དཔལ་ཀུན་དུ་བཟང་པོའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ས་མནྟ་བྷ་དྲ་སཱ་དྷ་ན་པྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๒ · หน้า 216b

འབྲེལ་པ་ཡང་མ་ཡིན་ཏེ་ཞེས་པ་ནི་ཤེས་བྱ་མེད་པར་ཡང་རྨི་ལམ་ལ་སོགས་པར་ཤེས་པ་གསལ་པོར་འབྱུང་བའི་ཕྱིར་རོ། །ཡུལ་ལ་སོགས་པ་ངེས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་ཡིན་མོད་ཀྱི་དེ་ཡང་དེ་མ་ཐག་པའི་རྐྱེན་གྱི་དབང་ཉིད་ལས་ཡིན་གྱི་ཕྱིའི་ཤེས་བྱའི་བདག་ཉིད་ལས་ནི་

མ་ཡིན་ནོ་ཞེས་བྱ་བར་བལྟ་བར་བྱའོ། །ཡང་ན་ཡུལ་ལ་སོགས་པའི་ངེས་པ་ནི་རྨི་ལམ་ལ་སོགས་པ་དང་འདྲ་བར་གྲུབ་པ་ཡིན་ནོ། །བདེ་སོགས་དེ་ནི་ཡོངས་སུ་འཛིན་པས་ན། །བྱ་བ་འགའ་ཡང་ཡོད་པར་མ་མཐོང་སྟེ། །ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་ཤེས་པའི་བྱ་བ་གཟུང་

བ་སོ་སོར་རྟོག་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་ཡོངས་སུ་འཛིན་པ་ན་ཞེས་པ་གཟུགས་ལ་སོགས་པ་ཡོངས་སུ་འཛིན་པར་བྱེད་པའི་ཚེ་ན་བྱ་བ་འགའ་ཡང་ཡོད་པར་མ་མཐོང་སྟེ་མི་ཤེས་སོ། །ཅིག་ཅར་ཤེས་པའི་ཕྱིར་ནི་གཟུགས་སོགས་བཞིན། །འདི་དག་འཛིན་པ་པོར་ནི་

ཡོད་མ་ཡིན། །ཞེས་བྱ་བ་ནི་ཅིག་ཅར་དུས་མཚུངས་པར་ཤེས་ཤིང་ཉེ་བར་དམིགས་པར་གྱུར་པ་ན་ཇི་ལྟར་གཟུགས་ལ་སོགས་པ་གཞན་གྱི་འཛིན་པ་པོར་མི་འགྱུར་ཞིང་འཛིན་པར་བྱེད་པ་མ་ཡིན་ཏེ། གཅིག་ལ་གཅིག་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པ་མེད་པར་

བྱེད་པ་དེ་བཞིན་དུ་བདེ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་གཟུགས་ལ་སོགས་པ་དང་དུས་གཅིག་ཏུ་ཤེས་ཤིང་རྟོགས་པ་ན་གཟུགས་ལ་སོགས་པ་དང་འདྲ་བར་འཛིན་པ་པོར་འགྱུར་བ་མ་ཡིན་ཞིང་འཛིན་པ་པོར་མེད་དེ། དུས་མཚུངས་པར་ཉེ་བར་དམིགས་པ་དག་ནི་རྭ་གཡས་

པ་དང་གཡོན་པ་འདྲ་བ་གཅིག་ལ་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ནོ། །གཟུང་བ་དག་ཀྱང་ཅི་ཡང་ཡོད་མིན་ཏེ། །ཞེས་ཇི་སྐད་བཤད་པའི་གཟུང་བ་མེད་པ་དེ་དེ་ལྟར་སྤྲོས་ནས་བསྟན་པར་བྱ་བའི་ཕྱིར་བཤད་པ་ཡིན་ལ། ད་ནི་སྤྱོད་པ་

ལ་སོགས་པ་ཚར་གཅད་པར་བྱ་བའི་ཕྱིར་དཀར་པོ་ལ་སོགས་པ་གང་ཞིག་མཐོང་བ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་དཀར་པོ་ལ་སོགས་པ་མཐོང་བ་སྟེ། སྔོན་གྱི་དུས་སུ་མཐོང་བ་གང་ཡིན་པ། །དེ་ཉིད་དུས་གཞན་དག་ཏུ་མཐོང་མི་འགྱུར། །ཞེས་བྱ་

เล่ม ๔๒ · หน้า 217a

བ་སྔར་ཉེ་བར་དམིགས་པའི་དཀར་པོ་ལ་སོགས་པ་དེ་ཉིད་དུས་ཕྱིས་མི་མཐོང་ཞིང་ཤེས་པ་མ་ཡིན་ནོ། །ཅིའི་ཕྱིར་མི་མཐོང་ཞེ་ན། འདི་གཉིས་རྟག་ཏུ་གཅིག་ལ་གཅིག་འགལ་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྔར་ཉེ་བར་དམིགས་པ་དང་ཕྱིས་ཉེ་བར་དམིགས་

པ་གཉིས་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་སྔར་གྱི་དངོས་པོ་དུས་ཕྱིས་ཡོད་པ་མ་ཡིན་ཏེ། སྔོན་གྱི་ཤེས་དང་ཤེས་བྱ་ཡིས། །རང་བཞིན་གྱིས་ནི་རྗེས་འཇུག་ན། །སྔ་མའི་ཤེས་པ་ཕྱི་མར་འགྱུར། །དེ་བཞིན་ཕྱི་མ་སྔ་མར་འགྱུར། །ཞེས་བྱ་བའི་ཚུལ་གྱིས་སོ། །བདེ་བ་ལ་སོགས་དག་དང་མཚུངས། །ཞེས་བྱ་བ་ནི་

བདེ་བ་དང་སྡུག་བསྔལ་གཉིས་དང་འདྲ་བར་གཅིག་ལ་གཅིག་ཕན་ཚུན་འགལ་བ་ཡིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་འགལ་བ་ཡིན་གྱི་ལན་འགའ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །དེ་བས་ན་དངོས་པོ་རྣམས་ཀྱི་སྔོན་དང་ཕྱི་མའི་རང་བཞིན་གཅིག་པ་ཉིད་མ་ཡིན་ནོ་ཞེས་

བྱ་བར་གནས་སོ། །འདིས་ནི་རྒྱུན་དུ་རྟོགས་པའི་གཅིག་པ་ཉིད་ངེས་པར་བསལ་བ་ཡིན་ནོ། །ད་ནི་རིགས་པར་རྟོགས་པའི་གཅིག་པ་ཉིད་བསལ་བའི་ཕྱིར་བཤད་པ། འདིར་རིགས་པ་ཅན་ལ་སོགས་པ་དག་ནི་ཆ་ཤས་ཅན་གྱི་རང་བཞིན་གཅིག་པུ་འདི་ཉིད་རྡུལ་ཕྲ་རབ་གཉིས་ལ་

སོགས་པའི་རིམ་གྱིས་ཕྲ་རབ་རྣམས་ཀྱིས་བརྩམས་པའི་འབྲས་བུའི་རྫས་གང་ཡིན་པ་དེ་ནི་སྐད་ཅིག་མ་མ་ཡིན་པ་དང་གཅིག་པུ་ལས་འདའ་བར་མི་བྱེད་དོ་ཞེས་ཟེར་རོ། །དེ་རྣམས་ཀྱི་ཕྱོགས་འདི་ཡང་སྡིག་པ་ཅན་ལས་ཀྱང་སྡིག་པ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཐོག་

མཐའ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཟུགས་ལ་སོགས་པ་གང་ཡིན་པ་འདི་དག་ནི་རང་བཞིན་གྱིས་གཅིག་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མའི་སྒྲས་ནི་ཀ་བ་ལ་

སོགས་པའི་སྟེང་གི་ཆ་གཟུང་ངོ་། །མཐའ་མའི་སྒྲས་ནི་འོག་མའི་ཆ་གཟུང་ངོ་། །ཡང་སོགས་པའི་སྒྲས་ནི་དབུས་མའི་ཆ་གཟུང་ངོ་། །བྱེ་བྲག་ཅེས་བྱ་བ་ནི་ཆ་ཤས་ཉིད་དུའོ། །འདི་སྐད་སྟོན་པ་ཡིན་ཏེ། ཀ་བ་ལ་སོགས་པ་གཅིག་པུ་ཉིད་ལ་ཐོག་མ་དང་དབུས་དང་ཐ་མའི་ཆའི་

เล่ม ๔๒ · หน้า 217b

བྱེ་བྲག་གིས་རང་བཞིན་ཐ་དད་པར་ཉེ་བར་དམིགས་པ་ཡོད་པ་ལ་གཅིག་པ་ཉིད་དུ་ཁས་བླངས་ནས་ཁྱེད་ཅག་ལྟར་རང་ཉིད་སླུ་བར་ཇི་ལྟར་བྱེད། འདིར་ཡང་ཚད་མ་གཞན་དག་ནི་མེད་མོད་ཀྱི། འོན་ཀྱང་མངོན་སུམ་ཉིད་ཡིན་ནོ། །ཞེས་བསྟན་པའི་ཕྱིར་སྣང་བས་ན་ཞེས་བྱ་བ་སྨོས་ཏེ། མངོན་

སུམ་ཉིད་ཀྱིས་དེ་ལྟར་ཉེ་བར་དམིགས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འདིར་བཤད་པ། དཀར་པོ་ལ་སོགས་རྣམ་པ་ནི། །གཅིག་པུ་ལ་ཡང་ཤེས་པ་དག །ཐོག་མ་དབུས་མཐའི་དབྱེ་བ་ཡིས། །སྣ་ཚོགས་ཁོ་ནར་ཉེ་བར་དམིགས། །ཞེས་བྱ་བ་ཡིན་ནོ། །ཡང་ན་ཐོག་

མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །གཟུགས་ལ་སོགས་པ་འདི་དག་གཅིག་མ་ཡིན། །ཞེས་བྱ་བ་ནི་རགས་པར་གཏོགས་པའི་གཟུགས་ལ་སོགས་པ་ནི་རང་བཞིན་གཅིག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །ཞེས་བྱ་བ་སྨོས་ཏེ།

ཐོག་མ་དང་ཐ་མ་དང་དབུས་དང་ཤར་ལ་སོགས་པའི་དབྱེ་བ་རྣམས་སུ་ཤེས་པས་གཅིག་པ་ཉིད་ཅེས་བྱ་བ་ནི། དབྱེ་བ་མེད་པ་ལ་བྱ་ན་ཐོག་མ་དང་ཐ་མ་ལ་སོགས་པའི་དབྱེ་བ་ཡོད་པས་འདི་ནི་གཅིག་པ་ཉིད་མ་ཡིན་ཏེ། གཅིག་པ་ཉིད་དང་དུ་མ་ཉིད་ནི་ཕན་ཚུན་འགལ་བ་ཡིན་པས་གཅིག་

པ་ཉིད་དུ་བསྡུར་ཇི་ལྟར་རུང་། དེ་བས་ན་གཟུགས་ལ་སོགས་པ་ཆ་ཤས་ཅན་གཅིག་པ་ཉིད་དུ་མི་འགྲུབ་པོ། །ཆ་ཤས་ཅན་གཅིག་ཏུ་མ་གྱུར་ན་དེ་ལྟ་ན་ནི་རྡུལ་ཕྲ་རབ་འདུས་པ་ཉིད་ཡིན་པའི་ཕྱིར་རང་བཞིན་དུ་མ་ཞིག་ཡིན་ནོ་ཞེས། གང་ཞིག་སེམས་དཔའ་དེའི་ཕྱིར་ད་ནི་དུ་མ་ཉིད་ཀྱང་

དགག་པར་བྱ་བའི་ཕྱིར། དུ་མའི་གཟུགས་སུ་མིན་པའང་དེ་དང་འདྲ། །ཞེས་བྱ་བ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྲ་རབ་རྣམས་ཀྱང་མཐོང་བ་མ་ཡིན་པས། །ཞེས་བྱ་བ་སྨོས་ཏེ་རྡུལ་ཕྲ་རབ་རེ་རེའི་ངོ་བོར་ཡང་མཐོང་བ་མ་ཡིན་ཞིང་ཤེས་པ་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་རང་གི་ངོ་

བོར་སྣང་བ་མ་ཡིན་ཏེ། རྡུལ་ཕྲ་རབ་ཆ་ཤས་མེད་པ་དག་ནི་དེ་ལྟར་མི་སྣང་བའི་ཕྱིར་དུ་མའི་གཟུགས་སུ་མིན་པ་ཞེས་བྱ་བ་འདིས་བཀག་པ་ཡིན་ནོ། །དེ་དང་འདྲ་ཞེས་བྱ་བ་ནི་ཇི་ལྟར་ཆ་ཤས་ཅན་གྱི་ངོ་བོ་ལ་ཐོག་མ་དང་དབུས་དང་ཐ་མ་ལ་སོགས་པའི་དབྱེ་བ་ཉེ་བར་དམིགས་པས་གཅིག་ཏུ་མི་

เล่ม ๔๒ · หน้า 218a

འགྲུབ་པ་དེ་བཞིན་དུ་རྡུལ་ཕྲ་རབ་དུ་མའི་ངོ་བོ་ཡང་། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཞེས་བྱ་བ་ལ་སོགས་པ་ཕྱོགས་ཀྱི་དབྱེ་བས་མེད་པར་སུན་ཕྱུང་བས་འགྲུབ་པ་མ་ཡིན་ནོ། །ཡང་ན་མིན་པའང་དེ་དང་འདྲ། །ཞེས་བྱ་བ་ཇི་ལྟར་གཟུགས་ལ་སོགས་པའི་རང་

བཞིན་གཅིག་པ་མེད་པ་ལྟར་དུ་མའི་རང་བཞིན་ཡང་དེ་བཞིན་ནོ་ཞེས་སྟོན་ཏོ། །དེ་ལྟར་རགས་པའི་གཅིག་པ་ཉིད་དང་དུ་མ་ཉིད་སུན་ཕྱུང་ནས་ཕྲ་བར་གཏོགས་པའི་གཅིག་པ་ཉིད་དང་དུ་མ་ཉིད་སུན་དབྱུང་བར་བྱ་བའི་ཕྱིར། རྡུལ་ཕྲན་ཆ་ཤས་མེད་པ་ཉིད་ཀྱང་ནི། །ཕྲ་རབ་དུ་མ་འདུས་པ་

ཡོད་མིན་པས། །ས་ཡི་དཀྱིལ་འཁོར་ལ་སོགས་པ་ཡི་གཟུགས། །བསགས་པ་འགའ་ཡང་འདིར་ནི་མེད་པར་འགྱུར། །ཞེས་བྱ་བ་སྨོས་པ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཡན་ལག་ཅན་ཉིད་མ་ཡིན་པས་གཞན་དག་རང་ཉིད་དུ་མ་ཉིད་དུ་མི་འདོད་

དེ། ཆ་ཤས་ནི་དུ་མའི་རང་བཞིན་ཡིན་པའི་ཕྱིར་དེ་བཀག་ནས་རྡུལ་ཕྲ་རབ་ཙམ་དུ་ཡོད་པར་ཁས་ལེན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཆ་ཤས་མེད་ན་ནི་རྡུལ་ཕྲ་རབ་དུ་མ་འདུས་པས་ཡོངས་སུ་བསྐོར་བ་ཡོད་པ་མ་ཡིན་པས་སའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་བསགས་པའི་རབ་ཏུ་

དབྱེ་བ་མེད་པར་འགྱུར་རོ། །དེ་ཡང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་འདི་དག་གི་གཞུང་ལུགས་ནི་རྡུལ་ཕྲ་རབ་རྣམས་ཕན་ཚུན་ཕྲད་པ་ལས་རྡུལ་ཕྲ་རབ་གཉིས་ལ་སོགས་པའི་རིམ་གྱིས་ཆ་ཤས་ཅན་དུ་མ་ལ་སོགས་པ་བསྐྱེད་པའི་སྒོ་ནས་ཆ་ཤས་ཅན་གྱི་རྫས་གཙོ་བོ་སྐྱེད་པར་བྱེད་པར་འདོད་

དོ། །དེ་ཡང་འདི་ལྟར་དཔྱད་པར་བྱ་སྟེ། དབུས་ཀྱི་རྡུལ་ཕྲ་རབ་གང་ཡིན་པ་དེ་ལ་རྡུལ་ཕྲ་རབ་གཞན་དག་འབྱར་བར་བྱེད་པ་ན། ཅི་བདག་ཉིད་ཐམས་ཅད་ཀྱིས་འབྱར་བར་བྱེད་དམ། འོན་ཏེ་ཆ་ཤས་ཀྱིས་འབྱར་བར་བྱེད། དེ་ལ་རེ་ཞིག་ཆ་ཤས་ཀྱིས་འབྱར་བར་ནི་མི་བྱེད་དེ།

རྡུལ་ཕྲ་རབ་དེ་ཆ་ཤས་མེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཕྲད་ན་ནི་འགྲོ་བ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་གྱི་སའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཅན་གྱི་བསགས་པར་མི་འགྱུར་ཏེ། གང་གི་ཕྱིར་རྡུལ་ཕྲ་རབ་ཐམས་ཅད་རྡུལ་ཕྲ་རབ་

เล่ม ๔๒ · หน้า 218b

གཅིག་གི་ནང་དུ་ཞུགས་པས་སའི་དཀྱིལ་འཁོར་ལ་སོགས་པའི་བསགས་པའི་མཚན་ཉིད་ཅན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་རྡུལ་ཕྲ་རབ་ཡོད་པའི་ཕྱོགས་ཀྱང་ཁས་བླང་བར་མི་བྱའོ། །དེ་ཉིད་ཀྱི་ཕྱིར། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །

དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཕྱིའི་དོན་གཅིག་དང་དུ་མ་དང་བྲལ་བ་ཉིད་དུ་སུན་ཕྱུང་བ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། གང་གི་ཕྱིར་རྣམ་པར་ཤེས་

པ་ལ་ཡང་ཕྱོགས་ཀྱི་ཆ་ཤས་ཀྱི་དབྱེ་བ་ཡོད་དོ། །དེ་བས་ན་སྔོན་པོ་ལ་སོགས་པ་སུན་དབྱུང་བ་གང་ཡིན་པ་དེ་དག་ཉིད་བློ་ལ་ཡང་ཁྱད་པར་མེད་པ་ཉིད་དེ། གཟུགས་ཅན་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པ་ནི་གཅིག་དང་དུ་མ་དང་བྲལ་བ་ཡིན་པ་དེ་ཤེས་པ་ལ་ཡང་མཉམ་མོ། །

དེ་ཡང་ཁོང་དུ་མ་ཆུད་པ་ལས་ལྡོག་པར་བརྟགས་པའི་ངོ་བོར་རྣམ་པར་འཇོག་པ་ན་ཕྱོགས་ཀྱི་ཆ་དང་ལྡན་པ་ཉིད་དུ་རྣམ་པར་འཇོག་པར་འགྱུར་ཏེ། གཟུགས་ཞེས་བྱ་བར་གཟུགས་ཡོད་པ་མ་ཡིན་ནོ་ཞེས་ཇི་སྐད་བཤད་པ་ཡིན་ཏེ། གཟུགས་ནི་ཆུ་དང་ཞེང་དང་ཕྱོགས་དང་ལྡན་

པ་ཡིན་ལ་འདི་ནི་རྣམ་པར་ཤེས་པ་ལ་ཡང་ཁྱད་པར་མེད་པར་ཡོད་ན་ཀུན་རྫོབ་ཏུ་ཡོད་པར་ཐལ་བར་ཇི་ལྟར་མཉམ་པར་འགྱུར་བ་མ་ཡིན། དེ་བས་ན་དེ་ཡང་དངོས་པོ་མེད་པ་ཉིད་དུ་གྱུར་པ་མ་ཡིན་ནོ། །དེ་ཡང་། དངོས་པོ་མེད་ལ་རྣམ་ཤེས་མེད། །གཞི་མེད་ཀུན་གཞིའང་

ཡོད་མ་ཡིན། །འདི་དག་རྟོག་གེ་ངན་པ་ནི། །རོར་གྱུར་པ་ཡིས་རྣམ་པར་བརྟགས། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །ཡང་

འདིར། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་དུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་དངོས་པོ་ཐམས་ཅད་དངོས་པོ་མེད་པར་བསྟན་ནས། ད་ནི་

เล่ม ๔๒ · หน้า 219a

གྲུབ་པའི་དོན་ཉིད་ཀྱི་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་མ་ཐག་པའི་རིག་པའི་ཚུལ་དེས་ན་འཛིན་པ་པོ་ལ་སོགས་པ་དང་བྲལ་བ་ཡིན་པས་རྒྱུ་བ་དེ་འགྲོ་བ་རྣམས་དང་། མི་རྒྱུ་བ་དེ་སེམས་མེད་པ་མ་ལུས་ཤིང་ལུས་པ་མེད་པའི་

དངོས་པོ་རྣམས་ནི་རང་རྒྱུད་ཀྱང་ཡིན་ལ། གཟུགས་ལ་སོགས་པར་བརྟགས་པ་ཡིན་ཞིང་རང་རྒྱུད་ཀྱི་རྣམ་པ་ཅན་གྱི་ངོ་བོ་ཉིད་གང་ལ་ཡོད་པའི་དངོས་པོ་དེ་ནི། རང་རྒྱུད་གཟུགས་སོགས་བརྟགས་པའི་ངོ་བོ་ཉིད། །ཅེས་བྱ་སྟེ། རང་གི་རྒྱུད་ཉིད་ཀྱང་གཟུགས་ལ་སོགས་པར་བརྟགས་པ་

ནི་ཕྱི་རོལ་གྱི་དོན་མེད་དུ་ཟིན་ཀྱང་རང་གི་བག་ཆགས་ཙམ་ལས་བྱུང་བའི་ཕྱིར་རོ། །ཡང་ན་གཟུང་བ་དང་འཛིན་པ་གཉིས་ཕན་ཚུན་ཕན་འདོགས་པར་མི་བྱེད་པ་དེ་ནི་རང་རྒྱུད་ཅེས་བྱའོ། །དེ་ལྟར་ན་གཟུགས་ལ་སོགས་པའི་རྣམ་པར་གཞག་པ་འདི་ཇི་ལྟར་བལྟ་བར་བྱ་ཞེ་ན། བརྟགས་

པའི་ངོ་བོ་ཉིད་ཅེས་བྱ་བ་སྨོས་ཏེ། བརྟགས་པ་ཉིད་ཀྱི་ངོ་བོ་ཉིད་དེ་རང་བཞིན་འདི་ལ་ཡོད་པས་ན་བརྟགས་པའི་ངོ་བོ་ཉིད་དེ་གཟུགས་ལ་སོགས་པ་འདི་དག་ཐམས་ཅད་ནི་བརྟགས་པའི་རང་བཞིན་ཅན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པས་དོན་དམ་པར་གང་ཞིག་གང་ལས་ཐ་དད་པར་རྣམ་

པར་འཇོག་པར་མི་ནུས་སོ། །དེ་ཡང་ཁམས་གསུམ་པོ་འདི་དག་མ་ལུས་པ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ་སོགས་ཇི་སྐད་གསུངས་པ་ལྟ་བུ་དང་། ཡང་རྟོག་པ་དག་པར་བྱ་བའི་ཕྱིར་འབད་པར་བྱ་བའོ་ཞེས་གསུངས་པ་དང་། དཔལ་བདེ་མཆོག་གི་རྒྱུད་ཕྱི་མ་ལས་ཀྱང་།

རྟོག་པ་རྣམས་ནི་ཡོངས་དག་ཕྱིར། །དེས་ན་རྟོག་པར་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་མོད་ཀྱི་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པའི་རྟོག་པའི་འཁྲུལ་པ་ཉིད་ཀྱི་འཁོར་བ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་ཐ་མལ་པ་ཞེས་བྱ་བར་

བཤད་ལ། དེ་ནི་ཐར་པ་འདོད་པ་རྣམས་ཀྱི་ཕྱི་རོལ་དུ་མངོན་པར་ཞེན་པ་ཉིད་ལས་ངེས་པར་བཟློག་སྟེ། རང་རང་གི་ངོ་བོ་ཉིད་ལ་ངེས་པར་གཞག་པ་ཡང་ཡིན་ལ། རང་གི་ངོ་བོ་ཙམ་ལ་གཞག་པའི་རྣམ་པར་རྟོག་པ་ནི་འབྲས་བུ་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པས་དག་པ་ཞེས་བྱ་

เล่ม ๔๒ · หน้า 219b

བའི་མིང་འཐོབ་པར་འགྱུར་ཏེ། རང་གི་ངོ་བོ་ཙམ་ལ་གནས། །བློ་ཡི་དགའ་སྟོན་ཆེན་པོ་ཡིན། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུ་དང་། འདི་དག་ཐམས་ཅད་ནི་རྣམ་པར་རྟོག་པ་ཙམ་ལ་རག་ལས་ཤིང་དེའི་རང་བཞིན་ཡིན་པས་སྡུག་བསྔལ་བར་མཚན་ཉིད་གཅིག་པ་

དང་། སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན་ནི་སྲིད་པའི་ཉེ་བར་འཆིང་བ་ཡིན་ལ། དེ་རྣམ་པར་ལྡོག་པ་ཙམ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་བཤད་པ་དེར་ཡང་ཁ་ཕྱི་རོལ་དུ་བལྟས་པའི་རྣམ་པར་རྟོག་པ་ལས་ངེས་པར་བཟློག་

པར་བྱ་བ་ལ་འབད་པར་བྱའོ་ཞེས་ངེས་པར་སྟོན་པ་ཡིན་ཏེ། རྣམ་པར་རྟོག་པ་ལ་ནི་ཕྱི་རོལ་དུ་མངོན་པར་ཞེན་པ་ལས་མ་གཏོགས་པའི་ཉེས་པ་དང་བཅས་པ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་དེ་ལས་རྣམ་པར་ལྡོག་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ་རྣམ་པར་རྟོག་པ་ཁྱད་པར་ཅན་

ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པར་རྣམ་པར་གཞག་པ་འདི་དག་ཐམས་ཅད་བརྟགས་པ་ཙམ་གྱི་ངོ་བོ་ཉིད་ཡིན་པ་དེས་ན་མེད་པར་བསྒྲུབ་པའི་གཏན་ཚིགས་ཀྱི་དཔེར་སྦྱར་བར་བྱ་སྟེ། དེ་ནི་དེ་ལྟ་བུའི་དངོས་པོ་འདི་ནི་དྲི་ཟའི་གྲོང་ཁྱེར་དག་དང་

མཚུངས་ཤིང་འདྲ་བ་ཡིན་པ་སྟེ། ཇི་ལྟར་ན་ཆུ་བོ་དང་རི་ཉེ་བར་གྱུར་པ་ལས་ཕྱིའི་དྲི་ཟའི་གྲོང་ཁྱེར་མེད་དུ་ཟིན་ཀྱང་། ཁང་པ་དཀར་པོ་དང་། རྟ་དང་གླང་པོ་ཆེ་དང་། མི་ལ་སོགས་པ་འདྲ་བར་སྐྱེས་བུ་ལ་སོ་སོར་སྣང་བར་སྐྱེའོ། །དེ་བཞིན་དུ་འཛིན་པ་པོ་ལ་སོགས་པའི་ངོ་བོར་

མེད་དུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལས་བྱུང་བ་འཛིན་པ་པོ་ལ་སོགས་པའི་རྣམ་པར་སྣང་བ་སྐྱེ་བར་འགྱུར་རོ། །ཡང་ན་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ལ་ལོག་པའི་ངོ་བོ་ཉིད་ཡིན་པར་འཇིག་རྟེན་དུ་གྲགས་པས་དཔེ་དེ་ཉིད་དུ་ཉེ་བར་སྦྱར་བ་ཡིན་ཏེ། དཔེར་ན་དྲི་ཟའི་གྲོང་ཁྱེར་

ནི་མེད་ཀྱང་སྣང་བ་ཡིན་པ་དེ་བཞིན་དུ། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་བར་མཚུངས་པར་ལྟ་བ་ཡིན་ནོ་ཞེས་དྲི་ཟའི་གྲོང་ཁྱེར་དང་འདྲ་བའི་དཔེས་བསྟན་ཏོ། །དེས་ཁྱད་པར་བསྟན་པའི་ཕྱིར། རྒྱུ་དང་མི་རྒྱུའི་དངོས་པོ་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་

เล่ม ๔๒ · หน้า 220a

ཡིན་ཏེ། རྒྱུ་བ་ནི་མི་ལ་སོགས་པའོ། །མི་རྒྱུ་བ་ནི་རི་ལ་སོགས་པ་སྟེ་རྒྱུ་དང་མི་རྒྱུ་བ་དང་བཅས་པར་གནས་པའི་དངོས་པོའི་ཚོགས་ནི་རྒྱུ་དང་མི་རྒྱུ་བའི་དངོས་པོ་མ་ལུས་པ་ཞེས་བྱའོ། །དེ་བས་ན་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་འདི་རྣམས་ནི་ངེས་པར་བརྟགས་

ན་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཇི་སྐད་དུ། ཕྱི་དང་ནང་དུ་སྣང་བ་སྣ་ཚོགས་འདི། །ཡང་དག་ཉིད་དུ་ཅི་ཡང་ངེས་པ་མེད། །ཅེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ཡང་མ་བརྟགས་ན་ཉམས་དགའ་བ་ཉིད་དུ་འདོད་པ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་རང་

བཞིན་ཏེ། མ་བརྟགས་ན་ནི་ཉམས་དགའ་བའི། །སྐྱེ་དང་འགག་པའི་ཆོས་ཅན་རྣམས། །དོན་གྱི་བྱ་བ་བྱེད་ནུས་པའི། །རང་བཞིན་ཀུན་རྫོབ་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བས་ན་སྔར་བཤད་པའི་ལྷའི་སྐུ་ལ་སོགས་པ་རང་གི་སྔགས་སུ་བཞུགས་

པ་ལ་འགལ་བ་མེད་དོ་ཞེས་ཉེ་བར་བསྡུ་བ་ཡིན་ནོ། །དེ་ཡང་གཟུང་བ་ལ་སོགས་པ་མེད་པར་བསྟན་པས་རང་གི་སེམས་ཉིད་ལ་རང་གི་སེམས་གཞུག་པ་ཡིན་ཏེ། མེ་ནི་མེ་ལ་གཞུག་པ་དང་འདྲ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་བལྟ་བར་བྱའོ། །གལ་ཏེ་ཇི་སྐད་བཤད་པའི་ཚུལ་གྱིས་

འཛིན་པ་པོ་ལ་སོགས་པ་མེད་པས་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཉིད་ཡིན་ན་དེ་ལྟ་ན་ནི་འཁོར་བ་འདི་ཡོད་པ་ཇི་ལྟར་འཐད། དེ་ལས་ཐར་པ་ནི་ཇི་ལྟར་འཐད་པར་འགྱུར་ཞེ་ན། དེའི་ཕྱིར་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་བདག་གི་བ་དེ་

གཉིས་ཀྱི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་རྣམ་རྟོག་ཅེས་བྱ་སྟེ། བདག་ལ་སོགས་པ་མེད་པར་དེ་ལ་མངོན་པར་ཞེན། །ཞེས་བྱ་བའི་དོན་ཏོ། །དེའི་རྒྱུན་ནི་རྒྱུན་གྱིས་འཇུག་པའོ། །དེའི་ངོ་བོ་དག་གིས་ཞེས་བྱ་བ་དེ་རང་བཞིན་གྱིས་ནི་འཁོར་བ་ཡིན་ཏེ། དེར་ནི་ཞེས་པ་འདི་

ལྟར་གནས་པ་ན་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཡིན་ཡང་དངོས་པོ་རྣམས་ལ་ལོག་པར་རྟོགས་པའི་དབང་གིས་འཁོར་བ་ན་འཁོར་བ་སྟེ། འདི་དང་གཞན་དུ་བདེ་འགྲོ་ལ་སོགས་པ་སྐྱེ་བའི་འཁོར་བ་མེད་བཞིན་དུ་ཡང་བྱིས་པ་རྣམས་ལ་དེ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དག་

เล่ม ๔๒ · หน้า 220b

པའང་བདག་དང་བདག་གིར་རྟོག་པའི་རྣམ་པར་རྟོག་པའི་རྒྱུན་དེའི་ཕྱིན་ཅི་ལོག་མེད་པ་དེའི་རང་གི་ངོ་བོ་ཉིད་ཙམ་དེས་རྣམ་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་གང་གི་ཚེ་དེ་ཁོ་ན་ཉིད་དུ་གཟུང་བ་ལ་སོགས་པ་ལས་རྣམ་པར་དབེན་པའི་སེམས་ལ་བདག་ལ་སོགས་པར་སྒྲོ་བཏགས་

པ་དེའི་ཚེ་འཁོར་བ་ཡིན་ལ། གང་གི་ཚེ་ཡང་བདག་ལ་སོགས་པར་སྒྲོ་བཏགས་པ་དང་བྲལ་བའི་རང་གི་ངོ་བོའི་དེ་ཉིད་མཐར་ཐུག་པ་དེའི་ཚེ་ནི་སེམས་ཀྱི་རྒྱལ་པོ་དེ་རྣམ་པར་དག་པ་ཡིན་ཏེ་བདག་དང་བདག་གིར་ལོག་པར་རྟོགས་པ་ལས་ལྡོག་པ་ཉིད་ནི་དག་པ་སྟེ། ཐར་པ་ཞེས་བྱ་བ་ཡིན་

པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་འདིར་ཇི་ལྟར། སྣང་བའི་དངོས་པོ་རྣམས་ལ་ཞི་བ་དང་། །སྲིད་པའི་ངོ་བོ་ཉིད་དག་ཆོས་ཉིད་ཀྱིས། །ཞེས་པས་སྟོང་པ་ཉིད་དུ་ནི་གང་གིས་འཁོར་བ་རྣམ་པར་སྤངས་ནས་མྱ་ངན་ལས་འདས་པ་ཚོལ་བར་བྱེད་པའི་དབྱེ་བ་ནི་འགའ་ཡང་

ཡོད་པ་མ་ཡིན་ཏེ་གཉིས་ཀ་ཡང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་པ་སྟེ། །ཡང་དག་མཐོང་བ་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་མེད། །སྲིད་

པ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བཤད་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་རབ་འབྱོར་སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་གང་ཡིན་པ་དང་། ཐམས་ཅད་མཁྱེན་པའི་དེ་

བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་དུ་གཅིག་པའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པ་སྟེ། དེ་བས་ན་ཀུན་རྫོབ་ཏུ་ཕན་ཚུན་དབྱེ་བ་ཡོད་དུ་ཟིན་ཀྱང་། དེ་ཁོ་ན་ཉིད་དུ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཆོས་ཉིད་ཀྱིས་དབྱེ་བ་མེད་པ་ཡིན་ཞེ་ན། གང་གི་

ཕྱིར་གཟུང་བ་ལ་སོགས་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་གང་གི་ཕྱིར་གཟུང་བ་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་ཞིང་མེད་པ་ཡིན་པར་ཐམས་ཅད་དུ་སྟེ། ཞི་བ་དང་སྲིད་པ་ཀུན་ལ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་གྲུབ་པ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་

เล่ม ๔๒ · หน้า 221a

ལས། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་མི་འགྱུར་བ་ཉིད་ནི་ཡེ་ནས་གནས་པ་ཉིད་དོ་ཞེས་བྱ་བ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་རུ་

སྣང་བའི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་དེ་རུ་སོ་སོར་སྣང་བ་དེའི་རང་བཞིན་ཡང་ཡིན་ཞིང་ཀུན་དུ་རྟོག་པ་ཡང་ཡིན་པས་དེ་རུ་སྣང་བའི་རང་བཞིན་ཀུན་དུ་རྟོག་སྟེ། དེ་ལས་གཞན་པའི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཅི་ཡང་ཡོད་པ་མ་ཡིན་ཏེ། ལོག་པའི་རྣམ་པར་

རྟོག་པ་དེ་ཉིད་གཅིག་པུར་ཟད་ཀྱི་དེ་ལས་གཞན་པའི་རྒྱུ་བ་དང་མི་རྒྱུ་བའི་ཕྱིའི་དངོས་པོ་མཐའ་ཡས་པ་ཅི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །

སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་བཤད་པ་ཡིན་པས། སེམས་ལས་གཞན་པའི་ང་རྒྱལ་གྱི་ཡུལ་བདག་ལ་སོགས་པ་འགའ་ཡང་ཡོད་པར་གྱུར་པ་མ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་སེམས་དེ་ཉིད་ང་རྒྱལ་གྱི་ཡུལ་ཡིན་གྱི། བདག་ལ་སོགས་པ་ཅི་

ཡང་ཡོད་པ་མ་ཡིན་ནོ། །དེ་ནི་ཞི་བ་དང་སྲིད་པ་གཉིས་ཀྱི་རང་བཞིན་བྱེ་བྲག་མེད་པ་ཉེ་བར་བསྡུ་བའི་ཕྱིར། རང་བཞིན་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིས་པ་རྣམས་ཀྱིས་སོ་སོར་ཤེས་པར་གྱུར་པའི་ཀུན་རྫོབ་ཀྱི་རང་བཞིན་གང་ཞིག་ཡིན་པའི་ཀུན་རྫོབ་ཏུ་བྱིས་པས་ཤེས་པ་

དེའི་རང་གི་ངོ་བོ་དོན་དམ་པའི་རང་བཞིན་འཕགས་པས་མཁྱེན་པ་དེ་ཉིད་ནི་རང་ཉིད་ཀྱི་ངོ་བོ་ཞིག་ཡིན་ཏེ། གང་གི་ཕྱིར་ཀུན་རྫོབ་ཀྱི་རང་བཞིན་རིག་པ་དང་ལུང་གི་དབྱེ་བས་རྣམ་པར་དཔྱད་ན། ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་པ་དེའི་ཕྱིར་དེ་དག་ཐམས་ཅད་བྱེ་བྲག་

མེད་པའི་བློས་དངོས་པོ་ཐམས་ཅད་དབྱེ་བ་མེད་པ་ཉིད་ཡིན་ཏེ། ཞི་བ་དང་སྲིད་པའི་རང་བཞིན་ཅན་གྱི་དངོས་པོ་ཐམས་ཅད་ནི་དབྱེ་བ་མེད་ཅིང་སྟོང་པ་ཉིད་དེ། དེའི་བློ་ནི་རྟོགས་པ་སྟེ། དེའི་རྒྱུར་གྱུར་པས་དབྱེ་བ་མེད་ཅིང་ཐ་དད་དུ་བྱ་བ་མེད་པས་ཞི་བ་དང་སྲིད་པའི་རང་བཞིན་ཅན་གྱི་དངོས་

เล่ม ๔๒ · หน้า 221b

པོ་ཐམས་ཅད་དབྱེ་བ་མེད་ཅིང་ངོ་བོ་ཉིད་གཅིག་པ་ཁོ་ན་ཡིན་ནོ། །དེ་ཡང་འདིར། དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཏེ། །དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཡིན། །དངོས་པོ་གཅིག་གི་དེ་ཉིད་གང་གིས་མཐོང་། །དེ་ཡིས་དངོས་པོ་ཀུན་གྱི་དེ་ཉིད་མཐོང་། །ཞེས་བཤད་

པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། ཀུན་རྫོབ་དག་ནི་མ་གཏོགས་པར། །དེ་ཉིད་ཀྱང་ནི་དམིགས་མི་འགྱུར། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་པ་ཉིད་ནི་ཀུན་རྫོབ་ཡིན། །ཞེས་བཤད་པ་དང་། དེ་བཞིན་དུ་བརྒྱད་སྟོང་པ་ལས་ཀྱང་།

ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་ན་ཤིང་ཐ་དད་པ་དང་། ཡལ་ག་ཐ་དད་པ་དང་། ལོ་མ་ཐ་དད་པ་དང་། མེ་ཏོག་ཐ་དད་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་ཐ་དད་པར་སྐྱེས་པ་དེ་རྣམས་ཀྱི་གྲིབ་མ་དེ་ནི་བྱེ་བྲག་མེད་ཅིང་ཐ་དད་པར་མི་མཐོང་སྟེ། འདི་ལྟ་སྟེ། གྲིབ་མ་

གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་ངོ་བོ་གཅིག་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཐམས་ཅད་ཅི་ཡང་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་དེའི་

ཕྱིར་སྣང་བར་གྱུར་པའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བར་གྱུར་པ་ནི་སོ་སོར་སྣང་བར་གྱུར་པ་སྟེ། གཟུགས་ལ་སོགས་པའི་ངོ་བོ་ཉིད་གཟུང་བར་བྱ་བའི་རང་བཞིན་གྱི་ཡུལ་རྣམས་གང་ཡིན་པ་དང་གང་གཞན་ཅི་ཡང་རུང་བ་སྟེ། འཛིན་པ་པོའི་རང་བཞིན་གྱི་ཤེས་པ་ནི་རྟོག་པ་སྟེ། བདག་

ཏུ་ཤེས་པ་དེ་ལྟ་བུའི་བདག་ཉིད་ཅན་དུ་གྱུར་པའི་གནས་དང་རྟེན་དུ་གྱུར་པའི་གཟུང་བ་དང་འཛིན་པ་དེ་དང་། དེའི་མཚན་ཉིད་དང་བྲལ་ཞིང་མེད་པར་གྱུར་པ་ཡིན་པས་མེད་པ་ནི་ཉེ་བར་མི་དམིགས་པའོ། །དེའི་ཕྱིར་དངོས་པོ་རྣམས་ཐ་དད་པར་གྱུར་ཅིང་རྣམ་པར་དབྱེ་བར་འགྱུར་ཏེ། དེ་ལྟར་

རྣམ་པར་དཔྱད་པ་ན་ཉེ་བར་དམིགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཞེས་པ་བཤད་མ་ཐག་པའི་ཚུལ་གྱིས་གཟུགས་ལ་སོགས་པ་ནི་སྣང་བ་ཙམ་དུ་ཟད་ཀྱི། ཕྱིའི་གཟུགས་ལ་སོགས་པ་འདི་དག་ཐམས་ཅད་ནི་ཅི་ཡང་ཡོད་པ་མ་ཡིན་ནོ། །ཡང་ན་ཐམས་ཅད་མེད་

เล่ม ๔๒ · หน้า 222a

ཅེས་བྱ་བ་ནི་གང་གི་ཕྱིར་བྲལ་བའི་མེད་པར་གྱུར་པ་ཕན་ཚུན་ལྡོག་པ་མེད་པ་ཉིད་ཀྱིས་རང་བཞིན་གཅིག་པ་ཉིད་དུ་འགྱུར་རོ། །དེ་བས་ན་ཆོས་ཉིད་ཀྱི་དབྱེ་བ་མེད་པ་ཉིད་ཡིན་ནོ་ཞེས་བལྟ་བར་བྱའོ། །དེ་ཡང་། སོ་སོའི་སྐྱེ་བོའི་ཤེས་པ་གང་། །རང་བཞིན་གྱིས་ནི་མྱ་ངན་

འདས། །དེ་ནི་སངས་རྒྱས་སྒྲར་བཤད་དེ། །བྱང་ཆུབ་སེམས་དཔའ་རྒྱལ་བ་བཞིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་བས་ན་དེ་ཁོ་ན་ཉིད་ལ་མ་ལྟོས་པ་ནི་སོ་སོའི་སྐྱེ་བོ་དང་། བཅོམ་ལྡན་འདས་ཐ་དད་པར་རྣམ་པར་གཞག་གི། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་སེམས་པ་ནི་དབྱེ་བ་

འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས་ཀྱང་། མཁས་པ་རྣམས་ཀྱིས་གང་བཤད་དེ། །འདི་ནི་དངོས་པོའི་སྟོབས་ཀྱིས་འོངས། །ཇི་ལྟ་ཇི་ལྟར་རྣམ་དཔྱད་པ། །དེ་ལྟ་དེ་ལྟར་རྣམ་བདེན་འགྱུར། །ཞེས་ཇི་སྐད་བཤད་པ་

ལྟ་བུའོ། །ད་ནི་དད་དང་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་རྣམ་པར་དག་པ་སྟོན་ཏེ་དད་པའི་སྟོབས་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་སྟོབས་རྣམ་པར་དག་པ་དང་། དེ་བཞིན་དུ་དྲན་པའི་སྟོབས་རྣམ་པར་དག་པ་དང་། ཏིང་ངེ་འཛིན་གྱི་སྟོབས་རྣམ་པར་དག་པ་རྣམས་ནི་

རིམ་བཞིན་དུ་སྒོ་བཟང་པོས་སྲུང་བར་བྱེད་པ་སྟེ། གཤིན་རྗེ་གཤེད་ལ་སོགས་པའི་སྒོ་སྲུང་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བརྟགས་ནས་སྔགས་དམ་པའི་ཐིག་ལེའི་གཟུགས་སུ་རང་གི་ཡིད་རྣམ་པར་བསྒོམ་པར་བྱ་སྟེ། འོད་དང་ལྡན་ཞེས་འོག་ནས་བཤད་པ་དང་སྦྱར་

རོ། །ཤེས་རབ་རྣམ་དག་མ་ལུས་ཡུལ་དུ་སྣང་། །ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོར་གྱུར་པ་རྣམས་ནི་ཡུལ་གྱི་ངོ་བོ་ཉིད་ཡིན་ནོ། །མཚན་མ་མེད་པ་ནི་མཚན་མ་ཐམས་ཅད་སྤངས་པ་སྟེ། དེས་དགའ་བ་ནི་མཆོག་ཏུ་དགའ་བའི་བདེ་བའོ། །དེ་ཉིད་རྣམ་པར་དག་པ་སྟེ། དེ་ནི་

མ་ལུས་པའི་ལྷ་མོ་སྤྱན་ལ་སོགས་པའི་ཚོགས་ཀྱི་ངོ་བོ་ཉིད་དོ། །སེམས་ཅན་ནི་མིག་ལ་སོགས་པའི་དབང་པོ་འཛིན་པའི་ངོ་བོ་ཉིད་དོ། །དོན་ནི་གཟུགས་ལ་སོགས་པ་གཟུང་བར་གྱུར་པ་ཡུལ་གྱི་ངོ་བོ་ཉིད་དོ། །བདག་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བའོ། །རྣམ་རྟོག་ནི་གཟུང་བ་དང་

เล่ม ๔๒ · หน้า 222b

འཛིན་པར་ཀུན་དུ་རྟོག་པའི་ངོ་བོ་ཉིད་དོ། །འཇུག་པའི་རྣམ་ཤེས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་ལྔའོ། །དེ་ལྟར་ན་དབང་པོ་དང་དོན་དང་བདག་དང་རྣམ་པར་རྟོག་པ་དང་འཇུག་པའི་རྣམ་པར་རྟོག་པ་སྟེ། དེ་རྣམས་ཀྱི་རྣམ་པར་དག་པ་ནི་མི་དམིགས་པའོ། །དེ་ཡང་རིམ་པ་

བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡིད་དྲི་མ་མེད་པའི་ངོ་བོ་ཉིད་དུ་གྱུར་པས་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། མེ་ལོང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སོགས་པའི་སྒྲས་ནི་མཉམ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་།

བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་རྣམས་བསྡུའོ། །མེ་ལོང་ལ་སོགས་པའི་ཡིད་ཀྱང་ཡིན་ལ་དྲི་མ་མེད་པར་གྱུར་པ་ཡང་ཡིན་པས་ན། མེ་ལོང་སོགས་ཡིད་དྲི་མེད་དོ། །དེ་ཉིད་ཀྱི་ངོ་བོ་ཉིད་དེ། རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་

ཡང་གྱུར་པ་གང་ཡིན་པ་དེ་ནི། མེ་ལོང་སོགས་ཡིད་དྲི་མེད་ངོ་བོ་བས། །ཞེས་བྱ་བ་ལ། དེའི་རང་བཞིན་ནི་དེ་ཁོ་ན་ཉིད་དུ་ན་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་སྔ་མ་ལ་ལྟོས་པའི་ཚིག་གིས་བསྡུ་བ་

སྟེ། དོན་རྣམ་པར་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་རྣམ་པར་དག་པ་ནི་རྣམ་པར་སྣང་མཛད་དོ། །སེམས་ཅན་རྣམ་པར་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་རྣམ་པར་དག་པ་ནི་རིན་ཆེན་འབྱུང་ལྡན་ནོ། །བདག་རྣམ་པར་དག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་དེ་རྣམ་པར་དག་པ་

ནི་འོད་དཔག་ཏུ་མེད་པའོ། །རྣམ་པར་རྟོག་པ་རྣམ་པར་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་རྣམ་པར་དག་པ་ནི་དོན་ཡོད་གྲུབ་པའོ། །འཇུག་པའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དེ་རྣམ་པར་དག་པ་ནི་མི་བསྐྱོད་པའོ། །ཐབས་དང་སའི་ཁམས་

རྣམ་པར་དག་པ་ནི་སྤྱན་ནོ། །སྨོན་ལམ་དང་ཆུ་རྣམ་པར་དག་པ་ནི་མཱ་མ་ཀཱིའོ། །སྟོབས་དང་མེ་རྣམ་པར་དག་པ་ནི་གོས་དཀར་མོའོ། །ཡེ་ཤེས་དང་རླུང་རྣམ་པར་དག་པ་ནི་སྒྲོལ་མའོ། །དབང་པོའི་ཚོགས་ནི་སེམས་ཅན་ཏེ་འཛིན་པ་པོར་གྱུར་པའོ། །དོན་ནི་ཡུལ་དྲུག་སྟེ། བཟུང་བར་གྱུར་པ་

เล่ม ๔๒ · หน้า 223a

གཟུགས་ལ་སོགས་པའོ། །བདག་ཏུ་རྣམ་པར་རྟོག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དེ་བདག་གོ་ཞེས་བལྟ་བའོ། །རྣམ་པར་རྟོག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་བག་ཆགས་ཀྱི་གཞིར་གྱུར་པའོ། །འཇུག་པའི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པ་རྣམ་པ་ལྔ་སྟེ། གཟུགས་

ནི་དབུ་བ་ལྟ་བུར་བཤད། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུ་སྟེ། །དེ་ལྟར་ཕུང་པོ་བསྟན་པ་ནི། །རྐང་གཉིས་མཆོག་གིས་ཐམས་ཅད་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་བྱ་བའོ། །

སྙིང་རྗེའི་ཚུལ་མེད་སྟོང་པ་ཉིད་ལ་ཞེན། །དེས་ནི་ལམ་གྱི་དམ་པ་རྙེད་མི་འགྱུར། །གལ་ཏེ་གཉིས་པོ་གཅིག་ཏུ་སྦྱོར་ཤེས་ན། །སྲིད་དང་མྱ་ངན་འདས་ལ་མི་གནས་སོ། །ཞེས་བཤད་པས། དེ་བཞིན་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཉིད་རྣམ་པར་དག་པའོ། །དེའི་སྦྱོར་བ་

བས་འཁོར་ལོའི་གཙོ་བོ་སྟེ། འཁོར་ལོའི་བདག་པོའི་ངོ་བོ་ཉིད་དུ་སེམས་འདི་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུར་གནས་པ་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་གང་མི་ཤེས་པའི་འཁྲུལ་པ་དེ་དང་རྣམ་པར་བྲལ་ཞིང་སྤངས་པ་དེས་ན་དྲི་མ་

མེད་པ་ཡང་ཡིན་ལ་ཕུང་པོ་ལ་སོགས་པ་ཡང་ཡིན་པས་ན་དྲི་མེད་ཕུང་པོ་ལ་སོགས་པའོ། །ཡང་དེ་རྣམས་ཀྱང་ཡིན་ལ་མིག་ཡོར་ལྟ་བུར་སྣང་བ་ཙམ་དུ་དངོས་པོའི་ངོ་བོ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །ཡང་ན་འདི་རྣམས་ཀྱི་དྲི་མ་མེད་པ་ཉིད་ནི་ཕྱི་རོལ་ཉིད་དུ་སྒྲོ་བཏགས་པས་ནན་གྱིས་སྒྲོ་

བཏགས་པ་ཉིད་ནི་འཁྲུལ་པ་ཡིན་ལ་དེ་ཉིད་ནི་དྲི་མ་ཡིན་ཏེ། འཁྲུལ་པ་ནི་དྲི་མའི་ངོ་བོ་ཉིད་ཡིན་པས་འཁྲུལ་པའི་དྲི་མ་དེ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ། །སོགས་པའི་སྒྲས་ནི་སྐྱེ་མཆེད་ལ་སོགས་པ་གཟུང་སྟེ། དེ་རྣམས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེས་གྲུབ་པ་ནི་རྫོགས་

པར་གྱུར་པའོ། །སེར་སྣ་ནི་གཏོང་བར་མི་བྱེད་པའི་སེམས་ཉིད་དེ་དེ་ཉིད་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་སེར་སྣ་ལ་སོགས་པ་སྟེ། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་མེད་པ་དང་། ལེ་ལོ་དང་སེམས་གཡེང་བ་དང་ཤེས་རབ་འཆལ་པ་ལ་སོགས་པའོ། །དེ་རྣམས་ལས་

เล่ม ๔๒ · หน้า 223b

ལྡོག་པར་གྱུར་པ་ནི་མེད་པའོ། །དེའི་རྣམ་པར་དག་པ་ནི་གྱུར་པའི་ངོ་བོ་ཉིད་དེ་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ས་རྣམས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ས་དེ་རྣམས་ཉིད་ནི་དཀར་པོའི་ཆོས་ཡིན་

ལ། དེའི་རང་བཞིན་ནི་སེར་སྣ་ལ་སོགས་པ་ལས་ལྡོག་པར་གྱུར་པའི་རང་བཞིན་ནོ། །དེ་བས་ན་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་པར་ལྷུན་གྱིས་གྲུབ་ཅིང་ཆེད་དུ་བྱ་བ་མེད་པར་དེ་ཉིད་ཀྱིས་བདག་དང་གཞན་གྱི་དོན་མཐོ་རིས་དང་ཐར་པ་ཞེས་བྱ་བ་འབྱུང་བའི་རྒྱུ་ཅན་ཡིན་ཞིང་རྒྱུར་གྱུར་པས་སེམས་དེ་

ཡང་དཀྱིལ་འཁོར་གྱི་རྣམ་པ་ལྟ་བུ་ཡིན་ལ། རིམ་བཞིན་ཞེས་བྱ་བ་ལ་གོམས་པའི་རིམ་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཏེ་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ་རང་གི་དོན་འབྱུང་བའི་རྒྱུ་ཅན་ཏེ་ཉོན་མོངས་པ་ཐམས་ཅད་སྤོང་བའི་རྒྱུར་གྱུར་པ་ཉིད་

ཀྱི་ཟབ་པ་ཉིད་དེ། འཇུག་པར་དཀའ་བ་ཉིད་ཀྱི་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པ་དང་། གཞན་གྱི་ལུང་འབོགས་པའི་རྒྱུར་གྱུར་པ་ཉིད་ཀྱིས་གཞན་རྣམས་ཀྱི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པ་ཉིད་ཀྱིས་རྒྱ་ཆེ་བའི་ཕྱིར་ཐབས་ཀྱི་བདག་

ཉིད་ཅན་ཡིན་ཏེ་སྙིང་རྗེའི་ངོ་བོ་ཉིད་ཡིན་ནོ། །ད་ནི་རྣམ་པར་སྤྲོས་པ་དེའི་མཉམ་པ་ཉིད་ཀྱི་བདག་ཉིད་བསྟན་པར་བྱ་བའི་ཕྱིར་དམ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་ནི་ཆོས་ཉིད་ཀྱིས་ན་དངོས་པོ་ཅི་ཡང་གཞན་དག་ལས་དབྱེ་བ་མེད་པ་ཡིན་ཞིང་སྣ་ཚོགས་པའི་རང་

བཞིན་ཅན་མ་ཡིན་ལ་དབྱེ་བ་མེད་པ་མིན་ཏེ། རང་བཞིན་གཅིག་ཀྱང་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། གཞན་དུ་འཛིན་པ་ལས་ནི་ལྡོག་ཕྱིར་དང་། །ཞེས་བྱ་བ་སྨོས་ཏེ། གཞན་དག་ལ་གཞན་དུ་མངོན་པར་ཞེན་པ་ལས་རྣམ་པར་ལྡོག་པར་གྱུར་ཅིང་མེད་པར་གྱུར་པས་སོ། །གལ་ཏེ་

གཞན་ཕ་རོལ་འགའ་ཞིག་ཡོད་པར་གྱུར་ན་ཅིག་ཤོས་དེ་ལས་དབྱེ་བ་མེད་པ་དང་། དབྱེ་བ་ཡོད་པ་ལ་སོགས་པ་དཔྱད་པར་བྱ་བ་དག་ཡིན་ན། གཞན་དུ་འཛིན་པ་ལས་ལྡོག་པ་དེས་ན་གཞན་ལས་བྱེད་པ་མེད་པའམ། དབྱེ་བ་མེད་པ་མ་ཡིན་པ་ཅུང་ཟད་ཀྱང་འདོད་པ་མ་ཡིན་ནོ། །ཅིའི་

เล่ม ๔๒ · หน้า 224a

ཕྱིར་གཞན་དུ་འཛིན་པ་ལས་རྣམ་པར་ལྡོག་ཅེ་ན། དེ་བཞིན་བྱེ་བྲག་ལ་སོགས་བྲལ་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་ཏེ་དེའི་རྣམ་པར་དབྱེ་བ་མེད་པ་དང་། དབྱེ་བ་ཡོད་པའི་བདག་པོ་དང་བྲལ་ཞིང་མི་ལྡན་པ་སྟེ། སེམས་ལས་ཐ་དད་པའི་ཕྱི་རོལ་པ་མེད་དོ་ཞེས་

སྔར་བསྒྲུབས་པ་ཡིན་ནོ། །དེ་བས་ན་དབྱེ་བ་དང་དབྱེ་བ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བས་གཞན་དུ་འཛིན་པ་ལས་རྣམ་པར་ལྡོག་པའི་ཕྱིར་ཅི་ཡང་དབྱེ་བ་མེད་པ་དང་། དབྱེ་བ་ཡོད་པ་ཡིན་པར་མི་འདོད་པ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་བརྟགས་ཤིང་ཡོངས་སུ་

བསྒོམས་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དེ་ཁོ་ན་ཉིད་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་དེར་གནས་པའི་མཚན་མའི་དབུས་ན་འདུག་པའི་སྙིང་པོ་དམ་པ་ཡོངས་སུ་གྱུར་པའི་ཐིག་ལེའི་གཟུགས་སུ་རང་གི་ཡིད་དེ་རང་གི་སེམས་འོད་དང་ལྡན་པ་སྟེ། འབར་བ་དང་

བཅས་པར་ཡོངས་སུ་བསྒོམ་ཞིང་བསམ་པར་བྱའོ། །ཡང་ན་རང་གི་སྙིང་པོ་ནི་རང་གི་འདོད་པའི་ལྷའི་ས་བོན་ཏེ། དེའི་གཟུགས་སུ་རང་གི་ཡིད་གསང་སྔགས་དམ་པར་ཡོངས་སུ་གྱུར་པའི་ཐིག་ལེའི་གཟུགས་སུ་བསྒོམ་པར་བྱའོ། །ཐིག་ལེའི་གཟུགས་ཅན་གྱི་སེམས་དེའི་འོད་ཟེར་གྱི་

ཕྲེང་བ་དེས་སད་ཅིང་སྣང་བར་བྱས་པ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ལུས་ནི་མཆོག་ཏུ་གྱུར་པ་སྟེ་དམ་པར་གྱུར་པའི་འཇམ་པའི་རྡོ་རྗེའི་མཐར་ཐུག་པར་ལུས་སྣང་བར་བྱས་ནས་བ་སྤུའི་བུ་ག་རེ་རེ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་ཅིང་ཚད་མེད་པས་ཀུན་དུ་སྟེ། དངོས་པོ་ཐམས་

ཅད་ཀྱིས་འགྲོ་བ་སྣ་ཚོགས་ཁྱབ་པར་བྱས་ཤིང་གང་བར་བྱས་ལ། སེམས་རིན་པོ་ཆེའི་འོད་ཀྱི་ཕྲེང་བ་ཅན་དེ་སླར་ཡང་ཐིག་ལེའི་གཟུགས་དེ་ཉིད་དུ་སེམས་ཞུགས་པར་གྱུར་ཅིང་ཆུད་པར་བྱས་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པ། གསུང་དང་

སྐུ་དང་རྡོ་རྗེའི་ལུས་དང་གཉིས་ཀའི་མཐར་ཡང་ཤེས་རབ་དམ་པ་བདག་མེད་པའི་ཡེ་ཤེས་དེ་ལ་གོམས་པར་བྱས་པ་དེ་མེད་པར་སངས་རྒྱས་ཉིད་དུ་མི་འགྱུར་བས་སེམས་ཅན་ཐམས་ཅད་བདག་གིས་སངས་རྒྱས་སུ་བྱས་སོ་ཞེས་སྙིང་རྗེས་སྨོན་པར་བྱེད་པ་དང་། བདག་མེད་པ་ལས་གོམས་པར་བྱས་

เล่ม ๔๒ · หน้า 224b

པའི་ཤེས་རབ་དམ་པས་ཟིན་པར་གྱུར་པས་ཡེ་ཤེས་དེ་དབབ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཡེ་ཤེས་བདུད་རྩི་དབབ་པ་སྟེ། དེས་རེག་པས་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར་ཏོ་ཞེས་དེ་བསམ་པར་བྱའོ། །འདི་ཙམ་གྱིས་ནི་ཐིག་ལེའི་རྣལ་འབྱོར་བཤད་པ་ཡིན་ནོ། །ཡང་ན་

རང་གི་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་མཚན་མ་ཕྲ་མོ་རང་གི་རིག་མའི་སྣའི་རྩེ་མོར་ཟླ་བའི་དཀྱིལ་འཁོར་ལ་གནས་པ་འོད་ཟེར་དང་བཅས་པའི་ཐུབ་པའི་འཁོར་ལོའི་ནང་དུ་ཆུད་པར་བསྒོམ་པར་བྱ་སྟེ། དེ་ཡང་སྙིང་རྗེ་རྒྱུར་གྱུར་པས་ན་རང་གི་ཤེས་རབ་དམ་པ་ཡང་དག་པར་གཟུང་བ་ཉིན་མཚན་

དུ་རྟག་ཏུ་བསྒོམ་པར་བྱའོ། །ཕྲ་མོའི་རྣལ་འབྱོར་བརྟན་པོར་གྱུར་པའི་མཚན་མ་སྨིག་རྒྱུ་དང་འདྲ་བ་དང་པོ་སྟེ། དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་ལྟར་སྣང་བ་གསུམ་པ་ཡིན། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་

བྱ་བ་འདི་ལྟ་བུའི་མཚན་མ་བརྟན་པོར་མཐོང་ནས་སྤྲོ་བར་བྱ་སྟེ། མཚན་མ་ཕྲ་མོའི་འོད་ཟེར་ལས་བྱུང་བའི་ཐུབ་པའི་དབང་པོ་དང་རྣམ་པ་སྣ་ཚོགས་པའི་ཕྱག་མཚན་བསྣམས་ཏེ། རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་སྤྲོ་བར་བྱ་སྟེ། འདི་ཙམ་གྱིས་ནི་ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན་

ནོ། །དེའི་རྗེས་ཐོགས་ལ་བཟླས་བརྗོད་བྱས་པ་ཡིན་པས་ཇི་ལྟར་བྱ་བ་ནི། ཡང་ན་བཟླས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྩེ་གཅིག་པ་དང་ལྡན་པའི་སེམས་ཉིད་ནི་དངོས་པོ་མ་ལུས་པ་ཀུན་གྱི་བདག་ཉིད་དེ་རང་གི་སེམས་ཀྱི་རྒྱལ་པོ་ལ། བདག་གི་སེམས་འདི་ཉིད་དཀྱིལ་འཁོར་མ་

ལུས་པའི་འཁོར་ལོ་ལྟ་བུ་ཡིན་གྱིས་འདི་ལས་ཕྱི་རོལ་དུ་གྱུར་པ་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱས་ལ། སྣ་ཚོགས་པའི་འོད་དང་ལྡན་པ་སྟེ་སྣ་ཚོགས་པའི་འོད་ཟེར་དང་བཅས་པའི་རང་གི་སྔགས་ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་པ་རང་རང་གི་འཁོར་ལ་སོགས་པའི་ཐུགས་ཀར་

གནས་པ་ལ་ཡི་གེ་དབུས་སུ་ཆུད་པར་བྱས་པ་བློ་དང་ལྡན་པ་སྟེ་མཁས་པས་བསམ་པར་བྱ་ཞིང་བསྒོམ་པར་བྱའོ། །བཟླས་པ་འདི་ཇི་ལྟར་བྱ་བ་དེ་ལྟར་བསྟན་པར་བྱ་བའི་ཕྱིར་སྲོག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲོག་དང་རྩོལ་བ་མ་བསྡམས་པར་གསང་སྔགས་ཀྱི་རྒྱལ་པོའི་འོད་ཟེར་

เล่ม ๔๒ · หน้า 225a

སྣ་ཚོགས་པ་དང་ལྡན་པ་བསམས་ལ། སྐུ་ལ་སོགས་པ་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྤྲོ་བར་བྱ་ཞེ་ན། སྲོག་དང་རྩོལ་བ་ཤིན་ཏུ་མ་བསྡམས་པར། །ཞེས་བྱ་བ་སྨོས་ཏེ། སྲོག་དང་རྩོལ་བ་གཉིས་བཏང་བ་དང་གཞུག་པ་དག་ཤིན་ཏུ་མ་བསྡམས་

པར་དེ་གསལ་བ་ཁོ་ནར་སྐུ་ལ་སོགས་སྤྲོ་བར་བྱེད་པ་ཉིད་དེ། བསྡུ་བར་བྱ་བ་འགའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྱ་ཞེ་ན། རིམ་པ་བཞིན་དུའང་ཡང་ན་ནི། །ཅིག་ཅར་སྤྲོ་བ་དག་ནི་ལེགས་པར་བྱ། །ཞེས་བྱ་བ་སྨོས་སོ། །ནམ་མཁའི་གཏོས་ནི་ནམ་མཁའི་ཁམས་ཏེ།

སྐུ་རྡོ་རྗེ་ལ་སོགས་པས་ཀུན་དུ་གང་བར་བྱ་ཞིང་། འོད་ཀྱི་སྒོའི་སྣང་བས་ཞེས་བྱ་བ་ནི་འོད་ཀྱི་སྒོ་དེས་སྣང་བར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འོད་ཟེར་གྱི་ཕྲེང་བ་ཀུན་དུ་འཁྲུགས་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་སྣ་ཚོགས་པའི་མཆོད་པའི་སྤྲིན་གྱི་བཀོད་པ་

ཀུན་དུ་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། སྔ་མ་བཞིན་དུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བཞིན་དུའོ། །སྣ་ཚོགས་པ་ནི་རྣམ་པ་དུ་མའོ། །མཆོད་པ་ནི་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་སྤྲིན་དང་དེའི་བཀོད་པ་དེ་དག་གིས་སྐུ་ལ་སོགས་

པས་ནམ་མཁའི་ངོས་ཀུན་དུ་བཀང་བའི་རྗེས་ཐོགས་ལ་ཀུན་དུ་སྤྲོ་བར་བྱ་ཞིང་ཡོངས་སུ་སྟེ། དངོས་པོ་ཐམས་ཅད་ཀྱིས་མཆོད་དོ། །དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་དེ་ལས་འོད་ཟེར་ཡང་དག་པར་སྤྲོས་ལ། དེས་ཕྱོགས་བཅུ་ན་གནས་པའི་གཟུགས་རྡོ་རྗེ་ལ་སོགས་པའི་

ལྷ་མོ་རྣམས་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་རྡོ་རྗེའི་ལམ་ནས་ཕྱུང་སྟེ། ལྷ་མོའི་པདྨའི་ནང་ན་གནས་པར་གྱུར་པ་དང་། རང་གི་ལྷ་མོའི་ལུས་ལས་འོད་ཟེར་གྱི་སྒོ་ནས་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་རང་གི་ཁ་དོག་དང་ཕྱག་མཚན་

འཛིན་པ་ཕྱུང་སྟེ། དེས་ཡོངས་སུ་བསྐོར་ནས་སྐུ་རྡོ་རྗེ་ལ་སོགས་པ་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྦས་ཤིང་འཁྱུད་པ་ཡང་ཡིན་ལ་རིག་པ་མཆོག་ཀྱང་ཡིན་པས་ན། ཡོངས་སུ་སྦས་པའི་རིག་པ་མཆོག་རྣམས་ནི། །ཞེས་བྱའོ། །ཡང་ན་མཆོག་ཏུ་གྱུར་པ་ནི་རིག་པ་

เล่ม ๔๒ · หน้า 225b

རྣམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་རྒྱུར་གྱུར་པས་བདེ་བ་ཆེན་པོ་སྟེ། དེ་བབས་པར་གྱུར་པ་ནི་ཉམས་སུ་མྱོང་བ་མངོན་དུ་ཕྱོགས་པར་གྱུར་པ་སྟེ་དེས་གཞན་གྱི་དབང་དུ་གྱུར་པར་བདག་ཉིད་མཐོང་ནས། རྣམ་པར་སྒེག་པའི་ཐུབ་དབང་ཚོགས་རྣམས་ནི། །

མཐར་ནི་རང་གི་ལུས་ལ་གཞུག་པར་བྱ། །ཞེས་བྱ་བ་ནི་བཟླས་པའི་མཐར་སྐུ་རྡོ་རྗེ་ལ་སོགས་པ་བཏོན་པ་རྣམས་ཤིན་ཏུ་མཛེས་བཞིན་དུ་རང་གི་ལུས་ལ་གཞུག་པར་བྱའོ། །འདི་ཙམ་གྱིས་ནི་བཟླས་པ་ཡིན་ནོ། །ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་ལ་ཡང་ཡན་ལག་བཞི་

བཞི་སྟེ། རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཆེན་པོ་དང་། ཐུགས་རྡོ་རྗེ་ལ་སོགས་པ་ཡང་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཆེན་པོ་བཞི་བཞིར་བལྟ་བར་བྱའོ། །རང་གི་སྙིང་པོ་ནི་ཡེ་ཤེས་སེམས་དཔའི་ས་བོན་ནོ། །དེ་ཉིད་དང་པོའི་རྣལ་འབྱོར་ལ་སོགས་པའི་ཏིང་ངེ་འཛིན་

བསྒྲུབ་པར་བྱ་བ་ནི་དེ་ཁོ་ན་ཉིད་དོ། །དེའི་ངེས་པར་རྟོགས་པ་ནི་བསྒོམ་པའོ། །དེས་སྐྱོ་བ་ནི་ཡོངས་སུ་དུབ་པའོ། །དེས་ཞུམ་པ་ནི་རྒྱ་ཆུང་བར་གྱུར་པའོ། །སེམས་ཀྱི་སྤྱོད་པ་ནི་སེམས་ཀྱི་འཇུག་པ་གང་ཡིན་པ་དེ་ནི། རང་གི་སྙིང་པོ་དེ་ཉིད་ངེས་རྟོགས་པས། །སེམས་ནི་སྤྱོད་པ་སྐྱོ་བས་

ཞུམ་གྱུར་ན། །ཞེས་བྱའོ། །དེ་ལྟར་གྱུར་པ་ལ་སྔར་བཤད་པའི་སྤྱན་ལ་སོགས་པའི་རིག་པའི་ཚོགས་ཀྱིས་ཡང་དག་པར་གླུར་བླངས་པས་རབ་ཏུ་བསྐུལ་ཞིང་ལེགས་པར་སད་པར་བྱས་ནས་སྔ་མ་བཞིན་དུ་འཁོར་ལོ་ལ་སོགས་པ་མཆོད་པར་བྱའོ། །ད་ནི་སེམས་བཟང་པོ་ཞེས་བྱ་

བ་ལ་སོགས་པས་ཚིམ་པར་བྱ་བ་སྟོན་ཏེ། སེམས་བཟང་པོ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་ཆུ་ཡིན་པས་ན་སེམས་བཟང་པོའི་ཆུ་སྟེ་དེའི་རྒྱུན་འབབ་ཅིང་སྐུ་རྡོ་རྗེ་ལ་སོགས་པར་བབས་པར་གྱུར་པར་བསམ་པར་བྱའོ། །ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་སྤྱི་བོའི་སྟེང་དུ་མཐོ་གང་ཙམ་

གྱིས་དཔགས་པར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེར་བདུད་རྩིའི་ངོ་བོར་གྱུར་པར་བསམ་པར་བྱ་སྟེ། དེར་ཨོཾ་གྱིས་ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་བཀུག་ལ་གཅིག་ཏུ་བྱས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་ལ་ངེས་པར་དབབ་པར་བྱའོ། །སྐྱོ་བ་བསལ་བར་བྱ་ཞེས་བྱ་བ་ནི་སྐྱོ་བར་

เล่ม ๔๒ · หน้า 226a

གྱུར་ན་བསལ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། སྲོག་དང་རྩོལ་བའི་འོད་ཀྱི་ལྕགས་ཀྱུས་དྲངས་ནས་ནི། །ཞེས་བྱ་བ་སྨོས་ཏེ། འབྱིན་པར་བྱེད་པའི་རླུང་ནི་སྲོག་ཅེས་བྱ་བ། འདྲེན་པར་བྱེད་པ་ནི་རྩོལ་བ་ཞེས་བྱའོ། །སྲོག་དང་རྩོལ་བ་དེ་

གཉིས་ནི་སྲོག་དང་རྩོལ་བ་སྟེ་དེ་དག་ཉིད་ཀྱི་འོད་ནི་ལྕགས་ཀྱུ་སྟེ་དེ་ལྕགས་ཀྱུར་བྱས་པ་དེས་བཀུག་ནས་དེ་དབབ་པར་བྱའོ། །དེ་ལྟར་ཞེས་བྱ་བ་བཤད་མ་ཐག་པའི་ཚུལ་གྱིས་ཆོ་ག་བཞིན་དུ་ཐང་ཅིག་ངལ་བསོ་ཞིང་དུབ་པ་བསལ་བར་བྱས་ནས། སྔར་བཤད་པའི་ཚོགས་ཞེས་བྱ་བར་རང་གི་སྔགས་སྣ་

ཚོགས་པའི་འོད་དང་ལྡན་པ་བསྒོམས་ལ་སྐུ་རྡོ་རྗེ་ལ་སོགས་པ་སྤྲོ་བར་བྱ་ཞིང་གསང་སྔགས་ཀྱི་རྒྱལ་པོ་དམ་པ་ཉིན་དང་མཚན་དུ་བཟླས་བརྗོད་བྱའོ། །སྔགས་ལའང་ཀུན་དུ་ཆགས་པ་མེད་པས་བྱ། །ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་འདི་ནི་བཟླས་པར་བྱ་བའི་སྔགས་སོ། །

འདི་ནི་འདིའི་བཟླས་པའོ། །བདག་ནི་ཟློས་པ་པོའོ་ཞེས་མངོན་པར་ཞེན་པ་དང་བྲལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་ལྟར་དེ་ཁོ་ན་ཉིད་ཤེས་པར་གྱུར་པས་གསང་སྔགས་ཀྱི་བཟླས་བརྗོད་བྱ་བ་ཡིན་ནོ། །ད་ནི་བསྟོད་དང་ཞེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་བའི་

ཆོ་ག་སྟོན་ཏེ། བསྟོད་པ་དང་མཆོད་པ་ལ་སོགས་པ་སྔགས་པ་གང་གིས་བྱས་པ་དེ་ནི་བསྟོད་པ་དང་མཆོད་སོགས་ཏེ། དཀྱིལ་འཁོར་བསྒོམ་པ་གཤེགས་སུ་གསོལ་བ་ལ་སྔགས་པ་གང་རབ་ཏུ་འབད་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་རྡོ་རྗེ་ལ་སོགས་པ་རྟག་པ་སྟེ་བརྟགས་པ་ཙམ་

གྱིས་ཡང་དག་ཡོད་པ་མ་ཡིན་གྱི་སྤྲུལ་པ་ཡིན་པར་བསམ་པར་བྱའོ། །ཇི་ལྟ་བུར་གྱུར་པ་ཞེ་ན། ཨོཾ་ལ་སོགས་པས་འཁོར་ལོ་བསྡུས་ནས་ནི། །ཞེས་བྱ་བ་སྨོས་ཏེ། ཡི་གེ་ཨོཾ་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་ཡི་གེ་ཨ་ལ་སོགས་པའོ། །ཨོཾ་ལ་སོགས་པ་དེ་ཉིད་དུ་བསྡུ་བ་ནི་འཁོར་

ལོའི་བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱིས་ཐུགས་རྡོ་རྗེ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་མགོ་བོ་དང་ལྐོག་མ་དང་སྙིང་གར་བསྡུ་བ་གང་ཡིན་པ་དེ་ནི། ཨོཾ་ལ་སོགས་པར་འཁོར་ལོ་བསྡུས་ནས་ནི། །སྐུ་ལ་སོགས་པ་རྟག་པ་དག་ཏུ་བྱ། །ཞེས་བྱ་སྟེ། སྔགས་པས་དེ་ལྟར་བསམ་

เล่ม ๔๒ · หน้า 226b

པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་དེ་ཁོ་ན་ཉིད་མཐོང་ཞིང་། དེ་ལྟར་དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་གང་ཡིན་པ་དེས་ངེས་པར་གྲོལ་ཞིང་ཐར་པ་ཐོབ་པས་སེམས་ཅན་གྱི་ཁམས་ཁམས་གསུམ་པར་གཏོགས་པ་རྣམས་དམིགས་ཤིང་ཡིད་ལ་བྱས་ནས་སྨོན་ལམ་གྱི་སྒོ་

མངོན་སུམ་ཉིད་དུ་བྱ་སྟེ། འགྲོ་བ་ལ་ཕན་པའི་ཕྱིར་བདག་ཉིད་འཇམ་པའི་རྡོ་རྗེར་གྱུར་ནས་སྙིང་རྗེ་རྒྱུར་གྱུར་པས་འགྲོ་བ་མ་ལུས་པ་རྣམས་འཇམ་པའི་རྡོ་རྗེར་བྱའོ་ཞེས་བྱ་བའོ། །ལངས་ནས་ཞེས་བྱ་བ་ལ་སོགས་པ་ལ་ལངས་པ་ནི་བསམ་གཏན་ལས་སོ། །དག་པའི་སེམས་དཔའ་ནི་ཐ་མལ་

པའི་ང་རྒྱལ་རྣམ་པར་སྤངས་པར་གྱུར་པས་དམ་པའི་ཆོས་སྨྲ་བ་ལ་སོགས་པ་བྱ་བ་མ་ལུས་པ་རྫོགས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་རྣལ་འབྱོར་པ་དག་པའི་སེམས་དཔར་གྱུར་པ་དེ་ལྟར་བསྟན་པ་ནི། རང་གི་ལྷ་ཡི་རྣམ་པའི་ང་རྒྱལ་ཡིད་ལ་བྱས་ནས་ནི། །ཞེས་བྱ་བ་སྨོས་ཏེ། རང་གི་འདོད་པའི་ལྷའི་རྣམ་

པར་སེམས་བསྐྱེད་པར་བྱས་པ་འཛིན་པས་བྱའོ། །ཀུན་དུ་སྣང་བར་གནས་པའི་ཡུལ་རྣམས་ནི། །ཞེས་བྱ་བ་ལ། ཀུན་དུ་སྣང་བ་ནི་གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་མིག་ལ་སོགས་པ་ལ་བརྟེན་པའོ། །དེའི་གནས་པ་ནི་རྣམ་པར་གཞག་པ་སྟེ། འདི་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་དེ་

ལྟར་ནང་གི་བདག་ཉིད་ཅན་ནོ། །དེའི་ཡུལ་རྣམས་ནི་གཟུགས་ལ་སོགས་པ་སྟེ་དེ་དག་གིས་བྱས་པའི་ཕྱིར་རོ། །དེ་ཡང་གཟུགས་ཀྱི་མཚན་མ་ལས་སྐྱེས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་རྣམ་པར་གཞག་གོ། །དེ་བཞིན་དུ་སྒྲ་ལ་སོགས་པའི་རྣམ་པར་

ཤེས་པ་ལ་ཡང་བལྟ་བར་བྱའོ། །རང་རང་གི་ངོ་བོ་རྣམ་པར་དག་པ་ནི་བདག་ཉིད་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པའོ། །དེ་ཡང་གཟུགས་ཀྱི་དག་པ་ནི་སྐུའི་རྡོ་རྗེ་ཉིད་དུའོ། །དེ་བཞིན་དུ་སྒྲ་ནི་ཐུགས་ཀྱི་རྡོ་རྗེ་ཉིད་དུའོ། །དྲི་ནི་རིན་ཆེན་འབྱུང་ལྡན་ཉིད་དུའོ། །རོ་ནི་གསུང་གི་རྡོ་རྗེ་ཉིད་དུའོ། །རེག་བྱ་

ནི་དམ་ཚིག་རྡོ་རྗེ་ཉིད་དུ་སྟེ། རང་རང་གི་ངོ་བོ་རྣམ་པར་དག་པ་ནི་འདིས་རིམ་པ་བཞིན་དུ་ཡུལ་ཡོངས་སུ་བསྒོམ་པར་བྱའོ། །ཆོས་ཉིད་ཀྱིས་ནི་ཞེས་བྱ་བའི་དོན་དམ་པར་རོ། །ཕན་ཚུན་ཁྱད་པར་མེད་པ་ནི་གཅིག་ལ་གཅིག་དབྱེར་མི་ཕྱེད་པ་ཉིད་ཀྱིས་སོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་ནི། །

เล่ม ๔๒ · หน้า 227a

ཞེས་བྱ་བ་ནི་ཡུལ་འདི་དག་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དེ། གང་གི་ཕྱིར་དངོས་པོ་འདི་དག་ཐམས་ཅད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་བསྒོམ་པར་བྱའོ། །ཕྱིན་ཅི་ལོག་གི་རྟོག་

པ་སྤངས་པ་ཡིས། །ཞེས་བྱ་བ་ལ། ཕྱིན་ཅི་ལོག་གི་རྟོག་པ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་། ཐ་མལ་པའི་ང་རྒྱལ་གྱི་རང་བཞིན་ནོ། །དེ་ལས་གྲོལ་བ་ནི་སྤངས་པའོ། །ཡང་ན་གང་གིས་ཕྱིན་ཅི་ལོག་གི་རྟོག་པ་སྤངས་པར་གྱུར་པའི་སྔགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ།

དེས། བྱ་བ་མ་ལུས་པ་ནི་རྫོགས་པར་བྱ། །ཞེས་བྱ་བ་དམ་པའི་ཆོས་སྨྲ་བ་ལ་སོགས་པ་བྱ་བའོ། །ཐུབ་པའི་འཁོར་ལོ་མ་ལུས་མཆོད་པ་ནི། །ཞེས་བྱ་བ་ལ། དེ་ལྟ་བུའི་སྔགས་པས་ཐུབ་པའི་འཁོར་ལོ་མ་ལུས་པ་མཆོད་པ་འདི་ནི་མཆོག་དམ་པ་ཡིན་ཏེ། དཀྱིལ་འཁོར་གྱི་འཁོར་

ལོ་བསྒོམས་པས་བྱ་བ་མ་ལུས་པ་རྫོགས་པར་བྱ་བ་འདི་ནི་དེའི་མཆོད་པ་ཀུན་དུ་སྟེ། དུས་ཐམས་ཅད་དུ་མཆོག་ཡིན་པར་བལྟ་བར་བྱའོ། །ད་ནི་སྙིང་གའི་ཞེས་བྱ་བ་ལ་སོགས་པས་ཟས་ལ་ལོངས་སྤྱོད་པའི་ཆོ་ག་སྟོན་ཏེ། དེ་ཡང་ཇི་ལྟར་ན་རྣལ་འབྱོར་པས་ཐ་མལ་པའི་ང་རྒྱལ་སྤངས་པའི་སེམས་

ཀྱིས་ཟས་ལ་སྤྱད་པར་བྱ་བ་ཡིན་པས། ཟན་ཟ་བའི་ཚེ་ན་ཞེས་བྱ་བ་ཟས་ལ་སྤྱོད་པའི་དུས་སུ་སྙིང་གའི་ཟླ་བ་ལ། འཁོར་ལོའི་གཙོ་བོ་ཞེས་བྱ་བ་འཁོར་ལོའི་བདག་པོ་དཀྱིལ་འཁོར་པའི་ལྷ་རྣམས་དང་བཅས་པ་རང་གི་སྔགས་ཀྱིས་ཞེས་བྱ་བ་རང་གི་སྙིང་པོའི་ཡི་གེ་བྷྲཱུཾ་ལཾ་ཛཾ་བཾ་ལ་སོགས་པ་དང་

ཡི་གེ་ཧཱུཾ་ལས་ཀྱང་ཀུན་དུ་དམིགས་ཤིང་བསམས་ལ། རང་གི་ཟས་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་གྱུར་པ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་པདྨའི་སྣོད་ན་གནས་པ་ཀུན་དུ་སྣང་ཞིང་འོད་དང་ལྡན་པའི་ཨོཾ་གྱིས་མངོན་པར་བཟླས་པ་དང་། དེ་ཉིད་གསུམ་གྱི་ས་ཞེས་བྱ་

བ་ཨོཾ་ལ་སོགས་པ་བཟླས་ཏེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་སྟོང་པ་ཉིད་གང་ཡིན་པ་དེས་རྣམ་པར་དག་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །རང་གི་ཁ་ཟས་དེ་ལྟར་བསམས་ནས་ཡང་ཅི་ཞིག་བྱ་ཞེ་ན། དེ་ཡིས་སྐུ་ཡི་རྡོ་རྗེ་ལ་སོགས་པའི། །ལྷ་རྣམས་

เล่ม ๔๒ · หน้า 227b

ཀུན་དུ་ཚིམ་པ་ཉིད་དུ་བྱ། །ཞེས་བྱ་བ་སྨོས་ཏེ། ཧཱུཾ་དགོད་པའི་རྡོ་རྗེའི་ལྕེ་བཟང་པོར་གྱུར་པ་ཡང་བྱའོ་ཞེས་བྱ་བར་བལྟ་བར་བྱའོ་ཞེས་ཟས་ལ་སྤྱོད་པའི་གནས་སྐབས་སུ་སྦྱིན་སྲེག་གི་ཆོ་ག་བཤད་པ་ནི་རྣལ་འབྱོར་པ་ཟས་ལ་སྤྱོད་པ་ཉིད་སྦྱིན་སྲེག་གི་ཚུལ་ཡིན་པའི་ཕྱིར་རོ། །ཕྱིའི་སྦྱིན་སྲེག་

ཆོ་གས་བསྒྲེ་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ་སྦྱིན་སྲེག་གི་ཆོ་ག་ནི་སྦྱིན་སྲེག་གི་ཆོ་གའི་བྱ་བ་སྟེ། ཕྱིའི་མར་ལ་སོགས་པའི་སྲེག་རྫས་ཀྱི་ཚུལ་དུའོ། །ཡིད་ཀྱིའང་འདི་ལྟ་བུའི་ཚུལ་དུ་རྣལ་འབྱོར་པ་ཡིད་ཀྱིས་ཟས་ལ་སྤྱོད་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཉིད་ནི་བེམས་པོའི་

ཚུལ་ཉིད་ཀྱི་བུད་ཤིང་ཡིན་ལ། དེ་རྣམས་ཡེ་ཤེས་འབར་བའི་ཡེ་ཤེས་ཀྱི་མེ་ལ་བསྲེགས་ན་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་གྱུར་པ་ནི་བླ་ན་མེད་པ་བཤད་ཅིང་གྲགས་སོ། །འདིས་ནི་སྦྱིན་སྲེག་གསུམ་བཤད་པ་ཡིན་ཏེ། ཕྱིའི་དང་ཡིད་ཀྱི་དང་བླ་ན་མེད་པའིའོ། །དེ་ལྟར་བཤད་མ་ཐག་

པའི་རིམ་པས་མ་ལུས་པའི་འདོད་པ་སྟེ་གཟུགས་ལ་སོགས་པ་རྣམས་ཀྱིས་བདག་ཉིད་དམ། གཞན་དག་རང་གི་ལྷའི་གཟུགས་སུ་གྱུར་པ་ལ་ཡང་དག་པར་མཆོད་པར་བྱ་སྟེ། དམ་ཚིག་འདི་ནི་བདེ་བར་གཤེགས་པ་རྣམས་ཀྱིས་མཐུན་པར་རྗེས་སུ་གནང་ཞིང་བསྔགས་པ་ཡིན་ནོ། །ད་

ནི་རྗེས་སུ་མཐུན་པ་ཞེས་བྱ་བ་ལ་སོགས་པ་བསམ་གཏན་ལས་ལངས་ནས་རྣལ་འབྱོར་པས་ལུས་ལ་སོགས་པའི་ལས་རྣམས་ཇི་ལྟར་བྱ་བ་དེ་སྟོན་ཏེ། བདག་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་སྨྲ་བ་ལ་སོགས་པས་འགྲོ་བའི་དོན་ཡོངས་སུ་བརྟགས་ཏེ་བྱེད་པ་དང་བདག་དང་རྗེས་སུ་མཐུན་པའི་

མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་རྣམས་ཀྱིས་མ་ལུས་པའི་བདེ་བར་གཤེགས་པ་རྣམས་མཆོད་པར་ཡོངས་སུ་བརྟག་པར་བྱ་བ་དང་། ལུས་ཀྱི་ལས་འཆགས་པ་ལ་སོགས་པ་དེ་དང་དེ་བྱེད་པ་ནི་རྟག་ཏུ་སྟེ་རྒྱུན་མི་འཆད་པར་ལེགས་པར་མཉམ་པར་གཞག་ཅིང་ལྷའི་ང་རྒྱལ་དང་ལྡན་པར་བྱའོ། །

དེ་བཞིན་དུ་འདིར་ཇི་ལྟར་ན་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་སེམས་དཔའ་ལ་མི་དགེ་བའི་འཇུག་པ་མེད་པ་དེ་བསྟན་པ་ནི། རྣམ་པ་དེ་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་རང་གི་ལྷའི་ང་རྒྱལ་དང་ལྡན་པའི་སེམས་ལ་ནི་ལུས་ཀྱི་ལས་དང་ངག་གི་ལས་རྣམས་གང་ཅི་ཡང་

เล่ม ๔๒ · หน้า 228a

རུང་བ་དག་གོ་རིམས་བཞིན་དུ་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པ་ཡིན་པར་རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས་ཤིང་བཀའ་སྩལ་ཏོ། །ཇི་ལྟར་ན་ལུས་འདི་ལྟ་བུའི་སེམས་ཀྱི་ལུས་དང་ངག་གི་རང་བཞིན་གྱི་ལས་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པར་འགྱུར་ཞེ་ན།

དེའི་ཕྱིར། གང་ཕྱིར་དངོས་པོ་གཅིག་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་གང་གི་ཕྱིར་དངོས་པོ་གཅིག་པུ་ཉིད་ལའང་བློ་ཡིས་སྣ་ཚོགས་པའི་ཀུན་དུ་རྟོག་པ་བསགས་པའི་རྣམ་པའི་ལས་ཀྱི་ཁྱད་པར་མང་པོ་དག་གང་གི་ཕྱིར་འབྱུང་བར་འགྱུར་བ་དེས་ན་དགེ་བ་དང་མི་

དགེ་བའི་རྣམ་པ་ཅན་གྱི་ལས་གང་ཡིན་པ་དེ་ནི་སེམས་ཀྱི་དབང་གིས་འབྱུང་བ་ཡིན་ནོ་ཞེས་བཤད་དོ། །དེ་བས་ན་འདི་ལྟར་བཅོམ་ལྡན་འདས་ནི་བསོད་ནམས་ཀྱི་ཚོགས་དང་སྡིག་པའི་ཚོགས་གཉི་གའི་རྒྱུ་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་འདིའི་དོན་ནི་འདི་ཡིན་ཏེ། གང་མུ་

སྟེགས་བྱེད་གཞན་གཏི་མུག་གི་མེས་བློ་གྲོས་སྲེག་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་བརྙས་པར་བྱེད་པ་དེས་ནི་དམྱལ་བར་འགྲོ་བར་འགྱུར་ལ། གང་དགེ་བའི་བཤེས་གཉེན་དམ་པའི་ཞབས་ཀྱི་པདྨའི་རྡུལ་ཡོངས་སུ་བསྟེན་པས་མི་ཤེས་པའི་རབ་རིབ་ཡོངས་སུ་བསལ་བ་

བློ་གྲོས་ཡོངས་སུ་དག་པར་གྱུར་པ་དེ་རྣམས་ནི་མཐོ་རིས་སུ་འགྲོ་བར་འགྱུར་ལ། གང་སངས་རྒྱས་བཅོམ་ལྡན་འདས་ལ་རབ་ཏུ་དད་པར་བྱས་ནས་དེས་ཉེ་བར་བསྟན་པའི་ལམ་བསྒོམས་པར་གྱུར་པ་རྣམས་ནི་ཇི་ལྟར་ཡོངས་སུ་བསྒོམས་པ་ལས་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་པོ་

གང་ཡང་རུང་བའི་བར་གྱི་སྣོད་དུ་གྱུར་པ་ཡིན་ནོ། །དེ་བས་ན་དངོས་པོ་གཅིག་པུ་ལ་ཡང་གང་སྣ་ཚོགས་པའི་ཀུན་དུ་རྟོག་པས་བསྒྲུབས་པའི་ལས་ཀྱི་ཁྱད་པར་ལས་སྡུག་བསྔལ་དང་བདེ་བ་དང་གྲོལ་བ་འབྱུང་བར་གྱུར་པས་ན་སྡུག་བསྔལ་བདེ་དང་གྲོལ་ཞེས་བྱ་སྟེ། དེ་རྣམས་སྐྱེད་པར་བྱེད་

ཅིང་སྒྲུབ་པར་བྱེད་པའི་ལས་ཀྱི་ཁྱད་པར་མང་པོ་འབྱུང་བར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུ་འབྱུང་བར་འགྱུར་བ་ཡིན་པ་དེ་བས་ན། ལུས་སོགས་ཞེས་བྱ་བ་ལུས་དང་ངག་དང་ཡིད་ཀྱི་དགེ་བ་དང་མི་དགེ་བའི་རྣམ་པའི་ལས་རྣམས་ནི་སེམས་ཀྱི་དབང་ལས་ཞེས་བྱ་བ་ཀུན་དུ་རྟོག་པའི་དབང་གིས་དགེ་

เล่ม ๔๒ · หน้า 228b

བ་དང་མི་དགེ་བ་ཞེས་གསུངས་སོ། །དེ་ལྟར་བཤད་མ་ཐག་པའི་རིམ་པས་རྙོག་པ་མ་ལུས་པ་སྤངས་པ་སྟེ། མཐའ་དག་བསལ་བའི་སེམས་གང་ཡིན་པ་དེ་ནི་ནག་པོ་སྟེ། མི་དགེ་བའི་ལས་སུ་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དམ་ཚིག་ཉམས་པ་ཞེས་བྱ་བ་ལ་སོགས་པས་བླ་མ་

ལ་བརྙས་པ་ལ་སོགས་པའི་ཉེས་པས་དམ་ཚིག་ཟད་པར་གྱུར་པ་ལ་དམ་ཚིག་གསོ་བའི་ཆོ་ག་གང་ཡིན་པ་དེ་ཉིད་སྟོན་ཏེ། དམ་ཚིག་ནི་མི་འདའ་བར་གཞུང་ལུགས་ངེས་པར་བྱ་བ་ལ་སོགས་པ་སྟེ། གང་བླ་མའི་མདུན་དུ་བདག་གིས་འདི་ལྟར་བྱའོ་ཞེས་ངེས་པར་ཁས་བླངས་པའོ། །དེ་ལ་ཉམས་

པར་གྱུར་པ་ནི་འདས་པར་གྱུར་པའོ། །དེ་ལ་ནི་དཔལ་ལྡན་རྡོ་རྗེའི་དམ་ཚིག་རྣལ་འབྱོར་པའི་སྔགས་པས་སྔར་བཤད་པའི་རིམ་གྱིས་དབང་བསྐུར་བ་བླང་བར་བྱ་ཞིང་གཟུང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དཔལ་ལྡན་དམ་ཚིག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་དང་པོའི་སྦྱོར་བ་ལ་

སོགས་པའི་རིམ་གྱིས་བསྒོམ་པའི་ཡང་དག་པའི་སྦྱོར་བ་འདི་ལ་ཡོད་པས་ན་དཔལ་ལྡན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པའོ། །ཡང་འདི་ཁྱད་པར་བསྟན་པའི་ཕྱིར་སྙིང་གའི་ཟླ་བར་ནི། སྙིང་པོས་སྣ་ཚོགས་རྡོ་རྗེ་ཇི་བཞིན་བསམ། །ཞེས་བྱ་བ་སྨོས་ཏེ། སྙིང་ག་ན་གནས་པའི་ཟླ་བ་ཡིན་པས་སྙིང་གའི་ཟླ་བའོ། །

སྙིང་གའི་ཟླ་བ་དེར་སྣ་ཚོགས་རྡོ་རྗེ་སྟེ་རྡོ་རྗེ་རྒྱ་གྲམ་གང་ཡིན་པ་དེ་ནི་སྙིང་པོས་སྣ་ཚོགས་རྡོ་རྗེའོ། །ཇི་བཞིན་བསམ་ཞེས་བྱ་བ་ནི་མན་ངག་ཇི་ལྟར་ཐོབ་པའི་ཆོ་གས་སྣ་ཚོགས་པདྨའི་འདབ་མའི་དབུས་སུ་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམ་ཞིང་ཟླ་བ་ལ་ཁཾ་བསམས་ལ་སྔར་གྱི་རིམ་པས་ཞེས་བྱ་བ་ཐུབ་པ་མཆོག་གི་འོད་

ཟེར་ལས་བྱུང་བའི་རིག་པའི་ཚོགས་ཀྱིས་ཕྱག་ན་བསྣམས་པའི་བུམ་པའི་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བའི་རིམ་པས་དབང་བསྐུར་བ་བླང་བར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། འགྲོ་བ་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་རྣམ་པར་

དག་ཅིང་འགྲོ་བ་མ་ལུས་པ་རྣམ་པར་གྲོལ་བ་ཡིན་པར་བསམ་པའོ། །ཆོ་ག་འདི་ཉིད་ཀྱིས་ཁྲུས་ལ་ཡང་བསྒྲེ་བར་བྱ་བའི་ཕྱིར་རོ། །ཕྱི་རོལ་གྱི་ཡང་ཁྲུས་ཀྱི་ཆོ་ག་ལ། །རིམ་འདི་ཁྱད་པར་དུ་ཡང་བསམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། དབང་བསྐུར་བའི་རིམ་པ་དེ་ནི་ཕྱིའི་ཁྲུས་ལ་ཡང་ཁྱད་པར་དུ་བསམ་པར་

เล่ม ๔๒ · หน้า 229a

བྱའོ། །ད་ནི་ཐུན་མཚམས་ཞེས་བྱ་བ་ལ་སོགས་པས་ཐུན་མཚམས་སུ་བསམ་གཏན་གྱི་རྗེས་ལ་རྣལ་འབྱོར་པས་བྱ་བ་གང་ཡིན་པ་དེ་སྟོན་པ་ཡིན་ཏེ། རེ་ཞིག་དང་པོར་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཐུན་མཚམས་སུ་ཡང་སྔར་གྱི་ཆོ་གས་མཆོད་པ་ལ་སོགས་

པ་སྔོན་དུ་འགྲོ་བ་སྟེ། མཆོད་པ་དང་པོར་བྱས་ནས་བཟླས་བརྗོད་བྱས་ནས། སྙིང་གའི་ནང་དུ་འཁོར་ལོ་ཆུད་བྱས་ལ། །ཞེས་བྱ་བ་དཀྱིལ་འཁོར་གྱི་འཁོར་ལོ་སྙིང་གའི་ནང་དུ་ཆུད་པར་བྱས་པར་གྱུར་པ་གང་ཡིན་པ་དེ་ལྟར་བྱས་ལ་སྙིང་རྗེ་དང་ཤེས་རབ་གཉིས་དང་ལྡན་པར་རྣལ་འབྱོར་པ་ཉལ་ཞིང་གཉིད་ལོག་པར་བྱའོ། །མལ་ནས་

ལྡང་བའི་དུས་སུ་ཡང་སྔར་བཤད་པའི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི་གླུས་བསྐུལ་བས་ལངས་ལ་ཆོ་ག་སྔ་མ་བཞིན་དུ་ཞེས་བྱ་བ་སྣ་ཚོགས་པའི་འོད་དང་ལྡན་པའི་རང་གི་སྔགས་བརྗོད་ཅིང་སྐུ་རྡོ་རྗེ་ལ་སོགས་པ་སྤྲོ་བའི་ཆོ་གས་ཐུབ་པ་དེ་སྔགས་པས་བཟླས་བརྗོད་ལ་སོགས་པ་བྱའོ། །ད་ནི་

དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་དངོས་གྲུབ་སྒྲུབ་པའི་ཆོ་ག་སྟོན་ཏེ། དངོས་གྲུབ་ནི་སངས་རྒྱས་ཉིད་བསྒྲུབ་པའམ་རལ་གྲི་ལ་སོགས་པ་བསྒྲུབ་པའོ། །མཚན་མ་མཐོང་བ་ནི་རྟགས་ཐོབ་པ་སྟེ། རྨི་ལམ་དུ་བུ་མོ་བརྒྱན་པ་མཐོང་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་གསུམ་གྱི་མཆོད་པའི་སྐུ་དང་

གསུང་དང་ཐུགས་རྡོ་རྗེ་བསྒོམ་པའི་མཚན་ཉིད་ཅན་བྱས་ཤིང་དཔྱད་ནས། རང་གི་སེམས་ཞེས་བྱ་བ་བདག་ཉིད་ཀྱི་སེམས་སྔར་བཤད་པའི་དཀྱིལ་འཁོར་ལ་གནས་པས་འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པར་བྱ་སྟེ། སངས་རྒྱས་ཉིད་དུ་འགྲུབ་པའམ་རལ་གྲི་ལ་སོགས་པའི་དངོས་གྲུབ་བསྒྲུབ་

པར་བྱའོ། །དངོས་གྲུབ་བསྒྲུབ་པའི་ཚེ་གལ་ཏེ་བགེགས་བྱུང་ན་དེ་བཟློག་པར་བྱ་བའི་ཕྱིར་བགེགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་རྩི་ཐབ་སྦྱོར་འཁོར་ལོ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའི་འཁོར་ལོའོ། །དབང་བསྐུར་བ་བྱས་ཤིང་དབང་བསྐུར་བ་བླངས་པས་ནི་འབད་པ་མེད་

ཅིང་བསྒྲིམ་མི་དགོས་པར་བགེགས་རྣམས་ངེས་པར་འཇོམས་པར་བྱེད། བདུད་རྩི་ཐབ་སྦྱོར་གྱི་འཁོར་ལོ་དེ་གང་ཡིན་ཞེ་ན།གང་ཞིག་དབུས་ན་གནས་པར་གྱུར་པ་ཡི། །འཁོར་ལོ་དེ་ཡང་དེ་ཡི་ཡིན་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དེའི་དབུས་སུ་ནི་དཀྱིལ་འཁོར་གྱི་འཁོར་

เล่ม ๔๒ · หน้า 229b

ལོ་དེའི་དབུས་སུའོ། །དེའི་དབུས་ན་གནས་པར་གྱུར་པས་ན་དབུས་ན་གནས་པ་སྟེ། དབུས་ན་བཅོམ་ལྡན་འདས་གང་བཞུགས་པ་འཁོར་ལོ་དེ་དེའི་ཡིན་པར་འགྱུར་རོ། །འདི་སྐད་སྟོན་ཏེ་བདུད་རྩི་ཐབ་སྦྱོར་བདག་པོས་བྱས་ལ་དབང་བསྐུར་བ་བླང་བར་བྱའོ་ཞེས་པའོ། །དྲིས་པ་རྩོམ་པ་འདི་དག་

ཐམས་ཅད་ནི་སྲིད་པའི་སྡུག་བསྔལ་ལས་ཐར་པའི་དོན་དུ་བརྟག་པར་བྱ་བ་ཡིན་ན། ལམ་འདིས་ཇི་ལྟར་སྲིད་པའི་སྡུག་བསྔལ་ལས་ཇི་ལྟར་ཐར་བར་འགྱུར་ཞེ་ན། དེའི་ཕྱིར། ཐ་མལ་རྣམ་རྟོག་རྒྱུན་ནི་མ་རྟོགས་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མལ་པའི་རྣམ་པར་རྟོག་པ་ནི་བདག་

དང་བདག་གིར་རྣམ་པར་རྟོག་པའོ། །དེའི་རྒྱུན་ནི་རྒྱུན་གྱིས་འབྱུང་བའོ། །དེ་ལས་གཞན་པའི་སྲིད་པའི་སྡུག་བསྔལ་གཞན་ཅི་ཡང་ཡོད་པ་མ་ཡིན་གྱི། དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་ཞེས་བྱ་བ་སྲིད་པའི་སྡུག་བསྔལ་དེ་དང་རྣམ་པར་འགལ་བར་འགྱུར་བ་སྟེ།

གཉེན་པོར་གྱུར་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་དེ་ལ་མངོན་སུམ་གྱིས་གསལ་བར་རྟོགས་པར་རྣལ་འབྱོར་པས་འགྱུར་རོ། །ཇི་ལྟར་ན་གསལ་བར་རྟོགས་པར་འགྱུར་ཞེ་ན། ཟབ་ཅིང་རྒྱ་ཆེ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་ནི་ཤེས་

རབ་དང་ཐབས་ཀྱི་རང་བཞིན་ཅན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་སེམས་གང་ཡིན་པ་དེར་ནི་སྲིད་པའི་སྡུག་བསྔལ་གྱི་རང་བཞིན་གྱི་ཀུན་དུ་རྟོག་པ་རྣམས་སྣང་བར་མི་འགྱུར་ཞིང་སོ་སོར་སྣང་བར་མི་འགྱུར་ལ། དེ་བས་ན་སྲིད་པའི་སྡུག་བསྔལ་གྱི་བདག་ཉིད་མ་ལུས་པའི་མི་མཐུན་པའི་ཕྱོགས་

ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སེམས་དེ་ཡིན་པར་གསལ་བར་རྟོགས་པར་འགྱུར་བས་སྡུག་བསྔལ་དེ་ཡང་ཕྱི་རོལ་དུ་སྣང་བ་ཙམ་འབའ་ཞིག་མ་ཡིན་ནོ། །དེ་ཅིས་ན། ཡོད་པ་མིན་པར་སྔར་ནི་བསྒྲུབས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། སེམས་ཙམ་ལས་ཐ་དད་པའི་ཕྱི་རོལ་

གཞན་འགའ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བས། །ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་དངོས་པོ་གང་ཞིག་གང་དང་ལྷན་ཅིག་ཏུ་མི་མཐུན་པར་ལན་ཅིག་ཏུ་གྱུར་པའམ་ཞེས་བྱ་བ་དུས་

เล่ม ๔๒ · หน้า 230a

གཅིག་གི་ཚེ་ན་མི་མཐུན་པར་གྱུར་པ་ཡིན་པས། མི་མཐུན་པར་གྱུར་པ་དེའི་བགྲོད་པ་རྒྱས་པར་གྱུར་ཅིང་ཤེས་རབ་ཀྱི་མཐར་སོན་པར་བྱེད་དེ། གང་གི་ཕྱིར། མཐོང་བའི་བསླབ་པའི་རྣམ་པར་འཕེལ་བ་ཡིས། །ཞེས་བྱ་སྟེ། མི་མཐུན་པར་གྱུར་པར་མཐོང་ཞིང་ཉེ་བར་

དམིགས་པ་ཡང་དང་ཡང་དུ་ཡིད་ལ་བྱེད་པས་བསླབས་པ་གང་ཡིན་པ་དེ་རྣམ་པར་འཕེལ་ཞིང་རབ་ཀྱི་མཐར་ཐུག་པར་གྱུར་པ་ནི་རང་གི་མི་མཐུན་པའི་གཉེན་པོར་གྱུར་ཅིང་སྲིད་པའི་སྡུག་བསྔལ་ཤིན་ཏུ་འགག་པར་བྱེད་ཅིང་མཆོག་ཏུ་ངེས་པར་བྱེད་པའི་རང་བཞིན་ཅན་ཡིན་ཏེ། དཔེར་ན་མི་གཙང་

བ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་པ་དང་འདྲ་བར་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་སེམས་ནི་སྲིད་པའི་སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་ཀུན་དུ་རྟོག་པ་དང་མི་མཐུན་པ་ཡིན་ནོ། །དེ་བས་ན་སྲིད་པའི་སྡུག་བསྔལ་དང་ལྷན་ཅིག་མི་མཐུན་པ་ཉིད་ཀྱིས་ན་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་མཐོང་

བའི་སེམས་བསླབས་པས་ཀྱང་རྣམ་པར་འཕེལ་ཞིང་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་དེ་བགྲོད་པ་རྒྱས་པར་གྱུར་པ་ན་རང་གི་མི་མཐུན་པའི་སྲིད་པའི་སྡུག་བསྔལ་ཡང་དང་ཡང་དུ་འགོག་པར་བྱེད་པ་ཡིན་ནོ། །ད་ནི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལས་རྣལ་འབྱོར་པ་འདི་ཁྱད་

པར་དུ་གྱུར་པ་བསྟན་པའི་ཕྱིར་སྦྱིན་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མལ་པ་ཡང་ཡིན་ལ་རང་གི་ངོ་བོ་ཡང་ཡིན་པས་ན་ཐ་མལ་པའི་རང་གི་ངོ་བོ་སྟེ། བདག་དང་བདག་གི་ངོ་བོ་ལ་སོགས་པ་ཀུན་དུ་སྣང་བའི་རང་བཞིན་ནོ། །དེ་ལས་རྣམ་པར་ལྡོག་པ་ནི་སླར་ལྡོག་

པའོ། །མི་འགྱུར་བ་ནི་མི་ཕྱེད་པ་སྟེ། སྦྱིན་པ་ལ་སོགས་པ་སེམས་ལ་བདག་གི་མེད་པ་དང་ལྡན་པས་ཀྱང་། ཐ་མལ་པའི་རང་གི་ངོ་བོ་ལས་ལྡོག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདིར་

ཐ་མལ་པའི་རང་གི་ངོ་བོ་ལ་ཡོད་ཀྱང་ཞེས་བྱ་བ་བདག་མེད་པ་དང་ལྡན་དུ་ཟིན་ཀྱང་། སྦྱིན་པ་ལ་སོགས་པས་མི་མཐུན་པར་འགྱུར་བ་མ་ཡིན་ནོ། །དེ་ཕྱིར་དེ་ནི་ལྡོག་པར་མི་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་སྦྱིན་པ་ལ་སོགས་པ་ཐ་མལ་པའི་རང་གི་ངོ་བོ་དང་མཐུན་པར་མཐོང་བར་གྱུར་པ་

เล่ม ๔๒ · หน้า 230b

དེའི་ཚེ། རང་གི་མི་མཐུན་པའི་ཐ་མལ་པ་རང་གི་ངོ་བོ་ལས་ལྡོག་པར་བྱེད་པར་འགྱུར་ན། གང་གི་ཚེ་མ་མཐོང་ན་དེ་ལྟར་ལྡོག་པར་བྱེད་པ་ཅི་ལྟར་ཡིན། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་འདི་ནི་སྲིད་པའི་སྡུག་བསྔལ་དང་མི་མཐུན་པར་མཐོང་བ་དེའི་ཕྱིར་ལྡོག་པར་བྱེད་པ་ཡིན་ནོ། །དེ་ལྟར་

བཤད་མ་ཐག་པའི་ཚུལ་གྱིས་སྲིད་པའི་སྡུག་བསྔལ་ལས་ཐར་པའི་རྒྱུ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་འདི་ཉིད་ཡིན་པར་རྟོགས་ཤིང་ཁོང་དུ་ཆུད་ན་དཔལ་ཀུན་དུ་བཟང་པོ་ངེས་པར་བསྒོམས་པ་སུ་ཞིག་མི་བྱེད་ཅེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཡེ་ཤེས་བསམ་

ཡས་སྐད་ཅིག་གིས་བསྒྲུབས་པ། །ཞེས་བྱ་བ་སྨོས་ཏེ། བདག་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྐྱེད་པ་ཉིད་ཡིན་པའི་ཕྱིར་སྐད་ཅིག་གིས་ཏེ། མདོར་བསྡུས་པའི་གཉིས་སུ་མེད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཀྱི་དབང་དུ་བསྒྲུབས་ཤིང་བསྐྱེད་པ་ཡིན་ནོ། །

འདིས་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རྒྱུར་གྱུར་པ་ཉིད་ཀྱང་ཚེ་འདི་ཉིད་ལ་རབ་ཏུ་བསྒྲུབ་པར་ནུས་སོ་ཞེས་བྱ་བའི་དོན་ཏོ། །དཔལ་ཡང་ཡིན་ལ་ཀུན་དུ་བཟང་པོ་ཡང་ཡིན་པས་ན་དཔལ་ཀུན་དུ་བཟང་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །དེ་

ཡང་རང་གི་ངོ་བོ་ཉིད་དེ་བཅོམ་ལྡན་འདས་ནི་ཆོས་མ་ལུས་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཡིན་ནོ། །དེ་བས་ན། སྙིང་རྗེ་དང་ལྡན་པ་སུ་ཞིག །ངེས་པར་སྒོམ་པར་མི་བྱེད་དེ། །ཞེས་བྱ་བ་ནི་གང་གཞན་གྱི་སྡུག་བསྔལ་སེལ་བར་འདོད་པ་ལ་བརྟེན་པ་རྣམས་ཇི་

ལྟར་བཤད་པའི་ལམ་གྱི་རིམ་པ་ཚོལ་བ་སྟེ། བཅོམ་ལྡན་འདས་འདི་ལྟ་བུ་ཅིའི་ཕྱིར་ངེས་པར་རིམ་པ་སྒོམ་པར་མི་བྱེད་དེ། གཞན་དུ་ན་ཐམས་ཅད་ཀྱིས་བསྒོམ་པར་བྱ་བ་ཉིད་ཡིན་ནོ། །ད་ནི་སློབ་དཔོན་བདག་ཉིད་ང་རྒྱལ་སྤང་བར་བྱ་བའི་ཕྱིར། །དྲི་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་མ་མེད་པ་ཡང་ཡིན་

ལ་བློ་ཡང་ཡིན་པས་ན་དྲི་མེད་བློ་སྟེ། དེ་ཉིད་ནི་འོད་ཟེར་ཏེ་ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ་དེ་རྣམས་ཀྱིས་མི་ཤེས་པའི་མཚན་ཉིད་ཅན་གྱི་མུན་པ་ཐམས་ཅད་རྣམ་པར་སེལ་བར་བྱེད་པ་གང་ཡིན་པ་དེ་ནི། དྲི་མེད་བློ་ཡི་འོད་ཟེར་རྣམས་ཀྱིས་ནི། །མུན་པ་ཐམས་ཅད་རྣམ་པར་སེལ་བྱེད་པ། ཞེས་བྱ་བ། དེ་རྣམས་

เล่ม ๔๒ · หน้า 231a

ཀྱི་བྱིན་གྱི་རླབས་ཀྱིས་གཞན་གྱིས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་མཐོང་བ་ཡོད་པ་དེས་ཀྱང་འདི་དག་རྣམ་པར་བསྟན་ཞིང་ཉེ་བར་སྦྱར་བར་མཛད་པའོ། །དཔལ་གསང་བ་འདུས་པའི་མན་ངག་གིས་བཅོམ་ལྡན་འདས་བསྒོམ་པའི་ཆོ་ག་འདིས་ཆོག་གི། བདག་འདྲ་བ་སྟེ། ཁོ་བོ་

ལྟ་བུའི་གོ་སྐབས་དག་ནི་གང་ལ་ཡོད་དེ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་དུ་བདག་དང་འདྲ་བས་རྣམ་པར་བསྟན་པ་ཞེས་སྦྱོར་བ་དེར་ནི་འདི་ལྟར་བཤད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པའི་བློའི་འོད་ཟེར་མངའ་བ་རྣམས་ཀྱིས་ནི་མུན་པ་ཐམས་ཅད་

རྣམ་པར་སེལ་བར་བྱེད་པ་རྣམ་པར་སྟོན་པར་མཛད་པས་ཆོག་གི། གང་དུ་བདག་འདྲ་བས་བཤད་པ་ལ་འབད་པའི་གོ་སྐབས་ག་ལ་ཡོད་དེ་མེད་དོ། །དེ་ལྟ་ན་ཡང་ཅིའི་ཕྱིར་བྱས་ཤེ་ན། བླ་མ་དམ་པའི་གཞུང་གིས་གང་བསྟན་པ་གང་ཡིན་པ་དེ་ཅུང་ཟད་ཙམ་གྱིས་ཕྲ་མོ་བཟུང་ཞིང་ཐོབ་པས་

བླངས་པ་དེ་ནི་ཅུང་ཟད་ཡིན་ཡང་སྤྱིར་འཁོར་བའི་འཆིང་བ་ལྷོད་པར་བྱེད་ཅིང་གཉེན་པོར་འགྱུར་བ་ཡིན་ནོ་ཞེས་གྲགས་པའི་རྒྱུ་གང་ཡིན་པ་དེས་ན་སྒྲུབ་པའི་ཐབས་རྩོམ་པ་འདི་ལ་ཡང་ཤིན་ཏུ་འབད་པ་ཡིན་གྱི། །དག་གིས་ཤེས་པའི་ང་རྒྱལ་གྱིས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བར་

དགོངས་སོ། །ད་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟོན་ཏེ། དེ་ལྟར་བཤད་མ་ཐག་པའི་རྣམ་པར་བཀོད་པ་ལས་ལེགས་པ་བྱུང་བའི་དགེ་བ་དྲི་མ་མེད་པ་གང་ཡིན་པ་དེས། འགྲོ་བ་རྣམས་རྟག་ཏུ་ཡིད་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་སངས་རྒྱས་

ཀྱི་ཡེ་ཤེས་ཀྱི་མགོན་དང་བཅས་པ་སྟེ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་ལྡན་ཞིང་བཅས་པ་དེར། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་དེ་ལ་སེམས་གཞོལ་ཞིང་འབབ་པ་དང་། འགྲོ་བ་རྣམས་རྟག་ཏུ་བསྒོམ་པར་ཤོག་ཅིག་པའོ། །དཔལ་ཀུན་དུ་བཟང་པོ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་

འགྲེལ་པ། སློབ་དཔོན་མཁས་པ་ཆེན་པོ་ཐ་ག་ནའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด