དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་རཱ་ཛཱ་ཊཱི་ཀ་ཙནྡྲ་པྲ་བྷཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๑ · หน้า 282b

གཞན་གྱི་གཟུགས་སུ་ཡང་རྣམ་པར་བསྒོམ་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཆེན་པོར་གཞུག་པའི་ཕྱིར་ཡི་གེ་ལྔ་པའི་སྔགས་གསུངས་སོ། །འདི་ནི་ཞེས་བྱ་བ་འདི་ནི་བཤད་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བ་ཉིད་

ཡིན་པའི་ཕྱིར་དམ་ཚིག་ཐམས་ཅད་དོ། །སློབ་མ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་འདོད་པའི་ལྷའི་གཟུགས་ཀྱི་བདག་ཉིད་དུ་བྱིན་གྱིས་རློབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ལུས་དང་ངག་དང་སེམས་ཀྱི་སྙིང་པོའོ། །མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །

ཤེས་པ་དང་སྐྱོབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྔགས་སོ། །ལྔའི་བདག་ཉིད་ཅན་གྱི་སློབ་མའི་ལྐོག་མ་དང་མགོ་བོ་དང་ལག་པ་གཡས་པ་དང་གཡོན་པའི་རྩ་བ་དང་སྙིང་ག་རྣམས་སུ། གོ་རིམས་བཞིན་དུ་སེམས་ཀྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་རེ་རེ་རྣམ་པར་བཀོད་ལ། དེ་ཉིད་

བརྗོད་པས་འཇུག་པར་བྱ་ཞིང་སློབ་མ་ཡང་གཞུག་པར་བྱའོ། །དབང་བསྐུར་བའི་དོན་དུ་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཕྱེད་པའི་གོ་འཕང་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །རྒྱུད་གོང་མ་གོང་མ་རྣམས་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །

རྟོག་པའི་ཉེས་པའི་དྲི་མ་མ་ལུས་པ་རྣམ་པ་ཐམས་ཅད་དུ་རབ་ཏུ་འཁྲུད་པར་བྱེད་པའི་ཕྱིར་ཆེན་པོའོ། །སྤྱོད་པ་ལ་སོགས་པའི་ཚུལ་ལ་བརྟེན་པ་རྣམས་ལ་བསྟན་པར་མི་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །མཆོག་ཏུ་དགའ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཡེ་ཤེས་མཆོག་ཏུ་གསང་བའོ། །

དེ་ཉིད་ནི་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐབས་འདིར་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་ཀྱིས་སོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ཉིད་དོ། །རྡོ་རྗེའི་རིགས་ནི་ཡེ་ཤེས་ཀྱི་

རིགས་ཡིན་ཞིང་། དེ་འཛིན་པར་བྱེད་པ་དང་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱང་དེར་སྐྱེད་པར་བྱེད་པས་ན་རྡོ་རྗེའི་རིགས་འཛིན་པ་སྟེ། སློབ་དཔོན་ནོ། །སིལ་སྙན་དྲིའི་སྤྲིན་རྣམས་ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། བདེ་བ་ཆེན་པོ་དབང་བསྐུར་བའི་མཆོད་པའི་ཡོ་བྱད་

เล่ม ๔๑ · หน้า 283a

ཐམས་ཅད་དང་ལྡན་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་དམ་ཚིག་གསུམ་སྔགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། མཐུ་དང་ལྡན་པས་ཡི་གེ་བརྒྱ་རྩ་བརྒྱད་མངོན་པར་བཟླས་པའི་ཉུངས་ཀར་དཀར་པོ་རྣམས་ཀྱིས་དེ་ཉིད་བརྗོད་ཅིང་དཀྱིལ་འཁོར་པའི་ལྷའི་

འཁོར་ལོ་ལ་གདབ་པར་བྱའམ། བདག་ཉིད་དེ་དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་དང་། ནམ་མཁའི་དབྱིངས་ན་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བར་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཕྱག་ན་བསྣམས་པ་རྣམས་ཀྱིས་ཇི་སྐད་

བཤད་པའི་བུམ་པ་རྣམས་ལ་འདེབས་པར་མཛད་པ་སྟེ། ཡི་གེ་གསུམ་གྱིས་བསྐུལ་བའི་དབང་གིས་བདག་ཉིད་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་

སོ། །སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་མཆོག་རྣམས་ཀྱིས་ཞེས་བྱ་བ་ནི། འཕགས་མ་སྤྱན་ལ་སོགས་པ་ལྷ་མོ་རྣམས་ཀྱིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དཀྱིལ་འཁོར་གྱི་བདག་པོ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་བུམ་

པའི་ནང་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་སེམས་མར་གྱི་བུམ་པ་བཞིན་དུ་ཞུ་ནས། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་ཡོངས་སུ་གྱུར་པར་བལྟས་ལ། འཕགས་མ་སྤྱན་ལ་སོགས་པ་ལྷ་མོའི་ཚོགས་ཀྱིས་བཟུང་བའི་བུམ་པ་དེ་

རྣམས་ཀྱིས་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པའི་སློབ་མ་ལྷའི་འཁོར་ལོ་མ་ལུས་པ་བཀོད་པ་ལ་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ཡང་བྱས་ལ་དབང་བསྐུར་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་རྣམ་པར་སྣང་མཛད་བསམ། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། བློ་བརྟན་པ་སྟེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར་སློབ་མ་སྐུའི་དཀྱིལ་འཁོར་གྱི་བདག་པོར་བསམ་པའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། བུམ་པ་ལ་སོགས་པའི་དབང་བསྐུར་བའི་དུས་སུ་བརྗོད་པར་བྱ་བའི་ཚིགས་སུ་བཅད་པ་

เล่ม ๔๑ · หน้า 283b

གསུངས་ཏེ། དབང་བསྐུར་བ་ནི་བཤད་ཟིན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཕོ་བར་གྱུར་པར་བྱེད་པས་ན་འཁོར་ལོ་ཆེན་པོའོ། །དེ་ཉིད་ཀྱི་ཕྱིར་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱིས་ཕྱག་བྱས་པའོ། །ཇི་སྐད་བཤད་པའི་སྐུ་དང་

གསུང་དང་ཐུགས་གསང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་གསང་བ་གསུམ་མོ། །ཡང་དག་པར་སྦྱོར་བ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ལས་བྱུང་བའོ། །སངས་རྒྱས་ཀུན་ལ་སྦྱིན་པར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པར་དམིགས་པའི་སློབ་མ་རྣམས་ལའོ། །དེ་ལ་

འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་དོན་དུ་སློབ་མས་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ནི་རིག་མ་དང་ཡང་དག་པར་ལྡན་པའི་བདེ་བ་ཆེན་པོས་སོ། །སངས་རྒྱས་ལ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལའོ། །མཆོད་ཆེན་ནི་དབང་

བསྐུར་བའོ། །ཇི་ལྟར་སྩལ་བ་བཞིན་ཞེས་བྱ་བ་ནི། རྣམ་པ་ཇི་ལྟ་བུར་རོ། །བདག་ཀྱང་མངོན་པར་གདོན་པའི་དོན་དུ་རྣམ་པ་དེ་ཁོ་ན་བཞིན་དུ། ཀྱེ་ནམ་མཁའི་རྡོ་རྗེ་བདག་ལ་སྩོལ་ཅིག་ཅེས་བྱ་བའི་དོན་ཏོ། །ཐུགས་ཀྱི་དཀྱིལ་འཁོར་ལས་གསོལ་བ་གདབ་པ་ལ་སོགས་པ་གོ་རིམས་བཞིན་

དུ་བཤད་ཟིན་པས་དེའི་ཕྱིར་ཡང་བརྗོད་པར་མི་བྱའོ། །གཞན་ནི་གོ་སླའོ། །ལྷ་ཡི་གཟུགས་ཀྱིས་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་སློབ་མའི་སྙིང་གར་སྙོམས་པར་འཇུག་པས་བཞུགས་པའི་རང་གི་བདག་པོ་བསམ་པར་བྱའོ། །སྔགས་ཀྱི་ཡི་གེའི་

ཚིག་བྱིན་ལ། ཞེས་བྱ་བ་ནི་དེའི་མིག་ལ་ཡི་གེ་ཨོཾ་ཡེ་ཤེས་འབར་བ་དང་། དཔྲལ་བར་ཡི་གེ་རཾ་བསམས་ལ། ཡི་གེ་ལྔས་མིག་དབྱེ་ཞིང་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་བཞིན་དུ་སློབ་མ་འདུས་བྱ་བ་

སྔོན་དུ་འགྲོ་བ་ཅན་གྱི་དམ་ཚིག་དང་སྡོམ་པ་གཟུང་བར་ཁས་ལེན་པར་བྱེད་དུ་བཅུག་སྟེ། ཕྱག་བཞི་བྱ་བ་ལ་སོགས་པ་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ཐུག་པའི་རྗེས་ཐོགས་ལ། གསང་བའི་དབང་བསྐུར་བ་སྦྱིན་པའི་དུས་སུ་དམ་ཚིག་དང་སྡོམ་པ་དབོག་པར་བྱའོ། །རྡོ་རྗེའི་ལམ་

เล่ม ๔๑ · หน้า 284a

ཞེས་བྱ་བ་ནི་མི་ཕྱེད་པའི་གོ་འཕང་ཐོབ་པར་བྱེད་པའོ། །འདི་དག་གིས་ཞེས་བྱ་བ་ནི་བཤད་མ་ཐག་པ་ཡིས་སོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་དེའི་སྣོད་དུ་རུང་བར་ངེས་པར་སྦྱར་བར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྔགས་

ཀྱིས་བསྐུལ་བ་ཞེས་བྱ་བ་ལ་སོགས་པས་ནི་གསང་བ་ལ་སོགས་པའི་དབང་བསྐུར་བའི་ཐ་མར། ད་ནི་དཀྱིལ་འཁོར་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ཡིད་དུ་འོང་བ་བརྗོད་པའི་རྗེས་ཐོགས་པ། བསྐྱེད་པ་དང་རྫོགས་པའི་རིམ་པ་གང་ཡང་རུང་བའི་ཏིང་ངེ་འཛིན་བསྒོམ་པ་སྦྱིན་

པ་སྔོན་དུ་འགྲོ་བ་ཅན་གྱིས་དཀྱིལ་འཁོར་དུ་བཟླས་པ་བྱས་ལ། བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྔགས་ཀྱིས་བསྐུལ་བ་བརྗོད་པའི་སྒོ་ནས་སྔགས་སྦྱིན་པ་བསྟན་ཏོ། །གསང་བ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའོ། །བརྩམ་པར་ཞེས་བྱ་བ་

ནི་སྨན་སྦྱིན་པ་ལ་སྔོན་དུའོ། །རྡོ་རྗེ་བློ་ཅན་ཏེ་མི་ཕྱེད་པའི་བློ་དང་ལྡན་པ་ཐེ་ཚོམ་མེད་པའི་སློབ་མ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ལ། སྔར་མངོན་པར་འདུས་བྱས་ཤིང་དུང་ཕོར་ཆེན་པོ་ན་གནས་པའི་བདུད་རྩི་ལྔ་ཡི་གེ་ཨོཾ་གྱི་འབར་བ་ལས་བྱུང་བར་བསམས་ནས་ཟར་

གཞུག་གོ། །རྣམ་པ་འདི་བཞི་གསང་ཆེན་ཏེ། །ཞེས་བྱ་བ་ནི་མཱ་མ་ཀཱི་ལ་སོགས་པ་ལྷ་མོ་བཞིའོ། །དེ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ལ་སོགས་པ་རྣམས་དང་འབྲེལ་པ་ཡིན་ཞིང་། ཉན་ཐོས་ལ་སོགས་པ་རྣམས་བསྟན་པར་བྱ་བ་མ་ཡིན་ནོ། །དེ་ཉིད་ནི། སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས། །

ཞེས་བྱ་བས་རྣམ་པར་འགྲེལ་ཏེ། རང་གི་རིགས་ཀྱི་དཀྱིལ་འཁོར་རྣམས་ན་བདག་པོར་གྱུར་པའི་ལྷ་མོའི་གཟུགས་འགྲོ་བ་མ་ལུས་པའི་དོན་བྱ་བའི་སྤྱོད་པས་རྣམ་པར་གནས་པ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མཉེས་

པར་བྱ་བའི་གསང་བ་གསུངས་སོ། །གླང་པོའི་ཤ་ལ་སོགས་པ་བདག་ཉིད་ཀྱང་བཟའ་ཞིང་ལྷ་རྣམས་ལ་ཡང་དབུལ་བར་བྱའོ། །དེ་ལྟར་བྱས་ན་ཇི་སྐད་བཤད་པའི་བཀའ་བཞིན་བྱེད་པ་ལ་མགོན་པོ་སྟེ་དཀྱིལ་འཁོར་གྱི་བདག་པོ་ཐམས་ཅད་མཉེས་པར་འགྱུར་རོ། །ཡིད་ཆེས་པ་མེད་པ་དབང་

เล่ม ๔๑ · หน้า 284b

དུ་བྱས་ནས། ཡིད་ཆེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤང་གཅི་ཞེས་བྱ་བ་ལ་སོགས་པས་ནི། མཐུ་ཐོབ་པའི་སློབ་དཔོན་གྱིས་སྔར་མངོན་པར་འདུས་བྱས་པའི་བདུད་རྩི་ལྔ་ལ། རྡོ་རྗེ་གསང་བའི་ཚིག་ཡི་གེ་ཨོཾ་གྱི་འབར་བ་ལྔས་ཁྱབ་པར་བསམས་ན་ཇི་སྐད་བཤད་པ་བཞིན་

དུ་འགྱུར་བར་བསྟན་ཏོ། །གཞན་ནི་བཤད་ཟིན་ཏོ། །ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་དབང་བསྐུར་བའི་སློབ་མ་རྣམས་ལ་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ཉེ་བར་བསྟན་པར་བྱ་བ་ཡིན་པས་དེའི་ཕྱིར་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི།

མི་སྣང་བ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །དམ་ཚིག་ཆེན་པོ་ནི་ལྷ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་སྒྲུབ་པ་ནི་དམ་ཚིག་ཆེན་པོ་སྒྲུབ་པའོ། །སངས་རྒྱས་བྱང་ཆུབ་ཉིད་ཀྱང་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུ་ཡང་ངོ་། །

ནན་ཏན་དུ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་གཡེང་བ་མེད་པའི་རྣལ་འབྱོར་གྱིས་སོ། །མི་སྣང་བ་ནི་བཤད་ཟིན་ཏོ། །སྟོབས་ནི་མངོན་པར་འདོད་པའི་དོན་སྒྲུབ་པའི་མཐུ་ཉིད་དོ། །བརྩོན་འགྲུས་ནི་ཉིན་དང་མཚན་དུ་རྩོམ་པའོ། །རྡོ་རྗེ་དགུག་པ་བཤད་ཟིན་ཏོ། །དེ་ནི་ཉེ་བར་མཚོན་པ་

ཡིན་ཏེ། མངོན་པར་ཤེས་པ་ལ་སོགས་པ་དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་མན་ངག་ཐོབ་པའི་དཀྱིལ་འཁོར་སྒོམ་པ་པོས་བསྒྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚན་མ་ཐོབ་པས་རྣལ་འབྱོར་པས་བཤང་གཅི་དང་ཤ་ཆེན་ཆ་མཉམ་པར་བྱས་ཏེ།

ཁམ་པོར་ཁ་སྦྱར་དུ་བཞག་ལ་ཡི་གེ་གསུམ་གྱིས་མངོན་པར་འདུས་བྱས་ཏེ། དེ་ཉིད་དང་རང་གི་སྔགས་བཟླས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་སྔགས་གཞུག་པ་སྒྲུབ་པ་གསུངས་ཏེ། ཧྲཱིཿནི་

འབར་བ་འོད་བཟང་པོའོ། །ཞེས་བྱ་བ་ནི་འོད་ཟེར་ལྔ་འབར་བའོ། །ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི། བཙུན་མོའི་པདྨའི་དབུས་སུའོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་སོ། །གཞན་ནི་ཤེས་པར་ཟད་དོ། །དེ་ཡི་སྐུ་གསུང་ཐུགས་ཀྱི་གནས། །ཞེས་བྱ་བ་ནི།

เล่ม ๔๑ · หน้า 285a

དེ་བཞིན་གཤེགས་པ་རྣམས་དང་འབྲེལ་པའོ། །དེར་ནི་སྔགས་ཀྱིས་གདབ་པར་བྱ། །ཞེས་བྱ་བ་ནི། ཡི་གེ་ཧྲི་ལའོ། །སྐུ་དང་གསུང་དང་ཐུགས་ཀྱི་སྔགས། །རྡོ་རྗེ་བྱིན་གྱིས་བརླབ་པའི་ཚིག །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་

དང་ཐུགས་ཀྱི་རང་བཞིན་ནོ། །ཨཱ་ཁཾ་དྷཱི་ཞེས་བྱ་བ་ཡི་གེ་གསུམ་ནི་དེས་མཚན་པའི་སྒོ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་མངག་གཞུག་པ་བསྐྱེད་པའི་རྒྱུ་ཡིན་ཞིང་། མན་ངག་གཞུག་པའི་གཟུགས་སུ་གྲུབ་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ཡང་

དེ་ཉིད་ཀྱིས་བྱའོ། །གསང་བའི་གནས་གཞག་གོ་ཞེས་བྱ་བ་ལ། ཕྱག་ན་རྡོ་རྗེའི་གཟུགས་ཅན་གྱི་མངག་གཞུག་པའི་མགོ་ལ་ནི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའི་མི་བསྐྱོད་པ་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་བཞིན་དུ་ཕྱག་ན་པདྨོའི་གཟུགས་ཅན་གྱི་མགོ་ལ་འོད་དཔག་ཏུ་

མེད་པ་དང་། དེ་བཞིན་དུ་གཞན་གྱིས་མི་ཐུབ་པའི་གཟུགས་ཅན་གྱི་སྤྱི་བོར་ནི་རྣམ་པར་སྣང་མཛད་བསམ་པར་བྱའོ། །དེ་ཉིད་ནི། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཐམས་ཅད་སྙིང་པོས་བསྐུལ་བར་བྱ། །ཞེས་བྱ་བ་ནི། ཇི་སྐད་

བཤད་པའི་མངག་གཞུག་པ་རྣམས་སོ། །འོད་ཆེན་ཞེས་བྱ་བ་ནི་དེ་རྣམས་ཁོ་ན་ལའོ། །སྡུག་བསྔལ་ཆེན་པོ་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་མངག་གཞུག་པ་ཐམས་ཅད་བསྐུལ་བའི་སྙིང་པོ་གསུངས་སོ། །མདུང་

རྩེ་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་རང་གི་ལག་ན་གནས་པའི་ཡི་གེ་ཨ་ལས་བྱུང་བའི་མདུང་དང་ལྕགས་ཀྱུ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་དེ་རྣམས་ཀྱི་ཐུགས་ཀར་གདབ་པ་སྟོན་ཏོ། །ཆོ་ག་འདིས་བསྐུལ་བས་རང་མངོན་པར་འདོད་པའི་མངག་གཞུག་པ་

འགྲུབ་པར་འགྱུར་ཏེ། དངོས་གྲུབ་དེའི་སྒོ་ནས་ཕྱིས་རྫོགས་པའི་བྱང་ཆུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉམས་དགའ་ཞེས་བྱ་བ་ལ་སོགས་པས་ནི་མངག་གཞུག་པ་སྒྲུབ་པའི་གནས་གསུངས་ཏེ་དེ་ནི་ཤེས་པར་ཟད་དོ། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། །ཞེས་བྱ་བ་ལ་སོགས་

เล่ม ๔๑ · หน้า 285b

པས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པ། ཕྲ་མོའི་རྣལ་འབྱོར་སྒོམ་པའི་སྒོ་ནས་སེམས་བརྟན་པར་བྱས་པའམ། བཟླས་པ་མང་པོ་སྔོན་

དུ་འགྲོ་བ་ཅན་གྱི་ལྷས་རྗེས་སུ་གནང་བའི་སྒོ་ནས་བཟླས་པ་འབུམ་བྱས་པ་ཡང་མངག་གཞུག་པ་བསྒྲུབ་པའི་རྗེས་སུ་གནང་བ་ཐོབ་པས། རི་ལ་སོགས་པའི་གནས་སྔ་མ་བཞིན་མངོན་པར་འདུས་བྱས་པར་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ། དཔལ་རྡོ་རྗེ་སེམས་དཔའ་

དང་གསུང་རྡོ་རྗེ་དང་སྐུ་རྡོ་རྗེ་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་མཆོད་པའི་ཆོ་ག་ལ་ཐུག་པར་བྱས་ཏེ། ལྷ་མོའི་ཚོགས་རང་གི་རིག་མའི་པདྨར་བཅུག་ལ། འདོད་ཆགས་ཀྱི་མེས་ཞུ་བས་ཟླ་བའི་དཀྱིལ་

འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ་ལ་ཇི་སྐད་བཤད་པའི་ཡི་གེ་ཧྲཱི་མགོ་གྱེན་དུ་བལྟས་པ་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་དུ་རེག་

ནས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཨཱ་ཁཾ་དྷཱི་ཞེས་བྱ་བ་ཡི་གེ་གསུམ་གྱི་བདག་ཉིད་ཅན་བསྡུས་ཏེ། ཡི་གེ་ཧྲཱི་ལ་བཅུག་ལ། དེ་གྱུར་པར་བྱས་ནས། ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་དང་གཞན་གྱིས་མི་ཐུབ་པ་རྣམས་ལས། གང་ཡང་རུང་བའི་མངག་གཞུག་པའི་

གཟུགས་བསྐྱེད་ལ། ཡི་གེ་གསུམ་པོ་དེ་ཉིད་ཀྱིས་དེའི་ལུས་དང་ངག་དང་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་དུ་བྱིན་གྱིས་བརླབ་སྟེ། དེ་ཉིད་བརྗོད་ཅིང་ཕྱུང་ལ། མདུན་ན་ཐལ་མོ་སྦྱར་ཏེ་འདུག་པར་བསམས་ཏེ། དེའི་མགོ་བོར་གསང་བའི་གནས་བསམ་ལ། ལག་པ་ན་གནས་

པའི་མདུང་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཀྱིས་མངག་གཞུག་པའི་སྙིང་གར་གདབ་ཅིང་ཐུན་བཞིར་བསྒོམས་ན། གདོན་མི་ཟ་བར་ཟླ་བ་ཕྱེད་ཀྱི་ཚུན་ཆད་ཁོ་ནས་མངག་གཞུག་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རི་རབ་སུམ་ཅུ་རྩ་དྲུག་གི། །ཞེས་བྱ་བ་ལ་སོགས་

เล่ม ๔๑ · หน้า 286a

པ་ནི་གོ་སླའོ། །འདའ་བར་བྱ་བ་མ་ཡིན་ཞིང་མི་ཕྱེད་པའི་མངག་གཞུག་པ་སྒྲུབ་པ་སྟོན་པར་མཛད་པའི་ཕྱིར་དམ་ཚིག་རྡོ་རྗེ་བཞད་པ་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་

སོགས་པ་གང་ཡང་རུང་བའི་རང་བཞིན་ཅན་གྱི་བདག་ཉིད་དགོད་པ་དང་། མངག་གཞུག་པ་བསྐྱེད་པའི་གཟུགས་སུ་བསྐྱེད་པའི་ལུས་དང་ངག་དང་སེམས་རྣམ་པར་དགོད་པ་ཡང་བྱས་ལ་བསྐུལ་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་

གཞན་གསུངས་ཏེ། མི་ཕྱེད་པའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ནི་རྡོ་རྗེ་ཡེ་ཤེས་འཁོར་ལོ་སྟེ། དེར་མངག་གཞུག་པ་སྒྲུབ་པ་འདའ་བར་མི་བྱ་བའི་དོན་ཤེས་ཤིང་རྟོགས་པར་བྱེད་པས་ན་དམ་ཚིག་གི་ཚིག་གོ། །དེ་ནི་རྣམ་པ་བཞི་སྟེ། དམ་

ཚིག་བསྐུལ་བ་ཞེས་བྱ་བ་ནི་ཡི་གེ་ཨ་ལས་བྱུང་བའི་ལྕགས་ཀྱུ་འབར་བ་ལ་སོགས་པ་རང་གི་ལག་ན་གནས་པ་རྣམས་ཀྱི་སྙིང་གར་གདབ་ཅིང་ཨཱ་ཁཾ་དྷཱི་ཞེས་བྱ་བ་བརྗོད་པས་བསྐུལ་བའོ། །དམ་ཚིག་གཏོང་བ་ཞེས་བྱ་བ་ནི་ཁྲོ་ཞིང་སྔོ་ལ་འབར་བའི་སྐུ་ཅན་གྱི་དེ་བཞིན་གཤེགས་པ་

ཐམས་ཅད་སྤྲོས་ལ། དེ་རྣམས་ཀྱིས་ཡན་ལག་ཐམས་ཅད་གང་བར་ཡང་དང་ཡང་དུ་བསམ་པའོ། །དམ་ཚིག་བོད་པ་ནི་དངོས་གྲུབ་ཀྱི་དོན་དུ་སྔགས་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་བསྐུལ་བའོ། །དམ་ཚིག་བཅིང་བ་ནི་གྲུབ་པའི་མངག་གཞུག་པའི་རང་གི་བསྒོ་བ་ལ་ངེས་པར་སྦྱར་བའོ། །

མཁའ་དབྱིངས་རྒྱ་ཆེན་ཞེས་བྱ་བ་ལ་སོགས་པས་ནི། དངོས་པོ་མེད་པ་ཡང་གཟུགས་ཅན་དུ་བྱེད་དོ་ཞེས་ཕུལ་དུ་བྱུང་བ་བསྟན་པའི་སྒོ་ནས་སྒྲུབ་པ་པོ་རྣམས་ཡིད་ཆེས་པར་བྱ་བ་ཉིད་གསུངས་སོ། །བཅོམ་ལྡན་འདས་གང་ལ་སངས་རྒྱས་ཐམས་ཅད་བུ་གཅིག་པ་དང་འདྲ་བ་ཡོད་

པ་དེ་ལ་དེ་སྐད་ཅེས་བྱ་བའམ། སངས་རྒྱས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་བསྐྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་འཕགས་པ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱི་དབང་དུ་བྱ་བ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རྡོ་རྗེ་འཇམ་པ་སྟོབས་པོ་ཆེ། །ནམ་

เล่ม ๔๑ · หน้า 286b

མཁའ་རྡོ་རྗེ་དབུས་སུ་བསམ། །ཞེས་བྱ་བ་ནི། ཇི་སྐད་བཤད་པའི་ཆོས་འབྱུང་གི་ནང་དུ་ཆུད་པའི་རང་གི་དཀྱིལ་འཁོར་གྱི་དབུས་ན་འདུག་པའི་པདྨ་དམར་པོའི་སྟེང་གི་ཟླ་བ་ལ་བཞུགས་པའི་འཇམ་པའི་རྡོ་རྗེ་སྐུ་མདོག་དམར་པོ་ཆགས་པའི་བསམ་པ་ཅན། དེའི་རང་བཞིན་ཅན་གྱི་ལྷའི་

འཁོར་ལོས་ཡོངས་སུ་བསྐོར་བར་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་བསམ་པར་བྱའོ། །མདའ་ལྔའི་སྦྱོར་བ་དག་གིས་ནི། །ཞེས་བྱ་བ་ལ། མདའ་ལྔའི་སྦྱོར་བ་ནི་གཞུ་དང་། ལྷན་ཅིག་སྦྱོར་བ་དེ་འཛིན་པར་བྱེད་པས་ན་མདའ་ལྔའི་སྦྱོར་བ་སྟེ་དེ་ཡིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ།

མྱོས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། གདུང་བར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། མི་འགུལ་བར་བྱེད་པའི་རང་བཞིན་ཅན། ཡི་གེ་མཾ་ལས་བྱུང་བ། ཁ་དོག་དམར་པོ་སྟོང་གི་ཆའི་ཡི་གེ་ཨོཾ་གྱིས་མཚན་པ། སྨྱུག་མའི་ཆའི་ཡི་གེ་ཨཱཿཡིས་མཚན་པ། ཡི་གེ་ཧཱུཾ་གིས་

མཚན་པའི་ཨུཏྤ་ལ་དམར་པོ་ཁ་མ་བྱེ་བ་ལྟ་བུའི་མདེའུའི་ཆ་དང་ལྡན་པའི་མདའ་ལྔ་རྣ་རྩའི་བར་དུ་བཀང་བའི་གཞུ་བསྣམས་པའི་འཕགས་པ་གཤིན་རྗེ་མཐར་བྱེད་སྐུ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ་པ་དང་ལྡན་པ། བྱིས་པའི་གཟུགས་ཅན་རྣམས་རང་གི་སྤྱི་བོ་ན་བཞུགས་

པའི་འོད་དཔག་ཏུ་མེད་པ་དང་ཡང་དག་པར་སྦྱོར་བ་ལས་སྤྲོ་བར་བྱའོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་རྣམས་ཀྱི་མགོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་རྐང་པའི་མཐིལ་ལོ། །རྡོ་རྗེ་ཁྲོ་བོས་རབ་ཏུ་དབབ། །ཅེས་བྱ་བ་ལ་རིགས་བརྗོད་པར་འདོད་པའི་

སྒོ་ནས་གཅིག་གི་ཚིག་ཅན་དུ་བྱས་ཏེ། དེས་ན་ཇི་ལྟ་བ་བཞིན་དུ་སྤྲོས་པའི་འཕགས་པ་གཤིན་རྗེ་གཤེད་རྣམས་ཀྱིས་ཇི་སྐད་བཤད་པའི་མདའ་རྣམས་ཀྱིས་གོ་རིམས་བཞིན་དུ་བཤད་མ་ཐག་པའི་གནས་རྣམས་སུ་དབུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔངས་ཤིང་བརྒྱལ་བར་

བསྒོམ་པ་ནི། །ཞེས་བྱ་བ་ནི་རང་གི་བཤད་པའི་དམ་ཚིག་ལས་འདས་པའི་འཇིགས་པས་སྔངས་ཤིང་གནས་སྐབས་དགུ་པ་ཐོབ་པའོ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། །ཞེས་བྱ་བ་ལ་སོགས་པ་འཕགས་པ་འཇམ་དཔལ་གྱི་ཅོད་པན་ལས་བྱུང་བའི་འཕགས་པ་གཤིན་རྗེའི་གཤེད་

เล่ม ๔๑ · หน้า 287a

རྣམས་ཀྱིས་སོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི་སེམས་བརྟན་པ་ལ་སོགས་པ་སྔ་མ་བཞིན་དུ་བསྟན་ཏོ། །གསང་བ་བསྐུལ་བ་དག་ཏུ་ཞེས་བྱ་བ་ནི་བཤད་མ་ཐག་པ་རྣམས་སུའོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མི་ཕྱེད་པའི་ངེས་

པར་འབྱེད་པའི་ཤེས་རབ་ཀྱི་འབྲས་བུ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་སྟོན་པར་མཛད་པས་ན་རྡོ་རྗེ་དོན་གྱི་བློ་སྟེ་དཔལ་རྡོ་རྗེ་སེམས་དཔའ་དེ་ཡིས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་ཏིང་ངེ་འཛིན་དེ་ཉིད་ཀྱི་སྒོ་ནས་དབང་དུ་བྱའོ། །

ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་ཀྱང་དབང་དུ་བྱ་བ་སྒྲུབ་པ་ཡིན་པས། དེའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་ཏེ་དེ་ཉིད་མཆོག་ཡིན་ནོ། །དང་པོའི་རྡོ་རྗེ་རྩེ་ལྔ་པ་དམར་སྐྱ་སྐྱེད་པའི་སྔགས་ནི་རྡོ་རྗེའི་སྔགས་ཏེ།

ཡི་གེ་ཧཱུཾ་ཡིན་ཞིང་ཡི་གེ་ཨོཾ་ལ་སོགས་པ་གང་དག་ལ་དེ་ཉིད་སྔོན་ན་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱས་ཏེ་དེ་རྣམས་ཀྱིས་སོ། །རྡོ་རྗེ་གསུམ་ལ་སོགས་པ་བསྒོམ། །ཞེས་བྱ་བས་ནི་འདི་སྐད་བསྟན་པ་ཡིན་ཏེ། ཡི་གེ་གསུམ་ལ་སོགས་པ་རྣམས་ཀྱིས་འཇམ་པའི་རྡོ་རྗེ་བཞིན་དུ་ཐུགས་རྡོ་རྗེ་

ལ་སོགས་པ་སྐུ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ་པ་ལ་སོགས་པ་དང་ལྡན་པ་རྣམས་རྣམ་པར་བསྒོམས་ལ། དེ་ཁོ་ན་བཞིན་དུ་རང་གི་སྤྱི་བོ་ན་བཞུགས་པའི་རང་གི་བདག་པོ་ལས་གནོད་མཛེས་རྒྱལ་པོ་ལ་སོགས་པ་རང་གི་རིགས་ཀྱི་ཁྲོ་བོ་རྣམས་སྤྲོས་ནས་སངས་རྒྱས་ལ་སོགས་

པ་རྣམས་དབང་དུ་བྱའོ། །ཨོཾ་ནི་ཞེས་བྱ་བ་ནི་གདོང་གཡོགས་དགྲོལ་བ་ན་མིག་གཉིས་སུ་ཡི་གེ་ཨོཾ་བསམས་ལ། དཀྱིལ་འཁོར་བསྟན་པར་བྱ་བའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བྱ་བ་ལ་སོགས་པའི་ཆོ་གས་སོ། །སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ལ་

སོགས་པ་ལ། སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱིའོ། །གཟུགས་དག་ཅེས་བྱ་བ་ནི་སྒྱུ་མ་ལྟ་བུ་ལ་སོགས་པ་སྣང་བ་ཙམ་གྱི་སྐུ་ལྟ་བས་ཆོག་མི་ཤེས་པའོ། །དཀྱིལ་འཁོར་པ་གང་དག་ལ་སྐུ་གསུམ་དང་རྡོ་རྗེ་གསུམ་ཡོད་པ་ནི་སྐུ་གསུམ་རྡོ་རྗེ་ཅན་ཏེ་དེ་རྣམས་མཐོང་

เล่ม ๔๑ · หน้า 287b

བའོ། །བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོ་ལ་སོགས་པ་ལ་ཞུགས་པའི་བཀྲེས་པ་ལ་སོགས་པ་སྤོང་བའི་རྣལ་འབྱོར་གསུངས་ཏེ། གཞན་ནི་གོ་སླའོ། །དོན་རྣམས་ཐམས་ཅད་འབྱོར་ཞེས་བྱ་བ་ནི། རོ་རྣམ་པ་ཐ་དད་པ་དང་ལྡན་པའི་བསམ་

གཏན་གྱི་ཟས་དང་། སྐོམ་ལ་སོགས་པའི་འབྱོར་བ་སྒྲུབ་པར་བྱེད་པའོ། །བ་ནི་ཁའི་ནང་དུ་ཞེས་བྱ་བ་ནི། བུམ་པ་བཟང་པོའི་གཟུགས་སེར་པོ་རང་གི་མཆུ་ལ་མངོན་དུ་ཕྱོགས་པར་རོ། །ཨོཾ་ནི་ལྕེ་ལ་འདུག་པར་ཞེས་བྱ་བ་ནི་དེའི་རང་བཞིན་དུ་གྱུར་པའི་ལྕེའི་རྣམ་པར་རོ། །

བཟའ་བར་བྱ་བ་ཀུན་གྱི་གནས་ནི། བདེ་བ་ཐམས་ཅད་སྟེར་བ་སྒྲུབ་པར་བྱེད་པའོ། །ཡིད་བཞིན་ནོར་བུས་བརྒྱན་པ་སྟེ། །ཞེས་བྱ་བ་ནི་དེའི་ཁ་ཟླ་བ་ཕྱེད་པ་ལྟ་བུའི་ཁ་གབ་ཀྱི་ཅུང་ཟད་བཀབ་ཅིང་། དེའི་ཞབས་ལ་གནས་པའི་རྗེས་སུ་འཇུག་པའི་དབྱངས་ལས་བྱུང་བའི་བྱང་ཆུབ་

ཀྱི་སེམས་རིན་པོ་ཆེས་ཀྱང་བརྒྱན་པའོ། །བསམ་གཏན་གྱི་ཟས་ཉིད་ཡིན་པའི་ཕྱིར་ཞི་བའོ། །བཀྲེས་པ་ལ་སོགས་པ་འཇོམས་པའི་སྡུག་བསྔལ་ཐམས་ཅད་སེལ་བའོ། །མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་རྡོ་རྗེ་ལས་བྱུང་བའོ། །ཇི་ལྟར་མངོན་པར་

འདོད་པའི་ཟས་ལ་སོགས་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར་སྟོན་པར་མཛད་པས་ན་ཡིད་བཞིན་ནོར་བུ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་

བཞི་ཕམ་པར་མཛད་པ་དང་། །མི་ཕྱེད་པའི་རེ་བཞིན་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་དཔའ་བོ་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པའོ། །མི་ཕྱེད་པའི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པས་ན་རྡོ་རྗེ་བསྒོམ་པའི་ཚིག་གི་མཆོག་སྟེ། ཡི་གེ་དྷཱི་ཕྱུང་ངོ་། །སངས་རྒྱས་

དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་བསྐྱེད་པའི་ཚུལ་གྱིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་རང་གི་དཀྱིལ་འཁོར་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་

เล่ม ๔๑ · หน้า 288a

ལྡན་པས། དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་ལ་སོགས་པ་ཆོ་ག་ཐམས་ཅད་བྱས་ལ། རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ་ཡི་གེ་དྷཱི་རྣམ་པར་བཀོད་དེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཐམས་

ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་དུ་རེག་ནས། དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོའི་རྣམ་པར་བསམས་ལ། བསྡུས་ཏེ་ཡི་གེ་དྷཱི་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོར་བསམ་པར་བྱའོ། །

དེ་ཇི་ལྟ་བུ་ཞེ་ན། རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅུང་ཟད་སེར་བ་རྡོ་རྗེ་འགྱིང་། །ཞེས་བྱ་བ་ལ། རྩ་བའི་ཞལ་དང་སྐུ་ནི་གསེར་གྱི་མདོག་ཅན་ནོ། །ཞལ་གཡས་པ་དང་གཡོན་པ་ནི་སྔོན་པོ་དང་དཀར་པོའོ། །ལྷག་མ་ཅོད་པན་དང་རྒྱན་དང་མཚོན་ཆ་དང་གདན་

དང་འོད་རྣམས་ནི་རྣམ་པར་སྣང་མཛད་དང་མཚུངས་པའོ། །ཏིང་ངེ་འཛིན་གང་ལ་ཡི་གེ་དྷཱི་ལས་བྱུང་བའི་འོད་ཟེར་སྤྲོས་པའི་རླབས་ཀྱི་ཕྲེང་བ་རྣམས་ཀྱིས་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོའི་གཟུགས་ཅན་རྣམས་བསྡུས་ནས། དེ་བཞིན་གཤེགས་པ་

རྡོ་རྗེ་དཔའ་བོ་ཆེན་པོར་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་མངོན་སུམ་དུ་མཛད་ནས་སོ། །རྡོ་རྗེ་ཆེན་པོ་བསྒོམ་པའི་ཚིག་ནི་མི་ཕྱེད་ཅིང་ཕུལ་དུ་བྱུང་བའི་ཏིང་ངེ་འཛིན་གྱི་རྒྱུའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཉི་མའི་

དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་འདས་མ་ཐག་པ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཉི་མ་ལ་ཡི་གེ་ཙུཾ་ཁ་དོག་དཀར་པོ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་

མཁའ་ཁྱབ་པའི་དེ་བཞིན་གཤེགས་པའི་སྤྲིན་རྣམས་ལ་ཀུན་དུ་རེག་སྟེ། འཕགས་པ་སྐུལ་བྱེད་མའི་གཟུགས་སུ་ཡོངས་སུ་གྱུར་པར་བྱས་ནས། ཡང་དེ་རྣམས་བསྡུས་ཏེ་རང་གི་ས་བོན་ལ་གཞུག་པར་བྱའོ། །དེ་ནས་དེ་གྱུར་པར་བྱས་ཏེ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་

เล่ม ๔๑ · หน้า 288b

པའི་འཕགས་མ་སྐུལ་བྱེད་མ་བསམས་ལ། ཡི་གེ་ཙུཾ་ཉིད་བརྗོད་ཅིང་ཕྱུང་སྟེ། དེ་འགྲོ་བ་རྣམས་ཞི་བར་བྱེད་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་འཕགས་མ་སྐུལ་བྱེད་མར་བསམ་པར་བྱའོ། །དེ་ཅི་ལྟ་བུ་ཞེ་ན། རྒྱན་

རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་སངས་རྒྱས་སྤྱན་སྐུ་མདོག་དཀར་པོ་དང་མཚུངས་ཏེ། འོན་ཀྱང་རྩ་བའི་ཕྱག་གཉིས་ན་པར་བུ་དཀར་པོ་བསྣམས་པ་དང་། ཉི་མའི་གདན་དང་འོད་དང་ལྡན་པ་དང་། རྡོ་རྗེ་འཆང་ཆེན་པོའི་དབང་

བསྐུར་བ་དང་ལྡན་པའོ། །དེ་ཉིད་ནི། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །བསམས་ལ་ཞེས་བྱ་བས་བསྟན་ཏེ། མགོ་བོའི་སྟེང་དུ་དབང་བསྐུར་བའི་དོན་དུའོ། །སྔགས་ཀྱི་ཚིག་དགོད་དོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཙུཾ་རྣམ་པར་བཀོད་ནས། ཕུང་པོ་བྱིན་

གྱིས་བརླབ་པ་ལ་སོགས་པ་སྔ་མ་བཞིན་དུ་བྱ་བའོ། །གང་ལ་ཡི་གེ་ཙུཾ་ལས་བྱུང་བའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་འཕགས་མ་སྐུལ་བྱེད་མ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་

དོན་ལ། མངོན་པར་འདོད་པའི་རྣམ་པ་ནི་བསམ་པ་ཐམས་ཅད་དོ། །དེའི་དོན་གྱི་རྡོ་རྗེའི་ལོངས་སྤྱོད་ནི་འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་མི་ཕྱེད་པའི་འཕགས་པ་ཛཾ་བྷ་ལའི་སྐུ་སྟེ་དེ་སྐྱེད་པར་བྱེད་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་ཞིང་། དེ་ལ་

སྙོམས་པར་ཞུགས་ནས་སོ། །འཕགས་པ་ཛཾ་བྷ་ལའི་ཏིང་ངེ་འཛིན་དང་། དེའི་དཀྱིལ་འཁོར་བསྐྱེད་པའི་ས་བོན་ནི་ཏིང་ངེ་འཛིན་འཁོར་ལོའི་ཚུལ་ལོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སངས་རྒྱས་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་རྡོ་

རྗེ་འཆང་ཆེན་པོའི་དཀྱིལ་འཁོར་ཏེ་དེ་ཉིད་དམ་པའོ། །ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི། བཙུན་མོའི་པདྨའི་དབུས་སུའོ། །གནོད་སྦྱིན་ཆེན་པོ་བསྐྱེད་པར་བྱ། །ཞེས་བྱ་བ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། བཙུན་མོའི་ནམ་མཁའི་དབྱིངས་སུ་ཡི་གེ་ཛཾ་གྱིས་འཕགས་པ་ཛཾ་བྷ་

เล่ม ๔๑ · หน้า 289a

ལའི་དཀྱིལ་འཁོར་བསྐྱེད་ལ། དེའི་དབུས་སུ་པདྨའི་སྟེང་གི་ཟླ་བའི་གདན་ལ་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་ལ་སོགས་པ་ཆོ་ག་ཐམས་ཅད་བྱས་ཏེ། རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་སེམས་

ཀྱི་ཟླ་བ་ལ། ཟླ་ཚེས་དང་ཐིག་ལེ་དང་རྩེ་མོ་འབར་བ་དང་ལྡན་པའི་ཛཾ་སེར་གྱིར་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་སེར་པོའི་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཀུན་དུ་རེག་སྟེ། འཕགས་པ་ཛཾ་བྷ་ལའི་རྣམ་པར་ཡོངས་སུ་

གྱུར་པར་བྱས་ནས་བསྡུས་ནས། ཡི་གེ་ཛཾ་དེ་ལ་བཅུག་ལ། དེ་གྱུར་པར་བྱས་ནས་འཕགས་པ་ཛཾ་བྷ་ལར་བསྐྱེད་ལ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་ཛཾ་སྙིང་བརྗོད་ཅིང་ཕྱུང་ལ། དེ་རིན་པོ་ཆེ་ལ་སོགས་པའི་ཆར་རྣམས་ཀྱིས་སེམས་ཅན་གྱི་ཁམས་འབྱོར་པ་

ཆེན་པོའི་གནས་ལ་འོག་ཏུ་བཅུག་སྟེ། དེ་བཀུག་ནས། རང་གི་ལུས་ལ་བཅུག་སྟེ་བདག་ཉིད་འཕགས་པ་ཛཾ་བྷ་ལར་བསམ་པར་བྱའོ། །དེ་ནས་བཤད་མ་ཐག་པ་བཞིན་རིག་མའི་པདྨའི་ཟླ་བ་ལས་ཡི་གེ་ཛཾ་ལས་བྱུང་བའི་འཕགས་པ་ཛཾ་བྷ་ལ་ས་བོན་གསུམ་གྱིས་མཚན་པ་ཕྱུང་ལ།

མདུན་ན་འདུག་པའི་པདྨའི་སྟེང་གི་ཟླ་བའི་གདན་ལ་མངོན་དུ་ཕྱོགས་པར་གནས་པར་བསམ་པར་བྱའོ། །དེ་ནས་རང་གི་ལག་པ་གཡོན་པ་ལ། ཡི་གེ་ཨ་དང་པཾ་དག་ལས་པདྨ་དང་ཟླ་བ་དག་བསམས་ཏེ། དེ་ལ་ཇི་སྐད་བཤད་པའི་ཡི་གེ་ཛཾ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་

འོད་ཟེར་རྣམས་ཀྱིས་འཕགས་པ་ཛཾ་བྷ་ལའི་རྣམ་པ་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བ་དང་གཞུག་པའི་སྒོ་ནས་འཕགས་པ་ཛཾ་བྷ་ལར་བསྐྱེད་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། ཞི་བ་གནོད་སྦྱིན་གཟུགས་འཛིན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོང་ཐུང་ཞིང་

གསུས་པ་ཆེ་བ། ཞལ་གསུམ་པ་ཕྱག་དྲུག་པ། སྐུ་མདོག་སེར་པོ། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ་མངའ་བ། འཕགས་མ་ནོར་འཛིན་མ་དང་སྙོམས་པར་ཞུགས་པ། རྡོ་རྗེས་མཚན་པའི་ས་བོན་གྱིས་གང་བའི་འབྲས་བུ་དང་བཅས་པའི་གཡས་པའི་རྩ་བའི་

เล่ม ๔๑ · หน้า 289b

ཕྱག་གིས་འཁྱུད་པ། དྲིལ་བུས་མཚན་པའི་ནེའུ་ལེ་དང་བཅས་པའི་གཡོན་པས་རིག་མའི་ནུ་མ་གཡོན་པ་འཛིན་པ། གཡས་པ་དག་ན་འཁོར་ལོ་དང་པདྨ་བསྣམས་པ། གཡོན་པ་དག་ན་ནོར་བུ་དང་རལ་གྲི་བསྣམས་པ། རལ་པའི་ཅོད་པན་དང་ལྡན་པ། ཞི་བ། རྡོ་རྗེ་འཆང་ཆེན་

པོའི་དབང་བསྐུར་བ་དང་ལྡན་པ། པདྨའི་སྟེང་གི་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཞབས་གཡས་པ་བུམ་པ་བཟང་པོ་ལ་གཞག་པའོ། །ནོར་འཛིན་མ་ཡང་དེ་དང་འདྲ་སྟེ། འོན་ཀྱང་གཡས་དང་གཡོན་པའི་རྩ་བའི་ཕྱག་དག་ན་མཆོད་སྦྱིན་དང་འབྲས་ཀྱི་སྙེ་

མ་བསྣམས་ལ། སྒེག་པའི་སྐུ་ཅན། མེ་ཏོག་སྣ་ཚོགས་བཅིངས་པའི་དོ་ཀེར་ཅན། དཀོན་མཆོག་དཔལ་གྱི་དབང་བསྐུར་བ་དང་ཡང་ལྡན་པའོ། །སངས་རྒྱས་ལྔ་ཡི་ཆོ་ག་ཡིས། །གནས་ལྔ་དག་ཏུ་རྣམ་བསྒོམ་བྱ། །ཞེས་བྱ་བ་ལ་མགོ་དང་སྙིང་ག་དང་ལྟེ་བ་དང་གསང་

བ་དང་རྐང་པའི་བར་དུ་གོ་རིམས་བཞིན་དུ་ཟླ་བ་དང་ཉི་མ་དང་རིན་པོ་ཆེ་དང་པདྨ་དང་འོད་ཀྱི་དཀྱིལ་འཁོར་སེར་པོ་ལ་གནས་པའི། ཨོཾ་ཧཱུཾ་སྭཱ་ཨཱ་ཧཱ། ཞེས་བྱ་བ་གསེར་གྱི་མདོག་ཅན་རྣམས་ཀྱིས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་དཀོན་མཆོག་དཔལ་དང་འོད་དཔག་ཏུ་

མེད་པ་དང་དོན་ཡོད་པར་གྲུབ་པ། རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པ། ལྷ་མོ་བཞིས་ཡོངས་སུ་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་དང་ལྡན་པ་རྣམས་རང་དང་མདུན་ན་འདུག་པ་དང་། ལག་པ་ན་གནས་པའི་ཛཾ་བྷ་ལའི་ལུས་དང་ནོར་འཛིན་མའི་ལུས་ལ་བསམ་

པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ལ་རྡོ་རྗེ་བདུད་རྩི་ཆུ། །བསམ་གཏན་གནས་ལ་འདུག་པས་དབུལ། །ཞེས་བྱ་བ་ལ་རང་གི་དབང་བསྐུར་བའི་གནས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཀུན་དུ་སེར་པོའི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་

ཁ་དོག་སེར་པོ་ཡི་གེ་ཛཾ་གྱིས་མཚན་པས། བདག་ཉིད་ཀུན་དུ་བཀང་སྟེ། ཡི་གེ་ཛཾ་གྱིས་མཚན་པ་དེ་རང་གི་ཡང་དག་པར་སྦྱོར་བ་ལས་ཀུན་དུ་ཕྱུང་ལ། ལག་པ་ན་གནས་པའི་དབང་བསྐུར་བའི་རྡོ་རྗེ་འཆང་ཆེན་པོའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་བཅུག་སྟེ། དེ་ཡང་དེ་ཁོ་ན་བཞིན་དུ་

เล่ม ๔๑ · หน้า 290a

ཕྱུང་ནས། འཕགས་པ་ཛཾ་བྷ་ལ་ཀུན་དུ་བཀང་སྟེ། ཡང་ཕྱུང་ནས་མདུན་ན་གནས་པའི་དབང་བསྐུར་བའི་དཔལ་རྡོ་རྗེ་སེམས་དཔའི་ཅོད་པན་དུ་བཅུག་སྟེ། ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་གསེར་གྱི་མདོག་ཅན་གྱི་ཡི་གེ་ཛཾ་གྱིས་མཚན་པས་

འཕགས་པ་ཛཾ་བྷ་ལ་ཀུན་དུ་གང་བར་བྱས་པར་ཡང་དང་ཡང་དུ་བསམ་པར་བྱའོ། །ཕྱི་རོལ་གྱི་བདུད་རྩི་ལྔ་འམ། ཆུའང་མོས་པ་འདི་ཉིད་ཀྱི་སྒོ་ནས་དབུལ་བར་བྱའོ། །ཆོ་ག་ཡིས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གིས་སོ། །དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་ནི་དཔལ་རྡོ་རྗེ་

སེམས་དཔའོ། །དེ་ཉིད་ཕྱག་རྒྱ་དང་ལྷན་ཅིག་བཞུགས་པས་ན་ཕྱག་རྒྱ་དང་བཅས་པའོ། །དེའི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་དབང་བསྐུར་བ་སྦྱིན་པའི་སྒོམ་པའི་སྒོ་ནས་རྫས་ཀྱི་དོན་དུ། འཕགས་པ་ཛཾ་བྷ་ལ་མཉེས་པར་བྱ་བ་ཡིན་པས་ན་རྫས་མཉེས་པའོ། །དེ་ཉིད་ནི་ཡིད་

བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེང་བ་བཞིན་དུ་འགྲོ་བ་མ་ལུས་པའི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཏོག་སྟེ་གང་ལ་དེའི་དཔལ་དེ་ཡོངས་སུ་དག་པའི་ནོར་ཐམས་ཅད་འབྱོར་བའི་རང་བཞིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ།

དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པ་རྣམས་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་ནི་གནོད་སྦྱིན་མ་སྟེ། དེ་ལ་དམིགས་པ་དང་། དེའི་མིང་ཅན་གྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གནོད་སྦྱིན་མ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ནི་སྐྱེད་པའི་ས་བོན་ནོ། །

ནམ་མཁའི་རྡོ་རྗེའི་དབུས་གནས་བསམ། །ཞེས་བྱ་བ་ལ། མདུན་ན་འདུག་པའི་ནམ་མཁའ་ལ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་འབྱུང་བར་འགྱུར་བའི་གནོད་སྦྱིན་མའི་གནས། ཤར་ཤེལ་ལས་བྱས་པ། ལྷོ་ཨིནྡྲ་ནཱི་ལའི་མདོག་ཅན། ནུབ་པདྨ་རཱ་ག་དམར་པོ་དང་ལྡན་པ། བྱང་མར་

ཀ་ཏའི་རང་བཞིན་ཅན་དབུས་བཻ་ཌཱུརྱའི་རྣམ་པ་ཅན་བསམ་མོ་ཞེས་བྱ་བ་མན་ངག་ཡིན་ནོ། །ཀུན་དུ་འཁྲིགས་ཞེས་བྱ་བ་ནི་དུས་ཐམས་ཅད་པའི་མེ་ཏོག་ལ་སོགས་པ་མཆོད་པ་རྣམས་ཀྱིས་ཁྱབ་པའོ། །རྡོ་རྗེ་གསུམ་གྱི་སྦྱོར་བས་དབབ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ།

เล่ม ๔๑ · หน้า 290b

ཇི་སྐད་བཤད་པའི་རང་གི་དཀྱིལ་འཁོར་དབུས་ན་བཞུགས་པའི་རྡོ་རྗེ་རྩེ་གསུམ་གྱི་བདག་ཉིད་ཅན་གྱི་འཕགས་པ་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་མདུན་ན་འདུག་པའི་བཤད་མ་ཐག་པའི་གནས་ཀྱི་དབུས་ན་གནས་པའི་པདྨ་དང་ཟླ་བ་སེར་པོའི་སྟེང་དུ་ཟླ་ཚེས་དང་ཐིག་ལེ་དང་རྩེ་མོ་དང་ལྡན་པའི་

ཡི་གེ་ཀྵིཾ་རང་མངོན་པར་འདོད་པའི་གནོད་སྦྱིན་མ་དང་རྗེས་སུ་མཐུན་པའི་མདོག་ཅན་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ཀུན་དུ་གང་བའི་སྤྱན་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་ལ་ཀུན་དུ་རེག་སྟེ། མངོན་པར་འདོད་པའི་གནོད་སྦྱིན་མའི་གཟུགས་སུ་བྱས་ནས་

བསྡུས་ཏེ་ཡི་གེ་ཀྵིཾ་ལ་བཅུག་ལ་ཐམས་ཅད་གྱུར་པར་བྱས་ནས་མངོན་པར་འདོད་པའི་གནོད་སྦྱིན་མའི་རིག་མ་གཅིག་ཏུ་བསྐྱེད་པར་བྱའོ། །དེ་ལ་རེ་ཞིག་བཅོམ་ལྡན་འདས་མའི་གཟུགས་ལ་སོགས་པ་མངོན་པར་བརྗོད་པར་བྱ་སྟེ། གསེར་གྱི་མདོག་ཅན་ལྷའི་བུད་མེད་ཀྱི་ཆ་བྱད་འཛིན་པ།

ན་ཚོད་གཞོན་པ་སྒེག་པའི་རོ་དང་ལྡན་པ། ཡན་ལག་གཙང་བ། ནེ་ཙོའི་མདོག་ཅན་གྱི་གོས་གྱོན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་པ་གཡས་པས་གདུགས་དཀར་པོ་འཛིན་པ། གཡོན་པས་དཔག་བསམ་གྱི་ཤིང་ལ་བརྟེན་པ། བཞིན་གཡོ་ཞིང་འཛུམ་པ་དང་

བཅས་པས་རྣམ་པར་སྒེག་པ། མགོ་ལ་མེ་ཏོག་ཁ་དོག་སྣ་ལྔ་ལས་བྱས་པའི་མེ་ཏོག་གི་ཕྲེང་བ་ཕྱེད་འཕྱང་བ་བཅིངས་པ། དཔག་བསམ་གྱི་ཤིང་ལ་སོགས་པས་ཉེ་བར་སྤྲས་པའི་རིན་པོ་ཆེའི་རིའི་ཕུག་གི་ནང་ན་གནས་པའི་པདྨ་དང་ཟླ་བ་སེར་པོའི་སྟན་ལ་འདུག་པ་བསམ་པར་བྱའོ། །

ས་བོན་འདི་ནི་གནོད་སྦྱིན་མ་ཐམས་ཅད་ཀྱི་ཐུན་མོང་པ་ཡིན་ཏེ། དེའི་ཕྱིར་གནོད་སྦྱིན་མ་གཞན་རྣམས་ཀྱང་དཔལ་འབྱུང་པོ་འདུལ་བ་ལ་སོགས་པ་ལས་གཟུགས་ལ་སོགས་པ་ཤེས་པར་བྱས་ནས་བསྒྲུབ་པར་བྱའོ། །རྡོ་རྗེ་ལས་གསུམ་བྱེ་བྲག་གིས། །ཞེས་བྱ་བ་ལ། འཇམ་དཔལ་གྱི་

རྣལ་འབྱོར་དང་ལྡན་པས་རང་གི་སྙོམས་པར་འཇུག་པ་ལས་དཔལ་གཤིན་རྗེ་མཐར་བྱེད་ཕྱུང་སྟེ། དེའི་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བ་རབ་ཏུ་སྟེར་བ་ལྟ་ཞིང་། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་རང་གི་ཁ་ནས་བྱུང་བ་དེའི་ཁ་རུ་བཅུག་ལ།

เล่ม ๔๑ · หน้า 291a

སྙིང་ག་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་རྣམ་པར་བཀོད་ནས། དེ་དང་ལྷན་ཅིག་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་བ་བྱའོ། །དེ་ཉིད་ནི། རྡོ་རྗེ་འཇམ་པའི་ཏིང་འཛིན་གནས། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གང་ལ་གནོད་སྦྱིན་མ་ཐམས་ཅད་བསྐྱེད་པ་

ལ་ཐུན་མོང་དུ་གྱུར་པ་ཉིད་ཡིན་པའི་ཕྱིར། གནོད་སྦྱིན་མ་ཐམས་ཅད་མཉམ་པ་ཉིད་དེ་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་གནོད་སྦྱིན་མ་ཐམས་ཅད་ཀུན་ནས་བསྡུས་ཏེ་གནོད་སྦྱིན་མ་གཅིག་ཏུ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ།

གང་ལ་རྡོ་རྗེ་ཐམས་ཅད་དེ་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་རྣམ་པར་འཕྲུལ་པ་སྟེ། སྐུ་དང་གསུང་དང་ཐུགས་རྣམ་པར་དག་པ་ལ་དམིགས་པ་རྡོ་རྗེ་ལྟར་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པ་རྣམས་ཇི་ལྟ་བུར་འགྱུར་ཞེ་

ན། ལུས་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སངས་རྒྱས་གཟུགས་འཛིན་འོད་བཟང་པོ་ནི་དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་ཞིང་གསེར་གྱི་མདོག་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམན་པ་ནི་འོག་ན་ཡིན་ཞིང་། དམན་པ་མ་ཡིན་པ་ནི་མི་དམན་པ་སྟེ།

དངོས་གྲུབ་མཆོག་ཡིན་ཞིང་དེ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། །མི་སྣང་བ་ལ་སོགས་པ་གྲུབ་པ་ནི་འཇམ་དཔལ་དང་འདྲ་བར་འགྱུར་རོ། །གནོད་སྦྱིན་རྒྱལ་པོ་ནི་འཕགས་པ་ཛཾ་བྷ་ལ་སྟེ། དེ་གྲུབ་ན་རིག་པ་འཛིན་པ་རྣམས་ཀྱི་དབང་པོར་འགྱུར་རོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་

ལ། ཐམས་ཅད་ནི་བཤད་མ་ཐག་པ་དང་འཆད་པར་འགྱུར་བ་རྣམས་སོ། །མཛེས་པའི་གཟུགས་རྣམས་ཞེས་བྱ་བ་ནི། བཟང་པོ་རྣམས་སོ། །ཡིད་འོང་བ་ཞེས་བྱ་བ་ནི་ཡིད་དགའ་བར་བྱེད་པ་རྣམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་སྐལ་བ་དང་ལྡན་

པ་རྣམས་ཀྱིས་མཐོང་བ་ཙམ་ཁོ་ནས་དགའ་བ་སྐྱེད་པར་བྱེད་པའོ། །གཙུག་ཏོར་ཞེས་བྱ་བ་ནི་གཙུག་ཏོར་ལ་སོགས་པ་འཁོར་ལོས་སྒྱུར་བ་བརྒྱད་ཀྱི་གཟུགས་སོ། །ཐམས་ཅད་གྲུབ་པའི་ཡིད་བཞིན་ནོར་བུའི་བདག་པོར་འགྱུར། །ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་

เล่ม ๔๑ · หน้า 291b

བུ་བཞིན་དུ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་བདག་པོར་འགྱུར་བའོ། །རྡོ་རྗེ་འཆང་ཆེན་པོའི་མངོན་པར་བྱང་ཆུབ་པ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག་གོ། །སངས་རྒྱས་རྡོ་རྗེ་ནི་ཐབས་དང་ཤེས་རབ་ཀྱིས་མངོན་

པར་བྱང་ཆུབ་པ་སྟེ། དེའི་རྣམ་པ་ལས་བྱུང་བ་ནི་སངས་རྒྱས་རྡོ་རྗེ་ལས་བྱུང་བའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བའི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་སྟོན་པར་མཛད་པས་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །ད་ནི་སྔོན་དུ་བྱ་བ་

བྱས་པའི་རིག་པའི་བརྟུལ་ཞུགས་ཟླ་བ་དྲུག་པ། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་གོ་སླའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །བསྒོམ་པ་ཞེས་བྱ་བ་ནི། བདག་ཉིད་ཀྱི་ལུས་དང་ངག་དང་སེམས་སུ་བསྒོམ་

པའོ། །དེ་ནི་དངོས་སུ་བྱ་བ་ཉིད། །ཅེས་བྱ་བ་ནི་རང་གི་རིགས་ཀྱི་བུ་མོ་དང་ཡང་དག་པར་སྦྱོར་བ་དང་བདུད་རྩི་ལྔ་བཟའ་བ་ལ་སོགས་པ་དངོས་སུ་བྱ་བ་ཁོ་ན་སྟེ། དེ་ནི་འདིར་དྲང་བའི་དོན་ཡིན་གྱི། ཏིང་ངེ་འཛིན་གྱིས་དམིགས་པ་ཙམ་ནི་མ་ཡིན་པའོ། །དེ་ལྟར་བྱས་ན་དངོས་གྲུབ་འཐོབ། །

ཅེས་བྱ་བ་ནི་དེ་ལྟར་བྱས་ན་འགྲུབ་པར་འགྱུར་གྱི། མ་བྱས་ན་ནི་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐོར་ཚུགས་དབུ་རྒྱན་ཅན་གྱི་གཟུགས། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་པ་ཁྱད་པར་གྱིས་གནོད་པར་གྱུར་པ་མེད་པའོ། །ཆེན་

པོ་སྐུ་མདོག་དཀར་པོར་སྣང་། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེའི་རིགས་ཅན་རྣམས་འོད་དཔག་ཏུ་མེད་པ་ལ་སོགས་པ་རྣམས་ཀྱིས་ནི་རང་གི་ཁ་དོག་ཇི་སྐད་བཤད་པ་ཁོ་ན་གཟུང་བར་བྱའོ། །སྔགས་ཀྱི་སྡོམ་པ་ནི་འཆད་པར་འགྱུར་བ་ཡིན་ཞིང་དེས་བསྡམས་པས་ཏེ་ལྡན་པས་

སོ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །ཞེས་བྱ་བ་ནི་སྐུ་རིས་སུ་བྱས་པ་དང་ལུགས་སུ་བླུགས་པ་དང་། འབུར་དུ་བརྐོས་པ་དང་། རི་མོར་བྲིས་པ་རྣམས་ལས་གང་ཡང་རུང་བ། ཞལ་གསུམ་པ་ཕྱག་དྲུག་པ། ཕྱག་མཚན་དང་། གདན་དང་འོད་དང་ཅོད་པན་དང་ལྡན་པ་བྱ་བའོ། །ལོ་གྲངས་

เล่ม ๔๑ · หน้า 292a

བཅུ་དྲུག་ལོན་པ་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི། བཙོ་བླག་མཁན་གྱི་བུ་མོ་འཕགས་མ་སངས་རྒྱས་སྤྱན་དུ་རྣམ་པར་བསྒོམས་ཤིང་ཕྱག་མཚན་ལ་སོགས་པ་རྣམས་དང་ལྡན་པའོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའོ། །སྔགས་

ནི་ཡི་གེའི་རྣམ་པ་ཅན་དང་ལྷའི་གཟུགས་ཏེ་དེའི་ཆོ་ག་ཡོངས་སུ་ཤེས་པའོ། །སྔགས་ཀྱི་རྒྱུད་ནི་ལེགས་པར་བསླབས། །ཞེས་བྱ་བ་ནི་སྔགས་དང་སྨན་གྱི་མཐུས་ཕན་པ་དང་གནོད་པ་བྱེད་པར་ནུས་པ་དང་མང་དུ་ཐོས་པའོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་དེ། དེའི་

བཙུན་མོ་ནི་སངས་རྒྱས་སྤྱན་ནོ། །སངས་རྒྱས་བྱང་ཆུབ་ལ་གནས་ན། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྒོ་ནས་གཉིས་སུ་མེད་པར་གྱུར་པ་སྟེ། དེ་དང་ལྷན་ཅིག་སྒྲུབ་པ་པོས་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་དུས་བཞིར་ཡང་དག་པར་

སྦྱོར་བའི་མཆོད་པ་བྱའོ། །སྡོང་བུ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བཟའ་བའི་བྱེ་བྲག་ཐམས་ཅད་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་ཟླ་བ་དྲུག་ཚུན་ཆད་ཁོ་ནས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དེ་

བཞིན་གཤེགས་པའི་བདག་པོར་འགྱུར་རོ། །རྟག་ཏུ་གཞན་གྱི་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་སྡོམ་པ་གསུངས་ཏེ། དེ་ནི་ལེའུ་དགུ་པར་རྣམ་པར་བཤད་ཟིན་ཏོ། །འདོད་ཆགས་རྡོ་རྗེའི་སྐྱོ་བ་མོ་ནི་དཀར་མོ་ཞེས་བྱ་བའོ། །ཡོན་ཏན་སྐེ་རགས་ཞེས་བྱ་བ་སྟོབས་དང་མི་

འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན་པའི་མཱ་མ་ཀཱིའོ། །ངག་གི་རྡོ་རྗེ་མཆོག་སེམས་ལ། །ཞེས་བྱ་བ་ནི་གསུང་རྡོ་རྗེ་ལ་གོས་དཀར་མོ་དང་། ཐུགས་རྡོ་རྗེ་ལ་མཱ་མ་ཀཱི་རྣམ་པར་སྣང་མཛད་བཞིན་དུ་སྦྱར་བར་བྱའོ། །རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་སྐུ་དང་

གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་དཀོན་མཆོག་དཔལ་ལ་སོགས་པའི་རྣལ་འབྱོར་གྱིས་རང་གི་རིགས་ཀྱི་བུ་མོ་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ལྷ་མོའི་གཟུགས་སུ་བསམ་པ་བསྟན་ཏོ། །དེ་ལྟར་བྱེད་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པ་རྣམས་ཤིན་ཏུ་

เล่ม ๔๑ · หน้า 292b

མཉེས་པར་གྱུར་ནས་མྱུར་དུ་དངོས་གྲུབ་རབ་ཏུ་སྩོལ་བར་འགྱུར་རོ། །རིག་པའི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་པའི་དངོས་གྲུབ་ཀྱི་འབྲས་བུ་ལ་ཐུག་གི་བར་དུ། ཟས་ཀྱི་ངེས་པ་བསྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་གསུངས་ཏེ། སྒྲུབ་པ་པོ་ནི་བློ་བརྟན་པས། །ཞེས་བྱ་

བ་ནི་ངེས་པར་བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར་རོ་སྙམ་པའི་ངོས་པའི་བློ་ཅན་ཏེ། སེང་གེའི་སྤྱོད་པ་སྤྱོད་པས་སོ། །དེ་ནས་དེར་ནི་ཤིང་རྒྱལ་པོ། །བསྒྲུབ་པའི་དཔའ་བོའི་གཟི་བྱིན་གྱིས། །དམ་ཚིག་འཇིགས་པས་ཁ་ཟས་ནི། །བཟང་པོ་བསྟར་བ་སྟེར་བར་འགྱུར། །

གལ་ཏེ་འདའ་བར་བྱེད་ན་ནགས་ཚལ་གྱི་ལྷ་སངས་རྒྱས་དང་འདྲ་བ་ཡིན་ཡང་། རྡོ་རྗེའི་ཡི་གེ་བཞིན་དུ་མི་ཕྱེད་པར་གསུངས་པའི་དམ་ཚིག་ལས་འདས་པས་མ་རུངས་པར་འགྱུར་རོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དེ་འོན་ཀྱང་སྔར་བཤད་པའི་ཁྲོ་བོ་ལ་སོགས་པ་རྣམས་

ཀྱིས་ཞགས་པ་དང་ལྕགས་ཀྱུ་རྣམས་ཀྱིས་བཀུག་ནས་བསྒྲུབ་པའི་རིག་མ་རྣམས་དང་ལྷན་ཅིག་བརྟུལ་ཞུགས་སྤྱད་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་ཡེ་ཤེས་དོན་དུ་གཉེར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་དུས་སུ་འདི་ཉིད་ཁོ་ན་བསྟེན་པ་ཡིན་པས་ན། རྡོ་རྗེ་གསུམ་གྱི་ཡེ་

ཤེས་བསྟེན་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའོ། །སྔགས་རྣམས་ཐམས་ཅད་ཀྱིས་ཏེ། ལྷ་ཐམས་ཅད་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོ་རྣམ་པར་བསྒོམས་ན། གོ་འཕང་ཆེན་པོ་འཐོབ་པར་བྱེད་པས་ན་དེ་ཉིད་གསང་བའི་ཚུལ་ཆེན་ཡིན་ནོ། །

སྐུ་རྡོ་རྗེ་ལ་སོགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་འཁོར་ལོ་རྡོ་རྗེ་གསུམ་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར། སངས་རྒྱས་བྱང་ཆུབ་རབ་འཇུག་པའོ། །རིག་པའི་བརྟུལ་ཞུགས་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོན་པར་མཛད་པས་ན་དཔལ་རྡོ་རྗེ་སེམས་དཔའ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་

ཐམས་ཅད་ཀྱི་ཆེད་ཀྱི་དཀྱིལ་འཁོར་གྱི་གནས་དེར་མི་ཕྱེད་ཅིང་མངོན་པར་ཏེ། རྣམ་པ་ཐམས་ཅད་དུ་བྱང་ཆུབ་བསྒྲུབ་པར་བྱ་བ་ཡིན་པས་ན། རྡོ་རྗེ་མངོན་པར་བྱང་ཆུབ་པ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ནི་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པ་

เล่ม ๔๑ · หน้า 293a

ཞེས་བྱའོ། །ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་དམ་ཚིག་རབ་ཏུ་བསྲུང་བས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྡོམ་པ་རྡོ་རྗེ་བྱིན་གྱི་རླབས་ཀྱི་རྒྱལ་པོའི་ལེའུ། དེ་ནས་བཅོམ་ལྡན་

འདས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་འདུས་པ་བཞི་པ་ལ་ལྟོས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ནས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་ལ་དོན་དེ་སྟོན་པར་བྱེད་པའི་སྒྲ་རྣམས་ཀྱིས་དམ་ཚིག་

བཤད་པའི་ཕྱིར་གསོལ་བ་བཏབ་པ་ནི། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བདུད་བཞིས་བསྐྱོད་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་མི་བསྐྱོད་པའོ། །མི་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཡེ་ཤེས་

ཆེའོ། །སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་སྐྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་དབྱིངས་སོ། །ཆོས་ཐམས་ཅད་ཀྱི་དྲི་མ་མེད་པ་ཉིད་ཐུགས་སུ་ཆུད་པའི་ཕྱིར་མཁས་ཆེན་པོའོ། །རྡོ་རྗེ་གསུམ་མཆོག་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་མཆོག་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །སྐུ་ལ་སོགས་

པའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀྱིལ་འཁོར་གསུམ་མོ། །གསང་བ་དེ་དམ་ཚིག་ལ་སོགས་པ་བཤད་དུ་གསོལ་ཞེས་བརྗོད་ནས་ཕྱག་འཚལ་བའོ། །ཀུན་དུ་རྣམ་པ་ཐ་དད་པར་སྣང་ཞིང་གསལ་བས་ན་རྣམ་པར་སྣང་བ་སྟེ། འགྱུར་བ་ལ་འགྱུར་བར་བྱེད་ཅེས་བྱ་བ་

བཞིན་དུ་རང་གི་དོན་ལ་བྱེད་པའི་རྐྱེན་སྦྱར་བར་རྣམ་པར་སྣང་མཛད་དོ། །དྲི་མ་མེད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རབ་ཏུ་དག་པའོ། །ངེས་པར་འབྱེད་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པའི་དྲི་མ་ཐམས་ཅད་ཞི་བར་མཛད་

པས་ན་ཞི་བའོ། །བཅོམ་ལྡན་འདས་གང་ལ་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོའི་རྣམ་པ་མངའ་བ་དེ་ལ་དེ་སྐད་ཅེས་བོད་པའོ། །རང་བཞིན་གྱིས་ནི་འོད་གསལ་ཆོས། །ཞེས་བྱ་བ་ནི་མེ་ལོང་ལ་གནས་པའི་གཟུགས་བརྙན་ལྟ་བུའོ། །གཞན་ནི་བཤད་ཟིན་ཏོ། །ར་ནི་ར་ཏཾ་སྟེ་མཆོག་

เล่ม ๔๑ · หน้า 293b

ཏུ་དགའ་བ་ཡིན་ཞིང་། དེ་འཕེལ་ཞིང་རྒྱས་པར་བྱེད་པས་ན་རིན་ཆེན་ནོ། །དེས་མཛེས་ཤིང་འབར་བས་ན་རྒྱལ་པོའོ། །དེ་ཉིད་ནི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་ཟབ་པའོ། །དེ་ཉིད་ནི་མི་ཕྱེད་ཅིང་དྲི་མ་མེད་པའི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ནམ་

མཁའ་དྲི་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་དག་པའོ། །བགོ་བྱ་དང་བགོ་བྱེད་མེད་པའི་ཕྱིར་གོས་མེད་པའོ། །རིན་པོ་ཆེའི་རིགས་ནི་གཏི་མུག་གི་རིགས་ལས་བྱུང་བ་ཉིད་དང་། རྫས་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་ཀུན་དུ་རྨོངས་པ་དང་། སྲེད་པ་དག་ལ་ཐ་དད་པ་མེད་པས་རྡོ་རྗེའི་སྐུ་ལ་

ཕྱག་འཚལ་ལོ་ཞེས་གསུངས་སོ། །མི་ཕྱེད་ཅིང་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་བདག་པོར་གྱུར་པའི་ཕྱིར་རྡོ་རྗེ་དཔག་མེད་རྒྱལ་པོ་ཆེའོ། །ནམ་མཁའ་དང་རོ་གཅིག་པའི་ཡེ་ཤེས་འཛིན་པར་མཛད་པས་ན་མི་རྟོག་ནམ་མཁའ་རྡོ་རྗེ་འཛིན་ནོ། །འདོད་ཆགས་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་

ཅིང་སོན་པས་ན། འདོད་ཆགས་ཕ་རོལ་ཕྱིན་བརྙེས་པའོ། །མི་ཕྱེད་ཅིང་དོན་ཡོད་པའི་འབྲས་བུ་སྒྲུབ་པར་མཛད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་དག་ལ་གདོན་མི་ཟའོ། །དེ་ཉིད་ཀྱི་ཕྱིར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་མཆོག་ཏུ་བདེ་བ་ཆེན་པོ་སྟེ་དེ་

ལས་བྱུང་བའོ། །ཞེ་སྡང་ལས་བྱུང་བའི་ཕྲག་དོག་གི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ་གོ་སླ་བ་ཉིད་དོ། །རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་ལོངས་སྤྱོད་ནི་མི་བསྐྱོད་པ་ལ་སོགས་པའི་སྐུ་ལ་སོགས་པའི་

རྣམ་པ་སྟེ་གང་གིས་བསྟོད་ནའོ། །དེ་ཡང་ཞེས་བྱ་བ་འདིས་ནི་རེ་ཞིག་སྒོམ་པ་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞིང་འདོན་པར་བྱེད་པ་ཡང་དེའི་དོན་ལ་ལྷག་པར་མོས་པའི་སྒོ་ནས། སངས་རྒྱས་དང་འདྲ་བར་འགྱུར་བར་བསྟན་པས། དེའི་ཕྱིར་སངས་རྒྱས་འདྲ་བར་འགྱུར། །

ཞེས་གསུངས་སོ། །དེ་ནས་སྟོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སངས་རྒྱས་ཀུན་ལ་སྟེ་ཕྱིས་སངས་རྒྱས་སུ་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་སོ། །རྡོ་རྗེ་གསང་བའི་གསུང་ནི་འཆད་པར་འགྱུར་བ་སྟེ། དེ་ཉིད་དག་པ་ཡིན་ཞིང་དེ་ཀུན་དུ་གསུངས་པ་

เล่ม ๔๑ · หน้า 294a

ནི། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིགས་པ་མེད་པའི་འབྲས་བུ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །མི་འགྱུར་ཆེ་ནི་འཆད་པར་འགྱུར་བའི་དམ་ཚིག་གོ། །དེ་ཉིད་ནམ་མཁའ་བཞིན་དུ་དྲི་མ་མེད་པ་ཉིད་ཡིན་པའི་ཕྱིར་ནམ་མཁའི་

དབྱིངས་བཞིན་དྲི་མ་མེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེ་ནི། རྣམ་པར་སྣང་མཛད་ཡིན་ཞིང་། དེའི་དམ་ཚིག་ནི་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་དམ་ཚིག་སྟེ་དེའོ། །སངས་རྒྱས་ཡེ་ཤེས་མཚོ་འོད་ཀྱིས། །ཞེས་བྱ་བ་ནི་གཏི་མུག་གི་

རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རླབས་རྣམས་ཀྱིས་རབ་ཏུ་བཀྲུས་པས། གཏི་མུག་ལ་སོགས་པའི་སྐྱོན་མ་ལུས་པ་དང་བྲལ་བའི་ཕྱིར་ཁ་དོག་བཟང་པོ་དང་ལྡན་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་བཞི་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི་

རིགས་ཐམས་ཅད་ཀྱི་ཐུན་མོང་པའི་སྲོག་གཅོད་པ་ལ་སོགས་པའི་འོ། །ཁྱད་པར་གྱི་དམ་ཚིག་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ཤ་ཆེན་བཟའ་བའོ། །རྡོ་རྗེ་གསུང་ནི་མི་འགྱུར་ཆེས། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སོ་སོར་རྟོག་པས་རྣམ་པར་སྦྱངས་པའི་སྒོ་ནས་སྙོམས་པར་འཇུག་

པའི་ལས་ཉམས་པའི་རྣམ་པར་རྟོག་པ་མེད་པའི་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །བཤང་གཅི་དག་ནི་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲས་ནི་སྲོག་གཅོད་པ་ལ་སོགས་པ་བཞི་ལ་མ་གཏོགས་པའི་རིགས་གསུམ་གྱི་དབྱེ་བས་བཞག་པ་གཞན་ལས་ཁྱད་པར་

དུ་བྱ་བའོ། །དེ་ལ་བཤང་བ་ནི་རྣམ་པར་སྣང་མཛད་ནི་རང་གི་ངོ་བོའོ། །གཅི་བ་ནི་མི་བསྐྱོད་པའི་ངོ་བོ་སྟེ་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་བཟའ་བར་བྱའོ། །གཞན་ནི་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་མཐུ་བོ་ཆེས། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་

ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དམིགས་པའི་སྒོ་ནས་སྨྲ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པའི་ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཏེ། མཐུ་ཆེན་ལྡན་ལ་ལྟུང་བ་མེད། །ཅེས་འབྱུང་བའི་ཕྱིར་རོ། །དོན་ཡོད་པར་གྲུབ་པའི་རང་བཞིན་གྱི་ཁྲག །འོད་དཔག་ཏུ་མེད་

เล่ม ๔๑ · หน้า 294b

པའི་རང་བཞིན་གྱི་ཁུ་བ་དང་སྦྱར་བ་ངེས་པའི་བློ་ཅན་རྣམས་ཀྱི་རྟག་ཏུ་བཟའ་བར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །རྡོ་རྗེ་འཛིན་གྱིས་ཏེ། སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་འཛིན་པ་རྣམས་ཀྱིས་སོ། །སྐུ་རྡོ་རྗེ་ལ་སོགས་

པའི་བསྒོམ་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་ནི་འོད་པོ་ཆེ་སྟེ་དམ་ཚིག་སྲུང་བ་དེ་ནི་མངོན་པར་འདོད་པའི་དེ་བཞིན་གཤེགས་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་དུ་ཤེས་པར་ཟད་དོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་

ཆེ་ལྟ་བུའི་རྒྱུད་འདིའི་མཐུ་དང་། སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཐེག་པ་དམན་པ་ལ་སོགས་པའི་དངོས་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར་བས་དེའི་ཕྱིར། རང་སངས་རྒྱས་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལུས་ཀྱི་སྟོན་པ་ན་པ་ནི། །ཞེས་བྱ་བ་ལ། རིགས་

མ་ངེས་པ་རྣམས་ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོར་དགེ་བ་བསགས་ནས་འཆི་འཕོས་ཏེ། གསུང་རབ་མི་གནས་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དེ་རྣམས་སྔོན་གྱི་བསོད་ནམས་ལས་བྱུང་བའི་དད་པའི་སྟོབས་ཀྱིས་བསྒོམ་པས་ན་གཟུང་

བའི་རྣམ་པར་རྟོག་པ་དང་བྲལ་བའི་འཛིན་པའི་རང་བཞིན་གྱི་ཡེ་ཤེས་དངོས་སུ་སྐྱེ་བར་འགྱུར་རོ། །བླ་མ་རྣམས་ཀྱིས་བསྟན་པའི་དེ་ཁོ་ན་ཉིད་རྟོགས་པའི་ཚིག་གི་སྒོ་ནས་བསྟན་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར། ལུས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པ་ཐ་དད་པ་རྣམས་དེས་འདུལ་བ་

རྣམས་ལ་རབ་ཏུ་སྟོན་པར་བྱེད་དོ། །འབྲས་བུ་དེ་ལ་ལྷག་པར་མོས་པ་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་བསྒོམ་པའི་སྒོ་ནས་ཐམས་ཅད་བྱའོ་ཞེས་བྱ་བ་ནི་དམ་ཚིག་གོ། །སེམས་ཅན་འཛུད་པའི་ངང་ཚུལ་ཏེ། །ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱིས་བདག་གི་རྣམ་པར་རོལ་པ་མཐོང་ནས་ཡིད་

དགའ་བར་གྱུར་པ་རྣམས་བདག་ཅག་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་སྒོ་ནས་འཇུག་པར་འགྱུར་ཞིང་། དུས་ཕྱིས་དེའི་འབྲས་བུ་མར་ཐོབ་པར་འགྱུར་བའོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་།

เล่ม ๔๑ · หน้า 295a

ཚིག་རྩུབ་མོ་དང་། ཕྲ་མ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ། མི་དགེ་བ་བཅུ་པོ་དེ་རྣམས་མི་ཕྱེད་པ་ནི་དགེ་བ་སྟེ་དེ་དག་ཉིད་ལས་ཡིན་ཞིང་བསོད་ནམས་མངོན་པར་འདུ་བྱེད་པའི་རང་བཞིན་ཅན་ཏེ་དེ་རྣམས་

སོ། །བྱེད་པ་ཡེ་ཤེས་སྤངས་པ་རྣམས། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཀྱི་མན་ངག་དང་བྲལ་བ་རྣམས་སོ། །མོས་པ་དམན་པ་ཞེས་བྱ་བ་ནི་རང་བདག་ཉིད་དུལ་བ་དང་ཞི་བ་འབའ་ཞིག་ལྷུར་ལེན་ཅིང་། གཞན་གྱི་དོན་སྤངས་པ་སྟེ་འབྲས་བུ་དེ་མངོན་པར་འདོད་པ་རྣམས་

ཀྱི་དམ་ཚིག་འདིའོ། །འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་ཚངས་པ་སྟེ། སྐུ་རྡོ་རྗེའི་སྒྲུབ་པར་བྱེད་པའི་དམ་ཚིག་ནི་ཚངས་པའི་དམ་ཚིག་གོ། །གཏི་མུག་ནི་མཆོག་ཏུ་དགའ་བ་སྟེ་རང་དང་གཞན་དུ་རྣམ་པར་འབྱེད་པའི་སྟོན་པ་རྣམ་པར་རྟོག་པས་ཀུན་དུ་རྨོངས་པར་བྱེད་པའི་

ཕྱིར་རོ། །དེ་ཐོབ་པར་བྱེད་པའི་ལམ་ནི་ཡང་དག་པར་སྦྱོར་བའོ། །དེའི་ལས་ནི་བསྐྱོད་པ་ལ་སོགས་པའི་རང་བཞིན་ནོ། །དེ་ཉིད་འཇིགས་ཤིང་མི་སྡུག་པ་སྟེ། ཉན་ཐོས་ལ་སོགས་པ་རྣམས་ལ་འཇིགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་སྟོན་པ་སྟེ། །ཞེས་

བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་ན་འདུག་ཅིང་དེའི་རྣལ་འབྱོར་དང་ལྡན་པས་མཆོད་པ་ལ་ཐུག་པའི་ཆོ་ག་བྱས་ནས། མཆོག་ཏུ་དགའ་བ་ལས་བྱུང་བ་རིག་མའི་པདྨ་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་

བ་ལ་ཚངས་པའི་དབྱངས་ཁ་དོག་སེར་པོ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་སེར་པོའི་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཀུན་དུ་རེག་ནས་ཚངས་པའི་གཟུགས་རྣམས་སུ་བྱས་ལ་བསྡུས་ཏེ། ས་བོན་དེ་ལ་བཅུག་

ལ། དེ་གྱུར་པར་བྱས་ནས་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པའི་ཚངས་པ་བསྐྱེད་ལ། ཨོཾ་བརྗོད་ཅིང་ཕྱུང་སྟེ། དེས་འགྲོ་བ་རྣམས་ཞི་བར་བྱེད་དུ་བཅུག་ལ་དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ལ་ཐམས་ཅད་ཡོངས་སུ་གྱུར་པར་བྱས་ནས། བདག་ཉིད་ཚངས་པའི་གཟུགས་ཀུན་དུ་

เล่ม ๔๑ · หน้า 295b

སེར་པོ་ཞལ་བཞི་པ། ཕྱག་བཞི་པ། ལུས་རྒྱས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཚངས་པའི་སྐུད་པ་ཐོགས་པ། རལ་པའི་ཐོར་ཚུགས་ལ་བཞུགས་པའི་སྐུ་རྡོ་རྗེའི་དབང་བསྐུར་བ་དང་ལྡན་པ། ཟླ་བའི་འོད་དང་ལྡན་པའི་ངང་པའི་སྟེང་

ན་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། རང་གི་ཁ་དོག་དང་ཕྱག་མཚན་ལ་སོགས་པ་ཐམས་ཅད་དང་ལྡན་པ། མེ་ཏོག་སྣ་ཚོགས་བཅིངས་པའི་ཐོར་ཚུགས་ཅན་གྱི་ཞལ་གཅིག་པའི་ལྷ་མོ་རྡོ་རྗེ་ཞི་བ་དང་སྙོམས་པར་ཞུགས་པ། བྱུ་རུ་ཚིགས་དགུའི་དབྱིག་པ་དང་བཅས་པའི་གཡོན་པའི་

རྩ་བའི་ཕྱག་གི་རིག་མའི་ནུ་མ་འཛིན་པ། རྡོ་རྗེ་རྩེ་གསུམ་པ་དང་བཅས་པའི་གཡས་པས་འཁྱུད་པ། གཞན་དག་ན་ཕྲེང་བ་དང་སྤྱི་བླུགས་བསྣམས་པའི་སྐུ་རྡོ་རྗེ་བསམ་པར་བྱའོ། །དེ་ལྟར་འདས་མ་ཐག་པ་བཞིན་དུ་གསུང་རྡོ་རྗེའི་རྣལ་འབྱོར་སྔོན་དུ་འགྲོ་བས་བདག་ཉིད་ཡི་གེ་ཨ་ལས་བྱུང་

བའི་དབང་ཕྱུག་ཆེན་པོའི་གཟུགས་ཅན་སྐུ་མདོག་ཐལ་སྐྱ། ཞལ་གཅིག་པ་སྤྱན་གསུམ་པ། ཟླ་བ་ཕྱེད་པ་དང་ལྡན་པའི་རལ་པའི་ཐོར་ཚུགས་ལ་བཞུགས་པའི་གསུང་རྡོ་རྗེའི་དབང་བསྐུར་བ་དང་ལྡན་པ་དང་། དྲིལ་བུ་བཏགས་པའི་བ་དན་མཛེས་པ་དང་བཅས་པའི་མགོ་ཅན་གྱི་

རྡོ་རྗེ་ཁ་ཊྭཱཾ་ག་ཕྲག་པ་གཡོན་པ་ལ་བརྟེན་པ་བསྣམས་ཤིང་། ཕྱག་གི་མཐིལ་དུ་བཞག་པའི་བདུད་རྩིས་ཡོངས་སུ་གང་བའི་ཐོད་པ་དང་བཅས་པའི་ཕྱག་གཡོན་པས་སྙོམས་པར་འཇུག་པས་གནས་པའི་ལྷ་མོ་སྐུ་མདོག་སེར་པོ་རྡོ་རྗེ་དང་མདུང་ཐུང་བསྣམས་པ། མེ་ཏོག་སྣ་ཚོགས་

བཅིངས་པའི་ཐོར་ཚུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་འཁྱུད་པ། རྡོ་རྗེ་དང་བཅས་པའི་གཡས་པས་ཀྱང་འཁྱུད་ནས་ནུ་མ་འཛིན་པ། སྟག་གི་པགས་པའི་གོས་གྱོན་པ། ཁྱུ་མཆོག་གི་སྟེང་ན་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཟླ་བའི་འོད་དང་ལྡན་པའི་གསུང་རྡོ་རྗེར་

བསམ་པར་བྱའོ། །དེ་ནས་རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་དབང་ཕྱུག་ཆེན་པོའི་གཟུགས་མཐའ་ཡས་པ་རྣམས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པའི་སྤྱན་ལ་སོགས་པའི་ཚོགས་མཉེས་པར་བྱ་ཞིང་། ཇི་ལྟར་རྙེད་པའི་ཕྱི་རོལ་གྱི་བཙུན་མོ་རྣམས་ཀྱིས་མཉེས་པར་བྱའོ་

เล่ม ๔๑ · หน้า 296a

ཞེས་བྱ་བ་ནི་དམ་ཚིག་གོ། །དེ་བཞིན་དུ་ཐུགས་རྡོ་རྗེའི་རྣལ་འབྱོར་མངོན་དུ་འགྲོ་བས་བདག་ཉིད་ཡི་གེ་ཧཱུཾ་ལས་བྱུང་བའི་ཁྱབ་འཇུག་གི་གཟུགས་ཅན་ཟར་མའི་མེ་ཏོག་ལྟ་བུའི་རིན་པོ་ཆེའི་ཅོད་པན་དང་ལྡན་པའི་རལ་པའི་ཐོར་ཚུགས་མངའ་བ་ཐུགས་རྡོ་རྗེའི་དབང་བསྐུར་བ་དང་

ལྡན་པ། ཕྱག་བཞི་པ། རྡོ་རྗེ་རྩེ་གསུམ་པ་དང་། དུང་དང་བཅས་པའི་གཡས་པ་དང་གཡོན་པའི་རྩ་བའི་ཕྱག་དག་གིས་རང་དང་རྗེས་སུ་མཐུན་པའི་ཁ་དོག་ལ་སོགས་པ་དང་ལྡན་པ། ཕྱག་གཉིས་པ་མེ་ཏོག་རྣམ་པ་ཐ་དད་པ་བཅིངས་པའི་ཐོར་ཚུགས་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་

པ། དམ་ཚིག་དང་རྗེས་སུ་མཐུན་པའི་ལྷ་མོ་རྡོ་རྗེ་གསེར་མདོག་ལ་འཁྱུད་ནས། གཞན་དག་གིས་འཁོར་ལོ་དང་མདའ་བོ་ཆེ་བསྣམས་པ། ནམ་མཁའ་ལྡིང་གི་སྟེང་ན་པདྨ་དང་ཉི་མ་ལ་བཞུགས་པ། ཉི་མའི་འོད་འབར་བ་མངའ་བའི་ཐུགས་རྡོ་རྗེ་བསམ་པར་བྱའོ། །དེ་ནས་རང་གི་ཡེ་ཤེས་

བྱུང་བའི་འོད་ཟེར་གྱི་སྒོ་ནས་སྤྲོས་པའི་ཁྱབ་འཇུག་གི་གཟུགས་མཐའ་ཡས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་བསད་ལ། སླར་དེ་རྣམས་ཡི་གེ་ཧཱུཾ་ལས་བྱུང་བའི་མི་བསྐྱོད་པ་བསྐྱེད་ནས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་ཀུན་དུ་བཀོད་དེ། ཁམས་གསུམ་པའི་ཆོས་

ཀྱི་རྒྱལ་སྲིད་ཀྱི་གདན་ལ་འདུག་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །རྡོ་རྗེ་མཁའ་དབྱིངས་བདག་ཉིད་ཀྱང་། །ཞེས་ཕུལ་དུ་བྱུང་བ་བསྟན་པའི་སྒོ་ནས་རྣལ་འབྱོར་པ་རྣམས་ལ་ཡིད་ཆེས་པ་སྐྱེད་པར་བྱེད་དོ། །རྡོ་རྗེའི་སྐུ་ནི་ཚངས་པར་འགྱུར།

ཞེས་བྱ་བ་ལ་སོགས་པ་ནི་གསལ་བར་བྱས་ཟིན་ཏོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། གཟུགས་དེ་དང་དེ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་བརྒྱ་བྱིན་ལ་སོགས་པའི་གཟུགས་རྣམས་སུ་ཡང་འགྱུར་རོ། །དངོས་པོ་གང་དང་གང་དག་གིས། །ལུས་ཅན་རྣམས་ཀྱིས་

འདུལ་འགྱུར་བ། །བརྩེ་ལྡན་ཐུགས་རྗེའི་དབང་གྱུར་པ། །དེ་དང་དེ་ནི་སྟོན་པར་མཛད། །ཅེས་འབྱུང་བའི་ཕྱིར་རོ། །ཤ་དང་ཁྲག་ཟ་བ་ལྷུར་ལེན་པས་སྔ་མ་བཞིན་དུ་འཇམ་པའི་རྡོ་རྗེ་རྣལ་འབྱོར་གྱིས་གནོད་སྦྱིན་མ་བསྐྱེད་ལ་དེ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་བསྒྲུབས་ན། དམ་ཚིག་

เล่ม ๔๑ · หน้า 296b

ཉམས་སུ་བླངས་པས་མྱུར་དུ་འགྲུབ་པར་འགྱུར་རོ། །ཀླུའི་རྒྱལ་པོ་ནི་ཆུ་ལྷ་ལ་སོགས་པ་རྣམས་ཡིན་ཞིང་། དེ་རྣམས་ཀྱི་བཙུན་མོའི་ཆུང་མ་ཀླུ་མོ་ཆགས་པ་དང་ལྡན་པ་རྣམས་བསྒྲུབ་པར་འདོད་ཅིང་འོ་མ་འཐུང་བ་ལྷུར་ལེན་པ་དང་། ཕྲ་མ་ཅན་ཏེ། ལུས་དྲིས་བྱུགས་པས་དེ་ཁོ་ན་བཞིན་དུ་

བཀུག་སྟེ་མཉེས་པར་འགྲུབ་པར་འགྱུར་རོ། །གང་ཞིག་དེ་ལྟར་མི་བྱེད་པ་དེ་ནི་ཉོན་མོངས་པ་ཉིད་འབའ་ཞིག་ཏུ་འགྱུར་གྱི། འབྲས་བུ་ཐོབ་པར་མི་འགྱུར་རོ། །ཁྲོ་བོའི་སེམས་དང་ལྡན་ཞིང་མངོན་པའི་ང་རྒྱལ་དང་བཅས་པ་དྲི་དང་མེ་ཏོག་ལ་མངོན་པར་དགའ་བ། ཁྲོ་བོ་རྡོ་རྗེ་ས་འོག་གི་རྣལ་འབྱོར་གྱི་

ལྷ་མ་ཡིན་གྱི་བུ་མོ་རྣམས་བསྒྲུབ་པར་བྱའོ། །པགས་པའི་ཕྱེ་མའི་སྤོས་དང་། ཏིལ་མར་ཆེན་པོ་དང་། གླང་པོ་དང་། རྟའི་ཞག་རྣམས་སྲིན་མོ་རྣམས་ལ་སྦྱིན་པར་བྱ་ཞིང་རང་ཉིད་ཀྱང་བཟའ་བར་བྱའོ། །འདི་ནི་སྲིན་མོ་རྣམས་འབའ་ཞིག་གི་མ་ཡིན་གྱི། འབྱུང་པོ་རྣམས་ཀྱི་དམ་ཚིག་ཀྱང་ཡིན་

ནོ། །གཙང་མ་ཞེས་བྱ་བ་ནི་སྔགས་ཀྱི་མངོན་པར་འདུས་བྱས་པའམ། རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཡིས། །ཞེས་བྱ་བས་འདི་སྐད་དུ་བསྟན་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་མཆོད་པ་ལ་ཐུག་པའི་ཆོ་གའི་རྗེས་

ཐོགས་ལ་རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ། དཔལ་བདེ་མཆོག་གི་རྒྱུད་ཕྱི་མ་ལས་གསུངས་པའི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་པའི་ལྷ་མོ་རྣམས་ཀྱི་ས་བོན་ཡི་གེ་ཧྲི་ལ་སོགས་པ་གང་ཡང་རུང་བ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་

ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཀུན་དུ་རེག་སྟེ། དཀར་མོ་ལ་སོགས་པ་མངོན་པར་འདོད་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གཟུགས་སུ་བྱས་ལ། དེ་རྣམས་ལྕགས་ཀྱུའི་རྣམ་པ་ཅན་གྱི་འོད་ཟེར་རྣམས་ཀྱིས་བཀུག་སྟེ། ས་བོན་དེ་ལ་བཅུག་ལ། དེ་ཡོངས་སུ་གྱུར་པར་བྱས་ནས་

དཀར་མོ་ལ་སོགས་པའི་མངོན་པར་འདོད་པའི་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་ལ། ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པ། ས་བོན་ཉིད་བརྗོད་ཅིང་བྱུང་སྟེ། །དེ་སེམས་ཅན་གདུག་པ་རྣམས་ཀྱི་ཁྲག་དང་སྙིང་དབྱུང་བ་ལ་སོགས་པའི་སྒོ་ནས་གསོད་དུ་བཅུག་ལ། དེ་རྣམས་ཀྱི་རྣམ་པར་ཤེས་པ་སྔ་མ་

เล่ม ๔๑ · หน้า 297a

བཞིན་དུ་མི་བསྐྱོད་པའི་གཟུགས་སུ་བསྐྱེད་ནས་དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས། བདག་ཉིད་དཀར་མོ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མའམ་གང་ཡང་རུང་བའི་གཟུགས་སུ་བསམ་པར་བྱའོ། །དེ་ལ་རེ་ཞིག་དཀར་མོ་ནི། །སྐུ་

མདོག་དཀར་པོ། ཕྱག་གཉིས་པ། ཞལ་གཅིག་པ། ཐོད་པ་ལ་བཞུགས་པ། མི་བསྐྱོད་པའི་ཅོད་པན་དང་ལྡན་པ། མེ་ཏོག་སྣ་ཚོགས་བཅིངས་པའི་ཐོར་ཚུགས་ཅན། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་འདབ་མ་སྣ་ཚོགས་པ་ལ་གནས་

པའི་ཉི་མའི་དཀྱིལ་འཁོར་ལ་ཞབས་གཡོན་པ་བརྐྱང་བས་བཞུགས་པ། ཉི་མ་འབར་བའི་འོད་མངའ་བ། །དཔལ་རྡོ་རྗེ་མཁའ་འགྲོ་དང་སྙོམས་པར་ཞུགས་པ། རྣ་རྩེའི་བར་དུ་བཀང་བའི་གཞུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པའི་རང་བཞིན་ཅན་གྱི་མདའ་བཞིས་མྱ་

ངན་ལས་འདས་པའི་རང་བཞིན་ཅན་གྱི་ཚངས་པ་གདོང་བཞི་པའི་མགོ་བོ་རབ་ཏུ་འབིགས་པར་མཛད་ཅིང་བཞུགས་པའོ། །ལྷག་མ་རྣམས་ནི་དཔལ་བདེ་མཆོག་ལས་ཤེས་པར་བྱའོ། །དེ་རྣམས་ནི་བཤང་གཅི་དང་ཁྲག་ཟ་བ་དང་ཆང་འཐུང་བ་ལ་མངོན་པར་དགའ་བ་ལ་འགྲུབ་པར་འགྱུར་རོ། །

གནས་ཀྱི་མཚན་ཉིད་གསད་པར་བྱ། །ཞེས་བྱ་བ་ནི་འདིས་ཟླ་བ་ཕྱེད་ན་འཆི་བར་འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཤེས་པར་བྱས་ནས། སྙིང་དབྱུང་བ་ལ་སོགས་པའི་སྒོ་ནས་བསད་ལ། མི་བསྐྱོད་པའི་གཟུགས་སུ་བསྐྱེད་པར་བྱའོ། །དེ་རྣམས་ཀྱི་རང་བཞིན་གྱིས་འགྲུབ་པའི་རྣམས་ཏེ།

དེ་རྣམས་ཉིད་ཀྱི་ཕྱིར་ཁམས་གསུམ་ན་རྣམ་པ་ཐ་དད་པར་སྤྱོད་པས་ན་རྣམ་པར་སྤྱོད་པའོ། །སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །གང་ལ་ཁམས་གསུམ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གིས་ཏེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་རྗེས་སུ་འབྲང་བ་སྟེ་རྣལ་འབྱོར་པ་

རྣམས་ཀྱི་རྒྱུད་དེའི་རང་བཞིན་དུ་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལུས་ཀྱི་རྣམ་པ་ཐམས་ཅད་ནི། །ཞེས་བྱ་བ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་གསུམ་མོ། །རྡོ་རྗེ་ལས་ནི་བྱུང་བས་བྱ། །ཞེས་བྱ་བ་ལ། སྐུ་རྡོ་རྗེའི་རྣལ་འབྱོར་དང་

เล่ม ๔๑ · หน้า 297b

ལྡན་པས་རང་གི་གསང་བའི་རྡོ་རྗེ་ལས་བྱུང་བའི་རྟག་པའི་ཚོགས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་གྱི་འོད་དཔག་ཏུ་མེད་པའི་ང་རྒྱལ་དང་ལྡན་པ་རྣམས་གོ་རིམས་བཞིན་དུ་ཁམས་གསུམ་པར་གཏོགས་པའི་སེམས་ཅན་རྣམས་གསད་པ་དང་རྫས་འཕྲོག་པ་དང་། བུད་མེད་

སྟེན་པ་བྱེད་དུ་བཅུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཅི་རིགས་པར་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་གྱི་བྱང་ཆུབ་སེམས་དཔའ་དང་། རིག་མའི་ཚོགས་མཐའ་ཡས་པ་དང་ལྡན་པའི་གསུང་རྡོ་རྗེར་ཡོངས་སུ་བསྐྱེད་ཅིང་། རང་རང་གི་འཇིག་རྟེན་གྱི་ཁམས་ན་གནས་པ་

རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ཉིད་ནི། སེམས་ཅན་ཁམས་ནི་ཐམས་ཅད་དུ། །རྟག་ཏུ་སངས་རྒྱས་སྐུ་བྱེད་པའོ། །ཞེས་བྱ་བས་གསུངས་སོ། །ཚིག་གི་ལས་གནས་མ་ལུས་པ། །ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་

པོ་དང་། ངག་ཀྱལ་བ་དག་དང་བཞིའོ། །དེ་ཉིད་ནི་སྒྲ་བརྙན་གྱི་སྒྲ་དང་མཚུངས་པ་དང་། སྒྲ་དང་དོན་དག་ལ་འབྲེལ་པ་མེད་པའི་ཕྱིར་ཁམས་གསུམ་དྲི་མེད་བརྒྱན་པའོ། །གཞན་ནི་གོ་སླའོ། །ཡིད་ཀྱི་རྡོ་རྗེ་རང་བཞིན་ཀུན། །ཞེས་བྱ་བ་ནི། གཞན་གྱི་རྫས་རྣམས་ལ། ཤིན་ཏུ་ཆགས་

པ་དང་། གཞན་ལ་གནོད་པ་བྱ་བའི་སེམས་དང་། སྦྱིན་སྲེག་ལ་སོགས་པ་ལས་རྣམས་ཀྱི་འབྲས་བུ་དེ་དང་དེ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱི་རྣམ་པ་གསུམ་སྟེ། དེ་རྣམས་ཐམས་ཅད་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་དང་གཞན་ལ་ཕན་འདོགས་པ་དང་། རང་བཞིན་གྱིས་

འོད་གསལ་བར་མངོན་སུམ་དུ་བྱེད་ཅིང་བྱའོ། །རྡོ་རྗེ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་དེ་བསམ་པ་བརྟན་པས་འཛིན་པར་བྱེད་པས་ན། རྡོ་རྗེ་བརྟན་པ་འཛིན་པ་སྟེ། སྒྲུབ་པ་པོའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སེམས་ཅན་རྫོགས་པར་བྱ་བའི་ཕྱིར་

མི་ཕྱེད་པའི་དམ་ཚིག་སྟོན་པར་མཛད་པས་ན། དམ་ཚིག་སེམས་དཔའ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་ཐམས་ཅད་ཀྱིས་དེ་ཉིན་དང་མཚན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་སྒོམ་པར་བྱེད་པ་རྣམས་ཀྱི་ཤེས་པ་དང་སྐྱོབ་པའི་བདག་ཉིད་ཅན་གྱི་དམ་ཚིག་ནི་རྡོ་རྗེ་ཐམས་ཅད་ཀྱི་

เล่ม ๔๑ · หน้า 298a

སྔགས་ཀྱི་དམ་ཚིག་སྟེ་དེའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་སྐུད་རིས་སུ་བྱས་པ་ལ་སོགས་པའི་རྣམ་པ་དང་། རང་གི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་དངོས་སུ་མིག་གི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ། ཉིན་དང་མཚན་དུ་ཡང་དག་པར་སྦྱོར་བ་སྒོམ་པའི་

སྒྲུབ་པ་པོས། ལུས་དང་ངག་དང་སེམས་ཀྱིས་དམིགས་པའི་སྒོ་ནས་ཕྱག་མི་བྱ་བར་བསྟན་ཏོ། །ཕྱག་བཙལ་ན་ཉེས་པ་ཅིར་འགྱུར་ཞེ་ན། དེའི་ཕྱིར་མ་རུངས་འགྱུར་ཞེས་བྱ་བ་གསུངས་ཏེ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་སྒོམ་པ་པོ་ལ་ཐ་དད་

པའི་བློས་སངས་རྒྱས་ལ་སོགས་པར་རྟོག་པ་མེད་པ་དང་། ཁྱད་པར་དུ་འཕགས་པའི་ང་རྒྱལ་གྱིས་གནས་པ་ཉིད་ཡིན་པའི་ཕྱིར་དམ་ཚིག་ཉམས་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་མ་རུངས་པར་འགྱུར་རོ། །ཐམས་ཅད་དུ་ཁྱབ་པ་ཉིད་ཀུན་དུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་གསུངས་

ཏེ། ཡི་གེ་གསུམ་ལས་བྱུང་བ་ཀུན་དུ་ཁྱབ་པ་སྐུ་རྡོ་རྗེའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི། རྣལ་འབྱོར་པ་ཐམས་ཅད་ཀྱིས་བསྒོམ་པར་བྱའོ། །སྡོམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པས་གསུང་རབ་ཀྱི་གཞུང་བཞིན་དུ། སློབ་དཔོན་ལ་སོགས་པ་རྒན་པོ་ཐམས་ཅད་ལ་ཕྱག་འཚལ་བའི་

ཕྱིར། ཆོ་ག་གཞན་སེམས་ཅན་ཁམས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཕྱག་བྱ་བའི་ཕྱིར་སྐད་ཅིག་གི་སེམས་ཅན་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་འདོད་པའི་ལྷར་དམིགས་ལ། དེའི་ང་རྒྱལ་དང་ལྡན་པས་བདག་ཉིད་དེ་དང་ལྷན་ཅིག་ཐ་མི་དད་པར་བསྒོམ་པའི་སྒོ་ནས་

ཕྱག་བྱ་བའོ། །དེའི་ཕྱིར། བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །ཞེས་བྱ་བ་གསུངས་ཏེ། །དེ་ནི་རྡོ་རྗེ་མཆོག་གི་ཕྱག་ཡིན་ནོ། །མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་རྡོ་རྗེ་ལས་བྱུང་བའོ། །སྐུ་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་སངས་རྒྱས་སྤྱན་དུ་ལྷག་པར་མོས་པར་

བྱས་ལ་བཏུད་པར་གྱུར་པས་དེ་ལ་ཕྱག་བྱའོ། །ཕྱག་བྱ་བར་འོས་པ་རྣམས་ལ་ཕྱག་བྱ་བའི་འདུ་ཤེས་ཡོད་མོད་ཀྱི་འགའ་ལ་ཡང་ཕྱག་བྱས་པ་མེད་དེ། བཅོམ་ལྡན་འདས་ཀྱིས། བདག་ཉིད་རྡོ་རྗེ་སྐུར་སྦྱོར་བས། །ས་ནི་སྤྱན་དུ་བསམ་བྱས་ནས། །མགོ་བོ་བཏུད་ནས་ཕྱག་བྱས་ཏེ། །

เล่ม ๔๑ · หน้า 298b

འགའ་ལའང་ཕྱག་ནི་བྱས་པ་མེད། །ཅེས་གང་གསུངས་པའོ། །བསྙེན་པ་ལ་སོགས་པའི་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉིན་རེ་ཞིང་བདུད་རྩི་ལྔའི་མཆོད་པ་རྣམས་ཀྱིས་ནམ་མཁའ་ཀུན་དུ་བཀང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་དགོས་པས། དེའི་

ཕྱིར་རྡོ་རྗེ་བཤང་གཅིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནི་གོ་སླའོ། །མི་སྣང་བ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པའི་ཐུན་བཞིར་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རིག་མའི་པདྨ་ན་གནས་པ་རང་གི་ཁས་བླང་བར་བྱ་བའོ། །རྡོ་རྗེ་འཆང་

ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ་མི་སྣང་བའི་དངོས་གྲུབ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་རྫོགས་བྱེད་པའོ། །རྡོ་རྗེའི་རིག་པ་འཛིན་པའི་དངོས་གྲུབ་འཐོབ་པར་བྱ་བའི་ཕྱིར་རྣལ་འབྱོར་པས་སྤྱི་བོར་རྫོགས་པའི་སངས་རྒྱས་བསམ་པར་བྱའོ། །དེ་ལྟར་བྱས་ན་རྡོ་རྗེའི་རིག་

པ་འཛིན་པའི་གྲུབ་པའི་ཁྲོ་བོ་ཐམས་ཅད་ཀྱིས་ཐུབ་པར་མི་ནུས་པར་འགྱུར་རོ། །ལས་དང་པོ་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི་སྔགས་འཆང་ལས་དང་པོ་པ་ཐམས་ཅད་ཀྱི་དམ་ཚིག་སྟེ་དེའོ། །ལུས་ཀྱི་རྡོ་རྗེ་ཁ་ཟས་དང་། ཞེས་བྱ་བ། བཟའ་བའི་དུས་སུ་བདག་ཉིད་ཡི་གེ་ཨོཾ་

ལས་བྱུང་བའི་སྐུ་རྡོ་རྗེར་བསམས་ལ། ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །ཞེས་བྱ་བ། བཟའ་བ་དང་བཅའ་བ་དང་མྱང་བ་དང་གཞིབས་པ་དང་། བདུད་རྩི་ལྔ་དང་བཅས་པའི་མྱོས་པར་བྱེད་པ་དང་། མྱོས་པར་བྱེད་པ་མ་ཡིན་པའི་བཏུང་བ་ལ་སོགས་པ་དང་། གཟུགས་དང་སྒྲ་ལ་སོགས་

པ་དང་། ཕྱི་རོལ་གྱི་བརྟགས་པའི་ངོ་བོ་རྣམས་ལ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་དམིགས་ཏེ། ཁ་དབྱེ་བ་ཡི་ཆོ་ག་བྱ། །ཞེས་བྱ་བའི་ཡི་གེ་ཨ་ལས་བྱུང་བའི་རྡོ་རྗེ་ཆོས་ཀྱི་བྱིན་གྱིས་བརླབས་པའི་ཁ་ཕྱེ་ལ་ཟས་བཟའ་བ་ལ་སོགས་པ་བྱའོ། །ཁ་ཅིག་མདོ་

དོན་ཞེས་འདོན་ཏེ། དེ་ནི་ཉིན་དང་མཚན་དུ་སྒོམ་པར་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་འདི་ཉིད་ལས་གླེགས་བམ་བཀླག་པར་མི་བྱའོ་ཞེས་བཀག་པ་ཡིན་ནོ། །ལས་དང་པོ་པས་ནི་རྡོ་རྗེ་ཆོས་ཀྱི་ང་རྒྱལ་དང་ལྡན་ཞིང་སྒྲ་ཡང་དེའི་རྣམ་པར་བྱིན་གྱིས་བརླབས་ལ་བཀླག་པར་བྱའོ། །བཟའ་

เล่ม ๔๑ · หน้า 299a

བར་བྱ་བ་དང་ཟ་བར་བྱེད་པ་དང་། དེའི་བྱ་བ་ཡོངས་སུ་དག་པ་སྟོན་པར་མཛད་པས་ན། ངོ་བོ་ཉིད་དག་པ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་འཛིན་པས་ན་རྡོ་རྗེ་འཛིན་པ་ཐམས་ཅད་དེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྐུ་དང་གསུང་དང་

ཐུགས་རྣམས་ལ། སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་ཤེས་རབ་ནི་རྡོ་རྗེ་སྙིང་པོ་ཞེས་བྱ་བ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་མཉམ་པ་ཉིད་དེ་སྐུ་རྡོ་རྗེ་ལ་སོགས་པ་མི་དམིགས་པའི་མཚན་ཉིད་མངོན་དུ་བྱས་ནས།

དེ་ཁོ་ན་ཉིད་བརྗོད་དུ་མེད་པའོ་ཞེས་གདུལ་བྱ་རྣམས་ལ་བསྟན་པར་བྱ་བའི་ཕྱིར་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །རྡོ་རྗེ་ལ་སོགས་པའི་རིགས་ལྔ་ལས་ངེས་པར་བྱུང་བ་ཉིད་ཡིན་པའི་ཕྱིར་རིགས་ཀྱི་བུ་སྟེ། བྱང་ཆུབ་སེམས་

དཔའ་ཐམས་ཅད་ཡིན་ཞིང་དེ་རྣམས་ལ་བོད་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པ་ནི་དེ་བཞིན་ཉིད་དོ། །དེ་ཉིད་རང་རང་གི་ངོ་བོ་ལས་མི་འགྱུར་བས་ནི་ཡི་གེའི་ཚིག་གོ། །དེ་བཞིན་ཉིད་ཀྱི་དོན་ཁོ་ན་བསྟན་པར་བྱ་བའི་ཕྱིར། ངོ་བོ་ཉིད་མེད་པ་ཞེས་བྱ་

བ་ལ་སོགས་པས་གསུངས་ཏེ། ངོ་བོ་ཉིད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་གོ། །དེའི་ཕྱིར་བརྗོད་དུ་མེད་པ་ཁོ་ན་ཉིད་དེ། དེ་རྣམ་པར་བསམས་ནས་ཡང་ཅང་མི་གསུང་བར་བཞུགས་སོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྐུ་ནི་མི་

འགྱུར་སྐྱེ་བ་མེད། །ཅེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་དང་འདྲ་བ་ཡིན་པས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པས་གཟུང་བ་གང་ཡིན་པ་དེ་ནི་དོན་དམ་པ་རྣམ་པར་དཔྱད་ན་ལོག་པར་གཟུང་བ་ཁོ་ན་ཡིན་ནོ། །དེ་ནས་འཇམ་དཔལ་ལ་སོགས་

པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གསུང་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་སྟོན་པར་བྱེད་པ་སྟེ། བསྟན་པར་བྱ་བའི་དོན་བརྗོད་པའོ། །དེ་ལ་ཕྱིན་ཅི་ལོག་ཀུན་མི་འབྱུང་བར་བརྟག་ཏུ་གསོལ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་བཀག་པའོ། །

เล่ม ๔๑ · หน้า 299b

དེ་ཅིའི་ཕྱིར་སླད་དུ་ཞེ་ན་སྟེ་རྒྱུ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་དྲི་བ་མཛད་པ་ན། ལན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྡོ་རྗེ་དབྱིངས་སོ། །དེ་རྣམས་

ཀྱི་ངོ་བོ་ཉིད་སྤྱོད་པ་ནི། ཐམས་ཅད་ཀྱི་གཟུགས་སུ་སྟོན་པའི་སྒོ་ནས་འགྲོ་བ་མ་ལུས་པའི་དོན་སྒྲུབ་པའི་རྣམ་པའོ། །དེ་རྣམས་སུ་འགྲོ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ས་བཅུའི་དབང་ཕྱུག་རྣམས་ཀྱི་དོན་བྱ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་སུ་ཡོངས་སུ་གྱུར་པའོ། །རྗེས་

སུ་སྟེ་ཕྱི་ནས་འགྲོ་ཞིང་དེས་འདུལ་བ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྐུ་རྣམས་སུ་ཡོངས་སུ་གྱུར་པས་ན། རྗེས་སུ་འགྲོ་བ་སྟེ། རྗེས་སུ་འགྲོ་བ་ཉིད་ནི་རྗེས་སུ་འགྲོ་བའོ། །སླར་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲི་བ་མཛད་པ་ན། ལན་དུ་ཚངས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། སྐབས་འདིར་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འཇིག་རྟེན་པ་ཁོ་ན་ཡིན་པར་རྟོགས་པར་བྱའི། ཚངས་པ་ལ་སོགས་པའི་གཟུགས་ཅན་གྱི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ནི་མ་ཡིན་ཏེ། དེ་རྣམས་ལ་ཐེ་ཚོམ་མེད་པའི་ཕྱིར་རོ། །མངོན་པར་

ཤེས་པ་ཐོབ་པ་ཙམ་གྱིས་ནི་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་མ་ཡིན་ཏེ། དེའི་ཕྱིར་མི་ཤེས་ནས་འདི་སྙམ་དུ་རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་རྣམ་པར་རྟོགས་ཏེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཁོ་ན་ཡིན་ཞིང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་

དཔའ་གང་ལ་དེ་རྣམས་ལས་གྲུབ་པའི་བདག་ཉིད་དེ་སྐུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་རབ་ཀྱི་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་རྡོ་རྗེ་ཆེན་པོའི་བདག་ཉིད་དོ། །ཆོས་རྡོ་རྗེའི་དེ་ཁོ་ན་ཉིད་ནི་མི་ཕྱེད་པའི་ཆོས་ཀྱི་སྐུའི་རང་བཞིན་ཅན་གྱི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་ཡིན་ཞིང་། དེ་ཉིད་

གསང་བའི་ཡི་གེ་ཆེན་པོ་སྟེ། དེ་མི་ཤེས་བཞིན་དུ་ཚིག་གི་སྒོ་ནས་འཆད་དོ་ཞེས་དེ་སྙམ་དུ་རྡོ་རྗེ་འཆང་ཆེན་པོ་ལ་དེ་རྣམས་ཀྱིས་བརྙས་པར་འགྱུར་རོ། །དེའི་ཕྱིར་བསྟན་པའི་ཚིག་ལ་དཔྱད་པ་མ་བྱས་པ་ཁོ་ན་ལེགས་པ་ཡིན་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་སྐད་གསན་ནས།

เล่ม ๔๑ · หน้า 300a

རང་གི་ཕྱོགས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ཚངས་པ་ལ་སོགས་པ་རྣམས་ཏེ། སའི་སྙིང་པོ་ལ་སོགས་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཁོ་ན་ཡིན་ནོ། །

དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཚངས་པ་ལ་སོགས་པ་རྣམས་ཀྱིས་བརྙས་སུ་ཟིན་ཀྱང་། འོན་ཀྱང་ཁོ་བོ་ཅག་གིས་ནི། །ཆོས་ཉིད་ཇི་ལྟར་གནས་པ་ཁོ་ན་བཞིན་དུ་བསྟན་པར་བྱ་བ་ཡིན་གྱི། སེམས་ཅན་རྣམས་བསླུ་བར་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་

དང་གསུང་དང་ཐུགས་གསང་བ་མི་འགྱུར་བ་ནི་རང་བཞིན་མཉམ་པ་ཉིད་དུ་རོ་གཅིག་པར་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའོ། །བརྙེས་ནས་ཀྱང་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་ནས་ཀྱང་ངོ་། །དེ་ཉིད་ནི་སྐྱེ་བ་མེད་པ་རྟོགས་པའི་རང་བཞིན་ཅན་ཉིད་ཡིན་པའི་

ཕྱིར་བྱང་ཆུབ་སྟེ་དེ་མི་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱང་ཆུབ་སེམས་དཔའ་རྣམས་དྲི་བ་བྱས་པའི་ལན་དུ། སྐྱེ་བ་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པའི་རྡོ་རྗེ་མངོན་པར་བྱང་ཆུབ་པ་ཞེས་བྱ་བས་ནི་རྒྱུ་རིགས་མཐུན་པ་ལས། འབྲས་བུ་ཡང་རིགས་མཐུན་པར་འབྱུང་

ངོ་ཞེས་བསྟན་ཏེ། དེ་སྐད་དུ་ཡང་། བདེ་ཆེན་ལས་བྱུང་བྱང་ཆུབ་ནི། །ནམ་མཁའ་དང་ནི་མཚུངས་པར་འདོད། །འགྲོ་ཀུན་དེ་ཡི་མཚན་ཉིད་དེ། །ནམ་མཁའ་དེ་ལ་མཚན་ཉིད་མེད། །ཅེས་གསུངས་སོ། །གཟོད་མ་ནས་མ་སྐྱེས་པའི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་གང་ལ་བདག་དང་

གཞན་ལ་སོགས་པ་རྣམ་པར་འབྱེད་པའི་རྟོག་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་མི་འགྱུར་བ་སྟེ་འཇིག་པ་མེད་པའི་ཕྱིར་རོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི་རྩིག་པ་བསལ་ནས། ནམ་མཁའ་བྱའོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དང་མཚུངས་

པར་བྱུང་བའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་དུ་མཛད་པའི་བྱང་ཆུབ་ནི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཉིད་མ་ཡིན་པའི་ཕྱིར་ཤེས་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེ་བས་ན་རང་གི་རིག་པར་བྱ་བའི་བྱང་ཆུབ་ཀྱི་རྟོག་པ་

เล่ม ๔๑ · หน้า 300b

སྐྱེ་བ་མེད་པ་ནམ་མཁའ་དང་མཚུངས་ཤིང་བརྗོད་དུ་མེད་པ་ནི། དོན་དམ་པར་བཅོམ་ལྡན་འདས་ཀྱིས་ཚིག་གི་སྒོ་ནས་བསྟན་པར་མི་སྤྱོད་དེ། དེའི་ཕྱིར་ཚངས་པ་ལ་སོགས་པ་རྣམས་བཅོམ་ལྡན་འདས་ལ་དེ་ལྟ་བུའི་སེམས་བསྐྱེད་དུ་ཟིན་ཀྱང་། འོན་ཀྱང་དེ་རྣམས་ལ་ས་བོན་དང་རྟེན་བཞིན་

དུ་སྒྲ་དང་དོན་དག་ལ་འབྲེལ་པ་མེད་པའི་ཕྱིར་བསྟན་པའི་ཚིག་ནི་བརྗོད་དུ་མེད་ཅིང་ཕྱིན་ཅི་ལོག་གི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བསྟན་པར་བྱ་བ་ཡིན་ནོ། །ཁྱབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནི་གོ་སླའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲིས་པའི་ལན་གདབ་པའི་ཕྱིར། ཀྱེ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་མ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །འདི་དག་ཅེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། སེམས་ཅན་གྱི་ཁམས་སུ་གཏོགས་པ་ཇི་སྙེད་ཡོད་པ་རྣམས་སོ། །ཆོས་ཀྱི་

སྐུ་ལ་སོགས་པ་རྣམས་དང་། སྐུ་གསུང་ཐུགས་རྡོ་རྗེ་རྣམས་ཀྱི་ཆོས་ཉིད་ནི་ངེས་པར་འབྱེད་པའི་ཤེས་རབ་བོ། །བརྟེན་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པའི་དབང་སྐུ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་རང་གི་སྙིང་ག་ན་གནས་པའི་ཤེས་རབ་རིག་མའི་གཟུགས་སུ་

ཡོངས་སུ་གྱུར་པ་ལ་འཁྱུད་ནས་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་གཉིས་སུ་མེད་པར་ཡང་དག་པར་སྦྱར་བའི་བདེ་བ་ཆེན་པོའི་རང་བཞིན་མཐོང་བར་འགྱུར་བས་སྐུ་གསུམ་དང་རྡོ་རྗེ་གསུམ་གྱི་ཆོས་ཉིད་ལ་བརྟན་པའོ། །སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་

ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་སྟེ། དེ་ཐོབ་པའོ། །བཅོམ་ལྡན་འདས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱོགས་ཞལ་གྱིས་བཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་དུ་ངོ་བོ་ཉིད་ཀྱིས་དག་པའི་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། བརྗོད་བྱ་བརྗོད་པར་བྱ་བའང་མིན། །ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ལ་ཁྱབ་པའི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་དང་། རྡོ་རྗེ་གསུམ་ནི་རང་བཞིན་གྱིས་དག་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་དག་པའོ། །དེའི་བདག་མེད་པ་ནི་ཆོས་ཐམས་ཅད་སྟོང་པའོ་

เล่ม ๔๑ · หน้า 301a

སྙམ་དུ་སོ་སོར་རྟོག་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཡེ་ཤེས་ཏེ། དེ་ཉིད་ཐབས་ཀྱི་སྟོབས་ཀྱིས་རིག་མའི་གཟུགས་སུ་གྱུར་པའོ། །དེ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོ་གང་ཡིན་པ་ཉིད་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་

ཏན་གྱི་ཚོགས་ཀྱི་རང་བཞིན་གྱི་ཆོས་རྣམས་དང་ཐ་མལ་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་བསྐྱེད་པའི་ས་བོན་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །དེ་ཉིད་རྟེན་དང་བརྟེན་པའི་རྟོག་པ་མེད་པའི་ཕྱིར་གནས་མེད་པའོ། །དེའི་རྡོ་རྗེ་ནི་བཤད་མ་ཐག་པའི་ས་བོན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་

སོ། །དེ་ལས་བྱུང་བ་ནི་ཀུན་རྫོབ་ཀྱི་རང་བཞིན་གྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྟོག་པ་ཇི་སྙེད་པ་ཡོད་པ་སྟེ། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས། ཤེས་རབ་ཐབས་བྱུང་ས་བོན་ནི། །བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། །དེ་ལས་སངས་རྒྱས་ཡང་དག་བྱུང་། །གནས་དེ་

ཐོབ་ནས་མྱ་ངན་འདས། །དེ་ནི་སངས་རྒྱས་ཆོས་རྣམས་དང་། །དངོས་གྲུབ་ཀུན་གྱི་ས་བོན་ཉིད། །འཇིག་རྟེན་གསུམ་ན་ཁམས་གསུམ་པ། །ཐམས་ཅད་དེ་ལས་ཡང་དག་བྱུང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྗོད་བྱ་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་བསྟན་པར་བྱ་བ་ཡིན་

པའོ། །བརྗོད་པར་བྱ་བ་འོང་མིན་ཞེས་པ་ནི། དོན་དམ་པ་ལ་བརྟེན་ནས་ནི་བསྟན་པར་བྱ་བ་དང་། སྟོན་པར་བྱེད་པ་དག་མེད་པ་ཡིན་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་

པས་དྲིས་ཏེ། ཡང་དག་པར་འབྱུང་ཞེས་བྱ་བ་ནི་སྐྱེ་བའོ། །གཞན་ནི་བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་རྣམ་པར་ཕྱེའོ། །དེ་ལྟར་བཅོམ་ལྡན་འདས་ལས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་བ་དང་གནས་པའི་ངེས་པ་རྟོགས་ནས། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་

དཔའ་རྣམས་ངོ་མཚར་དུ་གྱུར་ཅིང་། ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ་ཞེས་བྱ་བས་ནི་རྨད་དུ་གྱུར་ཏོ། །ཀྱེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་ཚིག་སྨྲ་བ་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །དེ་དག་ལས་ཤེ་ན། སེམས་ཀྱིས་ལུས་ནི་འཐོབ་

เล่ม ๔๑ · หน้า 301b

པར་འགྱུར། །སེམས་ཀྱིས་ཆོས་ནི་སྟོན་པ་སྟེ། །སེམས་ཀྱིས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །འདི་ལ་ངོ་མཚར་བ་ཅི་ཞིག་ཡོད་ཅེ་ན། གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པ་གང་དུ་དོན་དམ་པར་ལུས་དང་ངག་དང་སེམས་ཉེ་བར་

དམིགས་པ་མེད་པ་དེར་ཀུན་རྫོབ་ཏུ་གཟུགས་རྣམ་པར་བསྒོམ་པ་ཞེས་བྱ་བ་ནི་ངོ་མཚར་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །རྡོ་རྗེ་གསུམ་ནི་ཚངས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནི་ཉན་ཐོས་རྣམས་སོ། །དེ་རྣམས་ཀྱི་ཆེན་པོ་ནི་རང་རྒྱལ་བ་རྣམས་

སོ། །དེ་རྣམས་ཀྱི་མཆོག་ནི་ས་དང་པོ་ནས་བཟུང་སྟེ་ས་བཅུ་པའི་དབང་ཕྱུག་གི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ལས་ཀྱང་མཆོག་ནི་འདིའི་དཀྱིལ་འཁོར་པ་རྣམས་སོ། །རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་བདག་པོ་ནི།

རྡོ་རྗེ་གསུམ་གྱི་མངའ་དབང་མཆོག་གོ། །རིག་པའི་སྐྱེས་བུ་བསྒོམ་པའི་ཕྱིར། །ཞེས་བྱ་བ་ནི་སྒྲུབ་པ་ཆེན་པོའི་དུས་སུ། སྤྱི་བོར་བདག་པོ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཡང་དྲན་པར་བྱེད་པའོ། །མཁའ་དབྱིངས་ནི་བཙུན་མོའི་པདྨའོ། །

དེ་ཉིད་མཆོག་ཏུ་དགའ་བ་འབྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེའི་དབུས་ན་གནས་པའི་སངས་རྒྱས་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱིའོ། །རྡོ་རྗེ་སྐུ་ནི་རབ་བསྒོམས་ནས། །སྤྱི་བོར་རྡོ་རྗེ་རབ་ཏུ་བསྒོམ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། རིག་པའི་བརྟུལ་ཞུགས་སྤྱད་ཅིང་ལྷ་

རྣམས་ཀྱིས་རྗེས་སུ་གནང་བའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་དུ་སྐུ་རྡོ་རྗེའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་ཆོ་གའི་རྗེས་ཐོགས་ལ་དེ་ཁོ་ན་བཞིན་དུ་རང་གི་རིག་མ་བསྐྱེད་དེ། དེ་དང་ཡང་དག་པར་སྦྱོར་བའི་དུས་སུ་རང་གི་སྤྱི་བོར་རྡོ་རྗེ་འཆང་

ཆེན་པོ་དབང་བསྐུར་བ་རབ་ཏུ་སྟེར་ཞིང་སྔར་བཤད་པའི་ཞལ་དང་མཚོན་ཆ་ལ་སོགས་པ་དང་ལྡན་པ་འོད་ཟེར་ཀུན་ནས་འཕྲོ་བ་བསམ་པར་བྱའོ། །བསྒོམ་པ་དེས་ནི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མྱུར་དུ་འཐོབ་པར་འགྱུར་རོ། །རྡོ་རྗེའི་སྐུ་ཞེས་བྱ་བ་དེ་ཉེ་བར་མཚོན་པ་ཡིན་ཏེ། མི་བསྐྱོད་

เล่ม ๔๑ · หน้า 302a

པ་དང་དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དབང་བསྐུར་བའི་དོན་དུ་སྤྱི་བོར་རྡོ་རྗེ་འཆང་ཆེན་པོ་ཉིད་བསྒོམ་པར་བྱའོ། །ཀུན་ལ་ཞེས་བྱ་བ་སྨོས་པ་ནི་དཀྱིལ་འཁོར་པ་ལས་ཕྱི་རོལ་གྱི་ལྷ་སྒོམ་པ་པོ་རྣམས་

ཀྱིས་ཀྱང་ཇི་ལྟར་མཐུན་པ་བཞིན་དུ་རང་གི་རིགས་ཀྱི་དབང་བསྐུར་བ་བརྟག་པར་བྱའོ། །རིགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ལ། སྤྱན་དང་སའི་སྙིང་པོ་དང་འཕགས་པ་གཤིན་རྗེ་གཤེད་དང་། བྱམས་པ་དང་བྱམས་མའི་རྣལ་འབྱོར་པ་རྣམས་ཀྱི་སྤྱི་བོ་ལ་རྣམ་པར་སྣང་མཛད་དང་། དེ་

བཞིན་དུ་མཱ་མ་ཀཱི་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་རང་གི་རིགས་ཀྱི་དེ་བཞིན་གཤེགས་པའི་དབང་བསྐུར་བའི་གོ་འཕང་བསྒོམ་པར་བྱ་ཞིང་། འཕགས་པ་གཞན་གྱིས་མི་ཐུབ་པ་དང་། འཕགས་པ་བདུད་རྩི་ཞེས་བྱ་བའི་རྣལ་འབྱོར་པ་དག་གིས་མི་བསྐྱོད་པའི་དབང་བསྐུར་བ་

བསམ་པར་བྱའོ། །གལ་ཏེ་དེ་ལྟར་མ་བསྒོམས་ན་ཕྱག་རྒྱ་ཆེན་པོ་འགྲུབ་པར་མི་འགྱུར་རོ། །རིག་མ་དང་ཡང་དག་པར་ལྡན་པའི་ལྷ་སྒྲུབ་པར་བྱེད་ཅིང་མི་ཕྱེད་པའི་གསང་བ་སྟེ་དབང་བསྐུར་བ་སྟེན་པར་མཛད་པས་ན། རིག་པའི་སྐྱེས་བུ་རྡོ་རྗེ་གསང་བ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །

ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་སུ་གྱུར་པའི་འཕགས་མ་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཀུན་དུ་བཟང་མོ་དང་སྙོམས་པར་ཞུགས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འདོད་པའི་ལྷ་གང་ཡང་རུང་བའི་གཟུགས་ཅན་བདག་ཉིད་ཕྱི་དང་ནང་གི་ལོངས་སྤྱོད་

རྣམས་ཀྱིས་ཚིམ་པར་བྱེད་པར་བསམ་པར་བྱ་བ་ཡིན་པས་དེའི་ཕྱིར་འབྱུང་བ་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱུ་མཆོག་འོན་ཏང་མཉེས་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་སོ། །གང་ཞིག་འདི་དག་ཅེས་བྱ་བ་

ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞག་བདུན་གྱི་བར་དུ་བྱས་ན་བསྒྲུབ་པ་དེ་ལ་ཞུགས་པའི་སྒྲུབ་པ་པོས་སྐུ་གསུམ་གྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །སླར་ཞེས་བྱ་བའི་སྒྲ་ནི་སྔར་བཤད་པའི་སྐུ་རྡོ་རྗེ་ལ་སོགས་པའི་དམ་ཚིག་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་ངེས་པར་

เล่ม ๔๑ · หน้า 302b

གཟུང་བའི་དོན་ཅན་ཡིན་པར་ཐམས་ཅད་དུ་རྟོགས་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་སྒྲུབ་པ་པོ་རྣམས་ལ་མདོར་བསྡུས་ནས་བསྟན་པའི་ཕྱིར་བསྡུས་པ་སྟེ། དེ་ཉིད་གསང་ཞིང་མཆོག་ཏུ་གསང་བའོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཅན་

གྱི་དམ་ཚིག་ནི་འདའ་བར་མི་བྱ་བ་སྟེ། དེས་ཕྱག་རྒྱ་ཆེན་པོའི་ཁ་དོག་དང་དབྱིབས་ལ་སོགས་པའི་དོན་བརྟག་པར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་བཞིན་དུ་ཀུན་བསྒོམས་ནས། །ཞེས་བྱ་བ་གསུངས་སོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། སྔར་བཤད་པའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་བྱང་ཆུབ་ཀྱི་

སེམས་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་སྒྲུབ་པའི་དཀྱིལ་འཁོར་བསྐྱེད་ལ། དེའི་དབུས་ཀྱི་གདན་ལ་གནས་པས་དེ་ཁོ་ན་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་དང་མཆོད་པའི་ཆོ་གའི་རྗེས་སུ་ཐོགས་ལ་ལྷའི་འཁོར་ལོ་ཕྱུང་སྟེ། རང་གི་ལས་རྣམས་ལ་

སྦྱར་ནས་སླར་བཀུག་སྟེ་གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ལ། རང་རང་གི་རིག་མ་རྣམས་དང་ཡང་དག་པར་ལྡན་པར་བྱས་ཏེ། རང་གི་ཕྱག་རྒྱ་ཆེན་པོ་རྣམ་པར་དགོད་པ་ལ་བརྩོན་ཞིང་བདེ་བ་ཆེན་པོའི་མཐུས་གཞན་གྱི་དབང་དུ་གྱུར་པར་བསམ་པར་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་མཐུ་སྐྱེས་

པས་སྐད་ཅིག་དེ་ཉིད་ཀྱིས་ལྷ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ལ་ཞུགས་པས་ལག་པའི་ཕྱག་རྒྱ་བཅིང་བར་མི་བྱ་སྟེ། ལྷ་མོའི་གཟུགས་ཅན་གྱི་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྒོ་ནས་འཁྱུད་པ་ལ་སོགས་པ་

བཅིངས་པས་འགྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །འདིའི་དམ་ཚིག་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདའ་བར་མི་བྱ་བ་ཡིན་ནོ། །སྐུ་རྡོ་རྗེའི་རྣལ་འབྱོར་པས་བཤང་བ་ལ་སོགས་པ་ལ་སྨད་པར་མི་བྱ་སྟེ། དེ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་བྱིན་གྱིས་

བརླབ་པ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་བཞིན་དུ་སྦྱང་བ་བྱས་ལ་བཟའ་བར་བྱ་བ་ཡིན་པས་དེའི་ཕྱིར་བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད། །ཅེས་བྱ་བ་ལ། རང་གི་དཀྱིལ་འཁོར་ན་གནས་པའི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་དང་ལྡན་ཞིང་གོས་

เล่ม ๔๑ · หน้า 303a

དཀར་མོའི་གཟུགས་སུ་རྣམ་པར་བསྒོམས་པའི་ཕྱི་རོལ་གྱི་བུད་མེད་དང་སྙོམས་པར་ཞུགས་པས་འདོད་པའི་ཁམས་སུ་གཏོགས་པ་རྣམས་དང་། གཟུགས་ཀྱི་ཁམས་སུ་གཏོགས་པའི་བུད་མེད་ཀྱི་གཟུགས་བྷ་ག་མེད་པ་རྣམས་དང་གཟུགས་མེད་པའི་ཁམས་ན་གནས་པའི་

བུད་མེད་རང་གི་ཡིད་ཀྱིས་བསམས་པ་གོས་དཀར་མོའི་གཟུགས་སུ་རྣམ་པར་བསྒོམས་པ་རྣམས་རང་གི་བ་སྤུའི་བུ་གའི་གསེབ་ནས་རྣམ་པར་བྱུང་བའི་འོད་དཔག་ཏུ་མེད་པའི་ཚོགས་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་སྤྱད་པར་བྱའོ། །གསུང་གི་རྡོ་རྗེས་མི་སྨད་དོ། །ཞེས་བྱ་བ་ནི་ཚིག་རྣམས་ཀྱིས་སྨད་པར་

མི་བྱ་བའོ། །རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་སྐུ་ལ་གནས་པས་ན་རྡོ་རྗེ་སྐུ་གསུམ་ལ་གནས་པའོ། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། །ཞེས་བྱ་བ་ནི་སྔར་བཤད་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཅན་གྱི་རྡོ་རྗེ་གསུམ་གྱི་དམ་ཚིག་དེ་རྣམས་ཀྱི་སྒྱུ་མ་ལྟ་བུར་ལྷག་པར་དམིགས་

པའི་སྒོ་ནས་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་བདག་ཉིད་ཚིམ་པར་བྱ་ཞིང་སྨད་པར་ཡང་མི་བྱའོ། །ཁྱད་པར་དུ་འཕགས་ཤིང་མི་ཕྱེད་པའི་དམ་ཚིག་སྟོན་པར་མཛད་པའི་ཕྱིར་དམ་ཚིག་ཆེན་པོ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །མདོར་ན་ཕུང་པོ་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་

དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྟན་ཏོ། །རྡོ་རྗེ་སྐྱེ་མཆེད་ནི་ནང་གི་བདག་ཉིད་ཅན་གྱི་མིག་ལ་སོགས་པ་རྣམས་ཏེ། དེ་དག་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་གི་རང་

བཞིན་ཡིན་ནོ། །དེ་རྣམས་ཀྱི་ཡུལ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཅན་རྣམ་པ་གསུམ་པའི་གཟུགས་ལ་སོགས་པ་རྣམས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་གི་རང་བཞིན་ནོ། །སྙིང་པོ་བསྡུས་པ་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་ཏེ། རིགས་ལ་གཅིག་གིས་ཚིག་ཏུ་བྱས་

པའོ། །ས་ལ་སོགས་པ་ལ་མ་གཏོགས་པའི་ཁམས་གསུམ་པ་མེད་པས་དེའི་ཕྱིར་ཁམས་གསུམ་གྱི་དམ་ཚིག་རྡོ་རྗེའོ། །ས་དང་ཆུ་དང་མེ་དང་རླུང་ནི་སྤྱན་ལ་སོགས་པ་བཞིའི་རང་བཞིན་ཡིན་ནོ། །ཆོས་ཐམས་ཅད་ལ་ནམ་མཁའ་བཞིན་དུ་སོ་སོར་རྟོག་པའི་རང་བཞིན་གྱི་ཤེས་རབ་ནི་རྡོ་རྗེ་

เล่ม ๔๑ · หน้า 303b

ནམ་མཁའ་ཞེས་བྱ་བར་བརྗོད་དོ། །དབྱིངས་དམ་ཚིག་ནི་བདེ་བ་ཆེན་པོ་སྟེ། རྫོགས་པའི་བྱང་ཆུབ་བསྐྱེད་པའི་ཆེད་དུ་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་བཤད་མ་ཐག་པའི་ཤེས་རབ་ཉིད་ནི་རྡོ་རྗེ་ཞེས་བྱ་སྟེ། ཟླ་བ་ལྟ་བུར་དག་པའི་བློ། །རྡོ་རྗེ་ཞེས་ནི་མངོན་

པར་བརྗོད། །ཅེས་འབྱུང་བའི་ཕྱིར་རོ། །དེ་ཀུན་དུ་བཟང་མོའི་གཟུགས་སུ་གྱུར་པ་སྙོམས་པར་འཇུག་པའི་འཁྱུད་པའི་སྦྱོར་བས་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ། དཔལ་བདེ་བ་ཆེན་པོའོ། །དེས་ནི་སའི་ཁམས་ལ་སོགས་པའི་རང་བཞིན་ཅན་ལ་སོགས་པ་ལྷ་མོ་བཞིས་ཡོངས་སུ་

བསྐོར་ཞིང་། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་རང་བཞིན་ཅན་གྱི་ཀུན་དུ་བཟང་མོ་དང་སྙོམས་པར་ཞུགས་པ་གསང་བ་ལྔའི་བདག་ཉིད་ཅན་གྱི་དཔལ་བདེ་བ་ཆེན་པོ་བསྟན་ཏོ། །ཕུང་པོ་ལ་སོགས་པ་རྣམ་པར་དགོད་པའི་གོ་རིམས་ནི་སྒྲུབ་པའི་ཐབས་སུ་བྲིས་པས་ཡང་བརྗོད་པར་མི་

བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ནི་སྤྱན་ལ་སོགས་པའི་པདྨ་ཡིན་ཞིང་དེ་དང་ཡང་དག་པར་སྦྱོར་བས་སྙོམས་པར་འཇུག་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དེ་རྣམས་ཀྱི་དབང་ཕྱུག་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་སྟེ་དཔལ་རྡོ་རྗེ་སེམས་

དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཔལ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེའི་མཉམ་པ་ཉིད་ནི་རྡོ་རྗེ་སློབ་དཔོན་དང་ལྷན་ཅིག་ཐ་དད་པ་མེད་པའོ། །དེ་ཉིད་སྤྱོད་པ་སྟེ། ཀུན་དུ་བཟང་པོར་བྱས་པའི་ཁམས་གསུམ་པའི་

སེམས་ཅན་རྣམས་སྡུག་བསྔལ་ལས་འདོན་པའི་རང་བཞིན་ཡིན་ཞིང་དེ་ཉིད་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ནི་མགོན་པོ་བྱམས་པ་དང་དེ་བཞིན་གཤེགས་པ་རྣམས་གོ་རིམས་

བཞིན་དུ་འདྲི་བ་དང་། འཆད་པར་བྱིན་གྱིས་བརླབ་པ་ཉིད་ཀྱི་ཕྱིར་ཅང་མི་གསུང་བར་གྱུར་པའོ། །དེའི་རྗེས་ཐོགས་ལ་མགོན་པོ་བྱམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དྲིས་ཏེ། དེ་བཞིན་གཤེགས་པ་

เล่ม ๔๑ · หน้า 304a

ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པ་ནི། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་སྙོམས་པར་ཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་དོན་སྟོན་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་སྟེ། དེའི་ལུགས་སུ་དབང་བསྐུར་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པས་དབང་བསྐུར་བའོ། དེ་ཉིད་ཀྱི་ཕྱིར་མགོན་པོ་བྱམས་པས། བཅོམ་ལྡན་འདས་སློབ་དཔོན་ཞེས་བྱ་བ་གསུངས་ཏེ། འདི་ལ་རྣམ་པ་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་སྤྱོད་པ་དེ་ལ་འཇུག་པ་ཡོད་པས་ན་སློབ་དཔོན་ཡིན་ཞིང་།

འགྲོ་བ་མ་ལུས་པ་མངོན་པར་གདོན་པའི་ཕྱིར་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་ལ་སོ་སོར་རྟོག་པའི་བསམ་པས། འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་གནས་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྟོད་པའི་ཚིག་དེས་ནི་འདིར་ཐུན་མོང་གི་དབང་བསྐུར་བ་ཉིད་ཀྱང་

ཐམས་ཅད་ལས་བླ་མར་གྱུར་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལས་མགོན་པོ་བྱམས་པས་ནི་ཐོས་པ་ཡང་མེད་ཅིང་མན་ངག་བླངས་པ་ཡང་མེད་དོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བདག་ནི་རྫོགས་པའི་སངས་རྒྱས་སོ་

སྙམ་པའི་ང་རྒྱལ་དབྱུང་བའི་དུས་སུ་སེམས་གཞན་མི་འབྱུང་བའི་ཕྱིར་རོ། །ཇི་ལྟར་འཁོར་བའི་ཕུང་པོ་འདི། །ང་རྒྱལ་ལས་ནི་འབྱུང་བ་བཞིན། །སངས་རྒྱས་ང་རྒྱལ་སྦྱོར་བ་ཡིས། །དེ་ཉིད་སངས་རྒྱས་གཟུགས་སུ་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས།

ད་ལྟར་བྱུང་བའི་དུས་ཉིད་ནི། །རྟག་ཏུ་འདའ་བར་དཀའ་བ་ཡིན། །ཞེས་གསུངས་སོ། །དེ་སྐད་དུ་ཡང་། ལྷ་དང་དེ་བཞིན་གཤེགས་ཀུན་དགའ་ཉིད་ང་། །སྙམ་དུ་གང་གི་རྟག་ཏུ་ང་རྒྱལ་བྱས། །དེ་རྣམས་ལྷ་དང་མི་ཡི་འདྲེན་པ་སྟེ། །དེ་རྣམས་བློ་བཟང་བརྩེར་ལྡན་མཆོད་འོས་ཡིན། །ཞེས་

གསུངས་སོ། །དེ་ལྟར་ན་མཆོག་གི་ང་རྒྱལ་གྱིས་གནས་པའི་སློབ་དཔོན་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཡིན་ནོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་དཔོན་དང་བྱང་ཆུབ་ཀྱི་སེམས་འདི་ནི་གཉིས་སུ་མེད་ཅིང་རྣམ་པ་གཉིས་སུ་དབྱེར་མེད་དོ་ཞེས་བྱ་བས་བསྟན་ཏོ། །རིགས་ཀྱི་བུ་རྣམས་

เล่ม ๔๑ · หน้า 304b

མདོར་བསྟན་ན། །ཞེས་བྱ་བ་ནི། རྒྱས་པ་བཞག་ལ་མདོར་བསྡུས་ནས་བསྟན་པར་བྱའོ་ཞེས་ཁྱབ་པའི་དོན་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །འཁོར་བ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་འཚོ་བའི་བྱིན་གྱི་རླབས་མངའ་བའི་ཕྱིར་

འཚོ་བའོ། །བཞེས་པ་ཞེས་བྱ་བ་ནི་དུས་འདའ་བར་བྱེད་པའོ། །དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས་སློབ་དཔོན་ང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྣམས་ཀྱིས་ཀུན་དུ་མཆོད་དོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ་ཞེས་བྱ་བ་ལ་

སོགས་པ་ཡང་བརྗོད་ནས། སླར་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཤེགས་པར་མཛད་དེ། ཆོས་ཀྱི་སྐུ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། །སྤྲུལ་པའི་སྐུ་ནི་སེམས་ཅན་རྣམས་ཀྱི་

ཐུན་མོང་པ་ཡིན་མོད་ཀྱི་དེ་མཐོང་བའི་སྐལ་བ་དང་ལྡན་པ་དག་གི་སྤྱོད་ཡུལ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སངས་རྒྱས་ཀྱི་གདུལ་བྱ་གང་དག་ཡིན་པའི་སེམས་ཅན་ཐམས་ཅད་བཏུལ་ལོ་ཞེས་འབྱུང་བའི་ཕྱིར་རོ། །སློབ་དཔོན་ཡང་སྤྲུལ་པའི་སྐུའི་ནང་དུ་གཏོགས་པ་ཁོ་ན་ཡིན་ཏེ།

དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །སློབ་དཔོན་གཟུགས་སུ་ཀུན་རྫོབ་ཏུ། །རྣལ་འབྱོར་གནས་ལ་ཡང་དག་གནས། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་

བརླབས་པའི་རྒྱུད་ཅན་གྱི་སློབ་དཔོན་གྱི་སྤྲུལ་པའི་སྐུ་མཐོང་བའི་སྤྱོད་ཡུལ་མེད་པ་དེ་ལྟ་བུའི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཀྱིས། འདི་ལས་གསུངས་པའི་ཚུལ་བཞིན་དུ་རྫོགས་པར་བྱང་ཆུབ་པར་བྱེད་དོ། །དེའི་ཕྱིར་དགྱེས་པར་

གྱུར་པས་དུས་གསུམ་དུ་བྱོན་ནས་དེ་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་བཟུང་སྟེ། ས་བཅུའི་དབང་ཕྱུག་གི་བར་རིགས་ངེས་པ་རྣམས་དང་ལྷན་ཅིག་རྒྱུད་ཐ་དད་པ་མེད་པར་གྱུར་ནས། བདག་ཅག་དེ་བཞིན་གཤེགས་པ་

เล่ม ๔๑ · หน้า 305a

ཐམས་ཅད་ཀྱི་ཕའོ་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། ཡང་སླར་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ། །ལུང་ལས་ཀྱང་། ཀུན་དགའ་བོ་ཕྱོགས་གང་ན་འདུལ་བ་འཛིན་པ་ལ་གནས་པ་དེར་ནི་ཁྲོ་བོ་སྤྲོ་བ་ཆུང་བ་ཡིན་ཏེ། དེ་ཉིད་ཀྱིས་ངའི་

བྱ་བ་སྒྲུབ་པར་བྱེད་དོ་ཞེས་གསུངས་སོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་གནས་པ་བྱང་ཆུབ་ཀྱི་སེམས་བླངས་པ་ནས་ས་བཅུ་པ་ལ་རབ་ཏུ་གནས་པའི་སེམས་ཅན་སངས་རྒྱས་ཉིད་དུ་དམ་བཅའ་བ་བྱས་པ་རྣམས་ནི་ངེས་

པའི་ཕུང་པོར་གཏོགས་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་སུ་བརྗོད་ཅིང་། དེ་རྣམས་ཀྱི་སྨོན་ལམ་གྱིས་ཀུན་ནས་སློང་བའི་ལུས་དང་ངག་དང་སེམས་ཀྱི་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་སྔ་མ་ལས། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་གསེབ་ནས་བྱུང་བའི་བསོད་ནམས་ཀྱི་ཕུང་

པོ་བྱང་ཆུབ་ཀྱི་སེམས་བསྒོམ་པས་ཀུན་ནས་སློང་བ་གང་ཡིན་པ་དེ་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པར་བསྟན་ཏོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་སྟེན་པར་

བྱེད་པའི་ཕྱིར་སྙིང་པོར་གྱུར་པའོ། །རྫོགས་པའི་བྱང་ཆུབ་འབྱུང་བའི་གནས་ཉིད་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཏེ་གང་ལ་དེ་ཡོད་ཅིང་སེམས་ཅན་རྣམས་ལ་ཡང་སྐྱེད་པར་བྱེད་པ་དེ་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་

ཟིལ་གྱིས་གནོན་པ་ཡིན་དུ་ཆུག་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་སེམས་ཅན་བསོད་ནམས་ཅན་རྣམས་ཀྱི་ཕུང་པོས་ཇི་ལྟར་ཟིལ་གྱིས་གནོན་པར་ནུས་པར་འགྱུར་ཞེ་ན་མ་ཡིན་ཏེ། གངྒཱའི་ཀླུང་མང་པོའི་བྱེ་མ་སྙེད་ཀྱི་བསྐལ་པ་གྲངས་མེད་

པར་རྩོལ་ཞིང་འབད་པས་བྱང་ཆུབ་མ་ཐོབ་པའི་བྱང་ཆུབ་སེམས་དཔའ། གསང་བ་འདུས་པ་འདི་ཉིད་ལ་མངོན་པར་དགའ་བར་གྱུར་ན་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་ཞེས་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །སྐབས་འདིར་དེ་བཞིན་

เล่ม ๔๑ · หน้า 305b

གཤེགས་པ་སྒྲ་ཇི་བཞིན་དུ་བཤད་ན། ནམ་མཁའ་དང་མཉམ་པའི་བྱེ་མ་སྙེད་ཀྱང་ཡོན་ཏན་གྱི་ཆའི་རྡུལ་གྱི་ཆ་ཤས་དང་ཡང་མཚུངས་པ་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་བསོད་ནམས་ཀྱི་

ཕུང་པོ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་སློབ་དཔོན་ལ་བརྙས་པའི་སེམས་བསྐྱེད་པས། སོ་སོའི་སྐྱེ་བོ་རྣམས་དམྱལ་བ་ཆེན་པོར་འགྲོ་བར་དོགས་པས་འཇིགས་པ་ལ་སོགས་པ་བསྟན་ནས་ཅང་མི་གསུང་བར་གྱུར་པ་བསྟན་ཏོ། །བླ་མ་ལ་གུས་པ་སྔོན་དུ་འགྲོ་བ་ཅན་གྱིས་

མཆོད་པ་ལ་སོགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་དང་། དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་དང་། རྣམ་པར་

སྣང་མཛད་ནི་དེ་བཞིན་གཤེགས་པ་ལྔའོ། །རྡོ་རྗེ་འཛིན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་ཐམས་ཅད་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་འཛིན་པའི་རིགས་ཐམས་ཅད་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་ལ་ཡོངས་སུ་

གྲུབ་པའོ། །དེ་བསྐྱེད་པའི་དམ་ཚིག་ནི་སློབ་དཔོན་མཉེས་པར་བྱ་བ་ཡིན་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། དེ་མངོན་དུ་མཛད་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཞེས་བྱ་བ་ལ་སོགས་པས་བོས་ཏེ་བཀའ་སྩལ་པའོ། །

གང་ཡང་ཞེས་བྱ་བ་ལ་སོགས་པས་ནི་ངེས་པའི་ཕུང་པོར་གཏོགས་པའི་སེམས་ཅན་སངས་རྒྱས་ཀྱི་མིང་ཅན་རྣམས་འབའ་ཞིག་ཏུ་མ་ཟད་ཀྱི་ཡོངས་སུ་རྫོགས་པའི་སངས་རྒྱས་དུས་གསུམ་གྱི་ཡེ་ཤེས་ལས་བྱུང་བ་དེ་རྣམས་ཀྱང་བྱོན་ནས། དཔལ་གསང་བ་འདུས་པས་དབང་བསྐུར་བའི་

སློབ་དཔོན་ལ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པ་བྱེད་ཅིང་ཕྱག་ཀྱང་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་དྲི་བ་དང་ལན་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ཅི་ལ་གནས་ཤེ་ན།

เล่ม ๔๑ · หน้า 306a

སྐུ་གསུམ་གྱི་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་ལ་གནས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་གསང་བའི་ཏིང་ངེ་འཛིན་ཏེ། ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ལས་བཞེངས་ནས་ཞེས་བྱ་བ། དེ་ལས་སད་ནས་འདིར་

དབང་བསྐུར་བའི་སློབ་དཔོན་གྱི་ཕན་ཡོན་ཐོས་ཏེ། མངོན་པར་འདོད་པ་ཀུན་ཏུ་སྐྱེད་པའི་སེམས་ཅན་རྣམས་ལ་དབང་བསྐུར་བ་སྦྱིན་པའི་དོན་དུ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། །ཞེས་བྱ་བ་ལ་སོགས་

པས་བོས་པར་གྱུར་ཏོ། །འདིས་དབང་བསྐུར་བའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་སོགས་པའི་དོན་དུ་གསོལ་བ་གདབ་པའི་གོ་རིམས་རབ་ཏུ་སྟོན་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱིས་ཐལ་མོ་སྦྱར་ནས་གསོལ་བ་བཏབ་པ་ན། བཅོམ་ལྡན་འདས་ཀྱིས་

ནམ་མཁའི་དབྱིངས་ཀྱི་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲུ་བཞི་ལྷམ་པ་རབ་ཏུ་བཟང་། །ཞེས་བྱ་བ་ནི་ཀུན་དུ་བཟང་མོའི་ཆོས་འབྱུང་ན་གནས་ཤིང་ལེའུ་བཞི་པ་ལས་བཤད་པའི་མཚན་ཉིད་དང་ལྡན་པའོ། །སངས་རྒྱས་ནི་རྡོ་རྗེ་འཆང་ཡིན་ཞིང་། དེའི་དཀྱིལ་

འཁོར་གྱི་སྦྱོར་བ་ནི། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་སྟེ། དེ་ཡིས་སོ། །རྡོ་རྗེའི་དཀྱིལ་འཁོར་ནི་རྡོ་རྗེའི་རིགས་ཀྱི་བྲི་བའི་དཀྱིལ་འཁོར་རོ། །བསམ་གཏན་གྱིས་ཞེས་བྱ་བ་ནི་དེ་ཁོ་ན་བཞིན་དུ་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་རྫོགས་པར་བྱས་ལའོ། །འཁོར་ལོ་ཅན་ཀུན་གདན་

བསམ་མོ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རང་གི་ལྷའི་གནས་ན་གནས་པའི་ཡི་གེ་ཧྲི་ལས་བྱུང་བའི་པདྨ་འདབ་མ་སྣ་ཚོགས་པ་རྣམས་ལ། ཟླ་བ་ལ་སོགས་པའི་གདན་བསམ་པའོ། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ།

དེའི་དབུས་ཀྱི་གདན་ལ་འདུག་པས་སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བྱས་ལ། རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་དང་མཆོད་པའི་ཆོ་གའི་རྗེས་ཐོགས་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་གནས་

เล่ม ๔๑ · หน้า 306b

པར་བྱས་ལ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ་དེ་རྣམས་ཀྱི་ཐུགས་ཀར་གཞུག་པར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་གདོལ་པའི་བུ་མོ་ལོ་བཅུ་གཉིས་ལོན་པའམ་བསྒོམས་པ་ལས་བྱུང་བ་བྱིན་གྱིས་བརླབས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་བླ་ན་མེད་པ་ལ་སོགས་པའི་མཆོད་

པ་རྣམས་ཀྱིས་དཀྱིལ་འཁོར་པ་རྣམས་ལ་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་སྙིང་པོ་བསྒོམས་ནས་ནི། །ཞེས་བྱ་བ་ལ། རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པ་ཁོ་ནས་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་རང་གི་ཡང་དག་པར་སྦྱོར་བ་ལས་ཕྱུང་སྟེ། སྔ་མ་བཞིན་དུ་སྒོ་ན་

གནས་པའི་པདྨ་འདབ་མ་སྣ་ཚོགས་པའི་སྟེང་གི་ཟླ་བ་ལ་འདུག་པའི་དབང་བསྐུར་བར་བྱ་བའི་སློབ་མའི་སྙིང་ག་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་བཀོད་ལ། ལས་ལ་གནས་པས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་དེའི་ལུས་གང་བར་བྱེད་པར་བསམས་ནས། དབང་བསྐུར་བ་

བརྩམ་པར་བྱའོ། །དེ་ཇི་ལྟར་བྱ་ཞེ་ན། སངས་རྒྱས་ཀུན་གྱི་ནམ་མཁའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་དང་མཚུངས་པ་བུམ་པ་དང་རོལ་ཆ་དང་

གོས་བཟང་པོ་དང་རྒྱན་བཟང་པོ་བསྣམས་པ་རྣམས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བསམ་པར་བྱའོ། །དབང་བསྐུར་བ་ཡི་གནས་གསུམ་གྱིས། །ཐམས་ཅད་ཆོ་ག་བཞིན་དུ་དབབ། །ཅེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་བཞིན་དུ།

བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་གནས་གསུམ་གྱིས་དེའི་ལུས་ལ་བུམ་པའི་བདུད་རྩི་རང་རང་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བླུགས་ལ། འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་སྟེ།

དེ་ཁོ་ན་བཞིན་དུ་དམ་ཚིག་དང་དབུགས་དབྱུང་བ་སྦྱིན་པ་ལ་ཐུག་པ་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་དབུས་ན་གནས་པའི་བདག་ཉིད་ཀྱང་དབང་བསྐུར་བར་བྱའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དབང་བསྐུར་བར་འོས་པའི་རང་གི་འདོད་པའི་ལྷའི་དཀྱིལ་

เล่ม ๔๑ · หน้า 307a

འཁོར་བསམས་ལ། དེའི་དབུས་ན་གནས་པའི་སློབ་དཔོན་དེའི་རྣལ་འབྱོར་དང་ལྡན་པས་སློབ་མའམ་བདག་ཉིད་ཀྱང་དེའི་རྣམ་པར་དམིགས་ཏེ། འདས་མ་ཐག་པ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ལྟར་སྣོད་དུ་རུང་བར་བྱས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་

པ་ཉིན་དང་མཚན་དུ་སྒོམ་པ་ལ་དགའ་བས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་རྡོ་རྗེ་གསུམ་གྱིས་མངོན་པར་བྱང་ཆུབ་འཐོབ་པར་འགྱུར་རོ། །སངས་རྒྱས་ནི་རིགས་ངེས་པའི་སེམས་ཅན་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་རིགས་མ་ངེས་པ་དང་། རིགས་ཆད་པ་རྣམས་

ཏེ། དེ་དག་དམ་ཚིག་ལ་སོ་སོར་དགོད་པའི་སྒོ་ནས་ལོ་ནི་དམ་ཚིག་འཁོར་ལོ་ཞེས་བྱའོ། །དེ་ཉིད་སྒོམ་པ་ནི་བྱང་ཆུབ་ཀྱི་སྙིང་པོ་འཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བསམ་གཏན་གྱི་དཀྱིལ་འཁོར་རོ། །གང་ཞིག་བག་མེད་པས་དམ་ཚིག་ཉམས་པར་གྱུར་ན། དེ་ཡང་བསམ་གཏན་

གྱི་དབང་བསྐུར་བའི་ཆོ་ག་འདིས་དམ་ཚིག་བསྐང་བར་བྱའོ་ཞེས་བྱ་བ་འདི་ནི་མན་ངག་ཡིན་ནོ། །རྡོ་རྗེ་སྦྱོར་བ་ཞེས་བྱ་བ་འདི་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བའོ། །སྐུ་གསུམ་དང་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་མཁའ་འགྲོའི་སྙིང་པོ་ནི་སྐུ་དང་གསུང་དང་ཐུགས་གསུམ་གྱི་སྙིང་པོའོ། །

འདི་སྐད་དུ་བསྟན་པ་ཡིན་ཏེ། རང་གི་དཀྱིལ་འཁོར་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས། རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ། ཧཱུཾ་དྷྲི་ཁཾ་ཞེས་བྱ་བ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་

ཐམས་ཅད་ཁྱབ་པའི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་དུ་རེག་སྟེ། རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱི་རྣམ་པ་ཅན་རྣམས་བསྡུས་ནས་དེ་ལ་བཅུག་སྟེ། དེ་གྱུར་པར་བྱས་ནས་རྡོ་རྗེ་མཁའ་འགྲོར་རྣམ་པར་བསྒོམས་ལ། ཧཱུཾ་དྷྲི་ཁཾ་ཞེས་བྱ་བ་བརྗོད་ཅིང་དེ་ཕྱུང་སྟེ། དེ་གདུག་པ་རྣམས་ཀྱི་

ཁྲག་ལ་སོགས་པ་འགུགས་པར་བྱེད་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས། བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་སུ་བསམ་པར་བྱའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དྲག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུག་པ་གསོད་པའི་བསམ་པ་

เล่ม ๔๑ · หน้า 307b

ཅན་གྱི་མི་སྡུག་པ་མཆེ་བ་རྣམ་པར་གཙིགས་པ་ཀུན་དུ་ཁྲོས་པའི་ཞལ་མངའ་བ། ཨུཏྤ་ལ་སྔོན་པོ་ལྟ་བུའི་ཕྱག་བཞི་པ། གཡས་པ་དག་ན་ཁྲོ་བོའི་རྡོ་རྗེ་དང་ཕུར་བུ་བསྣམས་པ། གཡོན་པ་ན་མཆུ་ལ་སྦྱར་བའི་ཐོད་པ་བསྣམས་པ། གཉིས་པ་རྩེ་གསུམ་བསྣམས་པ་རྡོ་རྗེ་མཁའ་འགྲོ་མ་དང་

སྙོམས་པར་ཞུགས་པ་བསམས་ལ། མདུན་ན་གནས་པའི་ནམ་མཁའི་ཕྱོགས་སུ་ཡི་གེ་ཁཾ་ལས་བྱུང་བའི་བསྒྲུབ་བྱ། མར་གྱི་བུམ་པ་བཞིན་དུ་ཤ་དང་ཁྲག་དང་རུས་པས་གང་བ་རྣམ་པར་བསམས་ཏེ། དེའི་དབུས་དང་ཐོག་མ་དང་། གཡས་དང་གཡོན་དང་རྒྱབ་རྣམས་སུ་ལག་པ་ན་གནས་པའི་

ཕུར་བུས་བུ་ག་ལྔ་བྱས་ལ། ཡི་གེ་དྷྲིས་མཚན་པའི་རང་གི་ལྕེ་ལས་བྱུང་བའི་འོད་ཟེར་གྱི་སྦུ་གུ་ཁ་དོག་སྔོན་པོ་དང་། དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་གོ་རིམས་བཞིན་དུ་སྦུ་གུ་སྔར་ཞུགས་པ་རྣམས་ནས་དེའི་ཁྲག་བཀུག་ལ། ཁ་ཀུན་དུ་གང་བར་བསམ་པར་བྱའོ། །རྡོ་རྗེའི་མཁའ་

འགྲོའི་བསམ་གཏན་གྱི་སྦྱོར་བ་འདིས་ནི་གདོན་མི་ཟ་བར་ཁྲག་འགུགས་པར་བྱེད་དོ། །ཇི་སྟེ་གདུག་པ་འགའ་ཞིག་ལ་གནོད་པ་བྱ་བར་འདོད་ན་དེའི་ཚེ་སྦྱོར་བ་དེ་ཉིད་ཀྱིས་རྩེ་གསུམ་ལ་སོགས་པ་རྣམས་ཀྱིས་ཀུན་དུ་བཙུགས་ཏེ་མི་འགུལ་བར་བྱས་པར་བསམ་པར་བྱའོ། །བཟའ་བའམ་

ཞེས་བྱ་བ་ལ་སོགས་པས་ནི། བཟའ་བ་དང་མྱང་བ་ལ་སོགས་པ་གང་ཅུང་ཟད་ཅིག་ཡོད་པ་དེ་དག་བཤད་པ་ལ་སོགས་པ་བཞིན་དུ། སྦྱང་བ་ལ་སོགས་པས་མངོན་པར་འདུས་བྱས་ལ་སྔ་མ་བཞིན་དུ་བཟའ་བ་བསྟན་ཏོ། །མཆོད་པའི་ཡོ་བྱད་མཆོག་ལྔ་ཡིས། །ཞེས་བྱ་བ་ལ་སོགས་

པས་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷའི་འཁོར་ལོ་དང་། བདག་ཉིད་ལ་རྣམ་པར་སྦྱངས་ནས། བདུད་རྩི་ལྔས་མཆོད་པར་བྱ་བ་བསྟན་ཏོ། །འདི་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་གོ། །གསང་བར་བྱ་བ་ཉིད་ཡིན་པའི་ཕྱིར་མཆོད་པ་གསང་

བའོ། །དབང་པོ་གཉིས་ཀྱི་སྦྱོར་བ་སྟེ། །སྙོམས་པར་འཇུག་པའི་སྦྱོར་བའི་དུས་སུ་ལས་ཐམས་ཅད་ལ་གནས་པར་གྱུར་ནས་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་ཆུའི་བུམ་པ་བཞིན་དུ་ནམ་མཁའི་དབྱིངས་ཀུན་དུ་བཀང་སྟེ། བྱང་ཆུབ་ཀྱི་སེམས་རྡུལ་ཕྲ་རབ་ཀྱི་ཚོགས་དེ་ཡང་རང་གི་

เล่ม ๔๑ · หน้า 308a

རིག་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པའི་ཚོགས་སུ་བསྐྱེད་ལ། བསྡུས་ཏེ་རང་གི་ལྷ་མོའི་པདྨར་བཅུག་ལ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསམ་པར་བྱའོ། །དེ་ནས་པདྨ་ན་གནས་པ་རང་གི་ཁས་བླངས་ཤིང་རང་བྱུང་དང་བཅས་པའི་ཡེ་ཤེས་ཀྱི་

བདུད་རྩི་དེས་རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་དང་དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ། །དེའི་ཕྱིར། རང་གི་ཁུ་བ་སོགས་བླངས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱི་དང་ནང་གི་ལྷའི་འཁོར་ལོ་མཆོད་པའི་ཆོ་ག་འདིས་ནི། སངས་རྒྱས་ཀྱི་བྱང་ཆུབ་འཐོབ་

པར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་བྱ་བས་ལུས་དང་ངག་དང་ཡིད་རྣམས། འཇིག་རྟེན་གྱི་ཐ་སྙད་ལས་ཀུན་དུ་སྡོམ་པར་བྱེད་པས་ན། ལུས་དང་ངག་དང་སེམས་སྡོམ་པའོ། །སེམས་ཅན་གྱི་ཁམས་མ་ལུས་པ་བསྐྱེད་པའི་ས་བོན་འཛིན་

པར་བྱེད་པས་ན་དམ་ཚིག་འཛིན་པའི་མ་རྣམས་སོ། །དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད། །ཅེས་བྱ་བ་ནི་མ་རྒྱུད་ནས་བཤད་པའི་དམ་ཚིག་གི་སྤྱོད་པའི་དེ་ཁོ་ན་ཉིད་ཤེས་པར་བྱས་ནས། རང་གི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་ཐུག་པའི་ཆོ་གའི་རྗེས་ཐོགས་ལ་སྔ་མ་བཞིན་དུ་སྤྱད་པའོ། །

སྡོམ་པ་ནི་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་ཉིད་མ་ཡིན་པའི་རྨད་པོ་ཆེའོ། །སྐུ་དང་གསུང་ཐུགས་ལོངས་སྤྱོད་ནི། །ཞེས་བྱ་བ་ནི། རྡོ་རྗེ་གསུམ་མི་ཕྱེད་པའི་ལྷའི་གཟུགས་སོ། །དེ་གང་ལས་བྱུང་ཞེ་ན། གསང་བ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་གསུམ་ནི་དཔལ་

རྡོ་རྗེ་སེམས་དཔའོ། །དེའི་གནས་ནི་ཆོས་འབྱུང་ཞེས་བྱ་བ་སྟེ། དེ་དག་གིས་བསྐྱེད་པའི་བདེ་བ་ཆེན་པོ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་གསང་བ་གསུམ་གནས་རྡོ་རྗེ་ལས་བྱུང་བའོ། །བཟང་པོ་བདག་གིས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་དགེ་ལེགས་མངོན་དུ་བྱའོ་སྙམ་དུ་ལྷག་པར་

མོས་པ་བསྐྱེད་པས་བསྒོམ་པའོ། །འདིར་བདག་ཀུན་དུ་ཉམས་མི་འགྱུར། །ཞེས་བྱ་བ་ནི། འདི་ལས་བཤད་པའི་དམ་ཚིག་དང་སྡོམ་པ་བསྒྲུབ་པ་ལྷུར་ལེན་ཞིང་འདུལ་བར་བྱེད་པ། བདག་ནི་འཇིག་རྟེན་དང་ལུང་དག་དང་འགལ་བར་སྤྱོད་པར་ཡང་མི་འགྱུར་ཞིང་། མངོན་པར་འདོད་

เล่ม ๔๑ · หน้า 308b

པའི་ལྔའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་རྣལ་འབྱོར་པ་བསྒོམ་པས་དུབ་པར་གྱུར་པ་དེའི་ཚེ། རང་གི་མགོའི་སྟེང་དུ་མཐོ་གང་ཙམ་གྱིས་དཔགས་ནས་བདུད་རྩི་ལྔའི་དཀྱིལ་འཁོར་མཐོ་གང་གི་ཚད་དང་ལྡན་པ། གདུགས་དཀར་པོ་དང་མཚུངས་

པ་ཉིད་ཡོངས་སུ་བརྟགས་ལ། དེའི་དབུས་ན་གནས་པའི་ཨོཾ་གྱི་འབར་བ་ཁ་དོག་ལྔ་པས་བཞུས་ཏེ་རྐན་གྱི་ཕྱོགས་སུ་བབས་པའི་ཟླ་བ་ལྟར་བསིལ་བས་རྩ་རྣམས་སུ་ཁྱབ་པས་ཐམས་ཅད་ཀུན་དུ་ཚིམ་པར་བསམ་པར་བྱའོ། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་

པ་ནི་གོ་སླའོ། །སྔགས་ཐམས་ཅད་དེ། ཕུང་པོ་ལ་སོགས་པ་བྱིན་གྱིས་རློབ་པའི་ལྷ་ཐམས་ཅད་ཉིན་དང་མཚན་དུ་བསྒོམ་པའི་སྦྱོར་བས་འཛིན་པར་བྱེད་པས་ན་སྔགས་ཐམས་ཅད་འཛིན་པ་སྟེ་སྒྲུབ་པའོ། །ལུས་ལ་སོགས་པའི་གསང་བ་ནི་འཆད་པར་འགྱུར་བའོ། །སེམས་ཀྱི་དངོས་

པོ་ནི་སེམས་ཉིད་དོ། །དེའི་ལས་ནི་ཉིན་དང་མཚན་དུ་བདག་ཉིད་ལྷའི་གཟུགས་སུ་བསྒོམ་པ་སྟེ། དེ་ཡོངས་སུ་སྤངས་ནས་ས་ལས་བྱས་པ་ལ་སོགས་པའི་མཆོད་རྟེན་གྱི་ལས་མི་བྱ་ཞིང་། དེ་བཞིན་དུ་གླེགས་བམ་བཀླག་པ་ལ་སོགས་པ་ཡང་མི་བྱའོ། །བསྒོམ་པ་ལ་མངོན་པར་མི་

དགའ་བར་གྱུར་པ་གང་ཡིན་པ་དེ་ལ་ནི་བཀག་པ་མེད་དོ། །གལ་ཏེ་དེ་ལྟ་ཡིན་ན་ནི་དེའི་ཚེ་རྒྱལ་པོ་མཉེས་པར་བྱ་བ་དང་ནོར་བསགས་པ་ལ་སོགས་པས་བྲེལ་བ་རྣམས་ལ་ཡང་མཆོད་རྟེན་གྱི་ལས་ལ་སོགས་པ་བཀག་པར་འགྱུར་ན། བཅོམ་ལྡན་འདས་ནི་བསོད་ནམས་ཕྲ་མོའི་བར་

ཆད་དུ་འགྱུར་བ་ཡང་སྟོན་པར་མི་མཛད་དོ། །འོད་ཟེར་དཀར་པོ་འབར་བས་ཁྱབ། །ཅེས་བྱ་བ་ལ་སོགས་པ་ལ། ཡི་གེ་བྷྲཱུཾ་གྱིས་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐུ་མདོག་དཀར་པོའི་རྣལ་འབྱོར་རམ། ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ། ལག་པ་

གཡས་པར་ཡི་གེ་བྷྲཱུཾ་ཉིད་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་། དེའི་ལྟེ་བར་འོད་ཟེར་དཀར་པོ་ཅན་རྣམ་པར་བསམས་ནས། དུག་གིས་ནོན་པའི་ལུས་ལ་འོད་ཟེར་གཞུག་ཅིང་དབྱུང་བ་དང་བྱབ་པའི་སྒོ་ནས་དུག་གཞོམ་པར་བྱའོ། །རྣལ་འབྱོར་ལ་སོགས་པ་ཐམས་ཅད་སེར་པོར་

เล่ม ๔๑ · หน้า 309a

དམིགས་ལ། འོད་ཟེར་སེར་པོ་རྣམས་ཀྱིས་བཀང་ན་རེངས་པར་འགྱུར་རོ། །དེ་ཁོ་ན་བཞིན་དུ་འོད་ཟེར་དུ་བའི་རྣམ་པ་ཅན་རྣམས་ཀྱིས་ཁམས་གསུམ་ན་གནས་པའི་དུག་བཀུག་ལ་གང་ལ་འདོད་པ་དེ་ལ་དབབ་པར་ཡང་བྱའོ། །གཞན་ནི་ཤེས་པར་ཟད་དོ། །གྲོ་ག་སོགས་ལ་

འཁོར་ལོ་ནི། །ཞེས་བྱ་བ་ནི་ཁ་དོག་དཀར་པོ་རྩིབས་བརྒྱད་པའོ། །ལས་ཀྱི་རྡོ་རྗེ་ལ་གནས་པ། །ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་སྟེང་ན་གནས་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས། གྲོ་ག་དང་

རས་ལ་སོགས་པ་རྣམས་ལ་སྐྱེས་པ་བསྲུང་བའི་དོན་དུ་གུར་གུམ་དང་། བུད་མེད་ཀྱི་དོན་དུ་གི་ཝང་གིས་ཇི་སྐད་བཤད་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་བར་གྲུ་གསུམ་དང་དེའི་ནང་དུ་ཡི་གེ་ཧ་མགོ་བོ་དང་ཟླ་ཚེས་དང་ཐིག་ལེ་དང་རྩེ་མོ་དང་ལྡན་པ་དང་།

ཛི་ན་ཆེ་གེ་མོ་ལ་རཀྵཾ་ཀུ་རུ་ཛིཀ་ཅེས་བྱ་བའི་སྙིང་པོ་དང་རྣམ་པར་སྤེལ་བའི་མིང་བྲིས་ཏེ། ཤར་ལ་སོགས་པའི་རྩིབས་ཀྱི་དབུས་སུ་མི་བསྐྱོད་པ་ལ་སོགས་པའི་ལྷ་རྣམས་ཀྱི་དེ་བཞིན་གཤེགས་པ་བཞི་འབྱིན་པའི་སྙིང་པོ་རྣམས་དང་། དེ་རྣམས་ཉིད་ཀྱི་མཐའ་མ་ལ། །འཕགས་པ་

གཤིན་རྗེའི་གཤེད་ལ་སོགས་པའི་སྙིང་པོ་རྣམས་དང་། མེ་ལ་སོགས་པའི་མཚམས་ཀྱི་རྩིབས་རྣམས་ལ་སྤྱན་ལ་སོགས་པའི་ལྷ་མོ་བཞིའི་སྙིང་པོ་རྣམས་དང་། མཚམས་རྣམས་སུ་ཡི་གེ་གསུམ་རྣམ་པར་བཀོད་ལ། འཁོར་ལོའི་མུ་ཁྱུད་ལ་ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཆེ་གེ་མོའི་

ཨུ་བ་དྲ་བ་དི་ཀཾ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བྱ་བའི་འཁོར་ལོར་བྲི་བར་བྱའོ། །དེ་ནས་རང་གི་སྙིང་པོ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་འཁོར་ལོ་གནས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། མུ་ཁྱུད་ལ་བཀོད་པའི་ཡི་གེ་རེ་རེ་ལས་གྲུབ་པའི་

འཕགས་པ་བདུད་རྩི་འཁྱིལ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བལྟས་ཏེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་ས་བོན་ལས་བྱུང་བའི་བསྒྲུབ་བྱ་རྡོ་རྗེའི་སྐུ་ཅན་ཡི་གེ་ཧཾ་ལས་བྱུང་བའི་རྡོ་རྗེའི་གོ་བགོས་པ་བསམས་ལ། དམ་ཚིག་གི་

เล่ม ๔๑ · หน้า 309b

འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱིས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལྟར་འཁོར་ལོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས་ཡང་དག་པར་བརྒྱན་པར་འགྱུར་རོ། །གཞག་པར་བྱ་ཞེས་བྱ་བ་ནི་ཟ་མ་ཏོག་ལ་

སོགས་པ་ཁ་སྦྱར་ན་གནས་པ་ལྷའི་མཆོད་པའི་གནས་སུའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་མཆོད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བདག་ཉིད་ཀྱི་གནས་ནི་འཁོར་ལོའོ། །དེ་ཉིད་མདོར་བསྡུས་ནས་བསྟན་པའི་ཕྱིར་

བཏུས་པའོ། །ཡང་ན་བཤད་པ་ཉིད་ཀྱི་འཁོར་ལོ་ལ་དབང་པོའི་ཕྱོགས་སུ་ཡི་གེ་ཨོཾ། མེའི་ཕྱོགས་སུ་ཧུ་ལུ་ཧུ་ལུ། གཤིན་རྗེའི་ཕྱོགས་སུ་ཏིཥྛ་ཏིཥྛ། བདེན་བྲལ་གྱི་ཕྱོགས་སུ་བནྡྷ་བནྡྷ། ཆུའི་ཕྱོགས་སུ་ཧ་ན་ཧ་ན། རླུང་གི་ཕྱོགས་སུ་ད་ཧ་ད་ཧ། ཀུ་བེ་རའི་ཕྱོགས་སུ་ཨ་

མྲྀ་ཏ། དབང་ལྡན་གྱི་ཕྱོགས་སུ་ཧཱུཾ་ཕཊ། འཁོར་ལོའི་ལྟེ་བར་ཡི་གེ་ཧཾ། དེའི་ནང་དུ་བསྒྲུབ་བྱའི་མིང་བྲི་བར་བྱའོ། །དེ་ལྟ་ན་ཡང་འཁོར་ལོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས་བརྒྱན་པར་འགྱུར་རོ་ཞེས་ཁ་ཅིག་ཟེར་རོ། །དེ་ལྟ་བུ་གང་ཡང་རུང་བས་ཀྱང་འཚེ་བ་ཐམས་ཅད་ལས་བསྲུང་

བ་ཡིན་ནོ། །ལམ་གྱི་བཞི་མདོ་ཞེས་བྱ་བ་ལ། དེ་ལ་དམིགས་ཏེ་བཟླས་པ་འབུམ་བྱས་པས་མར་ངོའི་བཅུ་བཞི་ལ་ཕྱི་རོལ་གྱི་བུད་མེད་དང་ལྷན་ཅིག་འདོད་པའི་ལྷ་སྐུ་མདོག་དམར་པོའི་རྣལ་འབྱོར་གྱིས་ཇི་སྐད་བཤད་པའི་གནས་གང་ཡང་རུང་བར་ཡིད་ཀྱིས་རང་གི་དཀྱིལ་འཁོར་ཡོངས་སུ་

བརྟགས་ལ། དེའི་དབུས་སུ་ཐོད་པ་གསུམ་ཁ་སྦུབ་པའི་སྟེང་དུ་བདུད་རྩི་ལྔ་དང་བཅས་པའི་ཆང་གིས་ལེགས་པར་བྱུགས་པའི་ཐོད་པ་ཁ་སྦུབ་ཏུ་ཡང་དག་པར་བཞག་སྟེ། དེའི་འོག་ཏུ་བདུད་རྩི་ལྔ་ཅུང་ཟད་དང་བཅས་པའི་ཏིལ་མར་ཆེན་པོས་ནང་ཡོངས་སུ་གང་བའི་ཐོད་པ་རུ་བདུད་རྩི་ལྔ་

དང་བཅས་པའི་ཤིང་ཨརྒའི་རྩ་བ་པདྨའི་སྐུད་པས་དཀྲིས་པའི་སྡོང་བུས་མར་མེ་རབ་ཏུ་སྤར་ལ། མཚན་ཕྱེད་ཀྱི་དུས་སུ་ཐོད་པའི་སྟན་ལ་འདུག་ཅིང་ཐོད་པ་གཉིས་ལ་པུས་མོ་གཉིས་བཞག་སྟེ་སྙོམས་པར་འཇུག་པར་གནས་པས་རང་གི་སྔགས་ཟློས་ཤིང་དུད་པ་ཆགས་སུ་གཞུག་གོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด