དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ས་མཱ་ཛ་མཎྜ་ལ་བི་དྷིཿཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๓ · หน้า 59a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛ་མཎྜ་ལ་བི་དྷིཿཊཱི་ཀཱ། བོད་སྐད་དུ། དཔལ་གསང་བ་

เล่ม ๔๓ · หน้า 59b

འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་ལེགས་པ་གང་། །བཞི་བརྒྱ་ལྔ་བཅུ་པ་ཡི་ཚད། །དེ་ནི་བདག་གིས་རྣམ་པར་དབྱེ། །འདི་ན་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་དཀྱིལ་འཁོར་མ་ལུས་པ་ཉིད་མཐོང་བ་དང་། བསྟན་པ་དང་། ཐོས་པ་དང་། བསམས་པ་དང་། བསྒོམས་པ་དེ་ལྟ་བུའི་བདག་ཉིད་ཅན་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་རྣམ་པ་ཐམས་ཅད་དུ་རྟག་ཏུ་རྫོགས་པར་ནུས་པ་མངོན་སུམ་དུ་བྱས་པའི་ཕྱིར། བདག་དང་གཞན་གྱི་

དོན་ཤིན་ཏུ་མང་པོ་གྲུབ་པ་སྔོན་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་སྤྱིར་གྲགས་པར་ཟད་དོ། །དེ་བས་ན་དཔལ་འཇམ་པའི་རྡོ་རྗེ་འབྱུང་བའི་དཀྱིལ་འཁོར་འདིའི་བརྗོད་པར་བྱ་བ་བཤད་པ་ཉིད་ཀྱིས་ན་དོན་ཤིན་ཏུ་མང་པོ་འགྲུབ་པ་སྔོན་དུ་འགྲོ་བ་ཅན་གྱིས་དེའི་གོ་འཕང་ཐོབ་པ་ནི་གཞུང་འདིའི་

བརྗོད་པར་བྱ་བའི་དགོས་པ་ཡིན་ནོ་ཞེས་ཁྱད་པར་ཁོང་དུ་ཆུད་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །རྗོད་པར་བྱེད་པའི་དགོས་པ་ནི་ངེས་པར་བརྗོད་དགོས་ཏེ། གཞན་དུ་དེ་མེད་པར་དོགས་པས་བྱ་རོག་གི་སོ་རྟོག་པ་ལ་སོགས་པ་དང་འདྲ་བར་གཞུང་འདི་བླང་བར་བྱ་བ་མ་ཡིན་པར་

འགྱུར་རོ། །དེ་ཡང་ཇི་སྐད་བཤད་པའི་དགོས་པ་དོན་དུ་གཉེར་བ་རྣམས་དེ་ལས་གཞན་པའི་དཀྱིལ་འཁོར་གྱི་ཆོ་ག་ལས་བཀར་ཏེ། འདི་ཉིད་ལ་འཇུག་པར་འདོད་པ་ཡིན་ནོ། །དེའི་ཕྱིར་འདིའི་བརྗོད་པ་དང་དགོས་པ་དག་ཀྱང་ཅི་ནས་ཀྱང་གཞན་དག་དང་ཐུན་མོང་མ་ཡིན་པར་

རྟོགས་པར་འགྱུར་བ་དེ་ལྟ་བུ་བརྗོད་དགོས་སོ། །ཚིགས་སུ་བཅད་པ་གཅིག་གིས་སོ་སོར་གཙོ་བོར་གྱུར་པའི་དགོས་པ་གཉིས་སུ་བརྗོད་པར་ནུས་པ་མ་ཡིན་ཏེ། ངག་གཅིག་པ་ཉིད་དང་འགལ་བའི་ཕྱིར་རོ། །དེ་ཡང་། དོན་གཅིག་པ་ནི་ཚིག་ཅེས་བཤད། །ཅེས་ཇི་སྐད་

བཤད་པ་ལྟ་བུའོ། །གཅིག་ནི་གཙོ་བོར་གྱུར་པ་ཡིན་ལ། ཅིག་ཤོས་ནི་གཙོ་བོ་མ་ཡིན་པར་གྱུར་པ་ཡིན་པ་དེ་བས་ན་གཙོ་བོ་བསྟན་པར་གྱུར་པ་ཡིན་ཏེ། དེའི་ཕྱིར་དོན་གཅིག་པ་ཉིད་ཡིན་ནོ། །དེ་ཡང་གང་སྒྲ་ཡིས་མཆོག་ཏུ་སྦྱོར་བ་དེ་ནི་སྒྲའི་དོན་ཡིན་ནོ་ཞེས་ཇི་སྐད་བཤད་པ་ལྟ་བུ་

เล่ม ๔๓ · หน้า 60a

སྟེ། དེ་བས་ན་བརྗོད་པ་དང་བརྗོད་པར་བྱ་བ་དག་གི་དགོས་པ་གཉིས་ལས་གཅིག་ཁྱད་པར་དུ་གྱུར་པས་ཅིག་ཤོས་ཀྱང་བསྟན་པའི་ཕྱིར། ཤེས་བྱ་སོགས་སྒྲིབ་ལས་ངེས་གྲོལ། །ཞེས་པ་ལ་སོགས་སྨོས་ཏེ། སྒྲིབ་པ་ནི་བགེགས་དང་བར་དུ་གཅོད་པ་ཞེས་བྱ་བའི་ཐ་ཚིག་

གོ། །འདིར་ཡང་ཤེས་བྱའི་སྒྲས་ནི་ཉེ་བར་བརྟགས་པས་ཤེས་བྱ་ཡུལ་དུ་གྱུར་པའི་ཡེ་ཤེས་ཡིན་པར་བཤད་དེ། དཔེར་ན་སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཏིང་ངེ་འཛིན་ལ་སྟོང་པ་ཞེས་བཤད་པ་དང་འདྲའོ། །སོགས་པའི་སྒྲས་ནི་ཉོན་མོངས་པ་གཟུང་ངོ་། །ཤེས་བྱ་ལ་སོགས་པ་ཡང་ཡིན་ལ་

སྒྲིབ་པ་ཡང་ཡིན་པས་ན། ཤེས་བྱ་ལ་སོགས་སྒྲིབ་པ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའོ། །ཉོན་མོངས་པ་ཡང་ཡིན་ལ་སྒྲིབ་པ་ཡང་ཡིན་པས་

ཉོན་མོངས་པའི་སྒྲིབ་པ་སྟེ། ཁྱིམ་དུ་འཇུག་པ་ལ་སྒོ་གླེགས་དང་འདྲ་བར་དེ་ཐར་པ་ཐོབ་པ་ལ་གེགས་སུ་གྱུར་པ་ཡིན་ནོ། །ཇི་ལྟར་ན་དེའི་གེགས་སུ་གྱུར་པ་ཡིན་ཞེ་ན། དེ་ཡོད་པར་གྱུར་ན་དེ་མི་འབྱུང་བའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་ཞེས་པ་ལ། དེ་ལ་ཤེས་བྱ་ནི་ཆོས་ཀྱི་དབྱིངས་ཀུན་

དུ་འགྲོ་བ་ལ་སོགས་པ་རྣམ་པ་བཅུའོ། །ཤེས་བྱ་དེ་ལ་ཡེ་ཤེས་སྐྱེ་བའི་གེགས་སུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་ཡིན་ནོ། །གང་གོ་རིམས་བཞིན་དུ་རེ་རེ་ནས་སྤངས་ནས་བྱང་ཆུབ་སེམས་དཔའ་ས་བཅུ་རིམ་གྱིས་ཐོབ་པར་འགྱུར་རོ། །དེ་ལྟར་

ན་རེ་ཞིག་སྒྲིབ་པ་ནི་རྣམ་པ་གཉིས་ཡིན་ནོ། །ཡང་ན་རྒྱུད་འདིར་སྒྲིབ་པ་ནི་རྣམ་པ་བཞི་སྟེ། ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པའོ། །དེ་ཡང་། དེས་ན་ཤེས་བྱ་མཐར་བྱེད་གྱུར། །ཅེས་བྱ་བ་དང་།

དེ་བཞིན་ཉོན་མོངས་མཐར་བྱེད་གྱུར། །ཅེས་བྱ་བ་དང་། དེ་བཞིན་སྙོམས་འཇུག་མཐར་བྱེད་གྱུར། ཅེས་བྱ་བ་དང་། ཉོན་མོངས་ལས་ཀྱི་སྒྲིབ་དག་ན། །ལས་རྣམས་ཐམས་ཅད་རྣམ་དག་འགྱུར། །ལས་རྣམས་ཐམས་ཅད་རྣམ་དག་པས། །ལས་སྐྱེས་འབྲས་བུ་རྣམ་པར་དག །ཅེས་

เล่ม ๔๓ · หน้า 60b

ཇི་སྐད་བསྟན་པ་ལྟ་བུ་སྟེ། །སྒྲིབ་པ་བཞི་པོ་འདི་དག་ནི་འོག་ནས་སྒོ་སྲུང་གི་རྣམ་པར་དག་པ་ལས་འཆད་པར་འགྱུར་བ་ཡིན་ནོ། །མ་ལུས་པ་ལས་གྲོལ་བས་ན། །ངེས་པར་གྲོལ་བ་སྟེ། ཤེས་བྱ་ལ་སོགས་པའི་སྒྲིབ་པ་རྣམས་ལས་ངེས་པར་གྲོལ་བས་ན། ཤེས་བྱ་སོགས་སྒྲིབ་ལས་ངེས་གྲོལ། །

ཞེས་བྱ་སྟེ། དེ་རྣམས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་བག་ཆགས་དང་བཅས་པ་ངེས་པར་སྤངས་པས་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཀུན་དུ་འོད་བརྙེས་པ་ཡིན་ནོ། །མེ་ལོང་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་ན་མེ་ལོང་ཡེ་ཤེས་ཏེ། མེ་ལོང་ལྟ་

བུའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་སྨོས་པ་ནི་མེ་ལོང་ཉིད་ལས་དགར་བའི་དོན་ཡིན་ནོ། །སོགས་པའི་སྒྲས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གཟུང་ངོ་། །མེ་ལོང་ལྟ་བུའི་ཡེ་ཤེས་དང་ཡང་དག་པར་ལྡན་པ་ནི་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཚིག་རྐང་དང་

པོས་ནི་བཅོམ་ལྡན་འདས་ཀྱི་སྤངས་པ་ཕུན་སུམ་ཚོགས་པ་བཤད་ལ། གཉིས་པས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བཤད་དོ། །གཞན་དག་ནི་གཞུང་མངས་ཀྱིས་དོགས་ནས་མ་སྨྲས་སོ། །འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །མཆོག་ཅེས་བྱ་བ་ནི་དམ་པ་

དང་བཀྲ་ཤིས་པར་གྱུར་པའོ། །གསང་བ་ཡང་ཡིན་ལ་འཁོར་ལོ་མཆོག་ཀྱང་ཡིན་པས་ན་གསང་བའི་འཁོར་ལོ་མཆོག་སྟེ། དེ་ཡང་འཇམ་དཔལ་གྱི་འཁོར་ལོ་མཆོག་གོ། །འཕགས་པ་འཇམ་དཔལ་གྱི་འཁོར་ལོ་ལ་མཆོག་ཏུ་མ་གྱུར་ཅིང་ཤིས་པ་མ་ཡིན་པ་དག་

ཡོད་པ་མ་ཡིན་ལ། དེ་བས་ན་མཆོག་ཅེས་སྨོས་པའི་དོན་གྱི་ཤུགས་ཀྱིས་སྟོན་མོད་ཀྱི། གསང་བ་འདུས་པའི་དཀྱིལ་འཁོར་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པར་སྟོན་ཏོ། །གསང་བ་ནི་སྣོད་མ་ཡིན་པ་རྣམས་ལ་སྦ་བར་བྱ་བ་ཡིན་པའམ། ཐུགས་ཀྱི་གསང་བའི་བདག་ཉིད་

ཅན་ཡིན་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་འདི་ནི་རྒྱུད་འདིར་ཐུགས་ཀྱི་རིགས་ལས་བྱུང་བ་ཡིན་ནོ། །ཡང་ན་གསང་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡིན་ནོ། །མཆོག་ནི་དམ་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་རྣམས་ཀྱི་འཁོར་

เล่ม ๔๓ · หน้า 61a

ལོ་ཡིན་པས་གསང་བའི་འཁོར་ལོ་མཆོག་གོ། །དེ་ཡང་གསང་བ་འདུས་པ་ཞེས་བྱ་བའི་དོན་ཏེ། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། །

ཅེས་ཇི་སྐད་བཤད་པ་ལྟ་བུའོ། །འདིར་ནི་རྗེས་ཐམས་ཅད་ནི་གླང་པོའི་རྗེས་སུ་འདུས་པའི་ཚུལ་གྱིས་བྲི་བའི་དཀྱིལ་འཁོར་གཙོ་བོར་བསྟན་ཏེ། བསམ་པར་བྱ་བའི་དཀྱིལ་འཁོར་དེ་དེའི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་བཤད་ཅེས་བྱ་བ་ནི། དེ་བརྗོད་པར་བྱའོ་ཞེས་བསྟན་

པ་སྟེ འདི་དག་གིས་བརྗོད་པར་བྱ་བའི་དགོས་པ་བཤད་པ་ཡིན་ནོ། །བརྗོད་པར་བྱ་བའི་ཁྱད་པར་བསྟན་པ་ཉིད་ཀྱི་བརྗོད་པར་བྱ་བའི་དགོས་པ་ཁྱད་པར་དུ་རྟོགས་པར་འགྱུར་རོ། །དེ་ལྟར་སྔར་བཤད་པའི་ཕྱིར་རོ། །བདག་དྲན་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པ་སྟེ། བདག་

ཉིད་དྲན་པར་བྱ་བའི་རྒྱུར། །ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་བརྗོད་པའི་དགོས་པ་སྟོན་པར་བྱེད་དོ། །དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཞལ་སྔ་ནས་ཁྱད་པར་མཉེས་པས་རྗེས་སུ་བརྩེ་བའི་ཁྱད་པར་གྱིས་གང་བདག་གིས་རྙེད་པར་དཀའ་བའི་གནས་སྟོན་པར་མཛད་པ་དེ་ནི་

གཞན་དག་གིས་གཞན་དག་ལས་ཡོངས་སུ་ཤེས་པ་རྙེད་པར་དཀའ་བ་ཇི་ལྟ་བ་དེ་བཞིན་དུ་བདག་གིས་ཀྱང་དྲན་པ་གཞན་དག་ལས་རྙེད་པར་དཀའ་བ་ཡིན་ནོ། །དེ་བས་ན་དེའི་དོན་ཉིད་དུ་འདི་བཤད་པར་བྱའོ་ཞེས་བྱ་བའི་ཚིག་གིས་ནི་གནས་དེ་ཡང་ཡང་དག་པར་བསྟན་པར་

བྱའོ་ཞེས་བྱ་བ་ཡིན་པར་མངོན་ནོ། །དེའི་ཕྱིར་གནས་དེ་ཉིད་ཀྱི་ཁྱད་པར་དུ་གྱུར་པའི་དཀྱིལ་འཁོར་སྟོན་པ་ཡིན་པས། དཀྱིལ་འཁོར་གྱི་ཆོ་ག་གཞན་དང་། ཐུན་མོང་དུ་གྱུར་པ་ནི་དཀྱིལ་འཁོར་གྱི་ཆོ་ག་འདིའི་བརྗོད་པའི་དགོས་པ་ཡིན་ནོ་ཞེས་བསྟན་པར་གྱུར་པ་ཡིན་ནོ། །བདག་

ཉིད་དྲན་པའི་སྒོ་འདི་ཉིད་ཀྱིས་དེའི་ཁྱད་པར་གཞན་གྱི་ཡོངས་སུ་ཤེས་པ་ཉིད་བརྗོད་པའི་དགོས་པ་བཤད་པ་ཡིན་པ་བལྟ་བར་བྱ་སྟེ། གཞན་དུ་ན་ཚིག་ལ་འབྲས་བུ་མེད་པར་འགྱུར་རོ། །བརྗོད་པའི་དགོས་པ་སྨྲས་པས་བརྗོད་པར་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེའི་སྒོ་ཉིད་

เล่ม ๔๓ · หน้า 61b

ནས་འདིར་བཤད་པ་ཡིན་ནོ། །རྗོད་པར་བྱེད་པ་དང་དགོས་པ་སྨྲ་ན། དེ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཅན་ཡིན་པས་འབྲེལ་བ་ཡང་དོན་གྱི་ཤུགས་ཀྱིས་སྨྲས་པ་ཡིན་ནོ། །དཀྱིལ་འཁོར་བྲི་བ་ལ་སོགས་པ་ནི་སྒྲུབ་པ་པོས་བྱ་བ་ཡིན་ལ་དེ་བས་ན་སྒྲུབ་པ་

པོའི་ཡོན་ཏན་བསྟན་པའི་ཕྱིར། དཔལ་ལྡན་འདུས་པའི་གཞུང་དམ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔལ་དང་ལྡན་པ་འདུས་པའི་གཞུང་ལུགས་བསྔགས་པར་གྱུར་པའི་དམ་པ་གང་ཡིན་པ་དེས་གང་ཞིག་དབང་བསྐུར་ཞེས་བྱ་བར་སྦྱར་རོ། །རིམ་པ་གང་གིས་དབང་

བསྐུར་ཞེ་ན། འཁོར་ལོའི་མན་ངག་རིམ་པ་འདིས། །ཞེས་བྱ་བ་སྨོས་ཏེ། འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །འཁོར་ལོ་ནི་དཀྱིལ་འཁོར་རོ། །མན་ངག་ནི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པར་གྱུར་པའོ། །རིམ་པ་ཞེས་བྱ་བ་ནི་རིམ་པ་འདི་ཉིད་ཀྱིས་ཏེ། རིམ་པ་

གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དབང་བསྐུར་ཞེ་ན། ཆུ་ཐོག་རྗེས་གནང་ཐ་མ་ཡིས། །ཞེས་བྱ་བ་སྨོས་ཏེ། དབང་བསྐུར་བ་གང་ལ་ཆུ་ཐོག་མར་གྱུར་ཅིང་རྗེས་སུ་གནང་བ་ཐ་མར་གྱུར་པ་གང་ཡིན་པ་དེ་ནི། ཆུ་ཐོག་རྗེས་གནང་ཐ་མ་ཡིས། །ཞེས་བྱ་བ་

སྟེ། གཉིས་པོ་འདི་དག་ནི་བྱ་བའི་ཁྱད་པར་རོ། །དབང་བསྐུར་བ་ནི་ཁྲུས་བྱ་བ་སྟེ། དེ་ཡང་ལུས་ཀྱི་ཕྱིའི་དྲི་མ་འཁྲུ་བའོ། །ཆུ་དང་ཅོད་པན་ལ་སོགས་པ་ཆོ་ག་རྣམ་པ་བཅུ་གཉིས་དང་ལྡན་པའི་སྔགས་པས་ཡང་དངོས་པོར་གྱུར་པའི་སྒྲིབ་པའི་དྲི་མ་རྣམས་འཁྲུད་པར་བྱེད་པས་དེ་དང་ཆོས་

མཐུན་པའི་ཕྱིར་དབང་བསྐུར་བ་ཞེས་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། རིག་པའི་དབང་བསྐུར་བ་དང་། སློབ་དཔོན་དུ་དབང་བསྐུར་བ་དང་། དབང་བསྐུར་བའི་མཆོག་གོ། །དེ་དག་ཀྱང་ལྔ་དང་། གཅིག་དང་། གཉིས་དང་། རིམ་བཞིན་དུ་སྦྱར་རོ། །འདིར་ཚིགས་སུ་བཅད་

པ་ནི། ཆུ་དང་ཅོད་པན་རྡོ་རྗེ་བདག་པོ་དང་། །མིང་དུ་བཏགས་དང་བུམ་པ་ཞེས་བྱ་དང་། །གསང་བ་དང་ནི་ཤེས་རབ་ཡེ་ཤེས་ཏེ། །དབང་བསྐུར་རྣམ་པ་གསུམ་དུ་ཤེས་པར་བྱ། །ཞེས་བྱ་བ་དང་། རིག་དང་སློབ་དཔོན་མཆོག་ཅེས་བཏགས། །ལྔ་པ་ལ་ནི་བརྟུལ་ཞུགས་འདོད། །

เล่ม ๔๓ · หน้า 62a

ལུང་བསྟན་རྗེས་གནང་དབུགས་དབྱུང་བ། །དྲུག་པའམ་ཡང་ན་བརྒྱད་པར་བྱ། །ཞེས་བྱའོ། །འདི་དག་གིས་ནི་མདོར་བསྡུས་པའི་ཡོན་ཏན་གཅིག་བཤད་པ་ཡིན་ཏེ། འདི་ལྟ་སྟེ་དབང་བསྐུར་བ་ཡང་དག་པར་ཐོབ་པ་ཞེས་བྱ་བའོ། །རྒྱས་པར་ནི་བཅུ་གཉིས་

སོ། །དེ་ཡང་འདི་ལྟ་སྟེ། ཆུའི་ཐོབ་པ་དང་། དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ནས་བླ་མ་ཞེས་བྱ་བ་ནས་རྣལ་འབྱོར་དེ་ཉིད་ཤེས་ཞེས་བྱ་བའི་བར་གྱིས་ཡོན་ཏན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སློབ་དཔོན་དུ་དབང་བསྐུར་བའི་འོག་ཏུ་བླ་མ་ལས་

དེ་ཁོ་ན་ཉིད་ཐོབ་ཅིང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་དང་བཅས་པ་ཐོབ་པར་གྱུར་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དེ་ནས་ཞེས་བྱ་བ་འདིས་ནི་དབང་མ་བསྐུར་བ་ལ་དེ་ཁོ་ན་ཉིད་བཤད་པ་བཀག་པ་ཡིན་ནོ། །བླ་མ་ཞེས་བྱ་བ་འདིས་ཀྱང་

སློབ་མ་མ་ཡིན་པ་ལའོ། །དེ་ཡང་། རང་གི་སློབ་མ་བདག་ཉིད་ཆེ། །བརྟུལ་ཞུགས་བཟང་ཞིང་དབང་བསྐུར་ལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །བསྟན་པ་ཡོངས་སུ་གྲོལ་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །གཞན་དག་ན་རེ་དེ་ནས་བླ་མ་ཞེས་བྱ་བ་འདི་གཉིས་

ནི་གཞི་མཉམ་པ་ཡིན་ཏེ། གང་ཁོ་ན་ལས་ཐོག་མར་ཆུ་དང་ཐ་མར་རྗེས་སུ་གནང་བ་ཅན་གྱི་དབང་བསྐུར་བའི་བླ་མ་དེ་ཁོ་ན་ཉིད་ལས་སོ། །དེ་ལྟར་དེ་ཁོ་ན་ཉིད་ཐོབ་པར་གྱུར་པའི་རྗེས་ལ་གསང་བའི་འཁོར་ལོ་འདིར་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བ་དག་གིས་གསང་བ་ཤེས་པ་

དང་། རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ཤེས་པ་གང་ཡིན་པ་ཞེས་པ་དང་སྦྱར་རོ། །གསང་བ་འདུས་པ་འདིར་གསང་བའི་དཀྱིལ་འཁོར་བྲིས་པའམ། བསྒོམས་པར་གང་གསང་བ་དང་ཤེས་རབ་གཉིས་ཀྱི་དབང་བསྐུར་བ་དེ་གཉིས་ཀྱི་གསང་བ་ཤེས་པ་དང་། རྣལ་འབྱོར་གྱི་དེ་ཁོ་ན་ཉིད་

ཤེས་པའོ། །ཇི་ལྟར་ན་དེ་གཉིས་ཀྱི་གསང་བ་ཤེས་ཤེ་ན། དེ་གཉིས་ཀྱི་རྗེས་ཐོགས་ལ། དབང་བསྐུར་འདི་ནི་ཇི་ལྟ་བར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་གསང་བ་བཤད་པའི་ཕྱིར་རོ། །ཇི་ལྟར་ན་དེ་གཉིས་ཀྱིས་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ཤེས་ཤེ་ན།

เล่ม ๔๓ · หน้า 62b

དེ་ཉིད་ཀྱི་ཚེ་དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་ཤེས་པས་མངོན་སུམ་དུ་བྱ་བ་དག་གིས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་ཡིན་ལ། དེའི་དེ་ཁོ་ན་ཉིད་ནི་དོན་དམ་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཟག་པ་མེད་ཅིང་རྟག་པའི་བདེ་བ་བླ་ན་མེད་པའི་རང་བཞིན་བཅོམ་ལྡན་འདས་ཐར་པ་ཆེན་པོ་ཡིན་ལ། དེ་ཡང་དེ་གཉིས་ཁོ་ནས་ཡང་དག་པར་སྟོན་པ་ཡིན་གྱི་གཞན་གྱི་ཚེ་མ་ཡིན་ནོ། །གོ་རིམས་འདི་ནི་འོག་ནས། མི་ལྡོག་དབང་བསྐུར་བྱིན་ནས་ནི། །འཁོར་ལོའི་དེ་ཉིད་བསྟན་པར་བྱ། །

འཁོར་ལོའི་དེ་ཉིད་ལེགས་བསྟན་ནས། །ལྷ་ཡི་དེ་ཉིད་བསྟན་པར་བྱ། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དག །ལེགས་བཤད་གསང་དང་ཤེས་རབ་ཀྱི། །དབང་བསྐུར་དེ་ཉིད་བཤད་པར་བྱ། །ཞེས་བཤད་པ་ཡིན་ནོ། །ཐེག་གསུམ་དགོངས་པའི་དེ་

ཉིད་ཤེས། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། གསང་སྔགས་ཀྱི་ཐེག་པའོ། །འདི་རྣམས་ལས་མ་གྲགས་པའི་ཚིག་འགའ་ཞིག་གིས་སྟོན་པའི་དགོངས་པའི་དོན་གང་ཡིན་པ་དེ་ནི་དགོངས་པ་ཞེས་བྱ་ལ། དེའི་དེ་ཁོ་ན་ཉིད་དེ་རྟོགས་པས་ན། དགོངས་

པའི་དེ་ཉིད་ཤེས་ཞེས་བྱ་བ་སྟེ། དེ་ཡང་འདི་ལྟར་ཐེག་པ་གཉིས་པོ་དག་ལས། ཕ་དང་མ་ནི་གསད་བྱ་ཞིང་། །བྲམ་ཟེ་གཙང་སྦྲ་ཅན་གཉིས་དང་། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་ཡོངས་སུ་དག་པར་བཤད། །ཅེས་གསུངས་པ་ལྟ་བུའོ། །འདིར་དགོངས་པའི་དེ་ཁོ་

ན་ཉིད་ནི་མ་ནི་སྲིད་པའོ། །ཕ་ནི་ལས་ཀྱི་སྲིད་པའོ། །རྒྱལ་པོ་ནི་ཟག་པ་དང་བཅས་པའི་སེམས་སོ། །བྲམ་ཟེ་གཉིས་ནི་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཡུལ་ནི་དབང་པོའི་ཚོགས་རྣམས་སོ། །འཁོར་ནི་ཡུལ་རྣམས་སོ། །གཞན་

ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། འདི་ནི་བྱང་ཆུབ་སེམས་དཔས་སྲོག་གཅད་པར་བྱའོ། །མ་བྱིན་པར་བླང་བར་བྱའོ་ཞེས་བྱ་བ་ནས། ལོག་པར་ལྟ་བར་གྱུར་པར་བྱའོ་ཞེས་གསུངས་པ་ཡོད་ལ། འདིར་དགོངས་པའི་དེ་ཁོ་ན་ཉིད་ནི་སྲོག་ནི་འཚོ་བ་དང་སེམས་ཅན་ཞེས་པའི་དོན་

เล่ม ๔๓ · หน้า 63a

ཏོ། །དེ་བཅད་པ་ནི་འཁོར་བར་ལྷུང་བར་གྱུར་པ་ལས་ཤིན་ཏུ་བཏོན་ཞིང་འཁོར་བ་ལས་བསྒྲལ་བར་བྱ་བ་ནི་སྲོག་གཅོད་པའོ། །མ་བྱིན་པར་ལེན་པ་ནི་སྙིང་རྗེས་སེམས་ཅན་རྣམས་མ་བྱིན་པ་ཉིད་དུ་སོ་སོར་བླངས་ཤིང་ཡོངས་སུ་བཟུང་ནས་དོན་བྱེད་པའོ། །བྱིས་པའི་

སྐྱེ་བོ་རྣམས་ཀྱིས་ཡོངས་སུ་བཟུང་བའི་དངོས་པོ་ཇི་སྙེད་པ་ཐམས་ཅད་ལོག་པ་ཉིད་དུ་མཐོང་བ་ནི་ལོག་པར་ལྟ་བའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཐེག་པ་གཉིས་སུ་གསུངས་པའི་དགོངས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང་ཤེས་པར་བྱའོ། །དེ་བཞིན་དུ་གསང་སྔགས་ཀྱི་ཐེག་པ་ལས་

ཀྱང་། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་དེ་ནི་བླ་མའི་ཞལ་ལ་སོགས་པ་ལས་ཤེས་པར་བྱའོ། །རྒྱུད་འདི་ལས་དགོངས་པའི་དེ་ཁོ་ན་ཉིད་མང་པོ་གསུངས་པ་གང་ཡིན་པ་དེ་རྣམས་ནི་ལེའུ་བཅོ་བརྒྱད་པ་ལས་ལེགས་པར་བཤད་

པ་ཡིན་ལ། ལྷག་མ་རྒྱུད་གཞན་དང་། ཐེག་པ་གཞན་དག་ལས་གསུངས་པ་རྣམས་ནི། རིགས་པའི་གཏན་ཚིགས་འཐད་པས་སམ། ཕུལ་དུ་བྱུང་བའི་མན་ངག་ལས་ཅི་རིགས་པར་ཤེས་པར་བྱས་ལ། དགོངས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ངེས་པ་ཁོ་ནར་ཤེས་པར་བྱ་དགོངས་སོ། །

གཞན་དུ་ན་དེ་ཁོ་ན་ཉིད་ལ་ཐེ་ཚོམ་ཟ་བའམ། ལོག་པར་འཛིན་པར་འགྱུར་རོ། །འདིར་གསང་སྔགས་ཀྱི་ཐེག་པ་ནི་དཀྱུས་མ་ཉིད་ཡིན་ལ་ཐེག་པ་གཉིས་པོ་སྨོས་པ་ནི་དཔེར་བྱ་བའམ། ཐོས་པ་མང་བར་བྱ་བའི་ཕྱིར་རོ། །རིག་པ་ལ་སོགས་པ་ནི་འོག་ནས་འཆད་དོ། །ཏིང་ངེ་

འཛིན་གསུམ་ནི་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་གོ། །ཐུན་མོང་གི་དངོས་གྲུབ་ནི་མི་སྣང་བ་ལ་སོགས་པའི་དངོས་གྲུབ་པོ། །ཅིག་ཤོས་ནི་དངོས་གྲུབ་ཀྱི་མཆོག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སོགས་པ་

གང་ཡིན་པའོ། །རྒྱུད་གཞུང་གི་ནི་རྣམ་དབྱེ་ཤེས། །ཞེས་བྱ་བ་ནི་རྒྱུད་འདི་ཉིད་ཀྱིའམ། རྒྱུད་ཐམས་ཅད་ཀྱིའོ། །དམ་ཚིག་དང་སྡོམ་པ་ནི་འོག་ནས་འཆད་དོ། །ཤེས་རབ་རྣལ་འབྱོར་ལ་རབ་བརྩོན། །ཞེས་བྱ་བ་ལ་ཤེས་རབ་གཙོ་བོར་གྱུར་པའི་རྣལ་འབྱོར་ནི་ཤེས་རབ་

เล่ม ๔๓ · หน้า 63b

རྣལ་འབྱོར་ཏེ། དེ་ལ་རབ་ཏུ་བརྩོན་པ་ནི་ཤིན་ཏུ་གོམས་པར་སློབ་པ་ཉིད་དོ། །སྔགས་ནི་གྲགས་པར་ཟད་དོ། །རྒྱུད་ནི་ཕྱིར་ཟློག་པའི་འཁོར་ལོ་ལ་སོགས་པའོ། །དེ་རྣམས་ཀྱི་སྦྱོར་བ་ལ་མཁས་པ་ནི་ཞི་བ་ལ་སོགས་པའི་ལས་རྣམས་ལ་བྱང་བའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་

སེམས་ཅན་གྱི་དོན་བསྒྲུབ་པར་འོས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དོན་ནི་ཕན་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ཐམས་ཅད་དོ། །འོས་པ་ཞེས་བྱ་བ་ནི་འཚམ་པ་སྟེ་དབང་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཡོན་ཏན་འདི་

དག་ཙམ་ཉིད་ཀྱིས་འོས་པ་ཉིད་ཡིན་པར་བཤད། ཡོན་ཏན་གཞན་རྣམས་གཞན་དག་ལས་ཇི་སྙེད་ཅིག་འབྱུང་སྟེ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ཅིང་དྲང་ལ་གཡོ་སྒྱུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡོད་ལ་དེ་རྣམས་འདིར་མ་སྨོས་སོ་ཞེ་ན། དེའི་

ཕྱིར་གཏོང་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཏོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་དུ་ཟིན་ཀྱང་གོང་དུ་བཤད་པའི་ཡོན་ཏན་གྱིས་བསྟོད་ན་འོས་པ་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔར་བཤད་པའི་ཡོན་ཏན་རྣམས་ཡོད་པར་གྱུར་ན། གཏོང་བ་ལ་

སོགས་པའི་ཡོན་ཏན་ངེས་པར་འབྱུང་བར་འགྱུར་བ་ཡིན་ནོ། །དེ་བས་ན་སྔར་བཤད་པའི་ཁོ་ནས་འོས་པ་ཉིད་ཡིན་པར་བརྗོད་དོ། །དེ་ཡང་འདིར་མི་ནུས་པ་ཡང་ཉམས་སུ་བླང་དགོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སེང་གེ་ཟླ་བ་ལ་སོགས་པ་དང་འདྲ་བར་གཏོང་བ་ལ་སོགས་

པ་ཡོད་པ་འཆད་པར་འདོད་པ་ནི་མ་ཡིན་ལ། གལ་ཏེ་རྗེས་སུ་མཐུན་པའི་གཏོང་བ་ལ་སོགས་པ་དང་མི་ལྡན་ན་ནི། དབང་བསྐུར་བ་ལ་སོགས་པ་ཇི་ལྟར་ཐོབ། །འདི་དག་གིས་ནི་དཀྱིལ་འཁོར་བྲི་བ་ལ་སོགས་པ་བྱེད་པར་འོས་པ་བཤད་པ་ཡིན་ནོ། །དཀྱིལ་འཁོར་བྲི་བ་ན་ཡང་སྔོན་དུ་

བྱ་བ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། བརྩེར་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པ་དང་། དམ་ཚིག་དང་། སྡོམ་པ་དང་ལྡན་པའི་བརྟུལ་ཞུགས་ཡོད་པ་དང་། གསང་སྔགས་ཟློས་པ་དང་ལྡན་པ་དང་། སྔགས་ཀྱི་ཚུལ་ལ་ཐེ་ཚོམ་

เล่ม ๔๓ · หน้า 64a

མེད་པའི་ཕྱིར་དད་པ་དང་ལྡན་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པ་དང་། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ལ་ལྷག་པར་མོས་པས་ཟབ་མོའི་དེ་ཁོ་ན་ཉིད་ཤེས་པ་དང་། རང་གི་འཁོར་ལོ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་དེའི་ཚུལ་གྱིས་གནས་པར་གྱུར་པས་སྔོན་

དུ་བསྙེན་པ་བྱས་ནས། དེའི་རྗེས་ལ་དེའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔོན་དུ་བསྙེན་པ་དེ་ཉིད་རྒྱས་པར་ནི། ཡིད་དང་རྗེས་མཐུན་གནས་ལ་ལར། །ཞེས་བྱ་བ་ནས། ཅི་རིགས་པར་ནི་བཟླས་བྱས་ནས། །རང་བདག་ལ་སོགས་བཀའ་ཐོབ་པའམ། །འགོག་

པའི་འཁོར་ལ་གོམས་པ་ཡིས། །རང་སེམས་དག་ནས་བྲི་བར་བྱ། །ཞེས་བྱ་བའི་བར་འདིས་བཤད་པ་ཡིན་ནོ། །ཡིད་དང་རྗེས་སུ་མཐུན་པ་ནི་ཡིད་དུ་འོང་བའོ། །བྱུག་པ་ནི་བསྐུ་བའོ། །རྣམ་ཐར་སྒོ་ཞེས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་རྣམ་པར་ཐར་

པའི་སྒོ་གསུམ་མོ། །འདི་རྣམས་ཀྱིས་ལེགས་པར་དག་པ་ནི་ཡང་དག་པར་དག་པ་སྟེ། སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བའི་མཚན་ཉིད་དོ། །དེ་ཡང་མདོར་བསྡུ་ན་ཡེ་ཤེས་ཀྱི་ཚོགས་སོ། །དེའི་ཕྱིར་ཞེས་པ་དེའི་དོན་དུ་སྙིང་གར་གནས་

པའི་ཟླ་བར་ཡི་གེ་མྃ་འོད་ཟེར་གྱི་ཕྲེང་བ་འབར་བ་དང་ལྡན་པ་བསམས་ནས། དེའི་འོག་ཏུ་བསོད་ནམས་ཀྱི་ཚོགས་ཀྱི་དོན་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །རྣམ་པར་ཐར་པའི་སྒོ་དག་པར་བྱ་བའི་ཕྱིར་ཡི་གེ་མྃ་བསམས་ནས་ཞེས་བྱ་བ་འདི་ཅིའི་ཕྱིར་སྨྲས་ཤེ་ན། ས་བོན་

གྱི་ཡི་གེ་ནི་སྐུ་གསུམ་གྱིས་ཡི་གེ་ཡོངས་སུ་དག་པར་སྟོན་པར་བྱེད་པ་ཡིན་གྱི། གཞན་དུ་ན་དེ་ཁོ་ན་ཉིད་གསུམ་རོ་གཅིག་པའི་གསང་བའི་ཚུལ་ཅན་གྱི་སྔགས་ཀྱི་ལྷ་རྣམས་ཀྱི་ས་བོན་དུ་མི་འགྱུར་རོ། །དེ་ལ་གསལ་བྱེད་ཀྱིས་ནི་སྟོང་པ་ཉིད་དུ་སྟོན་ཏོ། །དབྱངས་ཀྱི་ཡི་

གེས་ནི་མཚན་མ་མེད་པར་རོ། །ཐིག་ལེས་ནི་སྨོན་པ་མེད་པར་རོ། །ངེས་པའི་ཚིག་གི་ཚུལ་ནི་རྒྱུད་གཞན་དག་དང་ཐེག་པ་གཞན་དང་། གཟུངས་ཀྱི་སྒོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཨོཾ་གྱི་དེ་ཁོ་ན་ཉིད་གསུམ་སྟོན་ཏེ། ཨ་དང་ཨུ་དང་ཐིག་ལེས་སོ། །ཡི་གེ་ཨཱི་

เล่ม ๔๓ · หน้า 64b

ནི་ཐུང་ངུ་དང་རིང་པོ་དང་ཚེག་དྲག་གིས་སོ། །ཡང་ན་ཡི་གེ་ཨཱ་དང་ཚེག་དྲག་གཉིས་ཀྱི་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་དུ་མདོར་བསྡུས་པ་ཉིད་ཀྱིས་ཡི་གེ་གཅིག་པའི་སྔགས་ཀྱིས་དེ་ཁོ་ན་ཉིད་གསུམ་རོ་གཅིག་པའི་ཚུལ་གྱིས་རང་ཉིད་དབྱེར་མི་ཕྱེད་པས་བྱ་བ་གཅིག་པ་ཉིད་སྟོན་

པར་བྱེད་པ་ཡིན་ནོ། །རྒྱུད་ཀྱི་རྒྱལ་པོ་འདིར་སྒོ་མང་པོ་ནས་དེ་ཁོ་ན་ཉིད་གསུམ་རོ་གཅིག་པའི་གསང་བའི་ཚུལ་ཅན་གྱི་ས་བོན་གྱི་དོན་ཡིན་པར་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་ནོ། །དེ་བས་ན་དགེ་བ་འདོད་པ་རྣམས་ཀྱིས་དོན་དམ་པར་འདི་ལ་མཆོག་ཏུ་ལྷག་པར་མོས་པ་

ཉིད་དུ་བྱའོ། །དོན་དེ་ཉིད་ཀྱི་ཕྱིར་འདི་བསྟན་པར་མི་བྱ་བ་ཡིན་ན་ཡང་ཁོ་བོས་གསལ་བར་ཕྱེ་བ་ཡིན་ནོ། །གཞན་ཡང་ཅི་ཞིག་བྱས་ཏེ་སྡིག་པ་བཤགས་པ་ལ་སོགས་པ་བྱ་ཞེ་ན། ཕྱོགས་བཅུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུ་པོ་རྣམས་སུ་དུས་གསུམ་པོར་བྱུང་བའི་

སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་རྣམས་ཀྱི་མདུན་དུ་གནས་པར་མོས་པའི་སྟོབས་ཀྱིས་བསམས་ལ། སྙིང་པོ་མཾ་གྱི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་དང་། མེ་ཏོག་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་གུས་པས་མཆོད་པར་

བྱའོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱི་སྡིག་པ་གཞན་དག་ལ་མཐོལ་བ་ནི་སྡིག་པ་བཤགས་པ་སྟེ། དེ་བསྟན་པའི་ཕྱིར་རང་གི་ཞེས་པ་ལ་སོགས་པ་སྨོས་ཏེ། བདག་རང་ཉིད་ཀྱི་ཉོན་མོངས་པ་ཅན་གྱི་ལོག་པའི་རྟོག་པ་བདག་དང་བདག་གི་རྣམ་པ་ཅན་དེ་ཙམ་ལས་འདོད་ཆགས་

དང་ཞེ་སྡང་དང་གཏི་མུག་གི་བར་ཆད་ལས་བྱུང་བའི་ཉེས་བྱས་དེ་བཅོམ་ལྡན་འདས་ལ་འཆགས་པར་བགྱིད་དོ་ཞེས་བྱ་བར་སྦྱར་རོ། །ལོག་རྟོག་ཙམ་གྱི་སྒྲ་ནི་སྡིག་པའི་རྒྱུ་ཆུང་བ་ཉིད་དང་། རང་གི་སྒྲས་ནི་རང་ལ་རག་ལས་པ་ཉིད་དུ་སྟོན་པས་སྡིག་པ་ནི་ཉམ་ཆུང་བའི་ཕྱིར་ཡོངས་སུ་

སྤང་བར་ནུས་པ་ཡིན་ནོ་ཞེས་སྟོན་ཏོ། །ཡང་ན་ཙམ་གྱི་སྒྲ་ནི་ཁྱབ་པའི་ཚིག་ཡིན་ཏེ། ལོག་པར་རྟོགས་པ་ཐམས་ཅད་ལས་བྱུང་བའི་ཉེས་བྱས་རྣམས་བཤགས་པར་བགྱིའོ་ཞེས་བྱ་བར་སྦྱར་ཏེ། འདིར་ཁྱབ་པའི་དབང་དུ་བྱས་པའི་ཕྱོགས་འདི་ནི་ལེགས་པ་ཡིན་ནོ། །དེ་ཡང་།

เล่ม ๔๓ · หน้า 65a

མ་ལུས་ཀུན་རྟོག་གིས་བསགས་སྡིག་པ་རྣམས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཕྱོགས་འདི་ལ་ནི་རང་གི་སྒྲ་དང་། བྱས་པའི་སྒྲ་ལ་དོན་གྱི་ཁྱད་པར་ལྷག་པར་ཡོད་པ་མ་ཡིན་ཏེ། རྟོག་པ་ཙམ་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུ་ལ་ཁྱབ་པའོ། །དུས་གསུམ་ཞེས་

བྱ་བ་ནི་དུས་ལ་ཁྱབ་པའོ། །དེ་བས་ན་རྒྱུ་ཐམས་ཅད་ལས་བྱུང་བ་དང་། དུས་ཐམས་ཅད་པའི་ཉེས་བྱས་རྣམས་བཤགས་པར་གྱུར་པ་ཡིན་ནོ། །བྱས་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ལས་བྱས་པ་དང་། བྱེད་པ་དང་བྱེད་པར་འགྱུར་བའོ། །ཡང་ན་བྱས་པའི་སྡིག་པ་ཉིད་

འཆགས་པ་ཡིན་ལ། དུས་གསུམ་ཞེས་བྱ་བ་ནི་ལུས་ཀྱི་དང་ངག་གི་དང་ཡིད་ཀྱིའོ། །ལན་གསུམ་ཞེས་བྱ་བ་ནི་དུས་གསུམ་དུ་བྱས་ཏེའོ། །རྨི་ལམ་རྨི་ལམ་ལ་སོགས་བཞིན། །ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་དུ་ལ་ལ་ཞིག་རྨི་ལམ་དང་སྒྱུ་མ་དང་སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་སྟོན་

པར་བྱེད་པ་དང་འདྲ་བར་སྡིག་པ་ཡང་དེ་བཞིན་དུ་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྨི་ལམ་དུ་རྨི་ལམ་ལ་སོགས་པ་སྟོན་པ་ན། གང་ཟག་གང་གིས་གང་ལ་གང་ཞིག་སྟོན་པའི་བསྟན་པར་བྱ་བ་དེ་དག་ཐམས་ཅད་ནི་དངོས་པོ་མེད་པ་ཡིན་ཏེ། རྨི་ལམ་ནི་བརྫུན་པ་ཡིན་པའི་ཕྱིར་རོ། །

དེ་བཞིན་དུ་བདག་གི་སངས་རྒྱས་དང་། བདག་དང་ཉེས་བྱས་དང་དེ་བཤགས་པ་དམིགས་སུ་མེད་པར་ལྷག་པར་མོས་པས་བཤགས་པར་བགྱིའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་བསོད་ནམས་ལ་(དང་‚དད་)ཅིང་དང་པོ་སྔོན་དུ་འགྲོ་བའི་དགའ་བ་ནི་རྗེས་སུ་ཡི་རང་བ་ཡིན་ལ། བདག་ཉིད་

ཀྱི་བསོད་ནམས་རང་བཞིན་གྱིས་བྱང་ཆུབ་ཏུ་བསྔོ་ཞིང་བདག་གིས་བསོད་ནམས་ཀྱི་འབྲས་བུ་འདི་ལྟ་བུར་གྱུར་ཅིག་ཅེས་བྱ་བ་གང་ཡིན་པ་དེ་ནི་བསོད་ནམས་བསྔོ་བ་སྟེ། གཉིས་པོ་དེ་དག་བསྟན་པའི་ཕྱིར་རྫོགས་སངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫོགས་སངས་རྒྱས་ཞེས་བྱ་

བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །སྲས་མཆོག་ཅེས་བྱ་བ་ནི་རྒྱལ་བའི་སྲས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། འཕགས་རྣམས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིའོ། །གཞན་གྱི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །

เล่ม ๔๓ · หน้า 65b

དགེ་བ་དམ་པ་ཞེས་བྱ་བ་ནི་མ་འདྲེས་པའི་བསོད་ནམས་ཞེས་བྱའི་དོན་ཏེ། དེ་ཐམས་ཅད་ལས་རྗེས་སུ་ཡི་རང་བར་བྱས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །བསོད་ནམས་དེ་དག་ལ་དང་པོར་རྗེས་སུ་ཡི་རང་ནས་དེའི་རྗེས་ལ་རང་གི་བསོད་ནམས་ཡོངས་

སུ་བསྔོ་བ་ནི་རྗེས་སུ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ཡང་ན་རྗེས་སུ་ཞེས་བྱ་བའི་སྒྲའི་དོན་ནི་ལྷན་ཅིག་ཅེས་བྱ་བའི་དོན་ཡིན་པས་དགེ་བ་ཞེས་བྱ་བ་དང་སྦྱར་རོ། །རྗེས་སུ་ཡི་རང་བ་ནི་དོན་གྱི་དཀྱུས་མ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། རྗེས་སུ་ཡི་རང་བ་དང་ལྷན་ཅིག་སྐྱེས་

པའི་བསོད་ནམས་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱ་བའི་ཐ་ཚིག་གོ། །དམ་པའི་ཆོས་ཡུན་རིང་དུ་སྟོན་པར་མཛད་པའི་ཕྱིར་སངས་རྒྱས་རྣམས་ལ་ཡུན་རིང་དུ་བཞུགས་པར་གསོལ་བ་འདེབས་པ་ནི་བསྐུལ་བ་ཡིན་ནོ། །དེ་རྣམ་པ་གཞན་དག་གིས་བསྟན་པར་བྱ་བའི་ཕྱིར། ཀུན་འདོད་

ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་བསྐུལ་བར་བགྱིད་དོ། །ཅི་ཞིག་བསྐུལ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་འཇིག་རྟེན་ཀུན་ལ་སྣང་ཞིང་བློའི་ཡུལ་དུ་གྱུར་ཅིག་པའོ། །ཅི་ལྟ་བུ་ཞེ་ན། སྡིག་པ་མེད་པ་སྟེ་ཁ་ན་མ་ཐོབ་མེད་ཅིང་ཉེས་པ་དང་བྲལ་བ་དེའི་བསམ་པ་

ཐམས་ཅད་ནི་ཀུན་འདོད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་ཡིད་ལ་རེ་བ་ཐམས་ཅད་ལ་དབུགས་འབྱིན་སྩོལ་བར་མཛད་པ་སྟེ། ཡིད་བརྟན་དུ་མི་རུང་བའི་དོན་ལ་ཡིད་རྟོན་པར་གྱུར་པ་ནི་དབུགས་དབྱུང་བའོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་

ཀུན་གྱི་བསྟན་པ་ནམ་མཁའི་མཐའ་དང་མཉམ་པ་སྟེ། ནམ་མཁའ་ལྟ་བུར་རྒྱུན་མི་འཆད་པར་རྟག་ཏུ་གནས་པ་གང་ཡིན་པ་ལ་གནས་པ་དེ་ནི་ནམ་མཁའི་མཐའ་དང་མཉམ་པའོ། །གལ་ཏེ་དེ་རྣམས་ཀྱི་ཆོས་ཀྱི་སྐུས་སྐྱེ་བ་དང་འགག་པ་མེད་པ་དང་། ལོངས་སྤྱོད་རྫོགས་པའི་སྐུས་འགག་

པ་མེད་པ་དང་། སྤྲུལ་པའི་སྐུས་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ། འཇིག་རྟེན་གྱི་ཁམས་དེ་དང་དེ་རྣམས་སུ་བལྟམས་པ་དང་། བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་བསྐལ་པ་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པས་འདིས་ནི་བཞུགས་

เล่ม ๔๓ · หน้า 66a

པར་གསོལ་བ་གདབ་པར་ཡང་མི་དགོས་ལ། ཆོས་སྟོན་པར་བསྐུལ་བ་ཡང་མི་དགོས་ཏེ་གྲུབ་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་སྟོན་པར་སྣང་བ་ཉིད་དུ་བསྐུལ་བ་ཡིན་ཏེ། སྣོད་མ་ཡིན་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ཡང་སོ་སོར་སྣང་བར་གསོལ་བ་

འདེབས་པ་ཉིད་ཡིན་ཏེ། དེ་ཡང་སྐུས་སྟོན་པར་མཛད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། བསྟན་པ་ཞེས་སྤྱིར་སྨོས་པ་ཡིན་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ་ནི། སངས་རྒྱས་མྱ་ངན་མི་འདའ་སྟེ། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །གཉི་གའང་སྣོད་ཀྱི་ཉེས་པ་ཡིས། །

ཆུ་ཡི་ཟླ་བ་ལྟར་མི་སྣང་། །རྨོངས་སྡིག་མི་དགེའི་བཤེས་གཉེན་ལ། །ཐུབ་པའི་ཟླ་བ་མི་སྣང་སྟེ། །མུན་དང་ཐག་རིང་བསྒྲིབས་པར་གནས། །ཆུ་སྣོད་ལ་ནི་ཟླ་བར་མཚུངས། །ཞེས་བཤད་པ་ཡིན་ནོ། །འགྲོ་བ་སྐྱབས་མེད་པ་རྣམས་ཀྱི་སྐྱབས་ནི་གསུམ་སྟེ། སངས་རྒྱས་དང་

ཆོས་དང་དགེ་འདུན་ནོ། །དེ་རྣམས་ལ་བདག་གིས་སྐྱབས་ཉིད་དུ་ཤིན་ཏུ་ཁས་ལེན་པ་ལས་མི་འདའ་བའི་དམ་བཅའ་བ་ནི་སྐྱབས་སུ་འགྲོ་བའོ། །དེ་ལ་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏེ་གང་ཉོན་མོངས་པ་ཅན་གྱིས་རྣམ་པར་རྟོག་པ་

སྤངས་པས། ཀུན་དུ་རྟོག་པ་མ་ལུས་པ་ཐམས་ཅད་དག་པར་གྱུར་པ་དང་གང་ཡང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པས་སོ་སོ་རང་གིས་རིག་པའི་བདག་ཉིད་ཀྱི་དགའ་བ་ཐུགས་སུ་ཆུད་པར་གྱུར་པ་དང་། གང་ཆོས་སྟོན་པ་ལ་སོགས་པའི་སྒོ་ནས་སེམས་ཅན་

རྣམས་ལ་རང་གི་དོན་གང་གཞན་གྱི་དོན་གྱི་འབྲས་བུ་ཕུན་སུམ་ཚོགས་པ་སྩོལ་བར་མཛད་པའི་རྫོགས་པའི་སངས་རྒྱས་དེ་ལ་སྐྱབས་སུ་མཆིའོ་ཞེས་པའོ། །ཆོས་ནི་རྣམ་པ་གསུམ་སྟེ། ལུང་དང་། རྟོགས་པ་དང་། ཆོས་ཀྱི་དབྱིངས་སོ། །དེ་ལ་ལུང་ནི་གསུང་རབ་ཡན་ལག་དགུའོ། །

རྟོགས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཆོས་ཀྱི་དབྱིངས་ཀྱང་གང་ཡིན་ཞེ་ན། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་དོན་དམ་པའོ། །སེམས་དཔའི་མཆོག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་

เล่ม ๔๓ · หน้า 66b

སོ། །དེ་རྣམས་ཀྱི་དམ་པའི་ཆོས་མ་ལུས་པའོ། །དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ། དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་གང་ཡིན་པ་དེའི་གནས་ནི་རྒྱུའོ། །བསམ་གྱིས་མི་ཁྱབ་པ་ནི་རྟོག་པའི་ཡུལ་ལས་འདས་པའི་ཕྱིར་རོ། །

དེ་ནི་ཕུན་སུམ་ཚོགས་པའི་གནས་ཀྱང་ཡིན་ལ། བསམ་གྱིས་མི་ཁྱབ་པ་ཡང་ཡིན་པས་ན། ཕུན་སུམ་ཚོགས་གནས་བསམ་ཡས་ཞེས་བྱ་སྟེ། དེ་གང་ཡིན་ཞེ་ན་ཆོས་ཀྱི་དབྱིངས་སོ། །ཇི་ལྟར་ན་འདི་ཕུན་སུམ་ཚོགས་པ་དེའི་རྒྱུ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ལ་དམིགས་པ་ཉིད་ཀྱི་

ལམ་གྱིས་དེ་རྣམས་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཞེས་བཤད་དེ། དབྱིངས་ཀྱི་སྒྲ་ནི་རྒྱུའི་རྣམ་གྲངས་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཏེ། དེ་ཡང་སྟོང་པ་ཉིད་ཡིན་ལ། གང་གིས་སྟོང་པ་ཉིད་ཡིན་ཞེ་ན། བདག་དང་

བདག་གི་དང་། གཟུང་བ་དང་འཛིན་པས་སོ། །སུའི་སྟོང་པ་ཉིད་ཡིན་ཞེ་ན། རྣམ་པར་ཤེས་པའི་ཚོགས་ཅན་གྱི་དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་དེ་ཡང་དབྱེ་བ་མཐའ་ཡས་པས་ཕན་ཚུན་ཕྱེ་བའི་ཆོས་ཐམས་ཅད་རོ་གཅིག་པ་ཡིན་ཏེ། འདི་ལྟ་སྟེ་

སྟོང་པ་ཉིད་དུ་རོ་གཅིག་པའོ། །དེ་ཉིད་ཀྱིས་ན་དེ་ལྟ་བུར་ལྟ་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཡིན་གྱི་འཇིག་རྟེན་པའི་ནི་མ་ཡིན་ནོ། །འཇིག་རྟེན་པ་རྣམས་དང་བྱིས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཤེས་པ་ནི་མོས་པ་ཙམ་

ཡིན་གྱི་མངོན་སུམ་དུ་མཐོང་བ་མ་ཡིན་ནོ། །དེ་ལྟར་ན་དེ་ཁོ་ན་ཉིད་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཆོས་ཉིད་ཀྱི་སྐུ་ལ་ནི་ཁྱད་པར་མེད་ཀྱི་ཆོས་ཀྱི་སྐུ་ལ་ནི་མང་དུ་ཡོད་དེ། དེ་ཡང་ཁྱད་པར་ཅན་གྱི་སྔགས་དང་། མཚན་མ་དང་། ལུས་དང་། རྣལ་

འབྱོར་དང་ཡོངས་སུ་གཡོ་བ་དང་། དགའ་བའི་ཚུལ་རྣམས་ཡིན་ནོ། །ཚོགས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལོག་པ་ནི་སླར་ལྡོག་པ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལྟུང་བའོ། །དེ་མེད་པས་ན་མི་ལྡོག་པ་སྟེ། དེ་ཉིད་ཀྱིས་ན་

เล่ม ๔๓ · หน้า 67a

དབུགས་འབྱིན་ཐོབ་གྱུར་པ་ཞེས་བྱའོ། །དེ་ཡང་རྣམ་པ་གཉིས་ཏེ། རྒྱུ་མཐུན་ལ་སོགས་པའི་འབྲས་བུ་འཐོབ་པ་དང་། གསང་བའི་དབང་བསྐུར་བ་ཐོབ་པ་སྟེ། གཉི་ག་ཡང་མི་ལྡོག་པ་ཉིད་ཐོབ་པ་ཡིན་ནོ། །འདིར་མི་ལྡོག་པ་སྨོས་པ་ནི་ཉན་ཐོས་ལ་སོགས་པ་

དགར་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་སྒོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། རྒྱུ་མཐུན་པ་ལ་སོགས་པ་སྨོས་པས་བསྡུའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་སྐྱེ་བ་སྔ་མ་རྣམས་སུ་དགེ་བ་རྣམས་ལ་གོམས་པར་བསླབས་པས་ཚེ་འདིར་དེའི་སྣོད་དུ་

གྱུར་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་རྣམས་ཀྱི་འདིར་བྱས་པ་སྟོབས་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི་བདག་པོའི་འབྲས་བུའོ། །དེ་རྣམས་ཉིད་ལ་ལྷག་པར་སྲེད་པ་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །འདིར་བསླབ་པ་རྣམས་མངོན་པར་

འཕེལ་བར་གྱུར་པ་གང་ཡིན་པ་དེ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེའི་སྒྲིབ་པའི་དྲི་མ་རྣམས་དང་བྲལ་བའི་འབྲས་བུའོ། །དེ་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། སྣོད་གྱུར་རྣམ་པར་སྨིན་བརྗོད་དང་། དེ་ཡི་དབང་གིས་སྟོབས་དང་ནི། །འདོད་དང་འཕེལ་དང་རྣམ་དག་སྟེ། །འབྲས་

བུ་དེ་དག་གོ་རིམས་བཞིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །འདི་ནི་བདག་པོའི་འབྲས་བུ་མ་གཏོགས་པ་འབྲས་བུ་བཞི་པོ་ནི་རིགས་མཐུན་པའི་འབྲས་བུ་བགྲང་བའི་ལོངས་སྤྱོད་ཆེན་པོ་ཉིད་ལ་སོགས་པ་ནི་མ་ཡིན་ནོ། །ལམ་ལ་གནས་པ་བསྟན་པའི་ཕྱིར་ཐུབ་དབང་ཞེས་བྱ་བ་སྨོས་ཏེ། ཐུབ་

པའི་དབང་པོའི་སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་ལམ་ལ་གནས་པར་བགྱིའོ་ཞེས་པའོ། །ད་ནི་ཞེས་བྱ་བ་ནི་སྐྱབས་སུ་སོང་བའི་རྗེས་ཐོགས་ལའོ། །ལམ་ཇི་ལྟ་བུ་ཞེ་ན། སྤྱོད་པ་ཐོག་མཐའ་མེད་རྟོགས་བྱེད། ཅེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་

རྣམས་ཀྱི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་ཀྱི་སྤྱོད་པ་གང་ཅི་ཡང་རུང་བ་ལ་ལྷག་པར་སྤྱོད་པ་ནི་སྤྱོད་པ་སྟེ། མདོར་ན་ཕ་རོལ་ཏུ་ཕྱིན་པ་བཅུ་འམ། དྲུག་གམ། ཚོགས་གཉིས་སོ། །ཐོག་མ་ནི་གདོད་མའོ། །ཐ་མ་ནི་ཐ་མའོ། །དེ་དང་བྲལ་བས་ན་ཐོག་མཐའ་མེད་

เล่ม ๔๓ · หน้า 67b

པ་སྟེ། འཁོར་བ་ཐོག་མ་དང་ཐ་མ་མེད་པའོ། །དེ་རྟོགས་པར་བྱེད་པ་ནི་ཁོང་དུ་ཆུད་པ་སྟེ། ལམ་གང་འཁོར་བ་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པ་དེ་ནི། སྤྱོད་པ་ཐོག་མཐའ་མེད་རྟོགས་བྱེད། །ཅེས་བྱའོ། །གལ་ཏེ་དེ་ལམ་ཡིན་ན་ལམ་གྱི་བྱ་བ་ནི་

འཆིངོ་བ་ལས་གྲོལ་བར་བྱེད་པ་ཡིན་པས་འཆིང་བ་དང་ཐར་པ་ཅི་ཞིག་ཡིན་ཞེ་ན། ཆོས་ཐམས་ཅད་ལ་དེ་ཁོ་ན་ཉིད་མ་བསྟན་པ་དང་། དེ་ཁོ་ན་ཉིད་མ་ཡིན་པ་བསྟན་པ་དེ་ནི་འཆིང་བ་ཡིན་ལ། ཆོས་ཐམས་ཅད་ལ་དེ་ཁོ་ན་ཉིད་མ་བསྟན་པ་དང་། དེ་ཁོ་ན་ཉིད་མ་ཡིན་པ་བསྟན་པ་གཉིས་

ལས་གོ་བཟློག་པའི་མཚན་ཉིད་ཙམ་ཟག་པ་དང་བཅས་པའི་སེམས་ཀྱི་རྒྱུད་ཀྱི་མཚན་ཉིད་གནས་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐར་པ་ཡིན་ཏེ། སྒྲིབ་པ་ཐམས་ཅད་སྤངས་པས་ཅི་དགར་སྤྱོད་པ་ཉིད་ཐོབ་པའི་ཕྱིར་རོ། །དེ་ལས་གཞན་པ་དག་ནི་དེ་མ་ཐོབ་

པས་བཅིངས་པའི་གནས་སྐབས་ཡིན་ནོ། །དེ་ཡང་བཅིངས་པ་ནི་ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །དེ་ཡང་ཐེག་པ་བསྡུས་པ་ལས།བྱིས་པ་རྣམས་ལ་ཡང་དག་བསྒྲིབས། །ཡང་དག་མ་ཡིན་ཀུན་དུ་སྣང་། །དེ་བསལ་ཡང་དག་ཐམས་ཅད་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་

སྣང་། །དོན་མེད་པ་དང་དོན་ཡོད་པ། །མི་སྣང་སྣང་བར་ཤེས་བྱ་བར། །གནས་ནི་གཞན་དུ་གྱུར་པ་དེ། །འདོད་དགུར་རྒྱུ་ཕྱིར་ཐར་པ་ཡིན། །འཁོར་བ་དང་ནི་མྱ་ངན་འདས། །མཚུངས་པར་ཤེས་པ་རྣམས་སྐྱེ་བ། །དེ་ཚེ་དེ་ཕྱིར་དེ་ལ་ནི། །འཁོར་ཉིད་མྱ་ངན་འདས་པར་འགྱུར། །དོར་

བ་མ་ཡིན་མི་དོར་མིན། །འཁོར་ཉིད་མྱ་ངན་འདས་ཡིན་པས། །ཐོབ་པ་མ་ཡིན་མ་ཐོབ་མིན། །མྱ་ངན་འདས་པར་འགྱུར་བས་ན། །ཞེས་ཇི་སྐད་བསྟན་པ་ལྟ་བུ་དང་། །རིགས་པ་དྲུག་ཅུ་པ་ལས་ཀྱང་། །འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །འཁོར་

བ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བཤད་དེ། ཚིག་ལེའུར་བྱས་པ་འདི་དག་གིས་ནི་སྲིད་པ་ཡོངས་སུ་ཤེས་པའི་མཚན་ཉིད་ནི། སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་པར་བཤད་པས་དེ་ཕུང་པོ་བཞི་འགོག་པའི་

เล่ม ๔๓ · หน้า 68a

མཚན་ཉིད་ཅན་ཡིན་པར་གཞན་དག་འདོད་པའི་གཞུང་བཀག་པ་ཡིན་ནོ། །ཇི་ལྟར་གནས་པར་བྱ་ཞེ་ན། །ཀུན་སངས་རྒྱས་བདག་བློ་མཆོག་གིས། །ཞེས་བྱ་བ་སྨོས་ཏེ། དངོས་པོ་ཐམས་ཅད་ལ་སངས་རྒྱས་ཀྱི་བདག་ཉིད་ཡིན་པའི་བློ་མཆོག་སྟེ། དེ་ཁོ་ན་ཉིད་ཀྱི་

བློས་དེ་ཁོ་ན་ཉིད་དུ་འདི་རྣམས་ནི་བདག་ཉིད་ཡིན་ལ། ཆོས་འདི་དག་ཐམས་ཅད་ཀྱང་སངས་རྒྱས་ཡིན་ནོ་ཞེས་ཤེས་པའི་ཕྱིར་རོ། །ཇི་ལྟར་བདག་ཉིད་ཡིན་ཞེ་ན། སེམས་ལས་ལོགས་ན་ཕྱིའི་དོན་མེད་པའི་ཕྱིར་སེམས་ཅན་རྣམས་ནི་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཅན་ཡིན་ལ་སེམས་ཀྱི་

རྒྱུན་ནི་ཆོས་ཀྱི་སྐུས་ཐ་མི་དད་པ་ཡིན་ནོ། །ཇི་ལྟར་ན་འདི་དག་སངས་རྒྱས་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། དེ་ཡང་སངས་རྒྱས་ཀྱི་ཆོས་ནི་སེམས་ཡོངས་སུ་དག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང་། སེམས་ཅན་

ཐམས་ཅད་ནི་ཆོས་ཉིད་ཀྱི་སྐུས་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ཉིད་ཀྱི་སྐུ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་ཆོས་ཀྱི་དབྱིངས་གཙོ་བོ་ཡིན་ལ། ཆོས་ཀྱི་དབྱིངས་ནི་གང་དུ་ཡང་དབྱེ་བ་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་དོ་ཞེས་

བཤད་པ་ཡིན་པས། ཀུན་སངས་རྒྱས་བདག་བློ་མཆོག་གིས། །ཞེས་བྱ་བ་གང་ཡིན་པ་འདི་ཁྱད་པར་ཅན་གྱི་སྔགས་དང་ཕྱག་རྒྱའི་རྣམ་པས་དགའ་བ་མེད་པར་ཡང་འགྱུར་ཞིང་བདེ་བ་ཆེན་པོ་དང་མཐུ་ཆེན་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ་

ནི། དེ་བས་ཞེས་བྱ་བ་ཡིན་ཏེ། འོག་ནས་བཤད་པའི་ལྷ་རྣམས་ཀྱི་འཁོར་ལོ་ལ་སོགས་པའི་རིམ་པས་ཞེས་བྱ་བའི་དོན་ཏོ། །འདིར་ཡང་ལམ་འདི་ལ་སྤྱོད་པ་ཞེས་བྱ་བ་སྨོས་པས་ཡོངས་སུ་རྫོགས་པ་ཉིད་དུ་སྟོན་ཏོ། །ཐོག་མཐའ་མེད་ཅེས་པ་སྨོས་པ་ནི་མདོར་བསྡུས་པ་ཉིད་

དུ་སྟོན་ཏོ། །ཀུན་སངས་རྒྱས་བདག་བློ་མཆོག་གིས། །ཞེས་པ་འདིས་ནི་རང་བཞིན་སྟོན་ཏོ། །དེ་ཡང་དེ་ཁོ་ན་ཉིད་དུ་ན་བདག་ཉིད་ཀྱི་དངོས་པོ་ཤིན་ཏུ་རྣམ་པར་དག་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་དུ་བསྒོམས་པ་དེའི་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་

เล่ม ๔๓ · หน้า 68b

ཕྱིན་པ་ལ་སོགས་པས་བདག་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ལས་ཡོངས་སུ་རྫོགས་པར་བྱེད་པ་དང་། བདག་དང་གཞན་ལ་མཆོད་པས་ཀྱང་སངས་རྒྱས་ཐམས་ཅད་ལ་མཆོད་པར་འགྱུར་བ་དང་། དངོས་པོ་དམན་པ་རྣམས་ཀྱིས་ཀྱང་ཕུལ་དུ་བྱུང་བའི་

མཆོད་པ་བྱེད་པས་བྱང་ཆུབ་རྙེད་པར་སླ་བ་ཡིན་པས། འདི་ནི་བྱང་ཆུབ་ཀྱི་ལམ་གྱི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེ་བས་ཞེས་བྱ་བ་འདིས་ནི་ཤིན་ཏུ་མྱུར་བ་ཁོ་ནར་བྱང་ཆུབ་འཐོབ་པར་བྱེད་པའི་ཁྱད་པར་བསྟན་པ་ཡིན་ཏེ། རྣལ་འབྱོར་དག་ནི་འདི་ཉིད་ཀྱིས། །མྱུར་དུ་སངས་རྒྱས་ཉིད་འཐོབ་

འགྱུར། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བྱ་བ་ལ་མངོན་པར་འདོད་པ་ནི་འདུན་པའོ། །འདུན་པ་དང་བཅས་པའི་སེམས་ནི་སྨོན་ལམ་སྟེ། ཀྱེ་མ་ངས་ནི་འདི་ལྟར་བྱའོ། །ཀྱེ་མ་ང་ནི་འདི་ལྟར་གྱུར་ཅིག་ཅེས་བྱའོ། །དེ་ལྟ་ཡིན་པས་གང་སེམས་ཅན་ཐམས་ཅད་ཀྱི་སྡུག་

བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མངོན་པར་འདོད་པའི་ཡིད་ཀྱི་ལས་གང་ཡིན་པ་དེ་ནི་བྱང་ཆུབ་ཏུ་སྨོན་པའོ། །དེ་ནི་སེམས་བསྐྱེད་པ་སྟེ་དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རྣམས་ཀྱི་ས་བོན་དུ་གྱུར་པ་ཡང་ཡིན་ནོ། །སེམས་དེ་ནི་འདི་ལྟར་བསྐྱེད་པར་བྱ་སྟེ། ཀྱེ་མའོ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ་སྙམ་པའོ། །དེ་ཉིད་རྣམ་པ་གཞན་དག་གིས་བསྟན་པའི་ཕྱིར་སྒྲིབ་པ་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བར་སྦྱར་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདུན་པར་ཡིད་གཞོལ་བར་བྱའོ་

ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་སྨོན་པར་བྱེད་ཅེ་ན། འཁྲུལ་པ་ཞེས་བྱ་བ་སྟེ། འཁྲུལ་ཅིང་ནོར་པར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ལྟ་བ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཏེ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྫོགས་པར་བྱ་བའི་དོན་དུའོ། །ཡང་འཁྲུལ་པའི་ལྟ་བ་ཅན་གྱི་སེམས་ཅན་ཐམས་

เล่ม ๔๓ · หน้า 69a

ཅད་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །གཉིས་ཀས་ཀྱང་དེ་ཁོ་ན་ཉིད་ཤེས་པར་གྱུར་ན་ཐར་པ་ཐོབ་པ་དང་། སྡུག་བསྔལ་ཐམས་ཅད་ཟད་པའི་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་རྣམ་པ་ཐམས་ཅད་དུ་དེ་ལྟར་འགྱུར་བར་སྨོན་ཅེ་ན། བདག་ཉིད་ཀྱི་རྣམ་པ་ཀུན་

གྱིས་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཇི་ལྟ་བུ་ཞེ་ན། དེ་ལ་ཤིན་ཏུ་བསླབས་པར་གྱུར་པས་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པ་ན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡང་དག་པར་སེལ་བར་བྱེད་པ་དང་། ཡེ་ཤེས་ཀྱི་བདུད་རྩི་མཐའ་ཡས་པའི་

གནས་དང་གཞིར་གྱུར་པ་ཡིན་ནོ། །དེ་ལ་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །དེ་ཡང་མཐའ་ཡས་པ་སྟེ། དབྱེ་བ་མཐའ་ཡས་པ་ཉིད་དང་། ཡུལ་མཐའ་ཡས་པ་ཉིད་དམ་མི་ཟད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བདུད་རྩི་ཡང་ཡིན་ཏེ། བདུད་རྩི་དང་ཆོས་མཐུན་པའི་

ཕྱིར་རོ། །ཆོས་མཐུན་པ་དེ་ཡང་ལྷན་ཅིག་སྐྱེས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། མཆོག་ཏུ་མི་ཟད་པའི་བདེ་བ་ལ་རབ་ཏུ་སྦྱོར་བ་ཉིད་ཀྱིས་ཚིམ་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ་བརྡར་བཏགས་པ་དང་དོན་དམ་པའོ། །དེ་ལ་བརྡར་བཏགས་པ་ནི་སྔར་

བཤད་པ་ཉིད་དོ། །དོན་དམ་པ་བཤད་པར་བྱ་སྟེ། དེ་ལ་བྱང་ཆུབ་ནི་སྨོན་ལམ་གྱི་ཤུགས་ལས་བྱུང་བ་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཡང་ཆོས་ཐམས་ཅད་བདག་མེད་པ་ལ་དམིགས་པ་སྟེ། ཆོས་རྣམས་ཀྱི་བརྗོད་དུ་མེད་པ་དང་། གཟུང་བ་དང་འཛིན་པས་

སྟོང་པ་གང་ཡིན་པ་དེ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མཚན་མ་མེད་པ་ཡང་ཡིན་ཏེ་སྤྲོས་པའི་མཚན་མ་ཐམས་ཅད་ཀྱི་ཉེ་བར་འཛིན་པ་དང་བྲལ་བའི་ཕྱིར་རོ། །དེ་ཡང་ཐེག་པ་ཆེན་པོ་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་དམིགས་

པ་ནི། །ཆོས་རྣམས་བརྗོད་དུ་མེད་པ་ཉིད། །བདག་མེད་དེ་བཞིན་ཉིད་ཀྱང་དེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་མི་རྟོག་རྣམ་པ་ནི། །ཤེས་བྱ་དམིགས་པ་དེ་ཉིད་ལ། །མཚན་མ་མེད་པ་གང་ཡིན་པའོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །

เล่ม ๔๓ · หน้า 69b

བྱང་ཆུབ་ཀྱི་སེམས་འདི་ཡང་ཇི་སྲིད་སྟོང་པ་ཉིད་ལ་ལྷག་པར་མོས་བར་བྱེད་ཀྱི་མངོན་སུམ་དུ་མི་བྱེད་པ་དེ་སྲིད་ཀྱི་བར་དུ་ནི་བརྡར་བཏགས་པ་ཉིད་ཡིན་ལ། ཡང་གང་གི་ཚེ་མངོན་སུམ་དུ་བྱེད་པ་དེའི་ཚེ་ནི་དོན་དམ་པ་ཡིན་པར་ཤེས་པར་བྱའོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་

སྔ་ནས་ཀྱིས་ཀྱང་། །ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་བས་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་གྲོལ་བའོ། །ཞེས་བཤད་པ་ཡིན་ནོ། །དེའི་དགོས་པ་ཡང་འདི་ཡིན་ཏེ། །རྒྱུད་འདི་རྣམ་པར་ཐར་པའི་

སྒོ་གསུམ་གྱི་དེ་ཁོ་ན་ཉིད་གསུམ་སྟོན་པ་ནི་ཆོས་ཐམས་ཅད་ཀྱི་བདག་མེད་པའི་ཡེ་ཤེས་ཁྱད་པར་ཅན་ཡིན་ནོ་ཞེས་པ་སྟེ། ལེའུ་གཉིས་པ་ལས། སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བླ་ན་མེད་པའི་བྱང་ཆུབ་སེམས། །བཅོམ་ལྡན་སྙིང་

པོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ཅིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་

ཡང་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་སྦྱངས་ནས། ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་དོ། །ཨེ་མའོ་ཀུན་དུ་བཟང་པོ་ཡི། སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཞེས་ཇི་

སྐད་བཤད་པ་ལྟ་བུ་སྟེ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ནི་སེམས་བསྐྱེད་པ་ཀུན་དུ་བཟང་པོ་ཡང་ཡིན་ཏེ། དེ་བས་ན་ཀུན་དུ་བཟང་པོ་སྨོས་པ་དང་། སྐྱེད་པ་ཡིན་ལ་རང་བཞིན་འདིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པ་ནི་རྡོ་རྗེ་སེམས་

เล่ม ๔๓ · หน้า 70a

དཔའ་ཡིན་ནོ། །ལེའུ་བཅུ་པ་ལས། རྡོ་རྗེ་གསུམ་པོ་མཁའ་འདྲ་བའི། །བྱང་ཆུབ་འདི་ཡིས་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་རྒྱལ་རྒྱ་མཚོ། །རྡོ་རྗེ་སེམས་དཔའ་ཚེ་དེས་འཐོབ། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །འདི་དག་ཐམས་ཅད་ལ་

དགོངས་ནས། །བྱང་ཆུབ་སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྒྱུ་ལ་མ་ཆགས་པ་ནི་རྒྱུ་མི་དམིགས་སོ། །འབྲས་བུ་ལ་མ་ཆགས་པ་ནི་འབྲས་བུ་མི་དམིགས་པ་སྟེ། །ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་དང་། སེམས་

ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར། སོ་སོ་རང་གིས་རིག་པའི་བདག་ཉིད་ཅན་ཡིན་ལ། བྱང་ཆུབ་ཀྱི་སེམས་གང་ལ་ཆོས་ཐམས་ཅད་སོ་སོ་རང་གི་རིག་པ་ཉིད་དུ་སྣང་བ་དེ་ནི་སོ་སོ་རང་རིག་ཆོས་ཏེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འབྲས་བུ་དང་རྒྱུ་དང་ངོ་བོ་ཉིད་ཉེ་བར་མི་

དམིགས་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ཏེ། དེར་རོ་གཅིག་པ་ནི་བྱང་ཆུབ་ཀྱི་སེམས་སྟོན་པ་ཡིན་ནོ། །ཇི་ལྟར་ན་རྒྱུ་དང་འབྲས་བུ་ཉེ་བར་མི་དམིགས་པ་ཡིན་ཞེ་ན། གང་གིས་ངོ་བོ་ཉིད་ཀྱི་སྟོང་པ་ཡིན་པའི་ངོ་བོ་དེས། དེ་རྣམས་ལ་རྒྱུ་དང་འབྲས་བུ་ཉིད་དུ་ཡོད་པར་མི་

རིགས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་འདི་བསྐྱེད་ནས་སྔགས་ཀྱིས་བརྟན་པར་བྱ་བ་ཡིན་ནོ། །དེ་བས་ན་འདིའི་སྔགས་གསུངས་པ་བསྟན་པའི་ཕྱིར། སྟོང་པའི་ཡེ་ཤེས་བདག་ཅན་བདག །ཅེས་བྱ་བ་སྨོས་པ་ཡིན་ནོ། །སྔགས་དེ་ཉིད་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྨོས་

པ་ཡིན་ཏེ། ཨོཾ་ཞེས་བྱ་བ་ནི་གླེང་སློང་བའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དང་རྒྱུ་དང་འབྲས་བུ་དང་བྲལ་བ་ནི། ཤཱུནྱ་ཏཱ་སྟེ་སྟོང་པ་ཉིད་དོ། །དེའི་ཡེ་ཤེས་ནི་ཤཱུ་ནྱ་ཏཱ་ཛྙཱ་ན་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་རོ་གཅིག་པའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་

ནི་བཛྲ་སྟེ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཤིགས་པའི་ཕྱིར་དང་། དེ་འཇོམས་པའི་ཕྱིར་དང་འཇིག་པ་མེད་པའི་ཕྱིར་རྡོ་རྗེ་ཞེས་བྱའོ། །དེ་ཡང་རྣམ་པར་དག་པའི་མཐར་ཐུག་པར་ཕྱིན་པ་ཡིན་པའི་ཕྱིར་དེ་ཉིད་དང་པོར་སྭ་བྷཱ་བ་སྟེ། རང་ལ་ཡོད་ཅིང་གནས་པའོ། །དེ་ཡང་དེ་

เล่ม ๔๓ · หน้า 70b

བཞིན་ཉིད་ཀྱི་སྐུས་རང་བཞིན་གྱིས་རྣམ་པར་དག་པའི་སེམས་ནི་གློ་བུར་བའི་སྒྲིབ་པ་དང་བྲལ་བའི་རང་བཞིན་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཡིན་པས་བདེན་པའི་བདག་ཉིད་ཀྱི་རང་གི་ངོ་བོ་ནི་ཨཱཏྨ་ཀོ་སྟེ། དེ་ལྟ་བུ་གང་ཡིན་པ་དེ་ནི་བདག་

ཡིན་པས་ཨ་ཧཾ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ཅན་ནི་བདག་གོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་འདི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒྲས་རང་གི་མཚན་ཉིད་ལ་ལྷག་པར་མོས་པ་ཡིན་ལ་རྡོ་རྗེའི་སྒྲས་ནི་རང་གི་མཐར་ཐུག་པའི་རྣམ་པར་དག་པའོ། །རང་བཞིན་

གྱི་སྒྲས་ནི་མཐར་ཐུག་པའི་རྣམ་པར་དག་པའི་དུས་སུ་ཡང་ལྷག་པ་མེད་པར་རོ། །བདག་ཉིད་ཅན་དང་བདག་གི་སྒྲ་གཉིས་ཀྱིས་ནི་དེ་བདག་ཉིད་ལ་རང་བཞིན་གྱིས་གྲུབ་པ་ཉིད་ཡིན་པ་ཉིད་དུ་ལྷག་པར་མོས་པ་སྟེ། ཇི་ལྟར་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་ཡིན་པ་ལྟར་བྱང་

ཆུབ་ཀྱི་སེམས་ཀྱང་དེ་དང་འདྲ་སྟེ། དེ་ཁོ་ན་ཉིད་ལ་དམིགས་པ་ཉིད་ཀྱིས་དེ་གཙོ་ཆེར་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །བྱིན་གྱིས་བརླབ་པའི་སྔགས་གཞན་དག་ལ་ཡང་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྒྲའི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །

བླ་ན་མེད་པའི་བྱང་ཆུབ་དེ་བསྲུང་བར་བྱ་བའི་ཕྱིར་འཁོར་ལོ་བསྒོམ་པར་བྱ་བ་ཡིན་པས་དེ་བསྟན་པ་ནི། ཧཱུཾ་མཛད་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཧཱུཾ་མཛད་ཅེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །གཙུག་ཏོར་ནི་རྒྱལ་བའི་གཙུག་ཏོར་ལ་སོགས་པའོ། །རྣམ་པར་སྣང་མཛད་ལ་

སོགས་ཉིད། །ཅེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དྲུག་པོ་རྣམས་ལས་གང་ཡང་རུང་བའོ། །ཁྲོ་བོའི་འཁོར་ལོར་གནས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་རྩིབས་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་སེར་པོའི་ལྟེ་བ་ལ་མན་ངག་ཇི་ལྟ་བ་བཞིན་དུ་གནས་

པའོ། །གནས་རྣམ་པར་དག་པར་བྱ་བའི་ཕྱིར་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཁ་གྱེས་པ་བསམས་ལ། དེའི་ལྟེ་བར་ཆུད་པའི་ཧཱུཾ་ལས་རྡོ་རྗེ་ཕྲ་མོ་རྣམས་སྤྲོས་ལ། རྡོ་རྗེ་རྣམས་གཅིག་ཏུ་འདུས་པ་ལས་ཕྱོགས་བཅུར་རྡོ་རྗེའི་ར་བ།

เล่ม ๔๓ · หน้า 71a

སྟེང་དུ་རྡོ་རྗེའི་དྲ་བ། འོག་ཏུ་རྡོ་རྗེའི་རང་བཞིན་ཅན་གྱི་ས་གཞི་བསམས་ལ། དེའི་དབུས་སུ་ཆོས་འབྱུང་བསྒོམ་པར་བྱ་བ་ཡིན་པས། དེ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་འབྱུང་གི་ཕྱག་རྒྱའི་

གཟུགས་ཟུར་གསུམ་པ་སྟེ་གྲུ་གསུམ་དུ་གནས་པའོ། །ཕྱོགས་ཀྱི་འཁོར་ལོ་ནི་ཕྱོགས་ཀྱི་ཚོགས་སོ། །འོད་ནི་འོད་ཟེར་རོ། །མཁའ་ནང་འོག་པད་རྡོ་རྗེ་གནས། །ཞེས་བྱ་བ་ནི་ནམ་མཁའི་ནང་གི་འོག་ལོགས་སུ་སྣ་ཚོགས་པདྨ་ལ་རྡོ་རྗེ་གནས་ཤིང་རྡོ་རྗེ་དང་ལྡན་པའོ། །གནས་

(ད་‚དེ་)་ནི་འདི་ཐོབ་པ་ཡིན་ཏེ་ཐོབ་པ་ནི་ལྡན་པའོ། །དེར་ཞེས་བྱ་བ་ནི་ཆོས་འབྱུང་བའི་དབུས་སུ་གཞལ་ཡས་ཁང་རབ་ཏུ་བསམ་པར་བྱའོ་ཞེས་བྱ་བ་སྦྱར་རོ། །ཚིག་ལྷག་མ་རྣམས་ནི་གཞལ་ཡས་ཁང་གི་ཁྱད་པར་སྟོན་པ་ཡིན་ནོ། །དེ་ཡང་ཡི་གེ་བྷྲཱུཾ་ལས་འཁོར་ལོ་དེ་ལས་བྱུང་ཞིང་སྐྱེས་པའི་

རིག་པ་ཞེས་བྱ་བ་ལྷ་མོ་དང་རྣམ་པར་སྣང་མཛད་ལས་སངས་རྒྱས་ཀྱི་ཚོགས་སྤྲོས་པས་ནམ་མཁའ་ཁྱབ་པ་ཟུར་བཞི་པ་ཞེས་བྱ་བ་ནི་འོག་ནས་སྒོ་བཞི་པ་ལ་སོགས་པ་དང་ལྡན་པར་བཤད་པས་ཟུར་བཞི་དང་ལྡན་པའོ། །སྣ་ཚོགས་ཞེས་བྱ་བ་སོགས་པ་ལ་ཟླ་བ་བཅུ་གཉིས་དང་ཉི་མ་

བདུན་གྱིས་ལེགས་པར་མནན་པའི་སྣ་ཚོགས་པདྨ་བཅུ་དགུ་ཡོད་པའི་ལྷའི་གདན་དེ་གནས་གང་ན་ཡོད་པ་དེ་ཕྱོགས་ཀྱི་ཆ་ཁ་དོག་གི་ཆས་སྤྲས་པས་རྣམ་པར་བརྒྱན་ཞིང་ཕྱེ་བའོ། །རྒྱུའི་རྡོ་རྗེ་སེམས་དཔའ་བསྐྱེད་པའི་རིམ་པ་བསྟན་པའི་ཕྱིར། དབྱངས་ཡིག་ཅེས་བྱ་བ་ལ་སོགས་

པ་སྨོས་ཏེ། དེ་ལྟར་དགེ་བའི་ཆོས་ཉེ་བར་བསགས་པའི་སེམས་གང་ཡིན་པ་དེ་ཉིད་དབུས་ན་གནས་པའི་ཟླ་བའི་གདན་ལ་ཡེ་ཤེས་ཟླ་བ་ཞེས་པ། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་ཟླ་བ་རྒྱས་པ་རྣམ་པར་བསྒོམ་མོ། །ཇི་ལྟ་བུ་ཞེ་ན། དབྱངས་ཡིག་མཚན་དང་ཡང་དག་ལྡན། །ཀ་

སོགས་དཔེ་བྱད་འོད་ཟེར་ཅན། །ཞེས་པ་སྟེ། དབྱངས་ཀྱི་ཡི་གེ་བཅུ་དྲུག་སྟེ། དེ་ཉིད་ཉིས་འགྱུར་དུ་བྱས་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ས་བོན་ཡིན་པས་ན་མཚན་ཞེས་བྱ་ལ། དེ་དང་ཡང་དག་པར་ལྡན་པ་ནི་དེ་ལས་བསྐྱེད་པའོ། །ཀ་ལ་སོགས་པ་ནི་སུམ་

เล่ม ๔๓ · หน้า 71b

ཅུ་རྩ་བཞི་སྟེ། དེ་རྣམས་ལ་ཌ་ཌྷ་ད་དྷ་ཡ་ལ་ཞེས་བྱ་བ་རྩོལ་བ་ཆུང་ངུར་བརྗོད་པ་དང་བཅས་པ་བཅུག་ནས་བཞི་བཅུར་བྱས་ལ། དེ་ཉིད་ཉིས་འགྱུར་དུ་བྱས་པ་ནི་དཔེ་བྱད་བརྒྱད་ཅུའི་ས་བོན་ཡིན་པའི་ཕྱིར་དཔེ་བྱད་དེ། ཀ་སོགས་དཔེ་བྱད་དོ། །དེ་ཡོངས་སུ་གྱུར་པའི་འོད་ཟེར་གང་

ཡིན་པ་དེ་ནི། ཀ་སོགས་དཔེ་བྱད་འོད་ཟེར་ཅན། །ཞེས་བྱའོ། །འདི་ལྟར་དགོངས་ཏེ་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས། བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བ་ཡིས། །ཞེས་འབྱུང་བ་འདི་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་ཆ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འོད་ཟེར་དཔག་ཏུ་མེད་པའི་

ཚོགས་ལྡན་པ། །དབུས་མའི་གདན་ལ་ཆོ་ག་བཞིན་དུ་བསམ། །ཞེས་བྱ་བ་དེ་ཡང་། ཀ་སོགས་དཔེ་བྱད་འོད་ཟེར་ཅན་ཞེས་བྱ་བའི་དོན་ཏོ། །ལ་ལ་ནི་དབྱངས་ཀྱི་ཡི་གེ་དང་གསལ་བྱེད་ཀྱི་ཡི་གེ་ཉིས་འགྱུར་དུ་བྱ་བ་དང་། གཞུག་པར་བྱ་བ་མི་འདོད་དོ། །གཞན་དག་ནི་

དབྱངས་ཀྱི་ཡི་གེ་ལས་ཟླ་བ་གཅིག །གསལ་བྱེད་ལས་གཉིས་པ་བྱེད་པར་འདོད་ལ། དེ་ལས་གཞན་པ་དག་ནི་དེ་གཉིས་གཅིག་ཏུ་གྱུར་པར་འདོད་དོ། །དེར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཟླ་བ་ལ་རྡོ་རྗེ་བསྒོམ་པར་བྱའོ། །དེ་ཡང་དང་པོའི་སྙིང་པོ་ཞེས་པ་ནི་དབལ་མཆོག་དང་པོའི་ཡི་གེ་ཧཱུཾ་

ལས་བྱུང་བའོ། །སྤྲུལ་པས་འགྲོ་བའི་(ངོན་‚དོན་)བྱས་ནས། །ཞེས་བྱ་བ་ནི། རྡོ་རྗེ་དེའི་ནང་ན་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་ལས་རྒྱལ་བ་ལྟ་བུའི་སྤྲུལ་པ་རྣམས་འབྱུང་བས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ནས། བྱང་ཆུབ་པའི་བར་དུ་

བྱེད་པའི་སྔགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་ཐོགས་ལ། བདག་ཉིད་དེ་ཡི་ང་རྒྱལ་ལྡན། །ཞེས་བྱ་བ་དང་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་དེ་ལྟ་བུའི་ང་རྒྱལ་དང་ལྡན་པར་བྱས་ནས། ཀུན་དུ་བཟང་པོར་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཚིག་ལྷག་མ་ནི་

བཅོམ་ལྡན་འདས་ཀྱི་ཁྱད་པར་རོ། །དེ་ཡང་སྐུ་ཐམས་ཅད་ཤེལ་ལྟ་བུའི་མདོག་ཅན་ཞལ་དང་པོ་ཟླ་བ་ལྟར་དཀར་བ། ཞལ་གཡས་པ་སྔོ་བ། ཞལ་ཅིག་ཤོས་ཏེ་གཡོན་པ་དམར་བ། རྣམ་པ་ཀུན་མཆོག་ཅེས་པ་མཚན་དང་དཔེ་བྱད་ལ་སོགས་པ་རྒྱ་ཆེ་བ་དང་། ཡོན་ཏན་ཞེས་བྱ་

เล่ม ๔๓ · หน้า 72a

བ་ནི་མངོན་པར་ཤེས་པ་ལ་སོགས་པའོ། །མཆོག་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའོ། །རྡོ་རྗེ་དང་པདྨ་དམར་པོ་རིན་པོ་ཆེ་ནི་ཆ་དགུ་པ་ལྗང་གུ། དཔལ་དང་ལྡན་པའི་འགྲོ་བའི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་རྣམས་ཀྱི་གནས་ཏེ་རྒྱུར་གྱུར་པའོ། །

འོད་ཟེར་གྱི་ཚོགས་ནམ་མཁའ་ཁྱབ་པར་མངའ་བ་གང་ཡིན་པ་འདི་དག་ནི་ཤིན་ཏུ་རྣམ་པར་དག་པའི་ཐབས་དང་ཤེས་རབ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ་དང་ཡུམ་དུ་གྱུར་པ་ཡིན་ལ། དེའི་རྒྱུ་མཐུན་པ་ལས་བྱུང་བ་ཀུན་དུ་བཟང་པོ་ཞེས་བྱ་བ་དང་། རྡོ་རྗེ་

འཆང་བ་ཞེས་བྱ་བར་བཤད་པ་ཐུན་མོང་དུ་གྱུར་པ་ཐོབ་པའོ། །དེ་ཡང་དཔལ་མཆོག་དང་པོ་ལ་སོགས་པ་ལས། ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན། །ཡབ་ནི་ཐབས་ལ་མཁས་པ་ཉིད། །གདུལ་དོན་རྡོ་རྗེ་སེམས་དཔའ་དང་། །རིགས་ཀྱང་འབྱུང་བར་གྱུར་པ་ཡིན། །ཞེས་ཇི་སྐད་བཤད་པ་

ལྟ་བུའོ། །འདི་ཉིད་ལས་ཀྱང་། དེ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ཀུན་དུ་བཟང་པོ་ཀུན་དུ་བཟང་པོ་ཞེས་བྱ་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །དབུས་སུ་གཟུགས་ནི་ལེགས་བྲིས་པ། །དེ་ཡི་དཀྱིལ་འཁོར་གནས་སུ་

འགྱུར། །སྐུ་གསུང་ཐུགས་ཀྱི་གསང་ལས་བྱུང་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་ན་རྒྱུ་མཐུན་པ་དེ་ལས་མངོན་པར་བྱུང་བའི་དཀྱིལ་འཁོར་གྱི་བདག་པོ་བསྐྱེད་པའི་རིམ་པ་འཆད་པར་འདོད་པས་ཞིང་ཡོངས་སུ་དག་པར་བསྡུས་པ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པ་

སྔར་བྱས་པ་ཉིད་ཡིན་པའི་ཕྱིར་རྗེས་ཐོགས་ལ་བྱ་བའི་སེམས་ཅན་གྱི་འཇིག་རྟེན་ཡོངས་སུ་དག་པར་བཤད་པ་ནི། དེ་ནས་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་

སྦྱོར་བ་མཆོག་གིས་དོན་དམ་པ་རྣམ་པར་སྤྱོད་པ་ལ་མངོན་པར་དགའ་བའོ། །སྣོད་ཅེས་བྱ་བ་ནི་མངོན་པར་བྱང་ཆུབ་པར་བྱ་བའི་སྣོད་གདུལ་བར་འོས་པའི་འཇིག་རྟེན་རྣམས་སོ། །དགའ་བའི་སྒྲ་ཞེས་པ་ནི་འདོད་ཆགས་ཆེན་པོ་དེ་ཉིད་དེ་དེ་ལས་བྱུང་བའི་སྒྲས་སྤྲོས་པའི་ཚུལ་གྱིས་ཕྱོགས་

เล่ม ๔๓ · หน้า 72b

བཅུར་ཁྱབ་པས་སོ། །དེ་ནི་ཞེས་བྱ་བ་ནི་རྒྱལ་བའི་ཚོགས་དེ་རྣམས་ཉིད་རིག་པ་རྣམ་པ་བཞི་དང་། ཡུལ་རྣམ་པ་ལྔའི་ཚུལ་ཏེ་རིག་པ་རྣམ་པ་དགུ་རུ་ཕྱུང་ནས་ལྷ་མོ་དགུ་པོ་དེ་དག་ཉིད་རང་གི་རིག་པའི་ནང་དུ་གཞུག་པར་བྱའོ། །པདྨ་ནི་འདབ་མ་བརྒྱད་པ་དམར་བ་གྲུ་གསུམ་གྱི་ནང་དུ་ཆུད་

པའོ། །ལྟེ་བ་ནི་ཟེའུ་འབྲུའོ། །མུ་ཏིག་གི་འབྲས་བུ་རྡུལ་མེད་པ་ལྟ་བུ་སྒོ་(ཆད་‚ཚད་)དང་ཤིན་ཏུ་ལྡན་པའོ། །རབ་ཏུ་དགའ་བ་ལས་བྱུང་བ་ནི་ཡེ་ཤེས་ཀྱི་ཟླ་བ་སྟེ། དེའི་རང་བཞིན་ཅན་གྱི་དཀྱིལ་འཁོར་ཐར་པའི་གྲོང་ཁྱེར་གྱི་རང་བཞིན་ཅན་གྱི་གཞལ་ཡས་ཁང་སྤྲུལ་ནས་འདིར་ཞེས་པ་དཀྱིལ་

འཁོར་དེར་རོ། །སངས་རྒྱས་ཉིད་བཤེས་གཉེན་གྱི་མཆོག་ཡིན་ལ། དེ་ནོར་བུའི་ཆའི་ནང་ནས་ཞུ་བའི་ཚུལ་གྱིས་ཕྱུང་ནས་སོ། །མི་ལྡོག་ཕྱིར་ཞེས་པ་ནི་ཕྱིར་མི་ལྡོག་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དབང་བསྐུར་བས་དབུགས་འབྱིན་པའི་འགྲོ་བ་མཐོང་ནས་སེམས་ཅན་ཐམས་ཅད་ལ་ས་

བོན་གྱིས་དབྱུང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་མཐར་ཐུག་པའོ། །ཇི་ལྟ་བུ་ཞེ་ན། འགྲོ་བ་སེམས་བདག་དངོས་ལས་བྱུང་། །ཞེས་བྱ་བ་སྟེ། སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །བདག་

ནི་རང་གི་ངོ་བོའོ། །དངོས་ནི་ཐོབ་པ་སྟེ། འགྲོ་བ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་ཐོབ་པར་གྱུར་པ་སྟེ། འགྲོ་བ་རྣམས་སེམས་ཅན་གྱི་བདག་ཉིད་ཐོབ་པའོ། །དེ་ལས་བྱུང་བ་ནི་དེ་ཡོངས་སུ་གྱུར་པ་ལས་སོ། །ཇི་ལྟ་བུའི་ས་བོན་གྱི་ཞེ་

ན། མིག་སོགས་རང་གི་ངོ་བོར་བྱུང་། །ཞེས་བྱ་བ་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ལས་བྱུང་ཞིང་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་ལས་ཞེས་བྱ་བའི་དོན་ཏོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལས་བྱུང་བ་སྟེ། དེའི་རྒྱུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །ཡང་དག་དབྱུང་ཞེས་པ་ནི་རང་

གི་ཕྱོགས་དང་གནས་ལ་སོགས་པར་བློས་གཏང་བར་བྱ་ཞེས་བྱ་བའི་དོན་ཏོ། །སྤྱིར་བཤད་ནས་ཁྱད་པར་སྨྲས་པ་ནི་སའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་དྲུག་ཡིན་ཏེ། ངོ་བོར་བྱུང་ཞེས་བྱ་བ་ནི་མིག་ལ་སོགས་པའི་རང་བཞིན་ནི་རང་གི་ངོ་བོ་སྟེ་རང་བཞིན་ནི་གནས་སྐབས་སོ། །དེ་ཡང་གློ་

เล่ม ๔๓ · หน้า 73a

བུར་བའི་སྒྲིབ་པ་ཐམས་ཅད་དང་བྲལ་བས་ཞེས་བྱ་བའི་དོན་ཏོ། །དེ་ལས་སྐྱེས་པས་ན་དེ་ལས་བྱུང་བ་ཡིན་ཏེ། དེའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་ནང་བདག་ཉིད་ངོ་བོར་བྱུང་། །ཞེས་བྱ་བ་ནི་ལུས་དང་ཅིག་ཤོས་ཀྱི་གཟུགས་ལ་སོགས་པ་དྲུག་པོ་རྣམ་

པར་དག་པ་ལས་བྱུང་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་དུ་གནས་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་དྲུག་ལས་ཕྱི་རོལ་ཞེས་བྱ་བའི་དོན་ཏོ། །འགྲོ་ཆོས་བདག་ཉིད་དེ་ཉིད་སྐྱེས། །ཞེས་བྱ་བ་ནི་འགྲོ་བ་རྣམས་ཀྱི་ཆོས་ནི་ཤེས་རབ་གང་ཡིན་པའོ། །དེ་རྣམས་ཀྱི་བདག་ཉིད་ནི་རང་བཞིན་ནོ། །དེའི་

དེ་ཁོ་ན་ཉིད་ནི་དེ་ཙམ་ཉིད་དེ་དག་པའི་མཐར་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་སྐྱེས་ཞེས་བྱ་བ་ནི་དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཕུང་པོ་རྣམས་ཀྱི་ངོ་བོ་ནི་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་དོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོས་ཐམས་ཅད་བསྡུས་པའི་

ཕྱིར་རོ། །ཡང་ན་དེ་ལྟར་ཆོས་ཐམས་ཅད་ཡང་དག་པར་དབྱུང་བར་བྱའོ་ཞེས་སྤྱིར་ཉེ་བར་བསྡུ་བ་ཡིན་ནོ།། །།ད་ནི་དཀྱིལ་འཁོར་གྱི་བདག་པོ་བསྐྱེད་པའི་རིམ་པ་བསྟན་པའི་ཕྱིར་ཨོཾ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་སེམས་ཅན་བྱུང་བའི་རྗེས་ཐོགས་ལ་རྣལ་འབྱོར་

པས་རང་གི་སེམས་ཡི་གེ་གསུམ་གྱི་རང་བཞིན་ཡི་གེ་ཧོཿདམར་པོ་གཉིས་དང་སྤེལ་བ་མདུན་གྱི་ནམ་མཁའ་ལ་བསམས་ལ། དྲི་ཟ་ཉེ་བར་འཁོར་གྱི་ཚུལ་དུ་བཅོམ་ལྡན་འདས་ཀྱི་ཞལ་ནས་ཞུགས་ཏེ་ལྷ་མོའི་ཆུ་སྐྱེས་ལ་གནས་པ་རྒྱུ་མཐུན་པ་ཆུང་ངུ་དག་པར་བྱ་བའི་ཕྱིར་བསྒོམ་

པར་བྱའོ་ཞེས་སྦྱར་རོ། །དེ་ནས་ཀྱང་སྤེལ་བའི་སེམས་དེ་ཤེས་རབ་ཀྱི་འདོད་ཆགས་ཀྱི་མེ་འབར་བས་ཞུ་བར་བསམ་པར་བྱའོ། །དེ་ནས་མར་གྱི་བུམ་པ་བཞུས་པ་ལྟ་བུར་སྐུ་དེ་གཉིས་ཀས་ཡང་ཕྲལ་དུ་ཞུ་བར་བྱས་པས་ན། སྐུ་གཉིས་དག་ནི་ཞུ་བར་བྱས། །ཞེས་བསམ་པར་བྱ་བ་

ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འདི་དབུས་མའི་ཟླ་བའི་གདན་ལ་སྟོན་ཀའི་ཟླ་བ་ཞུ་བ་ལྟ་བུར་གྱུར་ཅིང་ནམ་མཁའ་དང་མཉམ་པ་ཉིད་དུ་གྱུར་པ་མཆོག་ཏུ་ཞི་བ་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གནས་པར་གྱུར་པ་ན། །ཏིང་ངེ་འཛིན་དེ་

เล่ม ๔๓ · หน้า 73b

ལས་བླང་བར་བྱ་བའི་ཕྱིར་བྱམས་པ་ལ་སོགས་པའི་ངོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་དང་འདྲ་བ་མཱ་མ་ཀཱི་ལ་སོགས་པ་བཞིས་གླུས་ཡང་དག་པར་སྐུལ་བར་བྱེད་པར་བསམ་པར་བྱའོ། །བཤེས་གཉེན་གྱི་དམ་པ་ལྟར་སྣང་བས་ན་བཤེས་མཆོག་ལྟར་སྣང་ངོ་། །མཚམས་རྣམས་

དགར་བས་ན་ཕྱོགས་ཀྱི་ལྷ་མོ་རྣམས་ལ་ཕྱོགས་ལྷ་མོ་ཞེས་བྱའོ། །བཤེས་མཆོག་ལྟར་སྣང་བ་ཡང་ཡིན་ལ་ཕྱོགས་ཀྱི་ལྷ་མོ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཡང་ན་བཤེས་གཉེན་གྱི་མཆོག་སངས་རྒྱས་རྣམས་སྣང་ཞིང་མངོན་པའི་ཕྱོགས་གང་ཡིན་པ་དེ་རྣམས་སུ་ལྷ་མོ་རྣམས་

གནས་པས་ན་དེ་སྐད་ཅེས་བྱའོ། །བསྐུལ་བ་དེ་ཉིད་ཀྱི་ཚིགས་སུ་བཅད་པ་བཞི་ནི། སེམས་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཐུགས་ལ་སོགས་པའི་རྡོ་རྗེ་རྣམ་པར་དག་པའི་ཐུགས་མཐར་ཐུག་པ་ནི་སྔ་མ་བཞིན་ཏེ། ཀྱེ་རྡོ་རྗེའི་ཐུགས་བདག་ལ་བསྐྱབ་ཏུ་

གསོལ་ཞེས་བྱ་བར་སྦྱར་རོ། །སེམས་ཅན་ཁམས་ན་ཞེས་བྱ་བ་ནི་བཅུད་ཀྱི་འཇིག་རྟེན་གྱི་རྒྱུ་དང་རྐྱེན་རྣམས་ཏེ། ཁམས་ཀྱི་དོན་ནི་རྒྱུའི་དོན་ཡིན་ནོ། །གནས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི་བདག་པོའི་རྐྱེན་ནོ། །གང་གིས་བསྐྱབ་ཅེ་ན། དགའ་བ་དང་ཡིད་དུ་འོང་བ་

དང་། དོན་ཆེ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་རྣམས་ཀྱང་ཡིན་ལ་འདོད་པ་ཡང་ཡིན་པའི་གཟུགས་རྡོ་རྗེ་ལ་སོགས་པ་ལ་དེ་སྐད་ཅེས་བྱ་སྟེ་བྱམས་པ་ཆེན་པོའོ། །སེམས་ཅན་ཡབ་ཅེས་བྱ་བ་ནི་འཕགས་པའི་གང་ཟག་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །བདག་ལ་ཞེས་བྱ་བ་ནི་བྱམས་

པ་ཆེན་པོ་ལ་དགྱེས་པར་མཛད་དུ་གསོལ་ཞེས་བྱ་བ་རོལ་པར་མཛོད་ཅིག་ཅེས་བྱ་བའོ། །གཉེན་མཆོག་ཅེས་བྱ་བ་ནི་མཆོག་ཆེན་པོ་སངས་རྒྱས་རྣམས་ཀྱི་གཉེན་རྡོ་རྗེ་སེམས་དཔའོ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཞེས་པ་ནི་མ་བཞེངས་ན་ནི་སེམས་ཅན་གྱི་

དོན་བྱ་བ་མེད་པས་ཁྱེད་ཀྱི་བྱམས་པ་བདག་ཉེ་བར་བཅོམ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེའི་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ་ཀྱེ་རྡོ་རྗེའི་སྐུ་ཁྱོད་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་བྱ་བར་སྦྱར་ཏེ། འདིར་ཆགས་པ་ནི་སྐྱབས་མེད་པའི་འགྲོ་བ་རྣམས་ལ་མཉེས་

เล่ม ๔๓ · หน้า 74a

གཤིན་པའོ། །དེ་ཉིད་ནི་འདོད་ཆགས་དམ་ཚིག་སྟེ། ལྷན་ཅིག་སྤྱོད་པའི་ཐུགས་རྗེ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་གང་ཡིན་པ་དེ་ཁྱོད་ཡིན་པས་དེ་སྐད་ཅེས་བྱའོ། །སངས་རྒྱས་

ཞེས་བྱ་བའི་སྒྲའི་དོན་ནི་བྱང་ཆུབ་བོ། །དེ་ནི་དེ་ཁོ་ན་ཉིད་ཡིན་པས་མཆོག་དོན་ཏེ། སངས་རྒྱས་དང་བྱང་ཆུབ་ནི་ཐ་མི་དད་པ་ཡིན་པའི་ཕྱིར་རོ། །དེ་ཡང་། ཤེས་རབ་ཕ་རོལ་ཕྱིན་ཡེ་ཤེས། །གཉིས་མེད་དེ་ནི་དེ་བཞིན་གཤེགས། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །རྗེས་སུ་ཕན་སྟོན་པ་

ཞེས་བྱ་བ་ནི་ཐེག་པ་གསུམ་སྟོན་པར་མཛད་པའོ། །ལྷག་མ་ནི་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་རྡོ་རྗེ་གསུང་འཇིག་རྟེན་མ་ལུས་པ་ཀུན་ལ་ཕན་ཞིང་ཁ་ན་མ་ཐོ་བ་མེད་པའི་དོན་གྱི་རྗེས་སུ་ཐུགས་བརྩེ་བར་མཛད་པ་སྟེ། འཇིག་རྟེན་དེ་དག་

གིས་དགོངས་ཤིང་ཕན་པའི་དོན་མཛད་པ་ལ་རྟག་ཏུ་ཡང་དག་པར་འཇུག་པ་ལ་བརྩོན་པར་མཛད་པ་དང་། རབ་དགའི་སྤྱོད་པ་སྟེ་དེ་ཁོ་ན་ཉིད་རྣམ་པར་སྤྱོད་པའི་སྤྱོད་པ་མངའ་བ་དང་། འདི་ལས་ཐམས་ཅད་བཟང་བར་འགྱུར་བས་ན་ཀུན་དུ་བཟང་པོ་སྟེ་བཟང་པོ་ཐམས་ཅད་ཀྱི་རྩ་བ་ནི་ཆོས་

ཡིན་པའི་ཕྱིར་རོ། །བདག་ལ་དགྱེས་པར་མཛོད་ཅེས་བྱ་བ་ནི་དགའ་བ་ཆེན་པོའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྗེས་སུ་འགྲོ་བའི་སེམས་ཉིད་ནི་འདོད་པ་སྟེ། ཀྱེ་རྡོ་རྗེ་འདོད་པ་སྣ་

ཚོགས་པར་སྣང་བས་ན་དམ་ཚིག་གོ། །ཡེ་ཤེས་རྣམས་ཀྱི་དམ་པར་གྱུར་པས་མཆོག་གོ། །ཡང་ན་དམ་ཚིག་ནི་ཡང་དག་པར་ཁོང་དུ་ཆུད་པའོ། །དེ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བཞུད་ཅིང་བྱོན་པའི་ཚུལ་གྱིས་འགྲོ་

བའི་དོན་མཛད་པས་འདི་ལ་དོན་ཆེན་པོ་འབྱུང་བར་འགྱུར་བས་ན་ཕན་དོན་ཆེའོ། །བདེ་བར་གཤེགས་པའི་གདུང་གི་ཐིག་ལེར་གྱུར་པས་གདུང་མཆོག་གོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རོ་གཅིག་པ་ཉིད་ཀྱིས་རྗེས་སུ་ཐུགས་བརྩེ་བར་མཛད་པས་ན་མཉམ་ཉིད་རྗེས་

เล่ม ๔๓ · หน้า 74b

བརྩེའོ། །དགའ་བ་གསུམ་བསྡུས་པར་གྱུར་པས་ན་རིན་ཆེན་མང་པོའོ། །ཡོན་ཏན་དེ་དང་ལྡན་པས་ན་ཡོན་ཏན་གཏེར་གྱུར་ཅེས་བྱའོ། །བདག་ལ་དགྱེས་པར་མཛོད་ཅེས་བྱ་བ་ནི་བཏང་སྙོམས་ཆེན་པོ་བདག་ལ་དགྱེས་པར་མཛོད་ཅིག་ཅེས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སློང་བར་

བྱེད་པ་ནི་ཚིགས་སུ་བཅད་པ་དེ་རྣམས་ཉིད་དོ། །སླར་ཡང་ཞེས་པ་ནི་ཕྱིས་དངོས་པོ་རྣམས་སྒྱུ་མ་ལྟ་བུར་ཡང་དག་པར་རིག་པ་གང་ཡིན་པ་དེས་རང་གི་སྔགས་ཀྱི་དོན་ཡི་གེ་མཾ་དུ་གྱུར་པ་སྟེ། ཞུ་བ་ཡོངས་སུ་གྱུར་པ་ལས་མཾ་གྱི་གཟུགས་སུ་གྱུར་ནས་མཾ་དེས་འགྲོ་བ་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་དུ་

བསམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞལ་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རང་གི་ས་བོན་ཡི་གེ་མཾ་དེ་ཉིད་ལས་བྱུང་བའི་མཚན་མ་མཾ་གྱིས་མཚན་པའི་རལ་གྲི་གང་ཡིན་པ་དེ་ལས་བྱུང་ཞིང་སྐྱེས་པའི་འཇམ་པའི་རྡོ་རྗེར་རང་ཉིད་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཞལ་གྱི་མཆོག་སྟེ། རྩ་

བའི་ཞལ་ནི་གུར་ཀུམ་བཟང་པོའི་མདོག་ཅན། ཞལ་གཡས་པ་སྔོ་བ། གཡོན་པ་དཀར་བ། རྒྱན་དང་ཆ་ལུགས་བྱིས་པ་གཞོན་ནུ་ལྟ་བུ་དང་། ཤེས་རབ་ཀྱི་དགའ་བ་གང་ཡིན་པ་དེས་གཅིག་ཏུ་དེ་གཉིས་པ་མེད་པ་དང་། རབ་ཏུ་མཛེས་པ་སྟེ་མཆོག་ཏུ་བདེ་བ་འཕེལ་བ་ཉིད་ཀྱི་སྐུའི་ཡན་ལག་

ཐམས་ཅད་ཡིད་དུ་འོང་བ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རང་སྣང་བའི་ཤེས་རབ་ཀྱི་མ་མཆུ་ཞལ་གྱིས་འཛིན་པར་མཛད་པ། ཕྱག་གཡས་གཉིས་ན་རལ་གྲི་དང་མདའ་བསྣམས་པ། ཕྱག་གཡོན་གཉིས་ན་ཨུཏྤལ་སྔོན་པོ་དང་གཞུ་བསྣམས་པའོ། །དོན་རྫོགས་པ་ཞེས་བྱ་བ་ནི་སངས་རྒྱས་

ལ་སོགས་པའི་ཚུལ་དུ་བསྐྱེད་པས་སོ། །དེ་ལྟར་འཇམ་པའི་རྡོ་རྗེའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་རྟོགས་པའི་རྣམ་པར་བྱང་བ་ལ་སྲིད་པ་དང་ཞི་བ་ལས་མངོན་པར་ཞེན་པ་སྤང་བའི་ཕྱིར་སྟོང་པ་ཉིད་ལ་སོ་སོར་བརྟག་པར་བྱ་བ་ཡིན་པས་དེའི་ཕྱིར་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པ་ནི་

འཁོར་བའོ། །ཞི་བ་ནི་མྱ་ངན་ལས་འདས་པའོ། །ཆགས་པ་ནི་མངོན་པར་འདོད་པའོ། །དེ་ཡང་སྲིད་པ་ལ་ཆགས་པས་ནི་སྲིད་པ་ཉིད་མཐའ་ཡས་པར་འགྱུར་ལ། ཞི་བ་ལ་ཆགས་ཤིང་ཤིན་ཏུ་དགའ་བ་གང་ཡིན་པ་བྱང་ཆུབ་སེམས་དཔའ་དེས་ནི་འབྱོར་བ་ཉམས་པ་ཐོབ་པར་འགྱུར་ཏེ། ཐེག་

เล่ม ๔๓ · หน้า 75a

པ་དམན་པར་ལྟུང་བའི་ཕྱིར་རོ། །དེ་བས་ན་སྲིད་པ་དང་ཞི་བ་གཉི་ག་སྒྱུ་མ་ལྟ་བུ་ཉིད་དུ་སོ་སོར་བརྟགས་པས་བསྙེན་པ་ཡང་དག་པར་བྱས་པ་སྟེ། བསྙེན་པའི་ཡན་ལག་མཐར་ཕྱིན་པར་བྱས་པའི་རྣལ་འབྱོར་པ་ནི་ཆགས་པ་གཉིས་དང་བྲལ་བར་ཆོས་ཀྱི་དབྱིངས་ཀྱི་བདག་

ཉིད་ཅན་དུ་གྱུར་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཅན་ཡིན་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱིན་གྱིས་བརླབ་པའི་སྔགས་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་

རང་བཞིན་ནི་ངོ་བོ་ཉིད་ཀྱིས་གནས་པ་སྟེ། གློ་བུར་བའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་བདག་ཉིད་ཅན་ནི་བདག་གོ། །དེ་ལྟར་འདི་ནི་བདག་མྱ་ངན་ལས་འདས་པར་ཡང་མཐོང་ལ། དེ་ན་སྐྱེ་བ་དང་འགག་པར་ཡང་མི་མཐོང་ངོ་། །

འདི་དག་གི་བར་གྱིས་ནི་བསྙེན་པའི་ཡན་ལག་ཆུང་ངུ་དང་རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་བསྟན་པ་ཡིན་ནོ། །དེ་ཡང་། བསྙེན་པའི་ཏིང་འཛིན་ཡང་དག་སྦྱོར། །བྱང་ཆུབ་དམ་པ་བསྒོམ་པར་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཞི་བར་བསྒྲུབ་པའི་ཡན་ལག་ཆུང་ངུ་དང་རྣམ་

པར་སྨིན་པ་ཆུང་ངུ་བཤད་པའི་ཕྱིར། བཤེས་གཉེན་དམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤེས་གཉེན་དམ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རང་གི་ངོ་བོ་ཉིད་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་དེ་ཡོངས་སུ་གྱུར་པ་ལས་འཇམ་པའི་

རྡོ་རྗེའི་སྐུ་ཐོབ་པས་བཤེས་གཉེན་དམ་པས་རྣལ་འབྱོར་པའི་བསྙེན་པའི་ཡན་ལག་ལ་རྒྱུ་མཐུན་པ་བྱས་པ་ཡིན་ལ། དེ་ནི་ཡང་དེའི་རྣམ་པར་སྨིན་པས་མངོན་པར་ཤེས་པ་དྲུག་ཉིད་ཐོབ་པར་གྱུར་པ་ཡིན་ནོ། །དེ་བས་ན་མིག་ལ་སོགས་པ་དྲུག་པོ་བྱིན་གྱིས་བརླབས་པ་དེ་ནི་ཉེ་བར་བསྒྲུབ་

པའི་ཡན་ལག་ཡིན་པར་འདོད་དེ། ཉེ་བར་བསྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་བྱིན་གྱིས་བརླབ་ཅེ་ན། །ཡི་གེ་ཀྵིཾ་ལ་སོགས་པ་རང་གི་ས་བོན་ལས་བྱུང་བའི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་

เล่ม ๔๓ · หน้า 75b

དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའི་སྐུ་མདོག་དང་ཞལ་དང་། ཕྱག་མཚན་འཁོར་ལོས་སྒྱུར་བ་དྲུག་དང་འདྲ་བ་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། རིན་པོ་ཆེའི་ཅོད་པན་ཅན་གྱིས་མིག་ལ་སོགས་པ་ཡང་དག་པར་དགང་བར་

བྱའོ། །སྒྲུབ་པའི་ཡན་ལག་ཆུང་ངུ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་འཆད་པར་འདོད་པས། སྐྱེས་བུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རྗེས་ཐོགས་ལ་སྐྱེས་བུ་བྱེད་པའི་འབྲས་བུ་གཟུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་བུ་བྱེད་པ་དེ་ཡང་གང་ཞིག་ཡིན་ཞེ་ན། ཆོས་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་གསུམ་གྱིས་བསྡུས་པའི་འགྲོ་བའི་དོན་ཉིད་ནི་སྐྱེས་བུའི་ཞེས་བྱ་བའི་དོན་ཏོ། །གང་ལས་འགྲོ་བའི་དོན་དུ་འགྱུར་བ་དེའི་དངོས་པོ་ཉིད་ཡིན་པས་ན་འགྲོ་བའི་དོན་ཉིད་དེ་འགྲོ་བའི་དོན་རྫོགས་པར་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་གསང་བ་

གསུམ་བྱིན་གྱིས་བརླབས་པ་ཙམ་ནི་སྒྲུབ་པའི་ཡན་ལག་ཏུ་འགྱུར་རོ། །དེ་ཡང་སྒྲུབ་པ་བསྐུལ་བ་ཡིན་པར་བཤད། སྔགས་ཀྱི་བདག་པོ་བསྒོམ་པའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་བྱིན་གྱིས་བརླབ་ཅེ་ན། །རང་སྙིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་སྙིང་གའི་

ཟླ་བ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་དབུས་ན་བཞུགས་པའི་ཐུགས་ཀྱི་གསང་བ་ཕྱག་ན་རྡོ་རྗེ་དང་འདྲ་བ་དང་། རང་གི་ལྐོག་མའི་ཟླ་བ་ལ་ཡི་གེ་ཨཱཿལས་བྱུང་བའི་པདྨའི་དབུས་ན་བཞུགས་པའི་གསུང་གི་གསང་བ་འཇིག་རྟེན་དབང་ཕྱུག་དང་འདྲ་བ་དང་རང་གི་སྤྱི་བོའི་ཟླ་བར་ཨོཾ་ལས་བྱུང་བའི་འཁོར་

ལོའི་དབུས་ན་སྐུའི་གསང་བའི་སའི་སྙིང་པོ་དང་འདྲ་བར་བསམ་པར་བྱའོ། །ཐུགས་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱི་ཐུགས་ཀའི་ཟླ་བའི་མཚན་མ་ལ་གནས་པའི་ས་བོན་གྱི་ཤེས་རབ་ཀྱི་ཡན་ལག་འདུས་པ་ལས་བྱུང་བའི་འོད་ཟེར་གང་ཡིན་པ་དེ་རྣམས་ལས་གཟུགས་རྡོ་རྗེ་ལ་སོགས་པ་ལྟ་

བུའི་འོད་གང་ཡིན་པ་དེ་རྣམས་ཀྱིས་སངས་རྒྱས་མ་ལུས་པ་ཡང་དག་པར་མཆོད་པའོ། །ཇི་ལྟ་བུ་ཞེ་ན། ཕྱོགས་ཀུན་ཏེ་ཕྱོགས་ཐམས་ཅད་དང་། དུས་གསུམ་ཁྱབ་པ་གང་ཡིན་པ་དེ་ཉིད་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་རྫོགས་པར་མཛད་པའི་སངས་རྒྱས་དེ་

เล่ม ๔๓ · หน้า 76a

རྣམས་ཀྱི་ཐུགས་ཀ་དང་། ལྐོག་མ་དང་དབུ་ལ་བཞུགས་པའི་ཐུགས་རྡོ་རྗེ་ལ་སོགས་པ་རྫོགས་པའི་སངས་རྒྱས་གང་ཡིན་པ་དེ་ནི་ཐམས་ཅད་ལ། རང་གི་ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབས་པའི་དོན་དུ་ཚིགས་སུ་བཅད་པ་གཉིས་གཉིས་

ཀྱིས་བསྐུལ་བར་བྱ་ཞིང་སྔགས་རེ་རེས་བྱིན་གྱིས་བརླབས་པས་བརྟན་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་དཔལ་ཏེ་དེ་དང་ལྡན་པ་ནི་དཔལ་ལྡན་ནོ། །ཐུགས་ཉིད་རྡོ་རྗེ་སྟེ་དེའི་བདག་ཉིད་ཀྱིས་འཛིན་པར་མཛད་པས་ན་རྡོ་རྗེ་ཐུགས་འཆང་བའོ། །སྐུ་དང་གསུང་དང་

ཐུགས་རྡོ་རྗེ་མི་ཕྱེད་ཅིང་རོ་གཅིག་པའི་དེ་ཁོ་ན་ཉིད་གང་ཡིན་པ་དེས་སྐྱེད་ཅིང་སྤྲུལ་པའི་ཕྱིར། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་བྱའོ། །བྱིན་གྱིས་བརླབ་པ་ནི་ལྷག་པའི་ནུས་པ་བསྐྱེད་པ་སྟེ། དེ་ཉིད་ཕུན་སུམ་ཚོགས་པའི་ཁྱད་པར་དུ་གྱུར་པས་གནས་སོ། །རྡོ་རྗེ་ཐུགས་ཀྱི་ཞེས་

བྱ་བ་ནི་བདག་གི་ཐུགས་རྡོ་རྗེ་ལའོ། །ཚིགས་སུ་བཅད་པ་འོག་མ་དག་གི་དོན་ལ་ཡང་འདི་བཞིན་དུ་རྗེས་སུ་འབྲང་བར་བྱའོ། །ཚིགས་སུ་བཅད་པ་འདི་དག་ནི་ཡན་ལག་བཞི་དང་འབྲེལ་བས་ལེའུ་བཅུ་གཉིས་པ་ལས་གསུངས་པའོ། །དེ་བས་ན་འདི་དག་ཉིད་ཀྱིས་བསྒྲུབ་པའི་ཡན་ལག་ལ་བྱིན་

གྱིས་བརླབ་པར་རིགས་པ་ཡིན་ནོ། །གཞན་དག་ནི་ལེའུ་བདུན་པ་ལས་སྐུ་དང་གསུང་དང་ཐུགས་དང་སེམས་ཅན་ལ་སོགས་པ་རྗེས་སུ་དྲན་པར་གསུངས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་འདོད་པས་དེ་སུན་དབྱུང་བའི་ཕྱིར། རྗེས་སུ་དྲན་པ་བཅུ་དྲུག་ཅེས་བྱ་བ་སྨོས་ཏེ།

རྗེས་སུ་དྲན་པ་བཅུ་དྲུག་གི་ཕྱོགས་གཅིག་ཏུ་གྱུར་པ་ནི་ཐུགས་ལ་སོགས་པ་བྱིན་གྱིས་རློབ་པ་ཡིན་ལ། ཐུགས་ལ་སོགས་པ་དེ་དག་ཉིད་ཕྲ་མོའི་རྣལ་འབྱོར་ལ་སོགས་པས་དག་པར་གྱུར་ན་རྣལ་འབྱོར་པ་དེ་བྱེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། ལེའུ་བཅོ་

བརྒྱད་པ་ལས། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་དབྱིངས་སུ་སྤྲོ་བར་བྱ། །རྗེས་སུ་དྲན་པ་གང་བསྒོམ་པ། །དེ་དང་ལྡན་ན་ཡང་དག་སྤྲོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ནི་ཞེས་པ་དེ་བས་ནའམ་དེ་ཡང་སྟེ་བྱིན་གྱིས་བརླབ་པ་འདིར་བླ་མ་རྣམས་སམ་ཁོ་བོ་ཅག་གིས་

เล่ม ๔๓ · หน้า 76b

མ་བཤད་དེ། གནས་སྐབས་མ་ཡིན་པར་སྨྲས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུ་དང་དབང་གི་འབྲས་བུའི་ཡན་ལག་ཆུང་ངུ་བསྟན་པའི་ཕྱིར། སྒྱུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པའི་ཡན་ལག་གི་ལྷག་མར་གྱུར་པ་གསང་བ་གསུམ་མཚན་

ཉིད་མེད་པ་ཉིད་དེ། དངོས་པོ་མེད་པ་ཉིད་ཡིན་པས་སྒྱུ་མ་ལྟ་བུར་བལྟའོ། །ཇི་ལྟར་བལྟ་ཞེ་ན། སྒྱུ་མའི་ཤེས་རབ་ཡན་ལག་འདུས། །ཞེས་བྱ་བ་སྨོས་ཏེ། སྒྱུ་མའི་རང་བཞིན་ཅན་གྱི་ཤེས་རབ་དེའི་ཡན་ལག་འདུས་པ་ཉིད་དོ། །དེ་བས་ན། དབང་འབྲས་ཆུང་ངུ་རྣམ་དག་ཕྱིར། །སྒྲུབ་པ་

ཆེན་པོ་ཡིན་པར་འདོད། །ཅེས་སྨོས་པ་ཡིན་ནོ། །དེ་ཉིད་ནི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐུགས་ཀར་གནས་པའི་ཐུགས་རྡོ་རྗེའི་སྟེང་གི་གནས་སུ་ཡེ་ཤེས་སེམས་དཔའ་འཇམ་པའི་རྡོ་རྗེའི་སྐུ་འདྲ་བར་བསམས་ལ། དེའི་སྙིང་པོའི་འོད་ཀྱིས་ཞེས་པ་ཐུགས་ཀའི་ཟླ་

བར་གནས་པའི་རལ་གྲིའི་མཾ་གྱི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ལ། སངས་རྒྱས་ཀྱི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པའི་རིག་མ་རྣམས་ཕྱག་གཉིས་ཀྱིས་བདུད་རྩིའི་ཆུ་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པས་

ཡོངས་སུ་གང་བའི་རིན་པོ་ཆེའི་རང་བཞིན་ཅན་གྱི་བུམ་པ་ཕྱག་གཉིས་ན་བསྣམས་པས་དང་ཞིང་མི་བསྐྱོད་པ་ལྟ་བུའི་རྣམ་པས་ཡང་དག་པར་དབང་བསྐུར་བར་གྱུར་པ་དང་། རིགས་ཀྱི་དབང་པོ་ཅོད་པན་གྱི་དམ་པར་གྱུར་པའི་དཔལ་དང་ལྡན་པ་གཙོ་བོར་གྱུར་པ་སྟེ། དབང་བསྐུར་བའི་

ཆུ་ཡོངས་སུ་གྱུར་པ་ལས་རང་གི་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཅོད་པན་གྱི་དམ་པ་རིན་པོ་ཆེའི་ཅོད་པན་ལ་མངའ་བས་དེ་ལ་དེ་སྐད་ཅེས་བྱ་སྟེ། གཙོ་བོ་ཞེས་པ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དཔལ་ལྡན་ནོ། །དེ་ཡང་། སྒྲུབ་པ་ཆེན་པོའི་དུས་སུ་

ནི། །གཙོ་བོ་སངས་རྒྱས་བདག་པོའི་སྐུ། །འདི་ནི་རྡོ་རྗེ་ཅན་ཀུན་དང་། །རྣལ་འབྱོར་མཆོག་གི་གསང་བ་ཆེ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཡེ་ཤེས་སེམས་དཔའ་དང་ལྡན་པའི་རང་གི་ལྷའི་སྐུའི་ཅོད་པན་དུ་རིགས་ཀྱི་བདག་པོའི་སྐུ་བསམས་ནས་འགྲུབ་པར་འགྱུར་རོ་

เล่ม ๔๓ · หน้า 77a

ཞེས་བྱ་བའི་དོན་ཏོ། །བསྙེན་པ་ལ་སོགས་པའི་ཡན་ལག་བར་མ་དང་། རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བར་མ་ཚིགས་སུ་བཅད་པ་ཕྱེད་ཀྱིས་བསྟན་པ་ནི། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྔར་གྱི་བཞིན་དུ་ཟླ་བའི་གདན་ལ་ཡེ་ཤེས་ཀྱི་ཟླ་བ་དང་།

དཔལ་མཆོག་དང་པོའི་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའ་དྲི་ཟ་ཉེ་བར་འཁོར་འཇུག་པ་ལ་སོགས་པའི་རིམ་པས་མཾ་ལས་བྱུང་བའི་རང་སྣང་བའི་རིམ་པ་བསམས་ལ། དེ་ལ་མིག་ལ་སོགས་པ་སྦྱང་བ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་ཡང་སྔ་མ་བཞིན་དུ་བྱའོ་

ཞེས་བྱ་བའི་དོན་ཏོ། །བསྙེན་པའི་ཡན་ལག་ཆེན་པོ་དང་རྒྱུ་མཐུན་པའི་འབྲས་བུ་ཆེན་པོར་བཤད་པའི་ཕྱིར། སྤྱི་བོའི་ལྟེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་སྤྱི་བོ་ནས་བརླ་དང་རྐང་པའི་མཐར་ཐུག་པའི་བར་དུ་སྙིང་པོས་ཞེས་བྱ་བ་ས་བོན་རྣམས་ཀྱིས་སོ། །དེ་ཡང་ཆ་རྣམ་པ་ལྔ་

ལས་ས་བོན་ལྔ་པོ་རིགས་ལྔའི་བདག་ཉིད་ཅན་རྣམས་ཀྱིས་ཕྲ་རབ་སོ་སོར་དགང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཧཱུཾ་ཨ་ཆུ་སྐྱེས་འདབ་བརྒྱད་པ། ཞེས་བྱ་བ་ནི་ཧཱུྃ་ལས་པདྨ་དམར་པོ་ཨ་ཡིས་དེའི་ལྟེ་བ་མུ་ཏིག་གི་འབྲས་བུ་དང་མདོག་མཐུན་པ་སྐྱེད་པར་བྱེད་པས་སོ། །ཡང་དག་སྦྱངས་ཞེས་བྱ་བ་

ནི་དེ་ལྟར་ཡང་དག་པར་རྣམ་པར་སྦྱངས་པ་དེས་རྗེས་སུ་མཉེས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཧཱུྃ་གིས་ནི་རྡོ་རྗེ་མཆོག་བསྐྱེད་པར་བྱ་ལ། ཨོཾ་ལས་ནི་ནོར་བུར་སྤྲུལ་ལ། ནོར་བུ་གཉིས་ཀྱི་བར་དུ་ཡི་གེ་ཕཊ་དང་ལྡན་པར་བྱའོ་ཞེས་ཀྱང་བལྟ་བར་བྱའོ། །དེ་ཡང་ལེའུ་བདུན་པ་ལས། ཡི་གེ་ཧཱུྃ་

དང་ཨོཾ་དག་དང་། །ཕཊ་ཀྱང་རབ་ཏུ་བསྒོམ་པར་བྱ། །འོད་ཟེར་རྣམ་ལྔས་ཁྱབ་པ་ཡིས། །པདྨ་རྡོ་རྗེ་བསྒོམ་པར་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གཞུག་ཅེས་བྱ་བ་ནི་ཁར་ཆུད་པར་བྱའོ། །སེམས་མཆོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེའི་པད་མཐར་གནས་

ཞེས་བྱ་བ་ནི་དང་པོར་རྡོ་རྗེའི་ནོར་བུར་རོ། །ཕྱི་ནས་ནི་ཆུ་སྐྱེས་ཀྱི་ནོར་བུར་རོ། །རྒྱལ་བའི་འཁོར་ལོར་ཞེས་བྱ་བ་ནི་ཕྱིའི་འཁོར་ལོ་དང་འདྲ་བར་རོ། །དེ་ལྟ་མོད་ཀྱི་གཙོ་བོ་ནི་མི་བསྐྱོད་པ་ཡིན་ནོ། །རང་གི་ས་བོན་ནི་ཡི་གེ་མཾ་ངོ་། །བརྟན་པར་བྱས་པ་ནི་སེམས་ཀྱིས་སོ། །འགྲོ་བའི་མི་ཤེས་

เล่ม ๔๓ · หน้า 77b

དག་བྱའི་ཕྱིར། །ཞེས་བྱ་བ་ནི་འཁོར་ལོས་རང་གི་ཡེ་ཤེས་དང་ཆ་འདྲ་བར་བྱས་པས་སོ། །ཁྱད་པར་གྱིས་བཤད་པ་ལ་འཁོར་ལོའི་བདག་པོ་ནི་མི་བསྐྱོད་པའོ། །དེ་ཡང་སྐུ་མདོག་ནོར་བུ་ཨིནྡྲ་ནཱི་ལའི་མདོག་ཅན་ནོ། །དེ་ཉིད་ཀྱིས་ན་ཞལ་དང་པོ་སྔོ་བ། ཞལ་གཡས་པ་དཀར་བ། གཡོན་པ་དམར་

བ། དཔལ་མཆོག་དང་པོའི་ཕྱག་དང་འདྲ་བར་རྡོ་རྗེ་དང་། རལ་གྲི་དང་། ནོར་བུ་དང་། པདྨ་བསྣམས་པར་ལྡན་པ་ཡིན་པ་ལས་འདིའི་རྡོ་རྗེ་ནི་སྔོ་ཞིང་ཁ་ཅུང་ཟད་གྱེས་པའོ། །མི་བསྐྱོད་པ་ནི་ཟད་པ་ཤེས་པའི་རང་བཞིན་ཡིན་པར་བཤད་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་རྩ་བ་ནས་འབྱིན་

པ་ནི་འདིར་ཞེ་སྡང་ཆེན་པོའོ། །དེ་ཉིད་ནི་དོན་ཏོ། །དེ་ལྟར་ཞེ་སྡང་དང་ལྡན་པའི་འཇིག་རྟེན་ཕྲིན་ལས་འདི་ཉིད་ཀྱིས་འདུལ་བའི་ཕྱིར་བཛྲ་དྷྲྀཀ་ཅེས་བྱ་བས་ཡང་དག་པར་བསྐུལ་ལ། སྤྲོས་པའི་ཚུལ་གྱིས་ཏིལ་གྱི་གང་བུ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་ཡིད་ཀྱིས་ཕྱུང་

ལ་བྱ་བ་བྱས་ནས་གོང་བུའི་ཚུལ་གྱིས་བསྡུས་ཏེ་མི་བསྐྱོད་པ་གཅིག་ཏུ་བྱས་ལ་བདག་ཉིད་འཇམ་པའི་རྡོ་རྗེར་གྱུར་པ་ལ་གཞུག་པར་བྱའོ། །དངོས་པོ་ཀུན་གྱིས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དང་སྐུ་དང་གསུང་ལ་སོགས་པའི་ནང་དུ་ཆུད་པར་བསྒོམ་པར་བྱ་བའོ། །རྣམ་པར་སྣང་མཛད་

ཀྱི་དབང་དུ་བྱས་ནས་བཤད་པ་ནི་ཛིན་ཛིཀ་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཛིན་ཛིཀ་གིས་ཞེས་བྱ་བའི་སྔགས་འདིས་ཡང་དག་པར་བསྐུལ་ལ་སྤྲོས་ཏེ་བསྡུས་ལ་དེ་བཞིན་དུ་ཞེས་མི་བསྐྱོད་པ་དང་འདྲ་བར་རོ། །དང་པོ་འདྲ་ཞེས་བྱ་བ་ནི་སྐུ་དང་ཞལ་དང་སྐུ་མདོག་དཔལ་མཆོག་དང་

པོ་དང་འདྲ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྱིར་དང་། དེའི་རྣམ་པ་མ་ཡིན་པའི་ཕྱིར་གཏི་མུག་ཆེན་པོའོ། །དཔལ་མཆོག་དང་པོའི་ཕྱག་དང་འདྲའོ་ཞེས་བྱ་བའི་དབང་དུ་བྱས་པ་དེ་དགག་པའི་ཕྱིར་འཁོར་ལོ་བཟང་སོགས་ལྡན་ཞེས་བྱ་བ་

སྨོས་སོ། །དེའི་དོན་ནི་འདི་ཡིན་ཏེ་རྩ་བའི་ཕྱག་ན་ནི་འཁོར་ལོ་བསྣམས་ལ་ལྷག་མ་རྣམས་ནི་དཔལ་མཆོག་དང་པོ་དང་འདྲ་བའོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །རིན་ཆེན་དབང་ནི་རིན་ཆེན་འབྱུང་ལྡན་ནོ། །མཉམ་ཉིད་བརྩོན་འགྲུས་ཅན་ཞེས་བྱ་

เล่ม ๔๓ · หน้า 78a

བ་ལ། མཉམ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། སེམས་ཅན་ཐམས་ཅད་ལ་མཉམ་པ་ཁོ་ནར་བརྩོན་པའི་ཕྲིན་ལས་ཀྱིས་འཇིག་རྟེན་རྣམས་ལ་འཇུག་པར་མཛད་པས་ན་མཉམ་ཉིད་བརྩོན་འགྲུས་ཅན་ཞེས་བྱའོ། །གཞོན་ནུའི་ཞལ་འདྲ་ཞེས་བྱ་བ་ནི་

གཡས་སྔོ་ལ་གཡོན་དཀར་བའོ། །ལྷོ་ཕྱོགས་སུ་ཞེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་གདན་ལའོ། །རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཕྱག་ན་གོ་རིམས་ཇི་བཞིན་དུ་རིན་པོ་ཆེ་དང་པདྨ་དང་རལ་གྲིའོ། །གོ་བརྗེ་བའི་གནས་སུ་ནི་མཚན་མ་འཁོར་ལོ་ཡིན་ནོ། །དེ་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་

ལ་སོགས་པའི་རྩ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པས་མེ་ལོང་ལྟ་བུའི་མཚན་མ་སྤྱིར་གྲུབ་པ་ཡིན་ནོ། །མེ་ལོང་ལྟ་བུ་ལ་སོགས་པའི་རྩ་བ་ཆོས་ཀྱི་དབྱིངས་མ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟར་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མཚན་མ་གཅིག་པོ་དེའི་བདག་ཉིད་ཅན་རྩ་བའི་ཕྱག་གཉིས་ཀྱིས་འཁྱུད་པ་ཐམས་ཅད་ལ་

ཡོད་པ་ཡིན་ནོ། །གསུང་དབང་པོ་ནི་འོད་དཔག་ཏུ་མེད་པའོ། །ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་སོ་སོར་རྟོག་པའི་ཡེ་ཤེས་ནི་འདོད་ཆགས་ཆེན་པོའོ། །པདྨ་རཱ་ག་ནི་རིན་པོ་ཆེ་སྟེ། དེ་དང་འདྲ་བའི་མཚན་མ་ཕྱག་མཚན་དང་པོ་ན་མངའ་བ་གང་ཡིན་པ་དེ་ནི། པདྨ་རཱ་གའི་མདོག་པད་

སོགས། །ཞེས་བྱའོ། །ནུབ་ཕྱོགས་སུ་ཞེས་བྱ་བ་ནི་ནུབ་ཕྱོགས་ཀྱི་གདན་ལའོ། །དོན་ཡོད་དབང་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །གཏུམ་པོ་ཆེན་པོ་ནི་ཤིན་ཏུ་དྲག་པོའི་ཕྲག་དོག་སྟེ་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །ཇི་ལྟར་ན་དེ་ཕྲག་དོག་ཡིན་ཞེ་ན། འགྲོ་བས་ན་ཕྲག་དོག་སྟེ།

སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྤྲུལ་པ་རྣམས་གཅིག་པར་འགྱེད་པའི་ཕྱིར་རོ། །བཻ་ཌཱུརྱར་སྣང་ཞེས་བྱ་བ་ནི་མརྒད་ཀྱི་མདོག་ཅན་ནོ། །བྱང་དུ་ཞེས་བྱ་བ་ནི་བྱང་ཕྱོགས་ཀྱི་གདན་ལའོ། །ཀུན་ཀྱང་ཞེས་བྱ་བ་ནི་གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །པདྨ་

ཉི་དཀྱིལ་ཞེས་བྱ་བ་ནི་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལའོ། །རྣམ་པར་སྣང་མཛད་ཀྱི་ནི་ཟླ་དཀྱིལ་ཞེས་སྔར་བཤད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་བསལ་བར་འདོད་པ་ནི་སྙིང་རྗེའོ། །བསོད་ནམས་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་

เล่ม ๔๓ · หน้า 78b

བསྔོ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་གཉིས་ཀྱིས་ནི་འགྲོ་བའི་དོན་རྩོལ་བའོ། །སྐུ་དང་དབང་ནི་རྣམ་པར་སྣང་མཛད་དོ། །དེ་བས་ཉེ་བར་བསྡུས་པ་ནི་བྱམས་པའོ། །སྐྱེ་བ་ཐམས་ཅད་དུ་རྟག་ཏུ་བྱང་ཆུབ་ཀྱི་སྤྱོད་པ་དང་ཀུན་དུ་མཐུན་པར་སྨོན་པར་བྱེད་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།

གཉིས་པོ་དེ་དག་ནི་འདོད་པར་བྱ་བ་ཡིན་པས་འདོད་པའོ། །ཐུགས་ཀྱི་དབང་པོ་ནི་མི་བསྐྱོད་པའོ། །བདེ་བ་དང་མི་འབྲལ་བར་དགའ་བའི་བསམ་པ་ནི་དགའ་བའོ། །སྐྱེ་བ་ཐམས་ཅད་དུ་རྟག་ཏུ་བྱང་ཆུབ་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པར་འབད་པའི་སྟོབས་དང་། བསླབ་པའི་སྟོབས་ནི་

སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཏིང་ངེ་འཛིན་ནི་སེམས་བརྟན་པའོ། །དོན་ནི་ནོར་རོ། །དག་པ་ནི་ཁ་ན་མ་ཐོ་བ་མེད་ཅིང་འབྲས་བུ་བརྟན་པའོ། །དེ་ལྟ་བུའི་བསམ་པ་དང་ལྡན་པས་ན་བསམ་པའི་དོན་དག་ཅེས་བྱ་སྟེ། མཛོད་ཆེན་པོ་དང་ལྡན་པ་ཞེས་གསུངས་པའི་ཕྱིར་རོ། །ཕན་པས་བསྡུས་

པའི་བསམ་པ་ནི་བཏང་སྙོམས་སོ། །ཆོས་ཐམས་ཅད་དགོངས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་གཉིས་འགྲུབ་པར་བྱེད་པའོ། །ལྷག་མ་ནི་ལྷག་མར་གྱུར་པ་སྟེ། རལ་གྲི་ལ་སོགས་པའོ། །རང་བདག་ལྟ་བུར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་།

མི་བསྐྱོད་པ་དང་། གསུང་གི་དབང་པོ་དང་། དོན་ཡོད་པར་གྲུབ་པ་དང་འདྲ་བའོ། །བསྟན་པ་ནི་བཤད་པའོ། །གཟུགས་སོགས་པ་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ། །མེ་ལོང་སོགས་རྣམས་ཞེས་བྱ་བ་ནི་མེ་ལོང་དང་། པི་ཝང་དང་།

དྲིའི་དུང་ཆོས་དང་། རོའི་སྣོད་དང་། གོས་སྣ་ཚོགས་དང་། ཆོས་འབྱུང་བ་ནི་རྩ་བའི་ཕྱག་མཚན་ནོ། །སྐུ་སོགས་ཞེས་བྱ་བ་ནི་སྐུ་མདོག་དང་། ཞལ་དང་ཕྱག་མཚན་གཞན་ནི་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོས་སྒྱུར་བ་དྲུག་པོ་དང་འདྲ་བའོ། །དེ་ཉིད་གསུམ་གྱིས་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་

འདིས་ཡང་དག་པར་བསྐུལ་ལ་གདོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲུག་པོ་འདི་དག་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་ཉིད་ཡིན་ནོ་ཞེས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་འོག་ནས་འཆད་པ་ལས་བསྟན་ཏོ། །ལྷ་མོ་བཅུ་པོ་འདི་དག་ཀྱང་ཟླ་བའི་གདན་དང་རིན་པོ་ཆེའི་ཅོད་

เล่ม ๔๓ · หน้า 79a

པན་ཅན་རང་གི་ཐབས་ལ་འཁྱུད་པའོ། །ཡམས་འཇོམས་ཞེས་བྱ་བ་ནི་སྤྱིའི་ཉེ་བར་འཚེ་བ་འཇོམས་པ་སྟེ། ཕུང་པོའི་བདུད་དང་། ཤེས་བྱའི་སྒྲིབ་པ་འཇོམས་པའི་ཕྱིར་རོ། །ཁྲོ་བོའི་སྐྱིལ་མོས་གནས་ཞེས་བྱ་བའི་ཚིག་ནི་ཁྲོ་བོ་ཐམས་ཅད་ཀྱི་སྤྱིའི་ཡིན་ཏེ། གཡོན་བརྐྱང་

བས་ཞེས་བྱ་བའི་དོན་ཏོ། །རབ་འབར་ཞེས་བྱ་བ་ནི་དྲག་པོའི་ལྟ་བས་སོ། །སྲེད་འཇོམས་ཞེས་བྱ་བ་ནི་སྲིད་པའི་སྲེད་པ་འཇོམས་པ་སྟེ། འདིས་ཉོན་མོངས་པའི་སྒྲིབ་པ་ཅན་གྱི་ཉོན་མོངས་པའི་བདུད་དང་། བདག་ཏུ་ལྟ་བ་འཇོམས་པའི་ཕྱིར་རོ། །འདོད་འཇོམས་ཞེས་བྱ་བ་ནི་མྱ་ངན་ལས་འདས་

པར་སྲེད་པ་འཇོམས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་དགྱེས་པའི་ཕྱིར་རོ། །དྲག་པོའི་ཧཱུཾ་གིས་མགུར་གྱི་ཕྱོགས་འགེངས་པས་ན་གཏུམ་ཞིང་སྒྲ་ཟབ་ཅེས་བྱའོ། །བྱ་བ་ལྷ་ཡི་བདུད་དག་ཉིད། །ཅེས་བྱ་བ་ནི་ལས་ཀྱི་སྒྲིབ་པ་དང་ལྷའི་བུའི་བདུད་བཅོམ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་

བགེགས་ཀྱི་མཆོག་འཇོམས་པའོ། །འདི་རྣམས་ཞེས་བྱ་བ་ནི་ཁྲོ་བོ་བཞི་པོ་འདི་དག་སྨིན་མ་གཉིས་འདེགས་པའོ། །ཡང་འདི་དག་དབུ་སྐྲ་གྱེན་དུ་འབར་བ་དང་། སྨ་ར་དང་། སྨིན་མ་དང་། སྤྱན་དག་དམར་སེར་དུ་འདུག་པ་ཡིན་པས་ན། སྨིན་འདེགས་དབུ་སྐྲ་གྱེན་དུ་འབར། །སྨ་ར་སྨིན་

མ་སྤྱན་དམར་སེར། །ཞེས་བྱའོ། །ཞལ་གདངས་ཞེས་བྱ་བ་ནི་ཞལ་རྣམ་པར་ཕྱེ་བའོ། །ཡང་འདི་རྣམས་ཀྱི་རྩ་བའི་ཕྱག་མཚན་ནི་ཐོ་བ་དང་། དབྱིག་པ་དང་། པདྨ་དང་། རྡོ་རྗེ་ཁ་གྱེན་དུ་གྱེས་པའོ། །ལྷག་མ་ནི་རལ་གྲི་ལ་སོགས་པའོ། །ཡང་འདི་རྣམས་ཁྲོས་པའི་སྦྲུལ་གདུག་པས་སྐུ་ལ་

བརྒྱན་པ་དང་། ཡན་ལག་འདུས་ཞེས་བྱ་བ་འཁྱུད་པས་གནས་པ་ཡིན་ནོ། །དཀྱིལ་འཁོར་པ་ཐམས་ཅད་ནི་བདག་པོ་ལ་མངོན་པར་ཕྱོགས་པའོ། །ཀུན་ནས་ཞེས་བྱ་བ་ནི་རང་རང་གི་གནས་སུའོ། །རང་གི་དངོས་པོ་ཡིས་ཞེས་བྱ་བ་ནི་རང་རང་གི་ཚུལ་གྱིས་སོ། །སྙིང་པོའི་ས་བོན་གྱི་

འོད་ཉིད་ལྕགས་ཀྱུ་ཡིན་ཏེ། འགུགས་པར་བྱེད་པའི་ཕྱིར་རོ། །དེས་འཇམ་པའི་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚུལ་ཀུན་ནས་བསྡུས་ཤིང་སྤྱན་དྲངས་ལ། སངས་རྒྱས་མདུན་ན་བཞུགས་པ་མཐོང་བ་དང་འདྲ་བར་བསམས་ཏེ། དེ་དང་ལྷན་ཅིག་འོངས་པའི་བགེགས་གཤིན་རྗེ་གཤེད་

เล่ม ๔๓ · หน้า 79b

ལ་སོགས་པས་ཀུན་དུ་བསྐྲད་ལ། ཡང་སླར་དེ་དག་མི་འཇུག་པར་བྱ་བའི་ཕྱིར་དེ་རྣམས་ཉིད་ཀྱིས་དཀྱིལ་འཁོར་མངོན་པར་བསྲུངས་ཏེ། དེ་རྣམས་ལ་ཟླ་བ་ལ་སོགས་པ་དང་། མེ་ཏོག་ལ་སོགས་པ་དང་ཡང་ལྡན་པའི་མཆོད་ཡོན་འཇམ་པའི་རྡོ་རྗེའི་སྔགས་བཟླས་པ་ཕུལ་ལ། ཡེ་ཤེས་ཀྱི་འཁོར་ལོ་

(ད་‚དེ་)རང་གི་འཁོར་ལོ་ལ་གཞུག་ཅིང་ནང་དུ་ཆུད་པར་བསམ་མོ་ཞེས་སྦྱར་རོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། སའི་སྙིང་པོ་ལ་སོགས་པ་དང་སྐུ་རྡོ་རྗེ་ལ་སོགས་པས་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། །སྔོན་བཞིན་ཞེས་བྱ་བ་ནི་ནུ་མའི་བར་དུ་ཡེ་ཤེས་སེམས་དཔའ་རྣམ་པར་བསམས་ལ། རང་གི་

ཡེ་ཤེས་སེམས་དཔའ་སྙིང་པོའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ལ་དེའི་སྙིང་པོའི་འོད་ཟེར་ལས་བྱུང་བའི་རིག་པའི་ཚོགས་རྣམས་རིན་པོ་ཆེའི་བུམ་པའི་ཆུ་བླུགས་པས་དེ་རྣམས་ལ་དབང་བསྐུར་བར་བསམ་པར་བྱའོ། །འདི་དག་གིས་ཅིར་འགྱུར་ཞེ་ན། རྒྱུ་མཐུན་

པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་ལ་སོགས་པའི་འབྲས་བུ་ཆེན་པོ་དང་། བསྙེན་པ་དང་། ཉེ་བར་སྒྲུབ་པ་ལ་སོགས་པའི་ཡན་ལག་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ། སྙིང་ཟླའི་རལ་གྲིའི་སྙིང་པོའི་འོད། །ཅེས་བྱ་བ་ནས་བརྩམས་ཏེ།

འཁོར་ལོ་དེ་འཁོར་ལོ་ལ་གཞུག་ཅེས་བྱ་བའི་བར་གྱིས་ནི་བསྙེན་པའི་ཡན་ལག་ཆེན་པོ་དང་། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་བསྟན་པ་ཡིན་ནོ། །ཅིག་ཤོས་གཉིས་གཉིས་ནི་དཀྱིལ་འཁོར་པའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལས་

སོ། །དབང་བསྐུར་བ་ཡོངས་སུ་གྱུར་པས་ཅོད་པན་དུ་འཁོར་ལོས་སྒྱུར་བས་བྱིན་གྱིས་བརླབ་པའི་ཕྱིར་དབང་བསྐུར་བའི་མཐར་ཐུག་པ་ཡིན་ལ། དེར་གང་གི་ཅོད་པན་དུ་གང་ཞིག་བཞུགས་པ་དེ་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒོ་བ་རྣམས་ཞེས་བྱ་བ་ནི་སྒོ་སྲུང་སྟེ་

དེས་དབང་བསྐུར་རོ་ཞེས་སྦྱར་རོ། །མི་བསྐྱོད་པའི་ཅོད་པན་ལ་ནི་རྡོ་རྗེ་སེམས་དཔའོ། །དེའི་ཅོད་པན་ལ་ནི་མི་བསྐྱོད་པའོ། །ཞེས་བཤད་དོ། །དེ་ལྟར་དབང་བསྐུར་ཞེས་བྱ་བ་ནི་ཚུལ་དེ་ལྟར་དབང་བསྐུར་བར་གྱུར་ནས། གཞུག་ཅེས་བྱ་བ་ནི་རང་གི་ཁ་ནས་བཅུག་སྟེ་ཞུ་བར་གྱུར་པ་དང་། ཞུ་

เล่ม ๔๓ · หน้า 80a

བ་དེ་ཉིད་ལས་ཤེས་རབ་ཀྱི་བ་སྤུའི་བུ་གར་གནས་པའི་གཟུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་ཅན་གྱི་འོད་ཟེར་གཞལ་ཡས་ཁང་གི་འོད་ལས་འདས་ནས་ཞེས་བྱ་བ་ནི་འདིར་ཕྱིའི་གཟུགས་ལ་སོགས་པ་ཞེས་བྱ་བ་ནི་ལྷག་མའོ། །མཆོད་དང་མཆོད་པའི་བདག་ཅན་གྱུར། །

ཞེས་བྱ་བས་ནི་ང་རྒྱལ་བཤད་པ་ཡིན་ནོ། །ཆོས་རྣམས་ཀུན་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱིས་སོ། །བསྟོད་ཅེས་བྱ་བ་ནི་བསྟོད་པ་བྱེད་དུ་གཞུག་པའོ། །རང་གི་བདག་ཉིད་རྫོགས་སངས་སྐུས། །ཞེས་བྱ་བ་ལ་རང་གི་ཞེས་བྱ་བ་ནི་བདག་པོའིའོ། །བདག་ཉིད་སྐུས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་

སྐུས་ཏེ། རང་གི་བདག་ཉིད་ཀྱི་གཟུགས་རྫོགས་པའི་སངས་རྒྱས་ཀྱི་སྐུར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་དེ་བཞིན་ཉིད་དང་སེམས་ཙམ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ལ། དེ་ཡང་དཀྱིལ་འཁོར་གྱི་བདག་པོ་ཉིད་ཡིན་ཏེ། དེ་བས་ན་ཐམས་

ཅད་ནི་བདག་ཉིད་ཡིན་ནོ་ཞེས་བྱ་བ་དང་སེམས་ཙམ་ཉིད་ཡིན་ནོ་ཞེས་བྱ་བ་དང་། ཐམས་ཅད་རྡོ་རྗེ་འཆང་བ་ཉིད་ཡིན་ནོ་ཞེས་བྱ་བའམ། འཇམ་པའི་རྡོ་རྗེ་ཉིད་ཡིན་ནོ་ཞེས་བྱ་བའི་ཚུལ་དེས་ཆོས་ཐམས་ཅད་ལན་ཅིག་གིས་མཐོང་བར་ནུས་པ་ཡིན་ནོ། །དེའི་ཕྱིར་རང་གི་བདག་ཉིད་སྐུས། །

ཞེས་བྱ་བ་འདི་ཙམ་ཞིག་སྨོས་པར་རིགས་ཀྱི། རང་གི་བདག་ཉིད་རྫོགས་སངས་རྒྱས། །ཞེས་བྱ་བ་འདི་ནི་མི་རིགས་སོ། །དེ་ཡང་སངས་རྒྱས་རྣམས་ནི་ཁྱད་པར་གྱི་མཚན་ཉིད་ཅན་ཡིན་ལ། དེ་ཡང་ལྔ་པོ་ཡིན་ན་དེ་རྣམས་ཀྱི་མཐའ་ཡས་པའི་ཆོས་རྣམས་རྣམ་པར་ཕྱེ་བར་མཐོང་བར་ཇི་ལྟར་

ནུས་ཤེ་ན། དེའི་ཕྱིར། ཡེ་ཤེས་ལྔ་དང་ཕྱག་རྒྱ་དང་། །རིགས་བརྒྱ་ལྔ་དང་གསུམ་གྱིས་སོ། །ཞེས་བྱ་བ་སྨོས་ཏེ། འདི་ནི་ཆོས་ཐམས་ཅད་ནི་སེམས་ཙམ་ཡིན་ལ། སེམས་ཅན་རྣམས་ནི་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཅན་ཡིན་ཞིང་། སེམས་ཅན་ཡང་དེ་བཞིན་གཤེགས་པའི་

སྙིང་པོ་ཅན་ཡིན་པས་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་བསྡུས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་ཐོག་མ་དང་ཐ་མ་མེད་པ་ཡིན་ལ། དེ་ཡང་ཆོས་ཉིད་ཀྱི་སྐུས་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པས་ན་གློ་བུར་བའི་སྒྲིབ་པའི་དྲི་མ་ཙམ་རྣམ་པར་དག་པར་གྱུར་ནས་

เล่ม ๔๓ · หน้า 80b

རང་རང་གི་ངོ་བོར་གནས་པར་གྱུར་པ་ན་ཡེ་ཤེས་ལྔ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བ་འཐོབ་པར་འགྱུར་རོ། །དེ་ལྟར་ན་སྔར་ནི་ས་བོན་ཞེས་བྱ་བ་ཉིད་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ས་བོན་དུ་གྱུར་པས་རིགས་དང་རྒྱུད་ཅེས་ཀྱང་བཤད་དོ། །ཕྱག་རྒྱ་ཞེས་བྱ་བ་ནི་

ཕྱག་རྒྱའི་དབྱེ་བས། རིགས་བརྒྱ་དང་། རིགས་ལྔ་དང་། རིགས་གསུམ་དུ་བཤད་དོ། །དེའི་དོན་ནི་འདི་ཡིན་ཏེ། ཆོས་རྣམས་མཐའ་ཡས་པ་ཡིན་མོད་ཀྱི། འོན་ཀྱང་ཕྱག་རྒྱ་བརྒྱ་འམ། ཕྱག་རྒྱ་ལྔ་འམ་ཕྱག་རྒྱ་གསུམ་གྱིས་ཉེ་བར་མཚོན་པ་ཉིད་ཀྱིས་ཕྱག་རྒྱ་ཉི་ཤུས་རྒྱས་བཏབ་པས་

ཁྱད་པར་གྱི་མཚན་ཉིད་ཅན་གྱི་སངས་རྒྱས་རྣམས་ཀྱི་རང་བཞིན་མཐོང་བར་ནུས་པ་ཡིན་ནོ། །ཇི་ལྟར་ན་རིགས་གསུམ་ཡིན་ཞེ་ན། ང་རྒྱལ་དང་ཕྲག་དོག་གཉིས་ནི་ཤེས་རབ་ཀྱི་རང་བཞིན་འདོད་ཆགས་ཀྱི་རིགས་ཀྱི་ནང་དུ་འདུས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་རིགས་བརྒྱར་འགྱུར་ཞེ་ན། ཕུང་

པོ་དང་སྐྱེ་མཆེད་དང་ཁམས་ཀྱི་ཕྱག་རྒྱ་རྣམས་རེ་རེ་ཞིང་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། སྣ་ཚོགས་པའི་ཚུལ་གྱི་དབྱེ་བ་རྣམ་པ་ལྔ་ལྔར་ཕྱེ་བས་སོ། །ཇི་ལྟར་ཕྱག་རྒྱ་ཉི་ཤུ་ཡིན་ཞེ་ན་ལེའུ་བཅོ་བརྒྱད་པ་ལས། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཕྱག་རྒྱ་ཡིས་

ནི་རྒྱས་གདབ་པོ། །ཞེས་བྱ་བ་དང་། ཡང་། གང་ཞིག་གཟུགས་དང་ཚོར་དང་འདུ་ཤེས་འདུ་བྱེད་དང་། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །ཞེས་ཇི་སྐད་

བཤད་པ་ལྟ་བུའོ། །གླེང་གཞི་ལས་ཀྱང་། ཕྱག་རྒྱ་འདི་དག་ཁོ་ན་ཙམ་བཤད་དེ། །བྱང་ཆུབ་སེམས་དཔའ་དམ་ཚིག་རྡོ་རྗེ་དང་། །ཞེས་པ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་རྡོ་རྗེ་གདོན་མི་ཟ། །ཞེས་བྱ་བའི་བར་དུ་གསུངས་པ་དང་། ལེའུ་བཅུ་བདུན་པ་ལས་ཀྱང་། །ཕུང་པོ་ལྔ་ནི་མདོར་

བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ། །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ཡི་ཁམས་ནི་གོས་དཀར་མོ། །སྒྲོལ་མ་རླུང་དུ་རབ་ཏུ་གྲགས། །མཁའ་དབྱིངས་དམ་ཚིག་དེ་

เล่ม ๔๓ · หน้า 81a

ཉིད་ནི། །རྡོ་རྗེ་འཛིན་པ་ཉིད་དུ་དྲན། །གཟུགས་ཚོར་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྣམ་པར་བསྒོམ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་བས་ན་ཆོས་ཇི་སྙེད་པ་དེ་རྣམས་ནི་རིགས་ལྔའི་དབྱེ་བ་ཉིད་ཡིན་པས་རིགས་བརྒྱའོ། །ལ་ལ་ན་རེ་བརྒྱའི་སྒྲ་ནི་ཉེ་བར་

མཚོན་པ་ཙམ་ཡིན་པའི་ཕྱིར་སངས་རྒྱས་ལྔ་པོ་ནི་དབྱེ་བ་སྣ་ཚོགས་པའི་རང་བཞིན་ཅན་གྱི་ཆོས་ཐམས་ཅད་ཡིན་པས་ན་དེ་ལྟ་བུའི་ཚུལ་དེ་ཡིད་ལ་བྱས་ནས་དེ་རྣམས་ཀྱི་ཞེས་བརྗོད་པར་བྱའོ། །ཡང་ན་དཀྱིལ་འཁོར་གྱི་བདག་པོ་ནི་བསྟོད་པར་བྱ་བ་ཉིད་ཡིན་ལ། དཀྱིལ་འཁོར་པ་རྣམས་

ནི་སྟོད་པར་བྱེད་པར་རིགས་པ་ཡིན་ན། ཆོས་རྣམས་ཀུན་གྱི་འཁོར་ལོར་བསྟོད། །ཅེས་བྱ་བ་ཅིའི་ཕྱིར་བརྗོད་ཅེ་ན། དེའི་ཕྱིར། རང་གི་བདག་ཉིད་རྫོགས་སངས་སྐུས། །ཞེས་བྱ་བ་སྨོས་ཏེ། རྫོགས་སངས་སྐུས་ཞེས་བྱ་བ་གཙོ་བོར་བསྟན་པས་དཀྱིལ་འཁོར་པ་ཐམས་ཅད་གཟུང་

ངོ་། །རང་གི་བདག་ཉིད་ཅེས་བྱ་བ་ནི་བདག་པོའི་བདག་ཉིད་དེ་དཀྱིལ་འཁོར་པ་དང་དཀྱིལ་འཁོར་གྱི་བདག་པོའི་སྐུ་འདི་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་བདག་པོ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ལ། དཀྱིལ་འཁོར་པ་ནི་ཁྱད་པར་གྱི་མཚན་ཉིད་ཡིན་ནོ། །

དེ་བས་ན་བདག་པོ་བསྟོད་པས་དཀྱིལ་འཁོར་པ་ཡང་བསྟོད་པ་ཡིན་ཏེ། དབྱེ་བ་མེད་པའི་ཕྱིར་རོ། །དཀྱིལ་འཁོར་པ་ཐམས་ཅད་ཀྱི་བསྟོད་པར་གྱུར་པས་ན་ཆོས་ཐམས་ཅད་ཀྱི་བསྟོད་པར་གྱུར་པ་ཡིན་ནོ། །མི་བསྐྱོད་པ་ལ་སོགས་པའི་མཚན་སྨོས་པ་ཉིད་ཀྱིས་བསྟོད་པ་ནི་འདི་རྣམས་ཁོ་ན་

ཡིན་གྱི། དཀྱིལ་འཁོར་གྱི་བདག་པོའི་ཡང་མ་ཡིན་ལ་དཀྱིལ་འཁོར་པ་རྣམས་ཀྱི་ཡང་མ་ཡིན་ནོ་ཞེ་ན། ཡེ་ཤེས་ལྔ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ཡེ་ཤེས་ལྔ་པོ་ཉིད་ཕྱག་རྒྱའི་དབྱེ་བས་རིགས་བརྒྱ་དང་། རིགས་ལྔ་དང་། རིགས་གསུམ་དུ་

འགྱུར་བ་ཡིན་ལ་རྡོ་རྗེ་སེམས་དཔའི་བདག་ཉིད་ནི་དཀྱིལ་འཁོར་གྱི་བདག་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་གྲགས་པ་ཉིད་ཡིན་ནོ། །དེ་བས་ན་རིགས་ལྔའི་བདག་ཉིད་དང་རྡོ་རྗེ་འཆང་བའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་བསྟོད་པ་འདི་ནི་དཀྱིལ་འཁོར་གྱི་བདག་པོའི་བསྟོད་པ་ཡིན་ལ། དེའི་ཡིན་པ་

เล่ม ๔๓ · หน้า 81b

དང་དཀྱིལ་འཁོར་པའི་ཡང་ཡིན་ཏེ་དབྱེ་བ་མེད་པའི་ཕྱིར་རོ། །དེ་བས་ན་མི་རིགས་པ་མེད་དོ། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་འདི་ལེའུ་བཅུ་བདུན་པ་ལས་གསོལ་བ་འདེབས་པར་གསུངས་པ་ཡིན་མོད་ཀྱི། འོན་ཀྱང་ཕྱག་འཚལ་བ་དང་ལྡན་པ་དང་། དེ་བཞིན་དུ་ལྔ་པོ་འདི་

དག་གཙོ་ཆེར་བསྟོད་པའི་ཚིག་ཡིན་པའི་ཕྱིར་ཏེ། དེ་ཡང་ཚིགས་སུ་བཅད་པ་དྲུག་པ་ལས། སངས་རྒྱས་ཀུན་གྱི་བསྐུལ་བ་ཡི། །བསྟོད་ཚིག་བཞི་པ་འདི་རྣམས་ཀྱིས། །རྡོ་རྗེ་ལོངས་སྤྱོད་བསྟོད་ན་ནི། །དེ་ཡང་སངས་རྒྱས་འདྲ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་

རྣམ་པར་སྣང་མཛད་ལ་སོགས་པའི་ཚིག་ཁྱད་པར་དང་བཅས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ཚུལ་གྱི་ཚིགས་བཅད་རེ་རེས་བདག་པོ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པར་སྟོན་ལ། རྡོ་རྗེ་སེམས་དཔའི་སྒྲས་ནི་རྡོ་རྗེ་འཆང་བ་སངས་རྒྱས་

ལྔའི་བདག་ཉིད་ཅན་དང་། ཡེ་ཤེས་ལྔའི་སྙིང་པོའི་རང་བཞིན་ཅན་ཡིན་པར་ཅིག་ཅར་སྟོན་ཏོ། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་ཉིད་དེ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་ཆེ་བ་ཉིད་དེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་རྩ་བ་ནས་བཏོན་པའི་ཕྱིར་

རོ། །རྡོ་རྗེ་དབྱིངས་ཞེས་པ་ནི་སངས་རྒྱས་རྣམས་ཀྱི་རྒྱུ་སྟེ། སངས་རྒྱས་རྣམས་ནི་ཐུགས་ཀྱི་སྐྱེ་གནས་ལས་འཁྲུངས་པའི་ཕྱིར་རོ། །གང་གི་ཕྱིར་ཡེ་ཤེས་ཆེན་པོའི་ཡིན་པ་དེ་ཉིད་ཀྱི་ཕྱིར་མཁས་པ་ཆེན་པོ་སྟེ། ཡེ་ཤེས་དང་ཤེས་པ་པོ་ཁྱད་པར་མེད་པའི་ཕྱིར་རོ། །སྐུ་དང་གསུང་དང་

ཐུགས་ཀྱི་དཀྱིལ་འཁོར་རྣམས་ཐུགས་ཀྱིས་བསྡུས་པ་ཡིན་པས་ན་དཀྱིལ་འཁོར་མཆོག་གསུམ་མོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་ཐུགས་ཀྱི་ལ་རག་ལས་པས་ན་རྡོ་རྗེ་གསུམ་མོ། །རྡོ་རྗེ་དབྱངས་ལ་ཞེས་བྱ་བ་ནི་གསང་བ་གསུངས་ཤིག་ཅེས་བྱ་བའི་དོན་ཏོ། །ཕྱག་འཚལ་

ལོ་ཞེས་བྱ་བ་ནི་རབ་ཏུ་འདུད་པའོ། །སྒྲིབ་པ་རྣམས་ཤིན་ཏུ་སྤངས་པས་ན་དག་པ་ཆེ་ཞེས་བྱའོ། །འཚེ་བ་རྣམས་ཤིན་ཏུ་ཉེ་བར་ཞི་བའོ། །འགྲོ་བའི་དོན་དུ་ནམ་མཁའ་ཇི་སྲིད་ཀྱི་བར་དུ་བཞུགས་པས་ནི་དགའ་བ་ཆེན་པོའོ། །དེ་ཡང་ཆོས་ཉིད་ཀྱི་སྐུ་རང་བཞིན་གྱིས་གྲུབ་པ་ཡིན་

เล่ม ๔๓ · หน้า 82a

པས་ན་རང་བཞིན་གྱིས་འོད་གསལ་བའོ། །མཆོག་དུ་གྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཡིན་པས་ན་མཆོག་གི་མཆོག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །སྟོན་པ་ཞེས་པ་

ནི་སྟོན་པར་མཛོད་ཅིག་པའོ། །རིན་ཆེན་རྒྱལ་པོ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ཉིད་ཡིན་པས་རྒྱལ་པོའོ། །རབ་ཏུ་ཟབ་ཅེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་བདག་དང་མཉམ་པར་མཁྱེན་པའི་ཕྱིར་རོ། །རྡོ་རྗེ་ནམ་མཁའ་ཞེས་

བྱ་བ་ནི་མཚན་མ་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། སྙིང་པོ་ཅན་ཉིད་ཡིན་པའི་ཕྱིར་རོ། །དྲི་མེད་མཁའ་ཞེས་བྱ་བ་ནི་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བས་ནམ་མཁའ་དང་འདྲ་བའི་ཕྱིར་རོ། །རང་བཞིན་དག་པ་ཞེས་བྱ་བ་ནི་དྲི་མ་རྣམས་ནི་དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །

གོས་པ་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་བའི་དྲི་མ་རྣམས་ཀྱིས་ཀྱང་དེ་ལ་གནོད་པར་མི་ནུས་པའི་ཕྱིར་རོ། །རྡོ་རྗེ་སྐུ་ལ་ཞེས་བྱ་བ་ནི་རྡོ་རྗེ་སྐུའི་གསང་བ་གསུངས་ཤིག་པའོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་གྱུར་པས་ན་རྒྱལ་པོ་ཆེའོ། །བརྗོད་དུ་མེད་

པས་ན་མི་རྟོག་པའོ། །དེ་ཉིད་ཀྱིས་ན་མཚན་མ་ཐམས་ཅད་རོ་གཅིག་པའི་ཕྱིར། ནམ་མཁའ་རྡོ་རྗེ་འཛིན་ཞེས་བྱ་བ་སྟེ། རྡོ་རྗེ་ཉིད་ནི་རྡོ་རྗེ་འཛིན་པའོ། །ཆོས་ཐམས་ཅད་ཀྱི་དོན་དམ་པའི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་

བརྙེས་པའོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི་གསང་བ་གསུངས་ཤིག་པའོ། །རྣམ་པ་ཐམས་ཅད་ཀུན་ནས་ཐུགས་སུ་ཆུད་པས་ན་རྫོགས་སངས་རྒྱས་སོ། །བསམ་པ་ཡང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་བསམ་པ་ཐམས་ཅད་དམ་ཐམས་ཅད་ཀྱི་བསམ་པ་ནི་བསམ་པ་ཐམས་

ཅད་དེ། དེ་ཡོངས་སུ་རྫོགས་པར་མཛད་པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་རང་བཞིན་ཅན་གྱི་དངོས་པོ་རྣམས་ཀྱི་ཡོངས་སུ་གྱུར་པའི་ཡེ་ཤེས་གང་ཡིན་པ་དེ་ནི་རང་བཞིན་ཅན་ཡིན་པས་ན། རང་བཞིན་དག་པ་ཉིད་ལས་བྱུང་། །ཞེས་བྱའོ། །ཟླ་བ་ཉི་མ་ཞེས་བྱ་བ་ལ་ཟླ་བ་

เล่ม ๔๓ · หน้า 82b

ལ་སོགས་པ་ལྔ་པོ་རླུང་དང་མེའི་དཀྱིལ་འཁོར་ལ་བརྟེན་པའི་པདྨའི་སྣོད་ལ་གནས་པ་ཨོཾ་གྱིས་བྱིན་གྱིས་བརླབས་པ་རྡོ་རྗེ་དང་ཡང་དག་པར་ལྡན་པ་འབར་བ་དང་དེ་སྲེག་པ་དང་སྣང་བ་དབྱེད་པས་ཤེལ་ལྟར་དང་བའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་འོད་ཟེར་གྱིས་ཕྱོགས་བཅུ་ནས་བཀུག་པའི་བདུད་རྩི་

དང་རོ་གཅིག་ཏུ་གྱུར་པ་དང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པར་བསམས་ལ། དེས་སྙིང་གའི་ཟླ་བར་ཆུད་པའི་མ་ལུས་པའི་འཁོར་ལོ་ཚིམ་པར་བྱའོ། །དེ་ཡང་ཧཱུཾ་བཀོད་པའི་རྡོ་རྗེ་མཆོག་དང་ལྡན་པའི་ལྕེ་དང་ལྡན་པས་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་བརྟན་པར་

གནས་པར་བྱ་བའི་ཕྱིར། ཐིག་ལེའི་རྣལ་འབྱོར་བརྟན་པ་ནི་སྙིང་པོའི་འོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མགོན་པོས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་སོ། །རང་གི་ལོག་རྟོག་ཅེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་བསྡུས་པ་སྤངས་པས་སོ། །དེ་ཙམ་

གྱིས་ནི་སངས་རྒྱས་ཀྱི་བདག་ཉིད་ཙམ་དུ་བྱས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བར་ཆུད་པའི་ཟླ་བ་ལ་གནས་པའི་སྙིང་པོ་ཞེས་པ་ས་བོན་གང་ཡིན་པ་དང་། འགྲོ་བ་སངས་རྒྱས་སུ་བྱས་པ་དང་གཅིག་ཏུ་གྱུར་པ་དང་། དེའི་ཐིག་ལེ་གང་ཡིན་པ་དང་། བདག་ཉིད་

ཀྱི་ཡིད་གཉིས་སུ་མེད་པར་གྱུར་པ་ཤིན་ཏུ་སྣང་བ་དང་བཅས་པར་བསམས་ལ། །དེའི་འོད་ཟེར་གྱི་ཕྲེང་བས་མཚན་མའི་ནང་དང་ཕྱི་སྣང་བར་བྱས་པའི་རིམ་གྱིས་ཡེ་ཤེས་སེམས་དཔའ་སྣང་བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་གནས་མཚན་མའོ། །དེ་ནས་སྐུ་དང་གསུང་

དང་ཐུགས་རྡོ་རྗེ་གནས་དང་བཅས་པ་དང་། དེའི་ནང་གི་གནས་མཚན་མའོ། །དེ་ལྟར་སླར་ལོག་སྟེ་དེ་ཡང་རང་རང་གི་གནས་ཉིད་འདུག་སྟེ་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་བསམ་པར་བྱའོ། །དེའི་འོག་ཏུ་ནང་གི་ལུས་ཐམས་ཅད་སྣང་བར་བྱས་ནས་བ་སྤུའི་བུ་ག་རེ་རེ་ལས་

བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འགྲོ་བ་རྣམས་ཀུན་ནས་སྣང་བར་བྱས་ལ་འགྲོ་བ་དེ་རྣམས་ཉིད་ཀྱི་དོན་ཏེ་བསམ་པ་རྣམས་རབ་ཏུ་རྫོགས་པར་བྱའོ། །སེམས་གནས་པར་བྱ་བ་ཉིད་ཀྱི་དོན་དུ་རྣལ་འབྱོར་གཞན་དག་བཤད་པ་ནི། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་

เล่ม ๔๓ · หน้า 83a

ཕྲ་མོ་ནི་འཇམ་པའི་རྡོ་རྗེའི་རལ་གྲི་ནས་འབྲས་ཙམ་མོ། །ཐུབ་པའི་འཁོར་ལོ་རང་རང་གི་རིག་པ་ཞེས་བྱ་བ་ལ། དེའི་དབུས་སུ་ཞེས་བྱ་བ་ནི་ལྷག་མའོ། །བརྟན་པའི་མཚན་མ་ཞེས་བྱ་བ་ནི་སེམས་བརྟན་པའི་རྟགས་སྨིག་རྒྱུ་ལ་སོགས་པའི་རྣམ་པའོ། །མཚན་མ་

ཞེས་བྱ་བ་ནི་མཚན་མ་དང་ཞེས་བྱ་བར་བལྟ་བར་བྱའོ། །བསམ་གཏན་གྱིས་དུབ་ན་བཟླས་བརྗོད་བྱ་བ་ཡིན་པས་དེའི་ཕྱིར་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྔགས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ས་བོན་ནོ། ཡེ་ཤེས་ལྔའི་འོད་ཟེར་ཅན་ཞེས་བྱ་བ་ནི་སངས་རྒྱས་ལྔའི་

འོད་ཟེར་ཅན་དུ་སྤྲོས་པ་སྟེ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཡང་། འོད་ཟེར་ལྔ་ཡི་ཁྱད་པར་གྱིས། །སྤྲོས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །སྐུ་དང་གསུང་དང་ཐུགས་ཉིད་ནི་རྡོ་རྗེ་མཆོག་ཡིན་ལ། དེ་བས་ན་རྡོ་རྗེ་གསུམ་པོ་དེ་དག་ཉིད་གཅིག་

ཅར་རམ་རིམ་གྱིས་སྤྲོ་བར་བྱའོ། །དེ་ཡང་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་གསུམ་པོ་རེ་རེ་འམ་གསུམ་གསུམ་དུ་ཞེས་བྱ་བའི་དོན་ཏེ། སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། །བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས། །སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས། །སྤྲོ་བ་དང་ནི་བསྡུ་བ་བྱ། །ཞེས་ཇི་

སྐད་གསུངས་པ་ལྟ་བུའོ། །འདོད་པའི་གསང་སྔགས་བཟླས་བརྗོད་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །གནས་པ་བརྟན་པར་གྱུར་པ་དང་བཅས་པ་ཉིད་སྤྲོ་བ་ནི་བཟླས་པའི་ཆོ་ག་ལ་བསྔགས་པ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ནི་རླུང་གི་དཀྱིལ་འཁོར་རོ། །གསལ་བ་

ནི་ཆུའི་དཀྱིལ་འཁོར་རོ། །ཆོས་ནི་མེའི་དཀྱིལ་འཁོར་རོ། །འཁོར་ལོ་ཞེས་བྱ་བ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཏེ། དེ་ཞེས་བྱ་བ་ནི་སྒྲ་གཙོ་བོ་ལ་སྙེགས་པའི་ཕྱིར་རོ། །བཞི་པོ་འདི་དག་ནི་སྐུ་གསུང་ཐུགས་རྡོ་རྗེར་གཏོགས་པའི་གནས་ཡིན་ཏེ། སྐུ་དང་གསུང་དང་ཐུགས་དང་

ཡེ་ཤེས་སེམས་དཔའི་ཕྱིའི་གནས་སུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ནི་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གནས་སུ་བསྒོམ་པས་བརྟན་པར་བྱས་ལ། སྔར་བཤད་པའི་རྡོ་རྗེ་གསུམ་གྱི་ཚོགས་སྤྲོ་ཞིང་བཟླས་བརྗོད་བྱའོ། །སྔགས་བཟླས་པའི་དུས་

เล่ม ๔๓ · หน้า 83b

ནི་སྤྲོ་བ་ཡིན་ལ་བརྗོད་པའི་མཐར་ནི་བསྡུ་བ་ཡིན་པས་དེའི་ཕྱིར་བརྗོད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་སྤྲོ་བ་དང་བརྟན་པར་བྱ་བ་ཉིད་ཀྱི་སྔགས་བརྗོད་ལ་སྐུའི་རྡོ་རྗེ་ལ་སོགས་པ་སྤྲོས་པས་ནམ་མཁའ་ཁྱབ་པར་བྱས་ནས། རང་གི་འོད་ཀྱིས་ཞེས་བྱ་བ་ཡེ་ཤེས་སེམས་དཔའི་ས་བོན་གྱི་

འོད་ཟེར་སྤྲོས་ལ། སྔོན་བཞིན་ཞེས་བྱ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པར་བཤད་པའི་རིམ་གྱིས་རིག་པའི་ཚོགས་གཟུགས་རྡོ་རྗེ་ལ་སོགས་པའི་ཆོས་རྣམས་བཟང་ཞིང་བསྔགས་པའི་མཆོད་པའི་མཆོག་སྣ་ཚོགས་སྤྲུལ་པར་བྱེད་པར་འོས་པ་ཡིན་པས་ན་སྣ་ཚོགས་མཆོད་མཆོག་

འོས་ཞེས་བྱའོ། །སྲོག་ལས་ཞེས་པ་ནི་སྲོག་ཐོབ་པ་སྟེ། དབུགས་འབྱིན་པའི་རླུང་དང་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །རིག་པ་ནི་མཆོད་པའི་ལྷ་མོ་རྣམས་སོ། །སྒེག་པས་ཞེས་བྱ་བས་ནི་ཆགས་པས་སོ། །ཡོངས་སུ་འཁྱུད་པ་ཞེས་བྱ་བས་ནི་ཀུན་ནས་འཁྱུད་པའོ། །ཡེ་ཤེས་སངས་རྒྱས་

ཚོགས་ཞེས་བྱ་བ་ནི་སྤྲོས་ཏེ་མཆོད་ནས་བདེ་བར་གྱུར་པ་དེ་རྣམས་ཉིད་རང་གི་ཞེས་བྱ་བར་རང་རང་གི་ས་བོན་ནམ་ཡེ་ཤེས་སེམས་དཔའི་ས་བོན་དུ་གཞུག་ཅིང་ནང་དུ་ཆུད་པར་བྱའོ། །མཐར་ཞེས་བྱ་བ་ནི་བརྗོད་པའི་མཐའ་མར་ཇི་སྲིད་བརྗོད་པ་གཉིས་པ་མ་བྱས་པས་དེ་སྲིད་ཉིད་དུ་ཞེས་བྱ་

བའི་དོན་ཏོ། །རྩོལ་བས་ཞེས་བྱ་བ་ནི་རྩོལ་བ་ཐོབ་པ་སྟེ། རྔུབ་པའི་དབུགས་དང་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །སྔགས་ཀྱི་ཚད་དང་རྗེས་སུ་མཐུན་པས་གཅིག་གམ་གཉིས་སམ་སྔགས་མང་པོ་བརྗོད་པར་བྱས་ནས་གང་གི་ཚེ་མི་སྐྱོ་བའི་དོན་དུ་ཅུང་ཟད་དབུགས་རིང་དུ་འབྱིན་པ་

དེ་ནི་སྲོག་གཅིག་ཡིན་ཏེ། དེས་ཡོངས་སུ་བསྡུས་པ་ནི་བརྗོད་པའི་དུས་དང་སྤྲོ་བའི་དུས་ཡིན་ནོ། །དེ་ལྟར་བཟླས་ན་སེམས་རྣམ་པར་གཡེང་བར་མི་འགྱུར་རོ། །ལ་ལ་ནི་ཁྱད་པར་དུ་བསམ་གཏན་གྱིས་དུབ་པ་ན་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་སྔགས་རེ་རེ་བཟླས་པ་

ནས་སྤྲོ་བའི་དུས་ཡིན་ལ། དེའི་མཐར་ནི་བསྡུ་བའི་དུས་ཡིན་ནོ་ཞེས་ཟེར་རོ། །ཐིག་ལེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ལ། སྔར་གྱི་རྣལ་འབྱོར་བསྙེན་པ་ལ་སོགས་པའི་དབྱེ་བ་དང་། རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་ཆུང་ངུ་དང་། བར་མ་དང་ཆེན་པོས་ཕྱེ་བས་བསྒོམ་པར་

เล่ม ๔๓ · หน้า 84a

བྱ་བ་ཡིན་པ་ཇི་ལྟ་བར་ཐིག་ལེ་དང་ཕྲ་མོ་དང་གསང་བ་གསུམ་ལས་སྐྱེས་ཤིང་བྱུང་བའི་རྣལ་འབྱོར་འདི་རྣམས་ལ་ཡང་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་དག་ཀྱང་རྣལ་འབྱོར་གསུམ་པོ་འདི་རྣམས་ལྷག་པར་མོས་པ་གཙོ་བོར་གྱུར་པ་ཡིན་གྱི། མཐོང་བ་གཙོ་བོ་ནི་

མ་ཡིན་ཏེ། དུས་ཅུང་ཟད་དམ་ཆུང་བའི་ཕྱིར་རོ། །དེ་བས་ན་ལྷག་པར་མོས་པ་ཞེས་སྨོས་པ་ཡིན་ནོ། །དུབ་པར་གྱུར་ན་མཆོད་པ་སྔོན་དུ་འགྲོ་བས་ངལ་བསོ་བ་ཡིན་པས་རེ་ཞིག་དེར་མཆོད་པར་བྱ་བ་བསྟན་པའི་ཕྱིར་རང་སྙིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་སྙིང་སྟེ་རང་གི་སེམས་

ཀྱི་དེ་ཁོ་ན་དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གང་ཡིན་པ་དེ་ལ་བརྟགས་པས་སེམས་ཀྱི་འཇུག་པ་ཞུམ་པར་གྱུར་ཏེ་དུབ་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །སྤྱན་ལ་སོགས་པའི་ཚོགས་བཞིས་གླུ་སྙན་ཅིང་ཡིད་དུ་འོང་བས་སེམས་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པ་དེས་

བདག་ཉིད་གསོལ་བ་གདབ་ཅིང་གསོད་པར་བྱས་ལ་དཀྱིལ་འཁོར་གྱི་བདག་པོ་དང་བཅས་པ་སྔ་མ་བཞིན་དུ་མཆོད་པར་བྱའོ། །ཚིམ་པར་བྱ་བའི་ཆོ་ག་ནི་སྤྱི་བོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མགོ་བོའི་སྟེང་མཐོ་གང་ཙམ་གྱིས་དཔགས་པར་བསྒོམས་པའི་ཟླ་བའི་དཀྱིལ་

འཁོར་དེར་ཨོཾ་གྱི་རླན་ཅན་ཞེས་བྱ་བ་བསིལ་བར་བྱས་ལ། དམ་པའི་སེམས་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཆུའི་རྒྱུན་འཛག་པ་སྐུ་ལ་སོགས་པར་ཕབ་ལ་སྐུ་ལ་སོགས་པ་ཚིམ་པར་བྱའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་ཨོཾ་གྱི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་ནས་དྲངས་ཏེ་སྲོག་དང་

རྩོལ་བས་ཀྱང་ནང་དུ་ཆུད་པར་བྱས་ལ། རྩའི་ཚོགས་ལ་རྒྱུ་བས་སྐུ་ལ་ཁྱབ་པར་བྱའོ། །གཤེགས་སུ་གསོལ་བ་བཤད་པ་ནི། དེ་ལྟར་ཞེས་པ་ལ་སོགས་པ་ཡིན་ཏེ་དེ་ཁོ་ན་ཉིད་གསུམ་གྱི་རང་གི་བདག་ཉིད་ཀྱི་སྔགས་བསྡུས་ཤིང་ནང་དུ་ཆུད་པར་བྱས་ལ་དཀྱིལ་འཁོར་པ་རྣམས་

གཤེགས་སུ་གསོལ་ལོ། །ཆགས་མེད་པས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་ལྷག་པར་མོས་པར་བྱ་བས་སོ། །དེ་ནས་འགྲོ་བ་མ་ལུས་པ་ལ་ཕན་པར་བྱ་བའི་ཕྱིར་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་མངོན་དུ་བྱའོ། །ཁ་ནང་དུ་བལྟས་པའི་བདག་ཉིད་ཅན་གྱི་ཏིང་

เล่ม ๔๓ · หน้า 84b

ངེ་འཛིན་ལས་ལྡང་བ་བཤད་པ་ནི། ཏིང་ངེ་འཛིན་ལས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ།བདག་པོའི་ང་རྒྱལ་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེའི་ང་རྒྱལ་ལོ། །འཇུག་པར་གཏོགས་ཚེ་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཤེས་པ་འཇུག་པའི་ཚེ་ནའོ། །རྫོགས་པའི་སངས་རྒྱས་ཀྱིས་སྤྲུལ་པའི་

གཟུགས་རྡོ་རྗེ་ལ་སོགས་པ་ཉིད་དུ་ཡུལ་རྣམས་ལྷག་པར་མོས་པར་བྱས་པ་ནི་རྫོགས་སངས་རྒྱས་ཡུལ་ཞེས་བྱ་སྟེ། དེས་བདག་ཉིད་ཡང་དག་པར་མཆོད་པར་གྱུར་པར་ལྷག་པར་མོས་པར་བྱའོ། །ཕྱི་རོལ་གྱི་བྱ་བ་རྣམས་ལ་མཉམ་པར་མ་བཞག་པའི་རྣལ་འབྱོར་བྱ་བ་དེ་བཤད་པ་ནི།

འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇམ་དཔལ་རྡོ་རྗེའི་ཀུན་བདག་ཉིད། །ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དང་། དཀྱིལ་འཁོར་གྱི་བདག་པོའི་ངོ་བོ་ཉིད་འདི་དག་ཐམས་ཅད་ནི་འཇམ་པའི་རྡོ་རྗེའི་རང་བཞིན་ཡིན་པས་ན་དེ་སྐད་ཅེས་བྱ་ལ། དེ་ལྟ་

བུའི་ང་རྒྱལ་དང་ལྡན་པར་བྱ་སྟེ། དེ་ལྟ་བུར་གྱུར་པས་བྱ་བ་ཐམས་ཅད་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཇི་ལྟ་བུར་གྱུར་པས་ཤེ་ན། ཡུལ་དེ་གཟུགས་ལ་སོགས་པ་ཡང་དེ་ལྟར་བསྒོམ་ཞིང་ལྷག་པར་མོས་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། ངོ་བོ་ཉིད་ཀྱི་ཡུལ་

ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་སོ་སོར་སྣང་བའི་མཚན་ཉིད་ཅན་གྱི་ཡུལ་ལོ། །དེ་བཞིན་དུ་དེ་ནི་རྗེས་སུ་འགྲོ་བ་ཡང་ཡིན་ཏེ། དེ་དང་ལྡན་པས་ན་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རིགས་པ་ཉིད་ནི་ཕྱིའི་དོན་དང་བྲལ་བའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། རང་རང་དག་པར་རྣམ་པར་

གནས། །ཞེས་པ་སྟེ། རང་རང་གི་མཚན་ཉིད་དག་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དུ་ཇི་ལྟ་བ་བཞིན་དུ་གནས་པའོ། །ཡང་ཇི་ལྟ་བུ་ཞེ་ན། རང་རིག་ཅེས་བྱ་བ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་མཆོག་གིས་རྟོགས་པའི་ཆོས་གང་ཡིན་པ་དེའི་ངོ་བོ་ཉིད་དང་། དེ་

བཞིན་ཉིད་ཅེས་བྱ་བ་སྤྱིའི་མཚན་ཉིད་ཀྱིས་གནས་པའོ། །ཇི་ལྟར་ཡང་དག་པར་གནས་ཤེ་ན། རྡོ་རྗེ་འཆང་གི་ངོ་བོས་སོ། །དེ་ཉིད་ཀྱིས་ན་འཇམ་པའི་རྡོ་རྗེའི་རང་བཞིན་ཡིན་ནོ། །རྟག་པ་ལ་སོགས་པར་ཡང་དག་པར་བརྟགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། རང་ཉིད་ཀྱིས་ཐ་མལ་པའི་རྣམ་པར་

เล่ม ๔๓ · หน้า 85a

རྟོག་པ་ཡང་སྤངས་པར་གྱུར་པ་ཡིན་ལ་དེ་ཉིད་ཀྱི་ཕྱིར་མ་འདྲེས་པ་ཉིད་དང་བརྟན་པ་ཉིད་ཀྱི་ཕྱིར་དག་པའོ། །སེམས་དཔའ་ནི་དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་ཡིན་པས་དེ་དང་ཡང་དག་པར་ལྡན་པ་སྟེ། འཇིགས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་བྱ་བའི་དོན་ཏོ། །དེ་

ཡང་གང་ཅི་བྱེད་པ་དེ་ཐམས་ཅད་ནི་ཐམས་ཅད་ཅེས་བྱའོ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ནི་གལ་ཏེ་མི་དགེ་བ་གང་ཅུང་ཟད་བྱས་པ་ལ་ཡང་ཉེས་པ་མེད་པར་གྱུར་ན་དེ་ནི་མི་རིགས་ཏེ། བྱང་ཆུབ་སེམས་དཔའ་ནི་རང་ཉིད་ཀྱི་ཚུལ་ཁྲིམས་ཀྱི་མགོ་གཅོད་པར་བྱེད་པ་མི་འཐད་པ་ཡིན་ནོ་ཞེ་

ན། དེ་ཉིད་ཀྱི་ཕྱིར་བརྟག་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་རིམ་པ་དེ་ཉིད་ཀྱིས་བྱ་བ་རྫོགས་པར་བྱས་པ་ནི་མཆོག་ཡིན་པས་བདག་ཉིད་འཁོར་ལོ་མཆོག་ཏུ་ལྷག་པར་མོས་པར་བྱས་པས་མཆོག་མཐའ་ཡས་པའི་རྣམ་པར་འགྱུར་རོ། །ཚད་མེད་པ་ནི་རེ་རེའི་རྣམ་པ་

ཡང་མཐའ་ཡས་ཤིང་ཚད་མེད་པ་ཡིན་ལ་རྟག་ཏུ་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ཞིང་རྟག་ཏུ་དེ་ལྟར་ལྷག་པར་མོས་པའི་ཕྱིར་རོ། །རྣལ་འབྱོར་པ་མཆོག་ཅེས་བྱ་བ་ནི་རྟག་ཏུ་མོས་པ་བརྟན་པ་གང་ཡིན་པའི་མཆོད་པ་དེ་ནི་མཆོག་ཏུ་མཐའ་ཡས་པའི་དགེ་བ་ཡིན་པས་དེ་ལ་མི་དགེ་བའི་རྣམ་པ་དྲི་

མ་ཙམ་ཡང་ག་ལ་ཡོད་ཅེས་བྱ་བར་དགོངས་སོ། །དེ་ལྟར་ཡིན་པས་ན་མི་དགེ་བ་ཡང་དགེ་བར་འགྱུར་བའི་བསམ་པ་དང་ལྡན་པའི་ཚུལ་འདི་ཅི་དགར་བྱ་བར་རུང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དོན་ཇི་ལྟ་བ་བཞིན་ཡོངས་སུ་མི་ཤེས་པས་ནི་མ་ཡིན་ནོ། །དེ་ཡང་འདིར་མི་དགེ་བའམ་ལུང་

དུ་མ་བསྟན་པ་གང་ཅི་ཡང་རུང་བ་དེ་རིགས་པས་བྱར་རུང་བར་འགྱུར་ཏེ། ལན་འགའ་མི་ནུས་པའམ་མི་དགེ་བ་ཡོད་པ་དེ་ཐམས་ཅད་དུ་རྣལ་འབྱོར་འདི་ནི་ལམ་ཐམས་ཅད་ཡོངས་སུ་སྦྱོང་བ་ཡིན་ནོ། །དེ་ལྟར་ན་རིམ་གྱིས་མི་དགེ་བ་ཐམས་ཅད་ཡང་དག་པར་སྤང་བར་བྱའོ་ཞེས་པ་ནི་འདིར་

འདིའི་དོན་ཡིན་གྱི་འདིས་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ནི་མ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་ནི་བག་མེད་པར་འབད་པས་བྱེད་ལ་བདག་ཉིད་ནི་གཡང་སར་ལྟུང་བ་ལ་སོགས་པས་འཇིགས་པར་མི་བྱེད་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་

เล่ม ๔๓ · หน้า 85b

ཀུན་དུ་འཕེལ་བར་བྱེད་པས་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཡོངས་སུ་དག་པར་མི་འགྱུར་བས་དེ་རྣམས་ཀྱིས་བྱང་ཆུབ་ག་ལ་ཐོབ། དེ་ནས་དེ་ནི་རང་གི་ལོག་རྟོག་རྣམས་སྤངས་པ་ཞེས་བྱ་བ་འདིས་བཀག་པ་ཡིན་ནོ། །ཟས་ལ་བྱ་བའི་ཁྱད་པར་བསྟན་པ་ནི་རང་སྙིང་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། རང་འཁོར་གཙོ་བོ་ཞེས་བྱ་བ་ནི་རང་གི་འཁོར་ལོ་དང་བཅས་པའི་བདག་པོའོ། །རང་(གིས་‚གི་ས་)བོན་ཞེས་བྱ་བ་ནི་ཡི་གེ་མཾ་ངོ་། །དམིགས་ཤིང་ཞེས་བྱ་བ་ནི་བསམ་པའོ། །རང་སྙིང་དེ་ཉིད་ཀྱིས་ཞེས་བྱ་བ་ནི་རང་གི་ཟས། བྷྲཱུྃ་ཨཱྃ་ཛྲཱྀཾ་ཁྃ་ཧཱུྃ་ཞེས་བྱ་བའི་ཡི་གེ་སངས་རྒྱས་

ཐམས་ཅད་ཀྱི་རང་བཞིན་ཅན་གྱི་ཡེ་ཤེས་ཀྱི་བདུད་རྩིར་བྱས་ཏེ། དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་ཡེ་ཤེས་ལྔའི་བདུད་རྩི་སྙིང་པོའི་རང་བཞིན་ཅན་ཨོཾ་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ནས་བཀུག་ལ། དེ་དང་རོ་གཅིག་པར་གྱུར་པས་དག་པ་དེས་རང་གི་བདག་པོའི་འཁོར་

ལོ་ཚིམ་པར་བྱ་ཞིང་མཉེས་པར་བྱའོ། །ཟས་ཀྱི་ཆོ་ག་འདི་ལྟ་བུ་གང་ཡིན་པ་འདི་ནི་ཕྱི་རོལ་གྱི་སྦྱིན་སྲེག་གི་ཆོ་ག་ཡིན་པར་ཤེས་པར་བྱའོ། །དེ་ཡང་རང་གི་སྙིང་གའི་མེ་ཐབ་ཀྱི་ལྷ་རྣམས་ཕྱི་རོལ་གྱི་ཚུལ་གྱིས་ཚིམ་པར་བྱེད་དེ།ཇི་ལྟར་ཕྱི་རོལ་གྱི་མེ་ཐབ་ཏུ་མར་ལ་སོགས་པས་བྱེད་པ་དང་འདྲ་

ལ། ཡིད་ཀྱི་སྦྱིན་སྲེག་ནི་སེམས་ཙམ་ཡིན་པས་ཕྱི་རོལ་ལ་ལྟོས་པ་མེད་པར་ཤེས་པར་བྱའོ། །བླ་ན་མེད་པའི་སྦྱིན་སྲེག་ནི་ཡེ་ཤེས་ཀྱི་མེས་ཕུང་པོ་ལ་སོགས་པའི་བུད་ཤིང་ཉིད་སྲེག་པར་བྱེད་པས་བླ་ན་མེད་པའོ། །དེ་ལྟར་རོའི་ལོངས་སྤྱོད་ལ་བྱ་བ་བཤད་ནས། གཟུགས་ལ་སོགས་

པ་ལོངས་སྤྱོད་རྣམས་ལ་ཡང་བསྒྲེ་བར་བྱ་བ་བཤད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ཞེས་བྱ་བ་སྔར་བཤད་པའི་རིམ་པས་རང་ལྷ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་སྟེ། དེའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་ལས་བྱུང་བས་བདག་སྟེ་རང་ཉིད་དང་གཞན་ཏེ། རང་

གི་ལྷའི་བདག་ཉིད་ཀྱི་རང་བཞིན་ལས་བྱུང་བས་འདོད་པའི་ཡོན་ཏན་ལྔས་མཆོད་པར་བྱའོ། །སངས་རྒྱས་བཞེད་པ་ཡིན་ཞེས་བཤད་པ་འདི་ནི་འདི་སྐད་སྟོན་ཏེ། ཇི་ལྟ་བུའི་དམ་ཚིག་གི་སྤྱོད་པ་འདི་ནི་སྔགས་པ་འདི་རྣམས་ལ་སངས་རྒྱས་ཐམས་ཅད་ཀྱིས་གནང་ཞིང་དགྱེས་པ་

เล่ม ๔๓ · หน้า 86a

ཡིན་ཏེ། དེ་ཡང་གཞུང་ལས། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཡང་གང་གི་ཕྱིར་སེམས་བདེ་བར་གྱུར་ན་

མཉམ་པར་འཇོག་པར་འགྱུར་རོ། །མཉམ་པར་གཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མཚན་ཉིད་ནི་བྱང་ཆུབ་ཡིན་ལ། སྡུག་བསྔལ་བ་ནི་ཏིང་ངེ་འཛིན་དང་བྱང་ཆུབ་གཉི་ག་མ་ཡིན་ཏེ། དེས་ན་འདིས་གསང་སྔགས་ལ་བརྙས་ཤིང་སྐུར་པས་རིང་པོ་མི་ཐོགས་

པར་འཆི་བར་འགྱུར་ལ། ཤི་ནས་ཀྱང་དམྱལ་བར་ལྟུང་ངོ་། །དེ་ཡང་། ལུས་ངག་སེམས་ནི་བདེར་གནས་ན། །བྱང་ཆུབ་ཐོབ་པ་དེས་མཐོང་འགྱུར། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་འཚེད་པར་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་ན་ཁ་ན་མ་ཐོ་བ་མེད་ཅིང་རྙེད་སླ་བའི་

ཡུལ་དེ་སྔགས་པ་རྣམས་ཀྱིས་ཆོ་ག་བཞིན་དུ་ལོངས་སྤྱོད་པར་བྱའོ། །ལོངས་སྤྱོད་རྣམ་པར་དག་པ་བཤད་ནས། ལུས་རྣམ་པར་དག་པ་བསྟན་པའི་ཕྱིར། ལས་སོགས་ལས་གང་ཞེས་བྱ་བ་ལ་སོགས་པ་སྨོས་དེ། ལུས་ལ་སོགས་པས་བསྒྲུབས་པའི་ལས་ལ་ཉེ་བར་གདགས་པས་ལུས་སོགས་ཞེས་བྱ་སྟེ། ལུས་ལ་

སོགས་པའི་ལས་གང་ཡིན་པ་དེ་དང་དེ་ཐམས་ཅད་ཀྱིས་སངས་རྒྱས་ལ་མཆོད་པ་ཉིད་དུ་བྱ་བ་དང་། རྗེས་སུ་མཐུན་པའི་འགྲོ་བའི་དོན་གང་ཡིན་པ་དེ་རྣམས་ཀྱང་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ན་དེ་ལྟར་བྱེད་ནུས་ཤེ་ན། དེའི་ཕྱིར། རྟག་ཏུ་མཉམ་པར་གཞག་པར་བྱ། །ཞེས་བྱ་བ་སྨོས་ཏེ།

ལས་ཐམས་ཅད་ལ་ཅི་རིགས་པར་མཆོད་པར་བྱ་བ་དང་། མཆོད་པའི་བདག་ཉིད་ཅན་གྱི་ལྟར་ཡིད་ལ་བྱ་བ་དང་། འགྲོ་བའི་དོན་ཡིད་ལ་བྱ་བ་དེ་མཉམ་པར་འཇོག་པ་ཉིད་ཀྱིས་བྱའོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་

སྟེ། གྲོང་ཁྱེར་དུ་འཇུག་པ་ན་སེམས་ཅན་ཐམས་ཅད་ཐར་པའི་གྲོང་ཁྱེར་དུ་འཇུག་པར་བྱའོ་ཞེས་ཡིད་ལ་བྱའོ། །ཕྱིར་འབྱུང་བ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །རང་གི་ལྷའི་ང་རྒྱལ་ཙམ་གྱིས་ཀྱང་ལས་རྣམ་པར་དག་པར་བཤད་པ་

เล่ม ๔๓ · หน้า 86b

ནི། ལུས་ངག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལུས་ཀྱི་ལས་དང་ངག་གི་ལས་གང་ཅི་ཡོད་པ་དེ་འཇམ་པའི་རྡོ་རྗེ་ལ་སོགས་པའི་ང་རྒྱལ་གྱིས་ཆེ་བ་ཉིད་དུ་བྱས་པ་ཡིན་པས་དེ་གོ་རིམས་བཞིན་དུ་ཕྱག་རྒྱ་དང་སྔགས་ཀྱི་རང་བཞིན་ཅན་ནོ། །དེ་བས་ན་ལས་དེ་དང་དེ་བྱས་ཤིང་བསྒྲུབས་པ་

དེ་དག་ཙམ་ཉིད་ཀྱི་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ། །དེ་ལྟར་ན་ཕྱག་རྒྱ་བཅིངས་པ་ཙམ་དང་སྔགས་བརྗོད་པ་ཙམ་གྱིས་ཀྱང་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དེ་ལྟར་ན་མི་དགེ་བའི་ལས་དམན་པ་དག་དེ་ལྟ་བུའི་ཚུལ་གྱིས་བྱས་པ་དག་ཇི་ལྟར་

དགེ་བ་ཡིན་ཏེ། དེ་ནི་གཞན་དག་གི་མི་དགེ་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། བསམ་པའི་ཁྱད་པར་གྱིས་ན་ལས་དམན་པ་ཉིད་དུ་མ་གྲུབ་པ་ཡིན་ཏེ། གང་གི་ཕྱིར་འདི་ནི་དངོས་པོ་གཅིག་ལ་ཡང་བསམ་པ་ཐ་དད་པ་ཡིན་ལ། དབྱེ་བ་དེས་རྒྱུ་ཚོགས་པའི་དབྱེ་བ་ལས་ལས་ཀྱི་དབྱེ་

བར་འགྱུར་བས་དེའི་ཕྱིར་དེ་བཤད་པ་ནི་དངོས་པོ་གཅིག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཅིག་ལ་ཡང་ཀུན་དུ་རྟོག་པའི་དབང་གིས་རྣམ་པ་སྣ་ཚོགས་པར་སྣང་བར་འགྱུར་ཏེ། ཅི་རིགས་པར་གྲོལ་བ་དང་། སྡུག་བསྔལ་བ་དང་། བདེ་བ་སྐྱེད་པར་བྱེད་པའི་ལས་ཀྱི་ཁྱད་

པར་མ་ལུས་པ་འབྱུང་བར་འགྱུར་རོ། །དེ་ཡང་འདི་ལྟར་སེམས་དང་བས་ཀུན་ནས་བསླང་པ་དང་། ཐར་པའི་དོན་དུ་ཡོངས་སུ་བསྔོས་པའི་སངས་རྒྱས་ལ་ཕྱག་འཚལ་བ་ནི་གྲོལ་ཞིང་ཐར་པའི་དོན་དུ་འགྱུར་ལ་དེ་བདེ་བའི་དོན་དུ་ཡོངས་སུ་བསྡོས་ན་ནི་བདེ་བའི་དོན་དུ་འགྱུར་རོ། །འཚེ་བའི་

བསམ་པ་ལས་བྱུང་བ་འམ་སེམས་ཅན་རྣམས་ལ་གནོད་པའི་དོན་དུ་ཡོངས་སུ་བསྔོས་པ་ནི་སྡུག་བསྔལ་གྱི་རྒྱུར་འགྱུར་རོ། །དེ་བས་ཞེས་པ་གང་གི་ཕྱིར་དེ་ལྟར་ཡིན་བ་དེས་ན་ལུས་ལ་སོགས་པའི་ལས་དགེ་བ་དང་མི་དགེ་བ་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པའི་དབྱེ་བ་ལས་འགྱུར་རོ། །དེ་བས་

ན་མི་བདེན་པའི་ཀུན་དུ་རྟོག་པ་ཐམས་ཅད་ལས་ངེས་པར་གྲོལ་ཞིང་སྤངས་པའི་ཡེ་ཤེས་ནི་ཇི་སྐད་བཤད་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཡིད་ལ་བྱེད་པ་ལ་རྟོག་སྟེ་ཞེས་པ་མི་དགེ་བའི་དོགས་པ་ཅི་ཞིག་ཡོད་དེ་མེད་པ་ཉིད་དུ་རིགས་སོ་ཞེས་བྱ་བའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด