་ཀྱི་ཕྲེང་བ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་བའི་ཚུལ་ནི་བྱང་ཆུབ་ཀྱི་
སེམས་ཀྱི་ཆུའི་རང་བཞིན་ཅན་གྱི་འཕགས་པ་མི་གཡོ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །སྐྲག་པར་གྱུར་ནས། ཁ་སྦྱར་ལུས་སུ་འགུགས་པར་འགྱུར། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་འཕགས་པ་མི་གཡོ་བའི་རྣལ་འབྱོར་དང་ལྡན་
པས་སྐྱེས་བུའི་ཐོད་པ་མ་གས་ཤིང་མཚན་དང་ལྡན་པ་བླངས་ལ། རྐང་པ་གཡས་པའི་མཛུབ་མོའི་ཁྲག་དང་ལན་ཚྭ་དང་ཉུངས་མར་ཚ་བ་དང་སྐེ་ཚེ་ལ་སོགས་པ་རྣམས་ཀྱིས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་རང་གི་ལྷ་མོ་དང་ལྡན་པ་བྲིས་ཏེ། སྤྱན་དྲང་བ་སྔོན་དུ་འགྲོ་བས་སྔ་མ་བཞིན་
དུ་རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡས་པས་མནན་ལ། ལྕགས་ཀྱུ་དེས་དགུག་པར་ལྟ་ཞིང་བསྐུལ་བ་དང་བཅས་པའི་སྔགས་བརྗོད་ན། ཆུང་མ་དང་བཅས་པ་རྣམས་གདོན་མི་ཟ་བར་འགུགས་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་ཁྲོ་བོ་ཐམས་
ཅད་ཀྱི་རྒྱུ་མི་བསྐྱོད་པ་སྟེ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར་རོ། །དེའི་རྣམ་པར་འཕྲུལ་པ་ནི་དཔལ་གནོད་མཛེས་ཞེས་བྱ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །བུ་མོ་མཐུ་ཆེན་ཐམས་ཅད་ཅེས་བྱ་བ་ནི་སྤྱན་ལ་སོགས་
เล่ม ๔๑ · หน้า 246a
པ་རྣམས་སོ། །འདོད་ཆགས་ཀྱི་བདེ་བའི་གཞན་གྱི་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་སྐུ་བཤིག་ཅིང་གོས་དང་བྲལ་བར་གྱུར་པའོ། །རྡོ་རྗེ་སེམས་དཔའ་ནི་དཔལ་གནོད་མཛེས་རྒྱལ་པོའོ། །དེ་ཉིད་རང་གི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་
པ་ཀུན་གྱི་བདག་པོ་སྟེ། དེའི་ཞབས་ནི་དེ་བཞིན་གཤེགས་པ་ཀུན་གྱི་བདག་པོ་རྡོ་རྗེ་སེམས་དཔའི་ཞབས་ཏེ་དེས་སོ། །དེས་ནི་འདི་སྐད་དུ་ཇི་ལྟ་བ་བཞིན་དུ་འཕགས་པ་གནོད་མཛེས་རྒྱལ་པོའི་རྣལ་འབྱོར་དང་ལྡན་པས་བུད་མེད་ཀྱི་ཐོད་པ་མཚན་དང་ལྡན་པ་ལ་སྤྱན་ལ་སོགས་པ་རྣམས་ཀྱི་
ནང་ནས་གང་ཡང་རུང་བའམ་ལྷ་ལ་སོགས་པའི་བུ་མོ་རྐང་པ་གཡོན་པའི་ཨ་ན་མི་ཀའི་ཁྲག་གིས་བྲིས་ཏེ། དེའི་བྷ་ག་ལ་རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ནས་ལག་པ་གཡས་པ་ལ་ཐོགས་པའི་ལྕགས་ཀྱུས་སྙིང་ག་ནས་བཏབ་སྟེ། ཞགས་པས་རྐེ་ནས་བཅིངས་
ལ། བསྐུལ་བའི་ཚིག་དང་ལྡན་པའི་སྔགས་བརྗོད་ཅིང་དགུག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཆེན་པོ་ནི་དེ་བཞིན་དུ་ཐུགས་རྡོ་རྗེ་སྟེ། གང་ལ་དེ་འབྱུང་བ་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་
དཔའོ། །དེའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་གསུམ་གྱི་གསང་བའོ། །ཚིག་ཏུ་བརྗོད་པས་འདའ་བར་བྱ་བ་མ་ཡིན་པའི་ཕྱིན་ཅི་མ་ལོག་པའི་དོན་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་གསུང་གི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱིས་གནས་སོ། །སངས་རྒྱས་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་
དཔའོ། །དེའི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་ཀྱི་སྐུ་བསྒོམ་པ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པའོ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན་པ་སྟེ། རྡོ་རྗེ་རིགས་ཀྱི་ལྷ་རྣམས་ཀྱི་གཟུགས་ཀྱིས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཡིན་ཞིང་། དེ་དགུག་པ་ནི་
སངས་རྒྱས་དགུག་པ་སྟེ་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་གསུང་ནི་འོད་དཔག་ཏུ་མེད་པའོ། །སྐུ་ནི་རྣམ་པར་སྣང་མཛད་དེ། དེ་དག་ལས་གང་ཡང་རུང་བའི་སྦྱོར་བས་སོ། །འཁོར་ལོ་ཆེན་པོ་ནི་གསུང་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་རང་གི་དཀྱིལ་འཁོར་ཏེ། དེ་ལ་གནས་པའི་སྒོམ་པ་
เล่ม ๔๑ · หน้า 246b
པོས་སམ་པདྨའི་ལྕགས་ཀྱུས་དཔལ་རྡོ་རྗེ་སེམས་དཔའ་འགུགས་པར་འགྱུར་རོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རིན་པོ་ཆེ་ལ་སོགས་པའི་རང་གི་ཕྱག་མཚན་གྱིས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་རྣམས་ཀྱིས་ལྷ་ཐམས་ཅད་ཕན་ཚུན་དགུག་པར་བྱ་བ་ཡིན་པས་དེའི་ཕྱིར། རྡོ་རྗེ་ཀྱོ་
བའི་ཁྱད་པར་གྱིས། །སྔགས་རྣམས་ཐམས་ཅད་དགུག་པའི་མཆོག །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་རྡོ་རྗེའི་དངོས་སོ། །སྒྲུབ་པ་པོ་རྣམས་ཀྱི་དགེ་ལེགས་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཞི་བའོ།
རང་སྔགས་སྐྱེས་བུ་ཞེས་བྱ་བ་ནི། རང་གི་སྙིང་ག་ནས་བསྐྱེད་པའི་རང་གི་ལྷའོ། །མིའི་བུ་མོ་མཆོག་ཅེས་བྱ་བ་ནི་རྒྱལ་པོའི་བུ་མོའོ། །སྙིང་གར་རྡོ་རྗེ་ཀྱོ་བ་སྦྱར། །ཞེས་བྱ་བ་ནི་ཇི་ལྟར་ཁྲོ་བོ་འཕགས་པ་གནོད་མཛེས་ཀྱི་རྣལ་འབྱོར་གྱིས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པས་བུ་མོ་དགུག་པ་
བསྟན་པ་དེ་བཞིན་དུ་ལྷ་གང་ཡང་རུང་བའི་རྣལ་འབྱོར་གྱིས་ཀྱང་རང་གི་ཕྱག་མཚན་གྱི་ལྕགས་ཀྱུས་སྙིང་ག་ནས་ཕུག་སྟེ། དེ་དང་དེས་མཚན་པའི་ཞགས་པས་ཀྱང་སྐེ་ནས་བཅིངས་ལ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་འདུག་པའི་བུ་མོ་ཡི་གེ་ཛའི་མཐའ་ཅན་གྱི་རང་གི་སྔགས་
ཟློས་ཤིང་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་ཇི་ལྟ་བ་བཞིན་དུ་འཕགས་པ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ཆེན་པོ་ཉིད་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམས་ལ།
བརྒྱ་བྱིན་གྱི་ཆུང་མ་ཤ་ཙི་དེ་རུ་བཞག་སྟེ། འདས་མ་ཐག་པ་བཞིན་དུ་སྔགས་ལན་ལྔ་བཅུ་བརྗོད་ཅིང་ཞགས་པ་དང་ལྕགས་ཀྱུས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ་ཞེས་བསྟན་པ་ཡིན་ནོ། །རྡོ་རྗེ་ཀྱོ་བ་གཟུགས་ཆེན་པོ། །འབར་བ་རྣོ་བ་འདྲ་བའི་འོད། །འོད་ཅེས་བྱ་བ་ནི་ལྷའི་གཟུགས་
ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་ཤིང་ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ། །ནམ་མཁའི་བུ་མོ་ཞེས་བྱ་བ་ནི་ནམ་མཁའི་རྡོ་རྗེ་སྤྱན་ནོ། །འདི་སྐད་དུ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེའི་རིགས་ཀྱི་ལྷ་གང་ཡང་རུང་
เล่ม ๔๑ · หน้า 247a
བའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་རང་གི་སྙིང་ག་ནས་གྲུབ་པའི་རྡོ་རྗེ་ལྕགས་ཀྱུ་ཞལ་གསུམ་ཕྱག་དྲུག་པ་སྙོམས་པར་འཇུག་པས་གནས་པ་རྩ་བའི་ཕྱག་གཉིས་ན་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། ཕྱག་ལྷག་མ་མི་བསྐྱོད་པ་དང་མཐུན་
པ་ཕྱུང་སྟེ། དེ་ལ་བཀའ་བསྒོ་བར་བྱ་ཞིང་ཧཱུཾ་ཛཿཞེས་བྱ་བའི་སྔགས་ཀྱང་བཟླ་བར་བྱའོ། །དེ་ནས་དེ་སོང་སྟེ་ནམ་མཁའ་ན་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ནམ་མཁའ་རྡོ་རྗེ་སྤྱན་དེ་ཁོ་ན་བཞིན་དུ་བཀུག་ནས་འོངས་ཏེ་གཏད་པར་བསམས་ན་གདོན་མི་ཟ་བར་འགུགས་པར་འགྱུར་རོ། །ནམ་
མཁའ་ལ་སྤྱོད་པའི་ལྷའི་བུ་མོ་ལ་སོགས་པ་དགུག་པ་ཡང་དེ་དང་འདྲའོ་ཞེས་བསྟན་པ་ཡིན་ནོ། །ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་བཟང་པོའི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའི་རང་བཞིན་ནོ། །རྡོ་རྗེ་ས་འོག་གནས་པ་ནི་ལྷ་མ་ཡིན་གྱི་གནས་ན་འདུག་པའོ། །ལྷ་མིན་ནི་ལྷ་མ་
ཡིན་ཏེ། དེ་རྣམས་ཀྱི་བུ་མོ་ནི་ལྷ་མིན་བུ་མོའོ། །འདི་སྐད་དུ་སྔ་མ་བཞིན་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བ་ཅན་གྱི་འཕགས་པ་རྡོ་རྗེ་ས་འོག་མི་བསྐྱོད་པ་དང་མཚུངས་པ་སྟེ། འོན་ཀྱང་གཡོན་བརྐྱང་བས་བཞུགས་པ་གཡས་དང་གཡོན་གྱི་རྩ་བའི་ཕྱག་དག་གིས་རྡོ་རྗེ་ལྕགས་ཀྱུ་དང་
ཞགས་པ། གཡོན་པའི་གསུམ་པས་རྩེ་གསུམ་བསྣམས་པར་བདག་ཉིད་དམིགས་ལ། རླུང་གི་དཀྱིལ་འཁོར་ལ་འདུག་པའི་ལྷ་མ་ཡིན་གྱི་བུ་མོ་དེ་ཁོ་ན་བཞིན་དུ་དགུག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །བཙག་གམ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། རྡོ་རྗེ་འགོག་པ་
བསྒོམ་པའི་སྒོ་ནས་མཚན་མ་ཐོབ་པ་རྡོ་རྗེའི་རིགས་ལ་སོགས་པ་ལྷ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པའི་ཕྱི་རོལ་གྱི་རིག་མ་དང་ཡང་དག་པར་ལྡན་པས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་གདན་ལ་བཙག་གམ་རྡོ་རྒྱུས་བཞག་སྟེ།
དེ་ཡང་ཡི་གེ་ཧཱུཾ་ལ་སོགས་པའི་ས་བོན་གང་ཡང་རུང་བས་རྡོ་རྗེ་ལྕགས་ཀྱུ་ཕྱག་ན་བསྣམས་པའི་ལྷའི་གཟུགས་སུ་བསྐྱེད་ལ། ས་བོན་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལས་བྱུང་བའི་ལྷ་རྡོ་རྗེ་ལྕགས་ཀྱུ་སྤྲོས་པ་རྣམས་ཀྱིས་ནམ་མཁའ་ཀུན་དུ་བཀང་ལ་བསྡུ་བ་དང་བསྟིམ་པ་དང་བརྟན་པར་
เล่ม ๔๑ · หน้า 247b
བྱ་བ་དང་མཆོད་པ་བྱེད་ཅིང་ཟླ་བ་བཏང་གི་བར་དུ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ། དེས་ཚངས་པ་ལ་སོགས་པའི་མིང་བྲིས་པ་ཙམ་གྱིས་གདོན་མི་ཟ་བར་འོང་བར་འགྱུར་རོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །ཞེས་བྱ་བ་ནི་བདག་ཉིད་དཔལ་འཇམ་པའི་
རྡོ་རྗེ་བཤད་ཟིན་པའི་མཚན་ཉིད་ཅན་དུ་བསམས་ནས་སོ། །བསྐལ་པའི་སྲེག་པ་འཁོར་ལོ་ཆེ། །ཞེས་བྱ་བས་ནི་འདི་སྐད་དུ་ཇི་སྐད་བཤད་པའི་རིམ་པ་བཞིན་དུ་གསུང་གི་དཀྱིལ་འཁོར་བསྐལ་པའི་མེ་ལྟར་འབར་བ་དང་མཚུངས་པ་བསམས་ལ། དེའི་དབུས་སུ་ཇི་ལྟ་བ་བཞིན་དུ་འཕགས་པ་
འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་གཡས་པའི་རྩ་བའི་ཕྱག་ཏུ་རང་གི་སྔགས་ལས་བྱུང་བའི་འཕགས་པ་གཤིན་རྗེ་གཤེད་ཡོངས་སུ་གྱུར་པར་བྱས་ནས་རྡོ་རྗེ་ལྕགས་ཀྱུ་བསམས་ཏེ། དེ་ནས་མངོན་པར་འདོད་པའི་གནོད་སྦྱིན་མོ་ལྕགས་ཀྱུ་དེས་སྙིང་ག་ནས་ཕུག་ལ། ཞགས་པས་
ཀྱང་སྐེ་དང་ལག་པ་ནས་བཅིངས་ཏེ། དེ་ཉིད་སྔགས་བརྗོད་ཅིང་བཀུག་ལ་ཉེ་བར་ལོངས་སྤྱད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །བཤད་ཟིན་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར། ཀུན་གྱི་ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི་ཁྱད་པར་ནི་ལྷ་དེ་དང་དེ་རྣམས་
ཀྱི་རང་གི་རིག་མ་དང་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོའི་ཁྱད་པར་རང་གི་ཕྱག་མཚན་གྱི་ལྕགས་ཀྱུའི་ཁྱད་པར་ཏེ། དེ་དང་རང་གི་བཟླས་པའི་སྔགས་ཀྱི་ཁྱད་པར་གྱིས་ཐམས་ཅད་དུ་ཞེས་བྱ་བ་སྦྱོར་བ་རྣམ་པ་ཐམས་ཅད་དུ་རྫོགས་པར་སྒྲུབ་པ་པོས་ནི་ཇི་སྐད་བཤད་པ་ཐམས་ཅད་འགྲུབ་
པར་འགྱུར་རོ། །གཞན་དུ་བྱས་ན་འཇིག་པར་འགྱུར། །ཞེས་བྱ་བ་ནི་སྦྱོར་བ་མ་ཚང་བས་དངོས་གྲུབ་འཇིག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བསྐུལ་བར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་དུས་
སུ་རང་གི་སྤྱི་བོར་སྙོམས་པར་ཞུགས་པའི་མགོན་པོ་དཔལ་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་དབང་བསྐུར་བ་ཡང་དང་ཡང་དུ་བསམ་པ་སྟེ། སྔགས་རྣམས་ཉིད་ནི་ཐམས་ཅད་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་ཀྱང་འཆད་པར་འགྱུར་རོ། །ཡང་ན་
เล่ม ๔๑ · หน้า 248a
ཡི་གེ་ཧཱུཾ་སྐབས་སྐབས་སུ་བརྗོད་པར་བྱ་སྟེ། མཆོག་དང་པོའི་སྙིང་པོ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མངོན་པར་འདོད་པའི་འབྲས་བུ་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་
གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཕགས་མ་རལ་པ་གཅིག་མའི་གཟུགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར་ཀུན་དུ་རྣམ་པར་འཕྲུལ་པ་སྐྱེད་པར་བྱེད་པའི་ཡེ་ཤེས་ནི་ཀུན་དུ་རྣམ་པར་འཕྲུལ་པའི་ཡེ་ཤེས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་
ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དམ་ཚིག་ཆེན་པོ་ནི་འཕགས་པ་བདུད་རྩི་ཞེས་བྱ་བ་ཡིན་ཞིང་། དེ་དང་ཡང་དག་པར་སྦྱོར་བས་ན། དམ་ཚིག་ཆེན་པོ་རྡོ་རྗེ་མཆོག་སྟེ། རལ་པ་གཅིག་མ་དེའོ། །གཞན་ནི་བཤད་ཟིན་ཏོ། །བཀུག་ནས་ཉེ་བར་སྤྱད་པར་བྱ། །ཞེས་བྱ་བས་ནི་འདི་སྐད་དུ་རྡོ་
རྗེ་འཆང་ཆེན་པོ་ཇི་ལྟ་བ་བཞིན་དུ་ཡོངས་སུ་གྱུར་པར་བྱས་ནས་བདག་ཉིད་རལ་པ་གཅིག་མ་ཁ་སྤུ་མ་གཏོགས་པ་ཕྱག་དང་ཞལ་ལ་སོགས་པ་རྣམས་འཕགས་པ་བདུད་རྩི་འཁྱིལ་པ་དང་མཚུངས་པ་སྟེ། འོན་ཀྱང་ནུ་མ་ལ་སོགས་པ་དང་ལྡན་ཞིང་དེ་དང་སྙོམས་པར་ཞུགས་པ་གཡས་པ་དང་
གཡོན་པའི་ཕྱག་གསུམ་པ་དག་གིས་ཆོས་ཀྱི་དར་འཛིན་པར་བསམས་ལ། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་ནཱ་ག་གེ་སར་དང་བཅས་པས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོ་སྙིང་གར་སྔགས་བཀོད་པ་ཇི་ལྟ་བ་བཞིན་དུ་བྲིས་ཏེ་བཀུག་ལ། གཡོན་བརྐྱང་བའི་
རལ་གྲིའི་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ཏེ། བསྐུལ་བ་དང་བཅས་པའི་སྔགས་བརྗོད་ཅིང་བཀུག་ལ། ཉེ་བར་ལོངས་སྤྱོད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དམ་ཚིག་ནི་དཔལ་བདེ་བ་ཆེན་པོ་ཡིན་ཞིང་། དེ་ལས་བྱུང་བས་
ནམ་མཁའི་དམ་ཚིག་བྱུང་བ་སྟེ། འཕགས་མ་ཁྲོ་གཉེར་ཅན་ཡིན་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཆོས་ཆེན་པོའི་དམ་ཚིག་ནི་དཔལ་པདྨ་མཐར་བྱེད་དེ་དེ་དང་ཡང་དག་པར་ལྡན་པའོ། །གཞན་ནི་བཤད་ཟིན་ཏོ། །དམ་ཚིག་ལ་
เล่ม ๔๑ · หน้า 248b
སོགས་པ་ཡིས་དགུག །ཅེས་བྱ་བས་ནི་འདི་སྐད་དུ་བདག་ཉིད་འདས་མ་ཐག་པ་བཞིན་དཔལ་རྟ་མགྲིན་གྱི་རྣམ་པ་ཅན་གྱི་འཕགས་མ་ཁྲོ་གཉེར་ཅན་དེ་དང་ལྡན་པར་བསམས་ལ། བཤད་མ་ཐག་པའི་ཆོ་ག་བཞིན་དུ་ནཱ་ག་གེ་སར་དང་བཅས་པས་རིག་པ་འཛིན་པའི་བུ་མོ་བྲིས་ཏེ་དགུག་པར་
བྱའོ་ཞེས་བསྟན་པ་ཡིན་ནོ། །སེམས་བརྟན་པར་གྱུར་པའི་རྣལ་འབྱོར་པས་འདས་མ་ཐག་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་པས་དེའི་ཕྱིར་འགོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་བཤད་ཟིན་ཏོ། །ཡེ་ཤེས་རྡོ་རྗེ་གསུམ་ལས་བྱུང་། །ཞེས་བྱ་བ་ནི་ཁམས་གསུམ་པར་
གཏོགས་པའི་རྣམ་པར་ཤེས་པ་དང་བཅས་པའི་སེམས་ཅན་རྣམས་སོ། །ཡང་ན་ཁྲོ་བོ་ཐམས་ཅད་ནི། །དབེན་པའི་གནས་ནི་ཆེན་པོ་རུ། །སྔགས་པས་འབུམ་དུ་བཟླས་བྱས་ནས། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །ཅེས་བྱ་བ་ནི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བཟླས་པ་མང་
དུ་བྱས་པས་ལྷས་རྗེས་སུ་གནང་བའི་སྒོ་ནས་བཟླས་པ་འབུམ་བྱས་པ་ནི་དགུག་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལུས་ཅན་ཀུན་གྱིས་གྲུབ་བྱའི་ཕྱིར། །གྲངས་ཀྱི་ངེས་པ་རབ་ཏུ་བཤད། །ཅེས་འབྱུང་བའི་ཕྱིར་རོ། །དྲག་པོའི་ལས་ཀྱི་ཡུལ་བསྟན་པའི་ཕྱིར། སློབ་དཔོན་
སྨོད་པ་ལྷུར་ལེན་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གོ་སླའོ། །འདི་ཡིས་བྱང་ཆུབ་མཆོག་དང་ནི། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ལས་ཀྱི་ཚོགས་སྣ་ཚོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་
རྗེ་དག་པའི་སེམས་ཀྱིས་ནི། །བསད་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས་ནི། སངས་རྒྱས་ཐམས་ཅད་གསོད་པའི་སྒོ་ནས་སྡིག་པ་འཕེལ་བར་བྱས་ཏེ་གསད་པར་བྱའོ། །དེ་ཇི་ལྟར་བྱ་ཞེ་ན། ཁྲག་དང་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ། །ཞེས་བྱ་བ་ནི་འཕགས་པ་དབྱིག་པ་སྔོན་པོ་ཅན་ནམ་གཞན་དུ་སྟེ། ཁྲོ་བོ་ཐམས་ཅད་ནི་དྲག་པོའི་ལས་རབ་ཏུ་སྒྲུབ་པར་བྱེད་པ་ཉིད་དང་། ལས་ཐམས་ཅད་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །བརྒྱ་རྩ་བརྒྱད་ནི་རྫོགས་པ་ཡིན། །
เล่ม ๔๑ · หน้า 249a
ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། སྔ་མ་བཞིན་དུ་ཐམས་ཅད་བྱས་ཤིང་ཇི་ལྟ་བ་བཞིན་འཕགས་པ་དབྱིག་པ་སྔོན་པོ་ཅན་ལ་སོགས་པའི་རྣལ་འབྱོར་དང་ལྡན་པ་གོས་མེད་ཅིང་སྐྲ་བཤིག་པ་ཁྲོ་བོའི་སྤྲིན་གྱི་ཚོགས་འཕྲོ་བ་ཁྲག་ལ་སོགས་པས་གཤེར་བའི་
གོས་གྱོན་ཞིང་ཁྲོས་པར་གྱུར་པས་སྔར་བཤད་པའི་ཆོ་ག་བཞིན་དུ་ཇི་སྐད་བཤད་པའི་སཱ་དྷྱའི་གཟུགས་ལ་བཅུག་སྟེ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་འབར་བས་མཚན་པའི་རྐང་པས་མནན་ལ་བརྒྱ་རྩ་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །སྦྱོར་བ་འདིས་མཐུ་ཕུལ་དུ་བྱུང་བ་
བསྟན་པར་བྱ་བའི་ཕྱིར་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནམ་མཁའི་དབྱིངས་ཡོངས་སུ་གང་བའི་སེམས་ཅན་གྱི་ཁམས་ཀྱང་འཇིགས་པར་འགྱུར་རོ། །དྲག་པོའི་ལས་བསྒྲུབ་པའི་གནས་ནི། མ་མོའི་གནས་སམ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་
ནི་ཤེས་པར་ཟད་དོ། །མི་རུས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་ར་ཛི་ཀ་དང་དུག་དང་ལན་ཚྭ་དང་འབྲུ་མར་རྣམས་ཀྱིས་དུར་ཁྲོད་ཀྱི་གོས་ལ་ཁྲོ་བོའི་རྡོ་རྗེ་དང་དེའི་ལྟེ་བར་སྔགས་དང་རྣམ་པར་སྤེལ་བའི་བསྒྲུབ་བྱའི་མིང་བྲིས་ལ།
རོ་བསྲེགས་པའི་ས་དང་ཆུ་བོའི་འགྲམ་གཉིས་ཀྱི་ས་དང་། ཏོ་ཤ་དང་བསྒྲུབ་བྱའི་པཱ་ད་པཾ་བཤང་གཅི་དང་སྦྲུས་པ་ལས་བྱས་པའི་གཟུགས་བརྙན་དང་སྙིང་གར་བཅུག་སྟེ། བསྲུང་བ་དང་བྲལ་བར་བྱས་ལ། བཀུག་སྟེ་ཨ་རའི་སྒོར་བཞག་ལ། །སོར་བརྒྱད་པའི་ཚད་དང་ལྡན་པའི་མིའི་རུས་
པའི་ཕུར་བུ་ལ་བརྒྱ་རྩ་བརྒྱད་བཟླས་པས་སྔགས་བརྗོད་ཅིང་ཕུར་བུས་བཏབ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཀྱི་སངས་རྒྱས་དང་འདྲ་བ་ཡང་ཟླ་ཕྱེད་ཚུན་ཆད་ཁོ་ནས་གནས་དང་བྲལ་བའམ་འཆི་བར་འགྱུར་རོ། །འབད་པ་ཡིས་ནི་གསད་པར་བྱ། །ཞེས་བྱ་བའི་མདོའི་དོན་
བསྟན་ནས། ད་ནི་ཡང་གནས་ནས་བསྐྱོད་པར་བྱ་ཞེས་བྱ་བའི་མདོའི་དོན། ཡང་ན་ཐོད་པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། གང་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་ཞེས་བྱ་བ་ནི་བུད་མེད་དང་མ་ནིང་བསྐྲད་པ་ལ་རང་དང་རྗེས་
เล่ม ๔๑ · หน้า 249b
སུ་མཐུན་པར་རོ། །དེར་ནི་སྔགས་ཀྱི་ཚིག་བྲིས་ཏེ། །ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། འཕགས་པ་བདུད་རྩིའི་རྣལ་འབྱོར་རམ། ཡང་ན་ཁྲོ་བོ་གཞན་གྱི་རྣལ་འབྱོར་གྱིས་ཇི་སྐད་བཤད་པའི་ཐོད་པ་ལ་བ་བླ་དང་སོལ་བ་དང་ཨ་རིཥྚའི་ལོ་མའི་ཁུ་བ་དང་། རྐང་པ་གཡོན་པའི་
སྲིན་ལག་གི་ཁྲག་རྣམས་ཀྱིས་རལ་གྲིས་མཚན་པའི་རླུང་གི་དཀྱིལ་འཁོར་དང་དེའི་སྟེང་དུ་བསྒྲུབ་བྱའི་གཟུགས་བརྙན་བྲིས་ལ། དེའི་སྙིང་གར་དེའི་མིང་རང་གི་རིག་མ་རལ་པ་གཅིག་མ་ལ་སོགས་པ་ཨ་ན་ཏ་མའི་སྔགས་དང་རྣམ་པར་སྤེལ་བ་བྲིས་ཏེ་དགུག་པ་སྔོན་དུ་འགྲོ་བ་ཅན་གྱིས་བརྒྱ་རྩ་
བརྒྱད་མངོན་པར་བཟླས་པ། རྡོ་རྗེའི་ཚིག་གིས་སྔགས་ཟློས་ཤིང་དགྲ་བོའི་སྒོ་རུ་སྦས་ན་སྐྲོད་པར་འགྱུར་རོ། །ཏ་ལའི་ལོ་མ་ཞེས་བྱ་བ་ལ་སོགས་པ་ལ། ཏ་ལའི་ལོ་མ་ལ་སོགས་པ་རྣམས་ལ་བཤད་མ་ཐག་པའི་རྫས་རྣམས་ཀྱིས་བསྒྲུབ་བྱའི་མིང་དང་རྣམ་པར་སྤེལ་བའི་སྔགས་བྲིས་ཏེ་བརྒྱ་རྩ་
བརྒྱད་མངོན་པར་བཟླས་པ་སྒོ་དང་ཁང་ཐོག་ལ་སོགས་པ་གང་ཡང་རུང་བར་སྦས་ན་དེ་འགྲུབ་པར་འགྱུར་རོ། །གཞན་ནི་བཤད་ཟིན་ཏོ། །ད་ནི་ཕུར་བུ་རྩེ་གསུམ་གྱི་མངོན་སྤྱོད། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ངེས་པར་འཆིང་
བ་ནི་ཕུར་བུ་གདབ་པའི་སྔགས་ཏེ། སྐུ་རྡོ་རྗེ་ལ་སོགས་པར་དམིགས་པའི་སྒོ་ནས་རྡོ་རྗེ་གསུམ་ཕུར་བུས་འདེབས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་རྫུ་འཕྲུལ་ཆེན་པོ་ཀུན། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་
རྣམས་སོ། །རྒྱལ་ཞིང་ཞེས་བྱ་བ་ལ་སོགས་པས་ནི་དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་དང་རྗེས་སུ་མཐུན་པར་བསྟན་ནས་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པར་གྱུར་པ་བསྟན་ཏོ། །རྡོ་རྗེ་སྐུ་གསུམ་འཇིག་པར་བྱེད། །ཅེས་བྱ་བས་ནི་འདི་སྐད་དུ་བསྟན་པ་
ཡིན་ཏེ། ཇི་ལྟ་བ་བཞིན་དུ་བཟླས་པ་འབུམ་བྱས་པས་སྔར་བཤད་པའི་རྫས་རྣམས་ཀྱིས་དུར་ཁྲོད་ཀྱི་གོས་ལ་འཁོར་ལོ་འབར་བའི་ལྟེ་བ་ལ་རྣམ་པར་སྣང་མཛད་སྐུ་མདོག་སྔོན་པོ་ཁྲོ་བ་པདྨ་ཁ་མ་བྱེ་བ་ལྟ་བུའི་རྩེ་མོའི་གཟུགས་ཅན་བྲིས་ལ་ཡི་གེ་ཨོཾ་གྱིས་བསྐྱེད་དེ་སྤྱན་དྲངས་ལ་མིའི་རུས་པའི་ཕུར་བུ་
เล่ม ๔๑ · หน้า 250a
སོར་བརྒྱད་པའི་ཁོང་སྟོང་དུ་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བ་ཅན་གྱིས། སརྦ་དུཥྚཱཾ། སརྦ་པཱ་པཾ། ཞེས་བྱ་བའི་ཚིག་གཉིས་ཕྱུང་ལ་དེར་བསྒྲུབ་བྱའི་མིང་ཆེ་གེ་མོ་ཞེས་བྱ་བ་བཅུག་སྟེ། ཀཱ་ཡ་ཝཱཀ་ཙིཏྟ་ཏཾ་ཞེས་བྱ་བ་དེར་ཡང་ཆེ་གེ་མོའི་ཞེས་བྱ་བ་དང་རྣམ་
པར་སྤེལ་ལ་སྔགས་བརྗོད་ཅིང་ཏཾ་མགོ་བོ་ནས་བརྩམས་ཏེ་རྐང་པ་ལ་ཐུག་པར་ཕུར་བུས་བཏབ་ན་རྡོ་རྗེ་སྐུ་གསུམ་འཇིག་པར་འགྱུར་རོ། །དེ་བཞིན་དུ་སེང་ལྡིང་གི་ཕུར་བུ་སོར་བརྒྱད་པའི་ཁོང་སྟོང་དུ་མངོན་སྤྱོད་ཀྱི་ཆོ་ག་ལས་བཤད་པའི་དེ་ཁོ་ན་བཞིན་དུ་པདྨའི་ལྟེ་བ་ལ་སྨད་རྩེ་མོའི་གཟུགས་ཅན་
གྱི་གསུང་རྡོ་རྗེ་བྲིས་ལ་བཅུག་སྟེ། དེའི་རྣལ་འབྱོར་ཉིད་ཀྱིས་འདས་མ་ཐག་པ་བཞིན་དུ་ཕུར་བུས་གདབ་པར་བྱའོ། །དེ་ནས་བཙས་པའི་གོས་ལ་རྡོ་རྗེ་འབར་བའི་ལྟེ་བ་ལ་ཐུགས་རྡོ་རྗེ་ཀུན་དུ་ཁྲོ་ཤིང་སྨད་རྩེ་མོའི་གཟུགས་ཅན་བྲིས་ལ། ལྕགས་ལས་བྱས་པའི་ཕུར་བ་ཁོང་སྟོང་དུ་བཅུག་སྟེ། དེའི་
རྣལ་འབྱོར་གྱིས་དེ་ཁོ་ན་བཞིན་དུ་ཕུར་བུས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་མན་ངག་བྲི་བར་བྱ་སྟེ། མིའི་ཨསྠིའི་ཕུར་བུ་ལི་ལན་བརྒྱ་རྩ་བརྒྱད་བཟླས་པས་སཱ་དྷྱའི་གཟུགས་ཀྱི་མགོ་ལ་ཕུར་བུས་བཏབ་ན་གླད་གཟེར་གྱིས་ཐེབས་པར་འགྱུར་རོ། །དེ་ཉིད་སེང་ལྡིང་གི་ཕུར་བུས་བཏབ་
ལ་གསུམ་ཁ་སྦྱར་བར་བྱ་སྟེ། དུར་ཁྲོད་ལ་སོགས་པའི་མེ་ལ་གདུངས་ན་རིམས་ནད་ཚ་བ་ཆེན་པོས་ཐེབས་པར་འགྱུར་རོ། །དེ་ཉིད་ལྕགས་ལས་བྱས་པའི་ཕུར་བུས་བཏབ་སྟེ། མེ་དེ་ཉིད་དུ་བཅུག་ན་སྐད་ཅིག་དེ་ཉིད་ལ་འཆི་བར་འགྱུར་རོ། །སྦྱོར་བ་དེ་ཉིད་བསྟན་པའི་ཕྱིར། །རྡོ་རྗེ་སེམས་དཔར་
མཉམ་གཞག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུར་བུ་དཀར་པོ་དང་དམར་པོ་དང་སྔོན་པོ་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་ཉེ་བར་མཚོན་པའི་ཕྱིར་བཅོམ་ལྡན་འདས་ཐུགས་རྡོ་རྗེ་འདི་ནི་ལྕགས་ལས་བྱས་པའི་ཕུར་བུ་ལ་སྦྱར་བར་བྱའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། མིའི་
རུས་པའི་ཕུར་བུ་ལ་ནི་རིན་པོ་ཆེའི་ནང་ན་གནས་པའི་དཀོན་མཆོག་དཔལ་སྐུ་མདོག་སྔོན་པོ་འབར་ཞིང་ཁྲོ་བ་བྲིས་པ་དང་། དེ་བཞིན་དུ་ལྕགས་ཀྱི་ལ་ནི་རལ་གྲི་ལ་གནས་པའི་དོན་ཡོད་པར་གྲུབ་པ་བཅུག་སྟེ། དེ་དག་ལས་གང་ཡང་རུང་བའི་མངོན་སྤྱོད་ལས་བཤད་པའི་སྦྱོར་བས་སྔ་མ་བཞིན་དུ་ཕུར་
เล่ม ๔๑ · หน้า 250b
བུས་གདབ་པར་བྱའོ། །དེ་ལྟར་རིགས་གསུམ་གྱི་ཕུར་བུ་རྣམས་ལ་རིགས་ལྔ་རྣམ་པར་གཞག་པར་ཤེས་པར་བྱས་ནས། རང་གི་སེམས་ཀྱི་ནང་དུ་བྲིས་པའི་རང་གི་རིགས་ཀྱི་ལྷ་ཁྲོ་ཞིང་སྨད་རྩེ་མོའི་གཟུགས་ཅན་རང་གི་རིགས་ཀྱི་ཕུར་བུ་ལ་བཅུག་ལ། སྔ་མ་བཞིན་དུ་མངོན་སྤྱོད་ཀྱི་ཆོ་ག་ལས་
བཤད་པའི་སྦྱོར་བ་ཉིད་ཀྱིས་སྤྱན་དྲངས་ཏེ། མེ་ཏོག་སྔོན་པོ་རྣམས་ཀྱིས་མངོན་པར་མཆོད་ལ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་སྔ་མ་བཞིན་དུ་གཟུགས་བརྙན་ལ་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་པའི་ཕྱིར། གཤིན་རྗེ་གཤེད་ཀྱི་རྒྱ་ཆེན་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
རྡོ་རྗེ་བདུད་རྩི་འཁྱིལ་པ་ཡིས། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་ཕུར་བུའི་ནང་ན་གནས་པ་དང་དེའི་རྣལ་འབྱོར་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་དང་འདྲ་བའོ། །བསྲུང་བ་དང་བྲལ་ཞིང་ཁ་སྦྱོར་ཕྱེ་བའི་བྲི་བའི་ཕུར་བུའི་མཚན་ཉིད་གསལ་བར་བྱ་བ་ཉིད་ཀྱི་ཕྱིར་སྙིང་ག་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་ག་ནས་བརྩམས་ཏེ་རྐང་པ་ལ་ཐུག་པ་ནི་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་རོ། །སྟོང་ནི་དམ་ཚིག་དེ་ཉིད་བྱ། །ཞེས་བྱ་བ་ནི་ལྷ་གང་ཡང་རུང་བའི་གཟུགས་ཏེ། འོན་ཀྱང་མངོན་སྤྱོད་ཀྱི་ཆོ་ག་ལ་ནི་སྔོན་པོ་དང་ལྡན་པའོ། །ད་ནི་གང་གི་ཚེ་ཇི་སྐད་བཤད་པའི་བསྒྲུབ་
པའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཉམས་སུ་བླངས་པའི་སྔགས་པས་དངོས་གྲུབ་མ་ཐོབ་པ་དེའི་ཚེ་ལྷ་རྣམས་ཕུར་བུས་བཏབ་ནས་བསྒྲུབ་པར་བྱ་བ་ཡིན་པས་དེའི་ཕྱིར། བསམ་གཏན་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། བསམ་གཏན་ནི་རང་གི་ལྷའི་ང་རྒྱལ་གྱིས་བཤད་མ་ཐག་པའི་ཕུར་བུའི་གཟུགས་
ཅན་གྱི་ལྷ་བསྒོམ་པ་དང་། བསྒྲུབ་བྱའི་ལྷའི་གཟུགས་བརྙན་རང་གི་ས་བོན་ལས་བྱུང་བ་བསྒོམ་པའོ། །རྡོ་རྗེ་ནི་རང་གི་གསང་བའི་རྡོ་རྗེའོ། །སྦྱོར་བ་ནི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་སྟེ་དེས་སོ། །སངས་རྒྱས་རྣམས་ནི་རྣམ་པར་སྣང་མཛད་དོ། །ངེས་པར་འདེབས་ཞེས་བྱ་བ་ནི་འཆད་
པར་འགྱུར་བའི་ཚུལ་དུའོ། །གང་གི་ཚེ་རྡོ་རྗེ་འཆང་ཆེན་པོ་ཀུན་དུ་ཕུར་བུས་བཏབ་ཀྱང་དངོས་གྲུབ་མི་སྟེར་བ་དེའི་ཚེ་རང་གིས་བཤད་པའི་དམ་ཚིག་ལས་འདས་པས་འཆི་བར་འགྱུར་རོ། །ཕུར་བུས་གདབ་པའི་བསྒྲུབ་པ་ཉིད་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
เล่ม ๔๑ · หน้า 251a
སྐུ་ནི་རྣམ་པར་སྣང་མཛད་དོ། །དེའི་རྣམ་པར་འཕྲུལ་པ་ནི་སྐུ་རྣམ་པར་འཕྲུལ་པ་སྟེ། སྔགས་ལ་སོགས་པའི་བདག་ཉིད་ཡིན་ཞིང་། དེ་ཉིད་མི་ཕྱེད་པ་སྟེ་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུའི་དམ་ཚིག་ནི་རྣམ་པར་སྣང་མཛད་ཡིན་ཞིང་སྔགས་གང་གིས་
དེའི་ཚོམ་ངམ་སྟེ། རྣལ་འབྱོར་གྱི་དེ་ཉིད་ཕུར་བུར་འདེབས་པ་སྟེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་བཅིང་མི་བྱ། །ཞེས་འདི་ལས་བཤད་པའི་ཕྱིར། འདི་ནི་བསྒྲུབ་པ་མཆོག་ཡིན་པས་དེའི་ཕྱིར། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །
ཞེས་བྱ་བ་གསུངས་ཏེ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས་འཕགས་མ་སངས་རྒྱས་སྤྱན་དུ་རྣམ་པར་བསྒོམ་པའི་བཙོ་བླག་མཁན་གྱི་བུ་མོ་དང་ལྷན་ཅིག་ཕན་ཚུན་འཁྱུད་པ་ལ་སོགས་པའོ། །མཐེ་བོ་ཞེས་བྱ་བ་ནི་རང་གི་གསང་བའི་རྡོ་རྗེ་འབར་བའོ། །གཞི་ནི་བདེན་པ་ཆེན་པོའི་
གནས་ཆོས་འབྱུང་ཞེས་བྱ་བ་སྟེ། དེ་དག་ཡང་དག་པར་སྦྱོར་བ་ནི་མཐེ་བོ་བཞི་ནི་རབ་ཏུ་བསྡམས་པའོ། །རྡོ་རྗེའི་ཕུར་བུས་ངེས་པར་གདབ། །ཅེས་བྱ་བས་ནི་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རང་གི་རིག་མ་དང་ཡང་དག་པར་ལྡན་པའི་རྣམ་པར་སྣང་མཛད་སྔོན་པོ་ཁྲོ་ཞིང་འབར་བའི་རྣལ་འབྱོར་
དང་ལྡན་པས་རང་གི་རིག་མའི་པདྨ་ལ་གནས་པའི་མེའི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་དམ་ཚིག་ལས་འདས་པའི་འཇིགས་པས་མྱོས་པ་དམིགས་ལ། རང་གི་གསང་བ་རྡོ་རྗེ་འབར་བ་ལས་སྔར་བཤད་པའི་ཕུར་བུའི་གཟུགས་ཅན་གྱི་རྣམ་པར་སྣང་མཛད་ཕྱུང་
སྟེ། སྔགས་བརྗོད་ཅིང་དེས་མགོ་ལ་བརྒྱབ་སྟེ་རྐང་པའི་བར་དུ་ཕུར་བུས་གདབ་པར་བྱའོ། །དེ་ལྟར་བཏབ་པ་ཙམ་གྱི་རྗེས་ཐོགས་ཉིད་ལ་རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ལྡང་བར་འགྱུར་ཞེས་བྱ་བ་མངོན་སུམ་དུ་གྱུར་ནས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ནི་
བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་དབང་ཕྱུག་གསུམ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ། །དེ་ནི་རྣམ་པར་འཕྲུལ་པ་ནི་འདས་མ་ཐག་པ་བཞིན་ནོ། །དེ་ཉིད་མི་ཕྱེད་པ་སྟེ། གང་ལ་དེ་ལ་དམིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་བཤད་ཟིན་ཏོ། །འདི་
เล่ม ๔๑ · หน้า 251b
ནི་ཡེ་ཤེས་པདྨོ་ཡང་ཡིན་ལ་ཁ་བྱེ་བ་ཡང་ཡིན་པས་ནི་ཡེ་ཤེས་པདྨོ་ཁ་བྱེ་བ་སྟེ་འགྲོ་བ་མ་ལུས་པའི་ཡིད་སིམ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་འཕགས་མ་གོས་དཀར་མོར་རྣམ་པར་བསྒོམས་པའི་གར་མཁན་གྱི་བུ་མོའི་བྷ་ག་སྟེ་དེར་རོ། །རྡོ་རྗེ་ཉིད་སེར་མོ་ཡིན་པས་ན་རྡོ་རྗེ་སེར་མོ་སྟེ། དེ་ངེས་
པར་གཞག་པ་ནི་ཇི་སྐད་བཤད་པའི་པདྨར་གཞུག་པའོ། །གཞན་ནི་རྣམ་པར་སྣང་མཛད་དང་འདྲ་སྟེ། འོན་ཀྱང་བསྒྲུབ་བྱ་འོད་དཔག་ཏུ་མེད་པ་ནི་སྐུ་མདོག་དམར་པོ། དེ་བཞིན་བསྒྲུབ་བྱ་གཞན་རྣམས་ཀྱང་གཉུག་མའི་སྐུ་མདོག་དང་ལྡན་ཞིང་འཇིགས་པས་མྱོས་པ་དང་དངོས་གྲུབ་སྟེར་བ་
ལ་མངོན་དུ་ཕྱོགས་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ནི་མི་བསྐྱོད་པ་སྟེ། དེའི་རྣམ་པར་འཕྲུལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །རྩེ་མོ་ལྔ་པར་ཞེས་བྱ་བ་ནི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་རང་གི་གསང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བའོ། །
བཅིངས་པ་ནི་འཕགས་མ་མཱ་མ་ཀཱིའི་པདྨ་ཉིད་དོ། །དེའི་ནང་ན་གནས་པའི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའི་བསྒྲུབ་བྱ་མི་བསྐྱོད་པ་བཞུགས་པའི་རྡོ་རྗེས་མནན་པ་ནི་རྡོ་རྗེ་ཐུགས་ཀྱི་ཚུལ་མནན་པའོ། །སྐུ་དང་གསུང་དང་རྡོ་རྗེའི་ཚུལ་མནན་པ་ཡང་དེ་དང་འདྲ་བ་ཡིན་ནོ། །རྡོ་རྗེ་ཕུར་བུས་
ངེས་པར་གདབ། །ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ནི། རྣམ་པར་སྣང་མཛད་བཞིན་ནོ། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ཏེ། །ཞེས་བྱ་བ་འཆད་པར་འགྱུར་བ་ལས་བསྟན་པའི་ཕྱིར། རིག་མ་དང་བཅས་ཤིང་ཀུན་དུ་སྔོ་བ་ཁྲོ་ཞིང་འབར་
བའི་ལྷ་དང་ཕུར་བུ་བསྒོམ་པ་དག་གིས་ཇི་སྐད་བཤད་པའི་དཀོན་མཆོག་དཔལ་ལ་སོགས་པ་བསྒྲུབ་བྱའི་ལྷ་ཐམས་ཅད་ལ་ཕུར་བུས་གདབ་པའི་བསྒྲུབ་པ་ཤེས་པར་བྱའོ། །བཤད་མ་ཐག་པའི་ཡང་དག་པའི་ཆོ་ག་དང་ལྡན་པའི་སྔགས་ཀྱི་སྒོ་ནས་མི་ཕྱེད་པའི་ཕུར་བུ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །
དེ་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཉན་ཐོས་ལ་སོགས་པ་རྣམས་ལ་བསྟན་པར་མི་བྱ་བ་ཉིད་ཡིན་པའི་ཕྱིར་ན་གསང་བའོ། །འདིས་ཞི་བ་ལ་སོགས་པའི་ལས་སྤྲོས་པའི་ཚོགས་ཀྱི་དོན་སྟོན་ཅིང་ཁོང་དུ་ཆུད་པར་བྱེད་པས་ན་ཚིག་
เล่ม ๔๑ · หน้า 252a
ཡིན་ཞིང་། འདི་ནི་གསང་བ་ཡང་ཡིན་ལ་ཚིག་ཀྱང་ཡིན་པས་ན་གསང་བའི་ཚིག་སྟེ་དེ་ཉིད་མཆོག་ཡིན་ནོ། །སྐུ་རྡོ་རྗེ་ཕུར་བུས་གདབ་པའི་སྒོ་ནས་དེའི་གོ་འཕང་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྙིང་པོ་ཀུན་བཏུས་པའོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་
པ་དག་ལ་ཡང་སྦྱར་བར་བྱའོ། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང་། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་བྱ་བ་ནི་ལུས་ལ་སོགས་པའི་བདག་ཉིད་ཅན་གྱི་སེམས་ཅན་ཡུལ་རྣམས་ཏེ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་དེ་ཉིད་ཀྱིས་སྐུ་རྡོ་རྗེ་
ལ་སོགས་པ་རྣམས་བསྡུས་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །བདེ་བ་ཆེན་པོ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དེ་ཉིད་ལས་བྱུང་བའོ། །མི་ཕྱེད་པའི་སྐུ་ལ་སོགས་པ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྐུ་གསུང་ཐུགས་ནི་མཆོག་སྟེར་བའོ། །སླུ་བ་མེད་པའི་
གནས་མདོར་བསྡུས་པ་འཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྔགས་ཀྱི་དེ་ཉིད་བསྡུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྨད་དུ་བྱུང་བ་སྟེ་ངོ་མཚར་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་སྔགས་ཏེ་ལྷ་རྣམས་འགུགས་པ་ནི་རྣལ་འབྱོར་གྱིས་འདུལ་
བའི་སེམས་ཅན་གྱི་རྒྱུད་དེའི་བདག་ཉིད་དུ་བྱ་བ་དང་། འཕགས་མ་སྤྱན་ལ་སོགས་པ་དགུག་པའོ། །དེས་རྣམ་པར་འཕྲུལ་པའི་རྣམ་པར་རོལ་པ་ཡིན་ཞིང་། དེ་ཉིད་ཀྱིས་གསལ་ཞིང་རྒྱལ་བས་ན་སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་འགུགས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་
བྱ་བའི་ཏིང་ངེ་འཛིན་ཏོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་བྱང་ཆུབ་ཀྱི་སེམས་ཀྱི་གོས་ལེན་པར་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་ལེའུའོ། །ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།འདི་ལས་བཤད་པའི་རྨི་ལམ་ལ་སོགས་པའི་མཚན་མ་ཐོབ་ཅིང་སྒོམ་པ་ལྷུར་ལེན་པ་རྣམས་ཀྱིས་
རིགས་ཀྱི་བྱེ་བྲག་དང་བུ་མོའི་རིགས་ན་ཚོད་ཀྱི་རྣམ་པར་དབྱེ་བ་དང་རྨི་ལམ་དུ་ལྷག་པར་དམིགས་པའི་སྒོ་ནས་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱ་བ་ཡིན་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོའི་རྡོ་རྗེ་འབྱུང་བའི་ལེའུ། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མི་བསྐྱོད་
เล่ม ๔๑ · หน้า 252b
པའི་རང་བཞིན་གྱི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་མཛེས་པ་ན་རྒྱལ་པོའོ། །རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པས་ན་ཐམས་ཅད་ནམ་མཁའོ། །འོད་དཔག་ཏུ་མེད་པའི་རྣམ་པའི་སོ་སོར་རྟོག་པའི་
ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་མི་འགྱུར་བས་ན་མི་འགྱུར་ཆེའོ། །དཀོན་མཆོག་དཔལ་གྱི་མཚན་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མངོན་པར་འབྲེལ་པའི་སྒོ་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་འཁྲུད་པར་མཛད་པས་ན་ཐམས་ཅད་དབང་བསྐུར་རོ། །དོན་ཡོད་པའི་རྣམ་པའི་
བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་འགྲོ་བ་མ་ལུས་པའི་བྱ་བ་ཡོངས་སུ་མཁྱེན་པས་ན་ཀུན་མཁྱེན་ནོ། །ཚིག་དེ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་བསྡུས་པའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་བསྟན་ཏེ། དེས་བཀའ་སྩལ་པའོ། །སྨེ་ཤ་ཅན་ནི་ཞེས་བྱ་བ་ལ་སོགས་པ་ལ།
རིག་པའི་བརྟུལ་ཞུགས་ཇི་ལྟ་བ་བཞིན་དུ་སྤྱད་པའི་རྣལ་འབྱོར་པ་རང་གི་དཀྱིལ་འཁོར་ན་གནས་པས་སྨེ་ཤ་ཅན་གྱི་བུ་མོ་ལོ་བཅུ་གཉིས་ལོན་པ་དང་ལྷན་ཅིག་བསྒྲུབ་པར་བྱའོ། །དབེན་པའི་གནས་སུ་ཞེས་བྱ་བ་ནི་དགོན་པ་ཆེན་པོ་ལ་སོགས་པར་རོ། །བཤད་པའི་དམ་ཚིག་ལ་སོགས་
པས་ཞེས་བྱ་བས་ནི་ཇི་སྐད་བཤད་པའི་བདུད་རྩི་ལྔས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི། འཕགས་པ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པ་སྟེ། ཐུགས་ཀྱི་དཀྱིལ་འཁོར་གྱི་རྟེན་བསྒོམས་ནས་དེའི་དབུས་སུ་དཀྱིལ་འཁོར་གྲུ་བཞི་བྱའོ། །ཐམས་ཅད་ཡོངས་སུ་དག་ཅེས་བྱ་བ་ལ་
སོགས་པས་ནི་མཐོང་བ་ལ་སོགས་པ་རྣམས་ཀྱི་སྒོ་ནས་སེམས་དགའ་བར་བྱེད་པས་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །པང་པར་བཞག་ནས་རྣམ་པར་བསྒོམ། །ཞེས་བྱ་བ་ནི་འདི་སྐད་དུ་ཇི་སྐད་བཤད་པའི་གནས་སུ་བསྲུང་བའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་ཁྲོ་བོ་འཕགས་པ་བདུད་རྩི་ཞེས་
བྱ་བའི་རྣལ་འབྱོར་གྱིས་བཙུན་མོའི་ནམ་མཁའི་དབྱིངས་སུ་རྣམ་པར་དག་པའི་བདུད་རྩི་ལྔས་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་གྱི་དཀྱིལ་འཁོར་གྲུ་བཞི་བྱས་ལ། དེའི་དབུས་སུ་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སེམས་ཅན་ཐམས་ཅད་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་
เล่ม ๔๑ · หน้า 253a
པ་སྔོན་དུ་འགྲོ་བ་ཅན་གྱིས་མི་བསྐྱོད་པའི་རྣལ་འབྱོར་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་ཐུག་པ་བྱས་ལ། ཇི་སྐད་བཤད་པའི་བུ་མོ་ཇི་ལྟ་བ་བཞིན་དུ་མཱ་མ་ཀཱིར་རྣམ་པར་བསྒོམས་པ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་ལས་ལ་གནས་པས་བྱང་ཆུབ་ཀྱི་སེམས་ཕྱུང་
སྟེ། དེ་ཁོ་ན་བཞིན་དུ་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་ལ། དེ་ལས་རང་གི་སྙིང་པོས་བསྐྱེད་པའི་ལྷའི་འཁོར་ལོ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་དགོད་ཅིང་དམ་ཚིག་བཞིས་རྒྱས་བཏབ་ལ་ཡེ་ཤེས་ཀྱི་འཁོར་
ལོའི་ཏིང་ངེ་འཛིན་སྔོན་དུ་འགྲོ་བ་ཅན་གྱིས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀུན་དུ་མཆོད་ནས་ཇི་སྲིད་དུ་ཇི་སྐད་བཤད་པའི་དངོས་གྲུབ་གྲུབ་པ་དེ་སྲིད་དུ་ཉིན་དང་མཚན་དུ་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པས་
ནི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམ་པ་བསྟན་ཏོ། དེ་ཇི་ལྟ་ཞེ་ན། བསམ་གཏན་ཞེས་བྱ་བ་གསུངས་ཏེ། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་གྱིས་རྣམ་པར་སྣང་མཛད་དབྱུང་བ་དང་གཞུག་པའི་སྒོ་ནས་ཡོངས་སུ་གྱུར་པ་བདག་ཉིད་རྣམ་
པར་སྣང་མཛད་དུ་བསྒོམ་པས་སྦྱོར་བ་ནི་བསམ་གཏན་གྱི་སྔགས་ཀྱི་སྦྱོར་བ་སྟེ། དེས་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བས་ནི་བཤད་མ་ཐག་པའི་མི་བསྐྱོད་པའི་སྦྱོར་བས་སོ། །ཨུཏྤལ་མཐིང་གའི་མདོག་འདྲ་བ། །ཞེས་བྱ་བ་ནི་
བཤད་མ་ཐག་པའི་སྨེ་ཤ་ཅན་གྱི་བུ་མོའོ། །གལ་ཏེ་ཇི་ལས་དེ་ལྟར་ཤེས་ཤེ་ན། མན་ངག་དང་གཞུང་འཁྲུགས་པ་ཉིད་ལས་ཏེ། འདིར་བཤད་པའི་བཙོ་བླག་མཁན་གྱི་བུ་མོ་མདོག་དཀར་པོ། ཇི་ལྟར་ཐུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ན་ཚོད་དང་ལྡན་པ། མན་ངག་གིས་སྐུའི་དཀྱིལ་
འཁོར་ལ་སྦྱར་བ་དེ་བཞིན་དུ། འདིར་བཤད་པའི་ཨུཏྤ་ལ་མཐིང་གའི་མདོག་འདྲ་བའི་སྨེ་ཤ་ཅན་གྱི་བུ་མོ་ལོ་བཅུ་གཉིས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སྦྱར་བར་བྱའོ། །བུ་མོ་རྟག་ཏུ་བསྒྲུབ་ཅེས་བྱ་བ་ནི་བཤད་མ་ཐག་པའི་འཕགས་མ་སངས་རྒྱས་སྤྱན་དུ་རྣམ་པར་བསྒོམས་པ་རིགས་ལྔ་དང་བསྲེ་
เล่ม ๔๑ · หน้า 253b
བ་བྱས་ནས་སོ། །ཇི་སྐད་དུ་བཤད་པའི་བུ་མོ་དང་ཡང་དག་པར་ལྡན་པའི་སྣང་མཛད་ཀྱི་རྣལ་འབྱོར་གྱིས་བདག་ཉིད་སྐུ་རྡོ་རྗེར་བསྒོམ་པར་བྱའོ་ཞེས་བྱ་བ་དེ་ཉིད་བསྟན་ཏེ། སྦྱོར་བའི་ཆོ་ག་དེ་ཉིད་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། །ཞེས་བྱ་བ་ནི་ཇི་ལྟར་རང་
གི་སྦྱོར་བས་མི་བསྐྱོད་པ་གྲུབ་པ་དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་ཐམས་ཅད་འཛིན་པར་མཛད་པས་ན་ཆོས་འཛིན་པའོ། །ཇི་སྐད་བཤད་པའི་བུ་མོ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་འོད་དཔག་ཏུ་མེད་པ་བསྒྲུབ་པར་
བྱ་བ་ཡིན་པས་དེའི་ཕྱིར། རྡོ་རྗེ་ཆོས་ནི་རྣམ་བསྒོམས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། བསྒྲུབ་ཅེས་བྱ་བ་ནི་མི་བསྐྱོད་པའི་སྦྱོར་བ་ཉིད་ཀྱིས་བདག་ཉིད་འོད་དཔག་ཏུ་མེད་པར་རོ། །ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་བྱ་བ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་དང་།
སངས་རྒྱས་སྤྱན་ལ་སོགས་པ་བཞི་སྟེ་འབྲས་བུའི་རང་བཞིན་གྱི་ལྷ་མོ་རྣམས་ཁོ་ནས་ས་བཅུ་རུ་བརྗོད་པར་བྱ་སྟེ། སྒེག་མོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པའི་ཚུལ་བཞིན་དུ། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་ས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ཡིན་ནོ་ཞེས་
ཤེས་པར་བྱའོ། །དེ་རྣམས་ཡང་དག་པར་སྦྱོར་བའི་སྒོ་ནས་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པས་ན་ས་བཅུ་ལ་གནས་པ་སྟེ། དེ་ཁོ་ན་ཉིད་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་འདོད་པ་ཆུང་བའི་རྣལ་འབྱོར་པ་ཡང་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་ས་
བཅུའི་དབང་ཕྱུག་ཏུ་འགྱུར་རོ། །གསུང་རྡོ་རྗེའི་དམ་ཚིག་ནི་གསུང་གི་དམ་ཚིག་སྟེ། ཕྱག་རྒྱ་དམ་ཚིག་ཅེས་བྱ་བར་བརྗོད་ཅེས་འབྱུང་བའི་ཕྱིར། དེའི་ཕྱག་རྒྱ་ཆེན་པོ་ཡིན་ཞིང་། དེ་འཛིན་པར་མཛད་པས་ན་གསུང་གི་དམ་ཚིག་འཛིན་པའོ། །ཁམས་གསུམ་པའི་བདེ་བ་ཆེན་པོའི་བདག་
པོ་ཡིན་པའི་ཕྱིར་མངའ་དབང་དམ་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཡིན་པས་ཀུན་གྱི་མཆོག་གོ། །དེ་ལྟར་རིགས་གསུམ་གྱི་བྱེ་བྲག་གིས་དངོས་གྲུབ་བསྒྲུབ་པ་བཤད་ནས། ད་ནི་དེ་བཞིན་གཤེགས་པའི་བྱེ་བྲག་གིས་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེའི་བུ་
เล่ม ๔๑ · หน้า 254a
མོ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་ནི་རྣམ་པར་སྣང་མཛད་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་བུ་མོ་རྣམས་དང་ཡང་དག་པར་སྦྱོར་བའི་སྒོ་ནས། གོ་རིམས་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། འོད་དཔག་
ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་རྣམས་ཀྱིས་དངོས་གྲུབ་སྒྲུབ་པར་ཤེས་པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་སྒོ་ནས་བདག་པོ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དང་ཡང་དག་པར་སྦྱོར་བ་ཉིད་ཀྱི་སྒོ་ནས་བསྒྲུབ་པར་ཤེས་པར་བྱའོ། །དེ་བཞིན་དུ་རིགས་ཀྱི་
བྱེ་བྲག་གི་སྒོ་ནས་ལྷ་ཐམས་ཅད་བསྒྲུབ་པར་རྟོགས་པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ཆོས་ཀྱི་རང་བཞིན་གྱི་བདག་ཉིད་ཡིན་པས་ན་རྡོ་རྗེ་ཆོས་བདག་སྟེ་སྒྲུབ་པ་པོས་སོ། །དེ་ཉིད་ནི་བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་པས་བཤད་དོ། །བསྐྱེད་པའི་རིམ་པ་སྒོམ་པ་པའི་དབང་
དུ་བྱས་ནས། བཤད་མ་ཐག་པའི་བསྒྲུབ་པའི་དུས་ངེས་པ་ནི། རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདུལ་བ་ལ་ཤེས་བཞིན་སྔོན་དུ་འགྲོ་བ་བཞིན་དུ་རྡོ་རྗེ་ཐེག་པ་ཆེན་པོ་ལ་རྡོ་རྗེ་སྔོན་དུ་འགྲོ་བ་ཅན་དུ་བརྗོད་པར་བྱ་བ་ཡིན་པས་ཉི་མ་ཉིད་རྡོ་རྗེ་ཉིད་མ་སྟེ། དེ་ནུབ་པར་གྱུར་ནས་
བསྒོམ་པ་བྱའོ། །སྐྱ་རེངས་ནི་ཉི་མའི་ཤིང་རྟ་ཁྲིད་པ་སྟེ། དེ་འཆར་བའི་དུས་སུ་ཞག་བདུན་ཚུན་ཆད་ཀྱིས་འགྲུབ་པར་འགྱུར་རོ། །རྟག་ཏུ་རྣལ་འབྱོར་ལ་གནས་པ་ལ་ནི་དུས་ངེས་པ་མེད་པས་གཞན་དུ་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀུན་དུ་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་རང་
བཞིན་ཉིད་དང་། མི་ཤེས་པའི་མུན་པ་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར། རང་གི་གསང་བའི་རྡོ་རྗེ་ཉིད་ནི་རྡོ་རྗེ་ཉི་མའོ། །དེ་ནུབ་ནས་ཏེ་བཙུན་མོའི་ནམ་མཁའི་དབྱིངས་སུ་ནུབ་ནས་སོ། །སྐྱ་རེངས་ནི་བྱང་ཆུབ་སེམས་ཏེ་དེ་འཆར་བ་ནི་འབྱུང་བའོ། །དེ་བས་ནི་དེས་ནི་འདི་སྐད་བཤད་པ་ཡིན་
ཏེ། རྟག་ཏུ་ལྷའི་ང་རྒྱལ་དང་ལྡན་ཞིང་རང་གི་རིགས་ཀྱི་བུ་མོ་དང་སྙོམས་པར་ཞུགས་པས་སྤྲོ་བ་ལ་སོགས་པ་མི་བྱ་ཞིང་ཅུང་ཟད་འབར་བའི་བྱང་ཆུབ་ཀྱི་སེམས་མི་དབྱུང་བར་བསྒོམས་ན། བྱང་ཆུབ་ཀྱི་སེམས་དབྱུང་བ་བརྟན་པ་ཉིད་དུ་གྱུར་ནས་གདོན་མི་ཟ་བར་དེའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་
เล่ม ๔๑ · หน้า 254b
བའི་དོན་ཏོ། །རྣལ་འབྱོར་པས་ནི་བྱང་ཆུབ་སེམས། །ཇི་སྲིད་གཏོང་བར་མི་བྱེད་པ། །དེ་སྲིད་རྒྱུན་མི་འཆད་པར་དུ། །དགའ་སྐྱེས་བདེ་བ་དགའ་ཐོབ་འགྱུར། །སྐད་ཅིག་རྣམ་པར་ཡང་དག་བྱུང་། །སྤྲོ་དང་སྡུད་པར་བྱེད་པ་སྟེ། །འདི་ནི་ས་འོག་ས་སྟེང་བླ། །རྒྱུ་དང་མི་རྒྱུ་ཀུན་གསལ་བྱེད། །དེ་
ཡི་རང་བཞིན་རོ་མྱང་བ། །དབང་པོ་ལས་འདས་ཐོབ་པ་ནི། །འདི་དེ་ཞེས་ནི་དེ་བརྗོད་པར། །སངས་རྒྱས་ཀྱིས་ཀྱང་མི་སྤྱོད་དོ། །རྟག་ཅིང་ཁྱབ་བདག་མཆོག་ཞི་བ། །རྒྱུ་དང་དཔེ་རྣམས་སྤངས་པ་སྟེ། །ཡོད་མེད་ལས་ནི་རྣམ་པར་གྲོལ། །གཉིས་མེད་གནས་ནི་དམ་པ་སྟེ། །དངོས་གྲུབ་
ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ནས། །རྣམ་ཤེས་ཕུང་པོ་བརྒྱལ་གྱུར་ན། །སྨད་མིན་དངོས་གྲུབ་ག་ལ་ཡོད། །ཅེས་ཀྱང་གསུངས་སོ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །རྡོ་རྗེ་འཆང་ཆེན་པོའི་མཆོག་སྟེ་གཙོ་
བོའི་འཕགས་མ་ཀུན་དུ་བཟང་མོར་རྣམ་པར་བསྒོམས་པའི་སྨེ་ཤ་ཅན་ལ་སོགས་པའི་བུ་མོ་ནི་རྡོ་རྗེ་སེམས་དཔའ་མཆོག་གོ། །མྱུར་དུ་ཞེས་བྱ་བ་ནི་མགྱོགས་པར་ཏེ་ཞག་བདུན་གྱི་ནང་དུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །པང་པར་བཞག་ནས་རྣམ་
པར་བསྒོམ། །ཞེས་གང་བཤད་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཇི་སྐད་བཤད་པའི་དམ་ཚིག་ཉམས་སུ་བླང་བ་དང་། སྙོམས་པར་འཇུག་པ་བསྒོམས་པས་དགེ་ལེགས་ཀྱི་གོ་འཕང་ཐོབ་པར་འགྱུར་བས་དེའི་
ཕྱིར། བཤང་གཅིའི་དམ་ཚིག་ལ་སོགས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་བསྟེན་པ་དང་དམ་ཚིག་ཉམས་སུ་བླང་བའི་སྒོ་ནས་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ལས་གྲོལ་བ་སྟོན་པར་མཛད་པའི་ཕྱིར་འདོད་པ་དང་ཐར་པའི་དམ་ཚིག་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །
གང་གི་ཚེ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་རང་གི་རིགས་ཀྱི་བུ་མོ་རྣམས་དང་། དེའི་རིགས་ཅན་རྣམས་ལ་ཡང་དང་ཡང་དུ་གསོལ་བ་བཏབ་པས་མ་ཐོབ་པ་དེའི་ཚེ། དེ་རངས་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམ་ཚིག་ཆེན་པོའི་ཁྲོ་བོ་ནི་འཕགས་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด